འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 161 · folio 108a
བརྩེགས་པ་བསྐོ་བ་དང་། ཁྲུས་དང་སྣུམ་བག་གི་རྙེད་པ་བསྟབས་པ་དང་། ཆོས་མཉན་པ་སྦྱིན་པ་དང་། དེ་ལྟ་བུ་མགུ་བར་བྱ་བ་དག་བྱའོ་ཞེས་བྱ་བ་ནི། སྐབས་དེར་འཐབ་ཀྲོལ་བྱེད་པ་དག་འོངས་ན། དེ་དག་ལ་ངག་གིས་བཤེས་པའི་ཚིག་གིས་བསུ་ནས་ལྷུང་བཟེད་དང་།
ཆོས་གོས་བླང་བར་བྱ། གནས་ཁང་སྐྱོང་བས་གནས་ཁང་དང་ཁྱམས་དང་ཁང་པ་བརྩེགས་པ་བསྐོ་བར་བྱ། ཁྲུས་དང་སྣུམ་བག་གི་རྙེད་པ་བསྟབས་པར་བྱ། །ཆོས་མཉན་པ་སྦྱིན་པར་བྱ་ཞིང་གལ་ཏེ་དེ་སྲིད་དུ་ནུས་ན་དེ་ལྟ་བུ་ལ་སོགས་པའི་བཅོམ་གསག་མགུ་བར་འགྱུར་བའི་སྦྱོར་བ་གཞན་དག་
ཀྱང་དེ་ལྟ་བུའི་མཁས་པས་ཞེས་བྱ་བ་དེ་ལྟ་བུའི་འདོན་པ་ལ་ཀུན་ནས་བརྟེན་ནས་འདིར་མདོར་བྱས་སོ། །འདིར་ཁྲུས་འདི་ལ་འདོན་པ་གཞན་ལས་སྦྱར་བ་ལས་འཇུག་པ་ཉིད་ལ་ཀུན་ནས་བརྟེན་ནོ། །བདག་ཉིད་ཀྱི་དངོས་པོར་མ་གྲུབ་ན་དཀྱིལ་འཁོར་བ་དག་ཏུ་གསོ་སྦྱོང་བྱའོ། །འོ་ན་དེང་ཁྱེད་ཀྱིས་
དགག་དབྱེ་མ་ཡིན་ནམ་ཞེས་ཟེར་བ་དག་ལ་ཚེ་དང་ལྡན་པ་དག་སྡོད་ཅིག །ཁྱེད་ཅག་གློ་བུར་དུ་ལྷགས་པ་ཡིན་གྱི། དོན་འདི་གཉུག་མར་གནས་པ་དག་གི་ཡིན་ནོ་ཞེས་ལན་གདབ་པར་བྱའོ། །དོང་བ་དག་ན་དགག་དབྱེ་བྱའོ་ཞེས་བྱ་བ་ནི་བྱའོ་ཞེས་བྱ་བའི་ཁྱད་པར་རོ། །གསོ་སྦྱོང་གི་ཉི་མ་ཁོ་ན་
ལ་འདི་ཉིད་བྱའོ། །ཐ་དད་པ་ཡོད་ཀྱང་ལས་འདི་ལ་གསོ་སྦྱོང་རིགས་མཐུན་པ་ཉིད་ཀྱི་ཕྱིར་རོ། །དགག་དབྱེའི་གཞིའོ།། །།ནང་དང་བཅས་པས་བཟོད་པར་མ་བྱས་པར་དགག་དབྱེ་མི་བྱའོ་ཞེས་བྱ་བ་ལ། འདིས་ནི་བཟོད་པར་མ་བྱས་པ་ཞེས་བྱ་བ་སྟེ། བཟོད་པ་མ་བྱས་པའོ། །
ནང་དང་བཅས་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །ཞག་བཅུའམ་ཟླ་བ་ཕྱེད་ཀྱིས་དེ་འབྱུང་བར་འགྱུར་བ་ཉིད་ནི་དེའི་དུས་ཡིན་ནོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དགག་དབྱེ་དེའོ། །དེའི་དུས་ཞེས་བྱ་བ་ནི་དེ་ལ་སྨོས་པའི་བཟོད་པར་བྱ་བ་དེའི་དུས་ཡིན་ནོ། །ཁ་ཅིག་ལས་ནི་བདུན་
ནམ་བརྒྱད་ན་ཞེས་བྱ་བ་ནི། ཉི་མ་བདུན་ནམ་བརྒྱད་ཀྱིས་དེ་འབྱུང་བར་འགྱུར་བ་ཉིད་ཀྱི་དུས་ན་དགག་དབྱེ་དེ་ལ་བཟོད་པར་བྱ་བ་དེའི་དུས་ཡིན་ནོ་ཞེས་ཁ་ཅིག་ལས་འབྱུང་ངོ་། །འདུས་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དེའི་ཚེ་འདུས་ཞེས་བྱ་བར་སྦྱར་ཏེ། འདིར་དགག་དབྱེའི་དོན་དུ་འདོན་པ་ཡིན་མོད་ཀྱི་
Vol. 161 · folio 108b
འདུས་པ་གཞན་ལ་ཡང་དེ་བཞིན་དུ་འདི་རིགས་པ་མ་ཡིན་ནོ། །དེའི་ཕྱིར་འདིར་བྱེ་བྲག་ཏུ་མ་བྱས་སོ། །དེས་བཟོད་པར་མ་བྱས་པར་མི་བྱའོ་ཞེས་བྱ་བ་ནི་ནང་དང་བཅས་པ་དེས་བཟོད་པར་མ་བྱས་པར་དགག་དབྱེ་མི་བྱའོ། །དེའི་ཚེ་འདུས་པ་ཐམས་ཅད་ཀྱིས་ཕན་ཚུན་ཀུན་དགའ་བར་མ་བྱས་པར་མི་
བྱའོ་ཞེས་བྱ་བ་ནི་ཕྱག་ལ་སོགས་པས་ཕན་ཚུན་ཀུན་དགའ་བར་མ་བྱས་པར་གང་གིས་དེ་ཕན་ཚུན་ཀུན་དགའ་བར་མ་བྱས་པར་མི་བྱའོ། །གང་གི་རྣམས་ཀྱིས་ཤེ་ན། དེའི་ཕྱིར་དེའི་ཚེ་གནས་ཀྱི་གཞི་དེར་འདུས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་སྨོས་ཏེ། ཅི་གང་ཞིག་ནང་དང་བཅས་པར་འགྱུར་བ་
གང་ལ་ཡང་དེ་འབྱུང་བར་མི་འགྱུར་བ་དེ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་ཐམས་ཅད་ཀྱིས་ཞེས་བྱ་བ་སྨོས་སོ། །ཅི་ཞག་བཅུའམ། ཟླ་བ་ཕྱེད་ན་འབྱུང་བར་འགྱུར་བ་ཉིད་ན་ཕན་ཚུན་ཀུན་དགའ་བར་མ་བྱས་པར་མི་བྱ་བའམ་ཞེ་ན། དགག་དབྱེའི་དུས་སོ། །དེའི་ཚེ་གཤེ་བ་ལ་བཟོད་པར་མི་
གསོལ་བར་མི་བྱའོ་ཞེས་བྱ་བ་སྨོས་ཏེ། དགག་དབྱེའི་དུས་འབའ་ཞིག་ཏུ་མ་ཟད་ཀྱི་དུས་གཞན་གྱི་ཚེ་ཡང་ངོ་། །སིལ་བུ་དག་ལས་མི་འདོད་པ་ལས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། ཇི་སྲིད་དུ་བཟོད་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་ཕྲན་ཚེགས་ལྷག་མ་རྣམས་ལས་སོ། །
དགེ་སློང་མས་དགེ་སློང་ལ་གནས་ཀྱི་ཕྱི་རོལ་དུ་བཟོད་པར་གསོལ་བར་མི་བྱའོ། །རྐང་པ་གཉིས་ལ་ཕྱག་བྱས་ཏེ་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་མས་དགེ་སློང་ལ་བཟོད་པར་གསོལ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །བཟོད་ན་ཕྱག་བྱ་སྟེ་འགྲོ་བར་བྱའོ་ཞེས་བྱ་བ་ནི་དགེ་སློང་གིས་བཟོད་ན་དགེ་
སློང་མས་དགེ་སློང་གི་རྐང་པ་གཉིས་ལ་ཕྱག་བྱ་སྟེ་འགྲོ་བར་བྱའོ། །བཟོད་པ་གསོལ་བར་བྱེད་པ་དེ་ལ་དགེ་སློང་གིས་མ་གུས་པར་བྱ་སྟེ་འགྲོ་བར་མི་བྱའོ། །འདའ་བར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་མ་བཟོད་པར་གསོལ་བར་བྱེད་པ་དེ་ལས། དགེ་སློང་གིས་འདའ་བར་མི་བྱ་སྟེ་བཟོད་པ་དང་
དུ་བླང་བར་བྱའོ། །བཟོད་པར་བྱ་བ་ལ་སྔར་ཤེས་པ་ཤད་ཀྱིས་སྦྱང་དུ་གཞུག་པར་བྱའོ། །མི་འདོད་ན་ཐབས་བཙལ་བ་ལ་མི་འབད་པར་མི་བྱའོ་ཞེས་བྱ་བ་ལ། མི་འབད་པར་མི་བྱའོ་ཞེས་བྱ་བ་ནི། བཟོད་པ་གསོལ་བར་བྱ་བ་དེ་བཟོད་པར་མི་འདོད་ན། དེའི་ཕྱིར་མི་བསྒྱང་ངོ་། །ཀུན་ནས་དཀྲིས་པ་
Vol. 161 · folio 109a
དང་མ་བྲལ་གྱི་བར་དུ་མི་བསྡད་པར་མི་བྱའོ། །བཟོད་པ་གསོལ་བར་བྱེད་པ་ལ་མི་བཟོད་པར་མི་བྱའོ་ཞེས་བྱ་བ་སྨོས་སོ། །དགག་དབྱེའི་གཞི་དང་འབྲེལ་བ་ཕྲན་ཚེགས་ལ་སོགས་པའི་སྐབས་སོ། །དགག་དབྱེའི་གཞི་རྫོགས་སོ།། །།སྲ་བརྐྱང་གདིང་བར་བྱའོ་
ཞེས་བྱ་བ་ལ། སྲ་བརྐྱང་ཞེས་བྱ་བ་ནི་གཏན་པ་སྟེ། འདི་ལྟར་འདི་ནི་གོས་གདིང་བར་བྱེད་ཅིང་རྐྱོང་བར་བྱེད་པ་མི་འཁུམས་པར་བྱེད་པའི་ཆོས་ཅན་ཤིང་ལ་སོགས་པ་ལས་བྱས་པའི་སྤང་ལེབ་ལ་གཏན་པ་ཞེས་བྱའོ། །དེ་ལ་གང་ཞིག་འདིས་ཚོགས་དེ་ལ་དགེ་སློང་གཅིག་ཚོགས་ཏེ་མ་ལུས་པ་ལ་ཁྱེད་
པར་བྱེད་ན་ཚོགས་མ་ལུས་པ་ཉིད་ཀྱིས་རྒྱས་པར་འགྱུར་བ་དེའི་ཚོགས་འབྲེལ་པ་ཐམས་ཅད་ལ་རྗེས་སུ་ཞུགས་པ་ཐམས་ཅད་ལ་ངོ་བོ་གཅིག་པའི་གདིང་བར་འགྱུར་བ་དགེ་འདུན་མཐའ་དག་ལ་ཁྱབ་པར་བྱེད་པས་དེའི་མིང་གཏན་པ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་འདིར་འདི་བྱ་བ་ལ་གདིང་བ་ངེས་པར་དེ་ཞེས་
བྱ་བར་བརྗོད་པ་ཡིན་ནོ། །ཅིའི་ཕྱིར་གོས་གསུམ་གདིང་བར་བྱ་བ་བཏིང་བ་ལ་འབྲས་བུ་ཅི་ཡོད་ཅེ་ན། དེའི་ཕྱིར་གསུམ་པོ་དག་ཇི་ལྟ་བ་བཞིན་དུ་སྲ་བརྐྱང་བཏིང་ན་ཡང་ཡང་ཟ་བ་དང་འདུས་ཤིང་ཟ་བ་དང་། མ་སྨྲས་པར་གྲོང་དུ་འགྲོ་བ་དང་གོས་སློང་བ་ལ་ཡང་ཉེས་པ་མེད་ལ། དེ་ལྷག་མ་དག་དང་རྙེད་པ་
ཐུན་མོང་དུ་འགྱུར་རོ་ཞེས་བྱ་བ་སྨོས་ཏེ། རེ་ཞིག་གསུམ་པོ་དག་ཅེས་བྱ་བ་ནི་འཆང་བ་དང་འབྲལ་བ་དང་འཇོག་པའི་བདག་ཉིད་ཅེས་སྨོས་པ་ཁོ་ན་སྟེ། ཇི་ལྟར་བཞི་པོ་གཞན་འདི་ཐུན་མོང་གི་མཐར་ཐུག་པ་ལྔ་པོ་སྐྱོན་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །སྨད་གཡོགས་དང་སྟོད་གཡོགས་སུ་བྱས་
པའི་ཆོས་གོས་ཀྱིས་ལྗོངས་རྒྱུ་ཞིང་འགྲོ་བ་གང་ཡིན་པ་དང་། རུང་བར་བྱས་པའི་གོས་ཇི་ཙམ་འདོད་པ་འཆང་བ་ཞེས་བྱ་བ་གང་ཡིན་པ་གཉིས་པོ་འདི་བསྡུས་པ་སྟེ། གསུམ་པོ་བསྟན་པ་ཉིད་ཀྱིས་བསྡུ་བ་བྱས་ཟིན་པའི་ཕྱིར་རོ། །གལ་ཏེ་དེ་ལ་སྣམ་སྦྱར་བསྐུར་བས་དགོས་པ་མེད་པས་དེས་ཅི་
ཞིག་བྱ། ཇི་ལྟར་གང་གི་ཕྱིར་སྟོད་གཡོགས་སྨད་གཡོགས་སུ་བཅས་པ་མེད་ན་ངོ་ཚ་བའི་གནས་གཡོགས་པར་བྱ་བའི་ཕྱིར་དང་། རབ་ཏུ་འབྱུང་བའི་རྟགས་ཡང་དག་པར་བསྲུང་བར་བྱ་བའི་ཕྱིར་ཡིན་གྱི། སྣམ་སྦྱར་བསྐུར་བ་ལ་དགོས་པ་མེད་པ་དེ་བཞིན་དུ་འདི་ལའོ། །གལ་ཏེ་བཏང་ན་འཆང་བ་
Vol. 161 · folio 109b
ལ་ཉེས་པ་མེད་དེ་རྣམ་པར་རྟོག་པས་ཅི་ཞིག་བྱ་ཞེས་བྱ་བའོ། །འོ་ན་བཅོམ་ལྡན་འདས་ཀྱིས། ཚིག་འདི་བརྗོད་པ་ཅི་ཞིག་བརྗོད་ཅེ་ན། སྟོད་གཡོགས་ཀྱི་ཁུར་ལས་ཐར་བར་བྱ་བའི་ཕན་ཡོན་བསྟན་པའི་ཕྱིར་རོ། །རུང་བ་མ་བྱས་པའི་གོས་འཆང་བ་དེ་ནི་རྣམ་པར་རྟོག་པའི་བྱ་བས་ཐར་པ་དང་
བག་ཡངས་ཀྱི་བདེ་བའི་ཕན་ཡོན་ཡང་བསྟན་པའི་ཕྱིར་རོ། །གསུམ་པོ་དག་ཅེས་བྱ་བ་ལ་ལྟོས་པ་གང་ཡིན་ཞེ་ན། དེའི་ཕྱིར་གནས་པར་ཁས་མ་བླངས་པ་དང་། དབྱར་རལ་བ་དང་། དབྱར་ཕྱི་མར་གནས་པར་ཁས་བླངས་པ་དག་ལ་དེ་མི་འབྱུང་ངོ་ཞེས་བྱ་བ་སྨོས་ཏེ། ས་གཞན་ན་གནས་པ་
དག་ལ་ཡང་ངོ་ཞེས་བྱ་བ་ནི་དབྱར་གནས་གཞན་དུ་ཁས་བླངས་པ་ལ་སོགས་པ་སྟེ། དབྱར་གནས་པ་ཕྱི་མར་གནས་པར་ཁས་བླངས་པ་དེ་དང་རོ་གཅིག་པར་འདྲ་བའོ། །དབྱར་གནས་པར་ཁས་མ་བླངས་པ་དང་། དབྱར་རལ་བ་དག་ལ་དབྱར་གྱི་གཏན་པ་མི་འབྱུང་ངོ་། །དབྱར་གནས་གཞན་
དུ་གནས་པར་ཁས་བླངས་པ་དག་ལ་ནི་གཏན་པ་གདིང་བ་དག་མི་འབྱུང་བ་སྟེ། གཏན་པ་གདིང་བ་ནི་དངོས་གཞིའི་ཆོ་ག་ལ་བརྟེན་པ་ཡིན་པའི་ཕྱིར་རོ། །དངོས་གཞིའི་ཆོ་ག་ཞེས་བྱ་བ་གཏན་པ་བཏིང་བ་ལ་བྱའོ། །དབྱར་ཕྱི་མར་ཁས་བླངས་པ་ནི་མ་ཡིན་ནོ། །དགེ་འདུན་གྱི་དུས་ལས་འདའ་
བས་དེ་བརྟེན་པ་དང་ལྡན་པའི་ཚོགས་པ་སྦྱིན་པ་ལ་ཡང་དབྱར་གནས་པར་ཁས་ལེན་པ་མེད་པའོ། །འདི་ནི་སྐལ་བ་མི་མཉམ་པ་སྟེ། རང་བཞིན་གནས་པ་ཉིད་ཀྱི་ཕྱིར་རོ། །གང་ཞིག་སའི་ནང་དུ་གནས་པ་ཉིད་ནི་རང་བཞིན་དུ་གནས་པ་ཉིད་མ་ཡིན་པའོ། །དེ་བས་ན་འདི་ལྟར་ལྷན་ཅིག་ཏུ་རོ་
གཅིག་པ་འདི་ལ་ནི་རུང་བ་མ་ཡིན་ནོ། །གལ་ཏེ་སྐྱེ་བར་མ་གྱུར་ན་རང་བཞིན་དུ་གནས་པ་ཉིད་ནད་པར་གྱུར་ན་སྲ་བརྐྱང་བཏིང་བ་དང་། བཏིང་བ་ཆུད་ཟོས་པ་མི་སྐྱེད་པའོ། །དགེ་ཚུལ་དག་ལ་ནི་འདི་ལྟར་འདི་མི་སྐྱེད་པའོ་ཞེས་འབྱུང་ངོ་། །དེ་དང་དེའི་ལས་ལ་འདི་མ་ཞུགས་པ་ལ་ཆོ་ག་གང་ཡིན་པ་དེ་ཉིད་
ཀྱི་བྱས་པ་ཞེས་གསུངས་པ་དེའི་ཕྱིར་འདིར་བསྡུས་པ་མ་ཡིན་ནོ། །དེ་དག་ཉིད་ཐོབ་པ་ཡིན་ན་མི་འབྱུང་ངོ་ཞེས་བྱ་བ་ནི་སྲ་བརྐྱང་གདིང་བ་ཉིད་ལས་གཞན་ན་གནས་པ་དེ་དག་ཉིད་ཐོབ་པ་ལ་ནི་མི་འབྱུང་བ་སྟེ། སྲ་བརྐྱང་གདིང་བ་མི་འབྱུང་ཞིང་སྦྱར་བ་ནི་མ་ཡིན་ནོ། །ཐ་མ་མ་གཏོགས་པ་དག་དང་ས་
Vol. 161 · folio 110a
གཞན་ན་གནས་པ་དག་དང་དགེ་ཚུལ་ནི་རྙེད་པ་དབང་ངོ་ཞེས་བྱ་བ་ལ། ཐ་མ་མ་གཏོགས་པ་ནི་ཐ་མ་མ་གཏོགས་པ་སྟེ། གནས་གཞན་དུ་གནས་པ་དང་དབྱར་ཕྱི་མར་ཁས་བླངས་པ་དང་དབྱར་གནས་པར་ཁས་མ་བླངས་པ་ལ་སོགས་པ་རྣམས་སོ། །གལ་ཏེ་ཡང་གཏན་
པ་གདིང་བ་ལ་འདི་རྣམས་མི་འགྱུར་བ་དེ་ལྟར་ཡང་དེ་རྒྱུ་མཚན་ཅན་གྱི་རྙེད་པ་ལ་དེ་རྣམས་ལ་སྐལ་བ་དང་ལྡན་པ་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ལྟར་དེ་དག་གི་དབྱར་གནས་པ་དག་དང་དོན་གཅིག་པ་ཉིད་ཡིན་པས་བཟློག་པར་མི་བྱ་སྟེ་དེ་རྣམས་ཀྱི་དེ་སྐལ་བ་དང་ལྡན་པ་ཉིད་དོ། །ས་གཞན་ན་
གནས་པ་དག་ཅེས་སྨོས་པས་སྤངས་པ་ཡང་རྙེད་པ་དབང་བ་ཉིད་དུ་ཐལ་བར་འགྱུར་བས་དེ་བསལ་བའི་ཕྱིར་སྤངས་པ་ནི་མི་དབང་ངོ་ཞེས་བྱ་བ་སྨོས་ཏེ། སྤངས་པ་ནི་དགེ་འདུན་ལས་ཐ་དད་དུ་གྱུར་པ་ཉིད་ཡིན་པས་དེའི་ཕྱིར་ན་གཏན་པ་བཏིང་བའི་རྙེད་པ་མི་དབང་བ་ཉིད་དུ་རིག་པར་བྱའོ། །དེ་ལས་
གཞན་པ་ཆད་པས་བཅད་པ་དང་སྤོ་བ་ལ་སོགས་པ་བྱེད་པ་ནི་དགེ་འདུན་ལས་ཐ་དད་དུ་གྱུར་པ་ཉིད་མ་ཡིན་པས་དེའི་ཆོ་ག་འདི་མི་འཇུག་པའོ། །བྱེ་བ་དག་ནི་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་ནི་དེ་ཉིད་ཀྱིས་ཐོབ་པ་དང་འདྲའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲས་ནི་སྤངས་པ་ལ་སྙེགས་ཏེ་
སྤང་བའི་རྙེད་པ་དང་འདྲ་སྟེ། བྱེ་བ་དག་ན་འདོད་པ་གཞན་ལ་དམིགས་པས་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་གནས་པ་རྣམས་ལྟུང་བའོ། །ཇི་ལྟར་སྤངས་པ་ལ་མེད་པར་འགྱུར་བ་དེ་བཞིན་དུ་འདི་རྣམས་ལ་ཞེས་བྱ་བའི་དོན་ཏོ། །གང་གི་དོན་དུ་སྲ་བརྐྱང་གདིང་བར་བྱ་ཞེས་བྱ་བ་དེ་བསྡུ་
བ་བསྟན་ནས། ད་ནི་འདིར་དངོས་པོ་གང་གདིང་བར་བྱ་བ་ལ་དེ་ལ་གཏན་པ་ཉིད་ཅེས་པ་བརྗོད་པར་བྱ་སྟེ། དངོས་པོ་གཞིའི་དུས་སུ་དགག་དབྱེའི་མཐར་དབྱར་གྱི་རྒྱུ་ལས་བྱུང་བའི་གདིང་བའི་ཉི་མའི་མཐར་གྲུབ་པ་གོས་ཀྱི་རྙེད་པར་བགྲང་བའི་ཆོས་གོས་གསུམ་མོ་ཞེས་བྱ་བ་ལ་འདིར་དབྱར་དང་པོ་རྣམས་
བཟུང་བ་ཞེས་བྱ་བ་དེ་ནི་དབྱར་ཕྱི་མ་ལ་བརྟེན་པ་ལ་མི་འབྱུང་ངོ་ཞེས་གསུངས་པའི་ཚིག་གིས་ཤེས་པར་བྱ་སྟེ། སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནི་གཏན་པ་གདིང་བའི་ཉི་མ་ཉིད་ཡིན་པར་གསུངས་པའི་ཕྱིར་རོ། །དངོས་གཞིའི་དུས་དེའི་དགག་དབྱེའི་ཞག་མན་ཆད་གཞན་ནམ་རྒྱུ་ལས་གཞན་པའི་
Vol. 161 · folio 110b
རྙེད་པ་བྱེད་བཞིན་པའི་དགག་དབྱེའི་ཐ་མ་དེ་རྣམས་བསྡུས་པ་ནས་རྒྱུས་རྙེད་པ་ལ་མཐར་ཐུག་པ་དེ་དག་བསྡུས་པའི་རྒྱུ་ལས་བྱུང་བ་ཡིན་ནམ་ཞེ་ན། འདི་ལྟ་སྟེ་དབྱར་གནས་པའི་རྒྱུ་ལས་བྱུང་བའི་རྙེད་པ་གང་ཡིན་པའོ། །ཡང་ན་སོ་སོ་བ་སྟེ། འདི་ལྟར་རྒྱུ་ལས་བྱུང་བའི་རྙེད་པ་གང་ལ་ཡོད་པ་དེ་ནི་དངོས་
གཞིའི་དུས་ཀྱི་དགག་དབྱེའི་མཐར་དབྱར་གྱི་རྒྱུ་ལས་བྱུང་བས་ཏེ། དུས་གཞན་དུ་འབྱུང་བ་ནི་མ་ཡིན་ཏེ། གདིང་བའི་ཞག་རྣམས་ཀྱི་མཐའ་ཅན་འདི་རྣམས་དང་འབྲེལ་བའོ། །དེའི་དུས་ལས་དུས་གང་ཡང་རུང་བའི་ས་ལས་བསྒྲུབ་པ་སྟེ། དུས་གཞན་གྱི་རྒྱུ་ལས་བྱུང་བའི་རྙེད་པ་ནི་མ་ཡིན་ནོ། །ལག་
གི་བླ་དང་རྒྱན་འདོགས་པ་དང་བ་གླང་གི་དང་མ་ཧེ་དང་མལ་སྟན་དང་དེར་གཏོགས་པའི་དགག་དབྱེ་ལ་སོགས་པའི་བྱེ་བྲག་གི་དོན་དུ་སྦྱིན་པ་མ་ཡིན་ཏེ། དེའི་གྲངས་དང་ལྡན་པ་ཆོས་གོས་གསུམ་ཞེས་བྱ་བའི་དོན་ཏོ། །གཙུག་ལག་ཁང་ན་གོས་ཀྱི་རྙེད་པར་ངེས་པ་གང་ཡིན་པ་དེ་ཡང་འདིར་བསྡུས་པར་
ཤེས་པར་བྱ་སྟེ། དེ་ལྟ་བས་ན་གོས་ཀྱི་དོན་དུ་རྙེད་པའི་རིན་དག་གིས་རྙེད་པ་བཟུང་ངོ་། །དེ་ལྟ་བས་ན་ཆོས་གོས་གསུམ་དུ་ཤེས་པར་བྱ་བ་མ་ཡིན་ཏེ། གང་ཞིག་གོས་རྙེད་པ་ཞེས་བྱ་བ་བརྗོད་པར་བྱ་བ་ལ་རིན་ཐང་སྔོན་དུ་འགྲོ་བས་བསྒྲུབ་པ་ལ་སྐྱེད་པར་བྱེད་པ་ཉིད་དེ་དེ་བས་ན། གོས་གསུམ་ལ་
སྲ་བརྐྱང་ཉིད་གདིང་བར་བྱའོ་ཞེས་བྱ་བ་འདིར་དངོས་སུ་སྒྲུབ་བྱེད་ཅུང་ཟད་ཀྱང་མ་མཐོང་ངོ་། །རྟགས་ནི་ཡོད་དེ། དེ་གང་ལས་ཤེས་ཤེ་ན། ཚེ་དང་ལྡན་པ་དག་བདག་སང་གཏན་པ་གདིང་བར་འགྱུར་གྱི་ཁྱེད་ཅག་གིས་རང་རང་གི་ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་གསུངས་པའི་ལུང་ལས་ཤེས་ཏེ།
གང་གི་ཕྱིར་གཅིག་པུ་ཞིག་གདིང་བར་བྱ་བ་ཉིད་ཡིན་ན་ནི་དེའི་ཚེ་རང་གི་ཞེས་བྱ་བ་གཅིག་གི་ཚིག་འཐོབ་པའོ། །གཅིག་ཅིག་བྱིན་གྱིས་བརླབས་པ་ལ་གསུམ་ཆར་གྱིས་དབྱུང་བ་ཡང་མི་རིགས་པའི་ཕྱིར་རོ། །དེ་ལྟར་ཡང་འདིར་གཞུང་ནི་བཙུན་པ། གང་ཟག་གི་སྣམ་སྦྱར་གྱི་གཏན་ལ་གདིང་དུ་
རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །གལ་ཏེ་དགེ་འདུན་ལ་ཕུལ་ན་ནི་རུང་ངོ་། །བླ་གོས་དང་མཐང་གོས་ཀྱང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ཏེ། བླ་གོས་དང་མཐང་གོས་གཉིས་ཀྱང་ངོ་། །གཅིག་གིས་གདིང་བ་ཡོད་པར་གྱུར་པ་ལ་འདི་རིགས་པར་གྱུར་པ་མཐོང་བ་ཡིན་ནོ། །གང་ཡང་
Vol. 161 · folio 111a
གདིང་བར་བྱ་ཞེས་བྱ་བ་གཅིག་གིས་ཚིག་དེ་ལ་ནི་དེ་ལྟར་གནོད་པ་མ་ཡིན་ཏེ། འདིར་དགེ་འདུན་རྒྱས་པ་བསྒྲུབ་པ་ཅན་གྱི་སྲ་བརྐྱང་གི་སྒྲས་ཆོས་གོས་བརྗོད་པའི་ཕྱིར་དང་། གཅིག་པ་ཉིད་ཀྱི་ཕྱིར་རོ། །ཆོས་གོས་ཐམས་ཅད་གཅིག་པ་ཉིད་ཀྱི་ཕྱིར་རྒྱས་པར་སྒྲུབ་པ་ཉིད་ལ་གནས་པ་
མེད་དོ། །དེ་ལྟ་བས་ན་བྱིན་གྱིས་བརླབ་པ་ཐམས་ཅད་ལ་འདི་ཐམས་ཅད་སྟོན་པའོ། །དེ་ལྟ་བས་ན་དགེ་སློང་མ་རྣམས་ཀྱིས་ཆོས་གོས་ལྔ་ཆར་གཏན་པ་ཉིད་དུ་གདིང་བར་བཏིང་བ་འདིས་བསྟན་པ་ཡིན་ནོ། །དགེ་འདུན་གྱིའོ་ཞེས་བྱ་བ་ནི་ཆོས་གོས་གསུམ་མོ། །ཆོས་གོས་གཞན་བྱིན་གྱིས་བརླབ་
པར་བྱ་བ་དེ་ཉིད་ཡིན་ཏེ། ཁས་བླང་བར་མ་བྱས་པར་བྱིན་གྱིས་བརླབ་པ་མེད་དོ། །དེའི་ཕྱིར་དགེ་འདུན་གྱིལ་བྱིན་པ་དེ་ལ་བྱིན་གྱིས་བརླབ་པར་བྱ་བ་ཡིན་ནོ། །ཆོས་གོས་གང་གདིང་བར་འོས་པ་དེ་བསྟན་པའི་བཤད་གདབ་མ་བྱས་པ་དང་། ཡ་ཡོར་མ་གྱུར་པ་དང་མ་མུགས་པ་དང་མ་ཟེགས་པའོ་
ཞེས་བྱ་བ་སྨོས་ཏེ་བཀྲུ་བ་ལ་བཤད་གདབ་མ་བྱས་ཀྱི་བར་དེ་སྲིད་དུ་བཀྲུས་པ་མི་འགྲུབ་པས་དེ་སྲིད་དུ་འདིར་བཀྲུ་བ་ལ་བཤད་གདབ་ཏུ་འདོད་དོ། །དེ་ལས་གང་ཞིག་ལབ་བཞིན་དུ་བཤད་གདབ་བྱས་པ་དང་རྡུང་བ་དེ་ནི་བཤད་གདབ་བོ། །དེ་ལྟར་མ་བྱས་པ་གང་ཡིན་པ་དེ་ནི་བཤད་གདབ་མ་བྱས་པའོ། །
ཡ་ཡོར་ལ་སོགས་ཞེས་བྱ་བ་ནི་སྒམ་བུ་ལ་སོགས་པ་གཞག་པ་ནི་ཡ་ཡོར་རོ། །གང་ཞིག་གྲྭ་དག་འཕྱང་བར་འདུག་པ་ནི་མི་མཉམ་པར་འདུག་པའོ་ཞེས་བྱ་བའི་དོན་ཏོ། །འཐག་པའི་ཚེ་བར་བར་དུ་རྒྱུ་སྤུན་མ་བཅུག་ཅིང་སེང་སེར་པོར་གྱུར་པའོ་ཞེས་ཀྱང་གཞན་དག་ཟེར་ཏེ། འདི་ལ་དོན་དེ་ཁས་ལེན་
པའོ། །དེའི་འདོད་པ་འདིར་ཡ་ཡོ་ནི་སེང་སེང་པོར་གྱུར་པའོ། །དེ་ལས་བཟློག་པ་གང་ཡིན་པ་དེ་ནི་ཡ་ཡོར་མ་གྱུར་པའོ། །མ་མུགས་པ་ཞེས་བྱ་བ་ལ་མུགས་པ་ཞེས་བྱ་བ་ནི་སྲིལ་རྣམས་དང་བྱི་བ་ལ་སོགས་པའི་མཆུས་མུགས་པ་སྟེ། དེ་ལྟར་མ་གྱུར་པ་གང་ཡིན་པ་དེ་ནི་གཞན་ནོ། །མ་ཟེགས་
པ་ཞེས་བྱ་བ་ལ། ཟེགས་པ་ཞེས་བྱ་བ་ནི་ཤས་སྲབ་པ་སྟེ། དེ་ལྟར་མ་གྱུར་པ་ནི་མ་ཟེགས་པ་ཞེས་བྱ་བའི་དོན་ཏོ། །ཁ་བསྒྱུར་བའོ་ཞེས་བྱ་བ་ནི་འདིར་བཀྲུ་བཤལ་འབའ་ཞིག་ལ་སོགས་པས་ཁ་བསྒྱུར་བར་བྱས་པའོ། །ཁ་བསྒྱུར་བ་དེས་ཀུན་ནས་སྦྱར་བ་ནི་ཁ་བསྒྱུར་བའོ། །ཆོས་གོས་མ་
Vol. 161 · folio 111b
བསྡམས་པ་རུང་བ་ཞེས་གསུངས་པ་དེ་ཉིད་འདིར་བསྡུས་པ་ཡིན་ནོ། །འདིར་གཞུང་ནི། བྲམ་ཟེའི་བུ་མོས་ཞུས་པ་ལས། ཆོས་གོས་མ་བསྡམས་པ་རུང་བ་གང་ཞེ་ན། མ་བསྡམས་པ་ནི་མ་བཅགས་པའོ། །དོན་དེ་ཉིད་རུང་བ་གང་ཡིན་པས་མ་བསྡམས་པ་རུང་བའོ་ཞེས་གསུངས་པ་ཡིན་ནོ། །
སྨྲས་པ་ཆོས་གོས་རུང་བ་གང་ཡིན་ཞེ་ན། ཆོས་གོས་ཁ་བསྒྱུར་བ་གང་ཡིན་པ་དེ་ཡང་དེ་ཡིན་པས་ཁ་བསྒྱུར་བ་ཞེས་བྱ་བ་དེ་འདི་ཡིན་ཏེ། མི་གདིང་བར་མི་བྱའོ། །སྨྲས་པ་བདག་ཉིད་འདི་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་མ་སྤྱད་པའོ་ཞེས་བྱ་བ་ནི། འདིར་གཞུང་འདི་བྲམ་ཟེའི་བུ་མོས་ཞུས་པ་ལས་
ཆོས་གོས་དེངས་པ་འཆང་བ་ལས་དགེ་སློང་རྣམས་ཀྱིས་ཡོངས་སུ་ལོངས་སྤྱོད་པ་ཉིད་ཀྱི་དོན་དུ་གསུངས་སོ། །ཇི་སྐད་དུ་ཆོས་གོས་རྙིང་པ་འཆང་བས་སྲ་བརྐྱང་གདིང་བར་མི་བྱའོ། །ཅི་ཇི་ཙམ་གྱིས་ན་རྙིང་པ་བཅང་བར་བགྱི་ཞེ་ན། དགེ་སློང་གིས་སྤྱད་པའི་ཆོས་གོས་གསུམ་གང་ཡིན་པའོ་ཞེས་
གསུངས་པ་ཡིན་ནོ། །དགེ་སློང་གིས་སྤྱད་པའི་མི་འོས་པ་ཉིད་ལ་བདེ་བླག་ཏུ་དེ་ལས་གཞན་པ་ཡོངས་སུ་ལོངས་སྤྱོད་པ་ཞེས་བྱ་བར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་ཡོངས་སུ་ལོངས་སྤྱོད་པ་ཐམས་ཅད་ལས་དེངས་པ་བསལ་བ་དང་འབྲེལ་ལོ། །སྲ་བའོ་ཞེས་བྱ་བ་འདིས་ནི་ཆོས་གོས་
དེངས་པ་བསལ་བ་དེ་བསྡུས་པ་ཡིན་ནོ། །བྲམ་ཟེའི་བུ་མོས་ཞུས་པ་ལས། དེའི་དོན་ནི་ལོངས་སྤྱོད་མི་བཟོད་པ་ཞེས་གསུངས་སོ། །ཆོས་གོས་དེངས་པ་གང་ཞེ་ན། ཆོས་གོས་གང་དག་སློང་གི་ལུས་ལས་དེངས་པའོ་ཞེས་གསུངས་པ་ཡིན་ཏེ། དེངས་པ་ནི་ཟད་པ་ལས་ཏེ་ཞེས་བྱ་བ་འདིར་
གཟུགས་པ་འདི་ཡིན་ཏེ། དེངས་པ་ནི་ཟད་པ་ཡིན་པས་དེ་ལྟར་མ་གྱུར་པ་ཞེས་བྱ་བའི་དོན་ཏོ། །མཐུད་མ་ཅན་དང་ལྷན་རིངས་ཅན་དང་ལྷན་པ་ཅན་དང་ཆག་ཅན་དང་ཟུངས་ཅན་མ་ཡིན་པའོ། །བྱ་བ་འདིར་མ་ཡིན་པའོ་ཞེས་བྱ་བའི་སྒྲ་འདི་ལྔ་ཆར་དང་སོ་སོར་སྦྱར་ཏེ། ཟུངས་ཅན་མ་ཡིན་ཏེའོ་ཞེས་བྱ་བའི་
བར་དུའོ། །དེ་ལྟར་ཡང་ཐམས་ཅད་ལ་ཐུང་བ་ཉིད་དུ་བྱས་པ་ཉིད་དོ། །མཐུད་མ་ཅན་ཞེས་བྱ་བ་ལ། འདིར་གཞུང་ནི། ཚད་དུ་མཆོག་པ་དགེ་སློང་མང་པོ་དག་ལ་མཚམས་སྦྱར་བར་བྱེད་ཅིང་སྲ་བརྐྱང་འདིང་བར་བྱེད་ན་བཏིང་ཞེས་བརྗོད་པར་བགྱིའམ། བཀའ་སྩལ་པ། མ་བཏིང་ཞེས་བརྗོད་པར་
Vol. 161 · folio 112a
བགྱིའོ་ཞེས་བྱ་བ་ལ་དེ་ལས་འདིར་གདིང་བར་བྱ་བ་བཀག་པའོ། །གདིང་བར་བྱ་བ་ནི་གང་ཞིག་དུམ་བུར་བྱ་སྟེ། བཙེམས་པར་མ་ཡིན་པ་དེའོ། །ལྷན་རིངས་ཅན་མ་ཡིན་པ་ཞེས་བྱ་བ་ནི་གང་དུ་ལྷན་པ་རིང་པོར་གླན་པ་སྟེ། དེ་ལྟ་བུས་མ་གླན་པ་ནི་ལྷན་རིངས་ཅན་མ་ཡིན་པའོ། །
ལྷན་པ་ཅན་ཞེས་བྱ་བ་ནི་གང་ལ་ཆུ་བུར་གྱི་རྣམ་པ་ལྟར་རློ་བ་ལྷན་པ་གཞན་གླན་པ་ཅན་མ་ཡིན་པའོ། །དེ་ནི་ཁ་ཅིག་གིས་ལྷན་པ་ཞེས་བྱ་བར་བརྗོད་པ་ཡིན་ཏེ། འདི་ལ་དེ་ལས་དོན་ཐ་དད་པར་ཤེས་པར་བྱ་བ་མ་ཡིན་ནོ། །གཡའ་བར་བྱེད་པ་ཞེས་བྱ་བར་དབྱར་དང་བྱི་བའི་རྣམ་པ་གསད་པ་ནི་འདིར་གཡའ་
བར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཆ་ག་ཅན་ཞེས་བྱ་བ་ནི་ཆོས་གོས་དག་གི་མཐའ་ཐོག་ཐག་ཏུ་ཆ་ག་ཙམ་བཏབ་པ་སྟེ། གང་དུ་དེ་རྣམས་མེད་པ་དེ་ནི་ཆ་ག་མེད་པའོ། །ཐ་མ་ཟེགས་པ་དག་ལ་ཟུངས་ཅན་བྱད་པ་དེ་གང་དུ་མེད་པ་དེ་ནི་ཟུངས་ཅན་མ་ཡིན་པའོ། །མཐའ་ཟེགས་པ་རྣམས་ལ་ཟུངས་ཅན་
མ་བྱས་པ་ཉིད་ལ་ཡང་མི་མོས་པ་ཉིད་གཏན་པ་མ་ཡིན་པ་ཉིད་ཀྱི་ཕྱིར་རིག་པར་བྱའོ། །སྤངས་པ་དང་རྒྱུ་མ་བཏགས་པ་དང་བྲལ་ཕྲད་མ་ཡིན་པའོ་ཞེས་བྱ་བ་ནི། འདིར་ཡང་མ་ཡིན་པ་ཞེས་བྱ་བའི་སྒྲ་སོ་སོར་སྦྱོར་ཏེ། ཉེ་བར་གནས་པ་དང་མི་རུང་བ་བཀག་པ་དག་ལ་འདིར་སྤངས་པ་མ་ཡིན་པ་དང་
བྲལ་ཕྲད་མ་ཡིན་པ་ཞེས་བྱ་བ་གྲངས་ཇི་ལྟ་བ་བཞིན་དུ་བསྡུ་བའོ། །འདིར་གཞུང་ནི། བྲམ་ཟེའི་བུ་མོས་ཞུས་པ་ལས། རྒྱུ་མ་བཏགས་པ་ཞེས་བྱ་བ་ནི་རུང་བ་མ་ཡིན་པའོ་ཞེས་གསུངས་པ་ཡིན་ཏེ། སྤངས་པ་ཉེ་བར་གཞག་པ་ཞེས་བྱ་བ་ནི་འདིར་ཞུ་བ་ལས་ཀྱང་གསུངས་སོ། །ཆོས་གོས་
གཞག་པ་གང་ཡིན་ཞེ་ན། འདིར་ཞུ་བ་ལས་ཆོས་གོས་གང་ཞག་བཅུ་འདས་པའམ་ཞག་གཅིག་བྲལ་བའོ་ཞེས་གསུངས་ཏེ། འདི་དག་གི་འཇུག་པ་ཙམ་ནི་འདི་རྒྱུ་མཚན་དུ་བྱས་ཏེ། གང་ཞིག་སྔར་སྤངས་པར་གྱུར་པ་དང་དེ་ལྟར་ནི་མི་རུང་བ་དེ་ཡིན་ཏེ། ཞག་ལོན་པར་བརྗོད་པར་ངེས་པའི་ཕྱིར་
རོ། །བྲལ་ཕྲད་ཅེས་བྱ་བ་འདིས་ཕྱག་དར་ཁྱོད་ཀྱང་བཀག་པའོ། །འདིར་བྲལ་ཕྲད་ཀྱི་སྒྲས་ནི་ཐམས་ཅད་ཕྱག་དར་ཁྲོད་ཀྱི་དོན་ཅན་ཏེ། སྔར་བོར་བའི་ཚེ་ན་བདག་པོ་དང་བྲལ་བ་ཡིན་ལ་ཕྱིས་བླངས་པའི་ཚེ་ན་བདག་པོ་གཞན་དང་ཕྲད་པ་དེ་ཙམ་ཞིག་ཉེ་བར་བླངས་པའོ། །གང་ཞིག་ཕྱིར་འདི་ལྟར་
Vol. 161 · folio 112b
བྲམ་ཟེའི་བུ་མོས་ཞུས་པ་ལས། ཆོས་གོས་བྲལ་ཕྲད་གང་ཞེ་ན། ཆོས་གོས་གང་ལམ་ཀ་ནས་བྱུང་སྟེ། ལམ་དུ་བོར་བ་ལས་རྙེད་པ་གང་ཡིན་པའོ་ཞེས་གསུངས་པ་དེའི་དོན་མཐོང་བ་ཡིན་ནོ། །དྲས་ཤིང་དྲུབས་པའོ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་ཏུ་མི་རུང་བ་ནི་མ་ཡིན་ནོ། །དེའི་ཕྱིར་སྦྱར་མ་ཉིད་
ཀྱང་གང་གི་ཚེ་བྱིན་གྱིས་བརླབ་པར་གསུངས་པ་གང་ཡིན་པ་དེ་ཡང་འདིས་བསྡུས་པ་ཡིན་ནོ། །ཟིན་པའོ། །ལྔ་པའོ། །ལྷག་མ་ཡང་ངོ་ཞེས་བྱ་བ་ནི་ཁྲུ་ལྔ་པོ་དག་ལ་འདི་ལ་དགེ་འདུན་གྱིས་ཁྱབ་པ་ཡིན་པའི་ཕྱིར། ལུས་འབའ་ཞིག་ལ་ནི་མ་ཡིན་ཏེ། དེའི་ཕྱིར་ལྷག་མ་ལ་ཉེས་པ་མེད་དོ། །
གདིང་བ་ཞེས་བྱ་བའི་ཚད་ཇི་སྙེད་པ་དེ་ཙམ་གྱི་རྐྱེན་གྱི་ནང་དུ་འདུས་པ་ལས་ལྷག་མ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཡོ་བྱད་རྣམས་ལ་དེར་འབྱུང་བའི་ཕྱིར་བསྒྲུབ་པ་ནི་དགེ་འདུན་གྱི་གནས་སུ་རྙེད་པའི་ཕྱིར་འབྱུང་བའི་ཞིང་རེ་རེ་ལ་སྲ་བརྐྱང་གདིང་བ་བསྐྱེད་པའོ། །འདིར་ཐམས་ཅད་དུ་དམན་པ་ནི་དགེ་
འདུན་གྱིས་རྣམ་པར་གཞག་པ་རིགས་པ་ཡིན་ནོ། །དེ་ལྟ་བས་ནི་འདིར་གཞིའི་ཚད་ཀྱི་འབྱོར་པ་ཇི་སྙེད་པ་དེའི་ཁུངས་སུ་བསྡུས་པ་དེ་ལས་ལྷག་པ་མ་ཡིན་པ་ཞེས་བྱ་བ་འགྲུབ་བའོ། །ཁ་ཅིག་ན་རེ། ཆོས་གོས་སུམ་ཕྲུགས་བཞི་པས་ལྷག་པར་བཏིང་བ་ལ་ཡང་དོན་དེར་འབྱུང་བ་ཉིད་ཀྱི་ཕྱིར་ཡོ་བྱད་
རྣམས་ལྷག་པར་འབྱོར་པ་མི་བརླག་པ་རྣམས་ཀྱིས་བརྟེན་པར་བྱ་སྟེ། བྱེ་བྲག་མེད་པའི་ཕྱིར་རོ། །ཡང་བདེ་བར་གཤེགས་པའི་ཆོས་གོས་ཤིན་ཏུ་ཆེན་པོ་ལ་ཡང་འཕགས་པ་ཉིད་དུ་རིག་པར་བྱའོ། །སྔར་མ་བཏིང་བའོ་ཞེས་བྱ་བ་ནི་གང་ཞིག་ལོ་གཞན་ལ་གཏན་པ་ཉིད་དུ་སྔར་མ་བཏིང་བ་ནི་ཞེས་བྱ་བའི་
དོན་ཏོ། །བཏིང་བའོ་ཞེས་བྱ་བ་ནི་སྤྲོག་མའི་ནང་དུ་བཏིང་བ་སྟེ་བསྡུས་ཏེ་གཞག་པ་ནི་མ་ཡིན་ཏོ། །དུ་མ་ཡང་ངོ་ཞེས་བྱ་བ་ནི་ཆོས་གོས་སུམ་ཕྲུགས་ཞེས་བྱ་བའི་དོན་ཏོ། །དགེ་འདུན་གྱི་ཚོགས་དུ་མ་ཡོད་པའི་ཕྱིར་ཆོས་གོས་སུམ་ཕྲུགས་དུ་མ་ཡང་འདིར་མཐུན་པ་ཡིན་ནོ། །དེ་ཇི་སྙེད་པའི་འདིང་
བར་བྱེད་པའོ་ཞེས་བྱ་བ་ལ། དེའི་སྒྲས་ནི་ཆོས་གོས་སུམ་ཕྲུགས་ལ་བཟུང་ངོ་། །ཆོས་གོས་སུམ་ཕྲུགས་དེ་ཇི་སྙེད་པ་དེ་སྙེད་ཀྱི་གདིང་བར་བྱེད་པའི་དགེ་སློང་བསྐོ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཆོས་གོས་གཞན་བྱིན་གྱིས་བརླབ་པ་ཡིན་པས་དེའི་ཕྱིར་བྱིན་གྱིས་བརླབས་པ་དག་ཕྱུང་ནས་སོ་ཞེས་
Vol. 161 · folio 113a
བྱ་བ་ནི་ཚོགས་པ་ལ་མི་བརྟེན་པས་བརྗོད་པར་བྱའོ་ཞེས་བྱ་བ་ནི། རང་གི་རྫས་ནི་དོན་དུ་ངེས་པར་སྦྱར་བ་འདི་ཡིན་ཏེ། གང་གིས་ནི་མཐུན་པའོ། །བདག་པོས་མི་འདོར་བའི་རྫས་དོན་ལ་ངེས་པར་སྦྱོར་བ་མ་ཡིན་ཏེ། དེ་ལྟ་བས་ན་བདག་པོ་རྣམས་ཀྱིས་འདིར་འདོད་པས་བླང་བར་བྱའོ། །
ཅི་ཚོགས་པ་རྗེས་སུ་བགྲང་བར་ཡིན་ནམ་ཞེ་ན། དེའི་ཕྱིར་ཞག་མ་ལོན་པར་ཚོགས་པས་མོས་པར་བྱའོ་ཞེས་བྱ་བ་སྨོས་ཏེ། ཚོགས་པ་ཁས་ལེན་པ་ལ་རྩོམ་པ་འདིའོ། །མངོན་སུམ་དུ་ཕྱོགས་པའི་དབང་གིས་ཚོགས་པ་འབྱོར་པའོ། །ཚོགས་པ་ལ་ཚོགས་པས་མངོན་དུ་ཕྱོགས་པ་ཉིད་ནི་ཤིན་ཏུ་
སྟོབས་དང་ལྡན་པ་སྟེ། དེ་ལྟ་བས་ན་ཆོ་ག་འདི་གང་གི་ཚེ་ཞེ་ན། དེའི་ཕྱིར་ཞག་མ་ལོན་པར་ཞེས་བྱ་བ་སྨོས་ཏེ། ཞག་མ་ལོན་པ་ནི་ཉི་མ་གང་ལ་ཆོས་གོས་དེ་འབྱོར་པའི་ཉི་མ་དེ་ཉིད་ལ་བདག་པོ་རྣམས་ཀྱིས་ཚོགས་པ་དེ་ལ་འདོད་པར་བྱ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། ཇེ་དང་པོ་ཁོ་ནར་ཚོགས་
པས་ཆོས་གོས་འདི་ནི་དབྱར་གནས་པའི་དགེ་འདུན་གྱི་ཆོས་གོས་ཀྱི་རྙེད་པ་གྲུབ་པ་ལགས་ཏེ། གལ་ཏེ་དགེ་འདུན་བཞེད་ན་ཆོས་གོས་འདིས་དགེ་འདུན་གྱི་སྲ་བརྐྱང་འདིང་པར་འགྱུར་རོ་ཞེས་མོས་པར་བྱའོ། །དེའི་འོག་ཏུ་ཉི་མ་གཞན་ལ་གནས་མལ་བཤམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །
ཉི་མ་གཞན་ལ་མོས་པར་བྱ་བའི་ཉི་མ་དེ་ཉིད་དམ། ཉི་མ་གཉིས་པ་ལ་བློ་མཐུན་པར་བྱ་བའི་དགེ་སློང་ཁོ་ནར་ངེས་པ་མེད་དེ། དེའི་ཕྱིར་དོན་འདི་ལ་གདིང་བའི་ཉི་མ་གང་ཉིད་ལ་བརྗོད་པ་དེ་ཉིད་ལ་མཐུན་པའི་བློ་ཞེས་བྱ་བ་འདི་ལྟར་རྩེ་གཅིག་པ་ཉིད་དུ་དེ་ལྟར་གནས་པ་ཡིན་གྱི། གཉིས་པ་ཉིད་ལ་ནི་མ་ཡིན་ཏེ་
འདིར་དགོས་པ་མེད་པའི་ཕྱིར་རོ། །མཚམས་ཀྱི་ནང་དུ་བློ་མཐུན་པར་བྱའོ་ཞེས་བྱ་བ་ནི་བཞེད་ན་ཆོས་གོས་སྲ་བརྐྱང་ཉིད་བྱ་བའོ། །གདིང་བ་ཡང་ངོ་ཞེས་བྱ་བ་ནི་མཚམས་ཀྱི་ནང་དུ་བློ་མཐུན་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དབྱར་གནས་པ་ལ་ནི་མཚམས་སྦྱར་བ་ནི་གང་ཞིག་གདིང་བ་ཡང་ངོ་ཞེས་བྱ་
བའོ། །དབྱར་གནས་པའི་ཞིང་ལས་གཞན་པ་བློ་མཐུན་པ་འདི་མི་དགེ་བ་བསྐྱེད་པའོ། །གང་གི་ཕྱིར་གདིང་བ་བྱས་པ་ལ་འདི་ལ་མཚམས་སྦྱར་བ་ནི་མ་ཡིན་ནོ། །དེ་ཐམས་ཅད་ནི་གདིང་བ་ལ་བྱེད་པ་ཉིད་དེ། དེའི་ཕྱིར་བརྗོད་པ་ལ་ཡང་མཚམས་ཀྱི་ནང་དུ་བྱ་བ་ཉིད་ཅེས་བྱ་བར་རིག་པར་བྱའོ། །གང་ལ་
Vol. 161 · folio 113b
དེ་འབྱུང་བའོ་ཞེས་བྱ་བ་ནི་རྣམ་པ་གང་གིས་གདིང་བ་མི་འབྱུང་བ་སྟེ། སྔར་དབྱར་གནས་པར་ཁས་བླངས་པ་དེ་དག་ལས་གཞན་གདིང་བ་པོར་བློ་མཐུན་པར་མི་བྱ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཏད་པར་བྱའོ་ཞེས་བྱ་བ་ནི་གཏན་པ་གདིང་བར་བློ་མཐུན་པར་བྱས་པ་དེ་ཉིད་ལའོ། །ཇི་ལྟར་གཏད་པར་བྱ་
ཞེ་ན། དེའི་ཕྱིར་གསོལ་བར་བྱས་ཏེ་ཞེས་བྱ་བ་སྨོས་ཏེ། གསོལ་བ་འབའ་ཞིག་གི་ལས་བྱ་སྟེ། གཏད་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་ཆོས་གོས་མཐུན་པར་བྱས་པའི་ཉི་མ་དེ་ཉིད་ལ་ཡང་འདིང་བ་པོ་ལ་གཏད་པར་བྱའོ་ཞེས་བྱ་བ་དེ་ཤུགས་ཀྱིས་རྟོགས་པར་བྱའོ། །གང་གི་ཕྱིར་
ཆོས་གོས་བློ་མཐུན་པར་བྱས་པ་ཉི་མ་གཞན་དུ་གཞག་པར་རིགས་པ་མ་ཡིན་པའི་ཕྱིར་རོ། །བཀྲུ་བ་དང་དྲུབས་པ་དང་ཁ་བསྒྱུར་བ་དག་ལ་དེས་སྔོན་དུ་འགྲོ་བར་བྱའོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་གཏན་པ་འདིང་བར་བྱེད་པའོ། །ཇི་ལྟར་སྔོན་དུ་འགྲོ་བར་བྱ་ཞེ་ན། དེའི་ཕྱིར་གཉིས་སམ་གསུམ་
རྗེས་སུ་བསྒྲུབ་པས་སོ་ཞེས་བྱ་བ་སྨོས་ཏེ། བྱ་བ་གཉིས་སམ་གསུམ་གྱི་ལས་རྗེས་སུ་བསྒྲུབ་པས་སོ། །ཟིན་པ་ཞིག་གྲུབ་ན་རང་གིས་ཁབ་སྲུབས་གཉིས་སམ་གསུམ་དྲུབ་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་ཆོས་གོས་དེ་བྱས་ཟིན་པ་ཞིག་གྲུབ་ན་དེའི་ཚེ་སྲ་བརྐྱང་འདིང་བ་པོས་དེ་རང་གིས་བྱའོ་ཞེས་
བྱ་བའི་དོན་ཏོ། །འདིར་གཞུང་ནི། དགེ་སློང་གཏན་པ་འདིང་བས་གཏན་པ་འདིང་བའི་ཆོས་གོས་བཀྲུ་བར་བྱ་བ་དང་དྲུབ་པར་བྱ་བ་དང་། ཁ་བསྒྱུར་བར་བྱ་བ་ལ་སྔོན་དུ་འགྲོ་བར་བྱའོ། །གལ་ཏེ་ཟིན་པ་ཞིག་རྙད་ན་དེའི་འོག་ཏུ་ཐ་ན་ཁབ་སྲུབས་གཉིས་སམ་གསུམ་དྲུབ་པར་བྱའོ་ཞེས་
བྱ་བ་གསུངས་པ་ཡིན་ནོ། །མནོས་པ་དང་རང་བྱེད་པ་དང་། དེའི་མཇུག་དག་ཏུ་གོ་རིམས་བཞིན་དུ་འདིང་བར་འགྱུར་རོ། །གདིང་ངོ་། །བཏིང་ངོ་སྙམ་དུ་སེམས་བསྐྱེད་པར་བྱའོ་ཞེས་བྱ་བ་ལ། མནོས་པ་ཞེས་བྱ་བ་ནི་དང་པོ་དགེ་འདུན་ལས་གཏན་པ་གདིང་བའི་ཆོས་གོས་མནོས་པའི་ཚེའོ། །
གང་ཞིག་དེར་འདི་རང་གིས་སྒྲུབ་པར་བྱེད་པ་ན་སྔོན་དུ་འགྲོ་བར་འགྱུར་བ་ཟིན་པ་ཞིག་གྲུབ་ན་དེའི་རང་གི་བྱས་པ་དང་བྱེད་པ་དང་། དེའི་མཇུག་དག་ཏུ་གོ་རིམས་བཞིན་དུ་འདིང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་སེམས་གསུམ་པོ་རྣམས་བསྐྱེད་པར་བྱའོ། །དང་པོ་ཉམས་ན་མི་འབྱུང་བ་མ་ཡིན་
Vol. 161 · folio 114a
ནོ་ཞེས་བྱ་བ་ནི་མནོས་པའི་ཚེ་ན་འདིང་བར་འགྱུར་རོ་སྙམས་དུ་འདི་ཉམས་པ་ལ་གཞན་འོག་མ་གཉིས་རྗེས་སུ་བསྒྲུབ་པས་གདིང་བར་བྱེད་པ་པོ་མི་འབྱུང་བ་མ་ཡིན་ཏེ་འབྱུང་ངོ་། །ཚེ་དང་ལྡན་པ་དག་བདག་སང་གཏན་པ་འདིར་བར་འགྱུར་གྱིས་ཁྱེད་ཅག་གིས་རང་རང་གི་
ཆོས་གོས་རྣམས་དབྱུང་བར་བྱའོ་ཞེས་ཚོགས་པ་ལ་བརྗོད་པར་བྱའོ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཚིག་གིས་ཤེས་པར་བྱ་སྟེ། སང་འདིང་བར་འགྱུར་བ་ཉིད་ལ་འདི་བརྗོད་པའོ། །འོ་ན་ཆོས་གོས་གཞན་བྱིན་གྱིས་བརླབ་པ་ཞེས་བྱ་བ་དེ་འདོན་པ་ལ་འཇུག་པ་གྲུབ་པ་དེ་བས་ན་བརྗོད་པ་འདི་དོན་མེད་དོ་ཞེ་ན་
བརྗོད་པར་བྱ་སྟེ། ཁ་ཅིག་མི་མཁས་པ་དང་མཁས་པ་དག་དྲན་པ་བརྗེད་ངས་པ་འབྱུང་སྟེ་དེའི་དོན་དུ་འདི་བྱའོ། །འདུ་བའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་གདིང་བའི་དོན་དུ་དགེ་འདུན་གང་འདུ་བ་གང་ཡིན་པ་དེའི་སྐབས་འདི་ནི་གནས་མལ་བཤམ་པ་དང་། གཎྜཱི་བརྡུང་བ་དང་དྲིས་པའི་
ཚིག་གིས་ཡང་དག་པར་བསྒོ་བ་རྣམས་ལ་སྟེ་འདིང་བར་བྱེད་པ་པོས་བསྒྲུབ་ཅིང་འདིང་བར་བྱེད་པ་ཡང་དག་པར་བསྐོ་བ་དང་། དེ་མ་ཐག་པའི་བློ་གདིང་བ་འདིང་བའི་དོན་དུ་གང་ཞིག་ཅེས་བྱ་བ་དེར་རྟོགས་པའོ། །དྲི་དང་མེ་ཏོག་གིས་མཆོད་ཅིང་བདུག་སྤོས་དྲི་ཞིམ་པོས་བདུག་པ་དུ་མ་གཟེབ་ཀྱི་
སྤྲོག་མར་ལྷན་ཅིག་གཞག་པ་ཐོགས་ཏེ། རྒན་རིམས་སུ་འདུག་པས་གདིང་བ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ཁ་ཅིག་དུ་མ་ཞེས་བྱ་བ་ནི་ཆོས་གོས་གསུམ་མོ། །གཅིག་ཏུ་ཞེས་བྱ་བ་ནི་གཟེབ་ཀྱི་སྤྲོག་མར་གནས་པ་ཐོགས་ཏེའོ། །དུ་མ་ནི་ཆོས་གོས་ཕྲུགས་གསུམ་སྟེ་གཞན་དུ་ནི་མ་ཡིན་ནོ། །དུས་
གང་གི་ཚེ་ཞེ་ན། དེའི་ཕྱིར་ཚེས་བཅུ་དྲུག་ལའོ་ཞེས་བྱ་བ་སྨོས་ཏེ། ཚེས་བཅུ་དྲུག་གི་ནང་པར་རོ། །ཟླ་བ་གང་གི་ཚེ་ན་ཞེ་ན། དེའི་ཕྱིར་སྟོན་ཟླ་འབྲིང་པོའི་འོ། །ལན་གསུམ་བཟླས་པས་སོ་ཞེས་བྱ་བ་སྨོས་ཏེ། ཅི་ཞག་ལན་གསུམ་དུ་བཟླས་པས་ཤེ་ན། དེའི་ཕྱིར་གདིང་ངོ་ཞེས་བྱ་བ་སྨོས་ཏེ། བཏིང་
ངོ་ཞེས་བྱ་བའི་སྔགས་འདི་མཚོན་པ་ཙམ་མོ། །དགེ་སློང་རེ་རེའི་མདུན་དུ་འདུག་སྟེ་བཏིང་ངོ་ཞེས་གོ་བར་བྱ་བ་ནི་དགེ་སློང་དགེ་སློང་གི་མདུན་དུ་འདུག་སྟེ་བཏིང་ངོ་ཞེས་བྱ་བར་རིག་པར་བྱའོ་ཞེས་བྱ་བ་འདི་ཡང་སྔགས་ཀྱི་མཚོན་པ་ཙམ་ཡིན་ནོ། །ཅིའི་ཕྱིར་ཡང་དེ་གདིང་བ་ལྟར་ལྷན་ཅིག་ཉིད་ཀྱིས་དགེ་འདུན་ལ་
Vol. 161 · folio 114b
ཞུ་བར་མི་བྱ་ཞེ་ན། བྱེ་བྲག་ཏུ་ཆེར་འབྱུང་བ་ཉིད་གྲུབ་པ་ཡོད་མོད་ཅེས་བྱ་བ་མཐོང་བ་ཡིན་ནོ། །གཞན་གྱིས་ནི་ལེགས་པར་བཏིང་ངོ་། །ཤིན་ཏུ་བཏིང་ངོ་། །འདི་ལ་རྙེད་པ་དང་ཕན་ཡོན་གང་ཡོད་པའི་བདག་གི་ཡིན་ནོ་ཞེས་སོ་ཞེས་བྱ་བ་ནི་གང་གི་མདུན་དུ་གནས་པའི་གདིང་བ་པོས་བཏིང་ངོ་ཞེས་བྱ་བ་ཞུས་
པ་དེ་ནི་འདིར་གཞན་ནོ། །འདི་ལ་རྗེས་སུ་ཡི་རང་བ་ནི་ཉམས་སུ་མྱོང་བ་དང་འདྲའོ་ཞེས་བྱ་བ་ནི་ཇི་ལྟར་སོ་སོར་ཉམས་སུ་མྱོང་བ་དེ་ནི་བཏིང་བའི་བྱེད་པ་འདི་བསྐྱེད་པ་ཉིད་དེ། དེ་བཞིན་དུ་སོ་སོར་ཉམས་སུ་མྱོང་བར་མ་བྱས་པ་ཉིད་འཐོབ་སྟེ། འདི་ལ་རྗེས་སུ་ཡི་རང་བ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་
ནི་མ་མོ་ལས། དེ་ཐོས་ནས་ལེགས་པར་བཏིང་ངོ་། །ཤིན་ཏུ་བཏིང་ངོ་ཞེས་རྗེས་སུ་ཡི་རང་བར་བྱེད་པ་དེ་དག་གིས་ཀྱང་གཏན་པ་བཏིང་བར་བརྗོད་པར་བྱས་སོ་ཞེས་གསུངས་པ་ཡིན་ནོ། །གང་གིས་དེའི་རྗེས་སུ་ཡི་རང་བར་བྱེད་པ་དེ་ནི་ལས་ཉམས་སུ་མྱོང་བ་དང་འདྲ་བར་འགྱུར་ཞེ་ན། དེའི་ཕྱིར་མངོན་
སུམ་དུ་གྱུར་པས་སོ་ཞེས་བྱ་བ་སྨོས་ཏེ། དེ་བཏིང་བའི་ཕྱིར་ཚོགས་པ་བྱིན་པས་སོ་ཞེས་དོན་གྱིས་ཤེས་པའོ། །གདིང་བ་པོའི་ཕྱིར་བཏིང་བའི་ཆོས་གོས་དེ་ཇི་ལྟར་ཡོངས་སུ་བརྐྱང་བའི་ཆོ་ག་བཤད་པར་བྱ་སྟེ། དེའི་ཕྱིར་དུས་དུས་སུ་བསང་བར་བྱ་བསྲང་བར་བྱ་སྤྲུག་པར་བྱའོ། །ཁྱིམ་དུ་བ་ཅན་དང་རྡུལ་
ཅན་དུ་གཞག་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །རྒྱལ་པོའི་ཕོ་བྲང་དུ་གཞག་པར་མི་བྱའོ་ཞེས་བྱ་བ་ནི་གཞག་པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་དང་བྲལ་བར་མི་བྱའོ་ཞེས་བྱ་བ་ལ། དེ་དང་ཞེས་བྱ་བ་ནི་ཆོས་གོས་སྲ་བརྐྱང་ངོ་། །ཁྱེར་ཏེ་གཞན་དུ་འགྲོ་བར་མི་བྱའོ། །མི་གཙང་བའི་སྐྱབས་སུ་འཇུག་པར་
མི་བྱའོ། །བླ་གབ་མེད་པར་འདུག་པར་མི་བྱའོ་ཞེས་བྱ་བ་ནི་དེ་དག་གཉིས་ཀ་ལ་ཡང་ཁྱེར་ཏེ་ཞེས་བྱ་བར་སྦྱར་བའི་ཚིག་གོ། །གང་དུ་དེ་ཁྱེར་ཏེ་འགྲོ་བ་དང་གནས་པ་བཀག་པ་དེར་དེ་ལས་བཞག་པ་ཡང་བཀག་པར་ཤེས་པར་བྱའོ། །འདིང་བར་བྱེད་པ་པོ་ལས་གཞན་གྱིས་གཞག་པ་དང་། འཆང་བ་དང་
ཁྱེར་བར་མི་བྱའོ་ཞེས་བྱ་བ་དེ་ཡང་འདིས་བྱས་པ་རིག་པར་བྱའོ། །གདིང་བ་དེ་ཇི་ལྟར་བརྐྱང་བ་བཤད་ཟིན་ཏོ། །ད་ནི་དབྱུང་བ་བཤད་པར་བྱ་སྟེ། དེའི་ཕྱིར་དབྱུང་བ་ནི་རྣམ་པ་གཉིས་ཏེ། རང་འཇུག་པ་དང་བྲལ་བ་དང་བཅོས་མའོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་དབྱུང་བར་གྱུར་པ་ན་རང་འཇུག་པ་
Vol. 161 · folio 115a
སྟེ། གཏན་པ་དབྱུང་བ་འགྲུབ་པར་འགྱུར་བ་དེ་རང་ཉིད་ཀྱིས་བྱེད་རྒྱུ་མེད་པར་འཇུག་པར་ཉེ་བར་འགྲོ་བཞིན་པའོ། །འཇུག་པ་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། དེའི་ཕྱིར་རང་འཇུག་པ་དང་འབྲལ་བ་ནི་གཏན་པས་མཚམས་གཞན་དུ་ཕྱིན་པ་དང་། བྱིན་གྱིས་རློབ་པར་བྱེད་པ་མེད་
པར་མཚམས་ཀྱི་ནང་དུ་སྐྱ་རེངས་འཆར་བ་དང་། དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་འཆད་པའོ་ཞེས་བྱ་བ་སྨོས་ཏེ། གནས་སྐབས་གསུམ་པོ་འདི་དག་ལ་འབྱུང་སྟེ། གཏན་པ་མཚམས་ཀྱི་གནས་གཞན་དུ་ཕྱིན་པ་དང་། མཚམས་གང་དུ་དེ་བཏིང་བའི་མཚམས་དེར་བྱིན་གྱིས་རློབ་
པར་བྱེད་པའི་དགེ་སློང་ཐམས་ཅད་མ་ལུས་པ་མེད་པ་དེར་སྐྱ་རེངས་ཤར་བ་དང་། བྱིན་གྱིས་རློབ་པར་བྱེད་པའི་དགེ་འདུན་གྱི་མཚམས་ཀྱི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེ་དག་གང་ལ་རྒྱུན་ཆད་པའི་གནས་སྐབས་ནའོ། །དབྱར་གྱི་གནས་ཀྱི་རྗེས་སུ་འཇུག་པར་གྱུར་པའི་གཏན་པ་གདིང་བ་གང་ཡིན་
པའོ། །གང་གི་ཕྱིར་ཇི་ལྟར་དེའི་ཞིང་ལས་གཞན་པའི་གནས་སུ་མི་འབྱུང་བ་དེ་བཞིན་དུ་དབྱུང་བ་ཡང་ཞིང་གཞན་དུ་གནས་པ་ཉིད་ན་འཇིག་པར་འགྱུར་བའོ། །དེ་ལས་ཐམས་ཅད་ལ་བག་ཡངས་སུ་གནས་པ་གང་ཡིན་པ་དེ་ཉིད་དང་། དེའི་ཕྱིར་བྱིན་གྱིས་རློབ་པར་བྱེད་པ་མེད་པར་འདི་ལ་རྒྱུན་གཅོད་པར་
བྱེད་པ་དེ་ལ་འབྲལ་བའི་སྤང་བ་ཉིད་དེར་ཞིང་མ་ཡིན་པ་ཉིད་ཀྱི་ཕྱིར་ཇི་ལྟར་མི་འབྱུང་བ་དེ་བཞིན་དུ་འཇིག་པའོ། །དེ་རྣམས་ལ་འདིའི་རྒྱས་པ་ཉིད་གང་ཡིན་པ་དེ་ལ་ཡང་དེ་རྣམས་ལ་འདི་འཇིག་པ་སྟེ། གང་ཞིག་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་དེས་རྣམ་པར་རྒྱུན་ཆད་པའོ། །དེའི་ཕྱིར་མ་ལྟ་
བུའི་ཚིག་དྲུག་ནི་སྦྱོར་བས་འགྲོ་བ་དང་། ངེས་པར་འབྱེད་པ་དང་། མཐར་ཐུག་པར་གྱུར་པ་དང་། ཞིག་པར་གྱུར་པ་དང་། བསམ་པའི་རྒྱུན་ཆད་པ་དང་། མཚམས་ལས་འདའ་བའོ་ཞེས་བྱ་བ་སྨོས་ཏེ། དེ་དག་ནི་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་ཆད་པ་ཞེས་བྱ་བ་དེའི་བྱེ་བྲག་ཏུ་བཤད་
པར་གྱུར་པ་དག་ཡིན་ནོ། །ད་ནི་དེ་བཤད་པར་བྱ་སྟེ་དེའི་ཕྱིར་དེ་ལ་དེའོ་ཞེས་བྱ་བ་སྨོས་ཏེ། གང་ཟག་གང་དེ་རྣམ་པར་རྒྱུན་ཆད་པའི་རྒྱུ་མཚན་སྤྱོད་པ་བྱེད་པ་དེ་བས་ན་འདིར་དེ་ལ་དེའི་དཀྱིལ་འཁོར་གྱི་ཁོངས་སུ་གཏོགས་པ་རྣམ་པར་རྒྱུན་ཆད་པ་ལ་སོ་སོར་དབྱུང་བ་ཡང་དག་པར་གནས་པའོ། །དགེ་
Vol. 161 · folio 115b
འདུན་ཐམས་ཅད་ལ་ནི་དེ་རྣམ་པར་མི་གཞག་སྟེ་དེ་ལྟར་སྔ་མ་རྣམས་ལའོ། །དེའི་ཕྱིར་མཚམས་འདས་པ་ན་དེ་འགྲུབ་པའོ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་རྣམ་པར་འཆད་པའོ། །ཅི་གང་ཡང་རུང་བས་མཚམས་ལས་འདས་ན་འམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་ཕྱིར་མི་འོང་བའི་སེམས་ཀྱིས་སོ་
ཞེས་བྱ་བ་སྨོས་ཏེ། ཡང་ཕྱིར་འོང་བར་བྱའོ་སྙམ་དུ་གནས་པའི་སེམས་ཀྱིས་ནི་མ་ཡིན་ནོ། །མཚམས་ཀྱི་ཕྱི་རོལ་དུ་དེ་སྐྱེས་ན་ཡང་ངོ་ཞེས་བྱ་བ་ནི་མཚམས་ཀྱི་ཕྱི་རོལ་དུ་སོན་པ་ཉིད་ན་ཕྱིར་མི་འོང་བར་ངེས་པའི་སེམས་དེ་སྐྱེས་ན་ཡང་། དེའི་ཚེ་རྣམ་པར་འཆད་པར་འགྱུར་བ་འདི་འགྲུབ་པའོ། །ཆོས་
གོས་བྱ་བའི་བསམ་པས་རྗེས་སུ་འབྲེལ་བ་མེད་ན་དེའི་ཚེ་ཉིད་ནའོ། །ཡོད་ན་བྱེད་པར་འགྱུར་པ་ཉིད་ཆད་ནའོ། །ཆོས་གོས་བྱའོ་སྙམ་པའི་བསམ་པ་ཡོད་ནའོ། །དཀྱིལ་འཁོར་དེ་དང་འབྲེལ་བར་གྱུར་པ་དང་། ལྷག་མ་དང་བཅས་པར་གྱུར་པ་དང་། རྣམ་པར་ཆད་པ་ལ་ཡོངས་སུ་མ་བཏང་བར་གྱུར་
པའོ། །གལ་ཏེ་འདིས་འབྲེལ་པ་ལ་རྗེས་སུ་འགྲོ་བ་ཉིད་གཅིག་པར་གྱུར་པ་མེད་པར་གྱུར་པ་དེ་ཉིད་ཀྱི་ཚེ། མཚམས་ལས་འདའ་བར་བྱེད་པས་སླར་མི་འོང་བའི་སེམས་སྐྱེས་པའི་དུས་དག་ཉིད་དུ་རྣམ་པར་འཆད་པར་འགྱུར་བ་དེ་འགྲུབ་བོ། །འོན་ཏེ་མེད་པར་གྱུར་ན་གང་གི་ཚེ་ཆོས་གོས་བྱ་བའི་
བསམ་པས་རྗེས་སུ་འབྲེལ་པ་ཆད་པར་གྱུར་པ་དེའི་ཚེ། རྣམ་པར་ཆད་པར་གྱུར་པ་དེ་རྗེས་སུ་འགྲུབ་པར་འགྱུར་རམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་ཕྱིར་འོང་ན་ཡང་ངོ་ཞེས་བྱ་བ་སྨོས་ཏེ། གཏན་པ་བཏིང་བའི་མཚམས་སུ་ཕྱིར་འོང་ན་ཡང་ཆོས་གོས་བྱེད་པར་འགྱུར་བའི་བསམ་པ་ཉིད་རྒྱུན་ཆད་པར་
གྱུར་ན་དེའི་ཚེ་རྣམ་པར་ཆད་པར་འགྱུར་རོ། །ཕྱིར་འོངས་ན་ཡང་རྣམ་པར་ཆད་པར་འདི་ཞེས་བྱ་བ་དེའི་ཕྱིར་དབྱུང་བས་འགྲུབ་པར་མི་བྱའོ་སྙམ་དུ་འགའ་ཞིག་འདོད་པར་འགྱུར་བ་དེའི་དོན་དུ་མདོ་འདི་ཡིན་ནོ། །ཕྱིར་འོངས་པ་ཉིད་ལ་ཡང་བྱེད་པར་འགྱུར་བ་ཉིད་ཆད་ནའོ་ཞེས་གང་སྨོས་པ་དེ་ལ་དབྱུང་
བ་ཉིད་ཡོད་པར་འགྱུར་རོ། །བྱེད་པར་འགྱུར་བའི་མཐར་ཐུག་པ་དང་། བརྩམས་པ་ཞིག་པ་དང་། བསམ་པའི་རྒྱུན་ཆད་པ་གསུམ་ལ་དེ་གནས་སོ་ཞེས་བྱ་བ་ནི་ཆོས་གོས་བྱའོ་སྙམ་དུ་བསམས་པ་གང་ཡིན་པ་དེ་མཐར་ཐུག་པར་འགྱུར་བ་སྟེ། དེའི་རེ་བ་ཆད་པ་དང་། བརྩམས་པ་ཞིག་པར་གྱུར་
Vol. 161 · folio 116a
བ་དང་བསམ་པའི་རྒྱུན་ཆད་པར་གྱུར་པ་ཞེས་བྱ་བ་གསུམ་པོ་དེ་ལ་བྱེད་བཞིན་པ་ཉིད་དུ་དེ་ལ་རྣམ་པར་ཆད་པ་གནས་པའོ། །ཡིད་གཉིས་ནི་ངེས་པས་འབྱིན་པར་བྱེད་པ་དང་འདྲའོ་ཞེས་བྱ་བ་ནི་གང་ཞིག་འདི་ཕྱིར་མི་འོངས་བའི་སེམས་ཀྱི་བདག་ཉིད་ཅན་གཏན་པ་དབྱུང་བ་སྒྲུབ་པར་
བྱེད་པའི་ངེས་པར་སྨོས་པ་དེ་དང་འདྲ་བར་ཡིད་གཉིས་ནི་ཅི་ཞིག་འོང་བར་བྱ་བའམ། འོན་ཏེ་ཕྱིར་འོང་བར་མི་བྱ་སྙམ་པ་དེ་ལྟ་བུའི་སེམས་གཅིག་ཏུ་མ་ངེས་པར་མཚམས་ལས་འདའ་ཞིང་འགྲོ་བ་དང་། མཚམས་ཀྱི་ཕྱི་རོལ་དུ་སོན་པ་ན་དེ་ལྟ་བུའི་སེམས་བསྐྱེད་པས་ཀྱང་རྣམ་པར་ཆད་པ་འགྲུབ་
པར་འགྱུར་རོ། །ཇི་ལྟར་འབྲེལ་བ་མེད་པ་ལ་རབ་ཏུ་དབྱེ་བར་གྱུར་པར་འདི་ལ་ཆོས་གོས་བྱའོ་སྙམ་པའི་ངེས་པ་གང་ཡིན་པ་འབྲེལ་བ་མེད་པར་དབྱུང་བ་འགྲུབ་པར་བྱེད་པ་མ་གསུངས་པ་དེ་བཞིན་དུ། འདི་ལྟ་བུའི་བློ་ཅི་ཆོས་གོས་བྱ་བའམ་འོན་ཏེ་ཆོས་གོས་མི་བྱ་སྙམ་དུ་དེ་ལྟ་བུའི་སེམས་གཅིག་ཏུ་མ་ངེས་
པས་མཚམས་ལས་འདའ་ཞིང་འགྲོ་བ་དང་། མཚམས་ཀྱི་ཕྱི་རོལ་དུ་སོན་པ་ན་དེ་ལྟ་བུའི་སེམས་སྐྱེས་པས་ཀྱང་ཆོས་གོས་བྱ་བའི་བསམ་པས་འབྲེལ་བ་མེད་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། མཚམས་ཀྱི་ཕྱི་རོལ་དུ་འགྲོ་བ་ན་དེ་འདི་སྙམ་དུ་ཅིའི་ཕྱིར་ཕྱིར་འོང་བར་བྱ་
ཞིང་ཆོས་གོས་བྱ་བ་འམ། འོན་ཏེ་མི་འོང་བར་མི་བྱ་སྙམ་དུ་སེམས་པས་མཚམས་ལས་འདས་པར་བྱེད་ན། དེའི་གཏན་པ་དབྱུང་བ་འབྱུང་བ་རང་འཇུག་པ་དང་བྲལ་བ་ནི། མཚམས་ལས་འདས་པའི་མཐའ་ལས་བྱུང་བ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཡང་འོང་བའི་ཕྱིར་ཡིད་གཉིས་
ཀྱིས་འདི་ལ་སླར་འོང་བའི་སེམས་དང་ལྡན་པ་ཉིད་ནི་ཡིད་གཉིས་སུ་བྱེད་པའི་ཕྱིར། འབྲེལ་བ་མེད་པར་ལྡན་པ་ཉིད་དེ་དེ་བཞིན་དུ་འདིར་མཚམས་ལས་འདའ་བར་བྱེད་པ་ལ་གཏན་པ་དབྱུང་བ་འགྲུབ་པ་སྦྱོར་བ་ལས་ཏེ། གཞན་དུ་ནི་མ་ཡིན་ཏེ་དེ་ནི་སོང་ཟིན་ཏེ། ད་ནི་དབྱུང་བ་དྲུག་པོ་དེ་རྣམས་འདིར་བཤད་
པར་བྱ་སྟེ། བྱེད་པའི་བསམ་པ་མེད་པར་ཕྱིར་མི་འོང་བའི་སེམས་ཀྱིས་མཚམས་ལས་འདའ་བར་བྱེད་ན་འགྲོ་བའི་མཐའ་ཅན་གཏན་པ་དབྱུང་པར་བྱའོ། །ཡིད་གཉིས་ཀྱིས་བྱེད་པའི་ཕྱིར་ཕྱིར་མི་འོང་བའི་སེམས་དང་ཐེ་ཚོམ་གྱི་སེམས་སམ་མཚམས་ལས་འདའ་ཞིང་བྱེད་དུ་འཇུག་པའི་བསམ་པ་མེད་པར་
Vol. 161 · folio 116b
ཕྱིར་འོང་བ་ལ་ཐེ་ཚོ་ཟ་བའི་སེམས་ཀྱིས་མཚམས་ཀྱི་མཐར་འདས་པ་དང་། མཚམས་ཀྱི་ཕྱིར་རོལ་དུ་སོན་པ་ན་ཕྱིར་མི་འོང་བའི་སེམས་བསྐྱེད་པའམ། ཕྱིར་འོང་བ་ལ་ཐེ་ཚོམ་ཟ་བའི་སེམས་བསྐྱེད་པ་ལ་བསམ་པས་རྗེས་སུ་འབྲེལ་བ་མི་སྐྱེད་ཅིང་མཐར་ཐུག་པར་གྱུར་པའི་མཐའ་དང་། ངེས་པར་ཁས་བླངས་
པ་མཐར་ཐུག་པ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་འབྲེལ་བ་ཡོད་ཅིང་ཕྱིར་མི་འོང་བའི་སེམས་སམ་ཐེ་ཚོམ་ཟ་བའི་སེམས་ཀྱིས་འདའ་བ་དང་། མཚམས་ཀྱི་ཕྱི་རོལ་དུ་འདི་དག་སྐྱེད་པ་ལ་གལ་ཏེ་བསམ་པའི་རྒྱུན་ཆད་པས་བྱེད་པར་གྱུར་པ་ཉིད་ལས་བསམ་པ་རྒྱུན་ཆད་པ་ལ་རྣམ་པར་ཆད་པར་འགྱུར་རོ། །
འོ་ན་བརྩམས་པ་ཞིག་པའི་མ་གང་ཞེ་ན། བརྩམས་པ་ཞིག་པའི་མཐའ་ཅན་ནོ། །ཡང་ན་རྫོགས་ཤིང་ཟིན་པའི་མཐར་ཐུག་ཅེས་བྱ་བ་རང་འཇུག་པ་དང་བྲལ་བ་སྲ་བརྐྱང་དབྱུང་བ་རྣམ་པར་དབྱེ་བར་བྱས་སོ། །ད་ནི་བཅོས་མ་བརྗོད་པར་བྱ་སྟེ། གང་ཡང་རུང་བའི་རྣམ་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་
ངེས་པར་མ་བྱས་པ་ཉིད་ཀྱི་ཕྱིར་རྣམ་པར་ངེས་པ་བརྗོད་པར་བྱ་སྟེ། དེའི་ཕྱིར་ལས་ལས་གཞན་པའི་བྱ་བ་རྗེས་སུ་བསྒྲུབ་པར་མི་བྱའོ་ཞེས་བྱ་བ་སྨོས་ཏེ། ཅི་སླར་རྣམ་པ་གཞན་འདི་ཟློག་པ་སྒྲུབ་པར་བྱེད་པ་གང་གི་ཕྱིར་གཞན་བྱེད་པ་རྣམས་ལ་གཞན་སྨོས་ཏེ། ལས་ལ་རྣམ་པ་གཞན་གྱིས་འདི་
བསྐྱེད་པ་མ་ཡིན་ཞེས་བྱ་བའོ། །འདི་ལྟར་སེམས་བསྐྱེད་པ་བརྟན་པོས་ཀྱང་འགྲུབ་པའི་ཕྱིར་རོ། །སླར་གང་ཞིག་དབྱུང་བའི་ལས་འདི་ལ་དུས་ནམ་ཡིན་ཞེ་ན། དེའི་ཕྱིར་དེའི་དུས་ནི་དཔྱིད་ཟླ་ར་བའི་ཉ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དུས་མ་ཡིན་པར་གཏན་
པ་དབྱུང་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གཏན་པ་དབྱུང་བའི་དུས་མ་ཡིན་པ་གང་ཞེ་ན་སྟོན་ཟླ་འབྲིང་པོའི་ཉ་ནས་དཔྱིད་ཟླ་ར་བའི་ཉའི་བར་དུ་གཏན་པ་དབྱུང་བར་ཆོས་གོས་གཏན་པ་གདིང་བའི་དུས་མ་ཡིན་པ་འདིའོ། །དེ་མན་ཆད་ནི་དུས་ཏེ། དུས་སུ་གཏན་པ་དབྱུང་བར་བྱ་བ་སྨོས་ན་སྲ་
བརྐྱང་དབྱུང་བའི་དུས་གང་ཞེ་ན། དེའི་ཕྱིར་དཔྱིད་ཟླ་ར་བའི་ཉ་ལའོ་ཞེས་བྱ་བ་མངོན་པར་བརྟེན་པའོ། །དེའི་རྗེས་ལ་སྔ་མའི་ཚེས་བཅུ་བཞིའི་མཐའ་ཅན་དཔྱིད་ཟླ་ར་བའི་མཐའ་ཅན་ཉིད་ཀྱིས་སོ། །མོད་ལའོ་ཞེས་བྱ་བ་ནི་ལོ་གཉིས་པ་ལ་སོགས་པ་དང་འབྲེལ་བའི་དཔྱིད་ཟླ་ར་བའི་ཉ་ཐལ་བར་གྱུར་པ་
Vol. 161 · folio 117a
བསལ་བའི་ཕྱིར་ཚིག་འདི་སྨོས་ཏེ། དབྱར་དེ་ཉིད་ཀྱིས་བར་དུ་མཆོད་པའི་མོད་ལ་སྟེ། དབྱར་གཞན་ནི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་སྔགས་ནི་མིང་དེ་ལས་དུས་ཐམས་ཅད་པ་དུས་ཀྱི་གཞུང་འདིར་དགེ་འདུན་གྱིས་གསན་པ་མཛོད་ཅིག །འདི་ལྟར་གནས་འདིར་
དགེ་སློང་གི་དགེ་འདུན་གྱིས་གཏན་པ་བཏིང་བ་ལས་དེའི་རྗེས་སུ་འཇུག་པའི་དུས་ཚེས་བཅོ་ལྔ་ལགས་ཏེ། གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། གང་གི་ཕྱིར་དགེ་འདུན་གྱིས་གཏན་པ་འབྱིན་པར་མཛད་དོ། །འདི་ནི་གསོལ་བའོ། །དགེ་
འདུན་བཙུན་པ་རྣམས་གསན་དུ་གསོལ། ཇི་སྲིད་གནས་འདི་དགེ་སློང་གི་དགེ་འདུན་གྱིས་གཏན་པ་བཏིང་བ་ལས་དེའི་རྗེས་སུ་འཇུག་པའི་དུས་ཚེས་བཅོ་ལྔ་ལགས་ཏེ། དེའི་སླད་དུ་དགེ་སློང་གིས་གཏན་པ་འབྱིན་ནོ། །གཏན་པ་འབྱིན་པར་ཚེ་དང་ལྡན་པ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་
ཤིག་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག་ཅེས་ལན་གསུམ་བཟླས་པས་དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་གྱིས་གཏན་པ་ཕྱུང་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་ནོ། །བཅོམ་པའི་དོན་ཉིད་དུ་ནི་སྔར་ཡང་ངོ་ཞེས་བྱ་བ་ན།
དེ་དུས་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། ཉི་མ་དེ་ཉིད་ལ་ཞེས་བྱ་བའི་ཚིག་གིས་གསོ་སྦྱོང་གི་ཉི་མའི་བདག་ཉིད་ཅན་ནི་སྔར་གྱི་དུས་ཀྱི་དེ་ཡིན་ཏེ། སྔར་ནི་སྔོན་དུ་བྱ་བའོ། །དེར་ཉམས་སུ་མ་མྱོང་བ་དང་ལྡན་པ་ལ་ནི་མ་ཐོས་ཀྱི་བར་དུ་ཕན་ཡོན་རྗེས་སུ་འཇུག་གོ་ཞེས་བྱ་བ་ལ་མ་ཐོས་ཀྱི་བར་དུ་ཞེས་བྱ་བ་ནི་
མཚམས་ཀྱི་ནང་ངམ་ཕྱི་རོལ་དུ་འདུག་པས་སོ། །དེ་ནི་འདིར་གཏན་པ་དབྱུང་བ་ཐོས་པའི་མཐའ་ལས་བྱུང་བ་སྔར་གྱི་དུས་སོ། །གཙུག་ལག་ལས། གང་གིས་དེ་ཉམས་སུ་མྱོང་བར་མ་གྱུར་པ་དེ་སྲིད་དུ་འདི་མ་ཐོས་ཀྱི་བར་དུ་འཇུག་གི་ཐོས་ན་ནི་ལྡོག་གོ། །ཅི་གནས་སྐབས་ཐམས་ཅད་དུ་མ་ཐོས་ཀྱི་
བར་དུ་ཕན་ཡོན་དེ་རྗེས་སུ་འཇུག་གམ་ཞེ་ན། དེའི་ཕྱིར་རྗེས་སུ་འབྲེལ་བ་མེད་ནའོ་ཞེས་བྱ་བ་སྨོས་སོ། །གཞན་དུ་ཇི་སྲིད་ཕན་ཡོན་རྗེས་སུ་འཇུག་ཅེ་ན། དེའི་ཕྱིར་ཡོད་ན་མ་ཆད་ཀྱི་བར་དུ་ཞེས་བྱ་བ་སྨོས་ཏེ། རྗེས་སུ་འབྲེལ་བ་ཡོད་པ་ཉིད་མ་ཆད་ཀྱི་བར་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་ཞུ་བ་ལས་
Vol. 161 · folio 117b
གཏན་པ་དབྱུང་བ་ཐོས་པའི་མཐའ་ལས་བྱུང་བ་གང་ཞེ་ན། གང་ཞིག་མཚམས་ཀྱི་ཕྱི་རོལ་དུ་ཤན་མེད་པའི་རྒྱུད་ཀྱི་ཐོས་པ་དང་། གོས་ལ་རེ་བ་ཆད་པ་དང་། ཤན་ཡོད་པས་གོས་ཟིན་པར་གྱུར་པ་དང་། གལ་ཏེ་གོས་ལ་རེ་བ་ཡོད་པ་དང་། གོས་ཀྱང་རུང་སྟེ་བརྩམས་པ་ནི་ཤན་གྱི་རྒྱུན་ཡོངས་སུ་ཡང་དག་
པས་བརྗོད་པར་བྱ་བ་སྟེ། དེ་བཞིན་དུ་དེ་འཇུག་གོ་ཞེས་གསུངས་པ་ཡིན་ནོ། །དངོས་པོ་བསྡུས་བ་ནི་བརྡ་བཤད་ཀྱིས་ཆོག་སྟེ་ཞེས་བྱ་བ་དེའི་རྙེད་པ་འབྱུང་བ་མཐོང་བ་ཡོད་ཀྱང་རྙེད་པ་བརྩམས་པ་ཉིད་ལ་ཡང་གོས་གནང་བཞིན་པ་ཉིད་ལ་འདི་ནི་མཐར་ཐུག་པའོ། །དེ་གཉིས་ནི་མཐར་ཐུག་པའི་མཐའ་
ལས་བྱུང་བ་དང་། རེ་བ་ཆད་པའི་མཐའ་ལས་བྱུང་བ་འདིས་རྣམ་པ་གཞན་གཉིས་ཡིན་ནོ། །ཞིག་པར་འགྱུར་བ་མཐའ་ལས་བྱུང་བའི་རྣམ་པ་གཞན་ཡང་འདིར་འབྱུང་བར་རིག་པར་བྱའོ། །མ་བྱུང་ན་ཐམས་ཅད་ཀྱིས་དེའི་དུས་ཀྱི་རྙེད་པ་བགོ་བར་མི་བྱའོ་ཞེས་བྱ་བ་གཏན་པའི་ཆོས་གོས་དེ་མ་བྱུང་ན་
སྟེ། དངོས་པོ་ཞུགས་པ་ལ་ནི་མ་ཡིན་ནོ། །ཆོས་གོས་དེ་ནི་གཞན་དག་གི་ལ་གཏེར་གྱི་གནས་ལྟ་བུ་ཡིན་པས། གང་གི་ཚེ་འདིང་བར་བྱེད་པ་ཐམས་ཅད་ཀྱིས་དེ་ཕྱུང་བར་འགྱུར་བ་དེའི་ཚེ་ན་གཏན་པ་བཏིང་བའི་དུས་ལས་བྱུང་བའི་རྙེད་པར་བགོ་བར་བྱའི། དེ་མ་ཕྱུང་བའི་སྔོན་རོལ་དུ་ནི་མ་ཡིན་ནོ་ཞེས་
བྱ་བ་འདིར་སྟོན་ཏོ། །གཞིར་གཏོགས་པའི་སྲ་བརྐྱང་གི་གཞིའོ། །སྟོན་ཟླ་འབྲིང་པོའི་ཞེས་སྨོས་པས་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་གཏན་པ་བཏིང་བའི་དུས་ཡིན་ན་ཤོལ་གྱི་ཟླ་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བར་བྱའོ་ཞེས་སྨོས་པས་དེའི་རྗེས་སུ་འབྲང་བ་ལ་མངོན་པར་བརྟེན་པར་ཐལ་བའི་
བརྗོད་པར་བྱ་སྟེ། དེའི་ཕྱིར་དགག་དབྱེ་བ་ཇི་ལྟ་བ་བཞིན་དུ་གདིང་ངོ་ཞེས་བྱ་བ་སྨོས་ཏེ། འདིར་དགག་དབྱེའི་སྒྲས་ནི་དུས་ཉེ་བར་མཚོན་པར་བྱེད་པར་རིག་པར་བྱའོ། །ཇི་ལྟར་དགག་དབྱེའི་དུས་སུ་ཞེས་བྱ་བའོ། །དེ་ལྟ་བས་ན་རྩོད་པར་བྱེད་པའི་དབང་གིས་སྔོན་དུ་དགག་དབྱེ་བྱེད་པ་ལ་དེའི་འོག་
ཏུ་གཏན་པ་བཏིང་བ་འདིས་བྱ་བ་ཉིད་དུ་སྟོན་པའོ། །དེ་ཡང་འདིར་དེའི་ཚེ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་ཞེས་བྱ་བའི་ཚིག་གིས་སོ། །གང་གི་ཕྱིར་གཞན་དུ་དུས་དེ་ལ་ངེས་པར་མི་འགྲུབ་པའོ། །གསོ་སྦྱོང་གི་མཐའ་མ་ཡིན་པ་ལ་མི་བྱའོ་ཞེས་བྱ་བ་ནི། གཏན་པ་གདིང་བ་ནི་ཞེས་བྱ་བར་སྦྱར་ཏེ།
Vol. 161 · folio 118a
གསོ་སྦྱོང་དང་ཉེ་བར་གྱུར་པའི་དུས་སུ་འདིར་ནི་ཐ་མའི་སྒྲའོ། །གསོ་སྦྱོང་གི་མདུན་རོལ་དུ་གཏན་པ་དབྱུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དབྱུང་བ་ཡང་ངོ་ཞེས་བྱ་བ་ནི་གསོ་སྦྱོང་ཐ་མ་ཡིན་པ་ལ་མི་བྱ་སྟེ། གཏན་པ་དབྱུང་བ་ཡང་གསོ་སྦྱོང་ཉིད་བྱས་ནས་རྗེས་སུ་བསྒྲུབ་པར་
བྱའོ་ཞེས་བྱ་བ་ལ་འདིར་དེ་བྱེད་པའོ། །ཚེས་བཅུ་དྲུག་ལ་ཡང་འདིར་ཉེ་བ་ཉིད་དུ་ཤེས་ན་ནི་བཅུ་དྲུག་གི་དེའམ། ཚེས་བཅོ་ལྔ་གཏན་པ་དབྱུང་བར་ཐལ་བར་འགྱུར་བ་བསལ་བའི་ཕྱིར། འདི་ནི་ཉི་མ་དེ་ཉིད་ཀྱིའོ་ཞེས་བྱ་བ་སྨོས་ཏེ། གཏན་པ་དབྱུང་བ་འདི་ནི་གསོ་སྦྱོང་གི་ཉི་མ་ཚེས་བཅོ་ལྔ་ལ་དབྱུང་བ་ཡིན་
གྱི། ཚེས་བཅུ་དྲུག་ལ་དབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྩམས་པ་འདི་ནི་དུས་མ་ཡིན་པར་དབྱུང་བར་ཆེད་དུ་བྱས་པ་ཡིན་པར་རིག་པར་བྱ་སྟེ། གཞན་ལ་ནི་ངེས་པ་ཡོད་པའི་ཕྱིར་རོ། །གསོ་སྦྱོང་མ་བྱས་པར་གཏན་པ་གདིང་བ་མི་འབྱུང་ངོ་ཞེས་བྱ་བ་ཤེས་བཞིན་དུ་གསོ་སྦྱོང་གི་མཐའ་
མ་ཡིན་པ་ལ་ཞེས་བྱ་བ་འདི་ལས་གསོ་སྦྱོང་བྱ་སྟེ་གཏན་པ་གདིང་བར་བྱ་ཞིང་ཡང་དགེ་སློང་གཞན་བྱུང་ན་ཡང་གསོ་སྦྱོང་བྱེད་པ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་ཡང་གསོ་སྦྱོང་བྱས་ན་ཕྱུང་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། འདིས་ཀྱང་རྣམ་པ་གཞན་གྱིས་དབྱུང་བ་རང་འཇུག་པ་ཞེས་བྱ་བར་རིག་
པར་བྱའོ། །བཏིང་ནས་བྱེ་བ་དག་ལ་ནི་དེ་ཐ་དད་པར་འགྲུབ་པོ་ཞེས་བྱ་བ་ནི། གཏན་པ་བཏིང་བ་ནས་བྱེ་བ་དག་ལ་ནི་དེ་དག་ཐ་དད་པར་དབྱུང་བ་འདི་ལ་འགྲུབ་པོ། །འདི་ལ་གདིང་བ་གཅིག་ཡིན་པའི་ཕྱིར་ཕྱོགས་གཅིག་གིས་ཕྱུང་ན་ཕྱོགས་ཅིག་ཤོས་ཀྱིས་ཀྱང་ཕྱུང་བ་ཉིད་མ་ཡིན་ནོ། །གང་གིས་གང་
ཚེ་དེ་ལ་ཕྱུང་བའི་ལས་བྱས་པར་འགྱུར་བ་དེའི་ཚེ་འདི་ལ་འདི་ཞེས་བྱ་བའི་དོན་ཏོ། །ཆོས་སྨྲ་བ་དག་ཡོད་པས་དེ་གདིང་ངོ་ཞེས་བྱ་བ་ལ། དེ་ཞེས་བྱ་བའི་སྒྲས་ནི་ཆོས་སྨྲ་བ་པོ་བསྡུས་པ་སྟེ། གནས་གང་ན་དེ་ཡོད་པའོ། །ཆོས་སྨྲ་བ་དང་བཅས་པའི་གནས་ལ་ཆོས་སྨྲ་བ་པོ་རྣམས་ལ་རང་བྱུང་བ་གདིང་བ་
ཞེས་བྱ་བ་འདིར་དོན་ཏོ། །ཆོས་སྨྲ་བ་པོ་དེས་ནི་དབང་བྱེད་པ་ཉིད་ཡིན་པའི་ཕྱིར་ཏེ། དེ་རྣམས་ཀྱི་གནས་ཀྱི་རྒྱུ་ལས་དེའི་དོན་གྱི་ཕྱིར་བསྟན་པའོ། །དེ་ལྟ་བས་ན་མ་ཆོག་པ་དང་ཤིན་ཏུ་མ་ཆོག་པ་རྣམས་ལ་མི་སྐྱེད་པ་ལ་མ་བྱས་པ་ཉིད་དུའོ། །དེ་ལྟར་ན་ཡང་བྱས་པ་ཉིད་ཀྱང་གཞན་རྣམས་ཀྱི་ཞེས་བྱ་བའི་
Vol. 161 · folio 118b
ཚིག་གིས་སོ། །འདིར་གཞུང་ཡང་དེ་བཞིན་དུ་སྟེ། དབྱར་གནས་པའི་དགེ་འདུན་བྱེ་ན་གང་གིས་གཏན་པ་གདིང་བར་བགྱི། གང་དག་ཆོས་སྨྲ་བ་དག་གིས་སོ་ཞེས་གསུངས་པ་དང་། ལམ་ནས་དྲངས་པ་རྣམས་ལ་རང་བཞིན་དུ་གནས་པའི་གནས་ཀྱི་གཏན་པ་གདིང་བར་བྱེད་པ་དེ། སྤངས་པ་རྣམས་
སྲ་བརྐྱང་མ་་བཏིང་བ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་ཀྱང་། དགེ་འདུན་བྱེ་ན་སུས་གཏན་པ་བཏིང་བར་བགྱི་བཀའ་སྩལ་པ། ཆོས་སྨྲ་བ་དག་གིས་ཏེ། ཆོས་སྨྲ་བ་དེས་ནི་དབང་བྱེད་པ་ཉིད་ཡིན་པའི་ཕྱིར་ཏེ། ཐམས་ཅད་ལ་ཡང་གདིང་བ་
འབྱུང་བར་ནི་འགྱུར་ཏེ་ཞེས་གསུངས་པ་ཡིན་ནོ། །འདི་ཉིད་ནི་དབང་དུ་བྱེད་པ་ལ་དགོངས་ནས་དེ་བྱ་བ་ཉིད་དུ་གསུངས་སོ། །མ་ཆོག་པའི་གནས་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་བརྩམས་པ་དེ་ལས་བསྒྲུབ་པར་བྱའོ། །དེར་གཞན་དག་གིས་བྱས་ཀྱང་གནས་ཀྱི་རྙེད་པ་ནི་དེ་དག་ལས་འོས་པ་ཉིད་
ཡིན་ནོ་ཞེས་བྱ་བ་ནི། དུས་འདིར་གནས་པ་ལ་འདི་སྦྱིན་པར་བྱའོ། །གནས་དེར་གནས་པའི་དགེ་འདུན་ལ་རྙེད་པ་འདིའོ། །དེ་ལྟར་གནས་ཡོངས་སུ་དག་པ་ལྟར་རྙེད་པ་དེ་ནི་གནས་ཀྱི་རྙེད་པའོ། །ཆོས་མ་ཡིན་པ་སྨྲ་བ་གཞན་དག་གིས་གཏན་པ་གདིང་བ་བྱས་ཀྱང་ཆོས་སྨྲ་བ་དེ་དག་ལ་གནས་ཀྱི་
རྙེད་པ་འོས་པ་ཉིད་ཡིན་ཏེ། ཆོས་མ་ཡིན་པ་སྨྲ་བ་དག་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །རང་བཞིན་དུ་གནས་པའི་གནས་སུ་དེ་སྤངས་པ་རྣམས་ལ་མི་འབྱུང་ངོ་ཞེས་བྱ་བ་ནི། རང་བཞིན་དུ་གནས་པའི་གནས་སུ་གཏན་པ་གདིང་བར་བྱེད་པ་དེ་བྱེད་བཞིན་པ་ལས་སྤངས་པ་རྣམས་ལ་མི་འབྱུང་ངོ་ཞེས་
བྱ་བའི་དོན་ཏོ། བསམ་པ་གནས་པ་ནི་བཏིང་བ་ཡིན་ནོ་ཞེས་བྱ་བ་ལ། བསམ་པ་ནི་བསམ་པའོ། །ལྷན་ཅིག་ཏུ་བྱ་བ་ལ་འདུན་པ་ཕུལ་བའི་དབང་གིས་ལྷག་མ་རྣམས་ཀྱིས་བྱས་ན་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་བསམ་པ་གནས་པ་ནི་བཏིང་བ་ཡིན་ལ་དེ་དང་བྲལ་བ་ནི་ཕྱུང་བ་ཡིན་པས་དེའི་ཕྱིར་འདུན་
པ་ཕུལ་བའི་དབང་གིས་ན་འབུལ་ཞེས་བྱ་བ་སྨོས་པ་ལ། འདི་དག་མི་འབྱུང་བ་ཞེས་བྱ་བར་ཐལ་བའོ། །དེ་ལ་ལན་ནི་འདི་ཡིན་ཏེ། གཞན་དག་ལྷན་ཅིག་བྱ་བ་གང་ཡིན་པའི་བྱ་བར་འགྱུར་བ་དེ་གཞན་དག་གིས་བྱས་པ་ལ་འདུན་པ་ཕུལ་བར་བྱེད་པས་ཀྱང་དེ་དག་བྱས་པ་ཉིད་དོ། །དེ་འདུན་པ་རྗེས་སུ་
Vol. 161 · folio 119a
ཕུལ་བས་ལམ་ལ་གནས་པར་འགྱུར་ཞེས་བྱ་བ་བྱས་སོ། །དེ་བས་ན་ཐལ་བ་འདི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་གླེང་གཞི་དག་ལས་དྲངས་པའོ། །དེ་དང་བྲལ་བ་ནི་ཕྱུང་བ་ཡིན་ནོ་ཞེས་བྱ་བ་ལ། དེའི་སྒྲས་ནི་བསམ་པ་གནས་པ་དེང་གཟུང་བའོ། །དེའི་ཕྱིར་འདུན་པ་མ་
ཕུལ་བ་ལ་ནི་འདུག་ཏུ་ཟིན་ཀྱང་གཉིད་ལོག་གམ་སྙོམས་པར་ཞུགས་ན་མ་ཐོས་ཀྱི་བར་དུ་བཏིང་བ་དང་ཕྱུང་བ་མི་འབྱུང་ངོ་ཞེས་བྱ་བ་ལ། འདུག་ཏུ་ཟིན་ཀྱང་ཞེས་བྱ་བ་ནི། དགེ་འདུན་གྱི་ནང་དུའོ། །མ་ཐོས་ཀྱི་བར་དུའོ་ཞེས་བྱ་བ་ནི། ཇི་སྲིད་དུ་གཏན་པ་བཏིང་བའམ། ཕྱུང་བ་མ་ཐོས་ཀྱི་བར་དུའོ། །
གང་གི་ཕྱིར་བསམ་པ་གནས་པ་ནི་བཏིང་བ་ཡིན་ལ། དེ་དང་བྲལ་བ་ནི་ཕྱུང་བ་ཡིན་པ་དེའི་ཕྱིར་འདུན་པ་མ་ཕུལ་བ་ལ་ནི་གཉིད་ལོག་གམ་སྙོམས་པར་ཞུགས་སུ་ཟིན་ཀྱང་ཐོས་པའི་མདུན་དུ་ནི་མ་ཡིན་ནོ། །འདུག་ཏུ་ཟིན་ཀྱང་དེ་གཉིས་ཡོད་པ་ཡིན་ཏེ། དེ་བས་ན་བཏིང་བ་དང་ཕྱུང་བ་འབྱུང་བ་ཁོ་ནར་འགྱུར་
ཞེས་བྱ་བའི་དོན་ཏོ། །མཚམས་གཅིག་པ་ཉིད་ཡིན་ན་དེར་གནས་གཞན་དུ་གནས་པ་རྣམས་ཀྱང་བཏིང་བའི་ཕྱིར་གནས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་དེར་ཞེས་བྱ་བ་གང་ཡང་རུང་བ་གཅིག་གི་ནང་ན་གནས་དུ་མ་ཡོད་ན་གནས་ལ་མངོན་པར་བརྟེན་པའོ། །དེ་ལས་གནས་གཞན་དུ་བཏིང་བ་ཞེས་བྱ་བ་ནི།
བཏིང་བའི་ཕྱིར་རྣམ་པར་གཞག་པ་འདིའོ། །མཚམས་གཅིག་པའི་གནས་གཅིག་ཏུ་དེར་ཅིག་ཅར་དབྱར་གནས་པར་ཁས་བླངས་པ་དག་ལྷག་མ་རྣམས་གནས་པ་ཉིད་ཅེས་བྱ་བ་སྟེ་རྙེད་པ་ལ་ནི་མ་ཡིན་ནོ། །དབྱར་རྣམས་ལ་མཚམས་གཅིག་པ་ཉིད་ལ་གནས་དུ་མའི་འོག་ཏུ་དབྱར་གྱི་ནང་དུ་མཚམས་
གཅིག་པ་ཉིད་དམ། མཚམས་ཐ་དད་པ་ཉིད་དུ་གནས་གང་ཡང་རུང་བར་བཏིང་བའི་གནས་དེ་ཐམས་ཅད་ལ་གཏན་པ་བཏིང་བ་ཉིད་ཅེས་བྱ་བ་གང་ཞིག་གསུངས་པ་ད་འདིས་བསྡུས་པ་ཡིན་ནོ། །དེ་ནི་བཏིང་བའི་ཚེ་དེ་ན་གནས་པ་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི། གང་ཡང་རུང་བའི་གནས་དུ་མ་ཉིད་
ལས་དེའི་འདུན་པས་གནས་ལ་མངོན་པར་བརྟན་པའོ། །དེ་ཉིད་གནས་འདི་ཡིན་གྱིས་སྙམ་དུ་གནས་གཞན་འདི་ལ་དེ་དང་ལྡན་པ་ཉིད་དེ་གདིང་བའི་དུས་སུ་མཚམས་གཅིག་ན་གནས་པར་གྱུར་ན་གདིང་བའི་ཕྱིར་གནས་གཞན་དུ་ཡང་བཏིང་བར་རིག་པར་བྱའོ། །དེར་འདི་གདིང་བར་བྱ་སྟེ། ཇི་ལྟར་
Vol. 161 · folio 119b
གནས་གཅིག་པ་ཉིད་ལ་མཚམས་གཅད་པར་བྱ་སྟེ། མཚམས་འཕེལ་བ་ལའོ། །གདིང་བར་འགྱུར་བའི་གནས་ཉིད་ལ་གདིང་བར་བྱའོ་ཞེས་བྱ་བར་འགྱུར་རོ། །དེ་བས་ན་དེར་གནས་གཞན་ན་གནས་པ་སོ་སོར་ཉམས་སུ་མྱོང་བར་བྱེད་ཅིང་མི་འབྱུང་བ་མ་ཡིན་ཞེས་བྱ་བའི་དོན་ཏོ། །དབྱར་གནས་
པ་ཉིད་མཚམས་གཅིག་ཏུ་བྱེད་པ་ལ་དུ་མའི་གནས་ལ་གནས་གཅིག་ཏུ་གཏན་པ་བཏིང་བ་ལ་གནས་ལྷག་མ་རྣམས་ལ་ཡང་གཏན་པ་ཉིད་དུ་གསུངས་པ་གང་ཡིན་པ་དེ་འདིས་བསྡུས་པ་ཡིན་ནོ། །བཏིང་ནས་མཚམས་ཐ་དད་པར་བྱས་ན་གང་ཡང་རུང་བ་དེའི་གནས་ཡིན་ནོ་ཞེས་བྱ་བ་ནི་མཚམས་
གཅིག་ཏུ་བཏིང་ནས་མཚམས་ཐ་དད་པར་བྱས་ན་གནས་དུ་མ་དེ་ལས་གདིང་བའི་ལས་བྱས་པའི་གནས་གང་ཡིན་པ་དེ་གནས་གང་ཡང་རུང་བར་གཞག་ན་ཡང་རང་གི་གནས་ཁོ་ན་གནས་པའི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་དུ་བཏིང་བ་དེ་ཉིད་ནི་འདིའི་གནས་སོ་སྙམ་དུ་དོགས་པ་བསལ་བའི་
ཕྱིར་གཏན་པ་གདིང་བར་བྱ་སྟེ། མཚམས་ཐ་དད་དུ་བྱེད་པ་ལ་ཐམས་ཅད་ལ་གཏན་པ་གདིང་བ་ཉིད་ཅེས་བྱ་བ་གང་ཞིག་གསུངས་པ་དེ་འདིས་བསྡུས་པ་ཡིན་ནོ། །ཐ་དད་པ་ཉིད་ཡིན་ན་གནས་སོ་སོར་དེ་དབྱུང་ངོ་ཞེས་བྱ་བ་ནི། མཚམས་ཐ་དད་པ་ཉིད་ཡིན་ན་གནས་འདི་རྣམས་ལ་གནས་སོ་སོ་སོ་
སོར་གཏན་པ་དེ་དབྱུང་དགོས་ཀྱི་ཐམས་ཅད་ཀྱིས་གནས་གཅིག་ཏུ་འདི་ཕྱུང་བ་ཉིད་ལ་གནས་གཞན་དང་འབྲེལ་བ་རྣམས་ཀྱི་གཏན་པ་དེ་རང་གི་གནས་སུ་སྤོ་བར་བྱའོ། །ཡང་ན་རང་གི་གནས་ནས་འགའ་ཞིག་གཏན་པའི་དྲུང་དུ་གཞག་པར་བྱ་བ་སྟེ། གཞན་དུ་ན་དེས་སྐྱ་རེངས་འཆར་བའི་དུས་སུ་
དབྱུང་བ་འགྲུབ་པོ་སྙམ་དུ་འདི་རྣམ་པར་གཞག་པར་རིག་པར་བྱའོ། །གང་ཞིག་སོ་སོར་མཚམས་འགུམས་པར་བགྱིད་ཅིང་སོ་སོར་བྱ་སྟེ། དབྱུང་བ་ལ་གནས་དེ་རྣམས་ཐམས་ཅད་གཏན་པ་ཕྱུང་བར་འགྱུར་རམ། ཉེ་བ་འཁོར་མི་འགྱུར་ཏེ། གང་དག་འབྱིན་པར་བྱེད་པ་དེ་དག་གིས་ནི་གཏན་པ་
དབྱུང་བར་འགྱུར་ལ། གང་དག་འབྱིན་པར་མི་བྱེད་པ་དེ་དག་གིས་ནི་གཏན་པ་ཕྱུང་བར་མི་འགྱུར་རོ། །མཚམས་གཅིག་པ་ཉིད་དུ་ནི་ཕྱུང་ན་ཐམས་ཅད་ཀྱིས་གཏན་པ་ཕྱུང་བར་འགྱུར་རོ་ཞེས་གསུངས་པ་དེ་བས་ན་འདིར་མདོར་བྱས་པ་ཡིན་ནོ། །བྱེ་བ་ཉིད་ན་ཕྱོགས་སོ་སོའི་ཞེས་བྱ་བ་ནི་གནས་གཅིག་ཏུ་
Vol. 161 · folio 120a
གཏོགས་པ་ཉིད་ཡིན་ན་དགེ་འདུན་བྱེ་ཞིང་ཕྱོགས་གཉིས་སུ་གྱུར་ན་ཕྱོགས་གཅིག་གིས་ཕྱུང་བ་ཕྱོགས་ཅིག་ཤོས་ཀྱིས་ཕྱུང་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་གཏན་པ་བཏིང་བའི་གནས་སུ་དགེ་འདུན་བྱེ་ན། དེར་
ཕྱོགས་གཅིག་གམ་ཅིག་ཤོས་ཀྱིས་གཏན་པ་འབྱིན་པར་བགྱིད་ན་དེ་དག་ཐམས་ཅད་ཀྱིས་གཏན་པ་ཕྱུང་བར་བརྗོད་པར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ་གང་དག་འབྱིན་པར་བྱེད་པ་དེ་དག་གིས་ནི་གཏན་པ་བྱུང་བར་འགྱུར་ལ། གང་དག་མི་བྱེད་པ་དེ་དག་གིས་ནི་གཏན་པ་ཕྱུང་བར་མི་འགྱུར་རོ་ཞེས་གསུངས་
པ་ཡིན་ནོ། །མ་བཏིང་བས་ཕྱུང་བ་ནི་མ་ཕྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི་གནས་གཞན་དུ་དབྱར་གནས་པར་ཁས་བླངས་པ་གང་དག་ལ་གཏན་པ་བཏིང་བ་མེད་པ་དག་ནི་མ་བཏིང་བ་ཞེས་བྱ་བ་སྟེ། དེ་ནི་མ་ཕྱུང་བ་མ་ཡིན་ཏེ་ཕྱུང་བ་ཉིད་ཡིན་ནོ། །འདིར་གཞུང་ནི་བཙུན་པ། རེ་ཞིག་དབྱར་གནས་པའི་དགེ་སློང་
གིས་གཏན་པ་བཏིང་ནས་མཚམས་ཀྱི་སླད་རོལ་དུ་མཆིས་ཤིང་ལྟོས་པ་མ་མཆིས་པར་གྱུར་ན་དགེ་སློང་གློ་བུར་བ་དག་ལྷགས་ཏེ་གཏན་པ་འབྱིན་པར་བགྱིད་ན་གཏན་པ་ཕྱུང་བར་བརྗོད་པར་བགྱིའམ། ཉེ་བ་འཁོར་ཕྱུང་བར་བརྗོད་པར་བགྱིའོ་ཞེས་གསུངས་པ་ཡིན་ནོ། །དེ་མི་འབྱུང་བ་ཉིད་ཀྱིས་ཁ་
བསྐང་དུ་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་ལ་དགེ་འདུན་གྱིས་གཏན་པ་གདིང་བ་ལ་དེ་ལ་ཁ་བསྐང་དུ་མི་རུང་བ་ཉིད་མ་ཡིན་ནོ། །འདིར་གཞུང་ནི་ཆོས་གོས་ཀྱི་གཞི་ཞུ་བ་ལས། བཙུན་པ་རེ་ཞིག་དགེ་སློང་གིས་གཅིག་ཏུ་དབྱར་གནས་པར་ཁས་ལེན་ཅིང་དེས་དབྱར་ཟླ་བ་གསུམ་པོ་དག་འདས་
ནས་དགག་དབྱེ་བགྱིས་ཏེ་དགེ་འདུན་ལ་གཏན་པ་གདིང་བའི་ཆོས་གོས་འབུལ་བར་བགྱིད་ཅིང་དེར་དགེ་སློང་གློ་བུར་བ་དག་ལྷགས་ཤིང་དེ་དག་གཏན་པ་འདིང་བའི་རྗེས་སུ་ཞུགས་ཏེ། དོང་ན་ཆོས་གོས་དེ་སུས་ཐོབ་པར་འགྱུར་ལགས། ཉེ་བ་འཁོར་དགེ་སློང་དེ་ཉིད་ཀྱིས་སོ་ཞེས་གསུངས་པ་
ཡིན་ནོ། །མ་བཏིང་བ་ཉིད་ཀྱིས་དབྱུང་བར་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་གང་ལ་གཏན་པ་བཏིང་བར་མི་འགྱུར་བ་དེ་ལ་དེ་འདིང་བར་བྱེད་པའི་དགེ་འདུན་དེ་ལ་ཁ་བསྐང་དུ་རུང་བའོ། །དགེ་སློང་གློ་བུར་བ་དག་འོངས་ཏེ་གཏན་པ་འདིང་བར་བགྱིད་ན་ཞེས་བྱ་བ་འདིར་དོན་གྱིས་འབྱུང་བ་དེར་མདོར་བྱས་
Vol. 161 · folio 120b
པའོ། །གཏན་པ་བཏིང་བ་སྣམ་སྦྱར་མེད་པར་གྲོང་དུ་འཇུག་པ་ལ་སོགས་པ་དང་སུམ་མདོ་ཚུན་ཆད་དུ་འདུག་པ་ལ་ཡང་ཉེས་པ་མེད་དོ་ཞེས་བྱ་བ་ནི་ཇི་སྲིད་སུམ་མདོ་ཚུན་ཆད་དུ་འདུག་པ་དང་གྲོང་དུ་འཇུག་པ་ལ་སོགས་པ་ལ་ཡང་ཞེས་བྱ་བའི་དོན་ཏོ། །འོན་ཀྱང་འདི་ནི་དོན་ལས་ཐོབ་པས་གསལ་བར་བྱ་
བའི་ཕྱིར་མདོར་བྱས་པའོ། །འདིར་གཞུང་ནི། བཙུན་པ་གཏན་པ་བཏིང་བའི་གནས་ན་རྐྱེན་དུ་དག་བག་ཡངས་སུ་འགྱུར་ལགས། ཉེ་བ་འཁོར་བཅུ་སྟེ། བཅུ་གང་ཞེ་ན། ཡང་ཡང་ཟ་བ་དང་། འདུས་ཤིང་ཟ་བ་དང་། མ་སྨྲས་པར་རྒྱུ་བ་དང་། སྨད་གཡོགས་སྟོད་གཡོགས་དང་བཅས་པས་ཅི་
བདེར་ལྗོངས་རྒྱུ་བ་དང་། མཚན་མོ་འབྲལ་བ་མེད་པ་དང་། ཞག་བཅུ་འདའ་བར་མེད་པ་དང་། ཟླ་བ་འདའ་བར་མེད་པ་དང་། །གོས་ཇི་ཙམ་གྱིས་ཆོག་པ་སློང་བ་དང་གོས་རུང་བར་བྱས་པ་དག་ཇི་ཙམ་འདོད་པ་དག་འཆང་བ་དང་། སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས་དཔྱིད་ཟླ་ར་བ་ཉའི་བར་དུ་དབྱར་
གནས་པའི་དགེ་འདུན་གྱི་རྙེད་པ་མི་བགོ་བའོ་ཞེས་གསུངས་པ་དང་། གཞན་ཡང་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་དགེ་སློང་གིས་ཁྱིམ་གཞན་དུ་སྨད་གཡོགས་དང་སྟོད་གཡོགས་ཀྱིས་འདུག་པར་བྱའོ་ཞེས་གསུངས་ནས། བཙུན་པ་སུམ་མདོ་དང་བཞི་མདོ་དག་ཏུ་སྨད་གཡོགས་དང་སྟོད་
གཡོགས་ཀྱིས་མཆིས་སུ་རུང་ངམ། ཉེ་བ་འཁོར་གཏན་པ་བཏིང་པར་རུང་ངོ་ཞེས་གསུངས་པ་དེ་གཉིས་ཀའི་འདིར་བསྡུས་པ་ཡིན་ནོ། །གཏན་པའི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ། །སྲ་བརྐྱང་གི་གཞི་རྫོགས་སོ།། །།མཚོན་གྱིས་མ་དྲས་པའི་གོས་སྤྱད་པར་མི་བྱའོ་ཞེས་བྱ་བ་
ནི། དེ་ལྟ་བས་ན་དགེ་སློང་དག་གིས་ཁྱིམ་བདག་གི་གོས་མཚོན་གྱིས་མ་དྲས་པ་དག་ཁ་དོག་ངན་པར་བྱ་སྟེ། བཅང་བར་གནང་ངོ་ཞེས་གསུངས་པ་ཡིན་གྱི་ཁ་དོག་ངན་པར་བྱས་པ་དང་བྲལ་བ་ལྟུང་བྱེད་དུ་གསུངས་པ་ནི་མ་ཡིན་ཏེ། ལྷག་མ་ཡང་འདི་དང་ཉེ་བར་སྦྱར་བའོ། །དྲས་ཤིང་
དྲུབས་པ་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་གསུངས་ན། རྣམ་པ་གང་གིས་དྲུབས་པ་གང་ཞེ་ན། དེའི་ཕྱིར་སྣམ་ཕྲན་སྦྲེལ་གཞི་ཉིད་དང་ལྷག་མ་མཉམ་པ་ཉིད་དང་། དབུས་ནས་གཞན་དུ་གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་དང་མཐའ་བསྐོར་བ་ཉིད་དག་གིས་སོ་ཞེས་བྱ་
Vol. 161 · folio 121a
པ་སྨོས་ཏེ། གདིང་བ་སྒྲུབ་པར་བྱེད་པའི་དུམ་བུ་རྣམས་ལ་ཕྱེད་དང་གསུམ་གྱི་དཀྱིལ་འཁོར་ཉིད་ཅེས་བྱ་བ་ལ་སོགས་པའི་ཆོ་ག་གསུངས་སོ། །དེའི་ཕྱིར་དེ་སྲིད་དུ་སྒྲུབ་པར་བྱེད་པའི་དུམ་བུའི་དབང་དུ་བྱས་ནས་མདོ་འདི་བྱས་སོ། །གླེགས་བུ་འཕྲོ་བཟུང་པའི་དབུས་ནས་སྣམ་
ཕྲན་རྣམས་ལ་ལྷག་མ་གང་ཡིན་པ་དེ་ནི་འདིར་ལྷག་མ་ཉིད་དུ་གསུངས་སོ། །ཕྱོགས་ཕྱོགས་སུ་ཞེས་ཟློས་བུར་བྱ་སྟེ། དབུས་ཀྱི་སྣམ་ཕྲན་གཞན་རྣམས་མངོན་པར་ཁྱབ་པར་བསྒྲུབ་པའི་དོན་དུ་སྣམ་ཕྲན་སྦྲེལ་གཞི་ཉིད་དོ། །ལྷག་མ་མཉམ་པ་ཉིད་དང་དབུས་ནས་གཞན་གླེགས་བུ་འཕྲོ་
ཕྱོགས་ཕྱོགས་སུ་ལྟ་བ་ཉིད་ཅེས་བྱ་བ་དེའི་དངོས་པོ་ནི་དེ་ཉིད་དོ། །གླེགས་བུའི་འཕྲོ་ཕྱོགས་ཕྱོགས་སུ་ལྟ་བ་ཉིད་ཅེས་བྱ་བ་ནི། རྒྱུད་གཞན་གྱི་ཁོངས་སུ་གཏོགས་པའི་གླེགས་བུའི་འཕྲོ་དེའི་དངོས་པོ་དང་མཐའ་སྐོར་ཉིད་དག་གིས་སྦྱིན་པ་རྗེས་སུ་སོང་བ་ཉིད་དེ་དེ་ལྟར་རྣམ་པ་བཞི་པོ་འདི་རྣམས་ཀྱི་ཞེས་
བྱ་བ་ནི་འདིའི་དོན་ཏོ། །ཇི་ཙམ་དུ་གྱོན་པའི་གོས་གང་ལ་ཆོས་གོས་ཀྱི་དོན་དུ་རྣམ་པ་དེ་ལྟ་བུར་བྱིན་གྱིས་བརླབ་པར་བྱ་ཞེ་ན། དེའི་ཕྱིར་མཐང་གོས་དང་བླ་གོས་དང་སྣམ་སྦྱར་ལའོ་ཞེས་བྱ་བ་སྨོས་ཏེ་གསུམ་ཆར་ལ་ཡང་ཞེས་བྱ་བའི་དོན་ཏོ། །དགེ་སློང་མས་ནི་ཤིང་དཔུང་ཆད་དང་རྔུལ་གཟན་རྣམ་པ་གང་
ཡང་རུང་བའོ་ཞེས་བྱ་བ་ནི་འདི་དག་དང་དེ་མ་ཐག་པའི་གསུམ་པོ་དགེ་སློང་མས་བྱིན་གྱིས་བརླབ་པར་བྱའོ། །རྣམ་པ་གང་ཡང་རུང་བ་ཞེས་སྨོས་པ་ནི་དྲས་ཤིང་དྲུབས་པ་ཞེས་བྱ་བ་ལས་བཟློག་པའི་དོན་དུའོ། །འདིའི་གཞུང་ནི་ཕྲན་ཚེགས་དག་ལས། བསྙེན་པར་རྫོགས་པའི་ཆོ་ག་ལས་ཆོས་གོས་
ལྔ་པོ་རྣམས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དང་། དགེ་སློང་མའི་སོ་སོར་ཐར་པ་དང་། དེའི་རྣམ་པར་འབྱེད་པ་དག་ལས། དགེ་སློང་མ་ཆོས་གོས་ཟིན་པས་གཏན་པ་ཕྱུང་ནས། གལ་ཏེ་ཆོས་གོས་ལྔ་པོ་གང་ཡང་རུང་བ་དག་ལས་ཆོས་གོས་གཅིག་དང་། ནུབ་གཅིག་མཚམས་
ཀྱི་ཕྱི་རོལ་དུ་བྲལ་ན་སྤང་བའི་ལྟུང་བྱེད་དོ་ཞེས་གསུངས་པ་ཡིན་ནོ། །ཆོས་གོས་ལྔ་པོ་དག་ཅེས་བྱ་བ་ནི། སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་དང་། ཤིང་དཔུང་ཆད་དང་། རྔུལ་གཟན་ཞེས་བྱ་བ་ལ་སོགས་པ་རྣམས་སོ། །བརྙན་པོ་ཡང་ཡོད་ཅིང་བདོག་ནའོ་ཞེས་བྱ་བ་ནི། གལ་ཏེ་
Vol. 161 · folio 121b
ཆོས་གོས་དྲས་ཤིང་དྲུབས་པ་བརྙན་པོ་ཡང་ཡོད་ཅིང་བདོག་ན་དེའི་ཚེ་ཡང་བྱིན་གྱིས་བརླབ་པར་བྱའོ། །གལ་ཏེ་མི་བདོག་ན་ནི་དྲས་ཤིང་དྲུབས་པ་མ་ཡིན་པ་ལ་ཡང་བྱིན་གྱིས་བརླབ་པར་བྱ་སྟེ། ཆོས་གོས་བྱིན་གྱིས་མ་བརླབས་པར་འདུག་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་དག་བཞག་སྟེ་སྐྱ་རེངས་འཆར་
བ་འདའ་བར་མི་བྱའོ་ཞེས་བྱ་བ་ནི། ཆོས་གོས་བྱིན་གྱིས་བརླབས་པ་གསུམ་དང་འབྲལ་བར་མི་བྱ་སྟེ། བརྙན་པོ་ཡང་ཡོད་ཅིང་བདོག་ནའོ་ཞེས་བྱ་བ་འདི་དང་སྦྱར་བས་འབྲེལ་བར་རིག་པར་བྱའོ། །ཉིན་ཞག་འདའ་བར་བྱེད་ན་དེ་ལྟ་བུའི་རིགས་ཅན་རྣམས་ལ་འདའ་བར་བྱ་བ་ཉིད་དུ་རིགས་པ་དེ་བས་ན་སྐྱ་རེངས་
འཆར་བ་ཞེས་བྱ་བ་སྨོས་ཏེ། གཞན་མེད་ན་ཁ་མ་བསྒྱུར་བ་ལ་ཡང་བྱིན་གྱིས་བརླབ་པ་འཆགས་སོ་ཞེས་བྱ་བ་ནི་ཁ་བསྒྱུར་བ་མེད་ན་ཆོས་གོས་གསུམ་པོ་འདི་ཁ་མ་བསྒྱུར་བ་ལ་ཡང་རྣམ་པར་རྟོག་པ་དོར་ནས་བྱིན་གྱིས་བརླབ་པའོ། །དེ་ལ་དོར་བས་དོགས་པ་ལ་གོ་སྐབས་ཉིད་དོ། །ཁ་བསྒྱུར་བ་ཉིད་ལ་
ཡང་འདི་འཆགས་པར་འགྱུར་རོ་ཞེས་བྱ་བ་མེད་པས་རབ་ཏུ་མ་རྙེད་པ་ལ་ཁ་མ་བསྒྱུར་བའི་དོན་ལ་རུང་བས་ཅི་ཞིག་བསྒྱུར་པར་བྱ་སྟེ། འདིར་ཡང་དོགས་པ་མེད་པ་ཁོ་ནའོ། །གང་གི་ཕྱིར་ལོངས་སྤྱོད་པ་ལ་ཁ་བསྒྱུར་བ་ཉིད་དང་། ཡན་ལག་གི་ངོ་བོར་རུང་བ་ལ་ལོངས་སྤྱོད་པའི་ངེས་པ་ལ་ཡན་ལག་ཉིད་དོ། །
ཁ་བསྒྱུར་བ་ཉིད་ནི་རུང་བའོ། །དེ་ལྟར་ཡང་དཀར་པོའི་བྱ་བ་ཉིད་བསལ་བས་དོན་འདི་རུང་བའི་གཞི་བྱེད་པ་མ་ཡིན་ནོ། །དེ་ལྟ་བས་ན་ཁ་མ་བསྒྱུར་བ་ལ་ཡང་བྱིན་གྱིས་བརླབ་པ་འཆགས་པས་ན་དོན་འདི་བྱས་སོ། །མ་དྲས་པ་ལ་ཡང་ངོ་ཞེས་བྱ་བ་ནི་གཞན་ཟིན་པ་ལ་ཡང་བྱིན་གྱིས་བརླབ་པ་
འཆགས་སོ། །དེ་དྲང་བའི་དོན་དུ་ཡང་གི་སྒྲའོ། །འདིར་གཞན་ཟིན་པ་ནི་དྲས་པ་གཞན་མ་ཟིན་པའོ། །དེ་ལ་གལ་ཏེ་འབྱོར་ན་ལྷན་ཐབས་གླན་ནོ་ཞེས་བྱ་བ་དེ་ལ་ཞེས་བྱ་བ་ནི་མ་དྲས་པ་ལའོ། །གཞན་མ་ཟིན་པ་བྱིན་གྱིས་བརླབ་པར་འདོད་པ་དང་། བྱིན་གྱིས་བརླབ་པ་ལ་དེའི་ཚེ་གཞན་མ་ཟིན་པ་
ལའོ། །གལ་ཏེ་འབྱོར་ན་ཞེས་བྱ་བ་ནི་ལྷན་ཐབས་གླན་པ་སྦྱིན་པར་བྱའོ། །ཁྱིམ་དུ་རུང་བའི་རྣམ་པ་ལ་ཡང་ངོ་ཞེས་བྱ་བ་ནི། གཞན་ཟིན་པ་མེད་ན་བྱིན་གྱིས་བརླབ་པ་འཆགས་པའོ་ཞེས་བྱ་བ་འདི་ལ་ཡང་གི་སྒྲས་ནི་དགུག་པའོ། །ཁྱིམ་དུ་རུང་བའི་རྣམ་པ་འདི་ལ་ཡོད་པས་ན་ཁྱིམ་དུ་རུང་བའི་རྣམ་
Vol. 161 · folio 122a
པའོ། །རུང་བས་ཀྱང་དགེ་སློང་གི་ཆོས་གོས་ཀྱི་རྣམ་པ་ཉིད་དུ་མ་རེད་པ་ཞེས་བྱ་བའི་དོན་ཏོ། །ཕྱིང་བ་དང་ལ་བ་དང་བེའུ་ཕྲུག་དང་ཀླམ་དང་སེངས་པ་རྣམས་ནི་མི་དྲ་བར་ལྷན་ཐབས་སུ་ཀླན་ཞིང་དྲུབ་པོ་ཞེས་བྱ་བ་ནི་ཆོས་གོས་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །སྤུ་ཅན་ནི་ཆོས་
གོས་ཉིད་དུ་བྱིན་གྱིས་བརླབ་པར་མི་བྱའོ་ཞེས་གསུངས་མོད་ཀྱི། སྤུ་ཅན་ནི་ལ་བ་དང་བེའུ་ཕྲུག་དག་ལ་འདི་དག་སྤུ་བྱི་བ་ཡང་སྲིད་པས་འདིར་དེ་གཉིས་གཟུང་བར་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་དག་ལྔ་པོ་དག་ནི་མི་འདྲ་བ་དག་ཡིན་ཏེ། ཕྱིང་པ་ཐམས་ཅད་དང་། ལ་བ་ཐམས་ཅད་དང་།
བེའུ་ཕྲུག་ཐམས་ཅད་དང་། ཀླམ་ཐམས་ཅད་དང་། གོས་སེངས་པ་ཐམས་ཅད་དང་། ལྷན་ཐབས་གླན་ཏེ་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་ཅུང་ཟད་ཀྱང་ནུས་པར་བྱ་བ་མ་ཡིན་མོད་ཀྱི་འདིར་བྱིན་གྱིས་བརླབ་པར་བྱ་བ་ཉིད་ཀྱིས་ཁས་བླངས་པ་རྟོགས་པའི་ཕྱིར་ཞེས་བྱ་བ་འདི་ལྟར་
ཤེས་པ་ཡིན་ནོ། །གནས་མལ་མི་གཙང་བས་གོས་པར་གྱུར་ན་དེའི་མོད་ལ་སྦྱར་བར་བྱའོ། །དགེ་འདུན་གྱི་རྩྭའི་ཁྲི་དང་ཁྲིའུ་མ་གཏོགས་པ་སྟན་ཡན་ཆད་ལ་དེ་མ་ཡིན་པའི་གདིང་བ་མེད་པ་དང་གདིང་གཡོགས་ལ་ཡང་བར་ཆད་མ་བཅུག་པ་ཉེ་བར་སྤྱད་པར་མི་བྱའོ་ཞེས་བྱ་བ་ལ་ཁྲི་དང་ཁྲིའུ་མ་གཏོགས་
པ་ཞེས་བྱ་བ་ནི་ཁྲི་དང་ཁྲིའུ་ལས་གཞན་པའོ། །རྩྭའི་ཁྲི་དང་ཁྲིའུ་ཞེས་བྱ་བ་ནི་འདིར་རྩྭ་མུན་ཛ་དང་གྲེས་མའི་ཁྲི་དང་ཁྲིའུ་ལ་སོགས་པའི་ཐགས་མས་བརྒྱུས་པ་ལ་སྨོས་སོ། །གང་ཞིག་འདི་ཕྲན་ཚེགས་རྣམས་ལས་གསུངས་ཏེ། ཚེ་དང་ལྡན་པ་གནས་མལ་བསྡུས་སམ། དེ་སྨྲས་པ། བདག་
གིས་གདིང་བ་མ་བསྡུས་སོ། །དེ་རྩའི་ཁྲི་ལ་ཉལ་ཞིང་མ་བསྡུས་པ་དེ་བས་ན་དེ་དམིགས་ཀྱིས་བསལ་བ་ཡིན་ནོ། །གང་གི་ཕྱིར་འདིར་གང་ཟག་གི་རྩྭའི་ཁྲི་དང་ཁྲིའུ་འདི་མ་བསྡུས་སོ་སྙམ་དུ་ཡིད་ལ་བཟུང་བ་ཡིན་ནོ། །གྲོལ་བ་ལས་ཀྱང་འདི་ཐོབ་པ་འདི་དག་དྲི་མ་ཅན་དུ་བྱས་པ་དོན་མེད་དོ་ཞེས་འདིའི་
རྗེས་སུ་འབྲངས་པས་ཀྱང་། རྩྭའི་ཁྲི་དང་ཁྲིའུ་རྗེས་སུ་གནང་བའི་འཇིག་པའི་ཆོས་ཅན་དང་ལྡན་པར་གྱུར་པ་ལ་ཡང་དྲི་མ་ཅན་དུ་བྱས་པ་དོན་མེད་པ་མ་ཡིན་ཏེ། དེ་ལྟ་བས་ན་དེ་དང་ལྡན་པ་ལ་ཡང་འདིའི་རྗེས་སུ་འབྲངས་པས་རྟོགས་པར་བྱའོ། །དེ་ཞེས་བྱ་བ་ནི་དགེ་འདུན་གྱི་མ་ཡིན་པས་སོ། །དགེ་འདུན་
Vol. 161 · folio 122b
ལས་གཞན་གྱི་གདིང་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །གདིང་བ་མེད་པ་དང་ཞེས་བྱ་བ་ནི་འདུག་པ་ལས་ཇི་སྲིད་དུ་ཉེ་བར་ལོངས་སྤྱོད་པར་མི་བྱའོ། །འདུག་པའི་སྟན་ཡན་ཆད་ལ་ཡང་གདིང་བ་མེད་པར་དགེ་འདུན་གྱི་ལ་འདུག་པར་མི་བྱའོ། །འདིར་ལོངས་སྤྱོད་པ་ནི་ཁོངས་སུ་མ་གཏོགས་པ་ནི་མ་ཡིན་
ནོ་སྙམ་དུ་ཤེས་པར་བྱ་བའི་དོན་ཏོ། །ཡན་ལག་གིས་རེག་པ་ཙམ་ལ་ཡང་གདིང་བ་གཞུག་དགོས་པར་རིག་པར་བྱའོ། །འདིར་གཞུང་ནི་མ་མོ་ལས། དགེ་སློང་རྣམས་ལ་བཅོམ་ལྡན་འདས་ཀྱིས་འདུག་པར་གནང་སྟེ་གནས་མལ་སྦ་བའི་དོན་དུའོ། །གདིང་བ་མེད་པར་ཉེ་བར་སྤྱད་པར་མི་བྱའོ་ཞེས་
གསུངས་པ་ཡིན་ནོ། །དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་ཀྱང་། བཙུན་པ་སྟན་ཁྲ་བོ་ལ་འདུག་ཏུ་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གདིང་བ་ཡོད་པར་གྱུར་པ་ན་རུང་སྟེ། གང་ཞིག་ཕལ་ཆེར་ཉམས་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཕལ་ཆེར་མ་ཉམས་
པ་ལ་ཞེས་བྱ་བ་འདིར་ཡང་ཚིག་ནི་འདི་ཉིད་ཡིན་ཏེ། འདིར་གཞུང་ནི། དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་རིག་པར་བྱའོ། །གདིང་གཡོགས་ལ་ཡང་ཞེས་བྱ་བ་ནི་སྟེང་དུ་གཡོགས་པ་ལ་གདིང་གཡོགས་སུ་འདོད་དོ། །གཞན་ཡང་བར་ཆད་མ་བཅུག་པ་ནི། དགེ་འདུན་གྱི་གདིང་
གཡོགས་པའོ། །དེ་ལ་ཡང་བར་ཆད་མ་བཅུག་པར་ལོངས་སྤྱོད་པར་མི་བྱའོ། །ཐམས་ཅད་ཀྱི་ཁྲ་བོ་ཕལ་ཆེར་མ་ཉམས་པ་ལ་ཡང་ངོ་ཞེས་བྱ་བ་ནི་གང་ཟག་གི་གནས་མལ་ལ་ཡང་གདིང་བར་མ་བྱས་པ་ལ་མི་འདུག་པ་ལས་གདིང་གཡོགས་ལ་ཡང་བར་ཆད་མ་བཅུག་པར་ཉེ་བར་སྤྱད་པར་མི་བྱའོ་ཞེས་
བྱ་བ་ནི་ཡང་གང་གི་སྒྲས་དྲངས་པའོ། །དེ་མ་ཡིན་པའི་ནི་འདིར་ཁྲ་བོ་ལས་ཕལ་ཆེར་མ་ཉམས་པ་ལས། གཞན་གྱིས་བྱ་བ་དོན་གྱིས་རྣམ་པར་གཞག་པའོ། །ངན་ངོན་ཅན་དང་དྲི་མ་ཅན་གྱིས་མི་བྱའོ་ཞེས་བྱ་བ་ནི་ཡང་གདིང་བ་ལ་ཡང་བར་ཆད་མ་བཅུག་པ་ལ་ཞེས་བྱ་བའི་རྗེས་སུ་འབྲངས་ནས་ཀྱང་སླར་གདིང་
བའི་ཆོ་ག་ལ་འདིར་བར་ཆད་མ་བཅུག་པའི་ཆོ་ག་ཐོབ་པའོ། །བར་ཆད་མ་བཅུག་པའི་ཆོ་ག་ལས་ཀྱང་གདིང་བའི་ཆོ་གའོ། །དེ་ལྟ་བས་ན་ཐམས་ཅད་དུ་འདིས་གཉི་གའི་ཁོངས་སུ་བསྡུས་པར་བྱས་པའོ། །གདིང་བ་བཅང་བར་བྱའོ་ཞེས་བྱ་བ་ནི་བར་ཆད་མ་བཅུག་པ་བཟློག་པའི་དོན་དུ་འདི་སྨོས་སོ། །
Vol. 161 · folio 123a
དེ་ནི་སྟུག་ན་ཚིག་རྐྱང་རུང་ངོ་ཞེས་བྱ་བ་ནི་གདིང་བ་དེའོ། །སེངས་པ་ནི་ཉི་རིམ་མོ། །ཁྲ་ཁྲ་བོ་མི་རུང་ངོ་ཞེས་བྱ་བ་ནི་གདིང་བ་ཁྲ་བོ་བཀྲ་བ་ཁྲ་ཁྲ་བོར་འདུག་པ་དེ་བཀག་པའོ། །འདིར་མཚོན་གྱིས་དྲས་ཏེ་བཅང་བར་བྱའོ་ཞེས་གསུངས་སོ། །མཚོན་གྱིས་དྲས་པའི་གོས་ལོངས་སྤྱད་
པར་བྱའོ་ཞེས་བྱ་བ་སྤྱིའི་ཆོ་ག་བསྒྲུབ་པ་ཉིད་ཀྱི་ཕྱིར་འདིར་མ་བསྡུས་པའོ། །དེ་ལ་གླེགས་བུའི་འཕྲོ་བྱའོ་ཞེས་བྱ་བ་ནི་གདིང་བ་དེ་ལའོ། །ཕྱོགས་གང་དུ་ཞེ་ན། དེའི་ཕྱིར་འོག་རོལ་གྱི་སུམ་ཆའི་དང་པོར་རོ་ཞེས་བྱ་བ་སྨོས་ཏེ། འོག་རོལ་ཞེས་བྱ་བ་ནི་རྐང་པའི་མཐའ་ལོགས་སུ་སུམ་ཆའི་གང་ཡིན་པ་དེའི་
དང་པོ་དང་དབུས་དང་ཐ་མར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གླེགས་བུ་གཅིག་པ་བྱིན་གྱིས་བརླབ་པར་མི་བྱའོ་ཞེས་བྱ་བ་ནི་གདིང་བ་སྟེ་མ་མོ་ལས་འདུག་པ་འདི་ནི་འདིར་གདིང་བའོ། །གཡན་པ་དགབ་པ་དེ་དང་ལྡན་པས་བཅང་བར་བྱའོ་ཞེས་བྱ་བ་ལ་དེ་དང་ལྡན་པས་ཞེས་བྱ་བ་ནི་གཡན་པའོ། །དེ་ཞག་
ལྔ་འམ་དྲུག་ཅིང་སྦྱང་བར་བྱའོ། །སྲིན་བལ་གྱི་དང་། བལ་གྱི་དང་། ཤ་ནའི་དང་། ཟར་མའི་རུང་ངོ་ཞེས་བྱ་བ་ནི་བྱེ་བྲག་མ་སྨོས་པའི་ཕྱིར་བསམ་པའི་བྱེ་བྲག་གོ་བར་བྱེད་ནུས་པ་མེད་པའི་ཕྱིར་ཆོས་གོས་གསུམ་པོ་ཉིད་ཀྱིས་ཀྱང་ཆོས་གོས་ལྷག་པ་ཉིད་ཀྱང་རིག་པར་བྱའོ། །སྲོག་ཆགས་ཀྱི་ཡན་ལག་
རྣམས་བྱུང་བ་ཉིད་ཀྱི་ཕྱིར་ཀོ་ལྤགས་ལ་སོགས་པ་བཞིན་དུ་མི་རུང་བ་ཉིད་དུ་དོགས་པ་ལ། སྲིན་བལ་གྱི་དང་བལ་གྱི་དག་ཅེས་སྨོས་སོ། །ཤ་ནའི་དང་ཟར་མའི་རུང་བ་དག་ལ་ནི་རྩུབ་པར་གྱུར་པའི་ཕྱིར་གསོ་མ་དག་གོས་ལ་སོགས་པ་བཞིན་ནོ། །སྣམས་སུ་མ་བྱས་པ་དང་གསོ་མ་ནི་མི་རུང་ངོ་ཞེས་བྱ་བ་ནི།
དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་ལ་སོགས་པ་དང་། གསོ་མ་ལ་སོགས་པའི་གོས་ནི་མི་རུང་ངོ་ཞེས་བྱ་བའི་དོན་ཏོ། །སྤང་པའི་ཞུ་བ་ལས་ཉེས་བྱས་བྱེད་པ་ཉིད་ཀྱི་མི་རུང་བའི་ཁོངས་སུ་གང་ཞིག་མ་གཏོགས་པ་ལ་གོ་རིམས་བྱེད་པ་དེ་འདིར་བསྡུས་པའོ། །སྐྲ་ལས་བྱས་པ་དང་གཅེར་བུ་པ་དང་བྱ་
འུག་པ་བ་ཡང་དག་པར་ལེན་པ་ཡང་ངོ་ཞེས་བྱ་བ་ཡང་མི་རུང་ངོ་ཞེས་བྱ་བར་སྦྱར་ཏེ། འདིར་སོ་སོར་ཡང་དག་པར་ལེན་པའི་སྒྲ་མངོན་པར་འབབ་བོ། །སྐྲའི་ལ་བ་ཡང་དག་པར་ལེན་པ་དང་། །གཅེར་བུ་པ་ཡང་དག་པར་ལེན་པ་དང་། བྱ་འུག་པ་པ་ཡང་དག་པར་ལེན་པ་དང་ནི་མི་རུང་ངོ་། །འདིར་གཞུང་ནི།
Vol. 161 · folio 123b
དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། མུ་སྟེགས་ཅན་གྱི་རྒྱལ་མཚན་གསུམ་པོ་གཅེར་བུ་པ་ཉིད་དང་། བྱ་འུག་པ་པ་ཉིད་དང་། སྐྲའི་ལ་བ་འཆང་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །མུ་སྟེགས་ཅན་གྱི་རྒྱལ་མཚན་གསུམ་པོ་དག་མ་གཏོགས་པ་དེ་ལས་གཞན་པའི་མུ་སྟེགས་ཀྱི་རྒྱལ་མཚན་
འཆང་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཡང་དག་པར་བླང་བ་མངོན་དུ་གཏོང་བས་འཆང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་སྦོམ་པོའོ་ཞེས་བྱ་བ་ནི་སྐྲ་ལས་བྱས་པ་དང་། གཅེར་བུ་དང་། བྱ་འུག་པ་པ་ཡང་དག་པར་ལེན་པ་དེ་ལ་ནི་དགེ་འདུན་གྱི་
དབྱེན་གྱི་ཕྱོགས་སུ་གཏོགས་པའི་ཉེས་པ་སྦོམ་པོར་གྱུར་པར་རིག་པར་བྱའོ། །གཞན་བསྟེན་པ་ནི་དེའི་འོ་ཞེས་བྱ་བ་ནི་གསུམ་པོ་དག་ལས་གཞན་པའི་ཡང་དག་པར་བླང་བ་སྔོན་དུ་བཏང་བས་བསྟེན་པ་ནི་བསྟེན་དུ་རུང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་དག་པར་བླང་པ་སྔོན་དུ་བཏང་བའི་བསྟེན་པ་
ལ་ནི་ཉེས་བྱས་ཏེ་ད་བས་ན་དེའི་འདི་བྱེད་པའོ། །ཐམས་ཅད་དུ་མུ་སྟེགས་ཀྱི་རྒྱལ་མཚན་འཆང་བ་དེ་དག་དག་པ་དང་གྲོལ་བར་འཛིན་པས་འཆང་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ། །འདིར་ཡང་དག་པར་བླང་བ་ལ་ཐ་དད་པ་ཉིད་ཡིན་ཏེ། སྦྱོར་བ་གྲུབ་པ་ཉིད་ནི་མ་ཡིན་ནོ། །དེ་ལ་ཡང་འདིར་སྦོམ་པོ་
ཉིད་དུ་ལོགས་ཤིག་ཏུ་གསུངས་པས་གལ་ཏེ་འདིར་དག་པ་དང་གྲོལ་བ་ཉིད་ལས་འདིས་ཞེས་བྱ་བ་ལ་སྦོམ་པོའོ་ཞེས་དེའི་རྗེས་སུ་འབྲང་བར་རྟོགས་པར་བྱའོ། །སྐྲ་འབལ་བ་དང་། ལོ་མ་གྱོན་པ་དང་། གཡང་གཞིའི་སྨད་གཡོགས་སྟོད་གཡོགས་དང་བཅས་པས་འཚོ་བ་དང་། གསོ་རས་དང་ཡན་
ལག་གི་སྦུབས་དང་གོས་ཐམས་ཅད་སྔོ་བ་དང་། གདེངས་ཀ་ལྟ་བུ་དང་ཁ་ཚར་རིང་པོ་དང་། རལ་ཀ་དང་གཙུག་གཏོར་དང་མགོ་དཀྲི་བ་དང་། ར་ཕྱར་དང་རྔ་བལ་གྱི་སྣམ་བུ་དང་། མུ་སྟེགས་ཅན་གྱི་རྒྱལ་མཚན་ཡང་ངོ་ཞེས་བྱ་བ་ཡང་མི་རུང་ངོ་ཞེས་སྦྱར་རོ། །གསོ་རས་ཞེས་བྱ་བ་ནི་འདབ་མ་ལས་མ་
བྱས་པའི་གོས་ཞེས་བྱ་བ་ནི་རྒྱ་གར་བ་རྣམས་འདོད་དོ། །ཁ་ཆེ་བ་རྣམས་ནི། གསོ་མ་ལས་བྱས་པའི་གོས་སེང་སེང་པོའི་གོས་འདིའོ། །ཡན་ལག་གི་སྦུབས་ཞེས་བྱ་བ་ནི་ནུ་མ་ལ་སོགས་པ་གཡོགས་པའི་གོས་སོ། །གོས་ཐམས་ཅད་སྔོ་བ་ཞེས་བྱ་བའི་དོན་ཏོ། །འདིར་ཁ་ཅིག་ནི་ཐམས་ཅད་
Vol. 161 · folio 124a
སེར་བ་དང་ཐམས་ཅད་དམར་བ་དག་ལ་ཡང་བཀག་གོ་ཞེས་ཟེར་ཏེ། འདི་ནི་མི་རིགས་པ་སྟེ། དེ་གཡོགས་པ་ལ་མི་འདུན་པ་ཉིད་དུ་མ་མཐོང་བ་ཉིད་ཀྱི་ཕྱིར་རོ། །རལ་ག་ཞེས་བྱ་བ་ནི་ལྷམ་སྒྲོག་གུ་ཅན་གྱི་རྣམ་པའོ། །འདིས་ཤིང་དཔུང་ཆད་རྗེས་སུ་གནང་བ་འགལ་བ་
མེད་དེ་ཤིང་དཔུང་ཆད་ནི་རྣམ་པ་གཞན་གྱི་ཕྱིར་རོ། །དཔེར་ན་ལྷམ་ཡུ་རིངས་ཀྱི་རྣམ་པ་ལས་ལྷམ་སྒྲོག་གུ་ཅན་གྱི་རྣམ་པ་ཅུང་ཟད་ཞན་པ་དང་འདྲའོ། །མགོ་དཀྲི་བ་ཞེས་བྱ་བ་ནི་གཙུག་ཏོར་མ་ཡིན་པ་དང་འདྲ་བ་ཡིན་ཏེ། དེ་ནི་རང་གི་སྒྲས་སྨོས་པ་ཉིད་ཀྱི་ཕྱིར་རོ། །ར་ཕྱར་ཞེས་བྱ་བ་ནི་ར་བལ་ལས་བྱས་
པའི་ཕྱར་བའོ། །རྔ་བལ་གྱི་སྣམ་བུ་ཞེས་བྱ་བ་ནི་རྔ་མོའི་བལ་ལས་བྱས་པའི་སྣམ་བུའོ། །མུ་སྟེགས་ཀྱི་རྒྱལ་མཚན་ཡང་ཞེས་བྱ་བ་ལ། ཡང་གི་སྒྲས་ནི་མི་རུང་ངོ་ཞེས་བྱ་བར་སྦྱར་ཏེ། དེ་ལྟ་བས་ན་སྐབས་སུ་རྫོགས་པ་རབ་ཏུ་བསྟན་པའི་དོན་དུའོ། །ལྷག་མ་བརྩམས་པ་རྣམས་ལས་མུ་སྟེགས་ཀྱི་རྒྱལ་མཚན་
འཛིན་པ་སྒྲུབ་པའི་དོན་དུ་ནི་དེའི་སྒྲའོ། །པུ་ས་ལའི་འདབ་མ་གང་དང་མར་མེའི་སྙིང་པོ་ཙམ་དེས་ཀྱང་སྙོམས་པར་བྱ་བའི་ཕྱིར་བགོ་བཤའ་བྱའོ་ཞེས་བྱ་བ་ནི་བཟའ་བར་བྱ་བའི་ཟས་ནི་ཐ་ན་ཤིང་པུ་ས་ལའི་ལོ་མ་གང་ཙམ་དེས་དབང་བ་ཐམས་ཅད་ལ་སྙོམས་པར་བྱ་བའི་ཕྱིར་བགོ་བཤའ་བྱའོ། །གོས་ནི་ཐ་ན་མར་
མེའི་སྙིང་པོ་ཙམ་དེས་ཀྱང་བགོ་བཤའ་བྱའོ། །འདིར་གཞུང་ནི། ཕྲན་ཚོགས་དག་ལས་དེ་ནས་བརྩམས་ཏེ་ངེས་པ་མ་ཡིན་ཞེས་བྱ་བའི་བར་དུ་འདི་དྲངས་པའོ། །ལ་བ་དང་དེ་ལྟ་བུ་དག་ནི་བཙོངས་ཏེའོ་ཞེས་བྱ་བ་ནི་བགོ་བཤའ་བྱའོ་ཞེས་བྱ་བར་སྦྱར་རོ། །མི་བཤིགས་པ་ཉིད་དོ་ཞེས་བྱ་བ་ནི་དེ་ལས་གཞན་
པའི་གོས་བཞིན་དུ་མི་བཤིགས་པ་ཉིད་ཡིན་ནོ། །རྙེད་པ་བགོ་བ་ལ་ལྔ་བྱའོ། །རྙེད་པ་བགོ་བ་ལ་བྱ་བ་ལྔ་བྱ་བ་དེ་དག་གང་ཞེ་ན། དེའི་ཕྱིར་དེར་རྙེད་པ་འགོད་པར་འགྱུར་གྱི་དེར་ཁྱེད་ཅག་གིས་ཚོགས་པར་བྱའོ་ཞེས་དགེ་འདུན་ལ་བརྗོད་པར་བྱ་བ་དང་། གཎྜཱི་བརྡུང་བ་དང་། ཚུལ་ཤིང་བྲིམ་པ་དང་། བགྲང་བ་
དང་། སོ་སོའི་སྐལ་བ་བྲིམ་པའོ། །ཐ་མ་ཡན་ཆད་བྱེད་པ་ཉིད་ན་འོངས་པ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྙེད་པ་འགོད་པའི་དུས་སུ་བྱ་བ་ལྔ་པོ་དེ་དག་གི་གཞན་དེ་སྲིད་དུ་བྱ་བ་ཉིད་ལ་འོངས་པ་ལ་བརྟེན་པ་ཉིད་དོ། །རེ་ཞིག་འདིར་དབང་བྱེད་པ་ཉིད་ལ་ལྔ་པོ་འདིར་ངེས་པ་ལ་དབང་དུ་བྱ་བ་ཉིད་ཡིན་ནམ་འོན་
Vol. 161 · folio 124b
ཏེ་ཅི་ཡང་མ་ཡིན་སྙམ་དུ་མི་ཤེས་པའི་བློ་ཅན་དག་ལ་གསུངས་པ་ནི། དེའི་ཕྱིར་མཇུག་ཏུ་ཕྱིན་པ་ཉིད་ནི་མི་དབང་ངོ་ཞེས་བྱ་བ་སྨོས་ཏེ། ཡོངས་སུ་རྫོགས་པ་ལ་ལྔ་པོ་མི་དབང་ངོ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྙེད་པ་ཆུང་ངུ་ལ་ཡང་ངོ་ཞེས་བྱ་བ་ནི་ལྔ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ནི་རྙེད་པ་
ཆུང་ངུ་ལ་ཡང་བྱའི་རྙེད་པ་ཆེན་པོ་འབའ་ཞིག་ལ་བྱ་བར་མ་ཟད་དོ། །རྙེད་པའི་བྱ་བ་དེར་ཞུགས་ནས་སོང་བ་ཉིད་ཡིན་ཡང་མི་དབང་བ་མ་ཡིན་ནོ་ཞེས་བྱ་བ་ནི་དབྱར་གནས་པ་ལ་སོགས་པའི་ལས་གང་གིས་རྙེད་པ་འགྲིམ་པར་བྱེད་པའི་བྱ་བ་དེར་ཞུགས་པར་གྱུར་ན། གཙུག་ལག་ཁང་གི་མཚམས་ལས་
འདས་ཏེ་སོང་བ་ཡང་རྙེད་པ་དེ་མི་འོས་པ་མ་ཡིན་ནོ། །དེའི་ཕྱིར་འགྲོ་བས་ནོད་པ་བཅོལ་བར་བྱའོ་ཞེས་བྱ་བ་ནི་གང་གི་ཕྱིར་རྙེད་པ་དེ་འོས་པ་དེ་བས་ན་འགྲོ་བས་རང་གི་སྐལ་བ་མནོད་པ་གཞན་ལ་བཅོལ་བར་བྱའོ། །ཁས་བླངས་པ་དང་ལྡན་པས་མ་མནོས་ན་བསབ་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། མནོད་
དོ་ཞེས་དེ་ལྟར་དམ་བཅའ་བར་བྱེད་ཅིང་གལ་ཏེ་རྙེད་པ་མ་མནོས་ན་དེའི་ཚེ་རང་གི་སྒོ་ནས་བསབ་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྙེད་པ་ཆུང་ངུ་ལ་པ་ན་ལྔ་ལ་སོགས་པའོ་ཞེས་བྱ་བ་ནི། རྙེད་པ་ཆུང་ངུ་ལ་ཡང་གལ་ཏེ་མངོན་པར་ཁས་བླངས་པ་དང་ལྡན་པ་མ་མནོས་ན་བགོ་སྐལ་མ་ཤ་ཀ་ལྔ་
འམ་དེ་ལས་ལྷག་པ་ཡིན་ན་དེ་ལ་བསབ་པར་བྱ་བ་ཉིད་ཡིན་པའོ། །མ་བཅོལ་ན་མནོད་པར་མི་བྱའོ། །སློབ་དཔོན་ནམ་མཁན་པོའི་ནི་མནོད་པར་བྱའོ་ཞེས་བྱ་བ་ནི་མ་བཅོལ་ཡང་རྙེད་པ་མནོད་པར་བྱའོ། །ཡིད་གཅུགས་པའི་གནས་ཀྱི་དོན་དུ་ཡང་ངོ་ཞེས་བྱ་བ་ནི། ཡིད་གཅུགས་པའི་གནས་སུ་
གྱུར་པ་གང་ཡིན་པ་དེའི་དོན་དུ་མ་བཅོལ་ཡང་མནོད་པར་བྱ་སྟེ། སློབ་དཔོན་དང་མཁན་པོར་གྱུར་པ་ཉིད་ལ་མནོད་པར་བྱའོ། །རང་གི་ཕྱོགས་དང་མཐུན་པ་མ་ཡིན་པའི་དོན་དུ་མི་བྱའོ་ཞེས་བྱ་བ་ནི་བྱེ་བའི་ཕྱོགས་སུ་སོང་བའི་དོན་དུ་ཡང་མནོད་པར་མི་བྱའོ། །དེ་ནི་གནས་མལ་ལ་ཡང་ངོ་ཞེས་བྱ་བ་ནི། གནས་
མལ་གནོད་པར་བྱ་བ་ཉིད་ལ་ཡང་དེ་མ་བཅོལ་བ་ཞེས་བྱ་བ་ལ་སོགས་པར་རྟོགས་པར་བྱའོ། །འདིར་གཞུང་ནི། གནས་མལ་གྱི་གཞུང་ཞུ་བ་ལས། ཡིད་གཅུགས་གནས་ཀྱི་དོན་དུ་ཞེས་བྱ་བ་ལ་སོགས་པ་ལ་གང་གིས་བཅོལ་བ་གང་དུ་ཡང་ཡིད་ཆེས་པའི་དོན་དུ་གྱུར་པ་སྟེ། དེའི་ཕྱིར་མངོན་དུ་
Vol. 161 · folio 125a
ཕྱོགས་པར་གྱུར་པའི་དོན་ལ་གནས་མལ་མནོད་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། ཁས་བླངས་པས་ཁས་མ་བླངས་པ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་དེར་དོན་དེ་ཙམ་དུ་གསུངས་སོ། །རྙེད་པ་ལ་ཡང་སྦྱོར་བ་འདི་རྙེད་པ་མ་ཡིན་པར་འབྲེལ་བ་ལ་ཡང་འདིར་ཡང་ཞེས་བྱ་བ་དེ་ལྟར་སྨོས་སོ། །
ཟས་ལ་ཡང་ངོ་ཞེས་བྱ་བ་ཡང་མ་བཅོལ་ན་མནོད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་རིག་པར་བྱ་བ་སྟེ། འདིར་གཞུང་ནི། འདུལ་བྱེད་དག་ལས་ཐ་སྙད་འདི་ཡིན་ནོ། །འགོད་པ་དང་མ་བྱིན་པར་ལེན་པར་གཏོགས་པ་འདི་ཡང་གཞན་གྱི་ཚིག་གི་སྐབས་མེད་པའི་ཕྱིར་ཏེ། མ་བཅོལ་ན་མནོད་པར་མི་བྱའོ་ཞེས་
བྱ་བ་དེ་ཙམ་ཞིག་དེར་དོན་གསུངས་སོ། །དེ་ཐམས་ཅད་ལ་མ་བཅོལ་བ་ཉིད་ལ་མ་ཡིན་ཞེས་བྱ་བ་ལ་སོགས་པ་འདིར་རྣམ་པར་གཞག་པ་དེའི་ཕྱིར་ཐམས་ཅད་དེ་འདིར་སྦྱར་བར་བྱའོ། །གཞན་གྱི་དོན་དུ་མནོད་པར་ཕ་རོལ་ལ་གོ་བར་བྱའོ་ཞེས་བྱ་བ་ནི་གཞན་ཡང་མནོད་པར་བྱ་སྟེ། ཟས་གཅིག་པུ་ནི་མ་ཡིན་ནོ། །
འདིར་གཞུང་ནི་འདུལ་བྱེད་དག་ལས། ཐ་སྙད་འདི་འགྱོད་པ་གཅིག་པུ་ལས་སྐབས་མེད་པར་བྱ་བའི་ཕྱིར་ཟས་མནོད་པ་ལས་གླེང་གཞི་དེ་ལས་བྱེད་པའོ། །ཐ་སྙད་ལ་ནི་ཟས་མནོད་པ་མ་ཡིན་ཏེ། མནོད་པར་བྱེད་པས་གཞན་ལ་གོ་བར་བྱའོ་ཞེས་བྱ་བ་ཙམ་ཞིག་གསུངས་ཏེ་གཞན་དུ་མནོད་པར་བྱ་བ་ལ་
ཆོ་ག་འདི་རྣམ་པར་གཞག་པར་བྱ་བ་སྟེ། དེ་ལྟར་ན་བྱེ་བྲག་ལ་མ་བརྟེན་པའོ། །མི་དབང་བས་ནང་དུ་ཞུགས་ཏེ་མི་བྱའོ་ཞེས་བྱ་བ་ནི། རྙེད་པ་མི་དབང་བས་གང་དག་དབང་བ་དེ་དག་གི་ནང་དུ་ཞུགས་ཏེ་སྐལ་བ་མནོད་པར་མི་བྱའོ། །འདིར་གཞུང་ནི། དེ་ལྟ་བས་ན་དགེ་སློང་གི་གཞན་གྱི་རྙེད་པར་
འཇུག་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་དཔེ་གཞན་ཡང་ཚེ་དང་ལྡན་པ་ཉེ་དགའ་མགྲོན་དུ་མ་བོས་པས་ཟས་ཟོས་ནས་རས་ཡུག་ཆེན་མནོས་པ་བཞིན་ནོ། །དབང་བ་གཅིག་ཉིད་ཀྱིས་ཤིན་ཏུ་མང་པོ་ཐོབ་པ་ལ་མི་དབང་བའི་རྒྱུར་འགྱུར་བ་མེད་དོ་ཞེས་བྱ་བ་ནི། གང་ཟག་གང་དེ་དག་ལ་འདིར་
ལུང་ནི་རྒན་ཞུགས་དེ་གཉིས་འདི་སྙམ་དུ་བདག་ཅག་གཉིས་ལས་རས་ཡུག་ཆེན་བརྒྱ་ཇི་ལྟར་འབྱུང་བར་འགྱུར་ཏེ། གཞན་ནས་འཇུག་ཏུ་གཞུག་པར་བྱའོ་སྙམ་དུ་སེམས་པ་དེ་བསལ་བའི་དོན་དུ་དེ་ཡིན་ཏེ། གང་ཞིག་དེད་དཔོན་གྱིས་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་དུ་རྙེད་པ་མང་པོ་བསྐུར་བ་ནས་གཙུག་
Vol. 161 · folio 125b
ལག་ཁང་དེ་ན་དགེ་སློང་གཅིག་པུ་ཞིག་གནས་པ་དེ་འགྱོད་པས་མི་ལེན་པ་ནས། བཅོམ་ལྡན་འདས་ཀྱིས་དེ་ནི་དེ་ན་གང་གནས་པ་དེའི་ཕྱིར་ཡིན་ནོ་ཞེས་རྗེས་སུ་གནང་བའི་བར་དུ་གསུངས་པ་དེ་ནི་དཔེ་གཞན་ཡིན་ནོ། །བྱེ་བ་ནི་ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་དག་ཏུ་སོང་བ་དགེ་འདུན་གྱི་རྙེད་པ་མི་
དབང་ངོ་ཞེས་བྱ་བ་ནི། ཆོས་མ་ཡིན་པའི་ཕྱོགས་དང་མཐུན་པ་ཐ་དད་པ་རྣམས་ལ་ཆོས་ཀྱི་ཕྱོགས་དོར་ནས་སོང་བ་གང་ཡིན་པ་དེ་དགེ་འདུན་གྱི་རྙེད་པ་མི་དབང་བའོ་ཞེས་བྱ་བའི་དོན་ཏོ། །དེའི་དུས་ཀྱི་རྙེད་པ་ལ་ནི་ཆེས་རིང་དུ་གནས་ན་གནས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེའི་དུས་ཀྱི་ཞེས་བྱ་བ་ནི་དབྱར་གནས་པ་
ལ་སོགས་པའི་དོན་དུས་དེར་རོ། །དེ་ནི་འདིར་སྐབས་དང་མཐུན་པ་ཐ་དད་པ་ཉིད་ཀྱི་དོན་ཞེས་བྱ་བ་སྨོས་སོ། །འདིར་བརྗོད་པ་ཡང་བབས་པ་དང་ཤི་བར་གྱུར་པ་གཉིས་ལ་ཡང་མི་འོས་པ་ཉིད་ཀྱི་དོགས་པ་ཡོད་པར་འགྱུར་བ་དེ་བས་ན་དེའི་ཕྱིར་བརྗོད་པར་བྱ་སྟེ། བབས་པ་དང་ཤི་བར་གྱུར་པ་གཉིས་ཀྱང་ངོ་ཞེས་བྱ་
བ་ནི་འདི་གཉིས་ཀྱང་ཆེས་རིང་དུ་གནས་པ་ཡིན་ན་དེའི་དུས་ཀྱི་རྙེད་པ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤི་བའི་ཕྱིར་འདི་སྨོས་པ་ལ་དགོས་པ་ཅི་ཡོད་ཅེ་ན། གལ་ཏེ་སུ་ཞིག་ལ་ཕུལ་ནས་ཤི་ན་བུ་ལོན་འདི་ལ་ཡོད་པའམ། ཉེ་བར་གནས་པས་ཡོ་བྱད་དྲུག་པོ་མ་ཐོབ་ན་དེ་ལ་སྦྱིན་པར་བྱའོ། །གལ་ཏེ་
མ་ཡིན་ན་གང་རྣམས་ཀྱིས་དེ་ནི་ཤི་བའི་ཡོ་བྱད་ལ་དབང་བ་ཉིད་དེ་དེ་རྣམས་ལ་འདིར་རྙེད་པ་ཞེས་བྱ་བ་འདི་བསྟན་པའོ། །རྙེད་པ་ནི་ཇི་ལྟར་རྣམ་པར་ངེས་པར་བྱེད་པ་ལྟར་རྣམ་པར་གཞག་གོ་ཞེས་བྱ་བ་ནི། གཙུག་ལག་ཁང་འདི་ན་གནས་པའི་དགེ་སློང་རྣམས་ཀྱིས་གནས་མལ་དང་བསོད་སྙོམས་ལ་སོགས་པ་
འདི་ལོངས་སྤྱོད་པར་བྱའོ་ཞེའམ། དེ་ན་གནས་པའི་རྟེན་པ་ལ་རྐང་པའི་མར་བསྐུ་བ་ལ་སྦྱར་བར་བྱའོ། །སྨན་གྱི་རིན་ལ་སོགས་པ་དང་ཞེས་བྱ་བ་འདིར་སྤྲོས་པ་མ་བྱས་ཏེ། སྤྲོས་པ་མ་བྱས་པ་ནི་གནས་ཁང་ལ་སོགས་པ་དགེ་སློང་གི་དབང་དུ་མཛད་ནས་རྙེད་པ་གནང་བ་ལ་དེ་ལྟ་བུར་གྱུར་པ་ཉིད་ཀྱིས་ལོངས་
སྤྱད་པར་བྱའོ། །གནས་ཁང་དང་ཞིང་དང་ཁང་པ་བརྩེགས་པ་འདི་ལ་ངེས་པར་དེ་ནི་གནས་པས་འདི་ལོངས་སྤྱོད་པར་བྱའོ་ཞེས་སྤྲོས་པ་མ་བྱས་ཏེ། དེ་ན་དགེ་སློང་གི་དབང་དུ་མཛད་ནས་གནང་བའོ། །གཞན་དུ་གནས་པས་ལོངས་སྤྱད་པར་བྱའོ། །འདིར་དགུན་ནམ་དབྱར་གནས་པ་ལ་འདི་དབུལ་བར་
Vol. 161 · folio 126a
བྱའོ། །ངེས་པར་གནས་པ་ཉིད་ཀྱིས་དེར་དུས་དེར་མནོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་རྣམ་པར་དཔྱད་པར་བྱས་ནས་གང་ཟག་ལ་སྦྱིན་བར་བྱ་སྟེ་དེ་ཉིད་ལ་དེའོ། །འཐོབ་པ་རྣམས་ཀྱིས་ཀྱང་ངོ་ཞེས་བྱ་བ་ཡང་། རྙེད་པ་ནི་ཇི་ལྟར་ངེས་པར་བྱེད་པ་ལྟར་རྙེད་པ་རྣམ་པར་གཞག་པའོ། །
གང་དུ་དེ་རྣམས་འགྲོ་བ་དེར་གཏོགས་པའི་རྣམ་པར་ངེས་པ་ལ་ཞེས་བྱ་བ་དེ་ནི་དོན་གྱིས་རྟོགས་པར་བྱའོ། །གང་དུ་ཡང་དེ་རྣམས་འགྲོ་བ་སྟེ། ཕུལ་བའི་རྫས་ལ་ཁྱིམ་ཆེ་གེ་མོ་ནི་ཁྱེད་ཀྱིའོ། །ཁྱིམ་ཆེ་གེ་མོ་ནི་ངེད་ཀྱིའོ། །ལམ་པོ་ཆེ་འདི་ནི་ཁྱེད་ཀྱིའོ། །ལམ་པོ་ཆེ་འདི་ནི་ངེད་ཀྱིའོ། །བཞི་མདོའི་དབུས་ཀྱི་ཞེས་བྱ་
བ་ལ་སོགས་པ་ལྟ་བུར་ཁྲིམས་སུ་བྱ་བ་བཅས་ནས་ཐ་དད་པ་དག་ལ་ཆོས་ཀྱི་འདོད་པ་ཁས་བླངས་པ་དང་མ་བླངས་པ་དག་གིས་ཕྱོགས་གཉིས་ལ་དབྱར་གནས་པར་ཁས་བླངས་པ་ལ་གཞི་མདོ་ལ་སོགས་པ་ལས་གནས་གཞན་ལས་གང་གིས་ཕྱོགས་གཞན་རྣམ་པར་ངེས་པའི་ཁྱིམ་གྱི་ཕྱོགས་གཞན་ཀྱི་རྙེད་པ་རྙེད་
པའོ། །ཁྱིམ་དེ་ཉིད་དུ་རྣམ་པར་ངེས་པར་བྱས་པའི་ཕྱོགས་ཀྱི་རྙེད་པ་དེའོ། །དེའི་ཕྱོགས་གཉིས་ཀ་ཡང་གལ་ཏེ་ཁྱིམ་དེ་དང་ལྡན་པ་རྙེད་པ་དེ་དང་སྦྱོར་བ་ཡིན་ན་དེ་ལྟར་ཡང་ཕྱོགས་དེ་ཉིད་ཁྱིམ་དེར་རྣམ་པར་ངེས་པ་ལ་རྙེད་པ་དེ་ཡོད་པར་འགྱུར་རོ། །འདིར་ཐམས་ཅད་སྟོན་པ་ལ་སུ་ཞིག་ལ་དགོས་པ་འགྲུབ་
པའི་ཕྱོགས་དེ་ལ་ཡང་རྙེད་པ་དེ་ལ་གཞན་གྱི་ཅི་ཞིག་སྙམ་པ་དེ་བཟློག་པའི་དོན་དུ་བརྗོད་པར་བྱ་སྟེ། དེའི་ཕྱིར་ཐམས་ཅད་ཀྱི་ཕུལ་ན་ཡང་ངོ་ཞེས་བྱ་བ་སྨོས་ཏེ། དེ་ལྟར་ཡང་ཇི་ལྟར་རྣམ་པར་ངེས་པའི་རྙེད་པ་རྣམ་པར་གཞག་པའི་དཔེར་འདིར་དབྱར་གྱི་དུས་སུ་བྱེད་པ་དག་གི་ཕྱོགས་དུས་གཞན་དག་ལ་ཡང་སྡེ་ཚན་
གཞན་ལ་ཡང་འདི་རུང་བས། དེའི་ཕྱིར་འདིར་སྤྱིར་མདོར་བསྡུས་པའོ། །གལ་ཏེ་ཟས་ལ་ཡང་དེ་ལྟར་རྣམ་པར་ངེས་པར་བྱས་པར་གྱུར་ན་དེའི་ཚེ་ཁྱིམ་གཞན་རྣམ་པར་མ་ངེས་པ་ལ་གཞན་གྱིས་བཟའ་བར་མི་བྱ་སྟེ། རྣམ་པར་མ་ངེས་པའི་ཕྱོགས་ཀྱི་ཁྱིམ་གཞན་ལས་རྙེད་པར་འགྱུར་བ་ཅིག་ཤོས་ཀྱིས་ཕྱོགས་ཀྱི་
རྗེས་སུ་གནང་བ་ཉིད་ཡིན་ན་ཉེས་པ་མེད་པར་རིག་པར་བྱའོ། །དགེ་འདུན་ཡོངས་སུ་མ་བཅད་ན་ལས་ཀྱི་མཚམས་ཀྱིས་ཡོངས་སུ་བཅད་དོ་ཞེས་བྱ་བ་ནི། དགེ་འདུན་ཡོངས་སུ་མ་བཅད་ན་དགེ་འདུན་ལ་རྙེད་པ་རྣམ་པར་ངེས་པ་ལ་གང་ཞིག་གནས་དེ་ལ་གསོལ་བ་ལ་སོགས་པའི་ལས་ཀྱི་མཚམས་དེས་དགེ་
Vol. 161 · folio 126b
འདུན་ཡོངས་སུ་བཅད་པ་དེའི་མཚམས་ཀྱི་ནང་དུ་གཏོགས་པའི་སྣ་ཚོགས་པའི་གནས་སམ་གནས་གཅིག་པ་ཐམས་ཅད་ལ། གློ་བུར་བ་དང་བཅས་པ་ལ་རྙེད་པ་དེ་ཞེས་བྱ་བའི་དོན་ཏོ། །འདི་ལ་གཅིག་ལ་སོགས་པ་ནི་དེ་ཉིད་དོ་ཞེས་བྱ་བ་ནི་འདིར་དགེ་འདུན་ལ་བརྟེན་ནས་ཕུལ་བའི་རྙེད་པ་ལ་གལ་ཏེ།
མཚམས་གཅིག་གི་ནང་དུ་གཏོགས་པར་གྱུར་པ་གཉིས་སམ་གསུམ་ནི་དགེ་འདུན་ཉིད་དོ། །དེ་ལ་དེ་ཙམ་དེར་འོས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེས་པའམ་བུད་མེད་དམ་མ་ནིང་འགའ་ཞིག་ལ་བརྟེན་ནས་དབྱར་གནས་པར་ཁས་ལེན་ཅིང་གནས་མེད་པར་དེ་ན་བུད་མེད་ལ་སོགས་པས་དབུལ་བར་
བྱེད་ན་དེ་གནས་ཆེ་གེ་མོར་དགེ་འདུན་ལ་ཕུལ་ལོ་ཟེར་ལ། གལ་ཏེ་དེ་ལྟར་གནས་དེར་མཚམས་གང་ཡིན་པའི་ཁོངས་སུ་ཆུད་པ་དེ་རྣམས་ཀྱི་རྙེད་པ་ནི་དེ་ཡིན་ནོ། །གལ་ཏེ་བདག་གིས་འདི་ཉིད་ཀྱི་དགེ་འདུན་ལ་ཕུལ་ལོ་ཞེས་ཟེར་ལ། གལ་ཏེ་དེ་ན་གང་ཟག་གཞན་མེད་ན་ནི་རྙེད་པ་དེ་མཚམས་ཀྱིས་བསྟབས་པ་ཡིན་
ནོ། །གལ་ཏེ་འདི་ཁྱོད་ཁོ་ན་ལ་ཕུལ་ལོ་ཞེས་ཟེར་ན་ནི་རྙེད་པ་དེ་རྟེན་གྱིས་བསྟབས་པ་ཡིན་ཏེ་རྟེན་གྱི་དབང་གིས་གྲུབ་ཅེས་བྱ་བའི་དོན་ཏོ། །ཆོས་ཀྱི་རྙེད་པ་ནི་དེ་སྨྲ་བ་རྣམས་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་འདིར་སྨྲ་བ་རྣམས་ལ་ཤུགས་ཀྱིས་དབང་བྱེད་པ་ཉིད་དོ། །དེའི་སྒྲས་ནི་ཆོས་དང་འབྲེལ་པའོ། །ཆོས་ཀྱི་རྙེད་པས་ནི་མ་
ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །འདུལ་བ་བྱེ་བྲག་ཏུ་བཤད་པ་དག་ལས་མྱ་ངན་ལས་འདས་པ་དག་ལ་ཕུལ་བ་ནི་མཆོད་རྟེན་གྱི་དང་འདྲ་བར་གཞག་གོ་ཞེས་གསུངས་པས། དེའི་ཕྱིར་འདིར་ཆོས་རིན་པོ་ཆེ་མ་ཡིན་གྱི་འོན་ཏེ་གཞན་ཡིན་ཏེ། སིལ་བུ་དག་ལས་ཀྱང་དེར་ཆོས་གཞན་བཟུང་བ་ཞེས་བྱ་བར་རྟོགས་པར་
བྱའོ། །རིན་པོ་ཆེའི་གོ་རིམས་འདི་ནི་ཞེས་བྱ་བ་གལ་ཏེ་ཡོད་པར་འགྱུར་ན་ནི་མི་མཁས་པ་ལ་རིན་པོ་ཆེའི་གོ་རིམས་ལ་བརྡ་བྱས་པ་ལ་ཆོས་ཀྱི་མིང་ངོ་། །གཙུག་ལག་ཁང་གི་ཚིགས་སུ་བཅད་པ་གཅིག་འཛིན་པ་ནི་འདིར་དེ་ཉིད་ཀྱི་མཐའ་ཡིན་ནོ་ཞེས་བྱ་བ་ལ་དེ་ཉིད་ཀྱི་ཞེས་བྱ་བ་ནི་ཆོས་སྨྲ་བ་པོ་ཉིད་ལའོ། །འདི་ཞེས་བྱ་བ་ནི་
ཆོས་ཀྱི་རྙེད་པ་དབང་བ་འདི་ལའོ། །མདོ་འདི་ནི་རྩོད་པའི་གཞིའི་གཞུང་ལས་འབྱུང་ངོ་། །མཚན་མི་མཐུན་པའི་ཤི་བའི་ཡོ་བྱད་ལ་ཅིག་ཤོས་ཡོད་ན་མི་དབང་བ་ཉིད་དོ་ཞེས་བྱ་བ་ལ། མཚན་མི་མཐུན་པའི་ཞེས་བྱ་བ་ནི། འདིར་གཞུང་ནི། གླེང་གཞི་རྣམས་ལས། དགེ་སློང་དག་དགེ་ཚུལ་གྱི་རྒྱུད་དུ་གཏོགས་པ་དེའོ་ཞེས་
Vol. 161 · folio 127a
གསུངས་པ་ཡིན་ནོ། །ཅི་ཐམས་ཅད་དུ་རྣམ་པར་གཞག་པ་འདི་ཡིན་ནམ་ཞེ་ན་མ་ཡིན་ཏེ་དེའི་ཕྱིར་ཅིས་ཤོས་ཡོད་ན་ཞེས་བྱ་བ་སྨོས་ཏེ། ཅིག་ཤོས་ཞེས་བྱ་བ་གོང་ན་མཚན་མཐུན་པ་ཡོད་པ་དེ་མཚན་མ་མཐུན་པ་མི་དབང་ངོ་ཞེས་བྱ་བའི་དོན་ཏོ། །གནས་ནས་ཕྱུང་བའི་
ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་ཅིག་ཤོས་ཡོད་ན་ཤི་བའི་ཡོ་བྱད་ལ་ཡང་གནས་ནས་ཕྱུང་བའི་མི་དབང་ངོ་ཞེས་བྱ་བ་འདིར་ཉེ་བར་གཞག་པའོ། །འདིར་གནས་ནས་ཕྱུང་བའི་ནི་ཅིག་ཤོས་ཉིད་ལ་མཐར་ཐུག་པའོ། །འདིར་གནས་ནས་མ་ཕྱུང་བ་ལ་ནི་ཅིག་ཤོས་ཀྱི་སྒྲའི་རྣམ་པར་གཞག་པའོ། །མེད་ན་
ཡང་ངོ་ཞེས་བྱ་བ་ནི་ཅིག་ཤོས་ལའོ། །རྒྱུ་ལས་སེམས་མ་ལོག་ནའོ་ཞེས་བྱ་བ་ནི་ལྟུང་བ་མ་མཐོང་བ་ལ་སོགས་པའི་རྒྱུ་གང་གིས་དེ་སྤང་བའི་ལས་བྱས་པའི་རྒྱུ་དེ་ལས་སེམས་མ་ལོག་ཅིང་བཟློག་པར་མ་བྱས་པ་དེ་ལའོ། །འདིར་གཞུང་ནི། གང་དབང་ལགས། དེ་དག་ལས་གང་གིས་དང་པོར་སྡིག་
པ་ཅན་གྱི་ལྟ་བའི་རྣམ་པ་སྤོང་བར་བྱེད་པའོ་ཞེས་གསུངས་པ་ཡིན་ནོ། །གང་གིས་མ་བཏང་བ་ཉིད་ལ་གཞན་གྱིས་ཀྱང་ཞེས་བྱ་བའི་འདིར་ཚིག་ཡོད་པ་དེ་དེ་བས་ན་འདིར་མདོ་བྱས་སོ། །འདིར་ལྟ་བ་དང་། འབྲེལ་བ་སྤང་བའི་རྒྱུ་ལས་མངོན་པར་ཞེན་པར་རིག་པར་བྱ་སྟེ། མཆོག་ཉིད་དུ་མཐོང་བའི་རབ་ཏུ་དབྱེ་བ་ཉིད་ཀྱི་ཕྱིར་
འདི་ལ་ལྟ་བ་ཉིད་དུ་རིག་པར་བྱའོ། །དེའི་དེ་མནོད་པར་བྱ་བ་ཉིད་ལ་དེ་ནི་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། སྤངས་པ་དེ་ཤི་བའི་ཡོ་བྱད་རྣམས་དེ་མནོད་པར་བྱ་བ་ཉིད་ལ་སྤངས་པ་དེ་མ་སྤངས་པ་དང་ཐ་དད་པ་ཉིད་མ་ཡིན་ནོ། །སྤངས་པ་ནི་དགེ་འདུན་ལས་ཐ་དད་པ་ཉིད་མ་ཡིན་པའི་ཕྱིར་འོས་པ་ཉིད་དོ། །དེའི་ཤི་བའི་
ཡོ་བྱད་ལ་རང་བཞིན་གྱིས་གནས་པ་ཞེས་བྱ་བའི་དོན་ཏོ། །ཐ་དད་པའི་ལ་ནི་ཐ་དད་པ་ཉིད་དོ་ཞེས་བྱ་བ་ནི་འདོད་པ་གཞན་ལ་བརྟེན་པས་ཐ་དད་པ་ཕྱོགས་གཞན་དང་འབྲེལ་བ་ལ་ནི། ཐ་དད་པ་ཉིད་དེ་ཕྱོགས་གཞན་ལས་ཐ་དད་པར་གྱུར་པ་ཉིད་དོ། །དེའི་དེ་མནོད་པ་ཉིད་ལ་གཞན་གྱི་ཕྱོགས་སུ་གཏོགས་པའི་ཤི་བའི་
ཡོ་བྱད་ལ་གཞན་གྱི་ཕྱོགས་སུ་གཏོགས་པ་ལ་འོས་པ་ཉིད་མ་ཡིན་ནོ། །ཆོས་དང་མཐུན་པའི་འདོད་པ་ལ་བརྟེན་པ་རྣམས་ལ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། ཁས་བླངས་པ་རྣམས་ཀྱི་གནས་སུ་ཁས་མ་བླངས་པའི་དགེ་ཚུལ་འོངས་ཏེ། དུས་བྱས་པར་གྱུར་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཆོས་དང་
Vol. 161 · folio 127b
མཐུན་པའི་ཕྱོགས་ཁས་བླངས་པ་ནི་ཁས་བླངས་པ་ཡིན་ལ་ཆོས་མ་ཡིན་པ་དང་མཐུན་པའི་ཕྱོགས་ཁས་བླངས་པ་ནི་ཁས་མ་བླངས་པ་ཡིན་པར་རིག་པར་བྱའོ། །རབ་ཏུ་བྱུང་བ་དང་། ཚངས་པ་མཚུངས་པར་སྤྱོད་པ་ལས་གཞན་པ་དག་དེ་མི་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རབ་ཏུ་བྱུང་བ་ཚངས་པ་མཚུངས་པར་སྤྱོད་པ་དག་ལས་གཞན་
ཉེ་དུ་ལ་སོགས་པ་དང་། རྒྱལ་པོ་ལ་ཡང་རབ་ཏུ་བྱུང་བ་ཤི་བའི་ཡོ་བྱད་དེ་མི་དབང་བ་ཡིན་ཏེ། དེ་ནི་རབ་ཏུ་བྱུང་བ་དང་ཚངས་པ་མཚུངས་པར་སྤྱོད་པ་དག་ཁོ་ན་དབང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་དགེ་སློང་ཞེས་མ་སྨོས་པ་ནི་དགེ་ཚུལ་དང་དགེ་ཚུལ་མ་ཡང་དབང་བ་ཉིད་དུ་བསྟན་པའི་ཕྱིར་རོ། །ཚངས་པ་མཚུངས་པར་སྤྱོད་
པ་ཞེས་སྨོས་པ་ནི་གཞན་མུ་སྟེགས་ཅན་བསལ་བའི་ཕྱིར་རོ། །གསོལ་བའམ་དང་པོ་དང་ཐ་མས་བྱིན་གྱིས་བརླབས་ཟིན་པ་ན་འོངས་པ་ནི་མི་དབང་ངོ་ཞེས་བྱ་བ་ནི་ཤི་བའི་ཡོ་བྱད་ལ་བྱིན་གྱིས་བརླབས་ཟིན་ཀྱང་རུང་སྟེ། གང་ཞིག་ཟིན་པ་ན་འོངས་པ་དེ་ལ་ཡང་དེ་དག་ནི་མི་དབང་བ་ཉིད་ཡིན་ནོ། །དེ་ལྟར་བྱུང་བ་བྱིན་གྱིས་བརླབ་པ་མ་ཟིན་
པ་ནི་དབང་བ་ཉིད་ཡིན་ནོ། །ལྷོ་ཕྱོགས་སུ་མཚན་མོའི་འོག་ཏུ་འདི་ལ་བྱིན་གྱིས་བརླབ་པར་བྱ་བ་ཉིད་དུ་གསུངས་སོ། །དེ་ལ་གང་ཞིག་མདུན་རོལ་དུ་བྱིན་གྱིས་བརླབ་པ་གཉིས་པོ་འདི་བྱེད་པར་འགྱུར་བ་དེས་གཞན་རྣམས་ལ་སྐལ་བ་མི་དབང་བ་ཉིད་དུ་ཡང་མི་འགྱུར་བ་ལས་དེ་མ་གྲགས་པ་ཉིད་ཀྱི་ཕྱིར་ལས་ཀྱི་ཆོ་ག་ལས་འདས་པ་
ཞེས་བྱ་བར་རིག་པར་བྱའོ། །དེ་ལས་འགའ་ཞིག་དགེ་འདུན་གྱི་རྒན་པ་དང་གསར་བུ་གཉིས་ལ་བྱིན་པ་ནི་དེ་ཞེས་བྱའོ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་ཤི་བའི་ཡོ་བྱད་དེ་ལས་སོ། །འགའ་ཞིག་ཅེས་བྱ་བ་ནི་དངོས་པོ་འགའ་ཞིག་གོ། །དགེ་འདུན་གྱི་རྒན་པ་དང་དགེ་འདུན་གྱི་གསར་བུ་གཉིས་ལས་བྱིན་པ་ནི་དང་པོ་དང་ཐ་མ་ཡིན་
པ་ཞེས་བྱའོ། །འདིར་གཞུང་ནི། ཡོ་བྱད་གཅིག་བཙོངས་ཏེ་ཅུང་ཞིག་དགེ་འདུན་གྱི་རྒན་པ་དང་དགེ་འདུན་གྱི་གསར་བུ་ལ་བྱིན་ནས་གསུངས་པ་ཡིན་ནོ། །དེ་ལ་དོན་གྱི་དབང་གིས་ནི་འདིར་ཅུང་ཞིག་ཉིད་དང་། ཉོ་ཚོང་ཡང་ངེས་པ་ཅན་ནི་མ་ཡིན་ཏེ། དེ་བས་ན་འདིར་མདོར་བྱས་སོ། །གང་ན་བྱིན་གྱིས་བརླབ་པར་བྱ་བ་འདུག་པ་དེའི་
མཚམས་སུ་གཏོགས་པ་རྣམས་བྱིན་གྱིས་རློབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་གནས་གང་ན་བྱིན་གྱིས་བརླབ་པར་བྱ་བའི་དངོས་པོ་འདུག་པ་དེའི་མཚམས་སུ་གཏོགས་པའི་བྱིན་གྱིས་རློབ་པར་བྱེད་པ་པོ་རྣམས་ཞེས་བྱ་བའི་དོན་ཏོ། །འདི་ལ་ཤི་བའི་གནས་ཉིད་ཀྱི་རྒྱུ་མ་ཡིན་ནོ་
Vol. 161 · folio 128a
ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བ་ནི་ཤི་བའི་ཡོ་བྱད་བྱིན་གྱིས་བརླབ་པར་བྱ་བ་འདི་ལ་ཤི་བའི་གནས་ཉིད་ནི་རྒྱུ་མ་ཡིན་པའོ། །འདིར་ཤི་བ་དེའི་དབང་གིས་མཚམས་དེ་ན་གནས་པ་རྣམས་ཀྱིས་ཤི་བའི་ཡོ་བྱད་འདུག་པ་བྱིན་གྱིས་བརླབ་ཏུ་མི་རུང་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཚམས་
ཀྱི་བར་ན་འདུག་པ་ལ་ལུས་སམ་གཞན་གྱིས་རེག་པས་ཇི་ཙམ་ནོན་པ་དེར་གཏོགས་པ་རྣམས་སོ་ཞེས་བྱ་བ་ལ། མཚམས་ཀྱི་བར་ན་འདུག་པའི་ཤི་བའི་ཡོ་བྱད་དེ་ལ་ཤི་བ་དེའི་ལུས་ཀྱིས་རེག་གམ། གཞན་གྱིས་རེག་པའི་ཡོ་བྱད་བྱིན་གྱིས་བརླབ་པར་བྱ་བ་དེས་མཚམས་ཇི་ཙམ་ནོན་ཅིང་ཁྱབ་པའི་མཚམས་དེར་
གཏོགས་པའི་དགེ་སློང་རྣམས་ཀྱིས་བྱིན་གྱིས་རློབ་པར་བྱེད་པ་ཡིན་ཏེ། འདི་ལ་ནི་བྱིན་གྱིས་བརླབ་པར་བྱ་བའི་རྫས་ཀྱི་དབང་གིས་རྣམ་པར་གཞག་གི་ཤི་བའི་རོའི་དབང་གིས་ནི་མ་ཡིན་གྱི་ཞེས་བྱ་བ་དེ་ལ་བརྗོད་པ་སྟེ། མདོ་འདི་ནི་གླེང་གཞི་རྣམས་ལས་སོ། །གང་ན་ནོར་དང་འདྲ་བ་དེ་འདུག་པའི་ཁོངས་སུ་ཡོ་
བྱད་གཏོགས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ནོར་དང་འདྲ་བར་འགྱུར་བའི་དངོས་པོ་དེ་ལ་ཁྱིམ་པའམ་རབ་ཏུ་བྱུང་བའི་ནི་ནོར་དང་འདྲ་བའོ། །དེའི་ཁོངས་སུ་གཏོགས་པ་དེ་ནི་དེའི་ལུས་སུ་གྱུར་པ་སྟེ། འདི་འཛིན་པའི་བདག་ཉིད་ཅན་གྱི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ཁས་ལེན་པ་ཉིད་ལ་གང་དུ་འདི་ནོར་དང་འདྲ་བར་
འགྱུར་བ་དེའི་ཁོངས་སུ་ཡོ་བྱད་གཏོགས་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ནོར་དང་འདྲ་བས་གཞན་ན་འདུག་པ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི་གཞན་ན་འདུག་པས་ཀྱང་ཤི་བའི་ཡོ་བྱད་ཀྱི་ནོར་དང་འདྲ་བའི་གང་ཟག་དྲུང་ན་འདུག་པས་བྱིན་གྱིས་བརླབ་པར་བྱའོ། །བསྐུར་བ་སྐུར་བར་
བྱ་བས་མ་སྤངས་པ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་བསྐུར་བའི་དངོས་པོ་མ་སྤངས་པ་ནི་གང་གིས་སྐུར་བར་བྱེད་པས་བསྐུར་བར་བྱ་བ་ནི། དེ་ཉིད་ཡིན་ཏེ་བསྐུར་བར་བྱ་བ་དང་བཅས་པ་ཉིད་དོ། །སྤངས་པ་ནི་སྐུར་བར་བྱེད་པ་ཉིད་ཀྱིའོ་ཞེས་བྱ་བ་ནི་སྐུར་བར་བྱེད་པ་ནི་སྐུར་བར་བྱེད་པ་ཉིད་དེ་དངོས་པོ་ནི་དེ་ཉིད་ཡིན་
ནོ་ཞེས་བྱ་བའི་དོན་ཏོ། །དེས་སྤངས་ན་ཡང་ངོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་སྐུར་བར་བྱེད་པ་དེས་སོ། །གང་ལ་སྟེ་གང་ལ་སྐུར་བར་བྱེད་པ་དེ་ནི་སྤང་བར་འགྱུར་རོ། །འདིར་སྐུར་བར་བྱེད་པ་སྤངས་པ་ནི་བཤད་པ་ལ་སྐུར་བར་བྱེད་པ་སྤངས་བར་མི་འགྱུར་རོ། །གལ་ཏེ་འདིས་སྔ་མ་བཟུང་
Vol. 161 · folio 128b
ན་འདིས་བདག་ལ་ཅི་ཞིག་བྱ་ཞེས་བདག་གིས་འདི་སྤངས་སོ་ཞེས་བྱ་བ་སྟེ། དེ་ལྟར་ཡང་སྐུར་བར་བྱེད་པ་ཉིད་ཀྱི་དེ་དང་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི། དགེ་སློང་གིས་དགེ་སློང་ལ་ཆོས་གོས་དག་བསྐུར་ནས་གང་ལ་བསྐུར་བ་དེས་སྤངས་ནས། གང་གིས་བསྐུར་བ་དེས་ཀྱང་
སྤང་ན་གང་ལ་བསྐུར་བ་དེ་ཡིར་བྱིན་གྱིས་རློབ་ན་ནི་བྱིན་གྱིས་མ་བརླབས་པ་ཡིན་ནོ། །གང་གིས་བསྐུར་བ་དེ་ཡིར་བྱིན་གྱིས་རློབ་པར་བྱེད་ན་ནི་བྱིན་གྱིས་བརླབས་པ་ཡིན་ཏེ། ལེགས་པར་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། འདི་མི་རིགས་པར་ཤེས་པར་མི་བྱ་སྟེ། གང་གི་ཕྱིར་དེ་ལྟ་བུར་
གྱུར་པའི་འཇུག་པ་ལ་མི་དགོས་པའི་མི་གཙང་བ་ལ་བདག་གིས་འདི་དོར་རོ་སྙམ་པ་དེ་ལྟ་བུའི་བློ་དང་འདྲའོ། །དེའི་དགོས་པ་ནི་བདག་པོ་སོ་སོ་སོ་སོར་བྱེད་ཅིང་དེ་ལ་ཡིད་བརྟེན་ནས་རྣམ་པར་གཞག་པ་ཤི་བའི་ཡོ་བྱད་དུ་བྱིན་གྱིས་རློབ་པ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །ཕྱི་རོལ་དུ་ཡང་མཚམས་ཀྱི་
ནང་དུ་འདུ་ཤེས་པ་དག་གིས་འབའ་ཞིག་གིས་བྱིན་གྱིས་རློབ་པ་མི་འཆགས་སོ་ཞེས་བྱ་བ་ལ། ཕྱི་རོལ་དུ་ཡང་ཞེས་བྱ་བ་ནི་ནང་དུ་མ་བྱས་པ་ལ་སོགས་པ་བྱིན་གྱིས་བརླབ་པའོ། །མི་འཆགས་སོ་ཞེས་བྱ་བ་ལ་ཡང་གི་སྒྲ་འདི་ནི་མ་གྲགས་སོ། །ནང་དུ་འདུ་ཤེས་པ་དག་གིས་ཞེས་བྱ་བ་མཚམས་
ཀྱི་ཞེས་བྱ་བར་སྦྱར་ཏེ། མཚམས་ཀྱི་ནང་དུ་འདུ་ཤེས་པ་དག་གིས་ཞེས་བྱ་བའི་དོན་ཏོ། །འབའ་ཞིག་གིས་བྱིན་གྱིས་བརླབས་པ་ཞེས་བྱ་བ་འབའ་ཞིག་དག་གིས་བྱིན་གྱིས་བརླབ་པོ། །མཚམས་ཀྱི་ནང་དུ་འདུ་ཤེས་པ་རྣམས་ལ་ཕྱི་རོལ་དུ་ཡང་བྱིན་གྱིས་རློབ་པར་བྱེད་པ་ནི་འབའ་ཞིག་གིས་ཞེས་བྱ་བ་མི་
མཐུན་པ་དག་གིས་བྱིན་གྱིས་རློབ་པར་བྱེད་ན་མི་འཆགས་སོ། །མི་འཆགས་པར་མི་བྱའོ་ཞེས་སྤྱིར་བསྟན་པ་དེས་འདི་ལ་ཉེས་བྱས་སུ་ཤེས་པར་བྱའོ། །ཡིད་གཉིས་ཟ་བ་ལ་ཡང་ཡིད་གཉིས་ནི་མཚམས་ཀྱི་ནང་དུ་དེ་སྨོས་པ་ཞེས་བྱ་བར་རིག་པར་བྱའོ། །གང་ཞིག་ཕྱི་རོལ་དུ་མཚམས་ཀྱི་ནང་དུ་འདུ་ཤེས་
པའམ་ཡིད་གཉིས་ཟ་བས་རྐུ་སེམས་ཀྱིས་བྱིན་གྱིས་རློབ་པར་བྱེད་ན་རྐུ་སེམས་དེ་ལ་ཉེས་པ་སྦོམ་པོར་བྱས་པར་འགྱུར་རོ། །དེའི་ཕྱིར་རྐུ་སེམས་ལ་ཉེས་པ་སྦོམ་པོར་རིག་པར་བྱའོ། །བཙུན་པ་གང་ཞིག་མཚམས་ཀྱི་ནང་དུ་རྐུ་སེམས་ཀྱིས་སྔར་ཕྲོགས་པ་ཉིད་ཀྱི་ཕྱིར་ཉེས་པ་སྦོམ་པོར་བྱས་ན་ནི་དངོས་པོ་
Vol. 161 · folio 129a
ལས་རྣམ་པར་གཞག་གོ། །དབྱུང་བ་དང་རིམ་གྲོ་དང་ཆོས་མཉན་པ་དང་ཡོན་བཤད་པ་མ་བྱས་པར་བྱིན་གྱིས་བརླབ་པར་མི་བྱའོ། །ལྷུང་བཟེད་དང་ཆོས་གོས་ཁྱིམ་གཞན་ན་འདུག་པ་ཉིད་ནི་ཁྱིམ་བདག་གིས་གང་ལ་བྱིན་པ་དེ་དབང་བ་ཉིད་ཡིན་ནོ། །གལ་ཏེ་དབང་ཞིང་དེས་ཕོངས་པ་
ཡིན་ནའོ་ཞེས་བྱ་བ་ལ། འདིར་གཞུང་ནི། གླེང་གཞི་རྣམས་ལས་དེ་མཐར་ཐུག་པའོ། །ཁྱིམ་བདག་གིས་གང་ལ་བྱིན་པ་ཞེས་བྱ་བ་ནི་བྱེ་བྲག་ཡོངས་སུ་མ་སྨོས་པས་གཅིག་དང་དུ་མ་ཞེས་བྱ་བར་ཤེས་པར་བྱའོ། །གལ་ཏེ་འདི་ཁྱིམ་པ་དང་མུ་སྟེགས་པའི་རབ་ཏུ་བྱུང་བ་དང་། འདི་པའི་རབ་ཏུ་བྱུང་བའམ་
མཚམས་ཐ་དད་པ་གཞན་ལ་བྱིན་པར་གྱུར་ན་ཅི་དེ་ལ་ཡང་དབང་བ་ཉིད་དམ་ཞེ་ན། དེའི་ཕྱིར་གལ་ཏེ་དབང་ཞིང་ཞེས་བྱ་བ་སྨོས་སོ། །གང་ལ་རྙེད་པ་དེ་ཡོད་ན་གལ་ཏེ་དབང་བ་དེ་ལ་བྱིན་པར་གྱུར་ན་ཅི་དེ་ལ་ཡང་རྙེད་པ་ཙམ་གྱི་དབང་གིས་དེ་དབང་བ་ཉིད་ཡིན་ནམ་ཞེ་ན། ཕོངས་པ་ཡིན་ནའོ་ཞེས་བྱ་བ་སྨོས་ཏེ།
འདིར་གཞུང་ནི། མེད་དེ་འདིར་ཡང་ཆོ་ག་འདི་སྦྱར་བ་ཞེས་བྱ་བ་དེ་བས་ན་དེ་ལ་མངོན་པར་བརྟེན་པའོ། །གལ་ཏེ་ཁྱིམ་བདག་སྦྱིན་པའི་ཕྱིར་འཇུག་པར་མི་བྱེད་ན། དེའི་ཚེ་སུ་དབང་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྦྱིན་པར་མི་བྱེད་ན་བླངས་པ་དང་ལྡན་པའོ་ཞེས་བྱ་བ་སྨོས་ཏེ། འདིར་ཡང་དབང་ཞིང་དེས་ཕོངས་
པའོ་ཞེས་བྱ་བ་དབང་དུ་བྱ་བ་དང་སྦྱར་བར་རིག་པར་བྱའོ། །དུ་མ་ལ་ཡང་ཞེས་བྱ་བ་ནི་ཁྱད་པར་ཡོངས་སུ་མ་བཟུང་བར་རིག་པར་བྱའོ། །དེ་ཡང་འདི་ཅིག་ཅར་བླངས་པ་ལ་ཤེས་པར་བྱའོ། །གཞན་ཡང་བརྗོད་པར་བྱ་སྟེ། མཐར་གྱིས་ནི་དང་པོའི་ཞེས་བྱ་བ་ནི་བླངས་པ་དང་ལྡན་པའོ་ཞེས་བྱ་བར་སྦྱར་རོ། །
གང་ཞིག་དང་པོར་བླངས་པ་དེ་ལ་ཞེས་བྱ་བའི་དོན་ཏོ། །གང་དུ་ཡོངས་སུ་འཛིན་པ་པོ་མེད་པ་ཉིད་དེ་ཙམ་ལ་བརྟེན་ནས། གང་ཟག་གང་ལ་ཡང་བྱེ་བྲག་ཏུ་མ་བྱས་པར་སུ་ཁྱེར་བ་ཁྱེར་ཅིག་སྙམ་དུ་བོར་བར་གྱུར་ན་དེ་ལ་སུ་དབང་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་མེད་པ་ཉིད་ཡིན་ཞིང་མ་བསྔོས་པར་བོར་ན་སོང་བ་དང་
ལྡན་པའོ། །དེ་ནི་མཐར་གྱིས་དང་འདྲའོ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་མཐར་གྱིས་སློང་བ་དང་པོར་གང་གིས་བླངས་པ་དབང་བ་དང་འདྲ་བར་ཞེས་བྱ་བའི་དོན་ཏོ། །བུ་ལོན་པ་བྱུང་ན་དེ་ལ་གཞལ་བར་བྱ་བའི་ཚད་ཀྱི་ཤི་བའི་ཡོ་བྱད་དེ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ་དེ་ལ་གཞལ་བར་བྱ་བའི་ཚད་ཀྱི་ཞེས་བྱ་བ་
Vol. 161 · folio 129b
ནི། གང་ཞིག་བུ་ལོན་པ་དེ་ཤི་བ་དེས་གཞལ་བར་བྱ་བའི་རྫས་ཀྱི་ཚད་ཀྱི་ཞེས་བྱ་བའི་དོན་ཏོ། །དེ་དབང་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་བུ་ལོན་པ་ཉིད་དབང་བ་ཉིད་ཡིན་ནོ། །མ་བགོས་པར་བྱུང་ན་དེ་ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་དེ་གཞལ་བར་བྱ་བ་ཡིན་གྱི། བགོས་པའི་འོག་ཏུ་བྱུང་ན་ནི་
དེ་ལ་མི་གཞལ་བར་བྱ་བ་ཉིད་དོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་བགོས་ན་ཡང་ངོ་ཞེས་བྱ་བ་སྨོས་ཏེ། གཞལ་བར་བྱ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །དེ་དང་ལྷན་ཅིག་རྣམ་པར་གཞག་པ་དེ་ལ་སྦྱིན་པར་བྱ་བ་ཉིད་དམ་བླང་བར་བྱ་བ་ཉིད་གང་ཡིན་པ་སྟེ། དེ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཤི་བ་དེ་དང་བུ་ལོན་དེད་པ་དང་།
བུ་ལོན་འཇལ་བར་ལྷན་ཅིག་གང་ཞིག་གནས་པ་དེ་ལ་འདིར་དགེ་སློང་རྣམས་ཀྱིས་གཞལ་བར་བྱ་བའམ། བསླང་བར་བྱ་བ་ཉིད་དེ་དེ་ཉིད་ལ་ནི་མ་ཡིན་ནོ། །གང་ཞིག་དེས་བུ་ལོན་པའི་དྲུང་ནས་བླངས་པ་དེ་བུ་ལོན་ཆགས་པ་ལ་སྦྱིན་པའོ། །ཀཱཪྵཱ་པ་ཎ་རྣམས་དབུལ་བར་བྱའོ་ཞེས་བྱ་བས་ཀཱཪྵཱ་པ་ཎ་རྣམས་བཟུང་བ་དེ་རྣམས་
ཉིད་གཞལ་བར་བྱའོ། །རས་ཡུག་ཆེན་བླངས་ཏེ་རིན་སྦྱིན་པར་བྱའོ་ཞེས་འཐམས་པ་ལ་ནི་རིན་སྦྱིན་པར་བྱའི་རས་ཡུག་ཆེན་དངོས་སྦྱིན་པར་མི་བྱ་བ་དང་། ཐ་ག་པ་ལ་རས་ཡུག་ཆེན་གྱི་དོན་དུ་རྒྱུ་སྤུན་གཏད་པ་ལས་ནི་རས་ཡུག་ཆེན་བླང་བར་བྱའི། རྒྱུ་སྤུན་བླང་བར་མི་བྱ་བ་ལྟ་བུའོ། །འདིར་གཞུང་ནི། དགེ་སློང་གིས་
ཕྲ་བ་བསླངས་པ་དང་། དེ་ན་རེ་འཕགས་པ་དག་བདག་གིས་དེ་ལ་སྦོམ་པོ་དབུལ་བར་བགྱི་བ་ལགས་སོ་ཞེས་ཟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་དགེ་སློང་ཤི་བ་ཅི་འདྲ་བ་གཏད་པ་དེ་འདྲ་བ་བསླང་བར་བྱའོ་ཞེས་གསུངས་པ་དེ་ནི་ཐ་སྙད་ཀྱི་ཆོ་གས་ངེས་པར་དེ་བླང་བ་མ་ཡིན་ནོ། །དེའི་ཕྱིར་འདིར་
འབད་པར་མི་བྱ་སྟེ། དེ་ནི་འབད་པའི་གནས་མ་ཡིན་ནོ་སྙམ་པ་དེ་ལ་འདི་བསྟན་པའོ། །གལ་ཏེ་ཐ་སྙད་ཙམ་སློབ་པ་དེའི་ཕྱིར་འདིར་མདོར་བྱས་སོ། །དེ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་བུ་ལོན་ཆགས་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་ནི་ཤི་བ་ལ་བུ་ལོན་ཆགས་པ་དེས། དེའི་དོན་ལས་མ་དག་པ་བྱས་པར་འདི་
ལ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གཞལ་བར་བྱ་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལག་གི་བླས་དཀོན་མཆོག་གི་བླངས་པ་ཉིད་ཡིན་ཞེ་ན་དེའི་ཕྱིར་ཇི་སྙེད་པ་དེ་སྙེད་མཉམ་པར་བསབ་བོ་ཞེས་བྱ་བ་ན། སངས་རྒྱས་ལ་སོགས་པ་དཀོན་མཆོག་རྣམས་ཀྱི་དཀོར་ནི་དཀོན་མཆོག་གིའོ། །དེ་བླངས་པ་
Vol. 161 · folio 130a
ནི་འདིས་བཟུང་བ་སྟེ། དེ་བས་ན་དཀོན་མཆོག་གི་བླངས་པ་ཉིད་དེ། དེའི་དངོས་པོ་ནི་དེ་སྙེད་མཉམ་པར་བསབ་པར་བྱའོ། །དེའི་ཇི་སྙེད་པ་ལས་ཞེས་བྱ་བ་ནི་དཀོན་མཆོག་གི་ཇི་སྙེད་པ་ལས་དེ་དང་འབྲེལ་བ་བླངས་པ་ཉིད་ནི་མཉམ་པར་བསབ་སྟེ། དེ་སྙེད་པའི་དཀོན་མཆོག་ལ་ཆ་
མཉམ་པར་བྱ་སྟེ་མཉམ་པར་བསབ་པར་བྱ་སྟེ། འོན་ཀྱང་གལ་ཏེ་ཐ་དད་པར་བྱེད་པ་དེ་དགེ་འདུན་གྱི་ནི་མཆོད་རྟེན་གྱིར་བྱེད། མཆོད་རྟེན་གྱི་ནི་དགེ་འདུན་གྱིར་བྱེད་དེ་དེ་བཞིན་དུ་ཆོས་ཀྱི་ཡང་འདྲེས་པར་བྱེད་ན་ལྷུང་བཟེད་དང་ཆོས་གོས་ལས་ཆ་གསུམ་དུ་བྱས་ཏེ་ཞེས་བྱ་བ་གསུངས་སོ་ཞེ་ན། འོན་ཀྱང་བདེན་མོད་ཀྱི་དེ་ལྟར་
འདིས་དཀོན་མཆོག་གི་བླངས་པར་མི་འགྱུར་བ་ཡིན་ཏེ། གང་གི་ཕྱིར་རང་གི་འདོད་པ་བྱས་པས་གཞན་དང་འབྲེལ་བ་ལ་གཞན་དག་ལ་སྟེར་བ་ནི་མ་ཡིན་ནོ། །དེ་ནི་སྦྱིན་བདག་ཏུ་མི་འགྱུར་ཏེ། མཉམ་པར་བསབ་པ་ཉིད་འདི་ཤེས་པར་བྱེད་པ་ལ་དེ་ཉིད་འདིའི་དགོངས་པས་རྣམ་པར་གནས་པ་ཡིན་ཏེ། གང་གི་ཕྱིར་
མ་བླངས་པ་ལ་སྦྱིན་པར་རིགས་པ་མ་ཡིན་ནོ། །ཡིན་ན་ཞེས་བྱ་བ་སྨོས་པ་གང་ཡིན་པ་དེ་ཡང་དྲང་སྲོང་གི་ཡེ་ཤེས་ཀྱིས་ཐ་སྙད་མ་ཡིན་ནོ། །རབ་ཏུ་གྲགས་པ་ཅན་གྱིས་ཀྱང་སྡུག་བསྔལ་ཏེ། དེ་ལྟ་བུར་གྱུར་པ་ལས་བསལ་བར་ཤེས་པའོ། །དེ་བས་ན་འདི་ལྟ་བུའི་དབང་བརྩན་ཁོ་ན་དེ་རྣམ་པར་གནས་པ་ཡིན་
ཞེས་བྱ་བའོ། །གང་ཞིག་འདིར་ཇི་སྲིད་དུ་བླངས་པ་དེ་སྲིད་དུ་ཆ་གསུམ་བྱའོ། །ལྷག་མ་ནི་དགེ་འདུན་ཉིད་ལ་ཞེས་བྱ་བ་སྨོས་སོ། །དེ་ཡང་དེ་ཉིད་ཀྱི་ཕྱིར་གཟུང་བར་དཀའ་བས་ཞེས་བྱ་བ་མཐོང་ངོ་། །དེ་ནི་གཟུང་བར་དཀའ་བ་འདིས་ལྷག་པར་ཕུལ་བ་ལ་སྐྱོན་ཡོན་ཡང་མེད་དེ། དེ་བས་ན་ཐམས་ཅད་བླངས་པ་ལ་
བགོ་བཤའ་བྱེད་པ་ཞེས་བྱའོ། །ལག་གི་བླས་ཞེས་སྨོས་པ་ནི་འདིར་མཚོན་པ་ཙམ་དུ་རིག་པར་བྱའོ། །གཞན་དུ་ཡང་འདིས་དཀོན་མཆོག་གསུམ་གྱི་དཀོར་བླངས་ཤིང་ཁྱེར་བ་གཉིས་ཡིན་ནོ་སྙམ་དུ་ཤེས་ནས། དེའི་དཀོར་ལ་ཡང་འབུལ་བར་རིགས་པའི་ཕྱིར་རོ། །ནད་གཡོག་དང་བཅས་པ་ཉིད་ཡིན་ན་ཡོ་བྱད་
དྲུག་པོ་དེ་བདག་དབང་བ་ཉིད་ཡིན་པས་བྱིན་གྱིས་བརླབ་པར་མི་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་དབང་བ་ཉིད་ཡིན་པས་ཞེས་བྱ་བ་ནི་དེ་ནད་གཡོག་དེ་དབང་བ་ཉིད་ཡིན་པས་དགེ་སློང་རྣམས་ཀྱིས་བྱིན་གྱིས་མི་བརླབ་པར་བྱ་བ་ཉིད་ཡིན་ནོ། །དེའི་རབ་དང་འབྲིང་དང་ཐ་མ་དང་བཅས་པ་ལས་སོ་ཞེས་བྱ་བ་ནི་དེ་ལ་ཁ་ཅིག་ནི་དགེ་
Vol. 161 · folio 130b
སློང་གི་ཡོ་བྱད་དང་འཚོ་བའི་ཡོ་བྱད་རབ་ལས་སྦྱིན་པར་བྱའོ། །ཁ་ཅིག་ནི་འབྲིང་། ཁ་གཅིག་ནི་ཐ་མ་དང་ལྡན་པའོ། །གསུམ་པོ་འདི་དང་བཅས་པ་དྲུག་པོ་སྦྱིན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དུ་མ་ཉིད་ཡིན་ན་ཐུན་མོང་ངོ་ཞེས་བྱ་བ་ནི་ནད་གཡོག་གཉིས་སམ་གསུམ་མམ་མང་པོ་ཉིད་ཡིན་ན། ཡོ་བྱད་དྲུག་
པོ་དེ་དག་གི་ཐུན་མོང་ཉིད་ཡིན་ནོ། །དེའི་དོན་དུ་སོང་བ་ཉིད་ཡིན་ལ་ནད་པ་ཤི་ན་སྦྱིན་པར་བྱ་བ་ཉིད་ཅེས་བྱ་བ་ལ། དེའི་དོན་དུ་ཞེས་བྱ་བ་ནི་ནད་པ་དེའི་དོན་དུའོ། །བཅས་པ་ཉིད་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་ནད་པའི་དོན་དུ་ནད་གཡོག་དང་བཅས་པར་འགྱུར་བ་དེ་ལྟ་བས་ན་ཡང་ཡོ་བྱད་དྲུག་པོ་འདི་སྦྱིན་པར་བྱ་བ་ཉིད་ཡིན་གྱི་
གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། དེ་དག་ལ་སོགས་པ་འདིར་བསྙེན་པར་མ་རྫོགས་པ་ལ་ཐམས་ཅད་འོས་པ་ཉིད་ཅེས་བྱ་བའི་མཐར་ཐུག་པ་གསུངས་པའོ། །རྫས་དེ་མི་དབང་བ་ལ་ནི་དེ་མི་སྦྱིན་ནོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་དྲུག་པོ་དེ་མི་སྦྱིན་པའོ། །ཁྱིམ་
པ་ལ་སོགས་པ་རྣམས་ལ་ནད་གཡོག་གིས་བྱ་བ་ཉིད་ཀྱི་ཕྱིར་སྤྱི་ལ་བྱ་བར་བཀག་པའོ། །འདིར་གཞུང་ནི། བཙུན་པ་བྲོ་གཡོག་ཁྱིམ་པ་ལགས་ན། དེ་ལ་བྲོ་གཡོག་གི་ཆོས་གོས་བརྩལ་བར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅུང་ཟད་ཀྱང་སྦྱིན་པར་མི་བྱ་སྟེ། དེ་བཞིན་དུ་ནད་གཡོག་མ་དང་། དགེ་
སློབ་མ་དང་། དགེ་ཚུལ་མ་ལ་ཡང་སྦྱིན་ནོ་ཞེས་རྒྱ་ཆེར་གསུངས་པ་ཡིན་ནོ་ཞེས་བྱ་བ་དེ་འདིས་བསྡུས་པ་ཡིན་ནོ། །གང་ལ་ཡང་མཚན་མི་མཐུན་པ་དག་འབའ་ཞིག་ཡོད་ན་མཚན་མཐུན་པ་དག་མེད་པ་དེར་མཚན་མི་མཐུན་པ་དག་ལ་ཡང་སྦྱིན་པར་བྱ་བ་ཉིད་ཡིན་པར་ཤེས་པར་བྱའོ། །དེ་ལ་མཚན་མི་མཐུན་པ་དག་ལ་འོས་པ་
ཉིད་ཀྱི་ཕྱིར་རོ། །གཞན་དུ་གནས་པར་ཁས་བླངས་པ་ལ་མི་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི། ནད་གཡོག་གནས་གཞན་དུ་གནས་པར་ཁས་བླངས་པ་ལ་ཡོ་བྱད་དྲུག་པོ་དག་མི་སྦྱིན་པར་མི་བྱ་ཞིང་སྦྱིན་པར་བྱ་སྟེ། འདི་དང་འདི་ལས་གཞན་དུ་གནས་པར་ཁས་བླངས་པ་ནི་མི་སྦྱིན་པའི་རྒྱུ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་
ཏོ། །འདི་ལ་བསྙེན་པར་མ་རྫོགས་པ་ནི་ཐམས་ཅད་དབང་བ་ཉིད་དོ་ཞེས་བྱ་བ་ནི་སོ་སོར་སྐལ་བའི་ཆ་འོས་པ་ཉིད་ཡིན་པའོ། །འདི་ཡང་འདི་ལ་སུམ་ཆ་འབྲི་བ་ལྟ་བུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནད་པས་སྨྲས་པས་བྱིན་པ་ཕྲི་བ་ཡང་ཇི་སྐད་སྨྲས་པ་བཞིན་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ནད་པས་སྦྱིན་པ་སྨྲས་པ་ལ་གང་
Vol. 161 · folio 131a
དེ་ལ་སྨྲས་པ་དེ་དེས་ཕྲི་བར་གྱུར་ཀྱང་ཇི་ལྟར་དེས་དེ་ལ་སྨྲས་པ་དེ་ལྟར་ཁོ་ན་བཞིན་བྱ་དགོས་པར་རིག་པར་བྱའོ། །འདིར་གཞུང་ནི། འདུལ་བྱེད་དག་ལས་སྔར་ནད་པས་སྦྱིན་པ་དེ་བདག་ཉིད་ཤི་བ་མ་ཡིན་ནོ་ཞེས་བྱ་བ་དང་། དེ་ལྟ་བས་ན་འདི་ལ་མི་སྦྱིན་པ་མ་ཡིན་ནོ། །ནད་གཡོག་གིས་ཕྱིར་ཕྲི་
ཡང་གང་ཞིག་དེས་སྨྲས་པ། གཞན་གྱི་ཕྱིར་ཡང་འདི་ལ་བྱེ་བྲག་མེད་པས་རྣམ་པར་གཞག་པའོ་ཞེས་གསུངས་པ་ཙམ་བསྡུས་པ་ཞེས་བྱ་བའོ། །ཤི་བ་ཉིད་ཀྱི་དུས་ན་རྫས་ཉིད་བསྒྲུབ་པ་ལ་ནི་ནོར་བདག་མི་དབང་ངོ་ཞེས་བྱ་བ་ནི་རང་ཤི་བ་ཉིད་ཀྱི་དུས་ན་གནས་ལ་རང་གི་དངོས་པོ་བསྒྲུབ་པ་ལ་གལ་ཏེ་བདག་ཤི་བར་
གྱུར་ན་ཆེ་གེ་མོ་ཞིག་ལ་བདག་གི་རྫས་འདི་སྦྱིན་པར་བྱའོ་སྙམ་དུ་འདིར་བུ་ལོན་པ་རབ་ཏུ་བྱུང་བ་མི་དབང་བ་མེད་དོ། །རབ་ཏུ་བྱུང་བ་རྣམས་ལ་འདིར་དེ་བྱིན་གྱིས་བརླབ་པར་བྱ་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཁྱིམ་ན་གནས་པ་ནི་དབང་ངོ་ཞེས་བྱ་བ་ནི། བུ་ལོན་པ་ཁྱིམ་ན་དབང་བ་ལ་ཤི་བའི་དུས་ན་རང་ཉིད་བསྒྲུབ་
པའི་ཕྱིར་དེ་དབང་བའོ། །འདིར་གཞུང་ནི། ཕྲན་ཚེགས་དག་ལས། ཁྱིམ་བདག་ནི་ལྟོས་པ་དང་བཅས་པས་དུས་བྱེད་ལ། རབ་ཏུ་བྱུང་བ་དག་ནི་ལྟོས་པ་མེད་པར་དུས་བྱེད་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ཏེ། དེ་ལྟ་བས་ན་ཁྱིམ་བདག་ནི་ལྟོས་པ་དང་བཅས་པའི་ཕྱིར་དབང་ལ། རབ་ཏུ་བྱུང་བ་ནི་ལྟོས་པ་
མེད་པའི་ཕྱིར་མི་དབང་ངོ་ཞེས་གསུངས་པ་དེ་བསྒྲུབ་པོ། །ཁྱིམ་པས་བུ་དང་ཆུང་མ་ཕུལ་ནས་ཤི་ན་ཅི་བདེ་བར་བྱའོ་ཞེས་བྱ་བ་ནི་ཁྱིམ་པས་དགེ་འདུན་ལ་བུ་དང་ཆུང་མ་ཕུལ་ནས་ཁྱིམ་པ་ཉིད་ཤི་ན། དེའི་བུ་དང་ཆུང་མ་དག་ཅི་བདེར་བྱས་ཏེ། བདག་གིར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །གླང་པོ་ཆེ་དང་རྟ་དང་།
བོང་བུ་དང་དྲེའུ་དང་གོ་ཆ་རྣམས་ནི་རྒྱལ་པོ་ལ་དབུལ་ལོ། །དབྱིག་དང་གསེར་དང་གཞན་བྱས་པ་དང་མ་བྱས་པ་རྣམས་ནི་གསུམ་ལའོ་ཞེས་བྱ་བ་ནི་དབུལ་ལོ་ཞེས་བྱ་བར་སྦྱར་ཏེ། དབྱིག་དང་གསེར་དང་དེ་དག་ལས་གཞན་པ་ནི་ཟངས་ཀྱི་རང་བཞིན་ལ་སོགས་པ་བརྡུངས་སུ་བྱས་པ་དང་མ་བྱས་པ་རྣམས་ནི་དཀོན་
མཆོག་གསུམ་ལ་དབུལ་ལོ་ཞེས་བྱ་བའི་དོན་ཏོ། །རིན་པོ་ཆེ་རྣམས་ཀྱང་ངོ་ཞེས་བྱ་བ་ནི་ནོར་བུ་དང་བཻ་ཌཱུརྱ་དང་གཡས་སུ་འཁྱིལ་པ་ལ་སོགས་པ་རྣམས་ཀྱང་དཀོན་མཆོག་གསུམ་ལ་དབུལ་ལོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཡང་གི་སྒྲའོ། །མུ་ཏིག་རྣམས་ནི་གཞན་ཡོད་ན་དེའི་སྐལ་བས་སམ་ལྷག་པ་
Vol. 161 · folio 131b
ཡིན་ཡང་རུང་ངོ་། །གལ་ཏེ་མེད་ན་དེ་བཞིན་དུ་སངས་རྒྱས་ལའོ་ཞེས་བྱ་བ་ནི་གལ་ཏེ་མུ་ཏིག་ལས་གཞན་པའི་རིན་པོ་ཆེ་ཡོད་ན་དཀོན་མཆོག་དག་ལས་སངས་རྒྱས་དེའི་སྐལ་བས་མུ་ཏིག་རྣམས་བརྗེས་ཏེ། སངས་རྒྱས་ལ་དབུལ་བར་བྱའོ། །གལ་ཏེ་དཀོན་མཆོག་སུམ་ཆར་གྱི་སྐུ་སྐལ་ལས་ལྷག་པ་ཉིད་ཡིན་ན།
དེ་ལྟར་ཡང་དེ་དག་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །གལ་ཏེ་མུ་ཏིག་རྣམས་ལས་གཞན་པའི་རིན་པོ་ཆེ་མེད་ན་དེ་བཞིན་དུ་སྐྱིན་པ་མེད་ཀྱང་བླ་སྟེ། ཇི་སྲིད་དུ་སངས་རྒྱས་ཉག་གཅིག་ལ་དབུལ་བར་བགྱིའོ། །ཚོན་རྩི་ཆེན་པོ་རྣམས་ཀྱང་ངོ་ཞེས་བྱ་བ་ནི། གང་གུས་དང་མཚལ་དང་
མཐིང་ཤུན་དང་ལ་སོགས་པ་ཡང་སངས་རྒྱས་ལ་དབུལ་ལོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར་ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དེ་དག་ནི་བཏགས་ཏེ་དྲི་གཙང་ཁང་གི་ཞལ་ཞལ་དུ་བྱའོ་ཞེས་བྱ་བ་ལ་དེ་དག་ཅེས་བྱ་བ་ལ་དེ་དག་ནི་མུ་ཏིག་རྣམས་སོ། །དེ་མ་ཡིན་པ་སངས་རྒྱས་ཀྱི་ནི་སྐུ་གཟུགས་དང་། དྲི་གཙང་ཁང་དང་མཆོད་
རྟེན་གྱི་ཡོ་བྱད་དུ་བྱའོ་ཞེས་བྱ་བ་ལ། དེ་མ་ཡིན་པ་ཞེས་བྱ་བ་ནི་མུ་ཏིག་དེ་ལས་གཞན་པ་རྣམས་སོ། །ཆོས་ཀྱི་ནི་སངས་རྒྱས་ཀྱི་བཀའ་ཞེས་བྲི་བ་དང་སེང་གེའི་ཁྲི་དག་གིའོ་ཞེས་བྱ་བ་ནི་ཡོ་བྱད་དུ་ངོ་ཞེས་བྱ་བར་སྦྱར་ཏེ་དབུལ་བའོ། །ཐེག་པ་ནི་སྐུ་གཟུགས་ལའོ་ཞེས་བྱ་བ་ནི། རྒྱལ་མཚན་དེའི་སྲོག་ཤིང་
དག་ནི་རྒྱལ་མཚན་གྱི་དོན་དུའོ་ཞེས་བྱ་བ་ནི། རྒྱལ་མཚན་གྱི་དོན་དུ་དབུལ་ལོ། །དེ་རུང་བའི་སྲོག་ཤིང་རྣམས་ཀྱང་ངོ་ཞེས་བྱ་བ་ནི། སྐུ་གཟུགས་ལ་དབུལ་ལོ་ཞེས་བྱ་བའི་རྗེས་སྙེགས་པའི་ཕྱིར། ཀྱང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །གཞན་དག་དང་མཚོན་ཆ་རྣམས་ནི་དགེ་འདུན་ལའོ་ཞེས་བྱ་བ་ནི་དབུལ་ལོ་
ཞེས་སྦྱར་བར་བྱའོ། །གཞན་དག་དང་ཞེས་བྱ་བ་ནི། རྒྱལ་མཚན་གྱི་སྲོག་ཤིང་དུ་རུང་བ་ལས། འདི་ལྟ་སྟེ་ཐུང་ངུ་དག་ལའོ། །དེ་དག་ནི་ཁར་གསིལ་གྱི་ཡུ་བ་དང་ཁབ་དང་གྲི་གུར་བྱས་ཏེ་བྲིམ་མོ་ཞེས་བྱ་བ་ལ། དེ་བདག་ཅེས་བྱ་བ་ནི་སྲོག་ཤིང་ལ་སོགས་པ་རྣམས་སོ། །ཇི་ལྟར་རིགས་པ་དེ་རྣམས་ནི་ཡོ་བྱད་དུ་བྱ་
བར་རིག་པར་བྱའོ། །སྲོག་ཤིང་གཞན་དེ་དག་ནི་ཁར་གསིལ་གྱི་ཡུ་བར་བྱའོ། །མཚོན་ཆ་རྣམས་ནི་ཁབ་དང་གྲི་གུར་བྱས་ཏེ་དགེ་འདུན་ལ་བྲིམ་མོ། །དགེ་འདུན་གྱི་གཞན་རྣམས་ནི་གཞག་པ་དང་བགོ་བ་དང་བཟའ་བ་དག་ཏུ་ཅི་རིགས་པར་བྱའོ་ཞེས་བྱ་བ་ལ། གཞན་ནི་ཞེས་བྱ་བ་ནི་སྲོག་ཤིང་ལ་སོགས་པ་སྨོས་པའི་ཡོ་བྱད་
Vol. 161 · folio 132a
ཀྱིས་སོ། །ཞིང་དང་ཁང་ཁྱིམ་དང་ཚོང་ཁང་དང་། གནས་མལ་དང་མགར་སྤྱད་དང་། གསེར་མགར་གྱི་ལག་ཆ་དང་། འདྲེག་མཁན་གྱི་ལག་ཆ་དང་། རྫ་མཁན་གྱི་ལག་ཆ་དང་། ཤིང་མཁན་གྱི་ལག་ཆ་དང་། བསིལ་ཡབ་མཁན་གྱི་ལག་ཆ་དང་། བྲན་དང་བྲན་མོ་དང་། ལས་བྱེད་པ་
དང་ཞོ་ཤས་འཚོ་བ་དང་། བ་གླང་དང་མ་ཧེ་དང་། ར་དང་ལུག་དང་སྨན་དང་། སངས་རྒྱས་ཀྱི་བསྟན་བཅོས་ཀྱི་གླེགས་བམ་དང་། མྱུར་དུ་མི་གྲུབ་པའི་དམ་རྒྱ་དག་ནི། དང་པོར་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ་མྱུར་དུ་མི་གྲུབ་པའི་ཞེས་བྱ་བ་ནི། བྲི་བར་བྱ་བ་གང་ཡིན་པ་དང་། གང་དུ་བྲི་བར་བྱ་བ་མྱུར་དུ་འགྲུབ་པར་མི་
ནུས་པའོ། །དང་པོར་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གཞག་པར་འོས་པ་ཡིན་ནོ། །རས་དང་རས་ཡུག་ཆེན་པོ་དང་བེའུ་རས་དང་། མཆིལ་ལྷམ་དང་། ལྷམ་སྒྲོག་གུ་ཅན་དང་། འབྲུ་མར་དང་འབྲུ་མར་གྱི་སྣོད་དང་། བྱ་མ་བུམ་དང་རིལ་བ་སྤྱི་བླུགས་དང་། གླེགས་བམ་གཞན་དང་དམ་རྒྱ་གཞན་དང་། ཚོན་རྩི་
གཞན་དག་ནི་གཉིས་པར་འོས་པ་ཡིན་ནོ་ཞེས་བྱ་བ་ལ། བྱ་མ་བུམ་ཞེས་བྱ་བ་ནི་རྫ་མཁན་གྱི་སྣོད་དམིགས་ཀྱིས་བསལ་བའོ། །གཞན་དང་ཞེས་བྱ་བ་ལ། གཞན་གྱི་སྒྲས་ནི་གླེགས་བམ་ལ་སོགས་པ་གསུམ་པོ་རྣམས་དང་འབྲེལ་པའོ། །སངས་རྒྱས་ཀྱི་བསྟན་བཅོས་ཀྱི་གླེགས་བམ་མྱུར་བར་འབྲི་བ་མ་
ཡིན་པ་ཚོན་ཆེན་པོ་རྣམས་ལས་གླེགས་བམ་ལ་སོགས་པ། གཞན་རྣམས་ནི་ཕྱི་རོལ་པའི་བསྟན་བཅོས་ཀྱི་གླེགས་བམ་མོ། །མྱུར་བར་བསྒྲུབ་པར་བྱ་སྟེ། མྱུར་བར་འབྲི་བར་ཁར་གསིལ་གྱི་ཡུ་བ་དང་། བཙག་དང་རམས་ལ་སོགས་པ་ཚོན་ཆེན་པོ་རྣམས་ལས་ངེས་པར་གྲོལ་པའི་ཁ་དོག་ཅེས་བྱ་བ་ནི་འདི་རྣམས་
ཀྱིས་ཁ་དོག་གི་སྒྲ་འདི་བསྡུས་པར་བྱས་ཀྱི། ཚོན་རྩི་དང་ཁར་གསིལ་གྱི་ཡན་ལག་ཏུ་གྱུར་པ་ཁ་དོག་བྱེད་པ་ལ་བསྡུ་བའི་དོན་དུ་ནི་མ་ཡིན་ནོ། །གཉིས་པར་ཞེས་བྱ་བ་ནི་གོ་བར་འོས་པ་ཉིད་དུའོ། །འབྲས་དང་ཏིལ་དང་ནས་དང་མོན་སྲན་སྡེའུ་དང་མོན་སྲན་གྲེའུ་དང་། འབྲུ་གཞན་དང་བཟའ་བ་དང་བཏུང་བ་དག་ནི་གསུམ་
པར་འོས་པ་ཉིད་ཡིན་ནོ་ཞེས་བྱ་བ་ལ། གསུམ་པར་ཞེས་བྱ་བ་བཟའ་བར་འོས་པ་ཉིད་དོ། །གཞིར་གཏོགས་པའི་གོས་ཀྱི་གཞིའོ། །གླེགས་བུ་དང་གླེགས་བུ་ཕྱེད་པ་དག་མཉམ་པར་བྱའོ་ཞེས་བྱ་བ་ནི་ཡང་འདིར་གླེགས་བུ་རྣམས་ཀྱང་སོ་སོ་མཉམ་པ་ཉིད་དང་། གླེགས་བུ་ཕྱེད་རྣམས་ཀྱང་ལོགས་ཤིག་ཏུ་
Vol. 161 · folio 132b
མཉམ་པ་ཉིད་ཅེས་བྱ་བ་རྟོགས་པར་བྱའོ། །གླེགས་བུ་ཡང་གླེགས་བུ་ཕྱེད་རྣམས་དང་ལྷན་ཅིག་ཚད་མཉམ་པར་བྱ་ཞེས་བྱ་བའི་དོན་ཏོ། །མཉམ་པ་འདི་ནི་མཛེས་པ་ཉིད་དུ་བྱ་བའི་ཕྱིར་རོ། །གཞལ་བའི་ཕྱིར་དེའི་ཚད་ཀྱི་ཆག་ཤིང་བཅང་བར་བྱའོ་ཞེས་བྱ་བ་ནི། དེའི་ཚད་ཀྱི་ཞེས་བྱ་བ་ནི། གླེགས་བུ་དང་གླེགས་
བུ་ཕྱེད་ཀྱི་ཚད་ལ་དོན་གྱི་དབང་གིས་འཆང་བ་འདིའོ། །དེ་ལྟར་ཡང་གཞལ་བར་བྱ་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེ་བས་ན་འདི་རྗེས་སུ་གནང་བ་སྟེ། ངེས་པ་ནི་མ་ཡིན་ནོ། །གཅིག་གིས་དགོས་པའི་དོན་འགྲུབ་པར་འགྱུར་ན་དེ་ཙམ་འཆང་བ་ལ་ཉེས་བྱས་ཉིད་ནི་མ་ཡིན་ནོ། །དེ་ལྟར་ཡང་གཞན་ལས་ཆག་ཤིང་
ཁོ་ན་བཅང་བར་བྱའོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆག་ཤིང་བྱ་ཞིང་དེའི་ཚད་ཀྱི་གླེགས་བུ་བྱའོ། །གླེགས་བུའི་ཚད་ཀྱི་གླེགས་བུ་ཕྱེད་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ཞིག་འདིར་ཆག་ཤིང་གི་སྒྲ་ལས་དོན་ཐ་དད་པར་ཞེས་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་
འདིར་སྲོག་ཤིང་ནི་ཆག་ཤིང་དུ་གྱུར་པ་ཉིད་དུ་གསུངས་པ་རྣམ་པར་གནས་པ་ཡིན་ནོ། །གང་དུ་གདོང་གི་ཆག་ཤིང་ལས་འདི་ལ་ཤིན་ཏུ་ཆེ་བ་ཉིད་བསྟན་པའི་དོན་དུ་ཆག་ཤིང་གི་སྒྲའོ། །ཚལ་བུ་དག་ཀྱང་ངོ་ཞེས་བྱ་བ་ནི་མཉམ་པ་ཉིད་དུ་བྱའོ། །དེའི་ཚད་ཀྱི་ཆག་ཤིང་བཅང་བར་བྱའོ་ཞེས་བྱ་བ་ནི། གཞག་
པའི་ཕྱིར་ཚལ་བུའི་ཚད་ཀྱི་ཆག་ཤིང་བཅང་བར་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་ཚད་ནི་སོར་བཞིའོ་ཞེས་བྱ་བ་ལ་དེ་ལ་ཞེས་བྱ་བ་ནི་ཚལ་བུ་ལའོ། །བྱ་རོག་གི་མཐོ་གང་ངོ་ཞེས་བྱ་བ་ནི། མཐེ་བོའི་ལོགས་སུ་སོར་མོ་གང་ཡིན་པ་དེའི་དབུས་ཀྱི་ཚིགས་ཀྱི་ལོགས་སྟེངས་སུ་མཐེ་བོའི་ཚིགས་སུ་གཏད་དེ། གང་ཞིག་
སོར་བཅུ་གཉིས་པར་གྱུར་པ་ཡིན་པ་དེ་ནི་བྱ་རོག་གི་མཐོ་གང་དང་འདྲ་བར་བརྗོད་པའོ། །འདིའི་ཚད་ནི་སོར་བཞི་ཁོ་ན་སྟེ། དེ་བས་ན་དེ་ཉིད་ལ་དེ་རྣམ་པ་གཞན་གྱིས་བསྟན་པའོ། །ཆུང་ཚད་ནི་སོར་གཉིས་སམ་ཕྱེད་དང་གསུམ་མམ་མཐེབ་སོར་གཅིག་གོ་ཞེས་བྱ་བ་ནི། སོར་གཉིས་ནི་ཐོབ་པའོ། །གང་གི་ཕྱིར་
ཆུང་བ་ནི་སོར་བཞི་པ་དང་། ཆུང་ཚད་ནི་སོར་ཕྱེད་དང་གསུམ་མོ། །དེའི་བར་ནི་འབྲིང་ཚད་དུ་སྟེ་དེའི་བར་ནི་འབྲིང་དུའོ་ཞེས་འབྱུང་ངོ་། །གཞུང་ཁ་ཅིག་ལས་ནི་ཆེ་ཚད་ནི་སོར་བཞི་འམ། བྱ་རོག་གི་མཐོ་གང་ངོ་། །ཆུང་ཚད་ནི་སོར་གཉིས་སམ་མཐེབ་སོར་གཅིག་གོ། །དེའི་བར་ནི་འབྲིང་ཚད་དོ་ཞེས་གསུངས་
Vol. 161 · folio 133a
པ་ཡིན་ནོ། །སུ་ཞིག་སྦྱོར་བ་ལ་ཐམས་ཅད་སྦྱོར་བར་འགྱུར་བ་ཞེས་བྱ་བ་བསྡུས་ཏེ་ཉེ་བར་བཏགས་པ་འདི་བྱས་སོ། །ས་ལ་ཆོས་གོས་གདིང་བར་མི་བྱའོ། །དེའི་དོན་དུ་གཏན་པ་བྱའོ། །ཤིང་ལས་བྱས་པའམ་སྨྱིག་མ་ལས་བྱས་པ་གྲུ་བཞི་པ་རྟོད་པའི་ཕྱིར་ཐི་གུ་གཞུག་པའི་བུ་ག་བཏོད་པ་ནི་
དེ་ཞེས་བྱ་བ་ནི་ཐང་བཅད་ཅིང་བཅིང་བའི་ཕྱིར་ཐ་གུ་གང་ཡིན་པ་དེ་རྟོད་པའི་བུ་ག་བཏོད་པར་གྱུར་པ་དེ་ནི་གཏན་པ་ཞེས་བྱ་བའི་དོན་ཏོ། །ཆོས་གོས་ཇི་ཙམ་པར་རོ་ཞེས་བྱ་བ་ནི་ཆོས་གོས་དང་འཚམས་པའི་ཚད་བྱའོ་ཞེས་བྱ་བའི་དོན་ཏོ། །ཆོས་གོས་ཚད་ཐ་དད་པ་དུ་མ་ཡོད་པས་གཏན་པ་ཡང་དོན་གྱིས་འཇུག་པའི་ཕྱིར་
ཞེས་བྱ་བ་ནས་སོ། །ཡུ་བ་རྩི་ཅན་དང་ཁྲ་བོ་མི་བཅང་ངོ་ཞེས་དུ་མ་བྱ་དགོས་པར་རིག་པར་བྱའོ། །གྲི་གུས་དྲའོ། །དེ་བཅང་བར་བྱའོ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་གྲི་གུ་དེའོ། །བྱ་རོག་གི་མཆུ་ལྟ་བུ་དང་། བྱ་གག་གི་གཤོག་པ་ལྟ་བུར་རོ། །ལྕགས་ལས་བྱས་པ་ལས་གཞན་མ་ཡིན་ནོ་ཞེས་བྱ་བ་ནི། ལྕགས་
ཀྱི་རང་བཞིན་ཁོ་ན་ལས་བྱ་ཞེས་བྱ་བའི་དོན་ཏོ། །དོན་གྱིས་འཇུག་པའི་ཕྱིར་ཞེས་བྱ་བ་བྱས་ནས་སོ། །ཡུ་བ་རྩི་ཅན་དང་ཁྲ་བོ་མི་བཅང་ངོ་ཞེས་བྱ་བ་ནི། ཡུ་བ་མི་བཅང་ངོ་ཞེས་བྱ་བའི་ཚིག་གི་ལྷག་མའོ། །སོར་དྲུག་གི་ཚད་ལས་ལྷག་པ་མི་བཅང་ངོ་ཞེས་བྱ་བ་ལ། འདིར་གཞུང་ནི། གྲི་གུ་ནི་གསུམ་སྟེ། ཆེན་པོ་དང་
འབྲིང་དང་ཆུང་ངུའོ། །ཆེན་པོ་ནི་སོར་དྲུག་གོ། །ཆུང་ངུ་ནི་སོར་བཞིའོ། །དེའི་བར་ནི་འབྲིང་ངོ་ཞེས་གསུངས་པ་ཡིན་ནོ། །དེ་ལས་མང་བ་ཉིད་ནི་སྤང་བར་རིག་པ་ཡིན་ཏེ། དེ་ལས་ཆུང་བ་ཉིད་ཀྱིས་ནི་དགོས་པ་མི་འགྲུབ་པར་བརྗོད་པ་ཞེས་བྱ་བ་འདིར་དེའི་བསྡུས་པ་ཉིད་ཤེས་ནས་དེ་ལྟར་སྨོས་སོ། །ཁ་ཅིག་ལས་ནི་བརྒྱད་
ལས་མི་བཅང་ངོ་ཞེས་བྱ་བ་ནི་འདོན་པའི་རྣམ་པར་རྟོག་པ་ལས་འདི་ཉེ་བར་བཏགས་པ་སྟེ། འདིར་གཞུང་ཁ་ཅིག་ལས་ནི། གྲི་གུ་སོར་བརྒྱད་ཀྱི་ཚད་ལས་ལྷག་པ་མི་བཅང་ངོ་ཞེས་འབྱུང་ངོ་། །འདིར་གཞུང་ནི་ཆེན་པོ་ནི་སོར་བརྒྱད་དོ་ཞེས་གསུངས་པ་ཡིན་ནོ། །ཤིང་བུ་ཐུང་བ་ཉིད་ལ་དེ་ཡོད་པར་གྱུར་ནའོ། །དེ་ལྟ་
བས་ན་མི་རིགས་པར་གྱུར་པ་འདི་ཞེས་བྱ་བ་མཐོང་བ་ཡིན་ནོ། །སོར་བཞི་བས་ཐུང་བ་ནི་དགོས་པ་མེད་དོ་ཞེས་བྱ་བ་ནི། མ་ལུས་པ་མ་ཡིན་པ་དགོས་པ་ལ་དགོངས་ནས་དགོས་པ་མེད་པ་ཉིད་བསྟན་པར་བྱ་སྟེ། དགོས་པ་ཙམ་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ལས་རྣམ་པ་ཐམས་ཅད་དུ་དགོས་པ་མི་འགྲུབ་པ་ནི་མ་ཡིན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words