འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 161 · folio 54b

དག་ལས་འབྱུང་བར་བརྗོད་པར་བྱའོ། །དགེ་སློང་མ་ལྟུང་བ་ཐུན་མོང་མ་ཡིན་པ་སྡེ་ལྔ་པོ་དག་བྱུང་བ་དེ་མཚན་གྱུར་ཏེ་དགེ་སློང་དུ་གྱུར་ན་དེ་དག་ལས་བྱུང་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཉེས་པ་བཅས་པ་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་དེ་ཉིད་ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ་

ཞེས་བྱ་བ་སྨོས་པ་དེ་ལ་ནི་འཆབ་པའི་ཉེས་པ་དོགས་པར་མི་བྱའོ། །མཚན་ཐ་དད་པ་མ་ཡིན་པའི་དོན་དུ་ནི་འདི་སྐྱེས་པ་སྟེ། དེའི་ཕྱིར་མཚན་གཞན་གྱུར་པ་དེ་དང་མཉམ་པ་ནི་འདིར་ཞིང་ཉིད་མ་ཡིན་ནོ། །མགུ་བ་སྤྱད་པ་ནི་དོན་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་དང་རྣམ་པ་

ཐམས་ཅད་མ་ཡིན་པ་ཞེས་བྱ་བ་བྱེ་བྲག་མ་སྨོས་པས་རྟོགས་པར་བྱའོ། །འདིར་གཞུང་ནི་སྤོ་བའི་གཞིའི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་དབྱུང་བ་ལ་སོགས་པ་ཐུག་པ་མཚན་གྱུར་ཏེ་དགེ་སློང་མར་གྱུར་ན། ཅི་དེས་གཉིས་ཀའི་དགེ་འདུན་ལ་ཟླ་བ་ཕྱེད་མགུ་བ་སྤྱད་པ་སྤྱད་པར་བགྱིད་

འཚལ་ལམ། སྤྱད་པར་བྱ་དགོས་སོ། །བཙུན་པ་རེ་ཞིག་དགེ་སློང་མ་གཉིས་ཀའི་དགེ་འདུན་ལ་མགུ་བ་སྤྱོད་པ་མཚན་གྱུར་ཏེ། དགེ་སློང་དུ་གྱུར་ན་ཅི་དེས་དགེ་འདུན་ལ་ཞག་དྲུག་མགུ་བ་སྤྱད་པ་སྤྱད་པར་བགྱིད་འཚལ་ལམ། སྤྱད་པར་བྱ་དགོས་སོ་ཞེས་གསུངས་པ་ཡིན་ནོ། །མདོ་སྔ་མ་

ཤོས་ཀྱིས་ནི་ལུས་ཀྱི་ཉེས་པ་བཅབས་པ་ཉམས་པ་བསྟན་པར་རིག་པར་བྱའོ། །ཕྱི་མའི་སྤྱད་པ་ཡང་སྤྱད་པར་བྱ་བ་ཉིད་དོ། །ཡང་གང་གི་ཕྱིར་བྱས་པ་ནི་དེ་ཉིད་ཡིན་ནོ། །ཞིང་མ་ཡིན་པ་ཉིད་ལ་ནི་ཉམས་སོ། །དེའི་ཚེ་ན་འབྱུང་བའི་མཚན་མ་ལོངས་སྤྱོད་པ་རྣམས་ཀྱིས་མཚན་མ་འདི་ལ་བྱ་བ་ཉིད་དོ་

ཞེས་བྱ་བ་ནི་འདིར་རྣམས་པར་གཞག་པའོ། །འདི་ལ་ཆོ་ག་རྣམས་གྱུར་ཏོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་མཚན་གྱུར་པ་ལའོ། །མཚན་གྱུར་པ་འདི་ལ་ཆོ་ག་སྤྱད་པ་རྣམས་གྱུར་པ་དེའི་ཕྱིར། དེ་དག་རྣམ་པར་གཞག་པར་མཛད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ལུས་བྱེད་པ་པོ་ཉིད་ཡིན་ནོ་

ཞེས་བྱ་བ་ནི་གང་གི་ཚེ་དེའི་ཚེ་ན་འབྱུང་བའི་གཞིའི་དགོས་པ་དེ་ནི་བདག་ཉིད་གང་ཡིན་པ་དེའི་དབང་གིས་ལྟུང་བ་དང་ལྟུང་བ་མེད་པ་སྐྱེས་པའོ། །འདི་ལྟ་སྟེ་དཔེར་ན་གསད་པར་བྱ་བ་དགྲ་བཅོམ་པ་ཉིད་མ་ཡིན་པའི་གནས་སྐབས་ལ་གསད་པའི་སྦྱོར་བ་བརྩམས་ནས། དགྲ་བཅོམ་པ་ཉིད་ཐོབ་པའི་

Vol. 161 · folio 55a

གནས་སྐབས་སུ་གསད་པའི་མཚམས་མེད་པ་ལས་ཀྱི་བྱེད་པ་པོ་ཉིད་ཡིན་ནོ། །སྐྱེས་པའི་ལུས་ལ་རེག་པའི་སྦྱོར་བ་བརྩམས་པ་ན་བུད་མེད་ཉིད་དུ་འགྱུར་ན། དེའི་ལུས་ལ་རེག་པ་ལས་སྙོམས་པར་ཞུགས་པ་ལ་བུད་མེད་ལ་རེག་པའི་ལྟུང་བ་གང་ཡིན་པ་དེ་འགྲུབ་པར་འགྱུར་རོ། །

བུད་མེད་ལ་སྦྱར་བར་སྐྱེས་པར་གྱུར་ན། དེར་སྙོམས་པར་ཞུགས་པ་ལས་སྐྱེས་པ་ཉིད་ལ་གང་ཡིན་པ་འདི་དང་། སྐྱེས་པར་གྱུར་པ་ལ་སྦྱར་ནས་བུད་མེད་ཀྱི་གནས་སྐབས་ལ་སྙོམས་པར་ཞུགས་པ་ལ་བུད་མེད་ཉིད་ལ་གང་ཡིན་པ་འདི་བུད་མེད་དུ་གྱུར་པ་ལ་སྦྱར་ཏེ། སྐྱེས་པའི་གནས་སྐབས་སུ་སྙོམས་

པར་ཞུགས་པ་དང་། སྐྱེས་པ་ཉིད་ལ་གང་ཡིན་པ་འདི་ཞེས་བྱ་བ་ལ་སོགས་པའོ། །གཞན་ལས་སྐྱེས་པ་ནི་རང་གི་འགྲོ་བ་ཉིད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་འགྲོ་བ་གཞན་མ་ཡིན་པ་ཞིང་དུ་གྱུར་པ་ལས་སྐྱེས་པའམ། གང་གི་འགྲོ་བར་གྱུར་པ་འདི་ནི་སྒྲུབ་པ་དེའི་འགྲོ་བ་ཉིད་མ་ཡིན་པ་དེ་བས་

ན། མི་མ་ཡིན་པ་ཉིད་ལས་རང་གིས་ཕྲོགས་པ་ལ་ཕམ་པའོ། །མིའི་འགྲོ་བ་པའི་བདག་ཉིད་དུ་གྱུར་པའམ། དུད་འགྲོ་མོའི་མངལ་ལས་སྐྱེས་པ་ལས་མི་མ་ཡིན་མོ་ཉིད་དོ། །མི་མ་ཡིན་པའི་ངོ་བོ་འདི་ལ་སྦོམ་པོའོ། །དུད་འགྲོའི་བདག་ཉིད་ཅན་ལ་ལྟུང་བྱེད་ཅེས་བྱ་བ་ལ་སོགས་པའོ། །འགྲོ་

བ་གཞན་གྱི་རྣམ་པ་བསྟེན་པ་གསད་པ་ལ་ཡང་ངོ་ཞེས་བྱ་བ་ལ། རང་གི་འགྲོ་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དཔེར་ན་མི་སྨན་དང་སྔགས་ལ་སོགས་པའི་དབང་གིས་འགྲོ་བ་གཞན་གྱི་ལུས་ཀྱི་རྣམ་པ་བསྟེན་པ་མ་ཡིན་ནོ། །གང་འདི་

ལ་སྐྱེ་བ་པོའི་འགྲོ་བ་ཉིད་མ་ཡིན་ནོ། །ཡང་དེ་གསད་པ་ལ་ཡང་དུད་འགྲོའི་རྣམ་པ་དང་། མི་མ་ཡིན་པའི་རྣམ་པ་དང་ལྡན་པ་ལ་མིའི་འགྲོ་བ་པ་དེའི་འདུ་ཤེས་ཀྱིས་སོ། །དེའི་ཚེ་འབྱུང་བའི་རྣམ་པར་འགྲོ་བའི་འདུ་ཤེས་ཀྱི་ཡན་ལག་ཉིད་ལས་འགྲོ་བར་འདུ་ཤེས་པ་ལ་དེའི་འགྲོ་བའི་སྟོབས་

ཀྱིས་སངས་རྒྱས་ཉིད་དང་དགྲ་བཅོམ་པ་ཉིད་དང་མ་དང་ཕ་ཉིད་ཀྱི་བློ་དང་འདྲ་བར་མཚམས་མེད་པའི་ལས་ལ་ཡན་ལག་མ་ཡིན་པ་ཉིད་ཀྱི་ཕྱིར་མངོན་པར་འདོད་པའི་སྲོག་ཆགས་ཙམ་པོ་ལ་འདིར་ཡན་ལག་ཉིད་ཀྱི་ཕྱིར་ལྟུང་བ་དངོས་གཞིའོ། །སྦྱོར་བ་ནི་མིའི་འགྲོ་བར་འདུ་ཤེས་ན་སྦོམ་པོའོ། །

Vol. 161 · folio 55b

དེའི་ཚེ་ན་འབྱུང་བའི་རྣམ་པའི་འགྲོ་བར་འདུ་ཤེས་པ་ལ། འདུ་ཤེས་ཀྱི་སྦྱོར་བའི་ཡན་ལག་གོ། །དེ་བས་ན་ཉེས་བྱས་སོ། །དུད་འགྲོ་མི་མ་ཡིན་པའི་རྣམ་པ་དང་ལྡན་པ་དུད་འགྲོའི་འདུ་ཤེས་ཀྱིས་དེའི་ཚེ་ན་འབྱུང་བའི་རྣམ་པ་ལ་འགྲོ་བའི་འདུ་ཤེས་ཀྱི་ཡན་ལག་ལས་ལྟུང་བའི་དངོས་གཞིའོ། །

སྦྱོར་བའི་སྔོན་རོལ་དུ་ཉེས་བྱས་སོ། །འོག་མ་ལ་ནི་གྲངས་ཇི་ལྟ་བ་བཞིན་དུ་ཉེས་བྱས་དང་སྦོམ་པོའི་ལྟུང་བ་དག་གོ། །མི་མ་ཡིན་པ་དུད་འགྲོའི་རྣམ་པ་དང་། མི་ཡིན་པའི་རྣམ་པ་དང་ལྡན་པ་ལ་མི་མ་ཡིན་པའི་འདུ་ཤེས་ཀྱིས་དེའི་ཚེ་ན་འབྱུང་བའི་རྣམ་པས་གནོད་པར་བྱེད་ཅིང་དངོས་

གཞིའི་དུས་ན་སྦོམ་པོ་སྟེ། སྦོམ་པོའི་སྔོན་རོལ་དུ་ནི་ཉེས་བྱས་སོ། །ཕྱི་མ་ལ་ནི་གྲངས་ཇི་ལྟ་བར་ཉེས་བྱས་དང་སྦོམ་པོའོ། །མ་བྱིན་པར་ལེན་པ་དང་། ལུས་ཀྱིས་རེག་པ་དང་སློང་བ་དང་སྟན་རྣམས་ལ་འགྲོ་བའི་འདུ་ཤེས་ཀྱིས་བདག་ཉིད་ཀྱི་གང་ཡིན་པ་དེ་ལ་འགྲོ་བ་གཞན་གྱི་རྣམ་པ་

ལ་བརྟེན་དུ་ཟིན་ཀྱང་། འགྲོ་བ་དེ་ཉིད་དུ་རྣམ་པར་གཞག་པར་རྣམ་པར་གནས་པ་ཡིན་ཏེ། དེའི་རང་བཞིན་གྱིས་འདི་ལ་བདག་པོ་ཉིད་ལ་སོགས་པ་དང་བཟའ་བ་དག་ལ་བརྟེན་པའི་ཕྱིར་རོ། །གནས་སྐབས་གཞན་ཐོབ་པ་ནི་གཞན་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དགྲ་བཅོམ་པ་ལ་སོགས་

པའི་གནས་སྐབས་གཞན་ཐོབ་པ་ན། དེའི་རྒྱུད་ནི་གཞན་ཉིད་མ་ཡིན་པ་ནི་སེམས་ཅན་དེ་ལ་སེམས་ཅན་གཞན་ཉིད་མ་ཡིན་ནོ། །སེམས་ཅན་གཞན་དུ་མཐར་ཐུག་པ་མངོན་པར་འདོད་པ་ཡིན་པ་ནི། མཐར་ཐུག་པ་བྱས་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་གནས་སྐབས་གཞན་ལ་སྦྱོར་བ་བྱས་

ནས། སྦྱོར་བ་གཞན་གྱི་སྐབས་སུ་མཐར་ཐུག་པ་ཉིད་དོ། །དགྲ་བཅོམ་པ་མ་ཡིན་པའི་གནས་སྐབས་སུ་སྦྱོར་བ་བྱས་ན་དགྲ་བཅོམ་པ་ཉིད་ཐོབ་པ་ནི་གསོད་པར་བྱེད་ན་དེ་ལ་ཕམ་པ་སྐྱེད་པར་བྱེད་པ་མ་ཡིན་པར་འགྲུབ་བོ་ཞེས་བྱ་བ་ལ་སོགས་པའོ། །ཉེས་པ་དེ་མེད་པ་ཉིད་ལ་འོང་བ་ནི་ཐ་

དད་དོ་ཞེས་བྱ་བ་ནི་དེ་ལ་ནི་དེའི་ལས་ཀྱི་ཉེས་པ་སྐྱེད་པ་མ་ཡིན་པ་དེ་བས་ན་ཉེས་པ་དེ་མེད་པའོ། །དེ་ཉིད་ཀྱི་གནས་སྐབས་ཅན་དུ་གྱུར་པ་ནི་ཐ་དད་པའོ། །གང་ཞིག་དེར་དེའི་ཉེས་པ་ཉིད་ལ་བྱས་པ་དང་། གང་ཡང་དེའི་ཉེས་པ་ཉིད་མ་ཡིན་པ་དང་། གང་ཡང་སླར་དེའི་འོག་ཏུ་ཉེས་པ་དེ་ཡོད་པ་ལས་

Vol. 161 · folio 56a

དེ་དག་ནི་ཕན་ཚུན་ཐ་དད་པར་ཤེས་པར་བྱའི་གཅིག་པ་ཉིད་མ་ཡིན་ནོ། །དུས་མ་ཡིན་པ་ཁོ་ན་སྟན་བརྩམས་ནས་ངལ་སོ་བར་བྱེད་པ་དེ་ཡང་བསྙེན་པར་རྫོགས་པར་བྱས་ནས་དུས་མ་ཡིན་པ་ཁོ་ནར་ཟིན་པར་བྱེད་པའོ། །བུད་མེད་དུ་གྱུར་ནས་ཡང་སྐྱེས་པ་ཉིད་ཐོབ་ན་ཐ་དད་པ་

ཉིད་དོ། །གལ་ཏེ་ཡང་བསམ་པ་ཐག་པ་ནས་གཏང་བ་གང་ཡིན་པ་དེ་ནི་མ་སྐྱེས་པ་ཉིད་དུ་གྱུར་ནས་དེ་ལྟ་བུ་ཡང་ཐ་དད་པ་ཉིད་ཀྱིས་སྔ་མ་དང་ཕྱི་མའི་ཆ་གང་དག་ལས་ལྟུང་བའི་བྱེད་པ་པོ་ཉིད་དོ། །གཙོ་བོ་མ་ཡིན་པས་བཏང་བ་དང་། གང་ཞིག་དེའི་སྔ་མ་ཕྱེད་བྱས་སམ་བྱེད་པ་ལ་གང་ཞིག་

དེའི་ཕྱི་མ་དང་རབ་ཏུ་བྱུང་ནས་ཡང་བསྙེན་པར་རྫོགས་པ་ལ་ཐོག་མ་ཉིད་དུ་སྟན་གཞན་བྱས་པའི་དབང་གིས་དུས་མ་ཡིན་པ་ཉིད་དུ་རིག་པར་བྱའོ། །དགེ་སློང་མ་ཉིད་ལས་ཡང་ལྟུང་བར་སྔར་བྱས་པ་ལ་ཡང་ངོ་། །བཏང་བ་ལ་ཡང་ངོ་ཞེས་བྱ་བ་ནི་ལས་གང་བརྩམས་པ་དེ་མ་ཟིན་པར་དེ་ཡང་དེའི་ཆད་

པའོ། །སྔར་བྱས་པ་ལ་དེ་ཙམ་ཉིད་དོ། །ཡང་ལས་གཞན་ཉིད་ནི་བྱས་པ་ནས་བརྩམས་ཏེ་ཁང་པའམ་སྟན་བརྩམས་ནས་བཏང་སྟེ། ཡང་བྱེད་ན་སྔ་མ་དང་ཕྱི་མ་ཉིད་ལ་ལྟུང་བའི་བྱེད་པ་པོ་ཉིད་དོ། །གཞི་གཅིག་ལ་དུ་མ་ཉིད་བཅས་པ་ལ་ནི་ཇི་སྙེད་ཀྱི་ཉེས་པར་འགྱུར་རོ་ཞེས་བྱ་བ་ནི་གང་དུ་གཞི་

གཅིག་ལ་དུ་མ་ཉིད་ཐོབ་པར་འགྱུར་བ་ནི་འདི་ལྟ་སྟེ་དཔེར་ན་བརྫུན་དུ་སྨྲ་བ་དང་། སྐྱོན་ནས་སྨྲ་བ་དགག་པ་ལ་ནི་མ་ཡིན་ནོ། །བསྙིལ་བ་དང་ལྷན་ཅིག་ཞག་གསུམ་ཉལ་བ་ལའོ། །དགེ་ཚུལ་བསྙིལ་བ་དང་བུད་མེད་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཞག་གསུམ་ཉལ་བ་ལ་བཅས་པ་

སྟེ། དེ་ལ་ལྟུང་བྱེད་དོ། །འདིར་གཞུང་ཁ་ཅིག་ལས་ནི། ཞར་བ་ལོངས་ཤིག་ཅེས་ཟེར་བ་ལ་ཞར་བ་མ་ཡིན་ན་ལྟུང་བྱེད་གཉིས་སུ་འགྱུར་ཏེ། ཤེས་བཞིན་དུ་བརྫུན་སྨྲ་བ་དང་མིའི་སྐྱོན་ནས་སྨྲ་བ་ལས་སོ། །དགེ་སློང་གིས་དགེ་སློང་མ་བྲམ་ཟེའི་རིགས་ཅན་མོ་ལ་ཁྱོད་ཀྱིས་འདྲེག་མཁན་གྱི་ལས་བྱས་

སོ་ཞེས་སྨྲས་ན་ལྟུང་བྱེད་དང་ཉེས་བྱས་སུ་འགྱུར་ཏེ། ཤེས་བཞིན་དུ་བརྫུན་དུ་སྨྲ་བ་ལས་ལྟུང་བྱེད་དང་སྐྱོན་ནས་སྨྲ་བ་ལ་ཉེས་བྱས་སོ། །དགེ་སློང་མ་རྒྱལ་རིགས་ཀྱི་རིགས་ཅན་མོ་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་དང་། དགེ་སློང་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་དགུང་

Vol. 161 · folio 56b

གསུམ་ཉལ་བ་ལ་ལྟུང་བྱེད་གཉིས་འབྱུང་བ་འགའ་མཆིས་སམ། ཡོད་དེ་ཞག་གཉིས་དགེ་ཚུལ་དང་ཉལ་བ། ཞག་གསུམ་པ་ལ་ཁྱིམ་པ་མོ་དང་ལྷན་ཅིག་ཉལ་བ་ལའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེའི་ཆ་ནི་དེར་གཏོགས་སོ་ཞེས་བྱ་བ་ནི་གང་ཞིག་ཁ་ན་མ་ཐོ་བ་ནི་

དེའི་ཆ་ཞེས་བྱ་བ་ཤན་ནམ་ལྷག་མ་ནི་དེ་དང་གཞན་མ་ཡིན་ནོ། །མི་ཚངས་པར་སྤྱོད་པའི་ཆ་གང་ཞེ་ན། ཁུ་བ་འབྱིན་པ་དང་། ལུས་ཀྱི་རེག་པ་དང་། འཁྲིག་པ་དང་ལྡན་པ་སྨྲ་བ་དང་། ཀུན་སྤྱོད་བསྔགས་པ་དང་། སྨྱན་བྱེད་པ་དང་། དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་རྙིང་པ་འཁྲུར་

འཇུག་པ་དང་། ལེན་པ་དང་དེ་ལས་གཞན་པའི་གོས་ཀྱི་ལས་བྱེད་པ་དང་། འདིས་བལ་རྨེལ་དུ་འཇུག་པ་དང་། རིག་པའི་སྐྱེས་བུ་མེད་པར་ཚིག་དྲུག་གམ་ལྔ་ལས་ལྷག་པར་ཆོས་སྟོན་པ་དང་། མ་བསྐོས་པར་གདམས་ངག་ལ་སོགས་པ་སྟོན་པ་བཅུ་དང་། བཟའ་བ་ཟ་བའི་དུས་སུ་

ཁྱིམ་དུ་འདུག་ཅིང་མི་གནས་པ་དང་། ཁྱིམ་དུ་ཟ་བའི་ཕྱིར་འདུག་སྟེ་མི་གནས་པ་དང་། དགེ་ཚུལ་དང་། དགེ་ཚུལ་མ་ལ་བྱིན་པ་དང་། ཁྱིམ་དུ་ལྷན་ཅིག་ཉལ་བ་དང་། ལམ་དུ་འགྲོ་བ་དང་། སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་གྲོང་དུ་འཇུག་པ་དང་། ཉེ་དུ་མ་ཡིན་པའི་གྲོང་དུ་འགྲོ་བ་

དང་། དགེ་སློང་མ་ལས་བླངས་ཏེ་ཟ་བ་དང་། དགེ་སློང་མའི་མིང་གིས་ངེས་པ་དང་བཅས་པས་ཁྱིམ་དུ་འགྲོ་བ་དེས་བྱ་བ་ལ་སོགས་པའོ། །སྔར་མ་གནང་བའི་སྟན་ལ་འདུག་པ་ལ་འདི་ཡིན་ནོ། །མ་བྱིན་པར་ལེན་པའི་ཆ་གང་ཡིན་ཞེ་ན། བྱིན་པ་ཕྲོགས་ཏེ་སྤྱོད་པ་དང་། མ་གནང་བར་སྟན་ལ་

འདུག་པ་དང་། ཕྱིར་མ་བླངས་པར་སྤྱོད་པ་དང་། སོ་སོར་བསྡུས་ནས་ལོངས་སྤྱོད་པ་དང་། བསྔོས་པ་ལས་བསྒྱུར་བ་དང་། སྐྲོད་པ་དང་། སྦེད་པ་དང་། རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བའོ། །མི་གསོད་པའི་ཆ་གང་ཞེ་ན། རྩོད་པ་དང་བཅས་པའི་གཞི་མི་གཏོང་བ་དང་། ས་བོན་

གྱི་ཚོགས་དང་། སྐྱེ་བའི་ཚོགས་འཇིག་པ་དང་། མཐོ་འཚམས་པ་དང་། ཕྱིས་གནོན་བྱས་ནས་འདུག་པ་དང་། བསྒོ་བ་བཅག་པ་དང་། རྩ་བ་འབྱུང་བ་ལ་འདུག་པ་དང་། སྲོག་ཆགས་དང་བཅས་པ་ལ་སྤྱོད་པ་དང་། དམག་ལ་ལྟ་བ་དང་། དམག་གི་ནང་ན་གནས་པ་དང་། བཤམས་པ་

Vol. 161 · folio 57a

དཀྲུག་པ་དང་། བརྡེག་པ་དང་། གཟས་པ་དང་། ཟས་གཅོད་དུ་འཇུག་པ་དང་། དུད་འགྲོ་གསོད་པ་དང་། འགྱོད་པ་སྐྱེད་པ་དང་། ག་ག་ཚིལ་བྱེད་པ་དང་། སྔངས་པར་བྱེད་པ་དང་། ས་བརྐོ་བའོ། །མིའི་ཆོས་བླ་མ་སྨྲ་བའི་ཆ་གང་ཞེ་ན། འདི་ལྟ་སྟེ་དཔེར་ན་ཕམ་པར་འགྱུར་བ་དང་།

དགེ་འདུན་ལྷག་མ་གཉིས་ཀྱིས་འདུན་པ་ལ་སོགས་པ་འགྲོ་བར་བརྗོད་པའི་ཚིག་སྟེ། ཇི་ལྟར་བརྩམས་པས་བཤེས་ངོར་བྱེད་པ་དང་། འཕྱ་བ་དང་། གཞོགས་འཕྱས་བྱེད་པ་དང་། དགེ་འདུན་གྱི་དབྱེན་དང་། བརྫུན་གྱི་ལྷག་མ་དང་། མིའི་ཆོས་བླ་མ་བདེན་པར་སྨྲ་བའོ། །ཕམ་པར་འགྱུར་བས་སྐུར་པ་

འདེབས་པའི་ཆ་གང་ཞེ་ན། དགེ་འདུན་ལྷག་མས་སྐུར་པ་འདེབས་པའོ། །དགེ་འདུན་གྱི་དབྱེན་བྱེད་པའི་ཆ་གང་ཞེ་ན། དགེ་སློང་ལ་ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་། དད་པའི་ཕྱིར་བསྒྱུར་བ་དང་། ལས་ལས་འདའ་བར་བྱེད་པ་དང་། ལྟ་བར་གྱུར་པ་མི་འདོར་བ་དང་། བསླབ་པ་ལ་མ་གུས་པ་

དང་། འདུས་ཤིང་ཟ་བ་དང་། སྤངས་པའི་རྗེས་སུ་ཕྱོགས་པ་དང་། ཚིག་མི་སྙན་པས་བསླབ་པ་ལ་ཁྱད་དུ་གསོད་པའོ། །གསོག་འཇོག་བྱས་པ་ཟ་བའི་ཆ་ནི་དགེ་སློང་གིས་བཙོས་པ་ཟ་བའི་མཐར་ཐུག་པའོ། །དེ་ལྟ་བས་ན་ཆའི་ངོ་བོ་ཉིད་ཅེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་སྤྱད་པའི་ཕྱིར་འགྲོ་བ་གང་ཡིན་པ་དེ་

ནི་ཉེས་བྱས་སོ། །བདག་ཉིད་ཀྱི་ཀུན་དུ་སྤྱོད་པ་བསྔགས་པ་གང་ཡིན་པ་དེ་ནི་དགེ་འདུན་ལྷག་མའོ། །གནས་ངན་ལེན་སྨྲ་བ་གང་ཡིན་པ་དེ་ནི་གཞན་མ་ཡིན་ནོ། །བདག་ཉིད་ཀྱི་དོན་དུ་བུད་མེད་ལ་གཞོལ་བ་གང་ཡིན་པ་དེ་ནི་ཕམ་པར་འགྱུར་བར་གཏོགས་པའི་སྦོམ་པོའོ། །ཀུན་དུ་སྤྱོད་པ་བསྔགས་པའི་

དགེ་འདུན་ལྷག་མར་གཏོགས་པའི་ཉེས་བྱས་སོ། །འཁྱུད་པ་དང་འོ་བྱེད་པ་དང་ཉལ་བ་དང་མཚམས་ཀྱི་ཕྱི་རོལ་དུ་འགྱུར་བ་དག་གང་ཡིན་པ་དེ་ནི་ལུས་ཀྱི་རེག་པའི་བདག་ཉིད་གཞན་ཡིན་ནོ། །མཚན་གྱི་ནང་དུ་རེག་པ་ལ་ཉལ་ཏེ་རྨ་ཉམས་པ་མ་ཡིན་པ་གང་ཡིན་པ་དེ་ནི་ཕམ་པར་འགྱུར་རོ། །གལ་ཏེ་ཉམས་

པ་ཡིན་ན་གཞན་དང་ལྷན་ཅིག་རྩོད་པ་ན་མ་བྱུང་བའི་མདུན་རོལ་དུ་ནི་སྦོམ་པོའོ། །བྱུང་ན་ནི་དགེ་འདུན་ལྷག་མའོ། །མདོ་འདིས་ནི་དེའི་ཆ་མ་བརྗོད་པ་ཅུང་ཟད་ཀྱང་མ་བརྗོད་ཀྱི་ཧ་ཅང་ཐལ་བ་དེ་དམིགས་ཀྱིས་བསལ་བར་བྱེད་དེ་ཁུ་བ་འབྱིན་པ་ལ་སོགས་པ་མི་ཚངས་པར་སྤྱོད་པ་སྤྱད་པར་གཏོགས་པའི་སྦོམ་པོ་ལ་

Vol. 161 · folio 57b

སོགས་པ་ལ་ཁ་ན་མ་ཐོ་བ་གཞན་དུ་ཐལ་བར་འགྱུར་བ་སྟེ། དེའི་ཆ་ནི་དར་གཏོགས་སོ་ཞེས་བྱ་བའི་མདོ་འདིས་སྦོམ་པོ་ལ་སོགས་པ་ཁ་ན་མ་ཐོ་བ་གཞན་དུ་འགྱུར་བ་དམིགས་ཀྱིས་བསལ་བ་འདི་བྱས་པ་ཡིན་ནོ། །ཕྱུང་བ་ཐམས་ཅད་ལ་མཐའ་ཉིད་མ་གཏོགས་པ་ནི་དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་དཔེར་ན་

སྤྱད་མི་བཟོད་པའི་བུད་མེད་དང་ལྷན་ཅིག་ཉམས་པར་བྱེད་པ་དང་། མགོ་བཅད་པའི་ཁ་ལ་སོགས་པ་དག་ཏུ་ཉམས་པར་བྱེད་པ་ནི་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཞུ་བ་ཁ་ཅིག་དང་གཞན་དག་ལས་ཁུ་བ་འབྱིན་པའི་རྣམ་པ་གསུངས་པ་དག་གམ། དེ་ཐམས་ཅད་ལ་ཐ་མ་ཉིད་མེད་པ་ལ་ཁུ་བ་

འབྱིན་པའི་འདུན་པས་ཁུ་བ་འབྱིན་པ་ལ་ཕམ་པ་ཉིད་མ་ཡིན་པ་ཐམས་ཅད་དུ་ནི་ཁུ་བ་འབྱིན་པའི་དགེ་འདུན་ལྷག་མར་ཤེས་པར་བྱའོ། །མདོ་འདི་ནི་སྔར་དེའི་ཆ་ནི་དེར་གཏོགས་སོ་ཞེས་བསྟན་པ་དེའི་སྤྲོས་པ་འདི་ཡིན་ནོ། །འདིར་གང་དག་དགེ་འདུན་གྱི་ལྷག་མར་མི་འགྱུར་ཏེ། མི་ཚངས་པར་སྤྱོད་པའི་

སྐབས་ཉིད་ཀྱི་ཕྱིར་འདི་སྙམ་དུ་སེམས་པ་དེའི་བསམ་པ་བཟློག་པའི་ཕྱིར་སྨོས་སོ། །སྦྱོར་བ་གང་ལ་ལྟུང་བ་རྣམ་པར་མ་བཞག་པ་དེ་ལ་ན་སྨད་པའི་ལྟུང་བ་རྣམ་པར་གཞག་པ་ཡང་ཡོད་དེ། གང་དུ་རྣམ་པར་གཞག་པ་དེར་ལྟུང་བྱེད་དོ། །མི་ཚངས་པར་སྤྱོད་པའི་བསམ་པས་བུད་མེད་ཀྱི་ཚོགས་ལ་རེག་

པ་ལ་ནི་དགེ་འདུན་ལྷག་མ་ཡིན་ཏེ། སྦྱོར་བ་དེར་གཏོགས་པ་གང་ཞེ་ན། གང་ནས་བརྩམས་ཏེ་དེ་དང་འདྲ་བའི་ཁུ་བ་འབྱིན་པའི་མཐར་ཐུག་པ་ཉིད་དེ་ནས་བརྩམས་ཏེ། དགེ་འདུན་ལྷག་མར་འགྱུར་བ་དང་། སྦྱོར་བ་སྔ་མ་ནི་ཕམ་པར་འགྱུར་བའི་སྦྱོར་བ་ཞེས་བྱའོ། །དེ་ལྟར་དེ་ལ་ཉེས་པ་སྦོམ་པོ་

གཉིས་སུ་འགྱུར་ཏེ། ཕམ་པར་འགྱུར་བ་དང་དགེ་འདུན་ལྷག་མར་འགྱུར་བའི་ཞེས་བྱ་བར་རིག་པར་བྱའོ། །འདིར་གཞུང་ཁ་ཅིག་ལས། གཞི་ཐམས་ཅད་ལ་འདི་འབྱུང་བ་ཡིན་ཏེ། བུད་མེད་ཇི་ལྟ་བུ་དང་མི་ཚངས་པར་སྤྱོད་པར་བགྱིད་ན་མཐར་འགྱུར་ལགས། ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་

བ་གང་ཡིན་པ་དང་ངོ་། །དེ་བཞིན་དུ་དུད་འགྲོའི་སྐྱེ་གནས་ལ་ཡང་བརྗོད་པར་བྱའོ། །གལ་ཏེ་དང་དུ་བླང་དུ་མི་རུང་ན་དེ་དང་ལྷན་ཅིག་ཉམས་པར་བྱེད་པ་དེ་ལ་ཁུ་བ་འབྱུང་ན་ནི་དགེ་འདུན་ལྷག་མར་འགྱུར་རོ། །གལ་ཏེ་ཁུ་བ་མ་ཕྱུང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །

Vol. 161 · folio 58a

གཞུང་གཞན་ལས་ཀྱང་རེ་ཞིག་ཇི་ཙམ་གྱིས་ན་སྦུབས་ཉམས་པར་བརྗོད་པར་བགྱིད། གང་གི་ཕྱིར་དེའི་རྨའི་ཐན་ཀོར་ཉམས་པར་འགྱུར་ན་སྟེ། དེ་ཉམས་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཁུ་བ་འབྱིན་པ་ན་ནི་དགེ་འདུན་ལྷག་མར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བྱ་བ་

དུ་མའི་འབྲས་བུས་ལྟུང་བ་རྣམ་པར་མི་གཞག་གོ་ཞེས་བྱ་བ་ནི་བྱ་བ་འབྲས་བུ་ཐ་དད་པས་བར་དུ་ཆོད་པའི་འབྲས་བུ་ཐ་དད་པ་གྲུབ་པ་དུ་མ་དག་གིས་འབྲས་བུ་གཅིག་ཏུ་བསྡུས་པས་དངོས་གཞིའི་ལྟུང་བ་རྣམ་པར་མི་གཞག་སྟེ། དེ་དག་གི་འབྲས་བུ་ནི་ཐ་དད་པ་ཉིད་ཡིན་ནོ། །དཔེར་ན་ཉུང་ངུ་ཉུང་ངུར་བརྐུས་པ་གཅིག་ཏུ་

བསྡོམས་པས་མ་ཤ་ཀ་ལྔ་ལ་སོགས་པའི་ཚད་དུ་ཆོག་པ་གང་ཡིན་པ་དེས་ཕམ་པར་མི་འགྱུར་བ་ལྟ་བུ་དང་། ཁང་པ་ཆུང་ངུ་མ་བཞི་བསྡོམས་ནས་ཚད་ལས་ལྷག་པར་གྱུར་པ་གང་ཡིན་པ་དེས་དགེ་འདུན་ལྷག་མར་མི་འགྱུར་བ་ལྟ་བུ་དང་། དེ་བཞིན་དུ་གོས་ཀྱི་དུམ་བུ་ཚད་དུ་མི་ཆོག་པ་དུ་མ་ཚང་བར་བཅངས་ཏེ། དུས་

ལས་འདས་པར་སྒྲུབ་པ་རྣམས་ལ་སྤང་བའི་ལྟུང་བྱེད་དུ་མི་འགྱུར་བ་ལྟ་བུ་དང་། ཉུང་ངུ་ཉུང་ངུ་ནས་རྫོགས་པར་གྱུར་པའི་དོན་རྣམས་ལ་དེ་བཞིན་དུ་ལམ་ན་བལ་ཐོགས་པ་ཡང་ཉིན་རེ་ཞིང་ཅུང་ཟད་ཅུང་ཟད་དུ་ཁྱེར་བའི་ལམ་སྤྱིར་བསྡོམས་པས་རྒྱང་གྲགས་ལས་འདའ་བའོ། །དུས་གཞན་དང་གཞན་དུ་ཚིག་རེ་རེ་སྨྲས་པའི་ཚིག་

རྣམས་སྤྱིར་བསྡོམས་པས་ཚིག་ལྔ་འམ་དྲུག་ལས་འདས་པར་ཆོས་སྟོན་པ་ལྟུང་བྱེད་དུ་མི་འགྱུར་བ་ལྟ་བུའོ། །འདིར་གཞུང་ནི་མ་བྱིན་པར་ལེན་པ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་མ་ཤ་ཀ་ལྔ་བརྐུས་ནས་མཐར་འགྱུར་རོ་ཞེས་གསུངས་པ་དེ་ལ། བཙུན་པ་རེ་ཞིག་དགེ་སློང་གིས་བརྐུས་པ་དེ་ལ་མ་ཤ་ཀ་བརྒྱ་འམ་

སྟོང་སྙེད་བརྐུས་ཀྱང་མཐར་མི་འགྱུར་བ་མཆིས་སམ། ཡོད་དེ་མ་ཤ་ཀ་བ་ནི་བཞི་རྐུ་ཞིང་ནམ་ཡང་ལྔ་མ་ཡིན་ཏེ། སྦྱོར་བ་ལ་ནི་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བྱེ་བྲག་མེད་པའི་ཕྱིར་ཐམས་ཅད་ཀྱི་དབང་དུ་ཉེ་བར་སྦྱར་རོ། །ཕྱེད་བྱས་པ་ལ་བྱེད་པ་ནི་ཕྱེད་ཉིད་དོ་ཞེས་བྱ་བ་ལ་འདིར་ཕྱེད་བྱས་པ་ལ་ཞེས་

བྱ་བའི་ཕྱེད་ཀྱི་སྒྲ་ནི་ཡན་ལག་གི་ཚིག་སྟེ། ལས་བརྩམས་པ་ཕྱེད་བྱས་པ་དེ་ལ་བྱེད་པ་ཞེས་བྱ་བ་ལ་ལྷག་མ་སྒྲུབ་པར་བྱེད་པ་དེ་ལ་ཕྱེད་ཉིད་དོ། །དེ་ལས་དེའི་སྒྲུབ་པ་ཕྱེད་བྱས་པ་ཉིད་ཡིན་ནོ། །བྱ་བ་མ་བརྩམས་པ་ལ་ཉེས་པ་གང་ཡིན་པ་དེའི་རྗེས་ལ་དེའི་ཚིག་ཅེས་བྱ་བ་འདི་ལ་དེ་སྒྲུབ་པར་བྱེད་པའོ། །དཔེར་ན་གོས་

Vol. 161 · folio 58b

རྙིངས་པ་ཅུང་ཟད་བཅགས་པ་ཞིག་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་འཆག་ཏུ་བཅོལ་ན་ཉེས་བྱས་སུ་འགྱུར་བ་ལྟ་བུ་དང་། ལུག་གི་བལ་ཅུང་ཟད་བཀྲུས་སམ་ཕྱེད་བཀྲུ་བར་བྱས་པ་དག་རྨེལ་དུ་བཅོལ་ན་ཉེས་བྱས་སུ་འགྱུར་བ་ལྟ་བུ་དང་། འཁྲུར་བཅོལ་ཏམ་འཚེད་དུ་བཅོལ་བ་འདི་གཉིས་ཀ་དང་། བཀྲུས་པ་དང་བཙོས་པ་གཉིས་ཀ་

དག་ལ་རང་བཞིན་རྣམ་པར་འགྱུར་བ་སྲིན་བལ་རྙིང་པ་དང་ལུག་གི་བལ་རྙིང་པ་དང་། ལུག་གི་བལ་རྙིང་པ་ནག་པོ་ལས་བྱས་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །ཁ་ན་མ་ཐོ་བ་ན་སྨད་པ་དག་གིས་ཆ་ཉིད་ནི་ན་སྨད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་བུའི་ཁ་ན་མ་ཐོ་བ་དག་གི་ཆ་ནི་ན་སྨད་པ་ཉིད་ཡིན་ཏེ། ན་སྨད་པའི་ཆར་གྱུར་

པ་ཉིད་དུ་བལྟ་བར་བྱའོ། །དཔེར་ན་ཉེས་པ་སྦོམ་པོ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་ཉེས་བྱས་རྣམས་ཀྱིས་སྐུར་བ་བཏབ་པ་ལས་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །མཚམས་མེད་པ་གསུམ་པོ་ཕ་བསད་པ་དང་། མ་བསད་པ་དང་། དགྲ་བཅོམ་པ་བསད་པ་རྣམས་ཀྱིས་སྐུར་པ་འདེབས་པ་

གང་ཡིན་པ་དེ་ལ་ནི་དགེ་འདུན་ལྷག་མར་འགྱུར་རོ། །དགེ་འདུན་གྱི་དབྱེན་བྱེད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་མཚམས་མེད་པ་གཉིས་པོ་དག་གིས་སྐུར་པ་འདེབས་པ་དེ་ལ་སྦོམ་པོའི་ལྟུང་བར་མི་འགྱུར་ཏེ། དེ་ལ་ནི་ཉེས་བྱས་ཉིད་ཡིན་ནོ། །ཐམས་ཅད་ལ་ཐེ་ཚོམ་ཟ་བས་ཞུགས་

པ་ནི་བསམ་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བཞིན་དུ་འདི་ཡིན་ནམ་འོན་ཏེ་མ་ཡིན། འདི་བདག་གི་ཕ་ཡིན་ནམ་འོན་ཏེ་མ་ཡིན། འདི་དགྲ་བཅོམ་པ་ཡིན་ནམ་འོན་ཏེ་མ་ཡིན། འདི་དེ་ཡིན་ནམ་འོན་ཏེ་མ་ཡིན་ཞེས་བྱ་བ་ལ་སོགས་པར་གཞི་ཐམས་ཅད་ལ་ཞུགས་པ་གང་ཡིན་པ་དེ་ནི་བསམ་པ་དང་བཅས་

པས་གནས་པ་ཡིན་ནོ། །གང་ཞིག་ཡང་དེའི་མདུན་དུ་སྟེ། ཐམས་ཅད་དུ་མ་ཡིན་ནོ། །དེ་ལ་ཡང་དེའི་ཚེ་ན་གནས་པ་ཞེས་བྱ་བའི་དོན་ཏོ། །བསམ་པ་དང་བཅས་པ་ནི་དགོས་པ་སྟེ་ངེས་པའི་བསམ་པའོ། །ངེས་པར་འདི་ལ་དེར་ཡང་ཉེ་བར་མི་སྡུད་པ་ནི། གང་ཡང་དེ་ཡིན་ཡང་རུང་མ་ཡིན་ཡང་རུང་

གིས་སྙམ་པའི་བསམ་པས་གནས་པ་སྟེ། དེ་འདི་ཡིན་ནམ་འོན་ཏེ་མ་ཡིན་སྙམ་ནས་གསོད་པ་ལ་ཇི་ལྟར་གསོད་པར་བྱེད་པ་ལ་ལྟུང་བྱེད་དོ། །འདི་ནི་མི་ཁོ་ན་སྟེ། འདི་ནི་མི་མ་ཡིན་སྙམ་པས་གསོད་པ་ལ་ཕམ་པ་ཁོ་ན་ཡིན་ཏེ། འདི་ནི་མི་ཡིན་ཏེ་མི་མ་ཡིན་པ་མ་ཡིན་སྙམ་ནས། འདི་ནི་དགྲ་

Vol. 161 · folio 59a

བཅོམ་པ་སྟེ། དགྲ་བཅོམ་པ་མ་ཡིན་པ་ནི་མ་ཡིན་ནོ་སྙམ་པས་མ་ལ་སོགས་པ་གསོད་པ་ལ་མཚམས་མེད་པའི་ལས་ཀྱང་ངོ་། །གང་ལ་བདག་ཆགས་པ་དེ་འདི་ཡིན་ནམ་འོན་ཏེ་མ་ཡིན། འདི་ནི་བུད་མེད་ཡིན་ནམ་འོན་ཏེ་མ་ཡིན་སྙམ་དུ་དངོས་པོ་ཇི་ལྟ་བར་འདུ་ཤེས་པར་མ་གྱུར་པའོ། །

སྦྱོར་བ་ལ་ནི་འདུ་ཤེས་ཡན་ལག་ཡིན་ནོ་ཞེས་བྱ་བ་ནི་སྦྱོར་བ་ལ་འདུ་ཤེས་ཡན་ལག་ཡིན་གྱི་དོན་ཉིད་མ་ཡིན་ཏེ། དཔེར་ན་དུད་འགྲོ་ནི་མིར་འདུ་ཤེས་པས་བསད་ན་དེའི་དོན་གྱི་སྦྱོར་བ་ལ་སྦོམ་པོ་ཉིད་དུ་འགྱུར་བ་དང་། མི་མ་ཡིན་པ་ལ་མིར་འདུ་ཤེས་པའི་ཕྱིར་དེ་ཉིད་ཀྱིས་བསད་ན་སྦྱོར་བ་སྦོམ་པོར་འགྱུར་བ་

དང་། དེ་མ་བྱིན་པར་ལེན་པ་དང་། ཆོས་བླ་མ་དང་ལུས་ཀྱི་རེག་པ་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་ཅི་རིགས་པར་སྦྱར་རོ། །བསམས་པ་ནི་དེ་ཉིད་དོ་ཞེས་བྱ་བ་ནི་སེམས་ཅན་ནམ་རྫས་ལ་བསམས་ཏེ། ཞུགས་པ་གང་ཡིན་པ་ལ་ནི་བསམས་པའི་དོན་གྱིས་རང་གི་ངོ་བོ་ཉིད་ཡན་ལག་དེ་ཉིད་དོ། །

གལ་ཏེ་དོན་དེ་ཉིད་ཡིན་ན་གང་ལ་བརྩམས་ཏེ། འཇུག་ཅིང་བསམས་ཏེ་ཞུགས་པའི་ཡན་ལག་དེ་ཉིད་ཡན་ལག་ཡིན་ནམ། དེའི་ཚེ་དངོས་གཞིའི་ལྟུང་བ་འགྲུབ་པར་འགྱུར་རོ། །འདི་ལྟ་སྟེ་དཔེར་ན་གཉིས་འཁོད་པ་ལས་གཅིག་གསད་པར་བྱའོ་སྙམ་པ་ལས་ཅིག་ཤོས་བསད་པ་དང་། དགྲ་བཅོམ་པ་གསད་

པར་བྱའོ་སྙམ་པ་ལས་དགྲ་བཅོམ་པ་མ་ཡིན་པ་བསད་པ་དང་། མ་ཞེས་བྱ་བ་ཕ་མ་གཉིས་དང་དགྲ་བཅོམ་པ་ལ་སོགས་པ་ཞེས་བྱ་བ་དགྲ་བཅོམ་པ་ལ་སོགས་པ་ལའོ། །མི་གསད་པར་བྱའོ་སྙམ་པ་ལས་མི་མ་ཡིན་པ་བསད་པ་དང་། མི་མ་ཡིན་པ་གསད་པར་བྱའོ་སྙམ་པ་ལས་མི་བསད་པ་ལ་སོགས་པ་ནི་སྦྱོར་བའི་

ལྟུང་བ་ཁོ་ན་ཡིན་གྱི་དངོས་གཞིར་མི་འགྱུར་རོ། །དེ་བཞིན་དུ་དུད་འགྲོ་བསད་དོ་སྙམ་པ་ལས་མི་བསད་ན་ཡང་ཉེས་བྱས་སོ། །རྩིག་པ་དང་། ཀ་བ་དང་ཤིང་ལྗོན་པ་ལ་སོགས་པ་སེམས་མེད་པ་གཅད་དོ་སྙམ་པ་ལས། མ་ལ་སོགས་པ་བསད་ན་ཡང་སྦྱོར་བའི་ཉེས་བྱས་སོ། །ཀ་བ་ལ་བརྡེག་པར་མི་བྱ་ཞེས་བྱ་བའི་

མཚན་ཉིད་དེར་གཏོགས་པའི་སྦྱོར་བའི་ཉེས་བྱས་སོ། །མི་ལ་སོགས་པ་བསད་པ་ལ་ནི་སྦྱོར་བར་ཡང་མི་འགྱུར་ལ། དངོས་གཞིར་ཡང་མི་འགྱུར་རོ། །མི་ཚངས་པར་སྤྱོད་པ་དང་ཁུ་བ་འབྱིན་པ་གཉིས་ལ་ནི་དེར་མ་ཟད་དོ་ཞེས་བྱ་བ་ནི། གཉིས་པོ་དེ་དག་ལ་ནི་བསམ་པ་འབའ་ཞིག་ཡན་ལག་མ་ཡིན་པར་མ་ཟད་

Vol. 161 · folio 59b

ཀྱི། བསམ་པས་མ་ཡིན་པའི་དོན་གཞན་བུད་མེད་ལ་སོགས་པ་བསྟེན་པ་ལ་ཡང་ཕམ་པའོ། །བསམ་པ་མ་ཡིན་པའི་བྲམ་ཟེའི་བུ་མོས་ཡན་ལག་ལ་དྲུད་པས་ཁུ་བ་བྱུང་བ་ལ་ཡང་དགེ་འདུན་ལྷག་མར་འགྱུར་ལ། སེམས་ཅན་དུ་བགྲང་བ་མ་ཡིན་པ་ལ་ཡང་སྦོམ་པོར་འགྱུར་རོ། །རེག་པ་བདག་གིར་བྱེད་པ་འདི་

གཉིས་པ་དེ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །མི་བདེན་པ་ལ་ནི་ཉན་པ་པོ་ཡང་ངོ་ཞེས་བྱ་བ་ལ་དེར་མ་ཟད་དོ་ཞེས་བྱ་བའི་རྗེས་བསྙག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །མི་བདེན་པ་ལ་ཞེས་བརྫུན་དུ་སྨྲ་བའི་ཡུལ་ཡང་བསམས་པ་ཡན་ལག་ཡིན་པར་མ་ཟད་ཀྱི། མ་བསམས་པ་ཡང་ཡན་ལག་ཡིན་ཏེ། ཉན་

པ་པོ་མ་བསམས་པ་གཞན་ལ་ཡང་མི་ཆོས་བླ་མར་འགྱུར་བའི་བརྫུན་དུ་སྨྲས་ན་དེ་ཡང་ཕམ་པར་འགྱུར་ལ། གཞན་དག་ལ་ནི་ལྟུང་བྱེད་དུ་འགྱུར་རོ། །ཡན་ལག་ཐམས་ཅད་དང་དུ་བླང་དུ་རུང་བ་དག་ནི་བསྟེན་པའི་ཕྱིར་མཐུ་དང་ལྡན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་དང་ལུས་ཀྱི་རེག་པ་ལ་སོགས་པའི་ཡུལ་

ལ་དེ་བསྟེན་པའི་ཕྱིར་དང་མཐུ་དང་ལྡན་པ་ཉིད་ཡིན་པར་ཁས་བླངས་པ་དེ་ནི་དེའི་ངོ་བོའོ། །འོག་མ་དག་ལ་ནི་གཞན་ལ་ནི་སྨད་པ་ཉིད་དོ་ཞེས་བྱ་བ་ནི་འདི་མན་ཆད་ནས་འོག་གི་མདོ་ལས་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་ཕྱིར་བསྟན་པ་

རྫོགས་པའི་བར་གྱི་མདོ་འོག་མ་དག་ལས་དེ་གཞན་ལ་ན་སྨད་པ་ཉིད་དོ། །དུ་མ་མ་ཚང་བ་ལ་ནི་དེ་བས་ཀྱང་ངོ་ཞེས་བྱ་བ་ནི་དེ་ལས་ཀྱང་མ་ཚང་བས་ཡན་ལག་ཏུ་མ་ཚང་བ་ལ་ནི་ན་སྨད་པ་དེ་བས་ཀྱང་ན་སྨད་དོ། །འདི་ལྟ་སྟེ་དཔེར་ན་ལུས་ཀྱི་རེག་པ་དང་། ག་ག་ཚིལ་བྱེད་པའི་ཁ་ན་མ་ཐོ་བ་ཉིད་གཉིས་ལ་རེག་པར་བྱེད་

པ་དང་། རེག་པར་བྱེད་པའི་ལུས་གཉིས་ཀ་ལ་ཡན་ལག་ཡིན་པས་རྣམ་པར་འགྱུར་བ་གཅིག་པ་འདི་ལ་དེ་མ་ཐག་པའི་ཚིག་གོ། །དེ་མ་ཐག་པ་དེ་ལས་གཞན་ཞེས་བྱ་བ་འདི་དང་སྔ་མ་བྱེད་པའོ། །རྣམ་པར་འགྱུར་བ་གཉིས་ཀ་ལ་ཡང་འདིས་ན་སྨད་པར་བྱས་པའོ། །མི་ལ་དུད་འགྲོ་ཡང་ངོ་ཞེས་བྱ་བ་ནི་མིའི་

གནས་སུ་དུད་འགྲོ་ཞེས་སྨོས་པ་ལ་ཡང་ན་སྨད་པ་དེ་སྦྱོར་རོ། །དུད་འགྲོ་དང་འབྲེལ་པ་ལ་ཉེས་བྱས་སུ་འགྱུར་རོ། །འདི་སྨྲ་བ་དང་བདག་ཉིད་ཀྱི་ཀུན་དུ་སྤྱོད་པ་བསྔགས་པ་ལ་ཉེས་བྱས་སུ་འགྱུར་གྱི། ཇི་ལྟར་མི་མ་ཡིན་པ་མཐུ་མེད་པ་དང་ལྷན་ཅིག་ཏུ་ལུས་ཀྱི་རེག་པ་ལ་སོགས་པ་བྱེད་པ་ལ་ན་སྨད་དེ། སྦོམ་པོར་

Vol. 161 · folio 60a

འགྱུར་བ་ལྟ་བུ་མ་ཡིན་ཏེ། དེ་བས་ཀྱང་ན་སྨད་པ་ཉིད་ཡིན་པའོ། །དེ་བཞིན་དུ་རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ་ཞེས་བྱ་བ་ནི་འདི་བསྟེན་པ་ལ་དེ་ནི་རེག་པ་མ་ཡིན་པའི་ཡན་ལག་ཡིན་ནོ། །འདིར་གཞུང་ནི། འདུལ་བྱེད་དག་ལས་འདི་ནི་

དེའི་རིམ་པ་ཞེས་བྱ་བ་འདིས་ནི་འདིར་བསྡུས་པའོ། །སྨྲ་བའི་སྐབས་ནས་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོས་ཅན་མོ་ལ་སྨྲས་ན་སྦོམ་པོར་འགྱུར་རོ། །རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་བའི་ཆོས་ཅན་མོ་མ་ཡིན་པས་སྨྲ་ན་དགེ་འདུན་ལྷག་མའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དང་པོ་རྫུ་འཕྲུལ་རྣམ་པར་

འཕྲུལ་པའི་ཆོས་ཅན་ལ་མེད་པས་ན་སྨད་པ་འདི་ཤེས་སོ་ཞེས་བྱ་བ་རྣམ་པར་གནས་པ་ཡིན་ནོ། །དེ་བས་ན་གཅིག་ལ་རེག་པས་འདིར་རེག་པ་སྤང་བ་ཉིད་ཀྱི་ཕྱིར་ཆོས་འདི་ལ་འཇུག་པའི་སྦྱོར་བ་འདི་གཞན་འགའ་ཞིག་བསྟེན་པ་དང་འབྲེལ་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ཐམས་ཅད་དུ་འདུ་ཤེས་པའོ། །སྨྲ་བ་ལ་

སོགས་པ་རྣམས་ལ་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོས་ཅན་ལ་ནི་སྦོམ་པོར་འགྱུར་རོ། །རེག་པ་ལ་ནི་དགེ་འདུན་ལྷག་མ་ཁོ་ནར་འགྱུར་རོ། །རེག་པར་བྱ་བ་ཉིད་ནི་མ་ཉམས་པའོ་ཞེས་བྱ་བ་ནི་བསྟེན་པར་བྱ་བའི་ལུས་ཞེས་བྱ་བར་སྦྱར་རོ། །འདིར་ལུས་ཀྱི་རེག་པའི་བདེ་བ་ཉམས་སུ་མྱོང་བ་གཙོ་བོ་ཡིན་

པའི་ཕྱིར་རོའི་རྣམ་པར་གཞག་པ་འདིའོ། །འདིར་དཔེར་ན་རྨ་དང་ནད་ལ་སོགས་པས་ཉམས་པས་མཚན་མི་མཐུན་པའི་ཡན་ལག་གིས་ལུས་ལ་རེག་ན་སྦོམ་པོར་འགྱུར་རོ། །ཤུ་བ་དང་གཡན་པ་ཅན་དང་ཁྱི་རྔོ་ཅན་གྱིས་རེག་ན་ཡང་དེ་བཞིན་དུ་སྦོམ་པོའོ། །བདག་ཉིད་ཀྱི་ལུས་དེ་ལྟར་འགྱུར་ན་ནི་ཉེས་

བྱས་སོ། །རྣམ་པར་བསྔོས་པ་ལ་འཁྱུད་པ་ལ་ནི་སྦོམ་པོའོ། །དེ་བཞིན་དུ་རྣམ་པར་རྣགས་པ་མོ་དང་། རྣམ་པར་འབུས་གཞིག་པ་མོ་དང་། རྣམ་པར་བམ་པ་མོ་དང་། རྣམ་པར་ཟོས་པ་མོ་དང་། རྣམ་པར་དམར་བ་མོ་དང་། རྣམ་པར་འཐོར་བ་མོ་ནས་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་

འབྱུང་བ་དེ་ཙམ་གྱི་བར་དུ་འདིར་དམ་དུམ་དུ་འཐོར་བ་ཉིད་ཡིན་པ་ཁས་བླངས་པར་རིགས་སོ། །མཐུ་དང་ལྡན་པ་ཉིད་ཡན་ལག་ཉིད་ཡིན་པ་དེ་བས་ན་འདིར་རོ་ཉིད་ལ་ནི་ན་སྨད་པ་མེད་པའི་ཕྱིར། དེས་ན་རྣམ་པར་བསྔོས་པ་ལ་སོགས་པ་དག་ལ་སྦོམ་པོར་གསུངས་སོ། །ག་ག་ཚིལ་བྱེད་པ་ལ་ཡང་ངོ་ཞེས་བྱ་བ་

Vol. 161 · folio 60b

ནི། སོར་མོས་ག་ག་ཚིལ་བྱེད་པ་ལ་ཡང་རེག་པར་བྱ་བ་ལ་ཡན་ལག་ཉིད་ནི་མ་ཉམས་པའོ་ཞེས་བྱ་བའི་རྗེས་སྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །འདི་ཡང་འདི་ལྟ་བུའི་ཡན་ལག་རྣམས་ལ་ག་ག་ཚིལ་བྱེད་པ་ལ་ནི་ན་སྨད་པ་ཉིད་དོ། །གཉིས་ཀའི་ལུས་ཇི་སྙེད་བསྟན་པ་དེ་ལྟ་བུ་ཉིད་ལ་ཉམས་པ་ལ་སོགས་

པ་རྣམ་པར་གྱུར་པ་ལ་འདིར་དོན་ཉིད་ཀྱི་ཕྱིར། དེ་ལྟ་བུའི་རེག་པར་བྱ་བ་ལ་ཡོངས་སུ་མ་རྫོགས་པ་གྲུབ་པ་ལ་དེ་ལྟ་བུའི་རེག་པར་བྱ་བ་ལས་ཀྱང་གྲུབ་པའོ། །སེན་མོ་དང་སོ་དང་ཤ་མེད་པའི་རུས་པ་དང་སྤུ་དག་ནི་གཞན་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི་བསྟན་པ་དང་ག་ག་ཚིལ་བྱེད་པ་གཉིས་པོ་འདི་ནི་རྣམ་པར་འགྱུར་བ་ཉིད་ཡིན་

ནོ། །སེན་མོ་དང་སོ་དང་ཤ་མེད་པའི་རུས་པ་དང་ཀེང་རུས་སུ་གྱུར་པ་གཞན་དང་། སྤུ་རྣམས་ལ་ཡང་ཡན་ལག་གཞན་གྱིས་རེག་པ་དང་། ག་ག་ཚིལ་བྱེད་པ་དག་ལ་ནི་གོ་རིམས་བཞིན་དུ་སྦོམ་པོ་དང་ཉེས་བྱས་སུ་འགྱུར་རོ། །འདི་རྣམས་ཀྱིས་ཀྱང་ཡན་ལག་གཞན་ལ་སེན་མོ་ལ་སོགས་པ་རྣམས་ལ་རེག་པ་དང་ག་ག་

ཚིལ་བྱེད་པ་དག་ལ་ཉེས་བྱས་དང་ཉེས་བྱས་ཕྲ་མོར་འགྱུར་རོ། །འདི་རྣམས་ལ་ནི་མངོན་པར་ཞེན་པ་ཡོངས་སུ་རྫོགས་པར་འགྱུར་བ་དང་ཉམས་པ་ལ་སོགས་པའི་རྣམ་པར་འགྱུར་བ་མེད་པའི་ཕྱིར་ཉེས་བྱས་དང་ཉེས་བྱས་ཕྲ་མོར་འགྱུར་རོ། །མིའི་འགྲོ་བ་པ་ནི་ཐ་སྙད་དུ་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། མིའི་

འགྲོ་བ་འདི་ལ་ཡོད་པས་ན་མིའི་འགྲོ་བ་པའོ། །སྲོག་ཆགས་དང་ལྡན་པ་དེ་ལ་ཐ་སྙད་དུ་བྱ་བ་ཉིད་དོ། །སྣོད་དུ་གྱུར་པའི་དོན་དང་འབྲེལ་པ་སྲོག་ཆགས་སུ་གྱུར་པ་རྣམས་ལ། འདི་ལྟར་མིའི་འགྲོ་བར་སྐྱེས་པ་རྣམས་བསྡུས་པར་རིག་པར་བྱའོ། །དེ་དང་འབྲེལ་པ་ལྷག་པར་སྤྱོད་

པ་ལ་ནི་ཐ་སྙད་དུ་རྫོགས་པར་འགྲུབ་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མི་མ་ཡིན་པ་མཐུ་དང་མི་ལྡན་པ་ལ་ཀུན་དུ་སྤྱོད་པ་བསྔགས་པ་ནི་སྦོམ་པོའོ། །དེ་ལ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། བདག་ཉིད་ལ་ཀུན་དུ་སྤྱོད་པ་བསྔགས་པ་དང་། འདི་ལ་སྨྱན་བྱེད་པ་དང་། དེ་ལ་བརྟེན་པར་བྱ་བ་ཉིད་དང་། རྟེན་པར་

བྱེད་པ་ཉིད་གཉིས་ཀ་ལ་ཡང་འདིར་ཉེས་བྱས་སོ། །ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་ལ་སོགས་པ་རྣམས་ལ་སློང་བ་དང་། སོ་སོ་ནས་སྤགས་པ་སློང་བའི་རྣམ་པར་རྟོག་པས་གོས་ཐོབ་པའོ། །དེ་རྣམས་དང་

Vol. 161 · folio 61a

ལྷན་ཅིག་ཏུ་མངོན་མཚན་ཅན་གྱི་སྤྱོད་པ་དང་། ཉོ་ཚོང་བྱས་ཏེ་ཐོབ་པ་དང་། དེ་དག་ལས་རྒྱུ་སྤུན་སློང་པ་དང་། རིག་པའི་ཕོ་དེ་རྣམས་དང་ལྷན་ཅིག་སྟོན་པ་དང་། ཉེ་བར་སྟོན་པ་དང་། ཀློག་པ་དང་། གནས་ངན་ལེན་བརྗོད་པའི་ལྟུང་བྱེད་དོ། །འདིར་སྟོན་པའི་མིའི་ཆོས་བླ་མ་བརྗོད་པ་

དེ་དག་མོ་དང་ལྷན་ཅིག་དབེན་པ་ལ་འདུག་པ་དང་། དེ་དག་གིས་བྱེད་དུ་བཅུག་པའམ། དེ་དག་དབང་བའི་འདུག་གནས་གཅིག་ཏུ་ལྷས་ལ་སོགས་པ་བྱེད་དུ་བཅུག་པ་དང་། ལྷས་ལ་སོགས་པ་དང་འབྲེལ་བའི་ཁྱིམ་དུ་ཟན་ཟོས་པ་དང་། དེའི་འོག་ཏུ་དེ་དག་ལ་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་

ལེན་པ་དང་། དེ་དག་ལས་ཟས་བསོད་པ་སློང་བ་དང་། དེ་དག་ལས་བཟའ་བ་དང་བཅའ་བ་ཉིད་དང་འདུག་པ་དང་། མི་མ་ཡིན་མོ་དང་ལྷན་ཅིག་ཁྱིམ་དུ་ཉལ་བ་དང་། དེ་དག་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་། མི་མ་ཡིན་པའི་ཁྱིམ་དུ་སྒོའི་གཏན་པ་ལས་འདས་པའི་འགྲོ་བ་ལ་ནི་ཉེས་བྱས་སོ། །རང་

བཞིན་ཉམས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། མིའི་འགྲོ་བ་པ་ཡིན་ཡང་རང་བཞིན་ཉམས་པ་སྨྱོན་པ་དང་སེམས་འཁྲུགས་པ་དང་། ཚོར་བས་ཉན་པ་རྣམས་ནི་ཐ་སྙད་དུ་བྱ་བའི་ཡན་ལག་མ་ཡིན་ནོ། །གོ་བར་བྱ་བའི་ཕྱིར་ཐ་སྙད་བྱེད་པ་ན་རང་བཞིན་དུ་མི་གནས་པའི་དྲུང་ནས། ཕྲིན་བླངས་ཏེ་ཐ་མལ་པར་

གནས་པ་ལ། ཕྲིན་ཕར་བསྐྱལ་ཞིང་སྨྱོན་པ་ལ། ཕྲིན་ཕྱིར་བསྐྱལ་བ་དང་། སྨྱོན་པའི་དྲུང་ནས་ཕྲིན་བླངས་ཏེ་ཕྲིན་ཕར་བསྐྱལ་ཞིང་སྨྱོན་པ་ལ་ཕྲིན་ཕྱིར་བསྐྱལ་བ་ལ་ནི་སྨྱན་བྱེད་པ་ལ་སྦོམ་པོ་ཞེས་བྱ་བ་ལ་སོགས་པར་སྦྱར་བ་འདི་རྟོགས་པར་བྱའོ། །བླངས་ཏེ་ཐ་མལ་པར་གནས་པ་ལ་སོགས་པས་གནོན་

པ་སོགས་ལ་ནི་རང་བཞིན་དུ་གནས་པ་སྦོམ་པོའོ། །གཞན་ཉིད་ལ་ནི་ཉེས་བྱས་སོ། །གཞི་མེད་པ་དང་བག་ཙམ་གྱིས་སྐུར་པ་འདེབས་པ་ནི་སྨྱོན་པ་ལ་སོགས་པ་འདི་དག་གི་དྲུང་ན་སྦོམ་པོའོ། །མི་སྨྱོན་པ་དག་དང་ལྷན་ཅིག་མངོན་མཚན་ཅན་གྱི་སྤྱོད་པ་དང་ཉོ་ཚོང་བྱས་ཏེ་ཐོབ་པ་དག་ལ་ཉེས་བྱས་སོ། །

དེ་དག་གི་སྐྱོན་ནས་སྨྲ་བ་དང་། དེ་དག་གི་རྩོད་པ་ལ་སྐྱོ་སྔོགས་བྱེད་པ་དང་། རིགས་པའི་སྐྱེས་པ་དེ་རྣམས་དང་ལྷན་ཅིག་བུད་མེད་ལ་ཆོས་སྟོན་པ་དང་། དེ་དག་དང་ཚིག་རེ་རེ་ནས་ཀློག་པ་དང་། མིའི་ཆོས་བླ་མ་བརྗོད་པ་དང་། དེ་རྣམས་དབང་བའི་རྙེད་པའམ་དེ་རྣམས་ཀྱི་རྙེད་པ་ཡོངས་སུ་

Vol. 161 · folio 61b

སྔོ་བར་བྱེད་པ་དང་། སྐུར་པ་འདེབས་པ་དང་། འདིར་བསླབ་པ་ལ་ཁྱད་དུ་གསོད་པ་དང་། འཕྱ་བ་དང་། གཞོགས་འཕྱས་བྱེད་པ་དང་། བསྒོ་བ་བཅག་པ་དང་། སྐྲོད་པ་དང་། དེ་ལྟ་བུའི་དགེ་སློང་མ་རྣམས་ལ་སྟོན་པ་དང་། ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་གཞན་ལ་སྐུར་པ་འདེབས་པ་དང་། གོས་སྦྱིན་

པ་དང་བྱེད་པ་དག་ལས་དེ་ལྟ་བུའི་དགེ་སློང་མ་དག་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་། གྲུར་འཇུག་པ་དང་། དེ་ལྟ་བུའི་བུད་མེད་དང་། དགེ་སློང་མ་དང་དབེན་པ་ན་འདུག་པ་དང་། འདི་རྣམས་ཀྱིས་མགྲོན་དུ་བོས་པ་བདག་གིར་བྱེད་པ་དང་། དེ་ལྟ་བུའི་འདུག་གནས་སུ་ཉི་མ་གཉིས་པར་ཟན་ཟ་བ་དང་།

འདུག་པ་དང་། འགྲེང་བ་དང་དེ་ལྟ་བུ་དག་གིས་དམག་ལ་བལྟ་བ་དང་། བསྙེན་པར་རྫོགས་པ་དང་བཅས་པ་འདི་རྣམས་ལ་ཡང་བསྡིགས་པ་དང་། ཡོ་བྱད་སྦེད་པ་དང་། གཞི་མེད་པར་སྐུར་པ་འདེབས་པ་དང་། ཕྱིར་མ་བླངས་པར་སྤྱོད་པ་དང་། རྐུན་མ་འདི་རྣམས་དང་ལྷན་ཅིག་ལམ་དུ་འགྲོ་བ་ལ་ནི་

ཉེས་བྱས་སོ། །མ་ནིང་དང་མཚན་གཉིས་པ་དག་ནི་དེ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི། དེ་གཉིས་ནི་སྨྱོན་པ་ལ་སོགས་པ་དང་ལྡན་པ་ཉིད་ཡིན་ཏེ། ཇི་ལྟར་སྨྱོན་པ་ལ་སོགས་པ་དག་ལ་ཐ་སྙད་དུ་བྱས་པ་མ་ཡིན་པ་བཞིན་དུ་དེ་དག་ལ་ཡང་ཞེས་བྱ་བའི་དོན་ཏོ། །དེ་གཉིས་ཀྱི་ལུས་ལ་འདི་དག་མ་ཡིན་པ་

ཉིད་ཀྱི་ཕྱིར། སེམས་ལ་ཡང་ཉམས་པ་འདི་དག་རོ་ལྟ་བུའི་ལུས་སུ་ཡིད་ལ་སྣང་ངོ་། །སེམས་ནི་གདོན་གྱིས་བརླམས་པ་དང་འདྲ་བར་མི་མ་ཡིན་པ་ཉིད་ཀྱི་ཡིད་ལ་ངེས་པར་འབྲེལ་རྒྱུ་བར་དཀའ་བ་ནད་པ་མ་ཡིན་པར་གྱུར་པ། སེམས་གྲགས་པས་འགྲོ་བཞིན་པ་མ་ཡིན་ནོ། །དེ་ལྟར་ཡང་རྣམ་པ་འདི་

གང་ཡང་ཡིན་ཏེ། གང་ཟག་འདི་རང་གི་སེམས་ལ་མི་གནས་ཞེས་བྱ་བ་ལ་སོགས་པ་འདི་རྣམས་ནི་འཇིག་རྟེན་པ་རྣམས་ནི་སྣང་བ་ཡིན་ནོ། །ཟ་མ་ནི་དེ་ལྟ་བུ་མ་ཡིན་ཏེ། དེ་བས་ན་འདིར་ཡང་ཆོ་ག་འདི་མེད་པའོ། །མཚན་མེད་པ་ནི་དེ་ལྟ་བུ་ཉིད་མ་ཡིན་པ་སྟེ། མ་ནིང་དེ་ལས་ལྷག་པ་མེད་པས་མ་སྨོས་སོ། །

འགྲོ་བ་མ་ཡིན་པ་ལས་རྣམ་པར་འགྱུར་བ་བསྟན་པའི་དུས་ན་ལྟུང་བའི་བྱེད་པ་པོ་མ་ཡིན་ཏེ། དེའི་ཕྱིར་འདི་ལ་མིའི་འགྲོ་བར་བྱས་པ་རྣམ་པར་འགྱུར་བ་བསྟེན་པའི་དུས་ན། དེ་ཡང་ཐ་སྙད་དུ་བྱར་མི་རུང་བ་ཉིད་ཡིན་ནོ། །བུད་མེད་དང་ལྡན་པའི་ལུས་ཀྱི་རེག་པ་ལ་སོགས་པ་བསླབ་པའི་གཞི་འདི་རྣམས་ལ་མ་ནིང་དང་

Vol. 161 · folio 62a

མཚན་གཉིས་པ་དག་གི་རྣམ་པ་བསྟན་ཏོ། །རྣམ་པ་དེ་ལྟ་བུའི་མཚན་གཞན་དོན་མེད་དོ་ཞེས་བྱ་བ་ནི། མཚན་གཉིས་པ་ལ་དོན་མེད་པའོ། །མ་ནིང་ནི་མ་ནིང་ཕོ་དང་། མ་ནིང་མོ་དང་། སྤྲུལ་བ་ཡང་དེ་བཞིན་ནོ་ཞེས་བསྟན་པ་ཡིན་ཏེ། དེ་ལས་གོས་ལ་སོགས་པ་སློང་བའི་

ཕྱིར་མདོ་འདི་བྱས་སོ། །དེའི་ཕྱིར་དེའི་སྐབས་ཀྱི་དཔེ་བརྗོད་པར་བྱ་སྟེ། ཁྱིམ་བདག་དང་ཆུང་མ་མ་ནིང་དང་མཚན་གཉིས་པ་ལ་གོས་སློང་བ་སྔོན་དུ་འགྲོ་བའམ། རྣམ་པར་རྟོག་པ་སྔོན་དུ་འགྲོ་པས་གོས་རྙེད་ན་ཉེས་བྱས་སོ། །སྦྱིན་བདག་དེ་གཉིས་སམ་ཐ་ག་པ་གཉིས་ལས་རིན་ཐང་སོ་སོ་བ་དང་།

འཐག་ཏུ་འཇུག་པ་དང་། འཐག་པ་སྐྱེད་པ་དང་། མ་ནིང་མོ་དང་། མ་ནིང་ཕོ་དང་། གླེ་འདམས་པ་དང་མཚན་གཉིས་པ་ཉལ་པོ་བྱེད་པར་ཤམ་པའི་ཁྱིམ་ན་འདུག་པ་དང་། འགྲེང་བ་དང་། དེ་དག་ལ་བརྡེག་པ་དང་། གཟས་པ་དང་། མ་ནིང་ཕོ་དང་། མ་ནིང་མོ་དང་། མཚན་གཉིས་པ་དང་ལྷན་ཅིག་

ཉལ་བ་དང་། འདིར་མ་ནིང་ཕོ་དང་མ་ནིང་མོ་གླེ་འདམས་པ་དང་། མཚན་གཉིས་པ་དང་ལྷན་ཅིག་ལམ་དུ་འགྲོ་བ་ལ་ཉེས་བྱས་སོ། །རེག་པ་ནི་ཐ་དད་དང་འདྲའོ་ཞེས་བྱ་བ་ནི་གསོང་པོར་སྨྲ་བར་གྱུར་པས་སྨྲ་བ་དང་། ཀུན་སྤྱོད་བསྔགས་པར་གྱུར་པ་ནི་གོ་བར་གྱུར་པ་ཡིན། ཉལ་པོ་བྱེད་པར་ཤམ་པའི་ཁྱིམ་ན་

འདུག་པ་དང་། སློང་བ་དང་། དགའ་བར་བྱེད་པ་དང་། ལད་མོ་བྱེད་པ་དང་། དགའ་བའི་རིམ་པ་འདི་གང་ཡིན་པ་དེར་འདི་མེད་པ་སྟེ་དེའི་ཕྱིར་མདོ་འདི་བྱས་སོ། །མི་མ་ཡིན་པ་མཐུ་མེད་པ་ལ་རེག་པ་དང་། སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་ཉེན་པ་ལ་རེག་པ་ལ་ཞེས་བྱ་བ་འདི་

བསྟེན་པའོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་དང་། མ་སྐྱེས་པ་དང་ཉམས་པ་དག་ནི་ཕྱེད་ཉིད་ཁྱིམ་པའོ་ཞེས་བྱ་བ་ནི་མ་སྐྱེས་པ་དང་བྲལ་བ་དང་། ཉམས་པ་དག་གི་ཕྱེད་ཉིད་ཁྱིམ་པའོ་ཞེས་བྱ་བ་ནི་མ་སྐྱེས་པ་དང་། སྐྱེ་བ་མ་བྲལ་བ་དང་། ཉམས་པ་འདི་པའི་རྟགས་ཅན་ཁྱིམ་པའོ་ཞེས་བྱ་བ་སྨོས་པས་

རབ་ཏུ་འབྱུང་བ་ལྟུང་བ་མེད་པར་བྱས་པ་ཉིད་དེ་འདི་རྣམས་ལ་ནི་དེ་མ་ཐག་པའི་ཚིག་བྱས་པ་ཉིད་བྱ་བའི་དོན་ཏོ། །མུ་སྟེགས་ཅན་གྱི་དགེ་སློང་ལས་ཆོས་གོས་དང་ལྷུང་བཟེད་བླངས་ཏེ་ཐོབ་པ་དང་། རིན་ཐང་དང་། སོ་སོ་བ་དང་། བསྐུར་བ་དང་། སྦྱིན་བདག་དང་། ཕོ་ཉ་དང་། ཞལ་ལྟ་བ་གང་ཡང་རུང་བ་

Vol. 161 · folio 62b

གཅིག་གམ་དུ་མ་ཕྱི་རོལ་པའི་རྟགས་ཅན་རབ་ཏུ་བྱུང་བ་ཉིད་དང་། དེ་བྱེད་པའི་ཁྱིམ་དུ་བསོད་སྙོམས་གཉིས་པ་ཟ་བ་དང་། སྔོན་ལྟུང་བ་བྱུང་བ་དང་། དང་པོ་འཁྲུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། མ་ནིང་དང་། དགེ་སློང་མ་སུན་ཕྱུང་བ་རྣམས་དང་། ལྷན་ཅིག་མངོན་མཚན་ཅན་གྱི་སྤྱོད་པ་དང་། ཉོ་ཚོང་བྱས་

ཏེ་སྙོམས་པར་ཐོབ་པ་ལ་ཡང་ཉེས་བྱས་སོ། །ཕྱི་རོལ་པའི་རབ་ཏུ་བྱུང་བ་ལས་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་བླངས་ཏེ་ཟོས་པ་ལ་ཡང་ཉེས་བྱས་སོ། །དེ་རྣམས་དང་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་ན་འདུག་པ་དང་འགྲེང་བ་ལ་ཡང་ཉེས་བྱས་སོ། །དགེ་སློང་དང་དགེ་སློང་མ་བསྙེན་པར་རྫོགས་

པ་ཅན་མ་ཉམས་པ་ཉིད་ནི་བསླབ་པ་དག་ལ་ཡན་ལག་ཡིན་ནོ་ཞེས་བྱ་བ་ནི། ཆོས་གཞན་པའི་རབ་ཏུ་བྱུང་བ་ཉིད་ཀྱང་མ་ཡིན་ལ་དགེ་ཚུལ་ལ་སོགས་པ་ཉིད་ཀྱང་མ་ཡིན་པ་ནི་བསླབ་པ་རྣམས་ལ་ཡན་ལག་སྟེ། མ་སྐྱེས་པ་དང་མ་བླངས་པ་དང་ཉམས་པ་བསྙེན་པར་རྫོགས་པའི་རྟགས་ཅན་ཉིད་ཀྱང་མ་ཡིན།

དེའི་དགེ་སློང་མ་སུན་ཕྱུང་བ་དང་། སྔོན་བསྙེན་པར་རྫོགས་ནས་ཕམ་པར་གྱུར་པ་བྱུང་བ་ཉིད་ཀྱང་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ལ་གཞི་མེད་པ་དང་། བག་ཙམ་དག་གིས་སྐུར་པ་འདེབས་པ་ལ་ནི་སྦོམ་པོའོ། །དང་པོ་འཁྲུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། མི་མ་ཡིན་པ་དང་།

ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤ་ཟ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་དང་། ཡི་དགས་ལ་སོགས་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་རྣམས་དང་། འདི་ལས་ཕྱི་རོལ་པའི་དགེ་སློང་རྣམས་དང་། འདི་པའི་དགེ་སློང་མ་དང་། དགེ་ཚུལ་དང་། དགེ་ཚུལ་མ་རྣམས་

ལ་གཞི་མེད་པ་དང་། བག་ཙམ་གྱིས་སྐུར་པ་འདེབས་པ་ལ་ཡང་སྦོམ་པོ་ཁོ་ནའོ། །སྔོན་ལྟུང་བ་བྱུང་བའི་དགེ་སློང་མས་གོས་རྙིང་པ་འཁྲུ་བ་ལ་སོགས་པ་དང་། སྔོན་རབ་ཏུ་བྱུང་བ་མོ་དང་། དང་པོ་འཁྲུགས་པ་མོ་དང་། དགེ་སློང་སུན་ཕྱུང་བ་མོ་དང་། མི་མ་ཡིན་པ་མོ་རབ་ཏུ་བྱུང་ཞིང་བསྙེན་པར་

རྫོགས་པ་དང་། དགེ་སློང་མ་དང་། དགེ་ཚུལ་མ་དང་། ཀུན་དུ་རྒྱུ་མོ་ལ་སོགས་པ་འདི་ལས་ཕྱི་རོལ་པའི་དགེ་སྦྱོང་མོ་ལ་སོ་སོར་ལེན་པ་དང་། དེ་ལས་རྣམ་པར་རྟོག་པ་ཐོབ་པ་ལ་ཉེས་བྱས་སོ། །སྔོན་ལྟུང་བ་བྱུང་བ་དང་། དང་པོ་འཁྲུགས་པ་དང་། རྐུ་ཐབས་སུ་གནས་པ་དང་། མ་ནིང་དང་།

Vol. 161 · folio 63a

དགེ་སློང་མ་སུན་ཕྱུང་བ་རྣམས་ལས་བྱིན་ཕྲོགས་བྱེད་པ་དང་། དེ་དག་གི་སྐྱོན་ནས་སྨྲ་བ་དང་། དེ་དག་ལས་ཕྲ་མ་བྱེད་པ་དང་། དེ་དག་གི་རྩོད་པ་ལ་སྐྱོ་སྔོགས་བྱེད་པ་དང་འདི་ལ་རང་གི་ཕྱོགས་ལ་བསྙེན་པར་རྫོགས་པ་ཉིད་ཡོད་པ་ལ་ཡང་དེའི་གནས་ངན་ལེན་པ་དང་། སྔོན་ལྟུང་བ་

བྱུང་བ་དང་། དགེ་སློང་མ་སུན་ཕྱུང་བ་དག་གི་དྲུང་དུ་འདི་དང་ཕྱི་མའི་མིའི་ཆོས་བླ་མ་བརྗོད་པ་དང་། དགེ་འདུན་དེ་དང་འབྲེལ་པ་ཉིད་དང་། འདི་རྣམས་སྐུར་པ་ཐོབ་པར་བྱེད་པ་ཉིད་ཀྱིས་སྐུར་པ་འདེབས་པ་དང་། དེ་རྣམས་ལ་དེའི་བསླབ་པ་ལ་ཁྱད་དུ་གསོད་པ་དང་། དེ་དག་ལ་འཕྱ་བ་འམ་གཞོགས་

འཕྱས་བྱེད་པ་དང་། དེ་དག་གི་རྩོད་པ་ལ་སྐྱོ་སྔོགས་བྱེད་པ་དང་། དེ་དག་གི་གཙུག་ལག་ཁང་དུ་གནས་མལ་མ་བརྟུལ་བར་འགྲོ་བ་དང་། བཏིང་བ་མ་དོར་བར་འགྲོ་བ་དང་། དེ་དག་གི་གཙུག་ལག་ཁང་དུ་དེ་དག་ལ་ཕྱིས་གནོད་པ་བྱེད་པ་དང་། དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་མ་ཉམས་པ་ལ་

ཕྱིས་གནོད་པར་བྱེད་པ་དང་། དེ་དག་གི་གཙུག་ལག་ཁང་ནས་དགེ་སློང་མ་ཉམས་པ་སྐྲོད་པ་དང་། དེ་དག་གི་གཙུག་ལག་ཁང་ནས་ཁྲིའུ་རྩ་བ་འབྱུང་བ་ལ་འདུག་པ་ཡང་ཉེས་བྱས་སོ། །སྔོན་ལྟུང་བ་བྱུང་བ་མོ་དང་། དང་པོ་འཁྲུགས་པ་མོ་དང་། རྐུ་ཐབས་སུ་གནས་པ་མོ་དང་། དགེ་སློང་སུན་ཕྱུང་

བ་མོ་དང་། འགྲོ་བ་གཞན་དུ་གཏོགས་པའི་དགེ་སློང་མ་ལ་མ་བསྐོས་པར་སྟོན་པ་དང་། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང་། དགེ་སློང་མ་དང་། དགེ་ཚུལ་མ་དང་། སྔོན་ལྟུང་བ་བྱུང་བའི་དགེ་སློང་རྣམས་ལ་གོས་བྱིན་པ་དང་། དེ་དག་གི་གོས་བྱེད་པ་དང་། དེ་རྣམས་དང་ལྷན་

ཅིག་ལམ་དུ་གྲུར་འགྲོ་བ་དང་། དབེན་པ་ན་འདུག་པ་དང་འགྲེང་བ་དང་། དེ་དག་གིས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང་། དེ་དག་ལ་བརྡེག་པ་དང་། གཟས་པ་དང་། གནས་ངན་ལེན་འཆབ་པ་དང་། ཟན་གཅོད་དུ་བཅུག་པ་དང་། དེ་རྣམས་ལས་འདུན་པ་ཕྱིར་བསྒྱུར་བ་དང་། འགྱོད་པ་བསྐྱེད་པ་དང་།

ག་ག་ཚིལ་བྱེད་པ་དང་། སྔངས་པར་བྱེད་པ་ཡང་ཉེས་བྱས་སོ། །ཡོ་བྱད་སྦེད་པ་ནི་ཆོས་འདི་པའི་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་མ་གཏོགས་པའི་གཞན་ཐམས་ཅད་ཀྱི་སྦེད་པ་ལ་ཉེས་བྱས་སོ། །ཆོས་འདི་པའི་སྦེད་པ་ལ་ནི་ལྟུང་བྱེད་དོ། །དེ་དག་ལས་ནི་བྱིན་ཕྲོགས་བྱེད་པ་དང་། གཞི་མེད་པར་

Vol. 161 · folio 63b

སྐུར་པ་འདེབས་པ་དང་། བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་ལ་ཉེས་བྱས་སོ། །དགེ་ཚུལ་དང་། དགེ་ཚུལ་མ་དང་། དགེ་སློང་མ་རྩོད་པའམ། དེ་དག་དང་དགེ་སློང་དག་རྩོད་པ་ལ་ཉན་རྣ་བྱེད་པ་ལ་ཡང་ཉེས་བྱས་སོ། །མི་མ་ཡིན་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དང་། རྩོད་པ་ལ་ཉན་རྣ་བྱེད་པ་ལ་ཡང་

ཉེས་བྱས་སོ། །དགེ་ཚུལ་དང་། དགེ་ཚུལ་མ་དང་། མ་ནིང་མོ་དང་། རྐུ་ཐབས་སུ་གནས་པ་མོ་དང་དང་པོ་འཁྲུགས་པ་མོ་དང་དེའི་དོན་དུ་སྨྲ་བ་ནས་བླངས་ཏེ། འཆོས་སམ་ཟོས་ན་ཡང་ཉེས་བྱས་སོ། །མཚན་དང་ཁས་བླངས་པ་དག་གིས་ནི་རང་གི་ཕྱོགས་ཉིད་ཀྱི་ཁོངས་སུ་གཏོགས་སོ་ཞེས་བྱ་བ་ནི། ཕོ་

དང་མོའི་མཚན་དང་ལྟ་བ་མཉམ་པ་ཁས་བླངས་པ་དང་མ་བླངས་པ་དག་གི་རང་གི་ཕྱོགས་ཀྱི་ཁོངས་སུ་གཏོགས་པའི་བསྙེན་པར་རྫོགས་པ་གང་ཡིན་པ་ལ་བརྟེན་པའི་ཁ་ན་མ་ཐོ་བའི་བར་གྱུར་པར་རིག་པར་བྱའོ། །ཇི་ལྟར་རང་གི་ཕྱོགས་ལས་ལོག་པར་བསྒྲུབ་པ་སྨད་པ་ཉིད་ཡིན་པ་དེ་ལྟར་གཞན་ལ་ལོག་པར་བསྒྲུབ་པ་ནི་

སྨད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རྣམ་པ་དེ་ལས་འདི་ལྟར་ཤེས་སོ། །དེ་ལྟར་དགེ་སློང་མ་རྣམས་ལ་ཡང་ཐམས་ཅད་རྣམ་པ་འདི་བཞིན་དུ་རིག་པར་བྱའོ། །འདིར་དཔེ་རྣམས་བརྗོད་པར་བྱ་སྟེ། ཁས་བླངས་པས་ཁས་མ་བླངས་པ་ལ་གོས་བྱིན་ནས་ཕྲོགས་པ་དང་། ཁས་མ་བླངས་པས་ཁས་མ་བླངས་པ་

ལ་གོས་བྱིན་ནས་ཕྲོགས་པ་དང་། དགེ་སློང་མ་དང་དགེ་སློབ་མ་དག་ལ་སྐྱོན་ནས་བརྗོད་པ་དང་། དེ་གཉིས་ལ་ཕྲ་མ་བྱས་པ་དང་། སྐྱོ་སྔོགས་བྱས་པ་དང་། སྨྲ་བ་དང་། དེ་དག་གི་གནས་ངན་ལེན་བརྗོད་པ་དང་། དགེ་སློང་མའི་དགེ་འདུན་དབང་བའི་རྙེད་པ་དགེ་སློང་མས་བཤེས་ངོར་བྱས་ཏེ་གཞན་དུ་བསྒྱུར་རོ་ཞེས་

སྐུར་པ་འདེབས་ན་ཉེས་བྱས་སོ། །དེ་རྣམས་ཀྱི་བསླབ་པ་ལ་ཁྱད་དུ་གསོད་པ་དང་། དགེ་སློང་མའི་དགེ་འདུན་གྱི་གཙུག་ལག་ཁང་གི་གནས་མལ་མ་བརྟུལ་བར་འགྲོ་བ་དང་། དགེ་སློང་མའི་གཙུག་ལག་ཁང་དུ་ཕྱིས་གནོན་བྱེད་པ་དང་། དེ་ནས་སྐྲོད་པ་དང་། དེར་རྩ་བ་འབྱུང་བ་ལ་འདུག་པ་དང་། ཁས་

བླངས་པས་ཁས་མ་བླངས་པའི་དགེ་སློང་མ་རྣམས་ལ་མ་བསྐོས་པར་སྟོན་པ་དང་། གོས་བྱིན་པ་དང་། གོས་བྱིན་པ་གཉིས་དང་། ཁས་མ་བླངས་པས་ཁས་བླངས་པའི་དགེ་སློང་མ་རྣམས་ལ་མ་བསྐོས་པར་སྟོན་པ་དང་། གོས་སྦྱིན་པ་དང་། གོས་བྱེད་པ་དག་པ་དང་། ཁས་མ་བླངས་པས་ཁས་བླངས་

Vol. 161 · folio 64a

པ་ལ་ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང་། ཁས་མ་བླངས་པས་ཁས་མ་བླངས་པ་ལ་ཁས་བླངས་པ་མོ་དང་ལྷན་ཅིག་ལམ་དང་གྲུར་འགྲོ་བ་དང་། ཁས་བླངས་པས་ཁས་མ་བླངས་པ་མོ་དང་ཁས་བླངས་པ་མོས་སྦྱོར་དུ་བཅུག་པ་ཟ་བ་དང་། ཁས་མ་བླངས་པས་སྦྱོར་

དུ་བཅུག་པ་ཟ་པ་དང་། ཁས་མ་བླངས་པས་ཁས་བླངས་པའི་ཁྱིམ་ནས་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པ་དང་། ཁས་བླངས་པས་ཁས་མ་བླངས་པའི་ཁྱིམ་ནས་ལྷུང་བཟེད་དོ་གསུམ་ཙམ་ལས་ལྷག་པར་ལེན་པ་དག་ནི་ཉེས་བྱས་སོ། །བྱིན་ལེན་ནི་རྣམ་པ་ཐམས་ཅད་དུ་རང་གི་ཕྱོགས་ཀྱི་

ཁོངས་སུ་གཏོགས་པ་མ་ཡིན་པས་བྱས་ན་མ་བྱས་པ་ཉིད་དོ། །ཁས་མ་བླངས་པས་ཁས་བླངས་པའི་ཟས་བསོད་པ་བླངས་པ་ཟོས་པ་དང་། ཁས་མ་བླངས་པའི་ཟས་བསོད་པ་ཁས་བླངས་པས་ཟོས་པ་དང་། དགེ་སློང་མ་དང་། བསླབ་པ་བྱིན་པ་མོ་ལ་བརྡེག་པ་དང་། གཟས་པ་དག་དང་། དེ་གཉིས་

ཀྱི་གནས་ངན་ལེན་བཅས་པ་དང་། ཁས་བླངས་པས་ཁས་མ་བླངས་པ་ལ་འདུན་པ་བྱིན་ནས་ཁས་བླངས་པས་ཁས་མ་བླངས་པ་ལ་ཕྱིར་བསྒྱུར་བ་དང་། ཁས་མ་བླངས་པས་ཁས་བླངས་པ་ལ་དགེ་སློང་མ་དང་བསླབ་པ་མོ་ལ་འགྱོད་པ་བསྐྱེད་པ་དང་སྔངས་པར་བྱེད་པ་དང་། སྐུར་པ་འདེབས་པ་དག་དང་།

ཁས་བླངས་པས་ཁས་མ་བླངས་པའི་ཡོ་བྱད་སྦེད་པ་དང་། བྱིན་ཕྲོགས་བྱེད་པ་དང་། ཁས་མ་བླངས་པས་ཁས་བླངས་པའི་ཡོ་བྱད་སྦེད་པ་དང་། བྱིན་ཕྲོགས་བྱེད་པ་དང་། ཁས་བླངས་པས་ཁས་མ་བླངས་པའི་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་དང་། ཁས་མ་བླངས་པས་བླངས་པ་ལ་ཉེ་བར་འཇོག་

པ་སྤོང་བ་དང་། དགེ་སློང་མ་དང་ལྷན་ཅིག་དགེ་སློང་རྩོད་པ་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་ཐུན་མོང་མ་ཡིན་པ་སྟོན་པ་ལ་ཁོ་བོ་འདི་ལ་མི་སློབ་བོ་ཞེས་ཟེར་བ་དག་ཀྱང་ཉེས་བྱས་སོ། །འདིར་གཏོགས་པ་ལ་ཁྱིམ་པ་ལ་ནི་རྟགས་ཅན་ཉིད་ཀྱིས་ན་སྨད་དོ་ཞེས་བྱ་བ་ནི། དགེ་སློང་དང་། དགེ་སློང་

མ་ཉིད་ཀྱི་རྒྱུ་མཚན་གྱི་ཁ་ན་མ་ཐོ་བ་འདིར་གཏོགས་པ་ལ་ཁྱིམ་པ་རབ་ཏུ་མ་བྱུང་བའི་གང་ཟག་གི་རྟགས་ཅན་ནི་ན་སྨད་པར་ཡོངས་སུ་མ་རྫོགས་པ་ཉིད་དོ། །ཇི་ལྟར་འདིར་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་ན་སྨད་པ་བཞིན་དུ་ཕྱི་རོལ་པའི་རབ་ཏུ་བྱུང་བའི་རྒྱུ་མཚན་ལས་ན་སྨད་པ་དེ་བས་ཀྱང་ཁྱིམ་པ་ལ་ཆེས་ན་སྨད་པར་

Vol. 161 · folio 64b

ཤེས་པར་བྱ་ཞེས་བྱ་བའི་དོན་ཏོ། །གཞི་མེད་པ་དང་བག་ཙམ་དག་གིས་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །ཁྱིམ་པར་གྱུར་པའི་སྐྱེས་པ་དང་བུད་མེད་ལ་སྐུར་བ་བཏབ་པ་མ་ཡིན་པ་ཞེས་བྱ་བ་འདིས་འཇུག་པ་ཀུན་ནས་ཐོབ་པའི་དོན་དུ་མདོ་འདི་བྱས་སོ། །མི་མ་ཡིན་པ་རྟགས་ཅན་མ་ཡིན་པ་ལ་སྐྱོན་ནས་སྨྲས་པ་དང་ཕྲ་

མ་བྱས་པ་ལ་ནི་ཉེས་བྱས་ཕྲ་མོའོ། །མི་མ་ཡིན་པའི་ཁྱིམ་པ་རྣམས་ལ་འཕྱ་བ་དང་། ཁྱིམ་པའི་གནས་མལ་མ་བརྟུལ་བར་འགྲོ་བ་དང་། གང་ཟག་ལ་ནི་གང་ཞིག་ཉེས་བྱས་སུ་བྱས་པ་དེའི་བསོད་ནམས་མ་ཡིན་པར་རིག་པར་བྱའོ། །མི་མ་ཡིན་པ་ཁྱིམ་པ་རྣམས་སྐྲོད་པ་དང་། དེ་རྣམས་ལ་བརྡེག་

པ་དང་། གཟས་པ་དག་དང་། ཁྱིམ་པ་གཞན་གཉིས་ཀ་ལ་ཡང་སྦྱོར་དུ་བཅུག་པ་ཟ་བ་དང་། དེ་དག་ལ་འགྱོད་པ་སྐྱེད་པ་དང་། ག་ག་ཚིལ་བྱེད་པ་དང་སྐུར་པ་འདེབས་པ་ཡང་ཉེས་བྱས་ཕྲ་མོའོ། །འདིར་མི་མ་ཡིན་པ་དག་དང་ལྷན་ཅིག་པའི་དཔེ་དག་ལ་རྒྱུ་གཉིས་ཀྱིས་ན་སྨད་པར་ཤེས་པར་བྱ་སྟེ།

ཁྱིམ་པ་ཉིད་ཡིན་པའི་ཕྱིར་དང་མི་མ་ཡིན་པ་ཉིད་ཡིན་པའི་ཕྱིར་རོ། །རབ་ཏུ་བྱུང་བའི་རྫས་དག་ལ་ནི་རུང་བ་ཉིད་དང་ཚད་དང་ལྡན་པ་ལ་སོགས་པ་ཉིད་དོ་ཞེས་བྱ་བ་ནི། གཉིས་པོ་འདི་དག་ནི་དེ་རྣམས་ཀྱི་ཡན་ལག་གོ། །སོགས་པའི་སྒྲས་ནི་མ་ཆོག་པ་ལ་ན་སྨད་པའི་བྱེད་པ་པོ་ཉིད་ཡིན་གྱི། ལྷག་པ་ལ་ནི་མ་

ཡིན་ཞེས་བྱ་བའི་དོན་ཏོ། །འདིར་ཚད་ལས་ལྷག་པ་ཡན་ལག་ཡིན་པའི་གཞུང་ནི། སྲིན་བལ་གྱི་སྟན་གྱི་སྐབས་ནས་བདེ་བར་གཤེགས་པའི་གདན་དང་ཚད་བགྱིད་ན་ལྟུང་བ་ཅིར་འགྱུར། སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །འདིར་དགེ་ཚུལ་ལ་སོགས་པ་དབང་བའི་རྫས་རྣམས་ལ་

ཡང་ཡོ་བྱད་སྦེད་པ་དང་། གོས་འདྲ་བ་ལ་སོགས་པ་ལ་ཆོ་ག་འདི་གཞུག་པའི་དོན་དུ་རབ་ཏུ་བྱུང་བའི་རྫས་དག་ལ་ཞེས་སྨོས་སོ། །བསྙེན་པར་རྫོགས་པའི་ཞེས་མ་སྨོས་སོ། །ཆོས་གོས་གང་ཞིག་ཚད་ལས་ཆུང་བ་དང་། རུང་བ་མ་ཡིན་པ་ཉིད་ཀྱི་བ་གླང་དང་རྔ་མོ་ལས་བྱུང་བ་དང་། རི་དགས་ཀྱི་

སྤུ་དང་ཨ་ར་ཀའི་ཤིང་བལ་གྱི་རང་བཞིན་ཉིད་ཀྱིས་དེ་དང་འདྲེས་པ་འདི་དག་ལས་གཞན་པ་གཉིས་སམ་གང་ཡང་རུང་བས་མི་རུང་བ་བྱིན་གྱིས་བརླབ་པ་དེ་བགོས་པ་ལ་ནི་ཉེས་བྱས་སོ། །ཞག་བཅུ་ལས་ལྷག་པར་འཆང་བ་དང་རྙིང་པ་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ཁྲུར་བཅོལ་བ་དང་། དགེ་སློང་མ་ཉེ་དུ་མ་ཡིན་པ་

Vol. 161 · folio 65a

ལས་བླངས་པ་དང་། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལས་བླངས་པ་དང་། བ་གླང་གི་སྤུ་དང་གསོ་མ་ལ་སོགས་པ་དང་བསྲེས་པའི་སྲིན་བལ་དང་། ལུག་གི་བལ་ནག་པོ་ཤས་ཆེ་བའི་སྟན་བྱེད་པ་དང་། ཐ་ག་པས་མ་བཏགས་པའི་གོས་དང་འདྲེས་བའི་སྟན་བྱེད་པ་ལ་མ་

ཆོག་པ་ཉིད་ལས་ཀྱང་ན་སྨད་པར་རིག་པར་བྱའོ། །ཁྲུས་བྱེད་པ་ལ་སོགས་པ་ལ་བ་གླང་གི་སྤུ་དང་གསོ་མ་ལ་སོགས་པ་དང་བསྲེས་པའི་ལུག་གི་བལ་རྣམས་དང་། ལྷུང་བཟེད་ཁ་མ་བསྒྱུར་བ་དཀར་པོ་དག་ཞག་བཅུ་ལས་ལྷག་པར་འཆང་བ་དང་། འཁྲུ་བ་ལ་རུང་བ་དང་། རུང་བ་མ་ཡིན་པ་འདི་དཔེ་བསྟན་པ་ལ་

ཡང་ལྟུང་བྱེད་འབའ་ཞིག་ཏུ་མ་ཟད་ཀྱི། སྦྱིན་པར་བྱེད་པ་ལ་ཉེས་བྱས་སོ། །བརྟད་པ་ལས་བྱུང་བ་ཞག་བཅུ་ལས་ལྷག་པར་འཇོག་པ་དང་། དབྱར་གྱི་རས་ཆེན་རུང་བ་མ་ཡིན་པ་དུས་ལས་སྔར་ཚོལ་བ་དང་། དུས་ལས་ཡོལ་བར་འཇོག་པ་དང་། གནས་མལ་མ་གུས་པར་འགྲོ་བ་དང་། ཁྲི་དང་ཁྲིའུ་

རུང་བ་མ་ཡིན་པའི་རུང་བ་ཁྲིའུ་རྐང་པ་སོར་བརྒྱད་ལས་ལྷག་པར་བྱེད་པ་དང་། དེ་བཞིན་དུ་རིན་པོ་ཆེའི་ཁྲིའམ་ཁྲིའུ་བྱེད་པ་དང་། ཟས་རུང་བ་མ་ཡིན་པ་གསོག་འཇོག་བྱས་པ་དང་། བཟའ་བ་དང་བཅའ་བ་རུང་བ་མ་ཡིན་པ་གཅེར་བུ་དང་། གཅེར་བུ་མ་ལ་སྦྱིན་པ་དང་། སྦྱིན་དུ་འཇུག་པ་པོ་

འབའ་ཞིག་ལ་མ་ཟད་ཀྱི་སྦྱིན་པར་བྱེད་པ་ལ་ཡང་ཉེས་བྱས་སོ། །གོས་རུང་བ་མ་ཡིན་པ་དང་། ཆུང་བ་ཁ་མ་བསྒྱུར་བར་གྱོན་པ་ལ་ཡང་ཉེས་བྱས་སོ། །ལྷུང་བཟེད་རིན་པོ་ཆེ་ལས་བྱས་པ་དང་། ལྷུང་བཟེད་ཆུང་བ་དང་། ཆུང་བ་རུང་བ་མ་ཡིན་པའི་ཆོས་གོས་དང་རིན་པོ་ཆེ་ལ་སོགས་པ་ལས་བྱས་

པའི་ཁབ་རལ་ལ་སོགས་པ་བྱེད་པ་དང་། ཡོ་བྱད་རུང་བ་མ་ཡིན་པ་སྦེད་པ་དང་། ནོར་བུ་དང་། བ་སོ་དང་། རིན་པོ་ཆེ་ལས་བྱས་པའི་ཁྲི་རྐང་ཚད་ལས་ལྷག་པར་བྱེད་པ་དང་། རིན་པོ་ཆེ་ལ་སོགས་པ་རུང་བ་མ་ཡིན་པ་ལས་བྱས་པའི་ཁྲི་དང་ཁྲིའུ་ལ་ཤིང་བལ་གྱིས་གོས་པར་བྱེད་པ་དང་། གོས་

རུང་བ་མ་ཡིན་པ་དང་། ཨརྐའི་ཤིང་བལ་དང་། རྔ་མོའི་བལ་ལ་སོགས་པ་རུང་བ་མ་ཡིན་པའི་སྟན་ལ་སོགས་པ་བྱེད་པ་ལ་ཡང་ཉེས་བྱས་སོ། །གོས་རུང་བ་མ་ཡིན་པ་ཚད་ལས་ཆུང་བ་ཞག་བཅུ་ལས་ལྷག་པར་འཆང་བ་དང་། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལས་ལེན་པ་དང་།

Vol. 161 · folio 65b

ལྷུང་བཟེད་གཅིག་སློང་བ་དང་། གོས་གཅིག་འཁྲུར་འཇུག་པ་ལ་ཡང་ཉེས་བྱས་སོ། །གཞན་གྱི་དོན་དུ་བྱིན་ཕྲོགས་བྱེད་པ་དང་། བརྟད་པ་ལས་བྱུང་བ་ཞག་བཅུ་ལས་ལྷག་པར་འཇོག་པ་དང་། དབྱར་ཀྱི་རས་ཆེན་ཆུང་ངུ་སྔར་ཚོལ་བ་དང་། ཕྱིས་འཆང་བ་དང་། གཉིས་ཀ་ལས་གཅིག་ལེན་

པ་ལ་ཡང་ཉེས་བྱས་སོ། །རང་གི་དོན་དེ་ཉིད་གཙོ་ཆེར་ཡོད་པའོ་ཞེས་བྱ་བ་ནི། རང་གི་དོན་དེ་ཉིད་གཙོ་ཆེར་ཡོད་པ་དེ་ནི་དེ་ཉིད་གཙོ་ཆེར་ཡོད་པ་དེ་ལ་རང་གི་དོན་ཉིད་ཡན་ལག་སྟེ། གང་གི་ཕྱིར་བསྒྲུབ་པར་གྱུར་པ་ཡོངས་སུ་རྫོགས་པའི་དོན་འདི་ཡིན། དེ་ཡོངས་སུ་རྫོགས་པ་ལས་ཀྱང་དངོས་

གཞི་དང་མཐའ་གནས་པར་རྣམ་པར་གཞག་པའོ། །འདིར་དཔེ་བརྗོད་པར་བྱ་སྟེ། གཞན་གྱི་དོན་དུ་སྤྲོད་པ་ལས་བྱུང་བ་འཁྲིག་པ་དང་ལྡན་པ་སྨྲ་བ་དང་། ཀུན་སྤྱོད་བསྔགས་པ་དག་ནི་སྦོམ་པོའོ། །འཁྲུར་འཇུག་པ་ལ་སོགས་པ་དག་ལ་ནི་ཉེས་བྱས་སོ། །གོས་དང་བལ་རྣམས་ལ་དགེ་འདུན་གྱི་

དོན་དུ་བྱེད་དུ་འཇུག་པ་ཡང་གཞན་གྱི་དོན་ཁོ་ན་ཡིན་ཏེ། རང་དང་གཞན་གཉིས་ཀའི་དོན་དུ་དགེ་སློང་གཞན་གཅིག་གམ་དུ་མའི་དོན་དུ་ཉེ་བར་འདུ་བྱས་པའི་གོས་ལ་ནི་ཉེས་བྱས་སོ། །དེའི་འོག་ཏུ་ཡོ་བྱད་གང་རྣམས་ལ་རྣམ་པར་རྟོག་པས་ཐོབ་པ་ལ་ཡང་ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་དང་དགེ་

སློབ་མ་དང་། དགེ་ཚུལ་དང་དགེ་ཚུལ་མ་དང་། དགེ་སྦྱོང་དང་བྲམ་ཟེ་གཞན་དག་དང་། སྔོན་ལྟུང་བ་བྱུང་བ་ལ་སོགས་པ་དག་གི་དོན་དུ་བྱེད་དུ་བཅུག་པ་ལ་ཡང་ངོ་། །དགེ་སློང་གཞན་གཅིག་གམ་དུ་མའི་དོན་དུ་སྲིན་བལ་དང་བལ་ནག་པོ་འབའ་ཞིག་དང་ཆ་གཉིས་ལས་ལྷག་པར་སྟན་བྱེད་

དུ་འཇུག་པ་ལ་ཡང་ཉེས་བྱས་སོ། །གཞན་གྱི་དོན་དུ་ལྷུང་བཟེད་ལྷག་པར་ཚོལ་བ་དང་། འཐག་ཏུ་འཇུག་པ་དང་འཐག་པ་སྐྱེད་པ་དང་། ཁབ་རལ་བྱེད་དུ་འཇུག་པ་དང་། ཤིང་བལ་གྱིས་གོས་པར་བྱེད་དུ་འཇུག་པ་ལ་སོགས་པ་ལ་ཡང་ཉེས་བྱས་སོ། །དགེ་སློང་མ་ལ་དེས་སྨྲས་པ་

ལས་ལེན་པ་ལ་ཡང་ཉེས་བྱས་སོ། །རྣམ་པར་རིག་བྱེད་ལ་ནི་དོན་གོ་བའོ་ཞེས་བྱ་བ་ནི། གང་གི་རྣམ་པར་རིག་བྱེད་ཀྱིས་སྨྲས་པ་དང་། གཞན་གྱིས་གོ་བ་ཉིད་ནི་ཡན་ལག་སྟེ། དེའི་འབྲས་བུ་ཉིད་ཀྱི་ཕྱིར་སྙོམས་པར་ཞུགས་པ་ལ་འཁྲིག་པ་དང་ལྡན་པར་སྨྲ་བ་དང་། ཀུན་དུ་སྤྱོད་པ་

Vol. 161 · folio 66a

བསྔགས་པ་དག་ལ་སྦོམ་པོའོ། །འདིར་གཞུང་ནི། གཅིག་ལས་འགོག་པ་ལ་སྙོམས་པར་འཇུག་པའི་དགེ་སློང་མ་ལ་སྨྲ་བར་བྱེད་ན་ཞེས་གསུངས་པ་ཡིན་ནོ། །གཞན་ལས་ནམ་སྙོམས་པར་འཇུག་པའི་དགེ་སློང་མ་ལ་ཞེས་བྱ་བའི་དཔེས་སྙོམས་པར་འཇུག་པའི་གཞུང་སྔ་མ་

གང་ལས་སྒྲ་བྱེད་པ་ལ་སོགས་པས་ལྡང་བར་མི་ནུས་པ་ཉིད་དུ་གྱུར་པ་དང་། སྙོམས་པར་ཞུགས་པ་ལ་ཡང་རིགས་པ་ཡིན་ཏེ། དེ་བས་ན་གཉིས་ཀས་བསྡུས་པའོ། །དེ་བཞིན་དུ་གཉིད་ལོག་པ་དང་། སྙོམས་པར་ཞུགས་པ་དང་། གླེན་པ་དང་འོན་པ་དག་ལས་གཞི་མེད་པ་དང་། བག་ཙམ་གྱིས་

སྐུར་པ་འདེབས་པ་ལ་ཡང་སྦོམ་པོའོ། །གླེན་པ་དང་འོན་པ་དག་དང་ལྷན་ཅིག་མངོན་མཚན་ཅན་གྱི་སྤྱོད་པ་དང་། ཉོ་ཚོང་བྱེད་པ་ལ་ནི་ཉེས་བྱས་སོ། །འཐག་པ་དང་འཐག་པ་སྐྱེད་དུ་འཇུག་པའི་ཕྱིར་གཉིས་ལ་གོ་བར་བྱེད་པ་དབུས་པ་དང་། མཐའ་འཁོབ་པ་དག་ལ་སྐད་གཞན་གྱིས་སྐྱོན་ནས་

སྨྲས་ཏེ། དོན་མ་གོ་ན་ཡང་ཉེས་བྱས་སོ། །དེ་གཉིས་ལས་ཕྲ་མ་བྱེད་པ་དང་། གླེན་པ་དང་འོན་པ་གཉིས་ལ་སྐྱོ་སྔོགས་བྱེད་པ་དང་། དེ་བཞིན་དུ་བུད་མེད་གཉིད་ལོག་པ་ལ་ཆོས་སྟོན་པ་དང་། སྐྱེས་པ་རྐུན་མ་དང་མཐའ་འཁོབ་པ་དང་གླིང་གཞན་ལས་སྐྱེས་པ་དང་། གཉིད་ལོག་

པ་དང་། མྱོས་པ་དང་། བག་མེད་པ་དང་། སྙོམས་པར་ཞུགས་པ་དང་། གླེན་པ་དང་། འོན་པ་དག་དང་ཚིག་མཐུན་པ་དང་། ཚིག་ལྷག་པར་ཟློས་པ་ལ་ཡང་ཉེས་བྱས་སོ། །ངོ་ཚ་མེད་པ་དང་། མཐའ་འཁོབ་པ་དང་དབུས་པ་རྣམས་ལ་སྐད་གཞན་གྱིས་གནས་ངན་ལེན་བརྗོད་པ་དང་། འོན་

པ་དང་གླེན་པ་དག་ལ་མིའི་ཆོས་བླ་མ་བརྗོད་པ་དང་། ངོ་ཚ་མེད་པ་དང་། མཐའ་འཁོབ་པ་དང་། དབུས་པ་དག་ལ་སྐད་གཞན་གྱིས་བཤེས་ངོར་བྱས་སོ་ཞེས་སྐུར་པ་འདེབས་པ་དང་། གླེན་པ་དང་འོན་པ་དག་དང་དེ་བཞིན་དུ་བསླབ་པ་ལ་ཁྱད་དུ་གསོད་པ་དང་། འཕྱ་བ་དང་གཞོགས་

འཕྱས་བྱེད་པ་བསྒོ་བ་གཅོག་པ་ལ་ཡང་ཉེས་བྱས་སོ། །དགེ་སློང་མ་ལ་མ་བསྐོས་པར་སྟོན་པ་དང་། དེ་དག་ལ་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང་། སྦྱོར་དུ་བཅུག་པ་ཟ་བ་དང་། མེ་འབུད་དུ་བཅུག་པ་དང་། འགྱོད་པ་སྐྱེད་པ་དང་། སྔངས་པར་བྱེད་པ་

Vol. 161 · folio 66b

དང་། གཞི་མེད་པར་སྐུར་པ་འདེབས་པ་དང་། སྐད་གཞན་གྱིས་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་ཡང་ཉེས་བྱས་སོ། །སྨྲ་བ་པོ་ཉིད་ལ་ཡོད་པ་སྟེ་གསོད་པ་དང་རང་གི་དོན་དུ་རྐུ་བ་དག་ལས་གཞན་པའི་འོ་ཞེས་བྱ་བ་ནི་འོན་ཀྱང་སྨྲ་བའི་དངོས་པོ་ནི་སྨྲ་བ་ཉིད་དུ་གང་ཞིག་རྣམ་པར་གནས་པ་སྨྲ་བ་

ཉིད་དང་རྗེས་སུ་འབྲེལ་པའི་གནོད་པ་ཡིན་གྱི། ལྐུགས་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་རྗེས་སུ་མ་ཞུགས་པའི་དེ་དག་དང་འབྲེལ་པ་སྨྲ་མི་ཤེས་ཤིང་། གང་ཞིག་འདི་རྗེས་སུ་ཞུགས་པར་གྱུར་པ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་རྫོགས་པར་གྱུར་པ་མ་ཡིན་པ་ཉིད་དོ། །མི་ནུས་པ་ལ་སྨྲ་བའི་ཕྱིར་དང་།

འགྲོ་བའི་ཕྱིར་རྗེས་སུ་ཞུགས་པར་གྱུར་པ་ཉིད་ཀྱང་མ་ཡིན་ནོ། །དེ་ཡང་མི་གསོད་པ་དང་རང་གི་དོན་དུ་རྐུ་བ་དག་ལས་གཞན་པ་དག་ལ་གཞི་མེད་པ་དང་། བག་ཙམ་དག་གིས་སྐུར་པ་འདེབས་པ་ལ་ནི་སྦོམ་པོའོ། །ལྐུགས་པ་དང་ལྷན་ཅིག་མངོན་མཚན་ཅན་གྱི་སྤྱོད་པ་དང་། ཉོ་ཚོང་

བྱེད་པ་ལ་ནི་ཉེས་བྱས་སོ། །འབྱུང་བའི་དོན་དུ་འདི་ཞུ་བར་བྱེད་པའམ་མ་ཚང་བ་ཉིད་ཀྱིས་སྨྲས་པ་ལ་ཉེས་བྱས་སོ། །སྐྱོན་ནས་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་། སྟོན་པ་དང་ཀློག་པ་དག་དང་། དེ་དག་ལ་གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་

བརྗོད་པ་དང་། བཤེས་ངོར་བྱས་སོ་ཞེས་སྨྲ་བ་དང་། བསླབ་པ་ཁྱད་དུ་གསོད་པ་དང་། འཕྱ་བ་དང་། གཞོགས་འཕྱས་བྱེད་པ་དང་། བགོ་བ་གཅོག་པ་དང་། དེ་དག་ལ་མ་བསྐོས་པར་སྟོན་པ་དང་། དེ་དག་ལ་ཟང་ཟིང་ཅུང་ཟད་ཀྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང་། སྦྱོར་

དུ་བཅུག་པ་ཟ་བ་དང་། དེ་དག་མེ་འབུད་དུ་བཅུག་པ་དང་། མི་ཉན་པར་བྱེད་པ་དང་། དེ་དག་གིས་བསླབ་པ་ལ་ཉེ་བར་འཇོག་པ་སྤོང་བ་ཡང་ཉེས་བྱས་སོ། །ཡང་དག་པར་ལེན་པར་བྱེད་པ་ལ་ནི་དེར་མ་ཟད་དོ་ཞེས་བྱ་བ་ནི། གང་ཞིག་འདི་དེ་མ་ཐག་པ་སྨྲ་བ་པོ་ཉིད་ལ་གནས་པ་ཞེས་

བྱ་བ་སྨོས་པ་དེ་ནི་འདི་ལེན་པ་པོའི་ཡན་ལག་མ་ཡིན་ཏེ། འདི་ལྟར་གོ་བར་བྱེད་པ་ལྐུགས་པའམ་སྨྲ་བ་པོ་ཉིད་མ་ཡིན་པ་གཞན་དག་ལ་ཡང་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ལ་ཡང་དག་པར་ལེན་པ་འབྱུང་བའི་ཕྱིར་རོ། །དེ་ནི་སྣོད་ཡིན་ནོ་ཞེས་བྱ་བ་ནི། དེས་སྨྲ་བ་པོ་དོན་གོ་བར་

Vol. 161 · folio 67a

ནུས་པའི་གང་ཟག་གང་ཡིན་པ་དེ་ནི་ཡན་ལག་ཡིན་གྱི། གླེན་པ་དང་འོན་པ་དག་ཀྱང་མ་ཡིན་ལ། དེ་བརྡ་མི་ཕྲད་པ་དང་། རྣ་བའི་ཤུགས་བཀག་པ་དང་། སོར་མོ་དང་དེས་བརྡ་བྱས་ན། ལྐུགས་པ་དང་། རྒྱུ་གཞན་གྱིས་སྨྲ་མི་ཤེས་པ་དག་ཀྱང་རྣམ་པར་རིག་བྱེད་ཀྱི་ཡན་

ལག་མ་ཡིན་ནོ། །འདི་ལྟར་མདོ་འདི་དག་ཐམས་ཅད་སྔར་སྨྲ་བ་པོ་ལ་ཡོད་པ་སྟེ་ཞེས་པའི་མདོ་དེས་གྲུབ་ཟིན་མོད་ཀྱི་སྨྲ་བ་པོ་ཉིད་ལ་དོན་གོ་བར་ཡོད་པ་གང་ཡིན་པ་དེ་ནི་རྣམ་པར་རིག་བྱེད་ཀྱི་ཡན་ལག་ཡིན་ནོ་ཞེས་བྱ་བ་འདིས་བརྗོད་པ་དོན་མེད་པ་ཙམ་ཞིག་བསྟན་པར་ཟད་དོ། །དེར་ཞུ་བ་མི་བྱེད་

པ་དེ་ལ་ཉེས་པ་མེད་པར་བསྟན་པ་དེའི་ཕྱིར་མདོ་འདི་བྱས་སོ། །འོ་ན་བདག་ཉིད་ལྟུང་བ་བཤགས་པ་དང་། བྱིན་གྱིས་བརླབ་པ་གཉིས་ཀྱི་ཕྱིར་གསོ་བར་བྱའོ་ཞེས་གསུངས་ན་མ་བརྗོད་པ་ལ་ཉེས་པ་མེད་པ་ཇི་ལྟར་རུང་ཞེ་ན། དེ་ལྟ་བུ་ཡང་ཡོད་མོད་ཀྱི། འོན་ཀྱང་མི་འགྱུར་བའི་ཕྱིར་རོ། །ངག་གིའོ་

ཞེས་བྱ་བ་ནི། ངག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་གྱི། སྤྲིང་ཡིག་དང་ལག་ཡིག་དང་ལག་རྩིས་ལ་སོགས་པ་ནི་མ་ཡིན་ཏེ། གཞན་གྱིས་ནི་དོན་གོ་བར་གསལ་བར་མི་ནུས་པའི་ཕྱིར་ཆོ་ག་འདི་ཡིན་ནོ། །རང་གིའོ་བདག་ཉིད་དང་འབྲེལ་པར་རོ་ཞེས་བྱ་བ་ནི། དང་པོ་གཞན་ལ་གོ་བར་

བྱེད་པའི་སྐད་ཅིག་མ་ལ་ཤེས་པར་བྱེད་པ་ལ་དངོས་གཞི་བསྐྱེད་པའོ། །གལ་ཏེ་དེ་ལྟར་ཡང་དེ་ཐམས་ཅད་བྱ་བ་ཞུ་བར་གཏོགས་པས། དེ་དེ་བཞིན་དུ་སེམས་ཀྱིས་བརྗོད་པར་འདོད་པའི་ཚིག་ཇི་སྙེད་པས་བརྗོད་པ་དེ་བྱེད་པ་དང་གཡོ་བ་ལས་གཞན་ལ་ཇི་སྲིད་དེའི་དོན་ཉིད་དུ་གཡོ་བར་བྱེད་པ་གཅིག་གམ།

དུ་མའི་ཡན་ལག་གིས་དེར་གཏོགས་པ་ཡོད་པ་ལ་དངོས་གཞིའི་ནང་དུ་འདུས་པ་ཡིན་ནོ། །དངོས་གཞིའི་ཆོ་ག་བྱེད་པར་གྱུར་ན་སྐུལ་ཞིང་བསྐུལ་བར་གྱུར་པ་ནི། མངོན་དུ་ཕྱོགས་པ་གང་ཡིན་པ་དེ་ནི་འདིར་དང་པོར་དོན་མ་གོ་ན་ནི་ལུས་བསྐུལ་བ་དང་། ཚིག་གི་ཇེ་ཉོན་ཅིག་སེམས་གཏོད་ཅེས་བྱ་བ་ལ་

སོགས་པ་ལྷག་མ་ཐམས་ཅད་ཀྱང་སྦྱོར་བ་ཡིན་པར་རིག་པར་བྱ་སྟེ། ཐམས་ཅད་རྩོམ་པ་གཅིག་ཏུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །འདིར་དཔེ་ནི་སྤྲིང་ཡིག་དང་ལག་ཡིག་དང་ལག་རྩིས་དག་གིས་སྤྲོད་པ་ལས་བྱུང་བ་དང་ལྡན་པར་སྨྲ་བ་དང་། ཀུན་སྤྱོད་བསྔགས་པ་དང་། གཞི་མེད་པ་དང་། བག་

Vol. 161 · folio 67b

ཙམ་གྱིས་སྐུར་པ་འདེབས་པ་གོ་བར་བྱེད་པ་ལ་ནི་སྦོམ་པོའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་འཁྲུར་འཇུག་པ་ལ་སོགས་པ་དང་། དེ་དག་ལས་གོས་ལེན་པ་དང་། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལས་སློང་བ་དང་། རིན་སྤགས་པ་དང་། སོ་སོ་ནས་སྤགས་པ་ཐོབ་པ་དང་། ལྷུང་

བཟེད་ཚོལ་པ་དང་། འཐག་ཏུ་འཇུག་པ་དང་། འཐག་པ་སྐྱེད་པ་དང་། འཕྲོག་པ་དང་། བརྫུན་དུ་སྨྲ་བ་དང་། སྐྱོན་ནས་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་། སྟོན་པ་དང་། ཟློས་པ་དང་། གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་བརྗོད་པ་རྣམས་དང་། བཤེས་ངོར་བྱས་སོ་

ཞེས་ཟེར་བ་དང་། བསླབ་པ་ཁྱད་དུ་གསོད་པ་དང་། ཤིང་ལྗོན་པ་གཅོད་པ་དང་། འཕྱ་བ་དང་། གཞོགས་འཕྱས་བྱེད་པ་དང་། བསྒོ་བ་གཅོག་པ་དང་། སྤྲོད་པ་དང་། རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་དང་། མ་བསྐོས་པར་སྟོན་པར་བྱེད་པ་དང་། ཟས་ཅུང་ཟད་ཙམ་ཀྱི་ཕྱིར་སྟོན་ཏོ་

ཞེས་སྐུར་པ་འདེབས་པ་དང་། དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང་། ཟན་གཅོད་དུ་བཅུག་པ་ལ་ནི་ཉེས་བྱས་སོ། །དེ་བཞིན་དུ་མེ་ལ་རེག་ཏུ་འཇུག་པ་དང་། འགྱོད་པ་སྐྱེད་པ་དང་། སྔངས་པར་བྱེད་པ་དང་། ཡོ་བྱད་སྦེད་པ་དང་། སྐུར་པ་འདེབས་པ་དང་། དགེ་སློང་མའི་

ལག་ནས་ཟས་ལེན་པ་དང་། མ་བཟློག་པར་ཟ་བ་རྣམས་ལ་ཉེས་བྱས་སོ། །རང་གིའོ་ཞེས་བྱ་བ་ནི་རང་གི་ངག་གི་རྣམ་པར་རིག་བྱེད་ཡན་ལག་ཡིན་གྱི་མངགས་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་མངགས་པས་མངགས་པ་ལ་སོགས་པ་དག་ནི་སྦོམ་པོའོ། །སྐུར་པ་འདེབས་པ་ནི་གཞི་

མེད་པ་དང་། བག་ཙམ་གྱིས་སྐུར་པ་འདེབས་པ་ལ་ཡང་སྦོམ་པོའོ། །ཉེ་དུ་མ་ཡིན་པའི་དགེ་སློང་མ་ལ་གོས་འཁྲུར་འཇུག་པ་ལ་སོགས་པ་དང་། དེ་ལས་གོས་ལེན་པ་དང་། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་དག་ལ་སློང་བ་དང་། རིན་སྤགས་པ་དང་། སོ་སོ་ནས་སྤགས་པ་ཐོབ་པ་དང་།

ལྷུང་བཟེད་ཚོལ་བ་དང་། འཐག་ཏུ་འཇུག་པ་དང་། འཐག་པ་སྐྱེད་པ་དང་། འཕྲོག་པ་དང་། བརྫུན་དུ་སྨྲ་བ་དང་། སྐྱོན་ནས་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་། སྟོན་པ་དང་། ཟློས་པ་དང་། གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་བརྗོད་པ་དག་དང་། བཤེས་

Vol. 161 · folio 68a

ངོར་བྱས་སོ་ཞེས་ཟེར་བ་དང་། བསླབ་པ་ཁྱད་དུ་གསོད་པ་དང་། ཤིང་ལྗོན་པ་གཅོད་པ་དང་། འཕྱ་བ་དང་། གཞོགས་འཕྱས་བྱེད་པ་དང་། བསྒོ་བ་རྣ་ལ་གཟོན་པ་དག་སྐྲོད་པ་དང་། རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་དང་། མ་བསྐོས་པར་སྟོན་པར་བྱེད་པ་དང་། ཟས་

ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང་། དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང་། ཟན་གཅོད་དུ་འཇུག་པ་དང་། མེ་ལ་རེག་ཏུ་འཇུག་པ་དང་། འགྱོད་པ་སྐྱེད་པ་དང་། སྔངས་པར་བྱེད་པ་དང་། ཡོ་བྱད་སྦེད་པ་དང་། སྐུར་པ་འདེབས་པ་དང་། ས་རྐོ་བ་དང་། ཤིང་བལ་

གྱིས་གོས་པར་བྱེད་པ་དང་། དགེ་སློང་མའི་ལག་ནས་ཟན་ལེན་པ་དང་། མ་བཟློག་པར་ཟ་བ་དག་ཀྱང་ཉེས་བྱས་སོ། །བདག་ཉིད་དང་འབྲེལ་པའོ་ཞེས་བྱ་བ་ནི། དེ་ལྟ་བུར་གྱུར་པ་ཡན་ལག་ཡིན་གྱི་གཞན་ལ་བསྙད་འདོགས་པ་ནི་མ་ཡིན་ནོ། །སྤྲིང་ཡིག་ལ་སོགས་པས་དེ་སྐད་ཟེར་རོ་ཞེའམ། ཆེ་གེ་

མོ་ཞིག་འདི་སྐད་ཟེར་རོ་ཞེས་བྱ་བ་ལ་སོགས་པ་དང་། འདིར་རང་གིས་བྲིས་པ་ལ་བྱེ་བྲག་འགའ་ཡང་དོགས་པར་བྱ་བ་མ་ཡིན་ཏེ། གཞན་ལ་བསྙད་འདོགས་པའི་ཚིག་ནི་རང་གི་དོན་དུ་འགྱུར་ཏེ། དེ་བས་ན་རང་གི་དོན་ཉིད་གཙོ་ཆེར་ཡོད་པའི་ཞེས་སྨོས་པ་དེ་ཉིད་ཀྱིས་འགྲུབ་པའོ། །འདིར་ཡང་དཔེ་བརྗོད་

པར་བྱ་སྟེ། གཞན་ལ་བསྙད་འདོགས་པས་སྤྲོད་པ་ལས་བྱུང་བ་དང་ལྡན་པ་སྨྲ་བ་དང་། ཀུན་སྤྱོད་བསྔགས་པ་དང་། གཞི་མེད་པ་དང་བག་ཙམ་གྱིས་སྐུར་པ་འདེབས་པ་ལ་ནི་སྦོམ་པོའོ། །དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་གོས་འཁྲུར་འཇུག་པ་ལ་སོགས་པ་དང་། དེ་ལས་གོས་ལེན་པ་དང་། ཁྱིམ་བདག་

དང་ཁྱིམ་བདག་གི་ཆུང་མ་ལས་སློང་བ་དང་། རིན་སྤགས་པ་དང་། སོ་སོ་ནས་སྤགས་པ་ཐོབ་པ་དང་། ལྷུང་བཟེད་ཐོབ་པ་དང་། འཐག་ཏུ་འཇུག་པ་དང་། འཐག་པ་སྐྱེད་པ་དང་། འཕྲོག་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་། སྟོན་པ་དང་། ཟློས་པ་

དང་། གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་བརྗོད་པ་དག་དང་། བཤེས་ངོར་བྱས་སོ་ཞེས་ཟེར་བ་དང་། བསླབ་པ་ཁྱད་དུ་གསོད་པ་དང་། ཤིང་ལྗོན་པ་གཅོད་པ་དང་། འཕྱ་བ་དང་། གཞོགས་འཕྱས་བྱེད་པ་དང་། བསྒོ་བ་གཅོག་པ་དང་། སྐྲོད་པ་དང་། རིམ་པ་གསུམ་ལས་ལྷག་པར་

Vol. 161 · folio 68b

བརྩིགས་པ་དང་། མ་བསྐོས་པར་སྟོན་པ་དང་། ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་ཏོ་ཞེས་སྐུར་པ་འདེབས་པ་དང་། དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་ཟ་བ་དང་། ཟས་གཅོད་དུ་འཇུག་པ་དང་། མེ་ལ་རེག་ཏུ་བཅུག་པ་དང་། འགྱོད་པ་སྐྱེད་པ་དང་། སྔངས་པར་བྱེད་པ་དང་། ཡོ་བྱད་སྦེད་པ་དང་། ས་བརྐོ་

བ་དང་། ཤིང་བལ་གྱིས་གོས་པར་བྱེད་པ་དང་། དགེ་སློང་མའི་ལག་ནས་ཟན་ལེན་པ་དང་། མ་བཟློག་པར་ཟ་བ་དག་ཀྱང་ཉེས་བྱས་སོ། །རང་གིས་བསྐོས་པ་ཉིད་བྱེད་དུ་བཅུག་པ་ཡིན་ནོ་ཞེས་བྱ་བ་ནི། གསོད་པ་དང་། རང་གི་དོན་དུ་རྐུ་བ་དག་ལས་གཞན་པའོ་ཞེས་བྱ་བར་སྦྱར་རོ། །གསོད་པ་དང་རང་གི་

དོན་དུ་རྐུ་བ་དག་ལས་གཞན་པའི་དོན་ལ་མངགས་པ་ལ་སོགས་པས་དེ་ལ་རང་གིས་བསྐོས་པ་ཉིད་ཡན་ལག་ཡིན་ཏེ། དེ་དང་འདྲ་བའི་ཚིག་གིས་བརྗོད་པ་དང་། ལུས་འཁྲུས་པས་གཞན་ལས་ནི་མ་ཡིན་ནོ་ཞེས་བྱའོ། །འདིར་ཡང་དཔེ་བརྗོད་པར་བྱ་སྟེ། རང་གིས་མངོན་སུམ་དུ་བསྐོས་པ་མ་ཡིན་པ་ལ་ནི་ཤིང་

ལྗོན་པ་དང་། བསྒོ་བ་རྣ་ལ་གཟོན་པ་དང་། རིམ་པ་གསུམ་ལས་ལྷག་པར་བརྩིགས་པ་དང་། ཤིང་བལ་གྱིས་གོས་པར་བྱེད་པ་དང་། རིན་པོ་ཆེ་ལ་རེག་ཏུ་འཇུག་པ་དང་། ས་རྐོར་འཇུག་པ་ལ་སོགས་པ་ཉེས་བྱས་སོ། །རྣམ་པར་འབྱེད་པར་གཏོགས་པ་ཕལ་ཆེ་བ་ཕྱིར་བསྟན་པ་རྣམས་རྫོགས་སོ།། །།

སྤྱོད་ཡུལ་དུ་ཞུགས་པ་རྣལ་འབྱོར་བསྒོམ་པར་མི་བྱའོ་ཞེས་བྱ་བ་ལ། འདིས་ནི་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་གསུངས་པ་དང་། དགེ་སློང་དག་སྤྱོད་ཡུལ་དུ་ཞུགས་ནས་ཡང་སྒོམ་པར་བྱེད་པ་དང་། དེ་དག་གླང་པོ་ཆེ་འཁྲུལ་པ་དང་ལྷན་ཅིག་འགྲོ་ནས་བཅོམ་ལྡན་འདས་ཀྱིས་

བཀའ་སྩལ་པ། དགེ་སློང་སྤྱོད་ཡུལ་དུ་ཞུགས་པས་རྣལ་འབྱོར་བསྒོམ་པར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་དེ་བསྡུས་པ་ཡིན་ནོ། །འདིར་ནི་གོམས་པར་བྱེད་པ་བཀག་པ་ཡིན་གྱི། དེ་ལྟ་བུའི་གནས་སྐབས་ཅན་ལ་གང་དུ་རྣམ་པར་འགྱུར་བ་མིག་བཙུམ་པ་ཤེས་པར་འགྱུར་བའི་འདུལ་བའི་དོན་དུ་རྫུ་

འཕྲུལ་གྱི་རྣམ་པར་འཕྲུལ་པ་ལ་སོགས་པ་བསྟན་པའི་ཕྱིར་དེ་ལ་སྐྱོན་ཆགས་པ་མེད་དོ། །མངོན་པར་འདུལ་བར་ཡང་མི་བྱའོ་ཞེས་བྱ་བ་རྣལ་འབྱོར་བསྒོམ་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་དགེ་སློང་དག་སྒོ་ཁང་དུ་རྣལ་འབྱོར་སྒོམ་པར་བྱེད་ན་དེ་དག་སྐུར་པ་དང་། མ་དད་པ་དག་འདི་སྐད་ཅེས་

Vol. 161 · folio 69a

འཕགས་པ་དག་ཅི་ཁྱེད་ཅག་འདུ་བར་ཉལ་བའི་བརྟུལ་ཞུགས་ཅན་ཡིན་ནམ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་ཁང་དུ་རྣལ་འབྱོར་བསྒོམ་པར་མི་བྱའོ། །དེ་རྣམས་ཁྱམས་སུ་སྒོམ་

པར་བྱེད་ན་ཡང་དེ་ཉིད་ཀྱི་ཉེས་དམིགས་སུ་གྱུར་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཁྱམས་སུ་ཡང་བསྒོམ་པར་མི་བྱའོ་ཞེས་བྱ་བ་འདིས་བསྡུས་པ་ཡིན་ནོ། །གཙུག་ལག་ཁང་གི་ཕྱི་རོལ་དུ་ཀུན་ནས་བསྐོར་བའི་གཙུག་ལག་ཁང་གི་རྫིང་བུ་ལ་ཞེས་བྱ་བ་ལ་སོགས་པ་ལ་ཡང་མཚུངས་

པ་ཉིད་ཀྱི་ཕྱིར་འདིར་རིགས་པ་ཡིན་ནོ། །སྒོ་བཅད་ན་ནི་ཁྱམས་ལ་སོགས་པ་དག་ཏུ་མངོན་པར་འདུ་བ་ཉིད་དུ་རྒྱུན་ཆད་པར་འགྱུར་བས་ཉེས་པ་མེད་པ་དེ་གཉིས་བསྟན་པའི་དོན་དུ་སྟེ་དེ་ལྟར་བསྟན་པའོ། །དེ་ལྟར་ཡང་སྒོ་ཁང་དུ་མཚན་མོ་སྲོག་ཆགས་འབྱུང་བར་འགྱུར་རོ། །མཚན་མོ་སྦྲུལ་གྱིས་བཟུང་བས་

ཤི་བར་གྱུར་པ་དང་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །རྣམ་པར་གཡེང་བར་བྱེད་པ་དང་། གཏུམ་པོ་དང་གྱ་ཚོམ་པ་རྣམས་ཡོངས་སུ་སྤང་བར་རིགས་སོ་ཞེས་བྱ་བ་ནི། སྔ་མ་ལ་ནི་ཤིན་ཏུ་འབྱུང་བ་ཉིད་ཀྱི་ཕྱིར་མི་བྱ་བ་ཉིད་སྨོས་ཏེ། འདིར་ནི་འདི་ཤིན་ཏུ་མ་ཡིན་ཞེས་བྱ་བ་རིགས་པ་དེ་བས་ན་གསུངས་

པ་ནི་རྣམ་པར་གཡེངས་པ་ཞེས་སྨོས་པས་དེ་རྣམས་གནས་ཁང་དུ་སྒོམ་པར་བྱེད་པ་ན་བསམ་གཏན་དག་གི་ཚེར་མ་ནི་སྒྲ་ཡིན་པས་སེམས་རྩེ་གཅིག་ཏུ་མི་གནས་པས་ན་སྐབས་དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ཁང་དུ་རྣལ་འབྱོར་བསྒོམ་པར་མི་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་དེ་

བསྡུས་པ་ཡིན་ནོ། །རྣམ་པར་གཡེང་བར་བྱེད་པ་ཞེས་བྱ་བ་ནི། གནས་ཁང་དེ་འགྱུར་བས་རྣམ་པར་གཡེང་བར་བྱེད་པའི་ཕྱིར་རོ། །གཏུམ་པོ་ཞེས་བྱ་བ་སྨོས་པས་ནི་དེ་དག་དགོན་པར་བསྒོམ་པར་མི་བྱའོ་ཞེས་བྱ་བར་གསུངས་པ་དེ་བསྡུས་པ་ཡིན་ནོ། །འདིར་སེང་གེ་ལ་སོགས་པ་གཏུམ་པོ་རྣམས་འབྱུང་

བར་འགྱུར་བ་དེའི་ཕྱིར་འདི་སྤང་བར་བྱའོ། །གྱ་ཚོམ་ཞེས་སྨོས་པ་ནི་དེ་དག་གྲོང་གི་ཉེ་འཁོར་དུ་དོར་ཏེ་སྒོམ་པར་བྱེད་པ་ན། མ་དད་པའི་གྱ་ཚོམ་བྱེད་པ་དག་འདི་སྐད་དུ་འཕགས་པ་དག་ཅི་ཁྱེད་འགའ་ཞིག་ཤི་བ་དང་ལྡན་པ་ཡིན་ནམ་ཞེས་ཅོ་འདྲི་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ས་ཕྱོགས་

Vol. 161 · folio 69b

དེར་ཡལ་བར་དོར་བ་རྣམས་དང་། ཀི་ཏ་ཀ་དང་། ཀི་ལེན་ཛ་རྣམས་ཀྱིས་བསྐོར་བར་བྱའོ། །ས་ཕྱོགས་དེ་ཇི་སྲིད་དུ་ཡལ་ག་རྣམས་ཀྱིས་བསྐོར་བར་གྱུར་གྱི་བར་དུ་གྱ་ཚོམ་པ་མ་དད་པ་དག་འདི་སྐད་ཅེས་འཕགས་པ་དག །ཅི་ཁྱེད་འགའ་ཞིག་རས་བལ་གྱི་ལྡུམ་ར་བྱེད་དམ་ཞེས་ཅོ་འདྲི་བར་བྱེད་པའི་སྐབས་དེ་ས་ཕྱོགས་དེར་

ཚེར་མ་དང་། ཆུའི་འོབས་དག་གིས་བསྐོར་བར་བྱའོ། །ས་ཕྱོགས་ཚེར་མ་དག་ཆུའི་འོབས་ཀྱིས་བསྐོར་བར་གྱུར་པ་དང་། གྱ་ཚོམ་པ་མ་དད་པ་དག་འདི་སྐད་ཅེས་ས་བོན་གྱིས་བཀང་བའི་ལྡུམ་ར་ཡིན་ནམ། འོན་ཏེ་སེའུ་འབྲུའི་ལྡུམ་ར་ཡིན་ཞེས་བྱ་བ་ནས། སྤོང་ཁང་བརྩིག་པར་བྱའོ་ཞེས་བྱ་བའི་

བར་དུ་གསུངས་པ་ཡིན་ཏེ། མདོ་འདིས་ནི་དེ་དག་བསྡུས་པ་ཡིན་ནོ། །དེའི་ཕྱིར་སྤོང་ཁང་གི་སྐབས་ཡིན་པས་ན། གྲོང་དང་ཉེ་བ་ལ་སོགས་པར་སྤོང་ཁང་བརྩིག་པར་བྱའོ་ཞེས་བྱ་བ་ལ། དེའི་རྣམ་པ་ཅི་འདྲ་ཞེ་ན། དེའི་ཕྱིར་གནས་ཁང་གཉིས་ཀྱི་བར་དུ་སྲང་གདོད་དོ་ཞེས་བྱ་བ་སྨོས་ཏེ། ངོས་ཡ་གཅིག་

ཏུ་ཡང་གནས་ཁང་བརྩིག་ལ། ངོས་གཞན་ལ་ནི་གཞན་བརྩིག་ཅིང་བར་དུ་སྲང་གདོད་པར་བྱ་བ་སྟེ། འདི་ནི་སྤོང་ཁང་ཆུང་ངུའི་རྣམ་པ་ཡིན་ནོ། །བར་དུ་སྲང་གདོད་དོ་ཞེས་བྱ་བར་སྦྱར་ཏེ། ངོས་ཡ་གཅིག་ཏུ་ཡང་གནས་ཁང་ལྔ་བརྩིག་ལ། ངོས་གཞན་ལྔ་བརྩིག་ཅིང་བར་དུ་སྲང་གདོད་པར་བྱ་བའམ། ངོས་ཡ་

གཅིག་ཏུ་ཡང་དྲུག་བརྩིག་ལ། ངོས་གཞན་ལ་ཡང་དྲུག་བརྩིག་ཅིང་བར་དུ་སྲང་གདོད་པར་བྱ་སྟེ། འདི་ནི་སྤོང་ཁང་ཆེན་པོའི་རྣམ་པ་ཡིན་ནོ། །སྤོང་ཁང་གཉིས་པོ་འདི་དག་ནི་ཆུང་ངུ་དང་ཆེན་པོ་སྟེ། ཆུང་ངུ་ནི་གནས་ཁང་གཉིས་པ་སྟེ་བར་དུ་སྲང་གདོད་པར་བྱའོ། །འདིར་ཆེན་པོ་ནི་གནས་ཁང་བཅུ་པའམ།

གནས་ཁང་བཅུ་གཉིས་པ་ཞེས་གསུངས་པ་ཡིན་ནོ། །བར་མ་ནི་རྣམ་པར་གཞག་པ་སྟེ། འདི་མི་རིགས་པ་མ་ཡིན་ཏེ། བརྗོད་པ་ལ་དཔེ་གཉིས་ཀྱི་ཕྱིར་ཞེས་བྱའོ། །སྒོ་གླེགས་སྒྲ་མི་འབྱུང་བ་དང་དྲང་བའི་ཐབས་ཀྱང་ཞེས་བྱ་བ་ནི་བརྩིག་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། འོག་ནས་སྒོ་ཁང་བྱའོ་ཞེས་འབྱུང་བ་

ཡན་ཆད་ཀུན་ལ་འདི་རྗེས་སུ་སྦྱར་རོ། །དེའི་དང་པོ་བྱས་ནས་བརྩིག་པར་བྱའོ་ཞེས་བྱ་བའི་སྒྲས་བཤད་པ་འདི་བྱས་པ་ཞེས་བྱ་བ་དེ་ཙམ་ཞིག་འདིར་བརྗོད་པའོ། །འདིར་འདོད་པས་འཇུག་པ་ན། གལ་ཏེ་ཕོངས་པ་མ་ཡིན་པའི་དོན་ལ་འཇུག་ན་གལ་ཏེ་མ་ཡིན་ན་ཇི་ལྟར་མངོན་པར་འདོད་པས་འཇུག་པར་བྱའོ། །

Vol. 161 · folio 70a

འདིས་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་གདོད་པར་བྱའོ། །དགེ་སློང་དག་སྒོ་གླེགས་མི་འཇུད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་གླེགས་གཞུག་པར་བྱའོ། །བཅད་དཀའ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་དག་ལག་གཟུངས་

གདབ་པར་བྱའོ། །སྒྲ་འཁྲོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོག་ཏུ་ཀོ་བའི་དུམ་བུ་གཞུག་པར་བྱའོ། །དབྱེ་དཀའ་ན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པ་དག་ལག་གཟུངས་གདབ་པར་བྱའོ། །དབྱེ་བ་ན་སྒྲ་ཁྲིག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་

མས་དཀྲི་བར་བྱའོ་ཞེས་བྱ་བ་གསུངས་པ་དེ་རྣམས་བསྡུས་པ་ཡིན་ནོ། །དེ་ལ་སྒྲ་མི་འབྱུང་བའི་ཐབས་ཞེས་བྱ་བ་ནི་འོག་ཏུ་ཀོ་བའི་དུམ་བུ་གཞུག་པར་བྱའོ་ཞེས་བྱ་བ་དང་། རས་མས་དཀྲི་བར་བྱའོ་ཞེས་གསུངས་པ་དེ་རྣམས་བསྡུས་པ་ཡིན་ནོ། །དྲང་བའི་ཐབས་ཞེས་བྱ་བ་ནི་ཕྱི་ནང་གཉིས་ནས་ལག་

གཟུངས་གདབ་པར་བྱའོ་ཞེས་གསུངས་པ་བསྡུས་པ་ཡིན་ནོ། །གོང་དུ་སུམ་ཆ་བོར་བར་སྐར་ཁུང་ཕྱི་རུབ་ལ་ནང་ཡངས་པ་ཡང་བཟང་ངོ་ཞེས་བྱ་བ་ལ། གོང་དུ་ཞེས་བྱ་བ་ནི་རྩིག་ངོས་ཀྱི་གོང་གི་སུམ་ཆ་བོར་ཞིང་སུམ་གཉིས་ལུས་པའི་ཕྱོགས་གང་ཡང་རུང་བ་དེར་སྐར་ཁུང་བཏོད་ན་བཟང་སྟེ། དམས་ན་

ནི་ཆོམ་རྐུན་པ་དང་། གཡོན་ཅན་དང་སེང་གེ་ལ་སོགས་པས་འཛུལ་བའི་ཕྱིར་རོ། །མཐོས་ན་ནི་སྣང་བ་གསལ་བར་མི་འགྱུར་རོ། །གོང་དུ་སུམ་ཆ་བོར་བ་ལ་སོགས་པའི་དོན་དུ་འདི་བྱས་སོ། །དེ་ཉིད་ནི་འཇིག་རྟེན་པ་ལ་གྲུབ་པའི་ཕྱིར་རོ། །དྲ་བ་དང་། སྒོ་གླེགས་དང་། འཕྲེད་གཏན་དང་།

གནམ་གཟེར་དང་། འཁོར་གཏན་དང་། དབྱུག་གུ་སྐམ་ཁ་ཉེ་བར་གཞག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིས་ནི་ཁྲ་དང་། མཆིལ་པ་དང་། ཕོ་རོག་དག་འཇུག་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐར་ཁུང་དྲ་བ་ཅན་དུའོ། །སྦྲང་བུ་ཏྲྱཻ་མ་བུ་ག་དང་། ཏྲྱེ་ལ་ཀ་

དག་འཇུག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་གླེགས་གཞུག་པར་བྱའོ། །རླུང་གིས་ཕྱེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕྲེད་གཏན་གཞུག་པར་བྱའོ། །བཅད་དཀའ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནམ་གཟེར་དང་འཁོར་གཏན་

Vol. 161 · folio 70b

གཞུག་པར་བྱའོ། །དབྱེ་དཀའ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱུ་གུ་སྐམ་ཁ་ཉེ་བར་གཞག་པར་བྱའོ་ཞེས་གསུངས་པ་དེ་འདིར་བསྡུས་པ་ཡིན་ནོ། །དྲ་བ་དང་ཞེས་བྱ་བ་ནི་བུ་ག་པ་ཕྲ་མོ་བསྟན་པའི་དོན་དུ་ཅན་གྱི་སྒྲ་སྦྱར་རོ། །མི་ཤོང་ན་སྟེང་དུ་ཁང་མོ་ཆེ་བྱའོ། །ཡང་ན་ཡང་

ཐོག་གོ་ཞེས་བྱ་བ་ལས། ཁང་མོ་ཆེ་ཞེས་བྱ་བ་ནི། སྤོང་ཁང་རྣམས་ཀྱི་སྟེང་དུའོ། །གལ་ཏེ་སྤོང་ཁང་ལ་སྤོང་ཁང་རྣམས་ཀྱི་ཚད་དུ་མི་འགྱུར་ན་སྟེང་དུ་ཁང་པ་མི་བྱ་སྟེ། ཁང་པ་གཞན་ལས་ཞེས་བྱ་བའི་དོན་ཏོ། །གཞུང་ཁ་ཅིག་ལས་དེ་དག་དེར་མི་ཤོང་ནས་སྟེང་དུ་རིམ་ཁང་གཉིས་པ་

བྱའོ་ཞེས་གསུངས་པ་དང་། དེ་གཉིས་ཀ་ཡང་འགལ་བ་མེད་པས་མདོ་འདིར་བསྡུས་པའོ། །འཛེག་པའི་ཕྱིར་ཐེམ་སྐས་སོ་ཞེས་བྱ་བ་ནི། བྱའོ་ཞེས་བྱ་བར་སྦྱར་ཏེ་འཛེག་པའི་ཕྱིར་དེར་ཐེམ་སྐས་བྱའོ་ཞེས་བྱ་བའི་དོན་ཏོ། །མི་ལྟུང་བར་བྱ་བའི་ཕྱིར་ཁ་ཁྱེར་གྱིས་བསྐོར་བར་བྱའོ། །

དེ་མི་འགུལ་བར་བྱ་བའི་ཕྱིར་ལྕགས་ཀྱི་གཟེར་བུ་དག་གིས་གདབ་བོ་ཞེས་བྱ་བ་ནི། དེ་རྣམས་ཀྱིས་ནི་ཁ་ཁྱེར་དེ་དག་ལ་འཛེག་དཀའ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐེམ་སྐས་བྱའོ། །ལྟུང་བར་གྱུར་ནས། ཁ་ཁྱེར་གྱིས་བསྐོར་བར་བྱའོ། །དེ་འགུལ་ནས་

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕགས་ཀྱི་གཟེར་བུ་དག་གིས་གདབ་པར་བྱའོ་ཞེས་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །ཕྱི་རོལ་དུ་སྤོང་ཁང་ཆེན་པོའམ་གནས་ཁང་གི་ཚར་དག་ཀྱང་ངོ་ཞེས་བྱ་བ་ནི། བྱའོ་ཞེས་བྱ་བའི་རྗེས་བསྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །

འདིར་ཡང་ངམ་ཞེས་བྱ་བའི་སྒྲ་ནི་ཚིག་གཉིས་ཀ་ཡང་བསྡུས་པའི་ཕྱིར་རོ། །རབ་ཏུ་བྱུང་བ་འདི་ནི་ཕན་ཚུན་མི་སྣང་བའི་ཕྱིར་ནི་མ་ཡིན་ཏེ། གནས་ཁང་གི་ཚར་དག་ཀྱང་ཞེས་བྱ་བ་དེ་ཡང་། སྔར་ལྟར་ཚིག་གཉིས་ཀ་བསྡུ་བའི་ཕྱིར་ཀྱང་གི་སྒྲ་སྨོས་སོ། །སྒོའི་ཐད་ཀར་སྒོ་གདོད་པར་མི་བྱའོ་ཞེས་

བྱ་བ་ལས། འདིས་ནི་དེ་དག་ཉན་དུ་འགྱུར་བའི་སྒོ་དག་གདོད་ཅིང་ཕན་ཚུན་སྣང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་དག་གཟུར་ཏེ་གདོད་པར་བྱའོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །གལ་ཏེ་ཕྱི་རོལ་གྱི་ཆར་གྱིས་དེ་མ་ཐག་པ་དེ་སྨོས་པ་ཡིན་ནོ། །དེ་ལྟར་ཡང་ནང་དུ་ཉེས་པ་མི་

Vol. 161 · folio 71a

འགྲུབ་པ་ཡིན་ནོ། །དེ་ལྟ་བས་ན་དེ་འདི་ལས་ཐ་དད་པར་གྱུར་པ་གཉིས་ཀ་ལ་འགྲོ་བའི་ཚིག་ཏུ་གཏོགས་པར་བྱའོ། །སྒོ་ཁང་བྱའོ་ཞེས་བྱ་བ་ནི། སྤོང་ཁང་ལ་སྒོ་ཁང་བྱའོ། །ཕུག་ཀྱང་ངོ་ཞེས་བྱ་བ་ནི། སྤོང་ཁང་གི་ཉེན་འཁོར་དུ་ཞེས་བྱ་བས་དེ་དག་འབྲེལ་

པའི་ཆོ་ག་རྣམ་པར་བསྟན་པའི་སྐབས་ནས་ཤེས་པར་བྱའོ། །འདུག་པའི་ཆེད་དུ་སའི་སྟེགས་བུ་དག་དང་ཁྲིའུ་ཡང་བྱའོ་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བ་འདི་གཉིས་ཀ་ལ་སྦྱར་རོ། །དེའི་ཁོ་ར་ཁོར་ཡུག་ཏུ་ཁྲུ་བཞིས་འཁོར་བ་བཟང་ངོ་ཞེས་བྱ་བ་ནི། གྲུ་བཞི་པོའི་ངོས་རེ་རེ་ལ་ཁྲུ་གང་པའི་ཚད་བྱའོ་

ཞེས་བྱ་བའི་དོན་ཏོ། །ཐགས་མ་ནི་རྣམ་པ་ལྔའོ་ཞེས་བྱ་བ་ནི། ཁྲིའུའི་སྟེང་དུའོ། །མུན་ཛའི་དང་། ཤ་ནའི་དང་། གྲེས་མའི་དང་། རས་མའི་དང་། སྦ་ཕྲ་མོའིའོ་ཞེས་བྱ་བ་ནི། རུང་བར་གྲགས་པའི་ཕྱིར། དེ་རྣམས་ཉིད་དུ་གྲགས་པར་ཤེས་པར་བྱའོ། །དེའི་ཐ་གུ་ལ་སོགས་པ་བཀག་པ་ནི་མ་ཡིན་

པར་ཤེས་པར་བྱའོ། །ཐགས་མ་དག་ཐ་གུ་དམས་པས་སྒྲོགས་པ་ལ། དེར་སྟན་ནང་ཚངས་ཅན་དག་གདིང་ངོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་ཁྲིའུ་ལའོ། །དེའི་ཁོ་ར་ཁོར་ཡུག་ཏུ་མཐོ་གང་ལྷག་པ་ཉིད་བཟང་ངོ་ཞེས་བྱ་བ་ནི། ཁྲིའུ་དེའི་ཁོ་ར་ཁོར་ཡུག་ཏུ་སྟན་ནང་ཚངས་ཅན་དེའི་ཐ་མ་མཐོ་

རེ་རེ་ལྷག་ན་བཟང་བ་སྟེ། དེ་ལྟར་འདུག་པ་ལ་སོགས་པ་ལ་ཁྲིའུ་དེ་མི་གནོད་ཅིང་སྟན་ནང་ཚངས་ཅན་དེའི་ཐ་མའི་རིག་པར་འགྱུར་བ་དེ་ལྟ་བས་ན་རྫས་སྲིད་དུ་ཁྲུ་བཞི་པ་ཞིང་དུ་ཁྲུ་དོ་ཡོད་པ་ཉིས་ལྟབ་ཏུ་བྱས་ཏེ་བཙེམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཨརྐའི་དང་། ཀ་ཤི་དང་། ཨེ་ར་

ཀའི་དང་། སྲ་བའི་དང་། ཤ་མ་ལ་དག་གི་བལ་གྱིས་དགང་ངོ་། །བལ་དང་། ཤ་ན་དང་། རས་བལ་དང་། རས་མ་དག་དང་། ལོ་མའི་ཚོགས་དག་གིས་ཀྱང་ངོ་ཞེས་བྱ་བ་སྨོས་ཏེ། འདིར་རུང་བར་གྲགས་པ་བསྟན་པའི་ཕྱིར་དེ་དག་སྨོས་པར་མ་ཟད་ཀྱི། བཟང་པོའི་སྒྲ་འཇུག་

པ་ཡིན་ནོ། །དོན་ཇི་ལྟ་བ་བཞིན་དུ་འདུག་པར་བྱ་བའི་ཕྱིར་མདོ་མདོར་བྱ་རོག་རྐང་དག་བྱའོ་ཞེས་བྱ་བ་ལ། དོན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། ཐམས་ཅད་དུ་ཁོད་སྙོམས་པར་འགྱུར་བ་འདི་ནི་འདིར་དོན་ཏོ། །དེ་ཇི་ལྟ་བ་བཞིན་དུ་སྒྲུབ་པ་དེ་ལྟར་གནས་པའི་ཕྱིར་སྟན་ནང་ཚངས་ཅན་

Vol. 161 · folio 71b

གྱི་ཕྱོགས་ཐམས་ཅད་དུ་སྙོམས་པར་ཁྱབ་ཅིང་། གཞན་དུ་མི་འཇུག་པར་བྱ་བའི་ཕྱིར་བྱ་རོག་གི་རྐང་པ་འདྲ་བ་དག་གིས་གཟུངས་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བསྒོམ་པ་ན་གཉིད་ཀྱི་གནོད་པ་བསལ་བར་བྱ་བའི་ཕྱིར། གཉིད་བྲོ་ན་གདོས་བུ་གདགས་པར་བྱའོ་ཞེས་བྱ་བ་སྨོས་ཏེ།

ཤིང་བལ་ལ་སོགས་པ་ལས་བྱས་པའི་གདོས་བུ་ཆུང་ངུའི་ཚད་དེ་ལུང་མིག་ནས་སྐུད་པ་བཏགས་ཏེ། བསམ་གཏན་པ་རྣམས་གཉིད་བྲོ་ན་གདོས་བུ་དེ་རང་གི་རྣ་བ་ལ་བཏགས་ཏེ་སྤྱད་པར་བྱའོ། །འདིར་གཞུང་ནི། གཉིད་བྲོ་ན་གདོས་བུ་གདགས་པར་བྱའོ། །དེ་ལྷུང་ནས་བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། སྐུད་པས་བཅིངས་ཏེ་རྣ་བ་ལ་བཏགས་ཤིང་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དབྱུ་གུ་དལ་བུས་གཟུགས་པར་བྱའོ་ཞེས་བྱ་བ་ནི། དེའི་བསམ་གཏན་ཉིད་འགྲོགས་པར་མི་འགྱུར་བ་དེ་ལྟར་དལ་བུས་གཟུགས་པར་བྱའོ་ཞེས་སྨོས་སོ། །འདི་ནི་སྤོང་བའི་

ཞལ་ཏ་བའི་ལས་ཡིན་ཏེ། དེས་དབྱུག་གུ་དལ་བུས་བཙུགས་པ་དེས་དེའི་གཉིད་སད་པར་འགྱུར་རོ། །གནོད་པར་མི་འགྱུར་བར་བྱ་བའི་ཕྱིར་བྲེའི་བཅད་འཕྲོ་ལྟ་བུར་རས་མ་དག་གིས་དཀྲིས་པས་སོ་ཞེས་བྱ་བ་ལས། བྲེའི་བཅད་འཕྲོ་ལྟ་བུ་ཞེས་བྱ་བ་ནི། བྲེའི་བཅད་འཕྲོ་ལྟར་

འདི་ལ་བཅད་པ་ཡོད་པས་ན་ཞེས་བྱ་བའི་བསྡུ་བའོ། །རས་མ་དག་གིས་དཀྲིས་པ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱིས་འབྱུང་བར་བྱ་བའི་ཕྱིར་བསྟན་པ་ཁོ་ནའོ། །རས་མ་ཞེས་བྱ་བ་གཞན་དག་གི་དཔེ་ཙམ་དུ་ཟད་དེ། རས་བལ་ལ་སོགས་པ་གཞན་གྱིས་ཀྱང་དཀྲི་བར་བྱ་བ་

ནི་རིགས་པ་ཡིན་ནོ། །འདིར་གཞུང་ནི་འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབྱུག་གུ་གཟུགས་པར་བྱའོ། །དགེ་སློང་དག་གིས་སྨྱིག་མ་བརྩལ་ཏེ་དེས་འཛུག་པ་ལས་རྨ་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲེའི་བཅད་འཕྲོ་ལྟ་བུར་

བྱའོ། །འོན་ཀྱང་སྣད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རས་མ་དག་གིས་དཀྲིས་ནས་དལ་བུས་ཁད་ཀྱིས་གཟུགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཕོ་ལང་འཕང་བར་བྱའོ། །ཡང་ཕྱིར་འོང་བར་བྱ་བའི་ཕྱིར་ཐ་གུས་གདགས་པར་བྱའོ་ཞེས་བྱ་བ་ནི། ཕོ་ལང་དེ་ཡང་

Vol. 161 · folio 72a

ཕྱིར་དྲང་བར་བྱ་བའི་ཕྱིར་ཐ་གུ་ཕྲ་མོ་རིང་མོས་བཏགས་ཏེ་འཕང་བར་བྱའོ། །དེ་ལྟར་བྱས་ན་ཡང་དང་ཡང་དུ་འཕང་ཞིང་བླང་སླ་བར་འགྱུར་རོ། །འདིར་གཞུང་ནི་འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོ་ལོང་འཕང་བར་བྱའོ། །དགེ་སློང་དག་གིས་

མུན་ཁུང་ན་མི་མཐོང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐ་གུས་བཏགས་ཏེ་འཕང་བར་བྱ་ཞིང་། དེ་ནས་ཡང་ཕྱིར་དྲན་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །མདུན་དུ་མར་མེ་གཞག་པར་བྱའོ་ཞེས་བྱ་བ་ནི་གཉིད་བསལ་བའི་དོན་དུ་ཆོ་ག་འདི་ཡིན་ཏེ། འདིར་གཞུང་ནི་འོན་

ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདུན་དུ་མར་མེ་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འོན་ཀྱང་གཉིད་མ་སངས་ན་རྐང་པ་དབྱུང་ངོ་། འོན་ཀྱང་མ་སངས་ན་ཡ་གཅིག་བརྐྱང་ངོ་ཞེས་བྱ་བ་ན། རྐང་པ་དབྱུང་ངོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་འོན་ཀྱང་

ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་ཡ་གཅིག་བརྐྱང་བར་བྱའོ། །འོན་ཀྱང་ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་ཡ་གཅིག་ཀྱང་བརྐྱང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །མི་འཐོམ་པར་བྱ་བའི་ཕྱིར་ཕྲེང་ཐག་དེ་དག་དེ་ལྟ་བུ་ལ་བཀོད་པའི་བུ་གུའམ།

དེ་ལ་བཏགས་པའི་ཐག་པ་ལ་འཇུས་ཏེ་བཅག་པར་བྱའོ་ཞེས་བྱ་བ་ནི། ཕྲེང་ཐག་ཆད་པར་རབ་ཏུ་བརྐྱངས་པ་དེ་ལྟ་བུ་ལ་སྨྱུ་གུའི་སྦུབས་ལ་སོགས་པ་བསྐོན་པ་ལ་འཇུས་ཏེ་བཅག་པར་བྱའོ། །ཅིའི་དོན་དུ་འཇུས་ཤེ་ན། བཀའ་སྩལ་པ། མི་འཐོམ་པའི་དོན་དུ་སྟེ། འདིར་གཞུང་ནི་འོན་ཀྱང་

ཡུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལངས་ཏེ་བཅག་པར་བྱའོ། །དགེ་སློང་དག་འཆག་པ་ན་འཐོམས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྲེང་ཐག་ལ་འཇུ་བར་བྱའོ། །དེ་དག་ལག་པས་འཆང་བ་རྒྱུད་བྱེད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། སྦུ་གུ་བསྐྱོན་ནས་སྐུད་པས་བཏགས་པ་ལ་འཇུས་ཏེ། བཅག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་སྦུ་གུ་ལ་འཇུས་པ་ནི་སྦྱོར་བ་སྟེ། གཞུང་ལས་ཀྱང་འཐོགས་པ་སྲིད་པ་དེ་བས་ན་དེ་ལྟར་ཉེ་བར་འབྲེལ་པའོ། །མཆི་ལ་ལྷམ་ཅན་གྱིས་བཅག་པར་མི་བྱའོ་ཞེས་བྱ་བ་ནི་སྤོང་བ་ཉི་

Vol. 161 · folio 72b

ཚེར་མ་ཟད་ཀྱི་འོ་ན་གང་ཞེ་ན། མཚོན་པའི་ཕྱིར་སྤོང་བ་པའི་ཞེས་སྨོས་པས་རིག་པར་བྱའོ། །རྐང་པ་གཉིས་ལ་རྡུལ་མི་འགོ་བར་བྱ་བའི་ཕྱིར་པར་ཐང་འདིང་བར་བྱའོ་ཞེས་བྱ་བ་ལ། འདིར་པར་ཐང་ཞེས་སྨོས་པ་ནི། འཇམ་པོ་དང་སྟན་གཞན་དག་གི་དཔེ་ཡིན་ནོ། །མི་འགོ་བར་བྱ་བའི་

ཕྱིར་ཞེས་བྱ་བ་ནི། རྡུལ་གྱིས་མི་འགོ་བར་བྱ་བའི་ཕྱིར་རོ། །འདི་ནི་དཔེ་ཙམ་ཡིན་གྱི་ལུས་ཡིད་དུ་འོང་བ་ལ་དེ་བས་གཞན་གྱིས་ཀྱང་ལུས་ཀྱི་གོས་དང་སྟན་རྣམས་ཀྱིས་ཉམས་པ་བས་ལ་བའི་ཕྱིར། རྐང་པ་ཕྱི་བ་དང་། བསྡུ་བ་དང་། རྐང་པ་རྡུལ་ཅན་གྱིས་སྐྱིལ་མོ་ཀྲུང་འཆའ་བའི་

རྒྱུ་མཚན་ཉིད་ཀྱི་ཕྱིར་རོ། །སྤོང་བ་པས་ཞག་གསུམ་ཞིང་རྐང་པ་གཉིས་བསྐུ་བར་བྱའོ་ཞེས་བྱ་བ་ནི། ཞག་གསུམ་གསུམ་ཞིང་རྐང་པ་གཉིས་བསྐུ་བར་བྱ་སྟེ། དེ་ལས་ལྷག་པར་ནི་མ་ཡིན་ཏེ་ཞེས་དེ་ལྟར་འདི་ནི་གཙོ་བོ་ཡིན་ནོ། །མ་ནུས་ན་དེར་ཡང་ཉལ་བར་བྱའོ་ཞེས་བྱ་བ་ནི། གཉིད་

བྲོ་བས་བསད་པར་མ་ནུས་ན། རྣལ་འབྱོར་གྱི་གནས་དེར་ཡང་ཉལ་བ་ཉེས་པ་མེད་པ་སྟེ། རྣལ་འབྱོར་གྱི་གནས་ཉིད་ཀྱི་ཕྱིར་རོ། །དེ་ལ་འདི་ནི་རྣལ་འབྱོར་དང་བཅས་པ་ཉིད་ཀྱིས་དེར་ཞུགས་པ་སྲིད་པའི་ཕྱིར་གཞན་དུ་སོང་སྟེ། འདི་བྱེད་པ་རིགས་པ་ཞེས་བྱ་བ་དེའི་འདོད་པ་བསལ་བའི་

དོན་དུའོ། །སྒོ་བཅད་པར་རོ་ཞེས་བྱ་བ་ལ་འདི་ནི་གཞན་དག་མ་དད་པར་འགྱུར་བ་དང་། ཐོ་འཚམས་པར་འགྱུར་བའི་སྤང་བའི་ཕྱིར། སྒོ་གླེགས་ལ་སོགས་པས་སྒོ་བཅད་པ་དེར་ཉལ་བ་ལ་ཉེས་པ་མེད་དོ། །གློས་ཀྱང་ཕབ་སྟེའོ་ཞེས་བྱ་བ་ནི། ཉལ་དུ་རུང་ངོ་ཞེས་བྱ་བའི་

དོན་དུའོ། །དེ་ཡང་སྟན་ལ་ཉལ་བ་འདིར་རུང་བ་མ་ཡིན་གྱི་གཞན་ནི་མ་ཡིན་ཞེས་བྱ་བ་འདོད་པ་བསལ་བའི་དོན་དུའོ། །དེ་ཡང་སྟན་ལ་ཉལ་བ་འདིར་རུང་བ་ཡིན་གྱི་གཞན་ནི་མ་ཡིན་ཞེས་བྱ་བ་འདོད་པའི་དོན་དུའོ། །སྤོང་བ་པའི་ཕྱིར་ཞལ་ཏ་པ་བསྐོ་བར་བྱའོ་ཞེས་བྱ་བ་ནི། ཇི་ལྟར་འོས་པ་

དེ་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱིས་བསྐོ་བར་བྱའོ། །དེའི་བྱ་བ་ནི་ལངས་མ་ཐག་ཁོ་ནར་ཆག་ཆག་གདབ་པ་དང་། ཕྱག་དར་བྱ་བ་དང་། ལྕི་བསར་པའི་བྱུག་པས་བསྐུ་བར་བྱའོ་ཞེས་བྱ་བ་ལ། སྤོང་བ་པའི་ཞལ་ཏ་བ་དེས་ལས་སུ་བྱ་བ་སྟེ། དེས་བྱ་བའི་ལས་འོག་ནས་འབྱུང་

Vol. 161 · folio 73a

བ་ཐམས་ཅད་ལ་སྤྱིར་སྦྱར་རོ། །ལངས་མ་ཐག་ཁོ་ནར་ཞེས་བྱ་བ་ནི། ནམ་ལངས་མ་ཐག་ཁོ་ནར་ལངས་ནས་སོ། །སྟན་བཤམ་པར་བྱའོ། །མི་གཙང་བའི་སྐྱབས་གཉིས་ཀྱིས་བྱི་དོར་བྱའོ་ཞེས་བྱ་བ་ནི་བཤང་བ་དང་གཅི་བའི་ས་གཉིས་བྱི་དོར་བྱའོ། །ཆག་

ཆག་ལ་སོགས་པས་སོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཕྱག་དར་བྱ་བ་དང་། ལྕི་བ་སར་པའི་བྱུག་པས་བསྐུ་བ་དག་བསྡུས་སོ། །བོང་རྡོག་དང་། ས་དང་ཆུ་དག་གཞག་པར་བྱའོ་ཞེས་བྱ་བ་ལ་འདིར་དག་པར་བྱ་བའི་ཕྱིར་དུས་དང་མཐུན་པའི་ཆུ་ཞེས་བྱ་བ་ཕྲན་ཚེགས་དག་གི་

རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །བསྡུ་བའི་ཕྱིར་གཎྜཱི་བརྡུང་ངོ་ཞེས་བྱ་བ་ནི། སྤོང་བ་པ་རྣམས་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པར་བྱའོ། །དེའི་གནས་ནི་ཁང་སྟེང་ངོ་ཞེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་གཎྜཱི་བརྡུང་བ་དེའི་གནས་དེའོ། །གང་དང་གང་དུ་དེ་དང་དེ་བརྗོད་པ་དེར་

འདི་གནས་པར་རྟོགས་པར་བྱ་སྟེ། དེ་བས་ན་འདིས་བྱས་པའོ། །དེའི་ཁང་སྟེང་དུ་སྒྲུབ་པ་ལ་མཆོག །དེ་བས་ན་གཞན་ཁང་སྟེང་གི་རྣམ་པ་མ་ཡིན་ཏེ། འདིར་དེའི་གནས་སུ་གཏོགས་པའི་གནས་དེ་དང་དེར་ཁང་ཐོག་ཏུ་འཛེགས་ནས་བཀླག་པར་བྱའོ་ཞེས་བྱུང་བ་ཡིན་ཏེ། དེ་བས་ན་མདོ་འདིའོ། །

དེ་སྒྲུབ་པར་བྱེད་པས་ནི་མ་ཡིན་ཞེས་བྱ་བ་འདོན་པས་མེད་པར་ཤེས་པར་བྱ་བ་སྟེ། དགོངས་པ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །དགེ་འདུན་བསྡུ་བའི་ཕྱིར་ནི་རྒྱུད་གསུམ་དང་དེ་སྙེད་ཀྱི་ཏོག་དག་གོ་ཞེས་བྱ་བ་ནི་ལན་གསུམ་བྱའོ་ཞེས་བྱ་བའི་དོན་ཏོ། །ལས་བྱ་བའི་དོན་དུ་གཎྜཱི་བརྡུང་བ་ལ་ནི་རྒྱུད་གཅིག་

དང་། ཏོག་གསུམ་བརྡུང་ངོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ལས་རྒྱུད་གསུམ་དང་ཏོག་གཉིས་སོ་ཞེས་བྱ་བ་ལུགས་གཅིག་ལས། ལས་བྱ་བའི་དོན་དུ་གཎྜཱི་བརྡུང་བ་ལ་ནི། རྒྱུད་གསུམ་དང་ཏོག་གཉིས་ཞེས་ཀྱང་འབྱུང་སྟེ། འདི་ནི་ཏོག་གི་སྒྲས་བརྗོད་པའོ། །ཁ་ཅིག་ཅེས་བྱ་བ་ནི་

འདོད་པའོ། །ལས་བྱ་བའི་དོན་དུ་ཁ་ཅིག་གི་འདོད་པ་འདི་ཞེས་བྱ་བའི་དོན་དུའོ། །ཤི་བ་ལ་ཕྲག་པ་དབྱུང་བའི་དོན་དུ་ནི་བྱི་བོའོ་ཞེས་བྱ་བ་ནི། གཎྜཱི་བརྡུང་བ་ནི་བྱི་བོ་སྟེ། བྱི་བོ་ཞེས་བྱ་བ་ནི་རྒྱུད་ཉེ་ཚེ་སྟེ་ཏོག་དང་བྲལ་ལོ། །ཁ་ཅིག་ལས་ནི་རྒྱུད་གཅིག་དང་ཏོག་གཅིག་གོ་ཞེས་བྱ་བ་ནི་ལུགས་

Vol. 161 · folio 73b

ཁ་ཅིག་ལས་ཏེ་འདོད་པ་གཞན་ཉེ་བར་བཀོད་པའོ། །སྤོང་བ་པའི་དོན་དུ་ནི་ཁར་གསིལ་ལོ་ཞེས་བྱ་བ་ནི། དེས་གཎྜཱི་བྱ་བའི་དོན་ཏོ། །ཁ་ཅིག་ལས་གཎྜཱི་ཆུང་ངུ་ཞེའོ་ཞེས་བྱ་བ་ནི། ཀློག་པར་བྱེད་པའི་རྟོགས་པས་མངོན་པར་འབྲེལ་པ་ཕོའི་རྟགས་འདི་བསྟན་ཏོ། །འདི་དག་གི་དོན་གཅིག་ཁོ་ན་ཞེས་

བྱ་སྟེ། དེ་བས་ན་འདི་བསྟན་པ་ཁར་གསིལ་ཉིད་གཎྜཱི་ཆུང་ངུ་ཞེས་བྱ་བ་བརྗོད་དོ། །གནོད་པ་བྱུང་བ་ལ་ནི་ཇི་ཙམ་གྱིས་ཆོག་པའོ་ཞེས་བྱ་བ་ནི། གནོད་པ་བྱུང་བའི་ཚེ་གཎྜཱི་བརྡུང་བ་ལ་ནི་ཇི་ཙམ་གྱིས་ཆོག་པ་དེ་ཙམ་བརྡུང་བར་བྱ་སྟེ། ནམ་ཞི་བར་གྱུར་གྱི་བར་དུ་བརྡུང་ངོ་ཞེས་བྱ་བའི་དོན་ཏོ། །ཟན་

གྱི་ཕྱིར་འདུ་བའི་དོན་དུ་ནི་གཎྜཱི་དང་། གཎྜཱི་ཆུང་ངུ་གཉིས་ཀ་བརྡུང་ངོ་ཞེས་བྱ་བ་ནི། ཟན་གྱི་ཕྱིར་འདུ་བའི་གང་ཡིན་པ་དེའི་དོན་དུའོ། །ཅི་རྒྱུན་མ་ཆད་པར་བརྡུང་བར་བྱའམ་ཞེ་ན། དེའི་ཕྱིར་རབ་ཏུ་གཅད་དེའོ་ཞེས་བྱ་བ་སྨོས་སོ། །ཅི་ཙམ་གྱིས་བར་དུ་གཅོད་ཅེ་ན། དེའི་ཕྱིར་བརྐྱང་བས་

སོ་ཞེས་བྱ་བ་སྨོས་ཏེ། དུས་ཅི་ཙམ་གྱིས་འགྲུབ་པར་འགྱུར་བའི་དུས་དེ་ཙམ་གྱི་བར་དུ་གཎྜཱི་ཆུང་ངུ་བརྐྱང་པས་བརྡུང་བར་བྱའོ། །དེ་བས་ན་ཤིན་ཏུ་ཆུང་བར་འདི་ལས་བསྟན་པར་མི་བྱའོ་ཞེས་བྱ་བར་ཤེས་པར་བྱའོ། །འདུས་པ་ཆེན་པོའི་ཚེ་གཎྜཱི་བརྡུངས་པས་གོ་བར་མི་འགྱུར་བ་བལྟ་ན་དུང་སྦྲེལ་

ཏེ། བུད་པར་བྱའོ། །རྔ་བོ་ཆེ་བརྡུང་བར་བྱའོ་ཞེས་བྱ་བ་ནི་འདིར་གཞུང་ནི། གླེང་གཞི་དག་ལས་དེ་རྣམ་པའི་དོན་དུ་ཟན་གྱི་ཕྱིར་འདུ་བའི་དོན་དུ་ཞེས་བྱ་བ་ནི་དཔེ་ཙམ་དུ་རིག་པར་བྱ་སྟེ། གཞན་དུ་ཡང་འདི་སྦྱོར་བའི་ཕྱིར་རོ། །གཎྜཱི་བརྡུངས་པར་མི་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི། ཅི་ཡང་རུང་བ་

བླངས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པར་འབྱེད་པ་ལ་སོགས་པ་ལ་གཎྜཱིའི་ཕྱིར་མྱུར་བ་ཁོ་ནར་འགྲོ་བར་བྱའོ་ཞེས་བྱ་བའི་ཚིག་གནང་ངོ་། །གཎྜཱི་བརྡུངས་པར་སོ་སོར་ཉེ་བར་གནས་པའི་ཕྱིར་སྦྲན་པ་ཡིན་པས་དེའི་ཕྱིར་དོན་ཅི་ཞིག་བྱུང་ཞེས་ངེས་པར་ཤེས་པར་བྱ་བའི་

ཕྱིར་དེར་འགྲོ་བར་བྱའོ། །འདིར་འགྲོ་བ་ནི་བྱ་བ་སྟེ་དོན་སྒྲུབ་པ་ནི་མ་ཡིན་ནོ། །འདི་ལ་དགོས་པའི་དབང་ཉིད་ཀྱི་ཕྱིར་འོས་པ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །མི་མྱུར་བར་མི་བྱའོ་ཞེས་བྱ་བ་ནི། གཎྜཱིའི་ཕྱིར་མྱུར་བ་ཁོ་ནར་འགྲོ་བར་བྱའོ་ཞེས་བྱ་བར་སྦྱར་ཏེ་འདི་ནི་མ་མོ་ལས་སོ། བྱ་བ་འགྲུབ་

Vol. 161 · folio 74a

པའི་དུས་ཀྱི་ལྷག་མ་ལུས་ཙམ་ན་རྒྱུན་ཆགས་གསུམ་པ་གདོན་ཅིང་ཅི་བདེར་བྱའོ་ཞེས་བྱ་བ་ནི། རྒྱུན་ཆགས་གསུམ་པ་གདོན་པ་ལ་དུས་ཇི་ཙམ་གྱིས་དགེ་སློང་སྤོང་བ་པ་དག་གིས་མཆོད་རྟེན་ལ་ཕྱག་བྱ་བ་ལ་སོགས་པའི་བྱ་བ་གྲུབ་པའི་དུས་ཀྱི་ལྷག་མ་དེ་ཙམ་ལུས་པ་ནི། རྒྱུན་

ཆགས་གསུམ་པ་འདོན་པ་སྤོང་བ་པ་དག་ཅི་བདེར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་རན་པར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་རྒྱུན་ཆགས་གསུམ་པའོ། །ཡོན་བཤད་པར་བྱའོ་ཞེས་བྱ་བ་ནི། རྒྱུན་ཆགས་གསུམ་བཏོན་པའི་འོག་ཏུ་སྦྱིན་པའི་ཕན་ཡོན་བཤད་པར་བྱའོ། །དེ་ཡང་ཇི་ལྟར་

བྱ་ཞེ་ན། དེའི་ཕྱིར་རན་པར་རོ་ཞེས་བྱ་བ་སྨོས་ཏེ། ཕྱི་དྲོ་མཚན་མོའི་མཇུག་ཏུ་རང་གི་གནས་སུ་འགྲོ་བར་མངོན་པར་ཕྱོགས་པ་རྣམས་ལ་དེ་རིགས་པར་གྱུར་པ་མཐོང་བ་ཡིན་ནོ། །སྤོང་བ་པའི་ཞལ་ཏ་པས་སྔར་འདུ་ཞིང་མཇུག་ཏུ་འགྱེད་པར་བྱའོ་ཞེས་བྱ་བ་ནི། སྤོང་བའི་ཞལ་ཏ་བྱེད་པས་

གང་དེ་རྣམས་ཀྱིས་སོ། །གལ་ཏེ་རྐྱེན་དེ་ལྟ་བུ་བྱུང་ན་ལྡེ་མིག་སྦས་པ་བསྟན་པར་བྱའོ་ཞེས་བྱ་བ་ལ། གལ་ཏེ་དེ་ལྟ་བུ་ཞེས་བྱ་བ་ནི། དོན་གལ་པོ་ཆེའི་དབང་གིས་མ་གྲུབ་པས་ལྡེ་མིག་གང་དུ་སྦས་པ་དེ་བསྟན་པར་བྱའོ་ཞེས་བྱ་བ་དེ་བསྡུས་པ་ཡིན་ནོ། །གལ་ཏེ་སྔར་ལྡེ་མིག་འགའ་ཞིག་

གི་ལག་ཏུ་གཞག་གམ། ཕྱོགས་འགའ་ཞིག་ཏུ་སྦས་ནས། སྔར་འགྲོ་མི་ཁོམ་པ་དེ་ལྟ་བུའི་རྐྱེན་དག་བྱུང་ན། སྦེད་པ་པོ་འགྲོ་བའི་ཕྱིར་གནས་སྐབས་བདེ་བླག་ཏུ་བྱེད་པར་མི་ནུས་ན། དེའི་ཕྱིར་གལ་ཏེ་དེ་ལས་སྤོང་བ་པ་གཞན་དག་མི་སྣང་ན་སྨྲ་བར་བྱ་བའི་དོན་ཏོ། །འདིར་གཞུང་

ཐམས་ཅད་ཀྱི་སྔོན་དུ་འོང་བར་བྱའོ། །གལ་ཏེ་དེ་ལྟ་བུའི་རྐྱེན་དག་བྱུང་ན་ལྡེ་མིག་སྦ་བར་བྱ་བ་བརྗོད་པར་བྱ་སྟེ་བསྟན་པར་བྱའོ། །ཚེ་དང་ལྡན་པས་ཕྱོགས་འདི་ན་ལྡེ་མིག་སྦས་པ་བལྟས་ནས་དབྱུང་བར་བྱའོ། །གསོ་སྦྱོང་གི་གཞི་ལས་ཞི་གནས་ཀྱི་གསོ་སྦྱོང་གི་སྐབས་སོ། །གསོ་སྦྱོང་

གི་གནས་ལ་བློ་མཐུན་པར་བྱའོ་ཞེས་བྱ་བ་སྨོས་ནས། གནས་ཇི་ལྟ་བུར་བློ་མཐུན་པར་བྱ་ཞེ་ན། དེའི་ཕྱིར་གནས་ཐམས་ཅད་གྲུབ་པའམ། བྱས་པའམ་ཟིན་པ་ལའོ་ཞེས་བྱ་བ་སྨོས་ཏེ། གནས་གང་ལ་ཐམས་ཅད་གྲུབ་པའམ། ཐམས་ཅད་བྱས་པའམ། ཐམས་ཅད་ཟིན་

Vol. 161 · folio 74b

པ་ཡོད་པ་དེ་ནི་གང་ལ་ཞེས་བྱ་བ་འདིས་བསྡུས་པའོ། དེ་ལ་གྲུབ་པ་ཞེས་བྱ་བ་ནི་འཆགས་པའི་བསྐལ་པ་ཚེ་རང་གྲུབ་པའམ། གཏིབ་ཆད་པ་ལ་སོགས་པས་རང་གྲུབ་པ་སྟེ། དཔེར་ན་རིའི་བྱ་སྐྱིབས་ལ་སོགས་པ་ལྟ་བུ་གཞན་གྱིས་བྱས་པ་ལ་མི་ལྟོས་པའི་ཕྱིར་རོ། །བྱས་པ་ཞེས་བྱ་བ་ནི་

འབད་པ་ལ་བརྟེན་ནས། བསྒྲུབ་པ་གང་ཡིན་པའོ། །ཟིན་པ་ཞེས་བྱ་བ་ནི། བྱ་བ་བྱེད་པའི་གནས་ལ་སོགས་པར་རུང་བ་སྟེ། གྲུབ་པ་དང་བྱས་པ་དང་ཟིན་པ་ལའོ་ཞེས་བྱ་བ་འདི་ཡོངས་སུ་རྫོགས་པ་དེ་བས་ན་གྲུབ་པ་ལ་སོགས་པ་ནི་མིང་གི་རྣམ་གྲངས་ཉིད་དོ། །ཡོངས་སུ་མ་རྫོགས་པ་ལ་

ཡང་འདི་དག་གི་སྒྲ་འཇུག་པར་འགྱུར་བ་ཡིན་ཏེ། དེའི་ཕྱིར་བྱེ་བྲག་འདི་ཡིན་ནོ། །ཕྱི་རོལ་ཉེ་འཁོར་འདོམ་གང་དང་ལྡན་པའོ་ཞེས་བྱ་བ་ནི། དགེ་འདུན་ལས་ཕྱི་རོལ་དུ་གྱུར་པའི་ཉེན་ཀོར་དུ་འདོམ་གང་ཙམ་དང་བཅས་པ་གང་ཡིན་པ་དེ་ནི་ཕྱི་རོལ་ཉེན་ཀོར་འདོམ་གང་དང་ལྡན་པ་ཞེས་བྱ་བའོ། །

ཉེན་ཀོར་འདོམ་གང་དང་བཅས་པ་ཞེས་བྱ་བ་ནི། མཐའི་སྒྲ་ནི་འདིར་དྲང་སྲོང་གིས་གསུངས་པ་ལས་འདོན་པ་ཡིན་ཏེ། དེའི་དོན་ནི་བར་དང་བཅས་པར་གྱུར་པ་དང་ལྷན་ཅིག་ཏུ་དེ་ཙམ་པའི་ཕྱི་རོལ་དུ་གྱུར་པའི་ཉེ་འཁོར་ཞེས་གསུངས་པ་ཡིན་ནོ། །ཅི་མི་འདོད་བཞིན་དུ་ཡང་བློ་མཐུན་པར་བྱ་བའམ་

ཞེ་ན། མ་ཡིན་ཏེ་དེའི་ཕྱིར་དགེ་འདུན་འདོད་ནའོ། །ལས་གཞན་གྱི་གནས་ཀྱང་དེ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གསོ་སྦྱོང་གི་གནས་ཞེས་སྨོས་པས་འདིར་ལས་གཞན་དེར་མི་བྱ་བའམ་སྙམ་དུ་སེམས་པ་རྣམས་ཀྱི་དོགས་པ་བསལ་བའི་ཕྱིར་འདིའོ། །འདིར་གསོ་སྦྱོང་ཞེས་སྨོས་པ་ནི། དཔེ་

ཙམ་དུ་ཟད་དེ་དེ་བས་ན་ལས་རྣམས་ཐ་དད་པར་གནས་པ་ཉིད་ཅེས་བྱ་བ་གསོ་སྦྱོང་གི་གཞི་ལས་དེ་བཅས་པའི་ཕྱིར་དེ་སྐད་ཅེས་བྱའོ། །མཚམས་གཅད་པར་བྱའོ། །དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆད་དུའོ་ཞེས་བྱ་བ་ལ། ཕྱེད་ཅེས་བྱ་བ་ནི་ཇི་སྲིད་དང་ལྷན་དུ་སྦྱར་བ་འདི་སྟེ། དེ་སྲིད་

དཔག་ཚད་ཕྱེད་དང་གསུམ་ཞེས་བྱ་བའི་དོན་ཏོ། །ཕྱོགས་ཕྱོགས་སུ་ཕ་བོང་དང་། རྩིག་པ་དང་། ཀ་བ་དང་། ཤིང་ལྗོན་པ་དང་། ར་བ་དང་། བྱ་སྐྱིབས་དང་། ལམ་པོ་ཆེ་དང་། ཁྲོན་པ་ལ་སོགས་པ་དེ་ཤེས་པའི་དགེ་སློང་རྣམས་ཀྱིས་བརྟགས་ནས་དགེ་འདུན་གྱི་མདུན་དུ་མཚན་མ་བརྟན་པོ་བརྗོད་

Vol. 161 · folio 75a

དེ་ལས་བྱའོ་ཞེས་བྱ་བ་ལ། དེ་ཤེས་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཡུལ་དེ་ན་གནས་པའམ། གཉུག་མར་གནས་པ་རྣམས་ཀྱིའོ། །གནས་པ་ཞེས་བྱ་བ་ནི་གང་དག་གནས་པ་དེའམ། ཕྱི་རོལ་དུ་མངོན་པར་ཤེས་པ་མ་གྲུབ་པ་ལས་སྔར་གནས་པའོ། །སྔར་ཕ་

བོང་ལ་སོགས་པ་མཚན་མ་བརྟན་པོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་འཕངས་པ་རྣམ་པར་བཅད་པའོ། །རྗེས་སུ་འཇུག་པར་བྱེད་ཙམ་ལ་བརྟན་པོ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་བརྗོད་པའོ། །འདིས་རྣམ་པར་བཅད་ནས་ཡུན་རིང་དུ་གནས་པ་བརྗོད་པ་ལ་ཡིན་ཏེ། དོན་ལས་ཇི་ལྟར་

ཡུན་རིང་དུ་ཡོངས་སུ་ཤེས་པ་བསྒྲུབ་པ་དེ་ལྟར་གོང་དུ་ཡང་མཚན་མ་གཞན་ངེས་པར་ཞུགས་པ་མངོན་པར་འདུ་བྱས་པས་བྱའོ་ཞེས་བྱ་བ་སྨོས་པ་དེའི་ཕྱིར། གང་ཞིག་གང་དུ་གཞན་སྒྲུབ་པར་འགྱུར་པ་དེ་བས་ན་རེ་ཞིག་འབྱུང་བར་གྱུར་ཅིག་སྙམ་དུ་བྱེད་པ་དེར་ན་པར་སྒྲུབ་པ་ལ་མཚན་མ་ཞེས་འབྱུང་

བ་ཡིན་ཏེ། ཕ་བོང་ངམ་ཕུར་པ་གདབ་པ་ལ་སོགས་པ་བྱའོ་ཞེས་བྱ་བ་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །དེར་གནང་བ་བྱས་ན་ཆོས་གོས་དག་དང་བྲལ་བར་མི་འགྱུར་རོ་ཞེས་བྱ་བ་ལ། དེར་ཞེས་བྱ་བ་ནི་མཚམས་ཀྱི་ནང་དུའོ། །གལ་ཏེ་ཆོས་གོས་དག་དང་མི་འབྲལ་བའི་གནང་

བ་བྱས་པར་གྱུར་ན་འདིར་ཆོས་གོས་དག་དང་འབྲལ་བར་མི་འགྱུར་བ་ཡིན་ནོ། །མཚམས་བཅད་པ་ཙམ་ཆོས་གོས་དང་མི་འབྲལ་བར་གྱུར་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བྱའོ་ཞེས་བྱ་བ་ནི། ཆོས་གོས་དང་བྲལ་བར་མི་འགྱུར་བའི་གནང་བ་དེ་བྱ་སྟེ། ཆོས་གོས་དག་དང་མི་འབྲལ་

བའི་གནང་བ་དེ་བྱས་པར་འགྱུར་རོ། །དེ་ལ་བྱེད་པ་གནང་བ་མ་ཡིན་ནོ་སྙམ་དུ་འགའ་ཞིག་སེམས་སོ་ཞེས་སྨོས་སོ། །ཐམས་ཅད་ཀྱི་ཆེད་དུ་དཀྱིལ་འཁོར་བར་བློ་མཐུན་པར་བྱའོ་ཞེས་བྱ་བ་ནི། ལས་ཐམས་ཅད་ལ་བརྟེན་ནས་གསོ་སྦྱོང་གི་རྗེས་ལ་དཀྱིལ་འཁོར་བློ་མཐུན་པར་བྱའོ། །

སྔ་མ་བག་ཡངས་སུ་མ་བྱས་པ་བཅད་པ་གཞན་མི་འཆགས་སོ་ཞེས་བྱ་བ་སྔར་གྱི་མཚམས་བག་ཡངས་སུ་མ་བྱས་པ་ལ་མཆོམས་གཞན་མི་འཆགས་སོ། །དེ་ལྟ་བས་ན་དཀྱིལ་འཁོར་བའི་མཚམས་སུ་བློ་མཐུན་པར་མ་བྱས་པར་མཚམས་བཅད་པའི་བློས་མཐུན་པར་བྱེད་འདོད་པ་ལ་

Vol. 161 · folio 75b

མཚམས་དགྲོལ་བར་བྱའོ། །འདི་ནི་རིགས་པ་མ་ཡིན་ནོ་སྙམ་དུ་ཤེས་པར་མི་བྱའོ། །དེའི་ཕྱིར་མཚམས་དག་དགྲོལ་བར་བྱའོ་ཞེས་བྱ་བ་སྨོས་ཏེ། མཚམས་པོ་ཆེའི་སྟེང་དུ་དཀྱིལ་འཁོར་བ་མི་འཆགས་པས་དེ་དགྲོལ་ནས་བྱའོ། །ཚིག་གཅིག་གིས་མཚམས་གཉིས་བཅད་

པ་དང་དགྲོལ་དུ་རུང་ངོ་ཞེས་བྱ་བ་ནི། མཚམས་གཉིས་པོ་དག་ལ་ཚིག་གཅིག་གིས་བཅད་པའམ་དགྲོལ་བར་རིགས་པ་ཡིན་ཏེ། མཚམས་གཉིས་ཀར་དགེ་འདུན་བཀོད་ནས་ལས་བྱེད་པའི་དགེ་སློང་གིས་མཚམས་གཉིས་ཀར་ཤིང་ངམ་དབྱུག་པའམ་རེ་ལྡེས་མནན་ནས་གསོལ་

བ་བྱ་སྟེ་ལས་བྱའོ་ཞེས་གསུངས་པ་དེ་བསྡུས་པ་ཡིན་ནོ། །མཚམས་མ་བཅད་པའི་གནས་སུ་ནི་ལས་ལ་རྩིག་པ་མཚམས་ཡིན་ནོ་ཞེས་བྱ་བ་ནི། མཚམས་མ་བཅད་པའི་གནས་གང་ཡིན་པ་དེར་ལས་བྱ་བའི་ཡུལ་ལ་གཙུག་ལག་ཁང་གི་རྩིག་པ་ཉིད་མཚམས་ཡིན་ནོ་ཞེས་བྱ་བའི་

དོན་ཏོ། །འདིར་ཆོས་གོས་དང་འབྲལ་བའི་མཚམས་བསལ་བའི་ཕྱིར་ལ་ཞེས་སྨོས་པ་ནི། དེ་ལ་ཆོ་ག་ཡིན་ནོ། །དབྱར་གྱི་མཚམས་བཅད་པ་ལ་ཁས་བླངས་པའི་རྣམ་པ་གང་ཡིན་པ་དེ་ནི་འདིར་མཚམས་སོ། །ཁས་བླངས་པ་ཡང་ལས་ཏེ་གང་གི་ཕྱིར་འདིར་ལས་ཀྱི་གཞིར་སྤྱིར་

བསྟན་པ་བཟུང་བ་ནི་མ་ཡིན་ཏེ། འོན་ཀྱང་ཐམས་ཅད་ངེས་པར་རྟོགས་པའི་རྗེས་སུ་བསྒྲུབ་པ་ལའོ། །དེ་ལྟར་ཡང་མཚམས་འདིར་རྙེད་པ་བགོ་བ་དང་ཤི་བའི་ཡོ་བྱད་བྱིན་གྱིས་བརླབས་པ་ཡང་དེ་ལྟ་བུའི་རྣམ་པ་ལས་འབྱུང་བའོ། །དེ་ལྟར་ཡང་ཚེ་དང་ལྡན་པ་ཉེ་དགའ་གཙུག་ལག་ཁང་

ནས་ཐག་རིང་པོ་ན་འདུག་པས་ཁོ་བོ་མཚམས་སུ་གཏོགས་པས་རྙེད་པ་དབང་ངོ་ཞེས་བྱ་བ་སྨྲས་པ་ཡིན་ནོ། །ནང་དུ་འཚེད་པ་དང་སྨིག་པ་དག་ལ་སྒྲུབ་པ་གང་ཡིན་ཞེ་ན། གནས་སུ་འདི་དག་ལ་མི་མཐུན་པ་ཉིད་དོ། །དེ་ལྟ་བས་ན་ཇི་སྲིད་གནས་ཀྱི་བློ་ཡོད་པ་དེ་སྲིད་དུ་ཞེས་བྱའོ། །དེ་ཡང་ཕྱི་

རོལ་འདོམ་གང་དང་བཅས་པའོ། །གཞི་མེད་པའི་གནས་སུ་ཇི་ལྟར་བྱ་ཞེ་ན། ཇི་སྲིད་དུ་དེར་ལྷག་པར་གནས་པའི་ངོ་བོས་སྒྲུབ་པར་བྱེད་པ་དེ་སྲིད་སྤང་བར་བྱའོ། །དགེ་སློང་གྲོང་དག་ཏུ་དགེ་སློང་རྣམས་ཀྱི་དོན་དུ་ཉེ་བར་མི་མཁོ་བའི་གནས་རྣམས་གང་ཡིན་པར་བྱེད་པ་དེ་རྣམས་ལ་ཇི་ལྟར་བྱ་ཞེ་ན།

Vol. 161 · folio 76a

གང་ཞིག་དེར་དགེ་སློང་རྣམས་ཀྱི་གནས་དོན་དུ་དེ་ཉེ་འཁོར་དང་བཅས་པ་སྤང་བར་བྱའོ། །དེ་བཞིན་དུ་གཞན་ལ་ཡང་ངོ་། །ཝ་ནས་ཆུ་འཛག་པ་གང་དུ་བབ་པ་ཡང་ངོ་ཞེས་བྱ་བ་ནི། ཝ་ནས་ཆུ་འཛག་པ་རྣམས་ཀྱི་ནི་སྨྱུག་མ་བཞིན་དུ་གཙུག་ལག་ཁང་གི་ཁོངས་སུ་གཏོགས་པ་ཉིད་

ཡིན་ནོ། །དེ་བས་ན་ཁྱམས་བཞིན་དུ་དེའི་འོག་ཆ་འདི་ཞུགས་པའོ། །ཡང་ངོ་ཞེས་བྱ་བའི་སྒྲས་ནི་གལ་གཉིས་སུ་བཏགས་པ་མ་ཡིན་གྱི། གང་དུ་ཝ་ནས་ཆུ་འཛག་པ་ཡོད་པ་དེ་ལ་ནི་འདི་ཡིན་ནོ། །གཞན་ལ་ནི་རྩིག་པ་ཞེས་བྱ་བ་བསྟན་པའི་དོན་དུའོ། །མཚམས་དེའམ་འདི་ཞེས་བྱ་བ་ཝ་ནས་

ཆུ་འཛག་པའི་ཝ་ཡིན་ནོ། །གྲོང་ལ་ཉེན་ཀོར་གྱི་མཐའ་ཚུན་ཆད་དོ་ཞེས་བྱ་བ་ནི། གྲོང་ལ་སྔར་འབྲལ་བའི་སྐབས་སུ་གྲོང་གི་ཉེན་ཀོར་བསྟེན་པ་གང་ཡིན་པ་དེའི་མཐའ་ཚུན་ཆད་མཚམས་ཡིན་ཏེ། འདིར་གཞུང་ནི་ལུང་སིལ་བུ་དག་ལས་གསུངས་པ་ཡིན་ནོ། །དགོན་པ་ལ་ནི་ཕྱོགས་ཕྱོགས་སུ་

རྒྱང་གྲགས་ཀྱི་མཐའ་ཚུན་ཆད་དོ་ཞེས་བྱ་བ་ནི། དགོན་པ་ལ་དབུས་ནས་བརྩམས་ཏེ་ཞེས་བྱ་བ་བསྟན་པའི་ཕྱིར་ཕྱོགས་ཕྱོགས་སུ་ཞེས་སྨོས་སོ། །གསོ་སྦྱོང་གི་གཞི་ལས་གནས་ཀྱི་སྐབས་སོ།། །།འདིར་གསོ་སྦྱོང་དང་དགག་དབྱེའི་དོན་དུ་མཛད་དེ་འདུན་པ་འབུལ་བ་གསུངས་

མོད་ཀྱི་ཚོགས་པར་གཏོགས་པ་གཞན་ཐམས་ཅད་ལ་ཡང་ཡོད་པས། ལས་ཐམས་ཅད་ལ་རྣམ་པར་གནས་པ་དེ་བས་ན་ཐམས་ཅད་ཀྱི་དབང་དུ་བྱ་སྟེ་བསྟན་པའི་ཕྱིར། འདུན་པ་འབུལ་བས་ལས་དེ་དང་མཐུན་པ་འགྲུབ་པོ་ཞེས་བྱ་བ་སྨོས་ཏེ། དེ་དང་ཞེས་བྱ་བ་ནི་འདུན་པ་འབུལ་བར་

བྱེད་པ་གང་ཡིན་པའི་གང་ཟག་དེས་སོ། །མཚམས་བཅད་པའི་ལས་ནི་མི་འགྲུབ་བོ་ཞེས་བྱ་བ་ནི། འདུན་པ་འབུལ་བར་བྱེད་པ་དེའི་ཚོགས་པ་མཐུན་པ་མི་འགྲུབ་བོ། །འདིར་གཞུང་ནི་ཉེ་བ་འཁོར་ལས་ཐམས་ཅད་ལ་འདུན་པ་དང་བཅས་པ་ཡིན་ཏེ། མཚམས་བཅད་པ་ནི་མ་

གཏོགས་སོ་ཞེས་གསུངས་པ་ཡིན་ནོ། །གླེང་གཞི་དག་ལས་དེ་ལ་སོགས་པ་འདུན་པ་འབུལ་བ་ཞེས་བྱ་བའི་མཐར་ཐུག་པའོ། །བསླབ་པ་བྱིན་པ་ལས་དེ་བླང་དུ་རུང་ངོ་ཞེས་བྱ་བ་ནི། འདིར་དེ་ཞེས་བྱ་བའི་སྒྲ་ནི་འདུན་པ་བཟང་ངོ་། །བསླབ་པ་བྱིན་པ་ལས་འདུན་པ་བླང་བ་སུ་ལ་རུང་ཞེ་ན།

Vol. 161 · folio 76b

དེའི་ཕྱིར་དེ་ལ་དགེ་སློང་གི་འདུ་ཤེས་ཉེ་བར་གཞག་པ་ལའོ་ཞེས་བྱ་བ་སྨོས་ཏེ། བསླབ་པ་བྱིན་པ་དེ་ལ་དགེ་སློང་གི་འདུ་ཤེས་ཉེ་བར་གཞག་པ་དེ་ལ་དགེ་སློང་གི་འདུ་ཤེས་སོ། །དེ་ཉེ་བར་གནས་པ་གང་གིས་དེ་ལས་ཞེས་བྱ་བའི་དོན་ཏོ། །དབུལ་དུ་མི་རུང་ངོ་ཞེས་བྱ་བ་ནི་བསླབ་པ་བྱིན་པ་དེ་ལ་འདུན་

པ་དབུལ་དུ་མི་རུང་སྟེ། དགེ་འདུན་དུ་གྱུར་པ་འདིར་ཡང་མ་ཡིན་ཞེས་བྱ་བ་བྱེ་བྲག་མེད་པར་གཏོགས་པའོ། །ཡོངས་སུ་དག་པ་དང་དགག་དབྱེ་དག་ལ་ཡང་འདིས་བྱས་པར་འགྱུར་ཞེས་བྱ་བར་རིག་པར་བྱའོ། །སྨྱོས་པའི་གནང་བ་ཐོབ་པས་ནི་མི་མཐུན་པ་ཉིད་དུ་མི་འགྱུར་རོ། །ཡོངས་

སུ་དག་པ་ཕུལ་བ་དང་ཡང་གཅིག་པ་ཉིད་དོ་ཞེས་བྱ་བ་ནི། འགྲུབ་བོ་ཞེས་བྱ་བའི་རྗེས་བསྙེག་པའི་ཕྱིར་ཡང་ཞེས་བྱ་བའི་སྒྲ་སྨོས་ཏེ། གང་དང་ལྷན་ཅིག་པ་ཉིད་ཅེས་བྱ་བ་འདི་ལ་དགེ་འདུན་དང་ཞེས་བྱ་བ་ཤུགས་ཀྱིས་རྟོགས་པའོ། །དོན་གང་ལ་གཅིག་ཉིད་དུ་འགྱུར་ཞེ་ན། དེའི་

ཕྱིར་གསོ་སྦྱོང་དང་དགག་དབྱེ་ལའོ་ཞེས་བྱ་བ་སྨོས་ཏེ། གཅིག་པ་ཉིད་དུ་འགྱུར་ཞེས་བྱ་བར་སྦྱར་རོ། །ཅི་ཞིག་བྱས་པས་ཤེ་ན། དེའི་ཕྱིར་དེ་ཕུལ་བས་སོ། །ཡོངས་སུ་དག་པ་དང་དགག་དབྱེ་ཕུལ་བས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་དེ་གཉིས་ལའོ་ཞེས་བྱ་བ་ལ། དེ་བཞིན་དུ་

ཞེས་བྱ་བ་ནི་ཡོངས་སུ་དག་པ་དང་དགག་དབྱེ་འབུལ་བ་དག་གིས་སོ། །དེ་གཉིས་ལ་ཞེས་བྱ་བ་ནི་གསོ་སྦྱོང་དང་དགག་དབྱེ་ལའོ། །རྟོགས་པ་པོ་ལ་ཆོ་ག་འདི་ལེགས་པ་ཉིད་དུ་བསྟན་གྱི་དགེ་འདུན་དུ་ལོངས་པས་ནི་མ་ཡིན་ནོ། །དེ་བརྗོད་པར་བྱ་སྟེ། ཆོ་ག་ནོད་པར་བྱའོ་ཞེས་བྱ་བ་སྨོས་ཏེ། ཡོངས་

སུ་དག་པ་དང་དགག་དབྱེ་ཕྲལ་བས་གསོ་སྦྱོང་དང་དགག་དབྱེ་གཉིས་བྱ་བའི་ཆོ་གའོ། །ཚོགས་ཐ་དད་པས་འདུན་པ་ལ་སོགས་པས་མཐུན་པར་བྱ་སྟེ། ལས་བྱེད་པ་ལ་མི་རུང་བ་ཉིད་དོ་ཞེས་བྱ་བ་ནི། བཀོད་པ་སྣ་ཚོགས་པ་བཅིངས་པར་གྱུར་པ་ཉིད་ཀྱིས་དེ་ལ་མི་རིགས་པའི་བློ་སྐྱེ་བ་

སྟེ། དེ་བསལ་བའི་དོན་དུ་འདིའོ། །འདིར་ཁ་ན་མ་ཐོ་བ་མེད་པའི་འདུན་པ་ལ་སོགས་པ་འབུལ་བའི་སྐབས་མ་ཡིན་པར་ཤེས་པར་མི་བྱ་སྟེ། འདི་ནད་པ་ལ་སོགས་པ་དབང་པོ་ཉིད་རིགས་པར་གྱུར་པ་ཉིད་ཀྱི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ལས། བཙུན་པ་དགེ་སློང་ཕྱོགས་

Vol. 161 · folio 77a

གཅིག་ན་མཆིས་པས་གནས་བཞི་པོ་དག་ཏུ་སོ་སོར་ཐར་པའི་མདོ་བཏོན་པ་ལ་གསོ་སྦྱོང་ཡང་བགྱིས་པར་འགྱུར་ཞིང་། དགེ་སློང་དེ་དག་ལ་ཡང་འགལ་ཚབས་ཅན་དུ་མི་འགྱུར་བ་མཆིས་སམ། ཉེ་བ་འཁོར་ཡོད་དེ། འདི་ལྟར་སོ་སོར་ཐར་བའི་མདོ་འདོན་པའི་དགེ་སློང་གི་

གནས་བཞི་པོ་དག་ཅིག་ཅར་དུ་ཤིང་ངམ། དབྱུག་པའམ། རེ་ལྡེས་མནན་ཏེ་སོ་སོར་ཐར་པའི་མདོ་འདོན་ནའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བརྗོད་པར་བྱ་བ་རྩོམ་པ་འདྲ་བ་རྣམས་ཅིག་ཅར་བརྗོད་པ་ལ་ཡང་མེད་དོ་ཞེས་བྱ་བ་ནི་མི་རུང་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །ཅིག་ཅར་ཞེས་

བྱ་བ་ནི་ཐབས་ཅིག་གིས་བསྒྲུབ་པར་བྱ་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འདུན་པ་དང་ཡོངས་སུ་དག་པ་གཉིས་ལྷན་ཅིག་ཏུ་འདུན་པ་དང་དགག་དབྱེ་དག་ལ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་གསུངས་པ་གང་ཡིན་པ་དེ་འདིས་བསྡུས་པ་ཡིན་ནོ། །བརྗོད་པར་བྱ་བ་རྩོམ་པ་འདྲ་བ་རྣམས་

ཞེས་སྤྱིར་སྨོས་པ་གང་ཡིན་པ་དེ་ལ་རིག་པ་ནི་འདུན་པ་དང་ཡོངས་སུ་དག་པ་དང་། འདུན་པ་དང་དགག་དབྱེ་དག་ཀྱང་བརྗོད་པ་ཡང་རིག་པར་བགྱིད་དོ་ཞེས་གསུངས་པ་གང་ཡིན་པ་དེ་རྣམས་ཀྱིས་ནི་ཡུལ་གྱི་བྱེ་བྲག་ལ་བཅས་པ་ཞེས་བྱ་བ་དེ་ལྟ་བུར་གཞན་རྣམས་ལ་ཡང་འདིར་ཁོངས་སུ་བསྡུ་བའི་ཕྱིར་

འདི་བསྟན་པ་ཡིན་ནོ། །གཅིག་གིས་དུ་མའི་དེ་དག་ལེན་པ་ལ་ཡང་མེད་དོ་ཞེས་བྱ་བ་ནི། མི་རུང་བ་ཞེས་བྱ་བར་སྦྱར་ཏེ། དགེ་སློང་གཅིག་གིས་དགེ་སློང་དུ་མའི་རྒྱུད་དུ་གཏོགས་པའི་འདུན་པ་དང་། དགག་དབྱེ་ལ་སོགས་པ་ལེན་པ་ཡང་མི་རུང་བ་མེད་དོ། །འདི་ལ་བརྗོད་ནུས་པའི་ཚིག་གིས་

གཟུང་ངོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་དགེ་སློང་དུ་མའི་རྒྱུད་དུ་གཏོགས་པའི་འདུན་པ་ལ་སོགས་པ་ལེན་པ་འདི་ལ་གྲངས་ཀྱི་བྱེ་བྲག་ཡོངས་སུ་ཆད་པ་མེད་དོ། །འོན་ཀྱང་བརྗོད་ནུས་པ་ལས་ཏེ་ཇི་སྙེད་བརྗོད་ནུས་པ་དེ་སྙེད་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །མི་ནུས་ན་དེ་དག་འབུལ་བ་གང་ཡང་

རུང་བས་འགྲུབ་བོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་དེ་རྣམས་འབུལ་བ་གང་ཡིན་པ་དེ་རྣམས་ལ་གང་ཡང་རུང་བས་མི་ནུས་པར་གྱུར་ན་འགྲུབ་པའོ། །ལུས་ཀྱིས་ཀྱང་ངོ་། །ཇི་ལྟར་ཡང་མི་ནུས་ན་ཡང་ན་དགེ་འདུན་དེར་འགྲོ་བར་བྱའོ། །ཡང་ན་དེ་ཁྲིས་བླང་བར་བྱའོ་ཞེས་བྱ་བ་ལ་ཇི་ལྟར་ཡང་ཞེས་

Vol. 161 · folio 77b

བྱ་བ་ལ་ནི་ལུས་ཀྱིས་ཀྱང་མི་ནུས་པར་འགྱུར་ནའོ། །ཡང་ན་དེ་ཞེས་བྱ་བ་ནི་འདུན་པ་ལ་སོགས་པ་འབུལ་བའི་ནད་པ་ལའོ། །དེ་བླངས་པས་རྒྱུག་པར་མི་བྱའོ་ཞེས་བྱ་བ་ནི། འདུན་པ་ལ་སོགས་པ་རྣམས་སོ། །མགྱོགས་པར་མི་བྱའོ་ཞེས་བྱ་བ་ལ། ལ་ལ་དག་ནི་མགྱོགས་པ་དང་རྒྱུག་པ་དག་གིས་

གནས་ལ་མགྱོགས་པ་དང་། རྒྱུག་པར་མི་བྱའོ་ཞེས་ཟེར་རོ། །དོན་དེ་ཉིད་འདིར་མཐོང་བ་ཡིན་ནོ། །རྩེ་བའི་ངོ་བོས་ཅུང་ཟད་དལ་བའི་འགྲོ་བས་ཚིག་དང་བཅས་པས་རྒྱུག་པ་མཐོང་བའོ། །ཚིག་དང་བཅས་པའི་མགྱོགས་པའང་མཐོང་བ་ཡིན་ནོ། །རྒྱུག་པ་ནི་དེ་ཉིད་སྟེང་གི་ཆ་ལ་བསྙེན་ནས་

མཆོང་བ་ལ་སོགས་པའི་ངོ་བོའོ། །མཆོང་བར་མི་བྱའོ། །ཕྱི་རོལ་ལ་མཆོང་བར་མི་བྱའོ་ཞེས་བྱ་བ་ནི་འོབས་ལའོ། །བང་རིམ་ལ་མི་བྱའོ་ཞེས་བྱ་བ་ནི་མཆོང་བ་སྟེ། ཕྱི་རོལ་གྱི་ཁྱམས་ཀྱི་བང་རིམ་ལའོ། །ནམ་མཁའ་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ནི། ནམ་མཁའ་ལ་འཇུག་

པའམ། འགྲོ་བར་མི་བྱའོ། །ཕྱི་རོལ་དུ་མི་བྱའོ་ཞེས་བྱ་བ་ནི་མཚམས་ནས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་མི་བྱའོ། །སྐས་ཀྱི་རིམ་པ་གཞན་བཞག་ནས་གཞན་དུ་གོམ་པ་དོར་བར་མི་བྱའོ། །ཐེམ་སྐས་ཀྱི་ཐེམ་པར་མི་བྱའོ། །ཆུ་ལྐོག་མ་ནུབ་ཙམ་ལ་འབོག་པར་མི་བྱའོ། །

གཉིད་ལོག་པ་དང་སྙོམས་པར་འཇུག་པར་མི་བྱའོ། །དེ་གཉིས་ནི་མ་བཀླས་པ་ཉིད་ཀྱིས་ཀྱང་སྨད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་གཉིས་ཞེས་བྱ་བ་ནི་འདུན་པ་ལ་སོགས་པ་གཟུང་བ་གཉིད་ལོག་པ་དང་། སྙོམས་པར་འཇུག་པ་དག་ལའོ། །མ་བཀླས་པ་ཉིད་ཅེས་བྱ་བ་ནི།

ཐེ་ཚོམ་ཟ་བ་ཉིད་དང་། མ་ངེས་པ་ཉིད་དང་། མ་མོས་པ་ཉིད་དང་བསྟན་པ་ལ་མ་གུས་པ་ཉིད་དོ། །དེས་ན་གཉིད་ལོག་པ་དང་། སྙོམས་པར་ཞུགས་པ་འདི་དག་ལ་སྨད་པར་བྱ་བ་ཉིད་དོ། །ལྟུང་བ་འབྱིན་པ་པོ་ཉིད་ཀྱིས་ངོ་ཚ་བ་མེད་པ་འབའ་ཞིག་མ་ཟད་ཀྱི་མཚམས་ཀྱི་ཕྱི་རོལ་དུ་

འགྲོ་བ་ལ་སྐྱོན་དང་བཅས་པ་ཉིད་ཀྱི་རྗེས་སུ་བསྒྲུབ་པ་ལ་གཏོགས་པའི་ལོ་རྒྱུས་ལ་སོ་སོར་ནུབ་པ་ཉིད་མ་ཡིན་གྱི། འདི་དག་ལ་ནི་འདི་སོ་སོར་མི་གནང་བར་འགྱུར་བ་དེ་བས་ན་འདི་དག་ཁོ་ན་ལས་མ་བཀླས་པ་ཉིད་ཀྱིས་ཀྱང་སྨད་པར་བྱ་བ་ཉིད་ཡིན་ནོ། །དགེ་སློང་ལ་བརྗོད་པར་བྱའོ་ཞེས་བྱ་

Vol. 161 · folio 78a

བ་ནི། འདུན་པ་ལ་སོགས་པ་ལེན་པར་བྱེད་པ་དེས་གང་གི་ཚེ་དགེ་འདུན་གྱི་གནས་བརྟན་གྱིས་བརྗོད་པར་བྱ་སྟེ། འདིར་གཞུང་ནི། དེས་དྲུང་ན་འདུག་པའི་དགེ་སློང་ལ་ཚེ་དང་ལྡན་པ་དགེ་སློང་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པར་བརྗོད་དོ། །

བརྗོད་པ་གང་རིག་པར་བགྱིད་དོ་ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་ལས་དགེ་འདུན་ལའོ་ཞེས་བྱ་བ་ནི། ལུགས་ཁ་ཅིག་ལས་དགེ་འདུན་ལ་བརྗོད་པར་བྱའོ་ཞེས་ཀྱང་འབྱུང་ངོ་། །བཙུན་པ་རྣམས་དགོངས་སུ་གསོལ་ཞེས་བྱ་བས་བརྩམ་མོ་ཞེས་བྱ་བ་ནི། དེ་ལྟར་འདུན་པ་ལ་སོགས་པ་

བརྗོད་པར་བྱ་བ་ལ་སོགས་པ་ནི་རྩོམ་པ་རྩོམ་པའོ། །བཙུན་པ་རྣམས་དགོངས་སུ་གསོལ་ཞེས་བྱ་བ་དང་གསན་དུ་གསོལ་ཞེས་བྱ་བ་ནི། དགེ་འདུན་གྱི་ནང་དུ་མ་ཕྱིན་པར་དུས་བྱས་སམ། ཁྱིམ་པ་ཉིད་ལ་སོགས་པའི་ཁས་བླངས་ན་མ་བླངས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། འདུན་པ་ལ་

སོགས་པ་དབང་དུ་བྱས་པས་རྗེས་སུ་འཇུག་པའོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་བསླབ་པ་དབུལ་བའི་ཚིག་དག་ཏུ་གཏོགས་པ་དགེ་ཚུལ་ཉིད་ཅེས་བྱ་བ་ལ་སོགས་པ་ནས། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཞེས་བྱ་བའི་མཐར་ཐུག་པའི་བར་དག་བསྡུས་པའོ། །

ཕྱིན་ན་བླངས་པ་ཉིད་ཡིན་ནོ་ཞེས་བྱ་བར་གོ་བར་མ་བྱས་སུ་ཟིན་ཀྱང་འདི་ལ་ཐེ་ཚོམ་མེད་པར་བྱའོ་ཞེས་གོ་བར་བྱ་བའི་ཕྱིར་བརྗོད་པ་ཡིན་པས་དགེ་འདུན་གྱི་ནང་དུ་འོངས་པ་ཉིད། དགེ་འདུན་གྱི་ཁོངས་སུ་གཏོགས་པས་དེའི་དངོས་པོ་ལ་འདིར་གཙོ་བོ་སྟེ། དེ་བས་ན་འདིར་དེ་ཤེས་པའོ། །

གཞན་གྱིས་ཚེས་བཅོ་ལྔ་ལ་དགེ་སློང་བཟུང་ན་དེ་ལ་དགེ་འདུན་གྱིས་འདི་བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་གྱི་ཐོང་ཤིག་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ལ། གཞན་གྱིས་ཞེས་བྱ་བ་ནི། རྒྱལ་པོ་ལ་སོགས་པའོ། །དེ་ལ་ཞེས་བྱ་བ་ནི་གཞན་ལ་བརྗོད་པར་བྱའོ། །གང་གིས་

དགེ་སློང་བཟུང་བར་གྱུར་པ་དེ་ལ་མངོན་སུམ་དུའམ་འཕྲིན་པ་བཏང་སྟེ། དེར་རང་གིས་སམ་ཐམས་ཅད་ཀྱིས་མ་བཏང་བ་དང་མ་བཏང་བར་འགྱུར་བ་མ་ཡིན་ཏེ། ཕོ་ཉའི་ཁ་ནས་སྨྲ་བ་གང་ཡིན་པ་དང་། རང་གིས་ཁ་ནས་སྨྲ་བ་གང་ཡིན་པ་འདི་གཉིས་ཀའི་བསྡུ་བ་ལ་དགོངས་ནས། དེ་ལྟར་

Vol. 161 · folio 78b

ཉེ་བར་བཏགས་པའོ། །མ་བཏང་ན་བདག་ཅག་འདི་དང་ལྷན་ཅིག་བྱ་བ་ཅུང་ཞིག་ཡོད་དོ་ཞེས་སྔ་མ་དང་བཅས་ཏེའོ་ཞེས་བྱ་བ་ལ། སྔ་མ་དང་བཅས་ཏེ་ཞེས་བྱ་བ་ནི་མདོ་སྔ་མ་དེས། ཐོང་ཤིག་ཅེས་སྨོས་པའི་ཚིག་སྔ་མ་དེ་དག་དང་བཅས་ཏེ། བདག་ཅག་དགེ་སློང་འདི་དང་ལྷན་ཅིག་བྱ་བ་ཅུང་ཟད་

ཅིག་ཡོད་དོ་ཞེས་བྱ་བ་འདི་ལྟར་གཞན་ལ་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་དཀྱིལ་འཁོར་པར་བྱའོ་ཞེས་བྱ་བ་ནི། ཚིག་གཉིས་པ་བརྗོད་ཀྱང་མ་བཏང་ན་དེའི་ཚེ་དགེ་འདུན་གྱིས་དཀྱིལ་འཁོར་དུ་གསོ་སྦྱོང་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་བཏང་བའི་ཕྱིར་སྔར་མི་འབད་པར་མི་བྱའོ་

ཞེས་བྱ་བ་ནི། གཞན་གྱིས་བཟུང་བའི་དགེ་སློང་དེ་བཏང་བའི་ཕྱིར་རོ། །འཕྲིགས་པས། མི་མཐུན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི། མཚམས་ཀྱི་ནང་ན་དགེ་སློང་དངོས་སུ་འཁོད་པར་ཤེས་པ་རྣམས་ཀྱི་ངེས་པ་རྣམས་ཁོ་ནས་དགེ་སློང་རྣམས་ཡོད་ན། གང་ཞིག་མ་འོངས་པ་ཞེས་པ་ལས་མི་

མཐུན་པ་ཉིད་ཀྱིས་ཉེས་པར་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལྟར་མཐོང་ངམ་ཐོས་པས་མི་མཐུན་པ་ཉིད་ཀྱིས་ཉེས་པར་འགྱུར་བ་ཤེས་པར་བྱ་བ་མ་ཡིན་ནོ། །ཐ་དད་པ་ཉིད་དུ་འདོད་པས་མངོན་པར་བརྟགས་ཏེ་ལས་བྱེད་ན་ཉེས་པ་སྦོམ་པོའོ་ཞེས་བྱ་བ་ལ། ཐ་དད་པ་ཉིད་དུ་འདོད་པས་

ཞེས་བྱ་བ་ནི། ངེས་པའམ་འཕྲིགས་པ་མ་ལྷགས་པ་རྣམས་ཐ་དད་པ་ཉིད་དུ་འདོད་པས་མ་འོངས་ཀྱང་སླའོ་སྙམ་དུ་སེམས་ཤིང་དེ་བས་ན་ཐག་རིང་པོ་ན་འཁོད་ཅིག་སྙམ་པའོ། །འདིར་ལས་ཞེས་སྨོས་པའི་འདུག་པར་གཏོགས་པ་དང་རྗེས་སུ་མཐུན་པའི་ལས་སུ་བྱ་བ་ལ། ཚོགས་པའི་

ཡན་ལག་མ་ཡིན་པ་དེ་ཡོངས་སུ་བཅད་པའི་དོན་དུ་ཚིག་འདིའོ། །འདི་ནི་དགེ་འདུན་གྱི་དབྱེན་ལ་འདུ་བའི་སྐབས་སུ་དགེ་འདུན་ལྷག་མ་གང་ཡིན་པ་དེའི་སྐབས་སུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་རོ། །རྟོག་པ་ཉིད་ན་ཐེ་ཚོམ་ཟ་འམ་ངེས་པར་འབྱེད་པ་ལ་ནི་ཉེས་པའི་བྱེད་པ་མི་

འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ལ། དེ་ལྟར་ཡང་འདིར་གཞུང་ནི། ཅི་གང་དག་མ་ལྷགས་པ་དེ་དག་མེད་པར་བདག་ཅག་གིས་གསོལ་བ་བྱས་ཏེ། གསོ་སྦྱོང་བྱ་བ་དང་སོ་སོར་ཐར་པའི་མདོ་འདོན་པ་གདོན་དུ་རུང་ངམ་འོན་ཏེ་མི་རུང་། དེ་དག་མེད་པར་བདག་ཅག་གིས་དགག་དབྱེ་བྱར་རུང་

Vol. 161 · folio 79a

ངམ་འོན་ཏེ་མི་རུང་སྙམ་དུ་རྟོག་པ་ཉིད་ན་ཐེ་ཚོམ་ཟའམ་ཉེས་པ་དེ་དག་མེད་པར་བདག་ཅག་གིས་གདོན་པ་དང་། དགག་དབྱེའི་བར་དག་བྱར་རུང་ངོ་ཞེས་ངེས་པར་བྱེད་པ་གང་ཡིན་པ་དེ་ལ་ནི་ཉེས་པའི་བྱེད་པ་མི་འབྱུང་བ་མ་ཡིན་ཏེ། ཇི་སྲིད་དུ་འདོན་པ་དང་། དགག་

དབྱེ་བྱེད་པའི་བར་དག་ཏུ་མི་མཐུན་པའི་ཉེས་པ་ཁོ་ནར་འགྱུར་རོ་ཞེས་གསུངས་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་འདིར་འདི་ནི་ལས་ཐམས་ཅད་ཀྱི་དབང་དུ་བྱས་པ་ཁོ་ན་ཡིན་པས་སྤྱིར་མདོར་བྱས་སོ། །བསམ་པ་ཐག་པ་ནས་ཡོངས་སུ་བཙལ་ཞིང་གོབ་ལོབ་མ་བྱས་ན་དག་པའི་བྱེད་པ་ཡིན་

ནོ་ཞེས་བྱ་བ་ནི། གང་ཞིག་མ་འོངས་པ་ན་དགེ་སློང་དག་འབྱུང་བར་ཤེས་ནས་གལ་ཏེ་ལྷག་པའི་བསམ་པས་དེ་རྣམས་ལ་སློང་བར་བྱེད་ན། དེ་ནས་འདི་དག་གཅིག་པུས་མ་ཐོབ་པ་ལ་ལས་བྱེད་པས། དེ་རྣམས་ལ་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་དང་། མ་དག་པ་ཉིད་འབྱུང་བར་མི་

འགྱུར་རོ། །རུང་བ་ཙམ་དུ་གྱུར་པ་བསམ་པ་ཐག་པ་ནས་མ་ཡིན་པ་ཡོངས་སུ་བཙལ་ཞིང་དག་པའི་བྱེད་པ་མ་ཡིན་ཏེ། དེར་གཏོགས་པ་རྣམས་ལ་མི་མཐུན་པའི་ཉེས་པར་འགྱུར་རོ། །བཙལ་བ་དང་། བོད་པ་དང་མཐོན་པོར་འདུག་སྟེ། ཕྱོགས་སུ་བལྟ་བ་དག་གིས་ནི་དེ་ཡིན་

ཞེས་བྱ་བ་ནི། རྣམ་པ་དེ་གསུམ་གྱི་རིགས་ཀྱིས་ནི་ཡོངས་སུ་བཙལ་བ་ཉིད་ཡིན་ཏེ། དེ་འདིར་མངོན་པར་འདོད་པ་ཞེས་བྱ་བའི་དོན་ཏོ། །འདིར་བཙལ་བ་ཞེས་བྱ་བ་ནི་ཕྱོགས་དེ་དང་དེ་རྣམས་སུ་བྱུལ་བའོ། །བོད་པ་ཞེས་བྱ་བ་ནི་སྐད་ཀྱིས་བོད་པའོ། །མཐོན་པོར་འདུག་སྟེ་ཕྱོགས་

སུ་བལྟ་བ་ཞེས་བྱ་བ་ནི་ས་ཕྱོགས་མཐོན་པོར་འགྲེང་སྟེ་མིག་རྒྱང་གིས་ཕྱོགས་ཕྱོགས་སུ་བལྟ་བར་བྱའོ། །དེ་གསུམ་ལ་ཡང་གོ་རིམས་བཞིན་དུ་བྱ་སྟེ། དང་པོ་རྗེས་བཙལ་བར་བྱའོ། །བཙལ་བས་མ་རྙེད་ན་བོད་པར་བྱའོ། །དེས་ཀྱང་མ་རྙེད་ན་ཕྱོགས་ཆེས་མཐོན་པོར་འགྲེང་སྟེ། ཕྱོགས་

བཞིར་བལྟ་བར་བྱའོ། །དེ་བཞིན་དུ་འདིར་འདི་འཇུག་པ་རིགས་པའི་ངོ་བོའོ། །འདིར་གཞུང་ནི་རྣམ་པ་གཉིས་དག་ལ་སྟེ། ཇི་སྐད་དུ་ཞུ་བ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་གྲོང་མཐའ་བ་མ་ལགས་པ་དགོན་པ་ན་གནས་པ་དེ་རྣམས་ཐམས་ཅད་གསོ་སྦྱོང་གི་གནས་གཅིག་

Vol. 161 · folio 79b

ཏུ་འདུ་བར་བྱའོ་ཞེས་བཀའ་སྩལ་ནས། གལ་ཏེ་དེ་རྣམས་མི་གདའ་ན་བཅལ་བར་བགྱི་ཞིང་གལ་ཏེ་དེ་རྣམས་མ་རྙེད་ན་བོད་པར་བགྱིའོ། །གལ་ཏེ་དེ་རྣམས་ཀྱིས་མ་ཐོས་ན་གསོ་སྦྱོང་བགྱིའོ་ཞེས་བགྱི་བའམ། ཉེ་བར་འཁོར་བྱས་ཞེས་བྱའོ་ཞེས་གསུངས་པ་དང་། འོག་མ་ཤོས་

ཀྱིས་གཞུང་ནི་ཕྱོགས་བཞིར་བལྟས་ཏེ། གསོ་སྦྱོང་ཞེས་གསུངས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་ས་ཕྱོགས་མཐོན་པོར་གནས་ཏེ་བརྟག་པར་བྱའོ་ཞེས་བྱ་བའི་རྗེས་སུ་འབྲངས་ནས་སོ། །ཞུ་བ་ལས་རྣམ་པ་འདི་གང་ཞིག་མ་གསུངས་པ་དེ་ནི་ཆུད་ཟོས་པར་མཐོང་བ་ཡིན་ནོ། །གསོ་

སྦྱོང་གི་གཞི་ལས་མཐུན་པའི་གསོ་སྦྱོང་གི་ཚོགས་པའི་སྐབས་སོ། །གསོ་སྦྱོང་བྱའོ། །ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ། །སོ་སོར་ཐར་པའི་མདོ་གདོན་པས་སོ་ཞེས་བྱ་བ་ནི། གང་ཞིག་ཚེས་བཅུ་བཞི་དང་བཅོ་ལྔ་པ་ཉིད་ལ་འདི་མཚན་མོ་གཅིག་གིས་མ་ཆོག་པས་དེར་དེ་རིང་ཉིད་

དུ་ཚེས་བཅོ་ལྔ་ཞེས་བྱ་བ་སྟེ། གསོ་སྦྱོང་བྱེད་པ་དེ་བས་ན་བཅུ་བཞི་པ་འདིས་བསྡུས་པ་ཡིན་ནོ། །གང་ཞིག་མདོ་ལས་གསོ་སྦྱོང་ནི་གཉིས་ཏེ། བཅུ་བཞི་པ་དང་། བཅོ་ལྔ་པའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་འདིར་འགལ་བ་མེད་དོ། །དེ་ཉིད་ལ་འདི་བསྟན་པར་བྱས་པའོ། །

མཚན་མོ་གཅིག་ཆད་པ་དང་། གཞན་དུ་གསོ་སྦྱོང་ཞེས་བྱ་བ་འདིས་བསྟན་པའི་དོན་དུ་ཟླ་བ་ངོ་དེའི་ཚེས་གྲངས་གང་ལ་མཐར་ཐུག་པ་ལ་དེང་དགེ་འདུན་གྱི་གསོ་སྦྱོང་བཅུ་བཞི་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གསོ་སྦྱོང་བཅུ་བཞི་པ་ལགས་པས་ཞེས་བརྗོད་པར་བྱའོ། །

དེ་ཡང་མཚན་མོ་གཅིག་ཆད་པས་དེ་གསོ་སྦྱོང་ཞེས་བྱ་བ་བསྟན་པའི་དོན་དུའོ། །ཟླ་བ་ཕྱེད་ཕྱེད་ཅེས་བྱ་བའི་ལན་གཉིས་སུ་སྨྲ་བ་ནི་འདིར་ཟླ་བ་ཕྱེད་ཕྱེད་ཅེས་བྱ་བའི་དོན་དུའོ། །སོ་སོར་ཐར་པའི་མདོ་གདོན་པས་སོ་ཞེས་བྱ་བ་ནི། འདིར་གསོ་སྦྱོང་གིས་ཚུལ་ཁྲིམས་གསོ་བར་བྱེད་པ་ཡོད་

པས། དེ་དག་བཙལ་བའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པས་སོ། །དྲན་པ་ཙམ་གྱིས་བྱས་པ་དང་། མ་བྱས་པ་ལ་སོ་སོར་བརྟག་པའོ། །སེམས་དྲང་པོར་བསྒྲུབ་པ་དང་། བྱེ་བྲག་ཉེ་བར་བསྒྲུབ་པ་ལ་རྣམ་པར་ངེས་པ་ཀུན་ནས་ལྡང་བས་རང་གི་ངོ་བོ་དང་འབྲས་བུ་ལས་འདས་པར་བྱེད་ཅིང་

Vol. 161 · folio 80a

ཐ་དད་པར་བྱེད་པ་རྣམས་ཀྱིས་ཚུལ་ཁྲིམས་ལའོ། །དེ་ལྟར་རྣམ་པ་འདི་རྣམས་ཀྱིས་ཀྱང་ཚུལ་ཁྲིམས་གསོ་བར་བྱེད་པ་ཡོད་པས་བྱེ་བྲག་འདི་ཡོངས་སུ་བཟུང་བའོ། །སོ་སོར་ཐར་པའི་མདོ་གདོན་པས་སོ་ཞེས་བྱ་བ་ནི། འདུལ་བར་གཏོགས་པ་མ་ལུས་པ་སྟོན་པ་དང་།

མ་ལུས་པ་བསྟན་པའི་སྐབས་བཟློག་པའི་དོན་དུ་དགའ་བ་སྤྱོད་པ་འདི་ལ་ཞེས་བྱ་བ་རྒྱལ་བའི་བསྟན་པ་ལྷག་མ་རྣམ་པར་གཞག་པའོ། །ཡང་ན་སླར་ཡང་། གཞན་དག་ཆོས་དང་རྗེས་སུ་མཐུན་པ་འོངས་པར་གྱུར་ནའོ། །དེར་ཁྱེད་ཅག་གིས་བཅས་པ་དང་རྗེས་སུ་བཅས་པ་ལས་ཡང་དག་པར་དགའ་

བར་གྱུར་པ་དང་རྗེས་སུ་བསྟན་པར་གྱུར་པ་རྣམས་ཀྱིས་བསླབ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགག་དབྱེ་བྱས་ན་འདི་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དེས་དག་པར་སྤྱད་ནས་དེ་བྱིན་པས་གསོ་སྦྱོང་གི་ཚུལ་ཁྲིམས་རྒྱས་པར་བྱེད་པའོ། །དགག་དབྱེ་བྱས་ནས་སླར་གསོ་སྦྱོང་མི་

བྱའོ་ཞེས་བྱ་བ་དེ་ལ་འདི་བསྟན་པའོ། །དེ་གཉིས་ནི་ཚུལ་ཁྲིམས་དག་པར་བྱེད་པ་སྟེ། དེ་བས་ན་དགག་དབྱེ་བྱས་པས་གསོ་སྦྱོང་འགྲུབ་པ་ཉིད་དོ། །འདིར་གཞུང་ནི། ཕྲན་ཚེགས་དག་ལས། དགེ་སློང་དག་དགག་དབྱེ་བྱས་ནས་གསོ་སྦྱོང་བྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་

སྩལ་པ། དགག་དབྱེ་བྱས་ནས་གསོ་སྦྱོང་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གསོལ་བ་དང་། རྣམ་པར་གཞག་པ་འཛིན་དུ་གཞུག་པ་སྔར་བྱ་ཞིང་དེ་གདོན་ཏོ་ཞེས་བྱ་བ་ནི་དང་པོར་གསོལ་བ་སྔོན་དུ་འགྲོ་བས་རྣམ་པར་གཞག་པས་འཛིན་དུ་གཞུག་པར་བྱས་ནས་དེའི་རྗེས་ལ་སོ་སོར་ཐར་པའི་

མདོ་གདོན་པའོ། །རྣམ་པར་གཞག་པ་འཛིན་དུ་གཞུག་པ་ནི་སོ་སོར་ཐར་པའི་མདོ་ལས་ཚེ་དང་ལྡན་པ་དག་བདག་ཅག་གསོ་སྦྱོང་བྱ་སྟེ། སོ་སོར་ཐར་པའི་མདོ་གདོན་པ་གདོན་གྱིས་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་ཅེས་མཐོལ་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གླེང་གཞི་གདོན་པ་དང་

གསོལ་བ་ནི་ཚིག་ཏུ་བརྗོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། འདི་གཉིས་ནི་ཚིག་ཏུ་བརྗོད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་ཡིན་གྱི། ཐོས་པ་བསྒྲགས་པས་བསྒྲུབ་པར་བྱ་བ་ཉིད་མ་ཡིན་ནོ། །ལྷག་མ་ནི་ཐོས་པ་བསྒྲུབས་པས་ཀྱང་ངོ་ཞེས་བྱ་བ་ནི། གླེང་གཞི་གདོན་པ་

Vol. 161 · folio 80b

དང་། གསོལ་བའི་ལྷག་མ་དག་འདི་ཐོས་པ་བསྒྲགས་པས་བསྒྲུབ་པར་བྱ་བ་རུང་བ་ཉིད་ཡིན་ནོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་ཚིག་ཏུ་བརྗོད་པ་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །བརྩམས་པའི་སྡེ་ཚན་ནི་རྫོགས་པར་བྱ་དགོས་སོ་ཞེས་བྱ་བ་ནི། ཕམ་པར་གྱུར་པའི་སྡེ་ཚན་ལ་ཅུང་ཟད་

བཏོན་ནས་ལྷག་མ་དེ་དག་དང་ལྡན་པར་རྟོགས་པ་ནི་ཐོས་པ་བསྒྲགས་པས་ཞེས་བྱ་བའི་དེ་ནི་མི་བྱའོ། །དེ་བཞིན་དུ་དགེ་འདུན་ལྷག་མའི་སྡེ་ཚན་དང་མ་ངེས་པའི་སྡེ་ཚན་ལས་ཀྱང་མི་བྱའོ། །དེ་ལྟར་འཕྲོག་འཇོག་པ་ཉིད་སྐྱེ་བར་འགྱུར་ཏེ། འཕྲོག་འཇོག་པ་ནི་དམན་པར་བྱ་བ་ཉིད་དོ། །བཞི་པ་

ལ་རེག་ན་རིལ་གྱིས་སོ་ཞེས་བྱ་བ་ནི། ལྟུང་བྱེད་ཀྱི་བདག་ཉིད་ཀྱི་སྡེ་ཚན་བཞི་པ་ལས་རེག་ན་ཐམས་ཅད་རྫོགས་པར་བྱའོ། །སོ་སོར་བཤགས་པར་བྱ་བ་ལ་སོགས་པ་ལ་ཡང་འདིར་ཐོས་པ་བསྒྲགས་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །བྱས་པ་ཐོབ་པ་ལ་མཐར་ཐུག་པ་མ་ཡིན་པ་གཏོང་བ་

ལེགས་པ་ཉིད་དུ་ཡིད་ལ་ངེས་པར་འབྲེལ་བ་མ་ཡིན་ཏེ། དེ་བས་ན་འདི་རྣམ་པར་གཞག་པའོ། །སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་འདི་རྣམས་ལ་གླེང་གཞི་ཚིག་ཏུ་བརྗོད་པས་བཏོན་ནས་ལྷག་མ་བསྒྲགས་པས་བསྒྲུབ་པར་བྱར་རུང་ངོ་། །དེ་བཞིན་དུ་ཕམ་པར་འགྱུར་བ་རྣམས་སམ། དགེ་འདུན་

ལྷག་མ་རྣམས་སམ། མ་ངེས་པ་དག་ཏུ་ཚིག་ཏུ་བརྗོད་པས་བཏོན་ནས་ལྷག་མ་ཐོས་པ་བསྒྲགས་པས་བསྒྲུབ་ཏུ་ཡང་རུང་བ་ཡང་ལྔ་པའོ། །འདི་ལ་ཟླ་བ་ཕྱེད་འདས་པའི་སོ་སོར་བརྟག་པར་བྱའོ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་གསོ་སྦྱོང་ལའོ། །ཟླ་བ་ཕྱེད་འདས་པའི་ཉེས་པ་དག་

ལ་ཅི་བྱུང་བ་དེ་དག་སོ་སོར་བརྟག་པར་བྱའོ། །གང་གི་ཚེ་ཞེ་ན། འདུ་བར་འགྱུར་བ་དེར་རོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་རྣམས་སོ་སོར་ཐར་པའི་མདོ་གདོན་པའི་ཕྱིར་འདུ་བ་གང་ཡིན་པ་དེ་འདུ་བའི་མདུན་རོལ་དུ་འདུ་བ་ལ་སྦྱོར་བའི་ཚེ། ལྷག་མ་ནི་ཚོགས་པ་ཞེས་བྱ་བའི་དོན་ཏོ། །ཅི་སོ་

སོར་བརྟགས་ནས་ལྟུང་བ་ཕྱིར་མ་བཅོས་པ་ཁོ་ནར་འདུག་པར་བྱ་བའམ་ཞེ་ན། དེའི་ཕྱིར་ཤེས་པ་ཕྱིར་བཅོས་ཏེ་ཐམས་ཅད་དུ་འདུག་པར་བྱའོ་ཞེས་བྱ་བ་སྨོས་ཏེ། ལྟུང་བ་ངེས་པར་ཤེས་པའམ། ཡིད་གཉིས་དང་བཅས་པ་ཤེས་པ་ཕྱིར་བཅོས་ཏེ། དགག་དབྱེ་ལ་སོགས་པའི་ལས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words