འདུལ་བའི་མདོའི་འགྲེལ་པ་མངོན་པར་བརྗོད་པ་རང་གི་རྣམ་པར་བཤད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) སྭ་བྱཱ་ཁྱཱ་ན་ཨ་བྷི་དྷཱ་ན་བི་ན་ཡ་སཱུ་ཏྲ་བྲྀཏྟི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 161 · folio 185a

གསོ་སྦྱོང་དང་། མུ་སྟེགས་ཅན་གྱི་གནས་པ་དང་། དེ་ལས་གཞན་པའི་སྤོ་བ་དང་། མགུ་བ་དང་། ཡང་གཞི་ནས་བསླང་བ་དང་དྲན་པས་འདུལ་བ་དང་། མ་མྱོས་པར་འདུལ་བ་སྦྱིན་པ་དང་། བསྙེན་པར་རྫོགས་པར་བྱ་བ་དང་། མཚམས་དགྲོལ་བ་དང་། ནན་ཏུར་གྱི་

ལས་དང་། དབྱུང་བ་དག་ལ་ནི་བརྗོད་པ་གསུམ་མོ་ཞེས་བྱ་བ་ལ། དེ་ལས་བཟློག་པའི་ཕྱིར་བསྒོ་བས་ཞེས་བྱ་བ་ནི་དགེ་འདུན་འབྱེད་པའི་ཕྱིར་བརྟུལ་བ་ལ་སོགས་པ་དེ་རྗེས་སུ་འཇུག་པ་རྣམས་ཀྱི་འདུན་པ་ལ་སོགས་པས་འགྲོ་བ་ཉིད་ལས་ཀྱིས་བརྗོད་པར་གྱུར་པ་ལ་བདག་ཉིད་བརྗོད་པར་བྱ་བ་མ་

ཡིན་པ་བྱེད་ཅིང་དགེ་སློང་དང་དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་གནས་ནས་ཕྱུང་བ་རྗེས་སུ་འཇུག་པའི་དགེ་སློང་མ་དཀོན་མཆོག་དག་གཏོང་བ་ལ་སོགས་པ་གཞི་ལ་ཞུགས་པ་དག་བཟློག་པའི་ཕྱིར་བསྒོ་བ་སྟེ། དགེ་ཚུལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བ་དེའི་ངོ་བོ་ཉིད་

ཚོལ་དུ་གཞུག་པ་སྦྱིན་པ་དང་གང་གི་བསླབ་པ་སྦྱིན་པ་པོར་གྱུར་པ་དང་། མཐུན་པ་སྦྱིན་པ་དང་། མཐུན་པའི་གསོ་སྦྱོང་སྦྱིན་པ་དང་། མུ་སྟེགས་ཅན་གྱི་གནས་པ་སྦྱིན་པ་ཞེས་བྱ་བས་ནི། མུ་སྟེགས་ཅན་རབ་ཏུ་དབྱུང་བར་འདོད་པ་ལ། ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱི་གནས་

པ་སྦྱིན་པའི་ལས་གཅིག་བསྟན་ཏོ། །དེ་ལས་གཞན་པའི་སྤོ་བ་སྦྱིན་པ་ཞེས་བྱ་བ་ནི་མུ་སྟེགས་ཅན་ལ་ཟླ་བ་བཞིའི་བར་དུ་མཁན་པོས་སྦྱར་བའི་གོས་ཀྱི་གནས་པ་སྦྱིན་པ་ལས་གཞན་པ། དགེ་འདུན་ལྷག་མའི་བཅབས་པ་ལ་སྤོ་བ་སྦྱིན་པའི་ལས་ཡིན་པའོ། །མགུ་བ་སྦྱིན་པ་ཞེས་བྱ་བས་ནི། དགེ་

འདུན་ལྷག་མའི་ལྟུང་བའི་ཕྱིར་མགུ་བ་སྦྱིན་པ་དང་། ལྕི་བའི་ཆོས་ཀྱི་ལྟུང་བའི་མཚན་མ་མགུ་བ་ལའོ། །ཡང་གཞི་ནས་བསླང་སྟེ་སྦྱིན་པ་ཞེས་བྱ་བ་ནི། སྤོ་བ་དང་མགུ་བར་བྱ་བ་བྱེད་པའི་སྐབས་སུ་ལྷག་མའི་ལྟུང་བ་བྱུང་ན་གཞི་ནས་སྤོ་བ་དང་། གཞི་ནས་མགུ་བར་བྱ་བ་དང་། ཡང་གཞི་ནས་

བསླང་སྟེ། སྤོ་བ་དང་། ཡང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་དག་གིས་འདིར་གཞི་ནས་བསླངས་པའི་སྒྲ་རིག་པར་བྱའོ། །ཡང་གཞི་ནས་བསླངས་པར་གྱུར་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བས་ཡང་གཞི་ནས་བསླངས་པ་ལ་སོགས་པ་བཞི་པོ་རྣམས་ཀྱང་ཡང་གཞི་ནས་བསླངས་ཏེ་

Vol. 161 · folio 185b

མགུ་བར་བྱ་བ་སྦྱིན་པ་ལ་སོགས་པའི་སྒྲས་བརྗོད་དོ་ཞེས་བྱ་བ་ལ་དགོངས་པའོ། །དྲན་པས་འདུལ་བ་སྦྱིན་པ་ཞེས་བྱ་བས་ནི་དྲན་པས་དང་མ་མྱོས་པས་འདུལ་བ་སྦྱིན་པ་གཉིས་བསྟན་ཏོ། །བསྙེན་པར་རྫོགས་པར་བྱ་བ་དང་མཚམས་དགྲོལ་བ་ཞེས་བྱ་བས་མཚམས་དགྲོལ་བའི་ལས་གཅིག་

བསྟན་ཏོ། །ནན་ཏུར་གྱི་ལས་ཞེས་བྱ་བ་ནི་འདི་ལྟ་སྟེ། བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། ཕྱིར་འགྱེད་པ་དང་མ་མཐོང་བས་གནས་ནས་དབྱུང་བ་དང་། ཕྱིར་མི་འཆོས་པས་གནས་ནས་དབྱུང་བ་དང་། སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བ་དང་། དབྱུང་

བ་དག་ལ་ནི་བརྗོད་པ་གསུམ་མོ་ཞེས་བྱ་བ་ནི་ལས་ལན་གསུམ་དུ་བརྗོད་པའོ། །དེ་ལྟར་འདུལ་བའི་གཞུང་ལས་བགྲང་བ་དང་། བཤུང་བ་བྱེད་པ་དང་། ཁྱིམ་གྱི་བསླབ་པའི་སྡོམ་པ་སྦྱིན་པ་དང་། ཕྱག་མི་བྱ་བའི་བསླབ་པའི་སྡོམ་པ་སྦྱིན་པ་དང་། རྩོད་པ་སྤོང་བར་བྱེད་པ་བསྐོ་བ་དང་། བཟོད་

པ་གསོལ་བ་ཞེས་བྱ་བའི་ལས་དྲུག་པོ་འདི་རྣམས་ལ་ལན་གསུམ་རྗོད་པར་བྱེད་པ་ཞེས་བྱ་བ་འདི་སྟོན་པར་བྱེད་པ་མཐོང་བར་བྱེད་པ་དེ་དག་ནི་འདིར་གསོལ་བ་དང་བཞིའི་ལས་སུ་མ་བྱས་སོ། །དེ་ལྟར་གང་ལས་ཤེས་ཤེ་ན། གཏམ་གྱི་གཞི་ལས། ལས་ཀྱི་གྲངས་བརྗོད་པ་ལས་འབྱུང་སྟེ།

བཙུན་པ་ལས་རྣམ་པ་དུ་མཆིས། ཉེ་བ་འཁོར་བརྒྱ་རྩ་གཅིག་གོ། །བཙུན་པ་ལས་དུ་རྣམས་ཀྱིས་ལས་རྣམས་བསྡུས། ཉེ་བ་འཁོར་གསུམ་གྱིས་ཏེ་གསུམ་གང་ཞེ་ན། གསོལ་བའི་ལས་དང་། གསོལ་བ་དང་གཉིས་ཀྱི་ལས་དང་། གསོལ་བ་དང་བཞིའི་ལས་ཀྱིས་སོ། །དེའི་

དབྱེ་བ་རྣམས་ནི་གཏམ་གྱི་གཞི་དེ་ཉིད་ལས་ལྟ་བ་རྣམ་པ་གསུམ་དུ་གསུངས་སོ། །བཙུན་པ་ལས་བརྒྱ་རྩ་གཅིག་པོ་གང་ལགས་པ་དེ་རྣམས་ལ་གསོལ་བའི་ལས་རྣམས་ནི་དུ། གསོལ་བ་དང་གཉིས་ཀྱི་ལས་དག་ནི་དུ། གསོལ་བ་དང་བཞིའི་ལས་རྣམས་ནི་དུ་མཆིས། བཀའ་སྩལ་

པ། ཉེ་བ་འཁོར་གསོལ་བའི་ལས་རྣམས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུའོ་ཞེས་གསུངས་པ་ཡིན་ནོ། །ལས་ཀྱི་གཞི་ཉིད་ལས་དབྱེ་བའི་ཚད་དེ་ལྟ་བུ་རྣམས་ལ་ལས་རྣམ་པར་གཞག་པའི་སྐབས་སུ་

Vol. 161 · folio 186a

ངོ་བོ་ཉིད་བརྗོད་པ་ཡིན་ནོ། །དེའི་ཕྱིར། གསང་དང་ནང་དུ་དྲི་ཕྱིར་དང་། །གསོ་སྦྱོང་དེ་ལ་ལྟུང་བཅས་དང་། །དེ་ལ་དགེ་འདུན་ཡིད་གཉིས་དང་། །རྩོད་དང་ངེས་ཉིད་མ་ཡིན་དང་། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱེར་

གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང་། །ཆོས་གོས་སྲ་བརྐྱང་གཏད་པ་དང་། །གནས་ངན་ལེན་ནི་བརྗོད་པ་དང་། །ཆོས་གོས་སྦྱིན་པར་བྱ་བ་དང་། །གྲངས་སུ་གཞུག་པའི་གཞི་དག་དང་། །ཁྱིམ་གྱི་སྡོམ་དང་དེ་གཞིག་དང་། །ལྷུང་བཟེད་ཁ་སྦུབ་བྱ་བ་དང་། །དེ་

ཉིད་བཟློག་པར་བྱ་བ་དང་། །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གནས་དང་མཚམས་ཀྱི་གཉིས་པོ་དང་། །མི་འབྲལ་མྱོས་དང་དགག་དབྱེ་དང་། །གནས་མལ་སྟོབས་པར་བྱེད་པ་དང་། །རུང་བའི་ས་གཞི་བསྐོ་བ་དང་། སྲ་བརྐྱང་དང་ནི་དེ་གདིང་དང་། །སྤོང་དང་ལག་གི་བླ་དང་ནི། །

གནས་ཁང་བསྐོ་ལ་སོགས་པ་དག །གཟུ་དང་གསོལ་དང་སྦེད་པ་དང་། ཚུལ་ཤིང་འདྲིམ་པར་བྱེད་པ་དང་། ཁང་པ་ཁང་ཆེན་བསྟན་པ་དང་། །གླེང་དང་འབྲལ་བར་མི་འགྱུར་དང་། །སྟན་དང་ལྷུང་བཟེད་འདྲིམ་པ་དང་། །མ་དད་གོ་བར་བྱ་བ་དང་། །སྟོན་པ་དང་ནི་ནགས་ཉུལ་དང་། །ཕྱག་མི་

བྱ་དང་མང་ཕྱིར་དང་། །ཁར་བ་དྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །བསླབ་པ་སྦྱིན་དང་ཉེར་གནས་དང་། །བུ་དང་ཉེ་དུའི་ཕྱིར་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །བསྙེན་པར་རྫོགས་པར་བྱ་བ་དང་། མུ་སྟེགས་གནས་དང་མཚམས་དགྲོལ་དང་། །མཐུན་སྦྱིན་

གསོ་སྦྱོང་བདུན་པོ་དང་། བརྒྱད་དང་དྲན་དང་མ་མྱོས་དང་། །དེ་ཉིད་ཚོལ་དུ་གཞུག་པ་དང་། །བགོ་བར་བྱ་བ་བརྒྱད་དང་ནི། །ཉམས་པ་སྦྱིན་པར་བྱ་བ་ནི། །གསོལ་དང་བཞི་ཡི་ལས་ཡིན་ནོ། །ད་ནི་བསྡུ་བའི་ཚིགས་སུ་བཅད་པ་དེ་དག་བཤད་པར་བྱ་སྟེ། དེ་ལ། གསང་དང་ནང་དུ་དྲི་ཕྱིར་དང་། །

ཞེས་བྱ་བ་ལ་དེ་ལ་གསང་སྟེ་དྲི་བའི་ཕྱིར་ཞེས་བྱ་བ་ནི་གསང་སྟེ་སྟོན་པས་བར་ཆད་ཀྱི་ཆོས་རྣམས་གསང་སྟེ་དྲི་བའི་ཕྱིར། གསོལ་བ་འབའ་ཞིག་གི་ལས་བྱའོ། །ནང་དུ་དྲི་བའི་ཕྱིར་ཞེས་བྱ་བ་ནི་ལས་བྱེད་པས་བར་ཆད་ཀྱི་ཆོས་རྣམས་དགེ་འདུན་གྱི་ནང་དུ་དྲི་བའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་

Vol. 161 · folio 186b

སོ། །གསོ་སྦྱོང་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོ་འདོན་པའི་ཕྱིར་གསོལ་བ་འབའ་ཞིག་གི་ལས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་གསོ་སྦྱོང་དེ་ལའོ། །དེ་ལ་ཅི་ཞེ་ན། དེའི་ཕྱིར་ལྟུང་བཅས་དང་ཞེས་བྱ་བ་སྨོས་ཏེ། ལྟུང་བ་ནི་ལྟུང་བ་ཞེས་བྱ་བ་བརྗོད་དོ། །དགེ་འདུན་ཐམས་ཅད་ལྟུང་བ་དང་བཅས་པར་གྱུར་ན་གསོལ་བ་འབའ་

ཞིག་གི་ལས་གྱིས་བྱིན་གྱིས་བརླབས་ཏེ་གསོ་སྦྱོང་བྱའོ་ཞེས་བྱ་བ་སྨོས་ཏེ། དེ་ནི་འདི་ཡིན་ནོ། །ཡིད་གཉིས་དང་ཞེས་བྱ་བ་ནི་དགེ་འདུན་ལའོ། །དེ་ལ་ཞེས་བྱ་བ་ནི་ལྟུང་བ་དེ་ལའོ། །རྩོད་དང་ངེས་ཉིད་མ་ཡིན་ཞེས་བྱ་བ་ནི་དེར་གཏོགས་པའི་རྩོད་པ་དང་མ་ངེས་པ་ཉིད་ལའོ། །དེ་ཡི་དོན་དུ་ལྔ་པོ་དག །ཅེས་བྱ་བ་ནི་གསོ་

སྦྱོང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་གསོ་སྦྱོང་གསུངས་པས་དགག་དབྱེ་ལ་སྦྱར་རོ། །ཤི་བའི་རྫས་དང་ཞེས་བྱ་བ་ནི་ཤི་བ་དང་འབྲེལ་པའི་རྫས་བགོ་བ་ལའོ། །ཆོས་གོས་སྲ་བརྐྱང་གཏད་པ་དང་། །གནས་ངན་ལེན་ནི་བརྗོད་པ་དང་། །ཆོས་གོས་སྦྱིན་པར་བྱ་བ་དང་། །ཞེས་བྱ་བ་ནི་གལ་ཏེ་གཏན་པ་ཕུལ་ན་

དེ་བས་ན་ཉེ་བར་སྦྱར་བའོ། །གྲངས་སུ་གཞུག་པ་བཞི་དག་དང་། །ཞེས་བྱ་བ་ནི་ངོར་འཕྱ་བའི་གྲངས་སུ་གཞུག་པ་ལ་སོགས་པའོ། །ཁྱིམ་གྱི་སྡོམ་དང་དེ་གཞིག་ཅེས་བྱ་བ་ནི་གང་ཞིག་ཅེས་བྱ་བ་འདའ་བྱེད་ཅིང་ལོངས་སྤྱོད་འགྲིབས་པ་ལས་དེ་གཞིག་པའོ། །ལྷུང་བཟེད་ཁ་སྦུབ་བྱ་བ་དང་། །དེ་ཉིད་བཟློག་པར་བྱ་བ་

དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །ཞེས་བྱ་བ་ནི་ལས་ཉི་ཤུ་རྩ་བཞི་པོ་གསུངས་པ་རྣམས་ལའོ། །གནས་དང་ཞེས་བྱ་བ་ནི། གསོ་སྦྱོང་གི་གནས་ལ་གསོལ་བ་དང་། གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །མཚམས་གཉིས་པོ་དང་ཞེས་བྱ་བ་ནི། མཚམས་ཆེན་པོ་དང་། དཀྱིལ་འཁོར་བའི་

མཚམས་བསྐོ་བའོ། །མ་འབྲེལ་ཞེས་བྱ་བ་ནི་མཚམས་ཆེན་པོ་བཅད་པའི་ནང་དུ་གསོལ་བ་དང་། གཉིས་ཀྱི་ལས་ཀྱིས་ཆོས་གོས་དང་འབྲལ་བར་མི་འགྱུར་བའི་བསྐོ་བའོ། །སྨྱོས་དང་ཞེས་བྱ་བ་ནི་མི་འབྲལ་བར་བསྐོ་བ་དང་། མྱོས་པའི་བསྐོ་བ་དང་། དགག་དབྱེ་བསྐོ་བ་དང་། གནས་མལ་སྟོབས་པར་བྱེད་

པ་བསྐོ་བའོ། །རུང་བའི་ས་གཞི་ཞེས་བྱ་བ་ནི་རུང་བའི་ཁང་པ་གསོལ་བ་དང་། གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །གཏན་པ་དང་ནི་ཞེས་བྱ་བ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །དེ་གདིང་དང་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བའོ། །སྤོང་དང་ཞེས་བྱ་བ་ནི་སྤོང་བའི་ཞལ་ཏ་

Vol. 161 · folio 187a

བསྐོ་བའི་ལས་གཅིག་བསྟན་ཏོ། །ལག་གི་བླ་དང་ཞེས་བྱ་བ་ནི། དེའི་ལག་གི་བླ་བསྐོ་བའི་ལས་གཅིག་བསྟན་ཏོ། །གནས་ཁང་བསྐོ་བ་ལ་སོགས་པ་དང་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་འདུན་པ་དང་བཟློག་པའི་བར་དུ་བསྐོ་བའོ། །གཟུ་དང་གསལ་དང་སྦེད་པ་དང་། །ཚུལ་ཤིང་འདྲིམ་པར་བྱེད་

པ་དང་། །ཞེས་བྱ་བ་ནི་དེ་བསྐོ་བའོ། །སྦེད་པ་དང་ཞེས་བྱ་བ་ནི་གཞི་འདྲིམ་པར་བྱེད་པ་བསྐོ་བ་ལའོ། །ཁང་པ་ཁང་ཆེན་བསྟན་པ་དང་། །ཞེས་བྱ་བ་ནི་དགེ་འདུན་ལྷག་མ་ལས་གསུངས་པའི་སྟོན་པ་གཉིས་བསྐོ་བའོ། །གླེང་དང་ཞེས་བྱ་བ་ནི་བསྐོ་བའོ། །འབྲལ་བར་མི་འགྱུར་དང་ཞེས་བྱ་བ་ནི་སྣམ་སྦྱར་དང་མི་འབྲལ་

བའི་གནང་བ་སྦྱིན་པའོ། །གདིང་དང་ཞེས་བྱ་བ་ནི་གདིང་བའི་ཐོག་མར་ལོ་དྲུག་ཏུ་གནང་བ་སྦྱིན་པའོ། །ལྷུང་བཟེད་འདྲིམ་དང་ཞེས་བྱ་བ་ནི། ལྷུང་བཟེད་ལྷག་མ་འདྲིམ་པར་བསྐོ་བ་ལའོ། །མ་དད་གོ་བར་བྱ་བ་དང་། །ཞེས་བྱ་བ་ནི། ཁྱིམ་རྣམས་སུ་གནས་ངན་ལེན་གོ་བར་བྱ་བའི་ཕྱིར་གང་ཟག་བསྐོ་བ་དང་། སྔོན་

བཞིན་དུ་གང་ཞིག་བརྗོད་པ་སྨྲ་བ་ལ་དགེ་སློང་རྣམས་ཀྱིས་སོ། །ནགས་ཉུལ་བ་ལ་སོགས་པ་གཉིས་བསྡུས་པ་ལ་དགེ་སློང་མའི་གདམས་ངག་སྟོན་པ་བསྐོ་བར་བསྟན་པའི་དོན་དུའོ། །ཕྱག་མི་བྱ་དང་ཞེས་བྱ་བ་ནི་ཕྱག་མི་བྱ་བའི་ཕྱིར་བསྐོ་བ་སྟེ། དགེ་སློང་མའི་དགེ་འདུན་གྱིས་རྩ་བ་དང་འབྲས་བུ་མེད་པའི་སྦུན་པའི་རྣམ་

པ་ཅན་རྣམས་ལའོ། །མང་ཕྱིར་དང་ཞེས་བྱ་བ་ནི་འཁོར་དང་འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པའོ། །འཁར་བ་དྲ་བའི་ཕྱིར་དང་ནི། །ཞེས་བྱ་བ་ནི་བསླབ་པའི་དོན་དུ་འཁར་བ་དང་དྲ་བའི་སྡོམ་པ་གཉིས་སོ། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །ཞེས་བྱ་བ་ནི་གཙུག་ལག་ཁང་མཚམས་ཐ་དད་པ་གཉིས་རྙེད་པ་གཅིག་ཏུ་བྱ་

བའི་ཕྱིར་གསོལ་བ་དང་གཉིས་ཀྱི་ལས་བྱ་བའོ། །བསླབ་པ་བྱིན་དང་ཞེས་བྱ་བ་ནི། དགེ་སློབ་མའི་བསླབ་པ་སྦྱིན་པའོ། །ཉེར་གནས་དང་ཞེས་བྱ་བ་ནི། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པའོ། །བུ་དང་ཞེས་བྱ་བ་ནི་ཉལ་བའི་གནང་བ་སྦྱིན་པ་བསྐོ་བ་སྟེ། གང་ཞིག་གནས་པའི་དོན་དུ་གསུངས་པའོ། །ཉེ་དུའི་

ཞེས་བྱ་བ་ནི་ཉེ་དུ་རྣམས་དང་ལྷན་ཅིག་འབྲེལ་བའི་ཉེ་བར་སྤྱོད་པའི་གནང་བའི་སྡོམ་པ་སྦྱིན་པའོ། །དགེ་སློང་མས་མུ་གེའི་སྡུག་བསྔལ་བྱུང་བའི་ཚེ་ཇི་སྐད་བསྟན་པའོ། །ཕྱིར་འགྲོ་བ་ཞེས་བྱ་བ་ནི། ཞག་བདུན་ལས་འོག་ཏུ་ཞག་བཞི་བཅུ་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བའི་གནང་བ་སྦྱིན་པ་བསྐོ་བའོ། །འདི་ནི་གསོ་སྦྱོང་ལ་བསྐོ་བ་ལ་སོགས་

Vol. 161 · folio 187b

པ་ལས་བཞི་བཅུ་རྩ་བདུན་པོ་རྣམས་ལའོ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྙེན་པར་རྫོགས་པར་བྱ་བ་དང་། །མུ་སྟེགས་གནས་དང་མཚམས་དགྲོལ་དང་། །ཞེས་བྱ་བ་ལ་མཚམས་དགྲོལ་བ་ནི་མཚམས་བཅད་པ་

གསོལ་བ་དང་། བཞིའི་ལས་ཀྱིས་དགྲོལ་བའོ། །མཐུན་སྦྱིན་ཞེས་བྱ་བ་ནི། མཐུན་པ་སྦྱིན་པ་དང་གསོ་སྦྱོང་སྦྱིན་པའོ། །འདུན་པ་པོ་དང་ཞེས་བྱ་བ་ནི། དེའི་རིགས་ཅན་གྱི་ནན་ཏུར་གྱི་ལས་བདུན་པོ་རྣམས་ཀྱི་ནན་ཏུར་བྱ་བའི་ལས་གཅིག །བཟོད་པར་གསོལ་བའི་ལས་གཅིག་དང་ལས་གཉིས་སོ། །བརྒྱད་དང་

ཞེས་བྱ་བ་ནི་སྤོ་བ་དང་མགུ་བར་བྱ་བ་དང་། གཞི་ནས་སྤོ་བ་དང་། གཞི་ནས་མགུ་བར་བྱ་བ་དང་། ཡང་གཞི་ནས་སྤོ་བ་སྦྱིན་པ་དང་། ཡང་གཞི་ནས་མགུ་བ་སྦྱིན་པ་དང་། སྲ་བརྐྱང་དབྱུང་བ་དང་ལྷག་མ་ལས་དབྱུང་བ་དག་ལ་གསོལ་བ་དང་། བཞིའི་ལས་བྱ་བ་དང་། བརྒྱད་སོ་སོར་བགྲང་ངོ་། །དྲན་དང་མི་མྱོས་དང་།

དེ་ཉིད་ཚོལ་དུ་གཞུག་པ་དང་། །ཞེས་བྱ་བ་ནི་དྲན་པས་འདུལ་བར་འོས་པ་དང་། མ་མྱོས་པས་འདུལ་བར་འོས་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་གསུམ་བསྡུས་པའོ། །བསྐོ་བར་བྱ་བ་རྣམས་དང་ནི། །ཞེས་བྱ་བ་ནི་བཟློག་པའི་ཕྱིར་བསྒོ་བར་བྱ་བ་བཅུ་གཅིག་པོ་དག་གསུངས་ཏེ་དེ་ལ་དྲུག་ནི་དགེ་སློང་གི་

རྣམ་པར་འབྱེད་པ་ལས་སྨོས་ཏེ། དགེ་འདུན་གྱི་དབྱེན་བྱེད་པ་ལ་སོགས་པ་རྣམས་སོ། །གཉིས་ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས་ཐུན་མོང་མ་ཡིན་པར་གསུངས་ཏེ། ཕམ་པར་འགྱུར་བའི་སྐབས་ནས་གནས་ནས་དབྱུང་བའི་རྗེས་སུ་ཕྱོགས་པ་གཅིག་གོ། །དགེ་འདུན་ལྷག་མའི་སྐབས་ནས་བཞི་

བསྟན་ཏེ། སྡེ་ཚན་གཅིག་གོ། །ཉམས་པ་སྦྱིན་པར་བྱ་བའི་བསླབ་པ་སྦྱིན་པའོ། །གསོལ་དང་བཞི་ཡི་ལས་ཡིན་ནོ། །ཞེས་བྱ་བ་ནི་ལས་སུམ་ཅུ་པོ་ཇི་སྐད་བསྟན་པ་དེ་རྣམས་ནི་གསོལ་བ་དང་བཞིའི་ལས་ཡིན་ནོ་ཞེས་བྱ་བའི་དོན་ནོ། །ལྷག་པོར་མ་གཏོགས་པ་རང་གི་དོན་གྱི་སྔགས་བརྗོད་པ་ཡང་ངོ་ཞེས་བྱ་བ་ལ་རང་གི་

དོན་ནི་བདག་གི་དོན་ཏེ། སྔགས་བརྗོད་པ་ནི་སྔགས་གཞན་བརྗོད་པ་གང་ཡིན་པ་དེ་ཡང་ལན་གསུམ་བརྗོད་པར་བྱ་བ་ཁོ་ནའོ། །འདི་ལྟ་སྟེ་འཁར་བ་དང་དྲ་བ་ལ་སོགས་པ་གསོལ་བ་གང་དག་ཡིན་པ་དང་། ཆོས་གོས་ལ་སོགས་པ་རྫས་གཞན་དང་། གསོ་སྦྱོང་དང་དགག་དབྱེ་དག་དང་གནས་པར་ཁས་བླངས་པ་

Vol. 161 · folio 188a

དང་། མཚམས་ཀྱི་ཕྱི་རོལ་དུ་མི་འབྲལ་བར་བྱ་བའི་ཕྱིར་ཞག་གཅིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། སྐྱབས་སུ་འགྲོ་བ་དང་། རབ་ཏུ་བྱུང་བ་དང་། སྡོམ་པ་མནོད་པ་གང་དག་ཡིན་པ་དང་། ལྟུང་བ་བཤགས་པ་དང་། འདུན་པ་དང་། ཡོངས་སུ་དག་པ་དབུལ་བ་དང་། དགག་དབྱེ་དག་པ་དབུལ་བ་ལའོ། །

གཞན་གྱི་དོན་དུ་གང་ཟག་ལ་ཡང་ངོ་ཞེས་བྱ་བ་ནི་གཞན་གྱི་དོན་དུ་སྔགས་གང་ཟག་ལ་བརྗོད་པ་གང་ཡིན་པ་དེ་ཡང་ལན་གསུམ་ཁོ་ན་བརྗོད་པར་བྱ་བའོ། །འདི་ལྟ་སྟེ་འདུན་པ་དང་ཡོངས་སུ་དག་པ་དང་། དགག་དབྱེ་བརྗོད་པ་དག་དགེ་སློང་ལ་བརྗོད་པའི་ཕྱོགས་ལ་ནི་ལན་གསུམ་བརྗོད་པར་བྱའོ། །དགེ་འདུན་ལ་

བརྗོད་པར་བྱའོ་ཞེས་བྱ་བའི་ཕྱོགས་ལ་ནི་ལན་ཅིག་བརྗོད་པར་བྱ་སྟེ། གང་ཟག་ལ་ཞེས་སྨོས་པའི་ཕྱིར་རོ། །ལྷག་པོར་ཡང་མདུན་དུ་ཙོག་པུར་འདུག་སྟེའོ་ཞེས་བྱ་བ་ནི་གང་ཟག་འདི་གང་ཟག་ལ་ཡང་ངོ་ཞེས་བྱ་བ་སྨོས་པས་སོ། །གང་ཡང་རང་གི་དོན་ལ་ཞེས་བྱ་བ་དགེ་འདུན་ཙམ་ཉིད་དང་། འདི་ལས་

གཞན་རྣམ་པ་གཉིས་ལ་ཡང་དེ་བྱེད་པའོ། །ལྷག་པོར་བྱ་བའི་སྔགས་བརྗོད་པ་གང་ཡིན་པ་དེ་ཡང་གང་ཟག་གི་མདུན་དུ་ཙོག་པུར་འདུག་སྟེ་བརྗོད་པར་བྱ་བ་གཞན་གྱིས་ནི་མ་ཡིན་ནོ། །ཞུ་བ་ཡང་ངོ་ཞེས་བྱ་བ་ནི་འདིར་རབ་ཏུ་དབྱུང་ངམ་ཞེས་དགེ་སློང་གི་དགེ་འདུན་ལ་ཞུ་བར་བྱེད་པ་ན། རབ་ཏུ་དབྱུང་བར་འདོད་པའི་དགེ་བསྙེན་

དེས་ཀྱང་རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་པར་བྱ་བ་སྟེ། གང་ཞིག་དགེ་འདུན་ལ་ཞེས་བྱ་བ་འདི་ལས་རྒན་པའི་མཐའ་ལོགས་སུ་ཞེས་བྱ་བ་རྟོགས་པའོ། །བསྙེན་པར་རྫོགས་པར་བྱེད་ན་གསང་སྟེ་སྟོན་པ་མ་གཏོགས་པ་ཕ་གུ་ལ་རྟིང་པ་གཉིས་ཀྱིས་སོ་ཞེས་བྱ་བ་ནི་གསང་སྟེ་སྟོན་པ་མ་གཏོགས་པ་བསྙེན་པར་

རྫོགས་པའི་ལས་བྱེད་པ་ན་མཁན་པོར་གསོལ་བ་དང་། ལས་ཀྱི་སློབ་དཔོན་གྱིས་བར་ཆད་དྲི་བ་མཉན་པ་དང་། དེའི་ལན་འདེབས་པ་དང་། བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པའི་སྐབས་ཐམས་ཅད་དུ། བསྙེན་པར་རྫོགས་པར་བྱ་བའི་གང་ཟག་དེ་ཕ་གུའི་སྟེང་དུ་རྟིང་པ་ཉིད་ཀྱིས་འདུག་ཏུ་གཞུག་གོ། །ཆོས་གོས་

དང་ལྷུང་བཟེད་བྱིན་གྱིས་བརླབ་པ་ནི། སྔར་བྱས་ཟིན་པས་དེ་ལ་ནི་ཆོ་ག་འདི་ཐལ་བར་མི་འགྱུར་ཏེ། རྫས་བྱིན་གྱིས་བརླབ་པ་ལ་སོགས་པས་གནོད་པའོ། །འདིར་ཕ་གུ་ཞེས་བྱ་བ་ནི་དྲང་སྲོང་གི་རྗེས་སུ་འབྲངས་ནས་སྨོས་པའོ། །དེ་ལྟར་འདི་ནི་དྲང་སྲོང་གི་ལུང་ལས་འབྱུང་བ་སྟེ། བོང་བའི་རིགས་ཀྱིས་དབང་དུ་བྱས་ནས་

Vol. 161 · folio 188b

དེའོ། །དུམ་བུ་ཡང་འདིས་རྗེས་བསྙེགས་པའོ། །བུད་མེད་ནི་སྟན་ནང་ཚངས་ཅན་ལ་སོགས་པའོ་ཞེས་བྱ་བ་ནི་བུད་མེད་བསྙེན་པར་རྫོགས་པར་བྱེད་པ་ན་གསང་སྟེ་བསྟན་པ་མ་གཏོགས་པས་གནས་སྐབས་ཇི་སྐད་བསྟན་པ་དེ་དག་ཏུ་སྟན་ནང་ཚངས་ཅན་ལ་སོགས་པ་བུད་མེད་ཅི་བདེར་འདུག་ཏུ་གཞུག་པ་ཡིན་གྱི་ཙོག་

པུར་འདུག་ཏུ་ཡང་མི་བཞུག་གོ། །སོགས་པ་ཞེས་སྨོས་པའི་སྒྲས་ནི་རྫས་འཇམ་པ་དང་སྤངས་པ་གཞན་དག་བསྡུའོ། །གཞན་གཙོ་བོ་མ་ཡིན་པ་ཉིད་ལ་ནི་དགེ་འདུན་ལ་རྒན་པའི་མཐར་རོ་ཞེས་བྱ་བ་ནི་རང་གི་དོན་གྱི་སྔགས་དགེ་འདུན་ལ་བརྗོད་པ་ན། དགེ་འདུན་ལས་གཞན་གཙོ་བོ་མ་ཡིན་པ་ཉིད་ལ་ནི། དེ་ལ་དེ་

བསྡུ་བའི་གཏོགས་པའི་གང་ཟག་ལ་ཅུང་ཟད་ཀྱང་རག་ལས་པ་མ་ཡིན་པ་དེ་ནི་རང་གི་དོན་གྱིས་སྔགས་བརྗོད་པའོ། །རྒན་པའི་མཐའ་ལོགས་སུ་ཙོག་པུར་འདུག་སྟེ་བརྗོད་པར་བྱའོ། །འདི་ལྟ་སྟེ། འཇུག་པའི་སྔགས་རྣམས་ལྟ་བུའོ། །གཞན་གྱི་གནས་ལ་སོགས་པའི་ཚུལ་བརྗོད་པ་ལའོ། །སྔགས་མ་བརྗོད་པའི་

གང་ཟག་དག་གིས་གསོལ་བ་གཞན་ལ་མཉན་ཏེ་བརྗོད་པར་བྱ་བ་དེ་ནི་གང་ཟག་ལ་རག་ལས་པ་མ་ཡིན་པས་དེ་ནི་དེ་རྣམས་ཀྱི་མདུན་དུ་གཙོ་པུར་འདུག་སྟེ་བརྗོད་པར་བྱའོ། །འདུན་པ་དང་ཡོངས་སུ་དག་པ་དང་། དགག་དབྱེ་བརྗོད་པ་གང་ཟག་གི་ཕྱོགས་ལས་ཡན་ལག་གི་ངོ་བོར་འགྲོ་བ་ཉིད་ཀྱིས་དེ་ལ་རག་ལས་པ་ཡིན་པས་

དེས་དེ་ཉིད་ཀྱི་མདུན་དུ་གཙོག་པུར་འདུག་སྟེ་བརྗོད་པར་བྱ་སྟེ། འདི་ནི་བསྙེན་པར་རྫོགས་པའི་སྐབས་སུ་གསུངས་མོད་ཀྱི་ཐམས་ཅད་ལ་ཡང་འདུན་པ་དང་ཡོངས་སུ་དག་པ་དང་འདྲ་བས་སྤྱིར་མདོར་བྱས་སོ། །གཞན་གྱི་དོན་དུ་ནི་འགྲེངས་ཏེ་འདུད་པ་དང་བཅས་པར་རོ་ཞེས་བྱ་བ་ནི་དགེ་འདུན་ལ་ཡང་གཞན་གྱི་དོན་དུ་

བརྗོད་པ་གང་ཡིན་པ་དེ་ནི་རྒན་པའི་མཐར་འགྲེངས་ཏེ་འདུད་པ་དང་བཅས་པས་བརྗོད་པར་བྱ་སྟེ། འདི་ལྟ་སྟེ་ཞུ་བ་དག་དང་འདུན་པ་དང་ཡོངས་སུ་དག་པ་དང་། དགག་དབྱེ་བརྗོད་པ་དགེ་འདུན་གྱི་ཕྱོགས་ལ་བྱ་བ་དང་། དབྱར་གནས་པའི་དགེ་འདུན་གྱི་དགག་དབྱེ་མཛད་ལགས་སོ་ཞེས་བྱ་བ་དང་། ཁྲིམས་སུ་བྱ་བ་བཟང་པོ་བརྗོད་

པ་དང་། རྩོད་པ་མི་སྐྱེད་པ་ཉིད་དང་། ཚུལ་ཤིང་གི་གྲངས་དང་གནས་མལ་ལས་ལོག་པར་ལོངས་མི་སྤྱོད་པར་བྱེད་པ་ཉིད་ནི་འབྲས་བུ་གོ་བར་བྱེད་པ་དག་གོ། །ཁ་ཅིག་ལས་གསང་སྟེ་སྟོན་པ་ཉིད་ནི་ལམ་གྱི་དབུས་ནས་ཞེས་སོ་ཞེས་བྱ་བ་ནི་ལམ་གྱི་དབུས་ནས་གསང་སྟེ་སྟོན་པ་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་

Vol. 161 · folio 189a

བྱ་བའི་ཚིག་གིས་སོ། །ལམ་གྱི་དབུས་ན་གནས་པ་དེས་འདུད་པ་དང་བཅས་པས་ཞེས་བྱ་བ་ནི་འདོད་པ་གཅིག་གོ། །གཞུང་ཁ་ཅིག་ལས་རྒན་པའི་མཐར་འགྲེངས་ཏེ་ཞེས་བྱ་བ་ནི་གཞན་དག་གོ། །རྫས་བྱིན་གྱིས་བརླབ་པ་ཡང་ངོ་ཞེས་བྱ་བ་ལ། འགྲེངས་ཏེ་ཞེས་བྱ་བ་ནི་དེ་ཙམ་ལ་འདིར་འདོད་པས་འགྲེངས་ཏེ་

བྱའོ་ཞེས་བྱ་བར་སྦྱར་རོ། །མདུན་དུ་ཞེས་བྱ་བ་ནི་དེ་ཉིད་འདིར་ཤུགས་ཀྱིས་ཐོབ་པ་ཉིད་དུ་རིག་པར་བྱའོ། །འདིར་གཞུང་ནི་སྨན་བྱིན་གྱིས་བརླབ་པ་ལས། དགེ་སློང་གི་མདུན་དུ་འགྲེངས་ཏེ་འདི་སྐད་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། དེའི་རྗེས་སུ་འབྲང་བས་ཐམས་ཅད་ཀྱི་དབང་དུ་བྱས་པའི་ཕྱིར་མདོ་འདི་བྱས་སོ། །

ཕལ་ཆེ་བ་ལ་རབ་ཏུ་གྲགས་པ་ལ་བརྟེན་པའོ། །དབྱུང་བར་བྱ་བ་ལ་ཡང་དེའི་རྗེས་སུ་འབྲངས་ནས་ཆོ་གའི་སྐྱོན་ཤེས་པར་བྱའོ། །འགལ་བའི་ཟླ་ནི་བྱིན་གྱིས་བརླབས་པའམ། དབྱུང་བར་བྱ་བ་དག་གཞན་དུ་གནས་པས་མི་རིགས་སོ། །དེ་ལྟ་བས་ན་གང་གི་མདུན་དུ་བྱིན་གྱིས་བརླབ་པའམ་དབྱུང་བར་བྱ་བ་དེ་ལ་ཡང་སྤྱོད་ལམ་དེ་ཁོ་ན་དང་

འདྲའོ། །འགྲེངས་ཏེ་འདུག་པ་རྣམས་ཀྱིས་དུས་སུའོ། །ལྷུང་བཟེད་དང་ཆོས་གོས་བྱིན་གྱིས་བརླབ་པའི་ཕྱིར་རིགས་པ་ནི་མ་ཡིན་ནོ། །མ་དད་པ་ཉིད་ཀྱིས་དེ་ཡིད་ལ་ཆགས་པར་འགྱུར་རོ། །དེ་ལྟ་བས་ན་དེ་ལ་བརྟེན་ནས་གནས་པ་ལས་བསྙེན་པར་རྫོགས་པ་ནི་མཁན་པོས་བྱས་སོ། །དེ་བས་ན་ལྟུང་བ་དང་བཅས་པར་རིག་པར་

བྱའོ། །འདིར་རྫས་ཀྱི་སྒྲས་ནི་གསོ་སྦྱོང་གི་ཉི་མ་དང་། དགག་དབྱེ་དང་ལྟུང་བ་བྱིན་གྱིས་བརླབ་པ་དང་། ཕྱིར་བཅོས་པའི་དོན་དུ་འགྲེངས་ཏེ་འདུད་པ་དང་བཅས་པ་ཉིད་ཀྱིས་སོ། །གསོ་སྦྱོང་དང་དགག་དབྱེ་དག་བྱིན་གྱིས་བརླབ་པའི་ཕྱིར་ཙོག་པུར་འདུག་སྟེ་བྱ་བར་གསུངས་པས་དེ་གཉིས་ཀ་ཡང་འདུག་སྟེ་བྱའོ། །དེས་ན་གཅིག་

དང་བཅས་པ་ལ་ནི་དེ་ལ་ངེས་པ་དང་ལྡན་པའི་ཆོ་གས་ཤེས་པར་བྱའོ། །གཅིག་པུར་ལྟུང་བ་བྱིན་གྱིས་བརླབ་པ་ནི་ལས་བྱེད་པ་པོས་ད་ལྟར་བྱ་བ་ཉིད་ལ་མི་འཐད་པས་འདིར་སྤྱོད་ལམ་རྣམ་པར་མ་འཁྲུགས་པས་ཇི་ལྟར་གནས་པས་དགེ་འདུན་ལས་ཕྱི་རོལ་དུ་དགག་དབྱེ་བྱིན་གྱིས་བརླབ་པ་ཉིད་ཀྱང་འདུག་སྟེ་ཞེས་བྱ་བར་རིག་པར་

བྱའོ། །ཆོས་གོས་དབྱུང་བ་དང་བྱིན་གྱིས་བརླབ་པ་དག་ལ་ཡང་འདུག་པ་གཅིག་པུས་བྱ་བ་རིག་པར་འགྱུར་བ་མཐོང་བ་ཡིན་ནོ། །གསོ་སྦྱོང་གི་ལས་ལ་ཡང་དེ་ལྟ་བུའི་ངོ་བོའི་རྐྱེན་རྣམས་ལ་འགྲོ་བ་རྣམས་ཀྱིས་བྱེད་པར་གསུངས་པ་དེ་བས་ན། དེ་ལྟ་བུའི་ངོ་བོའི་རྐྱེན་རྣམས་ལ་གསོ་སྦྱོང་བྱིན་གྱིས་བརླབ་པ་ལ་སོགས་པ་ཐམས་

Vol. 161 · folio 189b

ཅད་དུ་འགལ་ཟླ་དང་འགྲོ་བ་མ་ཡིན་པ་ལ་ཡང་བྱེད་པ་ཉིད་རིག་པར་བྱའོ། །གསོ་སྦྱོང་ལ་ནི་གཅིག་པུ་བྱིན་གྱིས་བརླབ་པ་འགྲོ་བ་ཉིད་ལ་དེར་སྨོས་པ་ཉིད་དོ། །ཁ་ཅིག་ནི་དེའི་ངོ་བོའི་རྐྱེན་རྣམས་སུ་འགྱུར་ཏེ། གང་དུ་མི་འདུག་པ་རྣམས་ཀྱིས་གནས་པར་རིགས་པ་ཡིན་ཏེ་འདུག་པ་རྣམས་ཀྱིས་ནི་མ་ཡིན་ནོ། །འདུག་པའམ་མི་

གནས་པ་རྣམས་ཀྱིས་དེར་ཡང་ནུས་པ་དེ་ལྟ་བུར་གྱུར་པ་ཉིད་ལ་བྱ་བ་བྱེད་པ་འགྲོ་བ་བཞིན་དུ་དོར་བར་མི་རིགས་པ་དེ་བས་ན། དེ་ལྟ་བུའི་ངོ་བོའི་རྐྱེན་རྣམས་ལ་གང་ལ་འགྲོ་བ་ཉིད་ལ་བྱ་བ་ཉིད་འདུག་པ་ལ་ཡང་དེའི་རྫས་བྱིན་གྱིས་བརླབ་པ་དང་། བཏང་བ་དག་ནི་འདུག་པ་ལ་ཡང་རིག་པར་བྱའོ། །རྣམ་པར་བརྟག་པ་ནི་དེ་ཉིད་དོ་ཞེས་

བྱ་བ་ནི་གོས་རྣམ་པར་བརྟག་པ་ནི་བྱིན་གྱིས་བརླབ་པ་ཉིད་ཡིན་པར་རིག་པར་བྱའོ། །དེས་ན་རྣམ་པར་བརྟག་པ་དེ་ལ་ཡང་ཆོ་ག་བཞིན་དུ་ཤེས་པར་བྱའི་མ་བྱས་པ་ཉིད་ནི་ཤེས་པར་མི་བྱའོ། །འདིར་གཞུང་ནི་སིལ་བུ་དག་ལས། འདི་ལྟར་རྣམ་པར་བརྟག་པར་བྱ་སྟེ། དགེ་སློང་གི་མདུན་དུ་འགྲེངས་ཏེ། བཙུན་པ་དགོངས་སུ་

གསོལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལ་བཟུང་སྟེ་ཞེས་བྱ་བ་ནི་ལག་པས་རྫས་དེ་བཟུང་སྟེ་བྱིན་གྱིས་རློབ་པར་བྱེད་པ་གཉིས་ཀས་དེ་ལྟར་བྱའོ། །འདི་ནི་གོས་ཀྱི་དོན་ལྷུང་བཟེད་དང་སྨན་བྱིན་གྱིས་བརླབ་པའི་ཕྱིར། ལྷུང་བཟེད་དང་སྨན་ལག་པ་གཡོན་པར་གཞག་པ་སྟེ། ལག་པ་གཡས་པས་བཀབ་ནས་སོ་

ཞེས་བྱ་བ་སྨོས་ཏེ། བྱིན་གྱིས་རློབ་དུ་འཇུག་པ་དང་བྱིན་གྱིས་རློབ་པ་གཉིས་ཀར་སྨན་དང་། ལྷུང་བཟེད་བྱིན་གྱིས་བརླབ་པ་ལ་གྲགས་པའོ། །བྱིན་གྱིས་རློབ་པར་བྱེད་པ་བཞིན་དུ་དེའི་ཕྱི་རོལ་དུ་ལག་པ་དག་གིས་སོ། །དེ་ཉིད་ལ་གང་གིས་བྱིན་གྱིས་རློབ་པའི་བདག་ཉིད་ཅན་མངོན་པར་བརྟེན་པ་བྱིན་གྱིས་རློབ་པར་བྱེད་པ་དེས་ལུས་

ཀྱིས་མངོན་པར་བརྟེན་པ་རིགས་པ་ནི་འདིར་ཡན་ལག་ཉིད་དོ། །ཅིག་ཤོས་ཀྱིས་གང་ཞིག་གི་མི་རིགས་པ་དེ་འདིར་ཡན་ལག་ཉིད་ལ་ཞེས་བྱ་བ་སྣོད་དུ་མི་རུང་བ་ཉིད་ཀྱི་ཕྱིར་དང་དགོས་པ་གནང་དུ་མི་རུང་བ་ཉིད་ཀྱི་ཕྱིར་དེ་ལ་མ་བརྟེན་པའོ། །དབྱུང་བར་བྱ་བ་ལ་ཡང་རྫས་ཀྱི་ཆོ་ག་འདིའི་རྗེས་སུ་འབྲང་བར་ཤེས་པར་བྱའོ། །ལྷུང་

བཟེད་ཀྱི་དབྱུང་བ་ནི་ལག་པས་སྟེང་ནས་གཡོགས་པ་བཏང་སྟེ། ལག་པ་ཡ་རེས་ཁ་ནས་བཟུང་སྟེ་བྱ་བ་ནི་རིགས་པ་ཡིན་ནོ། །གཟུང་བར་བྱ་བ་མ་ཡིན་པ་ཉིད་ལ་ནི་མདུན་དུ་བཞག་སྟེའོ་ཞེས་བྱ་བ་ནི་གཟུང་བར་བྱ་བའི་རྫས་ཉིད་མ་ཡིན་པ་ནི་འདི་ལྟ་སྟེ། གསེར་དངུལ་ལ་སོགས་པའི་སྒྲམ་བུ་མདུན་དུ་བཞག་སྟེ་བྱིན་གྱིས་བརླབ་

Vol. 161 · folio 190a

པར་བྱའོ། །ལས་ནི་འདུག་པ་ཉིད་ཀྱིས་སོ་ཞེས་བྱ་བ་ནི་གསོལ་བ་ལ་སོགས་པའི་ལས་ཐམས་ཅད་འདུག་པ་ཉིད་ཀྱིས་བྱའི་སྤྱོད་ལམ་གཞན་གྱིས་ནི་མི་བྱའོ། །དགག་དབྱེ་བྱེད་པ་པོ་ལ་མངོན་སུམ་དུ་ཆོ་ག་བརྗོད་པ་ཡིན་ནོ། །བརྗོད་པ་པོ་ལ་ཡང་དགག་དབྱེ་བྱེད་པ་ལ་སྔར་གསུངས་པ་ཉིད་ཀྱི་ཚིག་རིག་པར་བྱའོ། །ལྷག་

མའི་དོན་དུ་མདོ་འདི་ཤེས་པར་བྱའོ། །གསོལ་བ་དང་ལས་བརྗོད་པའི་བསྟན་པ་རྣམས་ནི་མི་བྱེད་པའི་ཁ་སྐོང་བར་བྱེད་པ་རྣམས་ཀྱི་དགག་དབྱེ་ཕྱེ་བ་ལས་ཁ་སྐོང་དུ་བྱེད་པ་གཞན་རྣམས་ཞེས་བྱ་བའོ། །དགེ་འདུན་ནམ་གཅིག་ཁོ་ན་ལ་མ་བརྟེན་པ་ནི་གང་ཟག་དགེ་སློང་ལ་བརྗོད་པར་བྱའོ་ཞེས་བྱ་བ་ལ་གང་དུ་འདིར་དགེ་འདུན་

ནམ་གང་ཟག་གསོལ་བར་བྱ་བ་ལ་མི་བརྟེན་པར་ནི་འདི་ལྟ་སྟེ། གནས་ལ་སོགས་པའི་མིང་བརྗོད་པ་སྟེ། གྲོང་དུ་ཞུགས་པའི་དོན་དུའོ། །ལྟ་བ་དག་དང་། དེ་ལས་གཞན་དུ་གཅིག་པུ་བྱ་བ་ཉིད་ལ་འདི་ལྟ་སྟེ། རྫས་བྱིན་གྱིས་བརླབ་པ་དང་། ཉིན་ཞག་བྱིན་གྱིས་བརླབ་པ་ལ་གང་ཟག་གི་དེར་གསོལ་བར་བྱ་བ་ཉིད་ཤེས་པར་

བྱའོ། །དགེ་སློང་གཞན་ལ་བརྗོད་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་དགེ་སློང་ལ་སོགས་པ་ཉིད་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་སོ། །ཆོས་གོས་དབྱུང་བ་དང་བྱིན་གྱིས་བརླབ་པ་ནི་ཉེ་བར་མི་གནས་ན་ཡིད་ཀྱིས་རྣམ་པར་བརྟགས་པས་འཆགས་སོ་ཞེས་བྱ་བ་ལ་ཉེ་བར་མི་གནས་ན་ཞེས་བྱ་བ་ནི་དབང་དུ་བྱ་བ་ཉིད་ཀྱི་

ཕྱིར་དགེ་སློང་ལའོ། །འདིར་ཆོས་གོས་ཉེ་བར་མི་གནས་ན་རྣམ་པར་བརྟག་པ་དང་བྱིན་གྱིས་བརླབ་པ་དག་བྱའོ། །ཕྱིར་བཏང་བ་ནི་ཉེ་བར་གནས་པ་དགོས་པ་ཡིན་གྱི། དེ་བས་ན་ཆོས་གོས་ཉེ་བར་མི་གནས་པ་ལ་བཏང་བ་མ་གྲུབ་པ་ཤེས་པར་མི་བྱའོ། །དགེ་སློང་ཉེ་བར་གནས་པ་ཡོད་པར་གྱུར་པ་ལག་ཏུ་བྱ་སྟེ་བཏང་བ་

ཉིད་དོ། །འདིར་གཞུང་ནི་དགེ་སློང་དག་ལྔ་པོ་འདི་དག་ནི་སེམས་བསྐྱེད་པས་འགྲུབ་པ་ཡིན་ཏེ། གསོ་སྦྱོང་དང་དགག་དབྱེ་དང་ཆོས་གོས་བྱིན་གྱིས་བརླབ་པ་དང་། ཆོས་གོས་རྣམ་པར་བརྟག་པ་དང་། གང་ཟག་གི་མགྲོན་དུ་བོས་པའོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་གསོ་སྦྱོང་དང་དགག་དབྱེ་གཉིས་ལ་མདོ་འདི་བྱས་

པ་མདུན་རོལ་དུ་ཞེས་བྱ་བ་འདིར་བསྡུ་བ་མ་བྱས་པའོ། །འདིར་མགྲོན་དུ་བོས་པ་བླངས་པས་ཆོ་ག་བརྗོད་པར་རིག་པར་བྱའོ། །དེ་ལྟར་འདི་ལ་ཁས་ལེན་པར་མི་བྱ་ཞེས་བྱ་བ་འགའ་ཞིག་ཏུ་ཡང་འགྲུབ་པ་ཡོད་པ་མ་ཡིན་ནོ། །དེ་ཡང་ཡོད་པ་མ་ཡིན་ཏེ། འདི་ལ་འདི་ལྟར་འཕེལ་བ་ཞེས་བྱ་བ་སྨོས་པས་རྣམ་པ་དེ་ལྟར་འདི་

Vol. 161 · folio 190b

མི་བྱ་ཞེས་བྱ་བ་དེ་བས་ན་དེ་མདོར་མ་བྲིས་སོ། །མི་སྨྲ་བའི་ངོ་བོ་དང་དུ་ལེན་པས་དེ་བྱ་བའི་དེའི་ངོ་བོ་མཉམ་པར་སྦྱར་བ་ཡོད་པ་ལ་ཚིག་གིས་ཞེས་བྱ་བ་འདིར་ཆོ་ག་ཤེས་པར་བྱ་སྟེ། མདོའི་རྗེས་སུ་འབྲངས་ནས་ཀྱང་ངོ་། །གང་ཟག་གིས་མགྲོན་དུ་བོས་པ་སེམས་བསྐྱེད་པས་འགྲུབ་པ་ནི་ཅང་མི་གསུང་པས་ཞེས་མདོའི་སྡེ་ལས་

གསུངས་པ་ཡིན་ནོ། །དེའི་ངོ་བོ་མཉམ་པར་སྦྱར་བ་ཡོད་པ་ལ་ཚིག་གིས་སོ། །གལ་ཏེ་དེ་རྒྱལ་པོ་ཆེན་པོ་ཁྱོད་ཀྱི་བཙུན་མོ་ཕྲེང་ལྡན་མ་རྗེས་སུ་ཤེས་ན་དེ་ལྟར་དུ་བདག་ནི་དང་དུ་མི་ལེན་པ་ཞེས་བྱའོ། །འདིར་རིགས་པས་ཀྱང་བརྗོད་པའི་རྣམ་པ་ཉིད་འདིར་ཚིག་མྱུར་བ་ཉིད་དུ་བསྟན་པའོ། །འདིར་ཅང་མི་གསུང་བས་

གནང་ངོ་ཞེས་གསོལ་བ་མ་གྲུབ་པ་མ་ཡིན་ཏེ། དེ་ལྟ་བས་ན་འདིར་ཅང་མི་གསུང་བའི་ངོ་བོ་ནི་ལེགས་པ་ཡིན་ནོ། །སྔ་མ་མ་ཕྱུང་ན་ཕྱི་མ་མི་འཆགས་སོ་ཞེས་བྱ་བ་ནི་དངོས་པོ་ལ་སྔར་བྱིན་གྱིས་བརླབས་པ་མ་ཕྱུང་བར་གཞན་བྱིན་གྱིས་རློབ་པར་བྱེད་པ་གང་ཡིན་པ་དེ་མི་འཆགས་སོ། །གཅིག་པུས་བྱིན་གྱིས་རློབ་ན་དེ་ལ་

དང་པོར་བསམ་པ་བསྒྲུབ་ཅིང་ཚིག་ཏུ་བརྗོད་པར་བྱའོ་ཞེས་བྱ་བ་ནི་གང་ཞིག་གཅིག་པུས་བྱིན་གྱིས་རློབ་པར་བྱེད་ན་ཡང་དེ་ལ་ཡང་ཚིག་ཏུ་བརྗོད་པས་བྱིན་གྱིས་བརླབ་པར་བྱའོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། དེ་ལྟར་སེམས་བསྐྱེད་པར་བྱ་ཞིང་ཚིག་ཏུ་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །

དགེ་སློང་དང་འདུ་བ་ཉིད་ན་བླ་གོས་ཕྲག་པ་གཅིག་ཏུ་བྱས་པ་ཉིད་དོ་ཞེས་བྱ་བ་ནི་འཆགས་པ་ལ་སོགས་པ་དག་ལ་དགེ་སློང་དང་ལྷན་ཅིག་འདུ་བ་ཉིད་ན་བླ་གོས་ཕྲག་པ་གཅིག་ཏུ་བྱས་པ་ཉིད་ཀྱིས་ཀུན་ནས་གཡོགས་པ་དང་བྲལ་བ་ཉིད་རིགས་པར་བལྟ་བར་བྱའོ། །རང་གི་དོན་དུ་སྔགས་ལན་གསུམ་རྗོད་པར་བྱེད་པ་ཉིད་ན་དེའི་

འོས་ཉིད་ལ་ཕྱག་བྱས་ཏེའོ་ཞེས་བྱ་བ་ནི། རང་གི་དོན་དུ་དགེ་འདུན་ནམ་གང་ཟག་གང་ལ་བརྗོད་པའི་བདག་ཉིད་དམ། གཞན་གང་ཡང་རུང་བའི་སྔགས་ལན་གསུམ་བརྗོད་པ་ཉིད་ཀྱིས་མདུན་རོལ་དུ་གལ་ཏེ་བཟླས་ཏེ་ཕྱག་བྱ་བ་ཉིད་ཡིན་ན་ཕྱག་བྱ་སྟེ་བརྗོད་པར་བྱ་བའི་དུས་ནི་རིགས་པའོ། །གསང་སྟེ་སྟོན་པ་ཡང་ངོ་

ཞེས་བྱ་བ་ཡང་ཕྱག་བྱས་ཏེ་བྱ་བར་རིགས་པའོ། །སྣམ་སྦྱར་དང་བཅས་པ་ཉིད་ལ་བསྙེན་པར་རྫོགས་པའི་ཕྱིར་འདུས་པ་ལ་ཡང་ངོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་འཁོད་པ་ལ་སྣམ་སྦྱར་དང་བཅས་པ་ཉིད་དུ་གྱུར་པ་ནི་བསྙེན་པར་རྫོགས་པར་བྱ་བ་དེས་ཕྱག་བྱ་བ་ཉིད་དུ་རིགས་པའོ། །ཆོས་གོས་བྱིན་གྱིས་

Vol. 161 · folio 191a

བརླབ་པ་ལ་སྣམ་སྦྱར་དང་བཅས་པ་ཉིད་དེ་དེའི་གནས་སྐབས་ཅན་ལ་བསྟན་པར་རིག་པར་བྱའོ། །དང་པོར་གསུམ་མོ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་འདུས་པའི་དང་པོར་དགེ་སློང་དང་ཕྲད་དོ་ཅོག་ཐམས་ཅད་ལ་བསྙེན་པར་རྫོགས་པར་བྱ་བ་དེས་ཕྱག་བྱ་བར་རིགས་

པ་ཡིན་ནོ། །དེ་ཡང་ལན་ཅིག་མ་ཡིན་ཏེ་འོན་ཀྱང་ལན་གསུམ་ཕྱག་བྱ་བར་རིགས་པ་ཡིན་ཏེ། དེའི་དོན་ཉིད་དུ་འདུས་པའི་དགེ་འདུན་ནམ་གང་ཟག་དེ་དག་ལ་ཡང་ཐལ་མོ་སྦྱོར་བར་བྱེད་པའི་གང་ཟག་དེས་ཐལ་མོ་སྦྱོར་བ་ཉིད་དུ་རིགས་པ་ཡིན་ནོ། །གཅིག་པུར་འདུས་པ་དང་གཉིས་པ་ནི་སྐལ་བ་མཉམ་པར་སོན་པ་ནི་

རབ་ཏུ་བརྟེན་པར་གྱུར་པ་དང་པོ་ཤིན་ཏུ་གྱུར་པའི་སྔོན་རོལ་དུའོ། །འདི་བསྟན་པ་ངེས་པར་འབྱེད་པར་རིགས་པ་ཞེས་བྱ་བ་འདིར་དང་པོར་ཕྱག་བཙལ་བར་བྱེད་པ་ལ་དང་པོར་འཇུག་པར་རིགས་པ་དེའི་ཕྱིར་འདིར་དང་པོར་ལན་གསུམ་ཕྱག་བྱ་བར་གསུངས་སོ། །དེའི་དོན་ཉིད་དུ་དང་ཉི་མ་བརྗོད་པ་ལ་ཐལ་མོ་སྦྱར་བ་ཉིད་དོ་ཞེས་

བྱ་བ་ནི་ཐལ་མོ་སྦྱོར་བར་བྱེད་པའི་གང་ཟག་དེའི་དོན་འདི་ལྟ་སྟེ། རབ་ཏུ་དབྱུང་བའི་ཕྱིར་ཞུ་བ་དང་། ཡང་དག་པར་བླང་བ་དང་། མཁན་པོ་ཉིད་ལ་སོགས་པར་གསོལ་བ་དང་། སྦྱིན་པ་དག་དང་བར་ཆད་དྲི་བ་དང་། བསྙེན་པར་རྫོགས་པའི་ཕྱིར་འདུ་བ་དག་བསྒྲུབ་པའི་ཕྱིར་དགེ་འདུན་ནམ་གང་ཟག་འདུས་པར་གྱུར་པ་དེ་ནི་དེའི་དོན་

ཉིད་དུ་ཞེས་བྱ་སྟེ། ཉིན་ཞག་བྱིན་གྱིས་བརླབ་པ་དང་། གསོ་སྦྱོང་དང་དགག་དབྱེའི་དུས་བྱིན་གྱིས་བརླབ་པ་དང་། འདུན་པ་དང་ཡོངས་སུ་དག་པ་དང་དགག་དབྱེ་སྦྱིན་པ་དང་། གཅིག་ཏུ་འདུན་པ་ཡོངས་སུ་དག་པ་དང་། དགག་དབྱེ་སྦྱིན་པ་དང་། དབྱུང་བ་དག་དང་ཡོངས་སུ་གནས་པའི་དུས་འདས་པ་བརྗོད་པ་དང་།

ཡོངས་སུ་གནས་པ་ལ་སོགས་པ་ལས་དབྱུང་བ་ལ་སོགས་པ་དེ་ལ་ཡང་དེའི་ཟླ་བའི་ངོ་བོ་འདིའི་ཉི་མའི་འདིའོ་ཞེས་རྗོད་པ་དག་སྟེ། དེ་ལ་ཡང་ཐལ་མོ་སྦྱར་བ་ཉིད་དུ་རིགས་པ་ཡིན་ནོ། །གལ་ཏེ་གང་ཟག་གིས་རང་གི་དོན་དུ་བརྗོད་ན་གསོལ་བ་བཏབ་པས་མཇུག་ཏུ་ཐབས་ཡིན་ནོ་ཞེས་སོ་ཞེས་བྱ་བ་ནི་གལ་ཏེ་གང་

ཟག་གིས་རང་གི་དོན་ཙམ་སྒྲུབ་པའི་ཕྱིར་བརྗོད་ན་གསོལ་བ་གང་བཏབ་པའི་གང་ཟག་གིས་དེ་སྔགས་བརྗོད་དུ་བཅུག་པའི་མཇུག་ཏུ་ཐབས་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཐབས་ལས་བྱུང་བའི་ཐབས་ཡིན་ཏེ། ཁྱོད་ཀྱིས་འདུལ་བ་ལ་སོགས་པ་ཉིད་ཀྱི་ཕྱིར་རང་གི་དོན་ལ་ཨེ་ཀཎ་ནོ། །དེ་ལྟར་བྱས་ན་

Vol. 161 · folio 191b

དོན་དེ་སྒྲུབ་པའི་ཐབས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་རྗེས་ལ་ཅིག་ཤོས་ཀྱིས་ལེགས་སོ་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་གང་ཟག་དེས་ཐབས་ཡིན་ནོ་ཞེས་བརྗོད་པ་དེའི་རྗེས་སུ་གསོལ་བ་འདེབས་པའི་གང་ཟག་ཅིག་ཤོས་ཀྱིས་ལེགས་སོ་ཞེས་བྱ་བ་སྟེ། ཐབས་ཡིན་ནོ་ཞེས་

གང་སྨྲས་པ་དེ་ལེགས་ཏེ། དེ་ནི་ཐབས་ཡིན་ནོ་ཞེས་བྱ་བའི་དོན་ཏེ། འདུན་པ་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བ་དང་བྲལ་བ་བྱས་པ་དང་མ་བྱས་པ་དྲན་པར་ནུས་པར་སྤྲོ་བར་བྱ་སྟེ་བསྐོའོ་ཞེས་བྱ་བ་ནི། དེ་ལྟ་བུའི་བྱ་བ་དེ་རྣམས་ལ་དེས་ཞེས་བྱ་བ་སྟེ། སྤྲོ་བས་བྱས་པ་ཡིན་

གྱི། སྤྲོ་བ་མ་བྱས་པར་ནི་མ་ཡིན་ནོ། །བྱས་པ་ཉིད་ནི་གནས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་ལས་ལ་རབ་ཏུ་གནས་པ་ཉིད་ཅེས་བྱ་བ་ལས་བྱེད་པ་པོ་མ་ཡིན་པས་བྱས་པ་ཉིད་འདི་ལ་རིག་པར་བྱའོ། །དཔེར་ན་དགེ་འདུན་གྱིས་བཟོད་ཅིང་གནང་ནས་དགེ་འདུན་མིང་འདི་ཞེས་བགྱི་བ་དགེ་

སློང་རུང་བ་ལ་འཆགས་པའི་གཞི་བསྟན་པ་སྦྱིན་པ་སྟེ། གང་གི་ཚེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ལ་སོགས་པ་ལྟ་བུའོ། །གསོལ་བ་ནི་གོ་བར་བྱ་བ་ཙམ་ཡིན་པའི་ཕྱིར་རོ། །འདི་ལ་བྱེད་པ་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་གསོལ་བ་དང་བཞིའི་

ལས་ལ་དེ་ཐལ་བ་མ་ཡིན་ནོ། །མཚམས་གཅོད་པ་ཉིད་ནི་གཅད་པ་དང་འདྲ་བ་ཉིད་དུ་ཤེས་པར་བྱའོ་ཞེས་བྱ་བ་ལ་འདིར་མཚམས་གཅོད་པ་ཉིད་ཅེས་བྱ་བ་ནི་མཚམས་མ་མནན་པར་དགེ་འདུན་གནས་པ་ལ་མཚམས་བཅད་པ་ཉིད་འགྲུབ་པ་མ་ཡིན་ཏེ། དེ་བཞིན་དུ་བཅད་པར་གྱུར་པ་ཉིད་

ཀྱང་མི་འགྲུབ་སྟེ། འདི་ལྟར་མཚམས་གཅད་པར་འདོད་པ་ངོས་དེ་དང་ཉེ་བའི་ཕྱོགས་དེ་ན་གནས་པའི་དགེ་འདུན་གྱི་ཆའི་ཕྱོགས་དེར་ཡང་བཅད་པར་མི་འགྱུར་རོ། །སྡུད་པར་བྱེད་པས་གཎྜཱི་བརྡུང་བ་དང་། འདྲི་བ་ལ་བརྗོད་པ་རྗེས་སུ་བསྒྲུབ་པ་དག་གིས་བསྡུ་བར་བྱ་བ་དག་ལ་གོ་བར་བྱའོ་

ཞེས་བྱ་བ་ནི། དགེ་འདུན་སྡུད་པར་བྱེད་པའི་གང་ཟག་གིས་གཎྜཱི་བརྡུང་བ་དང་། ཅིའི་ཕྱིར་བརྡུང་ཞེས་དྲི་བ་དག་ལ་ཚིག་གང་ཞིག་རིགས་པ་ལས་མ་འདས་པ་དེ་དང་འདྲ་བའི་ཚིག་དྲི་བ་ལ་བརྗོད་པའོ། །དེས་དེ་དག་གི་དོན་དུ་བཤམ་མོ་ཞེས་བྱ་བ་ནི། སྡུད་པར་བྱེད་

Vol. 161 · folio 192a

པ་དེས་སྡུད་པར་བྱ་བ་དེ་དག་གི་དོན་དུ་སྟན་བཤམ་པར་བྱའོ། །བསྐོས་པའི་བྱ་བ་དེའི་དོན་ཉིད་ལ་ནི་དེ་ཉིད་དོ་ཞེས་བྱ་བ་ནི། བསྐོས་པ་དེའི་བྱ་བ་ལག་གི་བླ་ལ་སོགས་པ་དོན་གང་གི་ཕྱིར་དེ་བགོ་བར་བྱ་བ་དེའི་དོན་ཉིད་ལ་བསྡུ་བར་བྱ་བ་དེ་བསྐོ་བར་བྱ་བ་དེ་ཉིད་ནི་

འདུག་པར་བྱེད་པ་པོ་ཉིད་དོ། །དེས་འདིར་གཎྜཱི་བརྡུང་བ་ལ་སོགས་པ་བྱའོ། །ཐམས་ཅད་ལ་རྒན་རིམས་སུའོ་ཞེས་བྱ་བ་ནི་ཤིང་དྲུང་དང་ནེའུ་གསིང་གི་ཕྱོགས་དང་དགོན་པའི་ས་གཞི་དང་། འདུག་པའི་གནས་ཐམས་ཅད་ལ་རྒན་རིམས་སུ་བསྐོ་བ་རིགས་པ་ཉིད་ཡིན་ནོ། །བླང་བར་བྱ་

བ་ཉིད་ལ་ནི་འདོད་པ་མཆོག་ཡིན་ནོ་ཞེས་བྱ་བ་ནི་བསྡུ་བར་བྱ་བ་དང་འདུལ་བ་དང་ཕྱག་བྱ་བ་དང་། མདུན་དུ་འགྲོ་བ་དག་གམ། དེ་ལྟ་བུ་གཞན་ལ་ཡང་རྣམ་པར་རྟོག་པ་མེད་དོ། །དེར་ཇི་ལྟར་རྒན་རིམས་ཁོ་ནས་རྣམ་པར་མི་གཞག་གོ། །བླང་བར་བྱ་བ་གནས་མལ་ལ་སོགས་པ་དག་ལ་ནི་འདོད་

པས་མཆོག་ཉིད་དུ་རྣམ་པར་གཞག་གི་དངོས་པོ་ལས་རྣམ་པར་མི་གཞག་སྟེ། ལེན་པ་པོ་རྒན་པ་དེ་འདོད་པ་ཡིན་ན་ངན་པ་གང་ཡིན་པ་དེ་ཡང་དེ་ལ་སྦྱིན་པར་བྱ་བའི་ཕྱིར་མཆོག་ཡིན་གྱིས་གང་ཐོབ་པ་བཟང་པོ་དེ་ནི་མཆོག་ཉིད་མ་ཡིན་ནོ། །འདིར་གཞུང་ནི་དངོས་པོ་ཆེན་པོ་གང་དག་ཡིན་པ་

ལ་བྱི་དོར་བྱེད་པས་རྒན་པོ་དག་ངལ་བར་གྱུར་པས་མི་འདོད་ནས། དེ་དག་ལ་མི་འདོད་བཞིན་དུ་སྦྱིན་པར་མི་བྱ་བར་གསར་བུ་དག་གིས་དེ་དག་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ལས་སྤྱིར་བསྟན་པའོ།། །།བསྒོ་བ་ལས་བྱུང་བ་ཕྱིར་མ་བཅོས་པས་ལས་ཉམས་སུ་མྱོང་བར་མི་

བྱའོ་ཞེས་བྱ་བ་ནི་བསྒོ་བ་ལས་གྱུར་པ་འདིས་མ་བྱས་པ་དགེ་འདུན་གྱི་ལྷག་མ་བཞི་ལས་ལྟུང་བ་འབའ་ཞིག་དང་། ལྟ་བའི་རྣམ་པ་མི་གཏོང་བའི་ལྟུང་བྱེད་ཀྱི་བདག་ཉིད་བསྒོ་བ་ལས་བྱུང་བ་ཕྱིར་མ་བཅོས་པ་དེས་ལས་ཉམས་སུ་མྱོང་བར་མི་བྱ་སྟེ། དེ་ཉམས་སུ་མྱོང་བ་དེ་ལ་ནི་ཉེས་བྱས་སོ། །

གང་དག་གིས་དེ་ཁ་ན་མ་ཐོ་བ་དེ་ཕྱིར་མ་བཅོས་པར་ཤེས་བཞིན་དུ་དེ་དང་ལྷན་ཅིག་ལས་ཉམས་སུ་མྱོང་བར་བྱེད་པ་དེ་དག་ལ་ཡང་ཉེས་བྱས་སུ་འགྱུར་བར་རིག་པར་བྱའོ། །དགེ་འདུན་ལས་ཐ་དད་པའི་དངོས་པོར་གྱུར་པ་ཞེས་བྱ་བ་དེ་ལྟ་བུར་གྱུར་པའི་ཁ་ན་མ་ཐོ་བ་འདི་རྣམས་དང་། ལུས་ཀྱི་ལས་ངན་

Vol. 161 · folio 192b

པ་བྱེད་པ་གཞན་དུ་གྱུར་པ་ལ་གཞན་དུ་གཏོགས་པ་ཞེས་བྱ་བ་ཉེས་བྱས་འདི་ཤེས་པས་སོ། །གསོ་སྦྱོང་དང་དགག་དབྱེ་དག་ནི་མ་གཏོགས་སོ་ཞེས་བྱ་བ་ནི་དེ་ན་གཉིས་ཉམས་སུ་མྱོང་བ་ལ་ཉེས་བྱས་སུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དགེ་འདུན་དུ་བྱེད་པ་ལ་ནི་ཡན་ལག་གི་དངོས་

པོར་མི་སྦྱོར་བའོ། །རང་གི་དོན་དུ་འགྲོ་བ་དག་གང་ཞིག་བྱེད་པ་འདི་དགེ་འདུན་གྱིས་དོར་བར་བྱ་བ་མ་ཡིན་ནོ། །དགེ་སློང་གི་དོན་ལ་གཞི་སྤངས་པ་ལ་ཉམས་ཞེས་བྱ་བ་ཉིད་དུ་ཤེས་པར་བྱའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། དགེ་སློང་གིས་ཇི་སྲིད་དུ་གཞི་དེས་མ་བཤགས་

ཤིང་སོ་སོར་མ་བཤགས་པར་གསོལ་བ་དང་། གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ཉེས་བྱས་སོ་ཞེས་གསུངས་པ་ཡིན་ནོ། །འདིར་འདྲ་བའི་རྗེས་སུ་འབྲངས་ནས་སྨོས་པ་ཡིན་གྱི། ཆོས་མ་ཡིན་གྱི་ལས་ཉིད་སྨོས་པ་

ཞེས་བྱ་བ་སྔ་མ་ལ་འདི་གོ་བར་བྱེད་པ་ཉིད་ནི་མ་ཡིན་ཏེ། གསོ་སྦྱོང་དང་དགག་དབྱེ་དག་ལ་ནི་མ་ཡིན་ནོ། །མཚམས་གཞན་ན་གནས་པ་ནི་གང་གི་ཡན་ལག་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི་དགེ་འདུན་ནམ་གང་ཟག་མཚམས་གཞན་ན་གནས་པ་ནི་ལས་གང་གི་ཡན་ལག་ཉིད་ཀྱང་

མ་ཡིན་ཏེ། བྱིན་ལེན་ལ་སོགས་པ་བྱས་ཀྱང་མ་བྱས་པ་ཉིད་དུ་ཤེས་པར་བྱའོ། །མཚམས་གཞན་ན་གནས་པ་ཉིད་ན་བཟོད་པར་གསོལ་བ་ལ་སོགས་པའི་གསོལ་བ་ཡང་འདི་ལྟ་སྟེ། འདུན་པ་དང་ཡོངས་སུ་དག་པ་དང་དགག་དབྱེ་བྱ་བ་དང་། བརྗོད་པ་འདི་རྣམས་ལ་ཡང་

དགག་དབྱེ་བྱེད་པ་པོ་འཇོག་པ་དང་དགག་དབྱེ་ལའོ། །དེར་སོང་ན་ཚོགས་པའི་ཡན་ལག་ཉམས་སོ་ཞེས་བྱ་བ་ནི་མཚམས་གཞན་དུ་སོང་ན་གང་ཞིག་ཚོགས་པའི་ཡན་ལག་འདི་ལྟ་སྟེ། འདུན་པ་དང་ཡོངས་སུ་དག་པ་དང་དགག་དབྱེ་བླངས་པ་དེ་མཐར་ནི་ཉམས་པ་སྟེ་དེ་ལའོ། །

དེ་བས་ན་ཉམས་པའི་ཉེས་པ་སྤང་བའི་ཕྱིར། འདུན་པ་ལ་སོགས་པ་ལེན་པ་དེས་ནམ་མཁའ་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པའི་བསླབ་པའི་གཞི་བཅའ་བར་མཛད་དེ། །འདིར་གཞུང་ནི་གླེང་གཞི་དག་ལས། བཙུན་པ་དགེ་སློང་གི་འདུན་པ་བླངས་ཏེ། སྟེང་གི་

Vol. 161 · folio 193a

ནམ་མཁའ་ལ་མཆིས་ན་འདུན་པ་འཚལ་ཏེ་མཆིས་ཞེས་བརྗོད་པར་བགྱིའམ། འཚལ་ཏེ་མ་མཆིས་ཞེས་བརྗོད་པར་བགྱི། ཉེ་བ་འཁོར་ཁྱེར་ཏེ་མ་འོངས་ཞེས་བརྗོད་པར་བྱ་སྟེ། ཡང་བླང་བར་བྱའོ། །བཙུན་པ་དགེ་སློང་ཡོངས་སུ་དག་པ་ལེན་པས་ཡོངས་སུ་དག་པ་བླངས་ཏེ།

སྟེང་གི་ནམ་མཁའ་ལ་འཚལ་ཏེ་མཆིས་ཞེས་བརྗོད་པར་བགྱིའམ། འཚལ་ཏེ་མ་མཆིས་ཞེས་བགྱི། ཉེ་བ་འཁོར་མ་འོངས་ཞེས་བརྗོད་པར་བྱ་སྟེ་ཡང་བླང་བར་བྱའོ་ཞེས་གསུངས་པ་དང་། ཞུ་བ་ལས་ཀྱང་ཡོངས་སུ་དག་པ་བླངས་ནས་མཚམས་ཀྱི་སླད་རོལ་ནས་མཆིས་ནས་ཡོངས་སུ་དག་པ་རྒྱུན་

ཆད་པར་བརྗོད་པར་བགྱིའམ། རྒྱུན་མི་འཆད་པར་བརྗོད་པར་བགྱི་བཀའ་སྩལ་པ། རྒྱུན་ཆད་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ནི་དེས་འཇིགས་པས་མཚམས་ཀྱི་ཕྱི་རོལ་ནས་ཁྱེར་ཏེ་འོངས་པ་ལ་ནི་ཉེས་པ་མེད་དོ་ཞེས་གང་སྨོས་པ་དེའི་དམིགས་ཀྱིས་བསལ་བ་ཡིན་པར་རིག་པར་བྱའོ། །

གཅིག་ཏུ་རྐང་པ་ཡ་གཅིག་ལ་གཅིག་ཏུ་ཡ་གཅིག་ན་གཉིས་ཀར་གནས་པ་ཉིད་དོ་ཞེས་བྱ་བ་ནི་མཚམས་གཅིག་ཏུ་གང་གི་རྐང་པ་ཡ་གཅིག་བཞག་ལ་མཚམས་གཅིག་ཏུ་རྐང་པ་ཡ་གཅིག་བཞག་ན་དེའི་མཚམས་དེ་གཉི་གར་གནས་པ་ཡིན་པའོ། །ཐམས་ཅད་ནོན་པ་ལ་གནས་ན་ནོན་པ་ཉིད་དོ་ཞེས་

བྱ་བ་ནི་མཚམས་སུ་མ་ནོན་པའི་རྫས་ལ་གནས་པ་གང་ཡིན་པ་དེས་ནི་མཚམས་ཇི་ཙམ་ནོན་པ་ཉིད་ཡིན་པའི་རྫས་དེས་ནོན་པའི་མཚམས་དེ་ཐམས་ཅད་དུ་གནས་པ་ཉིད་ཡིན་ནོ། །དུ་མར་གནས་པ་ཁས་བླངས་པ་ལ་ནི་འཆགས་པ་ཁོ་ནའོ་ཞེས་བྱ་བ་ནི་མཚམས་གཉིས་ལ་གནས་པའི་རྐང་པ་དག་གིས་ནོན་པའི་

རྫས་ལ་གནས་པ་གང་ཡིན་པ་ཇི་སྙེད་པའི་གནས་གཅིག་ཏུ་དབྱར་གནས་པར་ཁས་ལེན་པ་དེ་ལ་ནི་མི་འཆགས་པ་མ་ཡིན་ཏེ། འཆགས་པ་ཁོ་ན་ཡིན་ནོ། །གནས་མལ་དུ་མ་མནོད་པར་རིགས་པ་ཉིད་དོ་ཞེས་བྱ་བ་ནི་སྔར་བསྟན་པའི་ཚུལ་ཀྱིས་མཚམས་དུ་མར་གནས་བསྟེན་པར་གྱུར་པ་ལ་དེ་དང་ཉེ་བ་

དེ་དག་གི་ཁོངས་སུ་གཏོགས་པ་གནས་མལ་མནོད་པར་བྱེད་པ་དེ་ནི་ཆོས་དང་མི་མཐུན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་དེས་ཐམས་ཅད་དུ་དུས་མཉམ་པར་གནས་པར་བྱའམ། འོན་ཏེ་མཚམས་དུ་མར་ཅི་དགར་གནས་པར་བྱ་ཞེ་ན། དེའི་ཕྱིར་ཇི་ལྟར་འདོད་པས་དུས་འགའ་ཞིག་གི་ཚེ་སྐབས་

Vol. 161 · folio 193b

འགའ་ཞིག་གམ་གཅིག་ལ་དུས་ཐམས་ཅད་དུ་མངོན་པར་བརྟེན་པར་བྱ་བ་མ་ཡིན་ནོ། །དེའི་ཕྱིར་དེས་ཅི་དགར་གནས་པར་བྱ་བ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། དེས་གཙུག་ལག་ཁང་དུ་དུས་ཇི་སྲིད་གནས་པར་འདོད་པ་དེ་སྲིད་དུ་དེར་གནས་པར་བྱ་བ་ཉིད་ཡིན་ནོ། །ཆོ་ག་འདི་རྣམས་ལ་ནམ་མཁའ་ཅིའི་ཕྱིར་མ་སྨོས་ན།

མཚམས་གཞན་སྨོས་པ་ཉིད་ཀྱི་ཕྱིར་ནམ་མཁའ་ལ་འདུག་པར་མི་བྱའོ་ཞེས་བྱ་བ་ལ་ཅིའི་ཕྱིར་སྨོས། ནང་གི་ནམ་མཁར་ཕྱི་རོལ་དུའོ་ཞེས་བྱ་བ་གཏོགས་པའི་ཕྱིར་རོ། །རྒྱལ་བ་ནི་མི་མཐུན་པ་ཉིད་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ནང་གི་མཚམས་ལ་གནས་ཤིང་རྗེས་སུ་མ་ཞུགས་པར་

འདུག་པ་ལ་ལས་བྱེད་པ་དེ་ནི་དཀོན་མཆོག་གཞན་ཡིན་པས་ལས་མི་མཐུན་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁ་སྐོང་བར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ནི་དགེ་འདུན་གྱི་ཁ་སྐོང་བར་བྱེད་པ་མ་ཡིན་ཏེ། །ལས་དག་མི་བྱ་བ་ཉིད་མ་ཡིན་ནོ། །དེས་བྱ་བ་ལས་མ་ཡིན་པས་མི་འཆགས་སོ་

ཞེས་བྱ་བ་ནི་ལས་དེས་བསྙེན་པར་རྫོགས་པ་ལ་སོགས་པར་བྱ་བར་རྣམ་པར་གཞག་པ་གང་ཡིན་པ་དེ་ལས་མ་ཡིན་པས་བྱས་ན་མི་འཆགས་སོ། །འདིར་གཞུང་ནི་བསྙེན་པར་རྫོགས་པར་བགྱི་བ་གསོལ་བ་དང་། བཞིའི་ལས་མི་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱིའམ། བསྙེན་པར་མ་རྫོགས་ཞེས་བརྗོད་པར་

བགྱི། བཀའ་སྩལ་པ། བསྙེན་པར་རྫོགས་ཞེས་བརྗོད་པར་བགྱིའོ་ཞེས་གསུངས་པ་ཡིན་ནོ། །དེ་བསྙེན་པར་རྫོགས་པར་བྱ་བའི་སྐབས་སུ་གསུངས་པ་ཡིན་མོད་ཀྱི་ཐམས་ཅད་ལ་འདྲ་བས་འདིར་སྤྱིར་མདོར་བྱས་སོ། །ཕལ་ཆེར་བྱས་པ་ཉིད་ཡིན་ཡང་ལས་ཡོངས་སུ་མ་རྫོགས་པའི་ཕྱིར་དེ་མ་བྱས་པ་ཉིད་

ཡིན་པར་དོགས་པ་བསལ་བའི་ཕྱིར། ཚིག་ཕལ་ཆེར་བྱས་པ་ཉིད་ནི་བྱས་པ་ཉིད་དོ་ཞེས་བྱ་བ་སྨོས་ཏེ། གང་ཞིག་གསོལ་བའི་བདག་ཉིད་དམ་བརྗོད་པའི་བདག་ཉིད་ཀྱི་ཚིག་ཕལ་ཆེར་བྱས་པ་ཉིད་ཅེས་བྱ་བ་སུམ་གཉིས་བརྗོད་ཟིན་ན་སུམ་ཆ་བརྗོད་པའི་ཚེ་ན་རིལ་གྱིས་ཟིན་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསོལ་

བ་དང་བརྗོད་པ་དག་ལ་དོན་འདི་སྐབས་གསུམ་ཡོད་དེ། དང་པོ་ནི་རང་གི་ངོ་བོ་ཙམ་བརྗོད་པ་སྟེ། དཔེར་ན་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གཉིས་པ་ནི་བྱ་བ་བརྗོད་པ་སྟེ། དཔེར་ན་མིང་འདི་ཞེས་བགྱི་བ་འདི་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གསུམ་པ་ནི་བྱེད་པ་བརྗོད་པར་བྱ་

Vol. 161 · folio 194a

སྟེ། དཔེར་ན་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གང་རྣམས་ཀྱིས་ཞེས་བྱ་བ་དང་པོར་བརྗོད་པ་ཞེས་བྱ་བ་འདིར་གསུམ་པའི་ཆ་ལ་ཐ་མ་འཇུག་པ་ཉིད་དོ་ཞེས་བྱ་བ་དེའི་རྗེས་སུ་འབྲངས་པས་

རྟོགས་པར་བྱའོ། །ཅི་ཚིག་ཐམས་ཅད་ལ་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་ནམ་ཞེ་ན་དེའི་ཕྱིར་འོག་མ་མེད་པ་ལའོ་ཞེས་བྱ་བ་སྨོས་ཏེ། ཚིག་གང་ལ་འོག་མ་མེད་པ་དེ་ནི་འོག་མ་མེད་པ་སྟེ། གང་ཞིག་ཐ་མའི་ཚིག་དེ་ལས་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་དོ། །གསོལ་བའི་

ལས་ནི་ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་དོ། །གསོལ་བ་དང་གཉིས་ཀྱི་ལས་ལ་ནི་ལས་བརྗོད་པ་ཉིད་འོག་མ་མེད་པ་ཡིན་ནོ། །གསོལ་བ་དང་བཞིའི་ལས་ལ་ནི་ལས་བརྗོད་པ་གསུམ་པ་འོག་མ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་གླེང་གཞི་དག་ལས། མཚམས་

བཅད་པ་ལ་བཙུན་པ་རེ་ཞིག་མཚམས་འགུམས་པ་ན་དགེ་སློང་ལས་བགྱིད་པ་སྲོག་ཆད་ཅིང་དུས་བགྱིས་པར་གྱུར་ན་མཚམས་བཀུམ་པར་བརྗོད་པར་བགྱིའམ། མ་བཀུམ་པར་བརྗོད་པར་བགྱི། ཉེ་བ་འཁོར་གལ་ཏེ་མཚན་མ་དག་བརྗོད་པར་གྱུར་ན་ནི་ལས་ཕལ་ཆེར་བྱས་པས་གཅད་པར་

བརྗོད་པར་བྱའོ། །བཟློག་པས་ནི་མ་བཅད་པར་བརྗོད་པར་བྱའོ། །དགེ་སློང་མའི་མཚམས་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ཉིད་ཐམས་ཅད་དུ་རུང་བས་འདིར་སྤྱིར་མདོར་བྱས་སོ། །གང་ཞིག་སླར་བྱས་པ་ཉིད་ལ་ཡང་ཚིག་ཕྱི་མའི་ཚིག་ལ་ཞེས་བྱ་བ་དེ་བས་

འདིར་ཚིག་འོག་མ་མ་ཡིན་པ་ལ་ཞེས་བྱེ་བྲག་ཏུ་བསྟན་པའོ། །མཚན་མ་དག་མ་བརྗོད་པ་ཉིད་ན་མ་བཅད་པ་ཡིན་ནོ་ཞེས་བྱ་བ་ནི། ཕལ་ཆེར་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་དུ་ཟིན་ཀྱང་ཕྱོགས་བཞིའི་མཚན་དག་མ་བརྗོད་ན་མཚམས་གཅད་པའི་ལས་བྱས་པ་དག་མ་ཡིན་ཏེ། མཚམས་

ངེས་པ་ལ་དེ་རྣམ་པར་གཞག་པར་འགྱུར་རོ། །དེ་ལ་རྣམ་པར་གཞག་པ་དེ་ནི་ལས་ཞེས་བྱ་སྟེ་དེ་བས་ན་དེ་ཤེས་པའོ། །ཡོངས་སུ་གནས་པས་ནི་ཉེ་བར་གནས་པ་ལས་གཞན་པའོ་ཞེས་བྱ་བ་ནི་ཡོངས་སུ་གནས་པས་ནི་ཚངས་པར་སྤྱོད་པ་སྟེ། ཉེ་བར་གནས་པའི་སྡོམ་པ་མ་གཏོགས་

Vol. 161 · folio 194b

པར་དེ་ལས་གཞན་པའི་ལས་བྱས་པ་ཉིད་ན་བྱས་པ་ཉིད་ཡིན་པའོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། ཡོངས་སུ་གནས་པས་དགེ་སློང་གནས་ནས་འབྱིན་པ་གནས་ནས་ཕྱུང་བར་བརྗོད་པར་བགྱིའམ། ཉེ་བར་གནས་པའི་སྡོམ་པ་མ་གཏོགས་པར་ལས་ཐམས་

ཅད་བྱས་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ཞིག་འདིས་ལས་རྣམས་མི་བྱ་བ་ཉིད་དུ་གསུངས་པ་དེར་མི་འཆགས་པ་ཉིད་ལ་དེ་ནི་དཔེ་ཙམ་དུ་ཟད་དེ། བསྡུ་བར་བྱས་ནས་མ་ཡིན་པ་ཞེས་བྱ་བ་དེའི་ཕྱིར་དེ་ཤེས་པའོ། །དེ་ལྟ་བས་ན་དཔེ་ཙམ་དུ་ཟད་དེ་དགེ་འདུན་ལྷག་མ་

སྤྱོད་པ་ལ་གནས་པ་གཞན་དག་ལ་ཡང་ཆོ་ག་འདི་ཞེས་བྱ་བ་ཤེས་པར་བྱའོ། །སྨྱོན་པས་བཏོན་པ་ཡང་ངོ་ཞེས་བྱ་བ་ནི་སྨྱོན་པས་སོ་སོར་ཐར་པའི་མདོ་གདོན་པར་བྱས་པ་ལ་ཡང་བྱས་པ་ཉིད་ཡིན་ནོ། །འདིར་གཞུང་ནི་སྨྱོན་པས་སོ་སོར་ཐར་པའི་མདོ་བཏོན་ན། སོ་སོར་ཐར་པའི་མདོ་གདོན་

པར་བརྗོད་པར་བགྱིའམ། བཀའ་སྩལ་པ་བཏོན་པར་བརྗོད་པར་བགྱིའོ། །གསོ་སྦྱོང་བགྱིད་པར་བརྗོད་པར་བགྱིའམ། བཀའ་སྩལ་པ་བྱས་པར་བགྱིའོ་ཞེས་གསུངས་པ་ཡིན་ནོ། །འདིར་སྨྱོན་པ་ནི་དཔེ་ཙམ་དུ་ཟད་དེ་དེས་ན་རང་བཞིན་དུ་ཉམས་པ་ཐམས་ཅད་འཕངས་པ་ཡིན་ཏེ་དོན་དྲན་

པའི་ཕྱིར་རོ། །དབྱེན་རྗེས་སུ་སྒྲུབ་པ་ནི་གསོལ་བ་དང་འདྲའོ་ཞེས་བྱ་བ་ནི་རྒྱུ་གང་དག་གིས་གསོལ་བའི་ལས་བྱས་པ་མི་འཆགས་པ་དེ་བཞིན་དུ་རྒྱུ་དེ་དག་ཉིད་ཀྱིས་དགེ་འདུན་གྱི་དབྱེན་གྱི་སྦྱོར་བ་རྗེས་སུ་སྒྲུབ་པ་ལ་ནི་ཡང་དེ་རྣམས་ཀྱིས་ཤེས་པའི་དོན་ཏོ། །གང་ཞིག་འདིར་ཚུལ་ཤིང་དག་

ལེན་པ་དང་། འདྲིམ་པར་བྱེད་པའི་ངོ་བོ་དེའི་དོན་དུ་མདོ་འདི་བྱས་ཏེ། གཞན་ལ་གསོལ་བ་ཉིད་ཀྱི་ཕྱིར་རོ། །འདིར་གཞུང་ནི་ཞུ་བ་ལས་གནས་ནས་ཕྱུང་བ་དང་དགུས་དགེ་འདུན་འབྱེད་ན་དགེ་འདུན་མ་ཕྱེད་པར་བརྗོད་པར་བྱའོ། །རྐུ་ཐབས་སུ་གནས་པ་དང་དགུས་དགེ་འདུན་འབྱེད་

ན་དགེ་འདུན་མ་ཕྱེད་པར་བརྗོད་པར་བྱའོ། །མཚན་གཉིས་པས་ཚུལ་ཤིང་ལེན་ཏམ། རྗེས་སུ་སྒྲོགས་ན་དགེ་འདུན་བྱེ་བར་བརྗོད་པར་བགྱིའམ། དགེ་འདུན་མ་བྱེ་བར་བརྗོད་པར་བགྱི། བཀའ་སྩལ་པ། དགེ་འདུན་མ་བྱེ་བར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་

Vol. 161 · folio 195a

མཚན་མི་མཐུན་པ་ཉིད་ནི་ཡན་ལག་མ་ཡིན་ནོ། །རྗེས་སུ་ཞེས་བྱ་བ་ནི་དབྱེན་རྗེས་སུ་སྒྲུབ་པ་འདི་ལ་ཕོ་རྣམས་ལ་ནི་མོ་ཉིད་ཡན་ལག་མ་ཡིན་ལ། མོ་རྣམས་ལ་ཡང་ཕོ་ཉིད་ཡན་ལག་མ་ཡིན་ནོ། །འདིར་གཞུང་ནི་གཏམ་གྱི་གཞི་ལས། ཉེ་བ་འཁོར་དགེ་སློང་

ཁོ་ནས་དགེ་སློང་གི་དགེ་འདུན་འབྱེད་པར་འགྱུར་གྱི། དགེ་སློང་མས་ཀྱང་མི་འགྱུར། དགེ་སློབ་མས་ཀྱང་མི་འགྱུར། དགེ་ཚུལ་གྱིས་ཀྱང་མི་འགྱུར། དགེ་ཚུལ་མས་ཀྱང་མི་འགྱུར་མོད་ཀྱི་འོན་ཀྱང་དགེ་འདུན་འབྱེད་པའི་ཕྱིར་བརྟུལ་བར་ནི་འགྱུར་རོ། །དགེ་སློང་མ་ཁོ་ནས་དགེ་སློང་

མའི་དགེ་འདུན་འབྱེད་པར་འགྱུར་གྱི། དགེ་སློང་གིས་ཀྱང་མི་འགྱུར། དགེ་སློབ་མས་ཀྱང་མི་འགྱུར། དགེ་ཚུལ་མས་ཀྱང་མི་འགྱུར་མོད་ཀྱི། འོན་ཀྱང་དགེ་འདུན་འབྱེད་པའི་ཕྱིར་བརྟུལ་བར་ནི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བཞད་གད་ཀྱི་དངོས་པོས་ནི་གང་གིར་ཡང་མི་

འགྱུར་རོ་ཞེས་བྱ་བ་ནི། བཞད་གད་ཀྱི་དངོས་པོས་ཞེས་བྱ་བ་ནི་ཀུ་རེའི་བསམ་པས་ཁས་ལེན་པར་བྱེད་ཅིང་ལས་ཐམས་ཅད་ནི་གང་གི་ཡང་ཡན་ལག་དུ་མི་འགྱུར་ཏེ། བསམ་པའི་དབང་གིས་གནས་པ་ལྡང་བ་ཡིན་གྱི། ལས་གནས་པ་ལ་ལྟོས་པའི་བསམ་པས་ནི་འདིར་མ་ཡིན་ནོ། །

འདིར་གཞུང་ནི་དབྱེན་གྱི་སྐབས་སུ་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། གང་གི་ཕྱིར་དབྱེན་གྱི་བྱ་བ་ལ་བཞད་གད་ཀྱི་བསམ་པས་རྗེས་སུ་སྒྲོགས་ཤིང་ཚུལ་ཤིང་ལེན་དུ་གསོལ་ན་དགེ་འདུན་བྱེ་བར་བགྱིའམ། ཉེ་བ་འཁོར་མི་བྱའོ་ལས་བགྱིད་པ་ལ་ལྟུང་བ་ཅིར་འགྱུར། དབྱེན་གྱི་

སྐབས་ཀྱི་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་དགེ་འདུན་གྱིས་ཤེས་ན་དགེ་འདུན་ཐམས་ཅད་ལ་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་ཐམས་ཅད་དུ་བྱེ་བྲག་མེད་པར་ཤེས་པས་འདིར་རྗེས་སུ་ཐོབ་པའི་སྒྲས་ནི་ལས་བརྗོད་པ་ལའོ། །མི་འཆགས་

པའི་བློས་དབྱེན་བྱེད་པ་དང་གནས་ནས་འབྱིན་པ་དག་ནི་སྦོམ་པོའི་ཞེས་བྱ་བ་ནི་དབྱེན་གྱི་ལས་དང་གནས་ནས་དབྱུང་བའི་ལས་མི་འཆགས་པར་ཤེས་བཞིན་དུ་མི་འཆགས་ཀྱང་བླའི། འོན་ཀྱང་བྱའོ་སྙམ་པའི་བློས་དབྱེན་དང་གནས་ནས་དབྱུང་བའི་ལས་བྱེད་དམ། དེའི་ཡན་ལག་

Vol. 161 · folio 195b

གི་དངོས་པོ་བསྒྲུབས་ན་ཐམས་ཅད་དུ་དབྱེན་གྱི་ཕྱོགས་ཀྱི་སྦོམ་པོར་འགྱུར་བའོ། །དགེ་འདུན་དུ་མ་གྱུར་པ་ཉིད་ནི་ཉེས་བྱས་སོ་ཞེས་བྱ་བ་ནི་གྲོགས་མེད་པ་ཉིད་དུ་བྱེད་པའམ། གཅིག་དང་ལྷན་ཅིག་གམ་གཉིས་དང་ལྷན་ཅིག་ཏུ་དབྱེན་དང་གནས་ནས་འབྱིན་པ་དག་བྱེད་ན་ཉེས་བྱས་སུ་འགྱུར་

རོ། །འདི་ནི་རྩེད་མོའི་རྣམ་པ་ཡིན་གྱི་རྗེས་སུ་བསྒྲུབ་པའི་རྣམ་པ་ནི་མ་ཡིན་པར་ཤེས་པར་བྱའོ། །འདིར་གཞུང་ནི་གཅིག་གིས་གཅིག་གནས་ནས་འབྱིན་ན་ཉེས་བྱས་སོ། །གཅིག་གིས་གཉིས་སམ་གཅིག་གིས་མང་པོའམ་གཉིས་ཀྱིས་བཞིའམ། གཉིས་ཀྱིས་

གཅིག་གམ། མང་པོས་མང་པོ་འམ་མང་པོས་བཞིའམ། མང་པོས་གཅིག་གམ། མང་པོས་གཉིས་གནས་ནས་འབྱིན་ན་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཐ་དད་པར་གནས་པ་དག་ལས་གཞན་པ་ཁ་སྐོང་བར་འོས་པ་མ་ཡིན་པ་དག་གིས་ཚོགས་ཀྱིས་གསོལ་

བ་དང་བརྗོད་པ་དག་ནི་མ་ཡིན་ནོ་ཞེས་བྱ་བ་ནི། བྱས་པ་ཉིད་ལ་བྱས་པ་ཉིད་དོར་ནས་གནས་ཐ་དད་པ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཁ་སྐོང་བར་འོས་པ་མ་ཡིན་པ་ཐམས་ཅད་ཀྱང་རྣམ་གྲངས་ཀྱིས་ཐ་དད་པར་གནས་པ་ཡིན་ནོ། །དེ་ལྟ་བས་ན་གནས་པ་ཐ་དད་པར་གནས་པ་

ཉིད་དང་གང་དག་རང་བཞིན་དུ་མི་གནས་པ་ཉིད་ནི་གཞན་མ་ཡིན་ནོ། །དེ་རྣམས་ལ་དེ་ལེན་པར་རྟོགས་པར་བྱའོ། །ཡང་དེ་རྣམས་ནི་ཆོས་མ་ཡིན་པའི་ཕྱོགས་ཁས་བླངས་པ་འདི་ཐོབ་པ་རྣམས་ལ་དེ་རྣམས་ཡང་ཁས་བླངས་པས་ཐ་དད་པ་ཉིད་ཡིན་པས་ཐ་དད་པ་ཉིད་དུ་རིག་པར་

བྱའོ། །བསྙེན་པར་རྫོགས་པ་དང་བཅས་པ་མ་ཉམས་པ་རྣམས་ཀྱིས་བསླབ་པ་ལ་གུས་པར་བྱ་དགོས་ལ་གསོ་སྦྱོང་དང་དགག་དབྱེ་དག་བྱ་བ་གང་ཡིན་པ་དེ་ནི་བསླབ་པའི་ཡན་ལག་དང་། བསླབ་པ་རྗེས་སུ་སྐྱོང་བར་འགྱུར་བ་དག་ཡིན་པ་དེའི་ཕྱིར་ཁ་སྐོང་བར་འོས་པ་མ་ཡིན་པས་

གསོ་སྦྱོང་དང་དགག་དབྱེ་དག་བྱས་པ་ཁོ་ན་ཡིན་ནོ། །རང་གི་འོས་པའི་དགེ་འདུན་ཉམས་སུ་མྱོང་བ་མ་གྲུབ་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལས་དེ་ལ་རང་གི་འོས་པའི་དགེ་འདུན་བཞིའི་ཚོགས་ལ་སོགས་པའི་དགེ་འདུན་གང་ཡིན་པ་དེ་ལས་ཉམས་སུ་མྱོང་བ་མ་གྲུབ་པ་ཉིད་ན་ལས་དེ་བྱས་

Vol. 161 · folio 196a

པ་ཉིད་མ་ཡིན་ཏེ་ལས་མ་གྲུབ་པ་ཉིད་ཅེས་བྱ་བའི་དོན་ཏོ། །གསོལ་བ་ཐོས་ན་དེ་གྲུབ་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་འདུན་དང་ཉན་དུ་གཞུག་པ་བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པས་གསོལ་བ་ཙམ་ཐོས་ན་ཡང་ཉམས་སུ་མྱོང་བ་དེ་འགྲུབ་པ་ཉིད་

ཡིན་ཏེ། དེ་ཙམ་ཐོས་པས་ལས་དེ་བྱས་པ་ཉིད་ཡིན་ནོ། །སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མ་དག་པ་འདྲ་བས་རབ་ཏུ་འབྱིན་དུ་གཞུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག །སྐལ་བ་དང་ལྡན་པའི་རང་བཞིན་ཅན་གྱི་གང་ཟག་གང་ཡིན་པ་ཁྱིམ་ནས་འབྱུང་

བའི་སྐབས་མི་རྙེད་ན། དེ་ལ་མངགས་པ་དང་འདྲ་བས་རབ་ཏུ་འབྱིན་དུ་གཞུག་པ་གང་ཡིན་པ་དེ་ནི་ཆོ་ག་མ་ཡིན་པ་མ་ཡིན་ཏེ། ཆོ་ག་ཡིན་པ་ཁོ་ནར་བལྟ་བར་བྱ་བ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་དེ་བས་ན་དེ་ལྟ་བུའི་མངགས་པས་བསྙེན་པར་རྫོགས་པར་བྱའོ། །

བསྙེན་པར་རྫོགས་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པའི་སྐབས་ཀྱི་ཆོས་བྱིན་གྱིས་སྐབས་རྗེས་སུ་གནང་བ་དང་ཚུལ་ཡང་གསུངས་སོ། །མངགས་པ་དེས་དེའི་སྐབས་རྗེས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་དེས་དེར་སོང་ནས་དེ་ལ་འདི་ལྟར་མངགས་

པའི་ལས་ཀྱིས་བསླབ་པ་སྦྱིན་པ་དེ་ནི་སློབ་དཔོན་དང་འདྲ་བས་མངགས་པའི་ལས་ཞེས་བྱ་བ་བརྗོད་པར་བྱའོ། །བུད་མེད་ལ་ནི་བུད་མེད་དང་སྐྱེས་པས་ཀྱང་ངོ་ཞེས་བྱ་བ་ནི་རབ་ཏུ་དབྱུང་བར་བྱ་བ་བུད་མེད་ལ་ནི་མངགས་པ་བུད་མེད་ཀྱིས་ཀྱང་བྱར་རུང་སྐྱེས་པས་ཀྱང་བྱར་རུང་ངོ་། །

སྐྱེས་པ་ལ་ནི་སྐྱེས་པ་ཁོ་ནས་སོ་ཞེས་བྱ་བས་ནི་བུད་མེད་ཀྱིས་མི་བྱ་སྟེ་མཐུ་དང་ལྡན་པའི་ཡུལ་ལ་དམན་པ་དབང་མེད་པའི་སྐྱེས་པ་བདག་པོར་གྱུར་པ་སྟེ། དེ་ཡང་འདི་ལ་ཡོད་པས་སྐྱེས་པའི་བྱ་བ་དག་ལ་བུད་མེད་ཀྱི་ཡིད་ཀྱིས་བྱ་བ་མི་རིགས་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་མངགས་པས་

ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་གསོལ་བ་དང་ཁས་བླངས་པ་དག་དེའི་མིང་ཁོ་ནས་བྱའོ་ཞེས་བྱ་བ་སྨོས་ཏེ། མིང་འདི་ཞེས་བྱ་བ་དེ་རབ་ཏུ་དབྱུང་བར་གསོལ་ལོ་ཞེས། དེའི་མིང་ཉིད་ཀྱིས་རབ་ཏུ་འབྱུང་བ་ཡང་དག་པར་ལེན་ཏོ་ཞེས་དེ་ལྟར་དེའི་མིང་གིས་བྱའོ། །དེའི་མིང་ནས་

Vol. 161 · folio 196b

མ་སྨོས་པར་རབ་ཏུ་དབྱུང་བ་ཞུ་བ་ཡང་མངགས་པས་མི་བྱ་བའི་ཕྱིར་བརྗོད་པ་ཡང་རབ་ཏུ་བྱུང་བ་ཞེས་སྨོས་པས་འཕངས་པ་ཉིད་ཡིན་ནོ། །བསྙེན་པར་རྫོགས་པ་མན་ཆད་གོང་མ་ཡང་ངོ་ཞེས་བྱ་བ་ནི་འདིར་མན་ཆད་ཀྱི་སྒྲས་དབྲི་བའོ། །རབ་ཏུ་བྱུང་བའི་གོང་མ་བསྙེན་པར་རྫོགས་

པ་མན་ཆད་ཀྱང་སྐལ་བ་དང་ལྡན་པའི་རང་བཞིན་ཅན་ལ་མངགས་པ་དང་འདྲ་བས་གང་བྱ་བ་དེ་མི་རིགས་པ་མ་ཡིན་ཏེ། རིགས་པ་ཁོ་ན་ཡིན་ནོ། །འདིར་གོང་མ་ཞེས་བྱ་བ་ཡིན་ཏེ། སྔར་རབ་ཏུ་བྱུང་བ་དེ་སྨོས་པས་དགེ་ཚུལ་གྱི་སྡོམ་པ་སྦྱིན་པ་བསྟན་པ་དང་། གོང་མ་དགེ་ཚུལ་མའི་

སྡོམ་པ་སྦྱིན་པ་དང་། བར་སློབ་མའི་སྡོམ་པ་སྦྱིན་པ་དང་། ཚངས་པར་སྤྱོད་པ་ལ་ཉེ་བར་གནས་པའི་སྡོམ་པ་སྦྱིན་པ་དང་། བསྙེན་པར་རྫོགས་པར་བྱ་བ་དག་གོ། །མི་ནོད་ན་སྦྱིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི་བདག་ལ་བསླབ་པ་མ་སྦྱིན་ཅིག །བདག་ལ་བསྙེན་པར་རྫོགས་

པར་མ་བྱས་ཤིག་ཅེས་མི་ནོད་ན་སྦྱིན་པར་བྱེད་དུ་ཟིན་ཀྱང་བྱིན་པ་ཉིད་དུ་མི་འགྱུར་བའོ། །དེ་ལ་གསོལ་བ་ཉམས་སོ་ཞེས་བྱ་བ་ནི་མི་ནོད་པ་དེ་ལ་སྔར་གསོལ་བ་གང་ཡིན་པ་དེ་ཡང་འདིར་ཁས་མི་ལེན་པ་དེ་ལ་ཉམས་པ་ཡིན་ཏེ། དེའི་ཕྱིར་བླང་བར་འདོད་པ་དེ་ཡང་གསོལ་བ་བྱ་བ་ཉིད་

ཡིན་ནོ། །སྔར་བཞམས་ཏེ་བསྒོ་བ་ཉིད་ཆོ་ག་ཉིད་ཡིན་ནོ་ཞེས་བྱ་བ་དེ་དག་ལ་བཞམས་ཏེ་བསྒོ་བར་བྱའོ་ཞེས་གང་གསུངས་པ་དེ་ཉིད་ཆོ་གར་ཤེས་པར་བྱ་སྟེ། དེས་ན་དེ་མ་བསྒྲུབས་ན་ཆོ་ག་ལས་འདས་ན་ལས་མི་འཆགས་སོ་ཞེས་བྱ་བ་བསྟན་པས། བསྒོ་བར་བྱ་བ་ལ་ཡང་སྔར་

བཞམས་ཏེ་མ་བསྒོ་ན་ལས་མི་འཆགས་སོ། །གནས་ནས་དབྱུང་བ་ལ་ཡང་བཞམས་ཏེ་བསྒོ་བ་ཉིད་ཆོ་ག་ཡིན་ཏེ། དེས་ན་གནས་ནས་དབྱུང་བ་ལ་བཞམས་ཏེ་བསྒོ་བ་མ་བྱས་ན་ལས་མི་འཆགས་སོ། །དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་ལ་ནི་ཕ་རོལ་གྱི་

སེམས་གཏད་པ་ཉིད་གཙོ་བོ་ཡིན་ནོ་ཞེས་བྱ་བ་ནི། དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་དག་ལ་ཕ་རོལ་གྱི་སེམས་གཏད་པ་ཉིད་གཙོ་བོ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་གྱུར་པ་ཡིན་པ་དེའི་ཕྱིར་དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་བརྗོད་པ་ལ་

Vol. 161 · folio 197a

སེམས་སྡུས་ཤིག་ཅེས་བྱ་བའི་སྔགས་རྣམས་མ་བརྗོད་ཀྱང་ལས་མི་འཆགས་པར་དོགས་པར་མི་བྱའོ། །སོགས་པ་ཞེས་སྨོས་པའི་སྒྲས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། དགེ་འདུན་བཙུན་པ་རྣམས་དགོངས་སུ་གསོལ།

བཙུན་པ་དགོངས་སུ་གསོལ། ཚེ་དང་ལྡན་པ་གསན་དུ་གསོལ། ཚེ་དང་ལྡན་པ་དག་སེམས་སྡུས་ཤིག་ཅེས་བྱ་བའི་སྔགས་དག་སྨོས་པ་བསྡུ་བར་རིག་པར་བྱའོ། །དོན་གྱི་སྐབས་དག་གི་གོ་རིམས་འཁྲུགས་པས་ནི་མི་འཆགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་མིང་འདི་

ཞེས་བགྱི་བས་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ཏེ་ཞེས་བྱ་བ་ལ། དགེ་འདུན་ལས་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་གསོལ་ཏེ་ཞེས་བྱ་བ་ལྟ་བུའི་ཚིག་གི་གོ་རིམས་འཁྲུགས་པས་ནི་ལས་མི་འཆགས་པར་མི་འགྱུར་བའོ། །

དེ་ཡང་ཚིག་གི་ཕྲད་སྔ་ཕྱི་འཁྲུགས་པས་གོ་བར་བྱེད་པ་མ་ཡིན་ན་ནི་མི་འཆགས་སོ། །གོ་བར་བྱེད་པ་ཡིན་ན་ནི་འཆགས་སོ། །དེ་ནི་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི་དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པའི་ཚིག་མེད་པ་དང་། དོན་གྱི་སྐབས་དག་གི་གོ་རིམས་འཁྲུགས་པ་

དེ་ནི་མི་བྱ་བ་ཉིད་དེ། དེ་ནི་ཟུར་ཆག་པ་ཡིན་པས་དེ་ལྟར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཚན་གཞན་ལ་བརྟེན་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དགེ་སློང་ཞེས་བརྗོད་པར་བྱ་བ་ལ་དགེ་སློང་མ་ཉིད་དུ་བརྗོད་པ་དང་། དགེ་སློང་མ་ཞེས་བྱ་བ་བརྗོད་པར་བྱ་བ་ལ། དགེ་སློང་

ཉིད་དུ་བརྗོད་པ་ལ་སོགས་པས་ནི་མི་འཆགས་པ་མ་ཡིན་པའི་རྫས་སུ་བརྗོད་པ་ནི་དགོངས་པ་ཡིན་ཏེ་མཚན་མས་ནི་མ་ཡིན་ཞེས་བྱ་བ་དེ་ཤེས་པའོ། །དགེ་སློང་དང་དགེ་སློང་མ་དག་གི་ལས་གཞན་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དགེ་སློང་ཉིད་ལ་དགེ་སློང་མ་ཉིད་ཀྱི་ལས་གཞན་

བྱེད་པ་ནི་མི་འཆགས་པ་མ་ཡིན་ལ། དགེ་སློང་མ་ཉིད་ལ་དགེ་སློང་གི་ལས་བྱེད་པ་ཡང་མི་འཆགས་པ་མ་ཡིན་པའོ། །དགེ་སློང་བསྙེན་པར་རྫོགས་པར་བྱ་བའི་ལས་གང་ཞིག་ལ་དགེ་སློང་མ་རྣམས་ཀྱི་བསྙེན་པར་རྫོགས་པའི་ལས་གང་ཞིག་མཐར་ཐུག་བྱེད་པ་ལ་གཅིག་པུ་

Vol. 161 · folio 197b

ཡོད་པ་མ་ཡིན་ནོ། །དགེ་སློང་གི་དགེ་འདུན་གྱིས་བསྙེན་པར་རྫོགས་པར་བྱེད་པ་ལ་གཙོ་བོ་ཉིད་དེ་རྗེས་སུ་འཇུག་པ་ཙམ་པོར་གྱུར་པས་དགེ་སློང་མའི་དགེ་འདུན་ཉེ་བར་གནས་པའོ། །དེ་ལྟར་ཡང་དགེ་སློང་རྣམས་ལས་དགེ་སློང་མས་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་

བརྩལ་བར་བྱའོ་ཞེས་གསུངས་པ་དེ་བས་ན་དེས་ཤེས་པའོ། །འདིར་གཞུང་ནི་སིལ་བུ་དང་རབ་ཏུ་བྱུང་བའི་གཞི་ཞུ་བ་དག་ལས། བཙུན་པ་རེ་ཞིག་དགེ་ཚུལ་དགེ་ཚུལ་མའི་ལས་ཀྱིས་བསྙེན་པར་རྫོགས་པར་བགྱི་ན་ནི་བསྙེན་པར་རྫོགས་པར་བགྱིའམ། ཉེ་བ་འཁོར་བསྙེན་པར་

རྫོགས་པར་བརྗོད་པར་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལས་ཀྱི་གཞི་ཞུ་བ་ལ་སོགས་པའི་སྐབས་སོ། །ལས་ཀྱི་གཞི་རྫོགས་སོ།། །།གཞི་མ་ཞི་བར་ཤེས་ནས་གླེང་བ་

པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཇོག་པ་ལ་ནན་ཏུར་གྱི་ལས་བྱའོ་ཞེས་བྱ་བ་སྨོས་ཏེ་ནན་ཏུར་གྱི་ལས་ཀྱི་རྒྱུ་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པའི་གཞི་དེ་མ་ཞི་ཞིང་དེས་ཡིད་ཆེས་ཤིང་མངོན་པར་ཡིད་ཆེས་པར་གྱུར་ན་གླེང་བ་པོས་ཀྱང་དམ་བཅས་པ་ལ་གཞི་དེ་ཉེ་བར་མ་ཞི་བ་

ལ་གང་དུ་གླེང་བ་པོ་མ་བྱུང་བ་ལས་དགེ་སློང་ཐམས་ཅད་ལ་ཤེས་པ་ཉིད་དེར་དགེ་འདུན་ཐམས་ཅད་ཀྱིས་ཤེས་པར་བྱ་བ་ལ་མདོ་འདིའོ། །དེ་ལྟར་གནས་པ་ལ་གླེང་བ་པོ་རང་གི་ངང་གིས་མ་བྱུང་བ་དེ་ལ་ཅི་དགེ་འདུན་གྱིས་བཏང་སྙོམས་སུ་བྱའམ། འོ་ན་གླེང་བ་པོ་བསླང་སྟེ་འཇུག་པར་

བྱ་སྙམ་པའི་ཐེ་ཚོམ་དང་མ་ངེས་པའི་ཆགས་པ་མི་ལྟུང་བ་སྟེ་བཟློག་པའི་ཕྱིར། གླེང་བ་པོ་རང་མ་བྱུང་ན་དགེ་འདུན་གྱིས་བསླང་བར་བྱའོ་ཞེས་བྱ་བ་སྨོས་ཏེ། འདིར་ཡང་ལུང་ནི་བསྐྲད་པར་བྱ་བའི་ལས་ལ་ལམ་ཕྱེད་དུ་སོང་ལ་འགྲོ་མགྱོགས་དང་ནབ་སོ་གཉིས་ཀྱི་གླེང་བ་པོ་དགེ་སློང་བསྐོ་

བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་འདུན་ཐམས་ཅད་གཤེ་བ་གང་ཡིན་པ་མི་རིགས་ཤིང་མཛེས་པས་དེའི་ཕྱིར་གླེང་བར་བྱ་བ་རྣམ་པ་དེ་ལྟ་བུ་མངོན་སུམ་དུ་གྱུར་པ་ལ་ནན་ཏུར་གྱི་ལས་བསྡིགས་པ་ལ་སོགས་པ་བདུན་པོ་དག་བྱའོ། །ནན་ཏུར་ཞེས་བྱ་བ་ནི་འོག་ཏུ་གཞུག་ཅིང་

Vol. 161 · folio 198a

བཤུད་པ་ཉིད་དུ་རྣམ་པར་གཞག་པ་ཞེས་བྱ་བའི་དོན་ཏོ། །འདུ་བ་མི་སྟེར་ན་གྲགས་པ་ཙམ་གྱིས་སོ་ཞེས་བྱ་བ་ནི། གླེང་བ་པོས་སོ་སོར་ཤེས་པར་བྱས་ཤིང་མངོན་སུམ་དུ་འཇོག་ན་ཞེས་སྨོས་ན་དེ་ཉིད་དམིགས་ཀྱིས་བསལ་བ་ཡིན་ནོ། །གང་གི་ཕྱིར་འདུ་བ་མི་

སྟེར་བ་ལ་སོགས་པ་ལ་དེའི་ཚེ་སོ་སོར་ཤེས་པར་བྱ་བ་ལ་སོགས་པ་བྱར་མི་ནུས་པས། དེའི་ཕྱིར་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པ་རྒྱུ་གྲགས་པ་ཙམ་གྱི་འདུ་བ་མི་སྟེར་ན་བསྡིགས་པ་ལ་སོགས་པའི་ལས་བྱའོ། །མ་མཐོང་བ་ལ་ནི་ཁས་ལེན་པ་ཡན་ལག་མ་ཡིན་ཏོ། །ཡོད་པ་

ཉིད་རྣམ་པར་བཤིག་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཚེ་ལྟུང་བ་མ་མཐོང་བས་གནས་ནས་དབྱུང་བའི་ལས་བྱེད་པ་མ་མཐོང་བ་དེ་ལ་ནི་གྲགས་པ་དང་མངོན་སུམ་གྱི་དངོས་པོ་གཉིས་ཡན་ལག་ཡིན་གྱི། ཁས་ལེན་པ་ལ་ནི་ཡན་ལག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཡོད་པ་ཉིད་རྣམ་

པར་བཤིག་པའི་ཕྱིར་རོ། །འདི་ལྟར་བྱས་པ་ཡང་དག་པའི་ལྟུང་བ་མ་མཐོང་ཞིང་ལྟུང་བ་ཡང་དག་པར་མ་མཐོང་བ་དེ་ལ་གལ་ཏེ་དེ་བདེན་ཡང་དག་སྟེ། ཡང་དག་པའི་ལྟུང་བ་བདག་གིས་མ་མཐོང་ཞིང་ཁས་ལེན་ན་དེས་ལྟུང་བ་མཐོང་བར་འགྱུར་རོ། །དེ་བས་ན་གང་ཞིག་ནན་ཏུར་གྱི་

ལས་བྱེད་པའི་རྒྱུ་ལྟུང་བ་མཐོང་བ་དེས་ཡོད་པ་ཉིད་རྣམ་པར་བཤིག་པའི་ཕྱིར་ནན་ཏུར་གྱི་ལས་མི་བྱ་བ་ཉིད་ཡིན་པས། དེའི་ཕྱིར་དེ་ལ་ཁས་ལེན་པ་ནི་ཡན་ལག་མ་ཡིན་ནོ། །སྐབས་མི་འབྱེད་ན་ཡང་མི་རིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྐབས་མི་འབྱེད་ན་ཡང་གྲགས་པ་དང་མངོན་སུམ་

གྱི་དངོས་པོ་གཉིས་ཡན་ལག་ཡིན་གྱི་ཁས་ལེན་པ་ནི་ཡན་ལག་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་མི་རིགས་པའི་ཕྱིར་རོ། །གང་གི་ཕྱིར་འདི་རྒྱུ་གཉིས་ཀྱིས་མི་རིགས་ཏེ། སྐབས་མི་འབྱེད་པའི་གང་ཟག་ལ་གླེང་བ་ཉིད་ཀྱང་མི་བྱ་ན་ཁས་ལེན་པ་ལྟ་ག་ལ་ཡོད་དེ། དེའི་ཕྱིར་རྒྱུ་གཅིག་གིས་

ཀྱང་མི་རིགས་ལ། གང་སྐབས་མི་འབྱེད་པར་བྱེད་པ་དེ་ལ་ཇི་ལྟར་བྱས་ཀྱང་སྐབས་རྙེད་ཅིང་གླེང་བ་ལ་ཁས་བླང་ངོ་སྙམ་དུ་སེམས་པར་མི་འགྱུར་བས་དེའི་ཕྱིར་རྒྱུ་གཉིས་པ་དེས་ཀྱང་མི་རིགས་སོ། །གླེང་བ་པོས་རང་མ་ལངས་ན་བསྐོ་བས་བསླང་བར་བྱའོ་ཞེས་བྱ་བ་ནི་གལ་ཏེ་གླེང་བ་པོ་རང་ལངས་

Vol. 161 · folio 198b

ནས་སྤྲོ་བར་བྱ་སྟེ། དགེ་འདུན་མཐུན་པར་བསླང་བར་བྱའོ། །རྒྱུ་གང་གིས་ནན་ཏུར་གྱི་ལས་བྱ་བ་དེ་སྤྱིར་བསྟན་པས་ནན་ཏུར་བྱས་པ་ཇི་ལྟར་གྱུར་པ་ལ་བཟོད་པར་བྱ་བ་དེ་བསྟན་པའི་ཕྱིར། གཤེ་བ་དང་ཁྲོ་བ་དང་སྤྱོ་བ་ཉིད་དང་། དགེ་འདུན་གྱི་རྙེད་པ་མེད་པ་དང་། གནས་མེད་པར་བྱ་བར་སེམས་

པ་ཉིད་དང་། བླའི་གྲྭ་དང་འོག་ཟུར་དང་། ཉེ་དུའི་གང་ཟག་རྟེན་ཉིད་དང་། དགེ་འདུན་རྟེན་མ་ཡིན་པ་ཉིད་དུ་མི་འཛིན་པ་དང་། ཁྱིམ་པ་དང་མུ་སྟེགས་ཀྱི་རྒྱལ་མཚན་འཆང་བ་དང་། མུ་སྟེགས་ཅན་ལ་བརྟེན་པ་དང་། ཆོ་ག་མ་ཡིན་པར་སྤྱོད་པ་དང་དགེ་སློང་གི་བསླབ་པ་དག་ལ་སློབ་པར་མི་བྱེད་

པ་དང་། སྐྲ་འགྲང་བར་གྱུར་པ་དང་། སྐྲ་འཕྱར་བར་གྱུར་པ་དང་། དགེ་འདུན་ལ་སྤུ་སྙོལ་བར་བྱེད་པ་དང་། འབྱུང་བར་བསྐྱོད་པ་དང་མཚུངས་པར་ཉེ་བར་སྟོན་པ་དང་། རྒྱུན་ལས་ཕྱིར་བཟློག་པར་བཟོད་པར་གསོལ་བའོ་ཞེས་བྱ་བ་སྨོས་ཏེ། མི་འཛིན་པ་ཞེས་བྱ་བ་ནི་ཚིག་གོང་མ་བཞི་དང་སོ་སོར་

སྦྱར་ཏེ། ཁྱིམ་པ་དང་རབ་ཏུ་བྱུང་བ་དག་ལ་གཤེ་བ་དང་ཁྲོ་བ་དང་། སྤྱོ་བ་ཉིད་དུ་མི་འཛིན་པའོ། །འདིར་གཤེ་བ་ལ་སོགས་པ་ལ་འཇུག་པར་གྱུར་པ་ཉིད་གཟུང་བར་རིག་པར་མི་བྱ་བར་མི་བྱའོ། །ཞི་བ་མ་ཡིན་པར་འཇུག་པ་ལ་ཡང་འདིར་བཟོད་པ་གསོལ་བ་མི་རིགས་པའི་ཕྱིར་རོ། །བཟོད་

པ་གསོལ་བ་དང་འཇུག་པར་འགྱུར་བ་ལ་ཡང་སྔོན་གྱི་གནས་སྐབས་སུ་གྱུར་པའི་གཤེ་བ་ལ་སོགས་པ་ཡང་འདིར་བསྡུས་པར་རིག་པར་བྱའོ། །རྙེད་པ་དང་གནས་པ་དག་གིས་དགེ་འདུན་ལ་སེམས་པར་བྱེད་པ་ཉིད་མི་འཛིན་པའོ། །གལ་ཏེ་དགེ་འདུན་ལ་མ་རྙེད་པའི་ཕྱིར་སེམས་པར་མི་

བྱེད་པ་དང་མི་གནས་པའི་ཕྱིར་སེམས་པར་མི་བྱེད་པ་ཞེས་བྱ་བའོ། །འདིར་དགེ་འདུན་ཞེས་སྨོས་པ་ནི་དཔེ་ཙམ་དུ་ཟད་དེ་དགེ་སློང་བསྡུས་པའམ། རེ་རེ་ལ་དེ་ལྟར་རྙེད་པ་མ་ཡིན་པ་དང་གནས་མེད་པ་དག་གིས་དེ་ལྟར་སེམས་པ་ཉིད་མི་འཛིན་པ་སྟེ། བཟོད་པར་གསོལ་བ་རིགས་པ་ཉིད་

དོ། །ནན་ཏུར་གྱི་ལས་ཀྱི་རྒྱུ་བྱ་བ་ཡོད་པའི་ཕྱིར། བླའི་གྲྭ་དང་འོག་ཟུར་དང་། ཉེ་དུའི་གང་ཟག་རྟེན་ཉིད་དུ་མི་འཛིན་པའོ། །བླའི་གྲྭ་དང་འོག་ཟུར་དང་། ཉེ་དུའི་གང་ཟག་ཁྱིམ་པ་དང་རབ་ཏུ་བྱུང་བའི་གང་ཟག་རྟེན་ཉིད་དུ་མི་འཛིན་པ་སྟེ། དེ་དག་རྟེན་ཉིད་དུ་མི་འཛིན་ཅིང་བཟོད་པ་གསོལ་བ་ལ་དགེ་

Vol. 161 · folio 199a

འདུན་གྱིས་བཟོད་པའི་ལས་བྱའོ། །གལ་ཏེ་དེ་ལྟར་དགེ་འདུན་རྟེན་པར་བྱེད་ན་ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་འཛིན་པར་མི་བྱེད་ཅིང་མུ་སྟེགས་ཅན་ལ་བརྟེན་པ་དང་། ཆོ་ག་མ་ཡིན་པར་སྤྱོད་པར་མི་བྱེད་པ་ཞེས་བྱ་བ་ནི་འདིར་གང་དག་དང་འབྲེལ་པས་འདིར་ཆོ་ག་མ་ཡིན་པ་

དག་སྤྱོད་པ་དག་པ་མི་བྱེད་པ་བསྡུས་པར་རིག་པར་བྱའོ། །ཁྱིམ་པའི་རྒྱལ་མཚན་འཆང་བ་དང་། མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བ་དང་། མུ་སྟེགས་ཅན་ལ་བརྟེན་པ་དང་། ཆོ་ག་མ་ཡིན་པར་སྤྱོད་པར་མི་བྱེད་པ་ཞེས་བྱ་བ་དེ་རྣམས་མི་བྱེད་ཅིང་ཞེས་བྱ་བའོ། །འདི་པའི་ཆ་བྱད་གྲུབ་པས་བཟོད་པ་

གསོལ་བར་བྱ་བ་ཉིད་དོ། །ཇི་ལྟར་བསྙེན་པར་རྫོགས་པ་ལ་དེ་ཡང་ཁྱིམ་པ་དང་། མུ་སྟེགས་ཅན་གྱི་རྒྱལ་མཚན་འཆང་བས་མི་རིགས་པ་སྟེ། ལྟ་བ་ཕུན་སུམ་ཚོགས་པ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་གྱུར་པས་བསྙེན་པར་རྫོགས་པར་ལྟ་བར་བཟོད་པ་གསོལ་བའོ། །དེ་ཡང་མུ་སྟེགས་ཅན་

ལ་བརྟེན་པ་དང་། ཆོ་ག་མ་ཡིན་པ་ལ་སྤྱོད་པ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ཕུན་སུམ་ཚོགས་པ་གཉིས་མ་ཚང་བས་མི་རིགས་པའོ། །དགེ་སློང་གི་བསླབ་པ་དག་ལ་མི་སློབ་པར་མི་བྱེད་པ་ཞེས་བྱ་བ་ནི་སྤོང་བས་བསྡུས་པའི་བསླབ་པ་དག་ལ་སློབ་པར་བྱེད་པ་ཁོ་ནར་བྱེད་པའོ། །སྐྲ་འགྲེང་བར་གྱུར་པ་

ཞེས་བྱ་བ་ནི་སྐྲ་དག་གྱེན་དུ་རྣམ་པར་འགྲེང་བར་གྱུར་པ་ཉིད་དོ། །སྐྲ་འཕྱར་བར་གྱུར་པ་ཞེས་བྱ་བ་སྐྲ་དག་ཐད་ཀར་རྣམ་པར་འཕྱར་བར་གྱུར་པ་ཉིད་དོ། །དེ་གཉིས་ཀྱིས་ནི་སྨ་དབབ་པ་ཉིད་དུ་བསྟན་པ་ཡིན་ཏེ། འདི་ལྟར་ན་སྨ་དབབ་པ་ནི་སྐྲ་འགྲེང་བར་གྱུར་པ་དང་། སྐྲ་འཕྱར་བར་གྱུར་པ་ཡིན་ནོ་

ཞེས་གྲགས་པའི་ཕྱིར་ཏེ། དེ་ལྟར་གྱུར་ཅིང་བཟོད་པ་ཡང་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །སྤུ་སྙོལ་བར་བྱེད་པ་ཞེས་བྱ་བ་ནི། སྤུ་འཁུམས་པར་བྱེད་པ་སྟེ། དེས་ནི་རྒྱགས་པ་མེད་པར་བསྟན་ཏེ། འདི་ལྟར་རྒྱགས་པ་དང་བཅས་པའི་སྤུ་དག་སྟེ། དང་པོར་ཤིན་ཏུ་

སྤུངས་པར་སྟོན་པས་དེས་ན་འདི་ནི་རྒྱགས་པ་མེད་པ་ཉིད་དུ་བྱེད་པ་བསྟན་ཏེ། དེ་ལྟར་བྱེད་ཅིང་བཟོད་པ་གསོལ་བ་ལ་དགེ་འདུན་གྱིས་བཟོད་པའི་ལས་བྱའོ། །འབྱུང་བ་སྤྱོད་པ་དང་ཞེས་བྱ་བ་ལ་འབྱུང་བ་ནི་འབྱུང་བ་སྟེ། རིགས་པ་མ་ཡིན་པ་དག་པ་མ་ཡིན་པ་སྨད་པ་ཞེས་བྱ་བའི་གནས་ཀྱི་

Vol. 161 · folio 199b

བྱེ་བྲག་དེ་ནས་རྣམ་པར་དག་པའི་ལམ་དུ་ཞུགས་ཤིང་འབྱུང་བ་ནི་འབྱུང་བ་ཞེས་བྱའོ། །མཚུངས་པ་ཞེས་བྱ་བ་ནི་ཡང་དག་པ་ཉིད་དུ་གྱུར་པར་འཇུག་སྟེ། དགེ་འདུན་དང་འདྲ་དགེ་འདུན་དང་མཚུངས་པར་འཇུག་པའོ། །དེར་ཉེ་བར་སྟོན་པ་ནི་གང་གིས་འདི་བདག་ཅག་དང་མཚུངས་པར་

འགྱུར་ཏེ་ཞེས་བྱ་བས་ཤེས་པར་གྱུར་པས་འདུད་པ་དང་། རྗེས་དང་བཅས་པས་མཉན་ཞིང་རྗེས་སུ་མཐུན་པའི་བྱ་བ་དང་། མཛའ་བར་གྱུར་པའི་སྤྱོད་པ་དང་ལྡན་ཞིང་གུས་པ་དང་རྗེས་གཉིས་ཀྱི་བདག་ཉིད་དུ་གྱུར་པ་ནི་ནང་དུ་གནས་ཤིང་ཞེས་བྱ་བས་ཤེས་པ་ཡིན་ནོ། །རྒྱུ་ལས་ཕྱིར་

བཟློག་པ་ཞེས་བྱ་བ་ནི་འཐབ་ཀྲོལ་བྱེད་པ་ཉིད་ལ་སོགས་པའི་རྒྱུ་གང་གིས་དེ་ལ་ནན་ཏུར་གྱི་ལས་བྱས་པར་གྱུར་པའི་རྒྱུ་དེ་ལས་ཕྱིར་བཟློག་པས་ཏེ། དེ་ནས་བསམ་པ་ཞུགས་པ་འགའ་ཞིག་ལ་ཡང་ལམ་རྣམ་པར་དག་པ་ལ་དེ་དང་འབྲེལ་པ་ཉིད་དུ་འགྱུར་རོ། །ལོག་པའི་ལམ་ལ་གོམས་

པས་འདི་ལས་ངེས་པར་འབྱུང་བས་བསྟན་པའི་དོན་དུ་འདི་སྨོས་སོ། །དེ་ལྟ་བུར་གྱུར་པ་ལ་ཡང་གསོལ་བ་མེད་པར་བཟོད་པའི་ལས་མི་བྱའོ། །བཟོད་པ་དེ་གསོལ་ན་བཟོད་པའི་ལས་བྱའོ། །ལས་སྦྱིན་པ་དང་དབྱུང་བ་དང་བསྙེན་པར་རྫོགས་པར་བྱ་བ་དང་། གཞིག་པ་དང་བསྲང་བ་

ཡང་ངོ་ཞེས་བྱ་བ་ནི་ལས་ཀྱི་སྦྱིན་པའམ་ལས་གྱི་བདག་ཉིད་སྦྱིན་པ་འདི་ལྟ་སྟེ། ཁང་པ་དང་གཙུག་ལག་ཁང་བསྟན་པ་ལ་སོགས་པའི་ལས་སྦྱིན་པའོ། །དེ་ཡང་དབྱུང་བ་དང་བསྙེན་པར་རྫོགས་པ་དང་ཁྱིམ་གྱི་བསླབ་པ་གཞིག་པ་དང་། ལྷུང་བཟེད་ཁ་སྦུབ་པ་རྣམས་ཀྱི་གསོལ་བ་

ཉིད་ཀྱིས་སོ། །འོ་ན་བསྙེན་པར་རྫོགས་པ་སྨོས་པ་ཁོ་ན་ཡིན་ན། བསྙེན་པར་རྫོགས་པར་གསོལ་བར་བྱའོ་ཞེས་བྱ་བས་མ་ཡིན་ནམ་ཞེ་ན། བརྗོད་པར་བྱ་སྟེ་གཙོ་བོ་མ་ཡིན་པའི་དངོས་པོས་འདིར་གསོལ་བ་འདི་མངོན་པར་བསྟེན་པའོ། །འདིར་ལས་བྱེད་པ་པོའི་བྱ་བ་སྒྲུབ་པར་གྱུར་པ་ལ་ཆོ་

ག་འདི་ཐོབ་པའོ། །ཤུགས་ཀྱིས་ཐོབ་པ་ལ་དངོས་སུ་སྨོས་པ་ལ་ཉེས་པ་ཡོད་པ་མ་ཡིན་ནོ། །གཞི་མ་ཞི་བར་ཤེས་ནས་ཞེས་བྱ་བ་ལ་སོགས་པས་ནན་ཏུར་གྱི་ལས་ཀྱི་རྒྱུ་ཐུན་མོང་བ་བསྟན་ནས། ད་ནི་རྒྱུ་གང་ལ་ནན་ཏུར་གྱི་ལས་གང་དག་བྱ་བ་དེ་དག་གི་བྱེ་བྲག་བསྟན་པར་བྱ་སྟེ། འཐབ་

Vol. 161 · folio 200a

ཀྲོལ་བྱེད་པ་ལ་ལས་ཀྱིས་བསྡིགས་པར་བྱའོ་ཞེས་བྱ་བ་ནི་འཐབ་ཀྲོལ་བྱེད་པ་ལ་ལས་ཀྱིས་བསྡིགས་པར་བྱ་བའི་དོན་ཏོ། །དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་མི་འཆོས་པར་རྒྱུན་དུ་བྱེད་པ་ལ་ནི་སྨད་པའོ་ཞེས་བྱ་བ་ནི་ལས་ཀྱིས་ཞེས་བྱ་བ་འདི་དང་འོག་མ་ཐམས་ཅད་ལ་ཡང་

སྦྱར་བར་ཤེས་པར་བྱའོ། །དགེ་འདུན་ལྷག་མའི་བདག་ཉིད་ཀྱི་ལྟུང་བ་ཡང་དང་ཡང་དུ་འབྱུང་བ་གང་ལ་ཡོད་པ་ནི་ཡང་དང་ཡང་དགེ་འདུན་ལྷག་མའི་ལྟུང་བ་ཅན་ཏེ་དེ་ལའོ། །ཕྱིར་མི་འཆོས་པ་བསྟན་པ་སྨད་པར་བྱ་བའི་ལས་བྱའོ། །ཚར་བཅད་ནས་ནན་ཏུར་གྱི་ལས་རིགས་པ་ཡིན་

ཏེ། དག་པ་ལ་འཇུག་པར་གྱུར་པ་ལ་ནི་མ་ཡིན་ནོ་སྙམ་དུ་བྱས་ནས་སོ། །ཁྱིམ་སུན་འབྱིན་པ་ལ་ནི་བསྐྲད་པའོ་ཞེས་བྱ་བ་ནི་གང་གི་ཁྱིམ་སུན་འབྱིན་པ་མ་བཏང་བ་དེ་གནས་དེ་ནས་བསྐྲད་པའི་ལས་བྱའོ། །དེའི་ཕྱིར་འདུ་བ་མི་སྦྱིན་པ་དང་སྐབས་མི་འབྱེད་པ་དག་ལ་ཡང་ངོ་ཞེས་བྱ་བ་ལ་

དེའི་ཕྱིར་ཞེས་བྱ་བ་ནི་གནས་ནས་བསྐྲད་པའི་ཕྱིར་རོ། །གླེང་བའི་ཕྱིར་ཡོངས་སུ་རྫོགས་པས་དེའི་དོན་ཉིད་དུ་རིག་པར་བྱའོ། །འདུ་བ་མི་སྦྱིན་པ་དང་། སྐབས་མི་འབྱེད་པ་དག་ལ་གནས་ནས་སྐྲོད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེ་མ་མཐོང་ངོ་ཞེས་ཟེར་ན་ཡང་ངོ་ཞེས་བྱ་བ་ནི་ཁྱིམ་སུན་

འབྱིན་པ་སྟེ། མ་མཐོང་བ་ནི་དེ་མ་མཐོང་བའོ་ཞེས་ཟེར་ན་ཁྱིམ་སུན་འབྱིན་པ་དེ་ལ་བསྐྲད་པའི་ལས་བྱ་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱིམ་པ་ལ་བརྙས་ཐབས་བྱེད་པ་ལ་ནི་ཕྱིར་འགྱེད་པའོ་ཞེས་བྱ་བ་ནི་ཁྱིམ་པ་ལ་གང་གིས་ཐོ་འཚམ་པ་ནི་བརྙས་ཐབས་བྱེད་པ་སྟེ། དེ་ནི་ཁྱིམ་པ་ལ་བརྙས་ཐབས་བྱེད་

པ་ཡིན་པས་དེ་ལ་ཕྱིར་འགྱེད་པའོ། །བརྙས་ཐབས་སུ་བྱ་བ་མི་བདེན་པའི་ཕྱིར་རོ། །དེ་ལྟར་ཡང་དེའི་མིང་གིས་བཟློག་པར་བྱ་བ་བདག་ཅག་གིས་ཁྱེད་ཀྱི་དྲུང་ནས་བསམ་པ་བཟློག་པར་བྱས་པས་སོ། །ཇི་སྲིད་དུ་ཁྱེད་ཀྱི་ལས་ཀྱི་མཐའ་འདི་མ་བཏང་གི་བར་དུ་ཁྱེད་ཀྱི་ཡུལ་ལས་ངེད་ཀྱི་མཛའ་

གཅུགས་ཀྱི་དངོས་པོ་དང་། དགའ་བའི་དངོས་པོ་ཕྱིར་བསྡུ་ཞིང་ངེད་ཕྱིར་འབྱེད་པར་བྱའོ་ཞེས་བྱ་བ་དེའི་དོན་ཏོ། །འདི་ལ་བཟོད་པ་གསོལ་བའི་ལས་ཀྱི་གནས་སུ་དེ་ལ་བཟོད་པ་གསོལ་དུ་གཞུག་གོ་ཞེས་བྱ་བ་ནི། ཕྱིར་འགྱེད་པའི་ལས་འདི་ལ་བཟོད་པ་གསོལ་བའི་ལས་ཀྱི་གནས་སུ་ཁྱིམ་པ་དེ་ལ་

Vol. 161 · folio 200b

བཟོད་པ་གསོལ་དུ་གཞུག་པ་ཡིན་པར་བལྟ་བར་བྱའི་འདིར་ལས་ནི་མི་བྱའོ། །འོན་ཀྱང་གསོལ་བ་བྱ་སྟེ། ཁྱིམ་པ་ལ་གསོལ་དུ་གཞུག་པར་བྱ་སྟེ། ཁྱིམ་པས་བཟོད་པ་ཉིད་བཟོད་པ་བྱས་པ་ཡིན་པར་ཤེས་པར་བྱའོ། །ལྟུང་བ་གྲགས་པ་ཕྱིར་མ་བཅོས་པ་བསྡམས་པས་ཕྱིར་བཅོས་སུ་མི་

རུང་བ་དང་། མ་མཐོང་ངོ་ཞེས་ཟེར་ཞིང་ཕྱིར་འཆོས་པ་རྗེས་སུ་བསྒྲུབ་པར་མི་འདོད་པ་དང་སྡིག་པ་ཅན་གྱི་ལྟ་བ་མི་གཏོང་བ་ལ་ནི་གནས་ནས་དབྱུང་བར་བྱའོ་ཞེས་བྱ་བ་ལ་ནི་གནས་ནས་དབྱུང་བ་རྣམས་ཀྱིས་དེ་ལ་ལྟུང་བ་གྲགས་པ་ཕྱིར་མ་བཅོས་པ་བསྡམས་པས་ཕྱིར་བཅོས་སུ་མི་རུང་བ་ཞེས་བྱ་བའི་དོན་

ཏོ། །དེ་ལ་མ་མཐོང་ངོ་ཞེས་ཟེར་ཞིང་ཞེས་བྱ་བ་ནི་མ་མཐོང་བས་གནས་ནས་དབྱུང་བ་བསྟན་ཏེ། དེའི་ཕྱིར་བཅོས་པ་རྗེས་སུ་བསྒྲུབ་པར་མི་འདོད་ཅིང་ཇི་ལྟར་ཆོས་བཞིན་ཕྱིར་བཅོས་པར་གྱིས་ཤིག་ཅེས་བྱ་བ་དེ་ལྟར་བརྗོད་པར་གྱུར་པ་ཇི་ལྟར་ལྟུང་བ་ཕྱིར་འཆོས་པའི་ཕྱིར་འཆོས་པ་རྗེས་སུ་བསྒྲུབ་པ་མི་

འདོད་པ་ཞེས་བྱ་བས་ནི་མ་མཐོང་བ་གནས་ནས་དབྱུང་བའོ། །ལྟུང་བ་སླར་མི་འཆོས་པའི་ཕྱིར་གནས་ནས་དབྱུང་བའི་ཕྲིན་ལས་མཛད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ལྟ་བར་གཏོགས་པའི་ལྟུང་བྱེད་ལ་བརྗོད་པའི་རྣམ་པས་སྡིག་པ་ཅན་ཆོས་འདུལ་བ་ལས་དབྱུང་བར་གྱུར་པའི་

ལྟ་བའི་རྣམ་པ་མི་གཏོང་བས་གནས་ནས་དབྱུང་བ་བསྟན་ཏོ། །སྡིག་པ་ཅན་གྱི་ལྟ་བ་གཏོགས་པ་ལ་གནས་ནས་དབྱུང་བའི་ལས་འདི་བྱའོ། །འདི་ཉིད་དུ་ལྟུང་བ་འདི་ཕྱིར་འཆོས་པར་གྱིས་ཤིག །དགེ་འདུན་འདི་ཉིད་ཀྱིས་ཁྱོད་ལ་བག་ཡངས་སུ་བྱེད་པར་འགྱུར་རོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་

ནི། ལྟུང་བ་བཅབ་པར་མི་བྱའོ་ཞེས་བྱ་བ་ནི་རང་གི་ལྟུང་བའི་དབང་དུ་བྱས་པ་ཡིན་གྱི་གཞན་གྱི་འཆབ་པའི་ཉེས་པ་བསྟན་ཟིན་པའི་ཕྱིར་རོ། །དགེ་འདུན་ལྷག་མ་འབའ་ཞིག་ཏུ་མ་ཟད་དེ། དེ་ལྟར་ཡང་གཞུང་ནི་བཙུན་པ་རེ་ཞིག་ལྟུང་བ་དང་བཅས་པ་དགེ་སློང་མ་མཆིས་པའི་གནས་ན་གནས་པས་

གང་ལ་མི་བརྗོད་ན་བཅབས་པར་བརྗོད་པར་བགྱི་འམ། ཉེ་བ་འཁོར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །འདིར་ཞུ་བ་ལས་ཀྱང་ལྟུང་བ་བཅབས་པ་ཙམ་ལས་ལྡང་བ་ལ་དྲི་བ་རྣམས་བྱེད་པ་དང་། དེའི་ལན་ལྡོན་པ་ཡིན་ནོ། །ཐ་ན་མིང་གོ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་གལ་ཏེ་རྒྱ་

Vol. 161 · folio 201a

ཆེར་གོ་བར་བྱེད་མ་ནུས་ན་ལྟུང་བ་སྡེ་ལྔ་པོ་དག་ལས་གང་བྱུང་བའི་མིང་ཙམ་ཡང་གོ་བར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་བདག་ལ་ཕམ་པར་འགྱུར་བ་བྱུང་ངོ་ཞེས་བྱ་བ་ལ་སོགས་པ་ལྷག་མ་དང་ལྟུང་བྱེད་བྱུང་ངོ་ཞེའམ། སོ་སོར་བཤགས་པར་བྱ་བའི་རིགས་བརྗོད་པ་མ་

བྱས་པ་གང་ཡིན་པ་དང་། དགེ་སློང་སྟན་དེ་ཉིད་ལ་འདུག་པ་དེས་ཚེ་དང་ལྡན་པ་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེའམ། ལྟུང་བ་བྱུང་ངོ་ཞེས་བྱ་བའི་མིང་གིས་གསུངས་པ་ཡིན་ནོ། །རྒྱ་ཆེར་གོ་བར་བྱ་བ་ཤིན་ཏུ་རིགས་མོད་ཀྱི་ཐ་ན་ལྟུང་བའི་མིང་ཡང་བརྗོད་པར་བྱ་བ་ཉིད་དོ། །དེའི་

གཞུང་ཡང་བཙུན་པ་བདག་གིས་བསླབ་པ་མ་ཕུལ་བར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བརྟེན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་ཐ་མའི་མཐར་ཐུག་པའི་དབང་དུ་བྱ་སྟེ། མིང་ཙམ་གྱིས་རིག་པར་བྱ་བ་ཉིད་དུ་གསུངས་པ་ཉིད་དུ་རྣམ་པར་གནས་པ་དེ་མདོ་

འདིར་བསྡུས་པ་ཡིན་ནོ། །ཉེས་བྱས་ནི་གང་ཡང་རུང་བས་སོ་ཞེས་བྱ་བ་ནི་ཉེས་བྱས་རིག་པར་བྱ་བ་ཉིད་ལ་ནི་བདག་ལ་ནི་ལྟུང་བ་བྱུང་ངོ་ཞེས་བྱ་བ་འམ། བདག་གིས་ཁ་ན་མ་ཐོ་བ་བྱས་སོ་ཞེས་བྱ་བ་རྣམ་པ་གང་ཡང་རུང་བས་རིག་པར་བྱ་བ་ཉིད་ཡིན་ནོ། །ལྟུང་བྱེད་གཞན་ལ་འདི་ལྟར་མིང་བརྗོད་

པ་ཉིད་འབྱུང་བ་ཡིན་ཏེ། བདག་ཉིད་ཀྱི་སྨད་གཡོགས་ལ་ཐུན་མོང་བ་ཉིད་ཀྱི་ངོ་བོ་འདི་ལ་ཉེས་བྱས་མ་ཡིན་ནོ། །དེ་དག་ལས་གང་ལ་རིག་པར་བྱ་བ་ཡིན་ཞེ་ན། དེའི་ཕྱིར་རང་བཞིན་དུ་གནས་པ་ལའོ་ཞེས་སྨོས་སོ། །གང་གི་དྲུང་དུ་བཅབས་པ་མ་འཆགས་པར་བྱ་ཞེ་ན། དེའི་ཕྱིར་རང་བཞིན་དུ་གནས་

པ་མཚམས་ཀྱི་ནང་ན་འདུག་པ་ལའོ་ཞེས་བྱ་བ་སྨོས་སོ། །འདིར་གཞུང་ནི་ཞུ་བའི་གང་ཟག་གི་གཞི་ལས། རང་བཞིན་དུ་གནས་པ་མཚམས་ཀྱི་ནང་ན་འདུག་པ་ལའོ་ཞེས་གསུངས་པ་དེ་འདིར་ལུང་ཡིན་ནོ། །ཅི་ལྟ་བ་ལས་རང་གི་ཕྱོགས་མ་ཡིན་པའང་རང་བཞིན་དུ་གནས་པ་ཡིན་ནམ་ཞེ་ན། དེའི་

ཕྱིར་ལྟ་བ་ཐ་མི་དད་པ་ལའོ་ཞེས་བྱ་བ་སྨོས་ཏེ། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དང་མ་བསྙིལ་བ་ཡང་དག་པར་སྡོམ་པ་དང་། ཁྱིམ་པ་ཡང་དག་པར་སྡོམ་པ་ཡང་རང་བཞིན་དུ་གནས་པ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་བསྙེན་པར་རྫོགས་པ་དང་བཅས་པ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་སློང་

Vol. 161 · folio 201b

གིས་ཀྱང་དགེ་སློང་མ་ལ་རིག་པར་བྱ་བ་ཉིད་ཡིན་ལ། དགེ་སློང་མས་ཀྱང་དགེ་སློང་ལ་རིག་པར་བྱ་བ་ཉིད་ཡིན་ནམ་ཞེ་ན། དེའི་ཕྱིར་མཚན་མཐུན་པ་ལའོ་ཞེས་བྱ་བ་སྨོས་ཏེ། དེ་ལ་རིག་པར་བྱ་བ་ཉིད་ཡིན་ནོ། །རིགས་མཐུན་པས་རིག་པར་བྱ་བ་ཉིད་དང་བཤགས་པ་ལ་སོགས་པ་བྱ་བ་ཉིད་

དམ་ཞེ་ན། དེའི་ཕྱིར་དེ་ཉིད་ལ་འདི་དང་འོག་མ་དང་བཅས་ཏེའོ་ཞེས་བྱ་བ་སྨོས་ཏེ། ལྟུང་བར་རིག་པར་བྱ་བ་འདི་ཉིད་ལྟུང་བ་བཤགས་པར་བྱ་བ་ནས་འོག་ནས་བྱུང་བ་དང་བཅས་ཏེ་བྱའོ། །དེ་ཉིད་ལ་ཞེས་བྱ་བ་ནི་རང་བཞིན་དུ་གནས་པ་ཞེས་བྱ་བ་ལ་སོགས་པས་བྱེ་བྲག་དང་བཅས་པས་གང་ཟག་ལ་

རིག་པར་བྱའོ། །རབ་ཏུ་བྱུང་བ་བསྙེན་པར་མ་རྫོགས་པ་དག་ནི་བསྙེན་པར་རྫོགས་པའི་དགེ་འདུན་གྱིས་ཡོངས་སུ་བཟུང་བ་ཙམ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་རྣམས་ནི་ཐམས་ཅད་དུ་རག་ལས་པ་ཁོ་ན་ཡིན་པར་རྣམ་པར་གནས་སོ། །དེ་ལྟར་ཡང་རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དག་གིས་

དགེ་འདུན་ལ་དགག་དབྱེ་བྱའོ་ཞེས་གསུངས་པ་ལས་ཤེས་སོ། །ཆོས་འདི་པ་ལ་དེ་བྱས་ན་བྱས་པ་ཉིད་དོ་ཞེས་བྱ་བ་ལ། ཆོས་འདི་བ་ཞེས་བྱ་བ་ནི་བསྙེན་པར་རྫོགས་པ་མཚན་མི་མཐུན་པ་དང་། རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་དང་། ཁྱིམ་པ་དེ་བཞིན་གཤེགས་པའི་ཆོས་ཀྱི་ལྟ་བ་

ཅན་ཐམས་ཅད་བསྡུས་ཏེ། ཆོས་འདི་པ་དེ་དག་ལ་ལྟུང་བ་རིག་པར་བྱ་བ་དེ་བྱས་ནས་ཡང་བྱས་པ་ཉིད་དེ། དེ་རིག་པར་བྱས་ན་བཅབས་པར་མི་འགྱུར་རོ། །དེ་ལ་འདིར་བྱ་བ་ནི་དགེ་འདུན་གྱི་ཡུལ་ལ་མ་གུས་པ་སྤང་བའི་ཕྱིར་ཏེ། མི་རིགས་པ་སྤངས་པར་གསུངས་སོ། །འོ་ན་མདོ་འདི་ཅིའི་ཕྱིར་བྱས་

ཤེ་ན། མ་བརྗོད་པ་བརྗོད་པར་བྱ་བའི་ཕྱིར་ཏེ། དེ་བས་ན་མཚན་མི་མཐུན་པ་བསྙེན་པར་རྫོགས་པ་དག་ལ་རིག་པར་བྱེད་ན་ཡང་བཅབས་པར་མི་འགྱུར་ལ། །རིག་པར་བྱེད་པ་ཡང་ཉེས་བྱས་སུ་འགྱུར་རོ། །འདིར་གཞུང་ནི་ཉེ་བ་འཁོར་གྱིས་ཞུས་པའི་གང་ཟག་གི་གཞི་ལས། དགེ་སློང་ལ་བརྗོད་ན་

བརྗོད་ཅེས་བྱ་བའམ། ཉེ་བ་འཁོར་བརྗོད་ཅེས་བྱའོ། །དེ་བཞིན་དུ་དགེ་སློང་མ་དང་བསླབ་པ་བྱིན་པ་དང་། དགེ་སློབ་མ་དང་དགེ་ཚུལ་དང་དགེ་བསྙེན་དང་དགེ་བསྙེན་མ་ལ་བརྗོད་ན་བརྗོད་ཅེས་བགྱིའམ། ཉེ་བ་འཁོར་བརྗོད་ཅེས་གསུངས་པ་ཡིན་ནོ། །འདོན་པ་གཞན་མ་ལས་ཀྱང་དེ་བཞིན་དུ་ཁས་

Vol. 161 · folio 202a

བླངས་པས་ཁས་མ་བླངས་པ་ལ་རྗོད་པར་བྱེད་ཅིང་ཁས་མ་བླངས་པ་ལ་རྗོད་པར་བྱེད་ན་བརྗོད་ཅེས་བགྱིའམ། ཉེ་བ་འཁོར་བརྗོད་ཅེས་བྱ་སྟེ། ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མཚམས་གཞན་ན་གནས་པ་ལ་ཡང་ངོ་ཞེས་བྱ་བ་ཡང་རིག་པར་

བྱས་ན་བྱས་པ་ཉིད་ཡིན་པ་སྟེ་འདི་ནི་མཚམས་གཞན་ན་གནས་པ་གང་གི་ཡན་ལག་ཀྱང་མ་ཡིན་ནོ་ཞེས་བྱ་བ་དེའི་དམིགས་ཀྱིས་བསལ་བ་ཡིན་ནོ། །འདིར་གཞུང་ནི་དེ་བཞིན་དུ་དོག་ས་ལ་མཆིས་པ་ལ་ནམ་མཁའ་ལ་མཆིས་པས་སམ། ནམ་མཁའ་ལ་མཆིས་པ་ལ་དོག་ས་ལ་མཆིས་

པས་བརྗོད་ན་བརྗོད་ཅེས་བགྱིའམ། ཉེ་བ་འཁོར་བརྗོད་ཅེས་བྱ་སྟེ། བརྗོད་པ་ལ་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བསྒོ་བ་ལས་བྱུང་བ་རྣམས་ནི་དགེ་འདུན་ཐམས་ཅད་ལའོ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་ཐུན་མོང་བ་བཞི་པོ་དགེ་འདུན་འབྱེད་པ་དང་དེའི་རྗེས་སུ་ཕྱོགས་པ་

ལ་སོགས་པ་དང་། དཀོན་མཆོག་གཏོང་བ་དང་འཐབ་ཀྲོལ་བྱེད་པ་ལ་སོགས་པ་བཞི་པོ་ནི་དགེ་སློང་མ་རྣམས་ཀྱིའོ། །ལྟུང་བྱེད་ཐུན་མོང་བ་ལྟ་བའི་རྣམ་པ་མི་གཏོང་བ་དག་གི་བསྒོ་བ་ལས་བྱུང་བའི་ལྟུང་བ་རྣམས་ནི་ཕྱིར་བཅོས་ཤིང་བཤགས་པ་དང་། དེ་དག་རིག་པར་བྱ་བ་ཉིད་དང་

དགེ་འདུན་ཐམས་ཅད་ལ་བྱ་བ་ཡིན་ནོ། །འདིར་ལུང་ནི་དགེ་སློང་སྟན་དེ་ཉིད་ལ་འདུག་ནས་དེས་ཚེ་དང་ལྡན་པ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་ཞེས་བརྗོད་པར་བྱ་སྟེ། གལ་ཏེ་རྗོད་པར་བྱེད་ན་དེ་ལྟར་ན་ལེགས་གལ་ཏེ་མི་བརྗོད་ན་དེ་ལ་ཉི་མ་དེ་ཉིད་ནས་བརྩམས་ཏེ་འཆབ་པ་

འབྱུང་ངོ་། །དགེ་སློང་དེས་ཚེ་དང་ལྡན་པ་དག་བདག་ལ་ལྟུང་བ་བྱུང་ངོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །སོ་སོར་བཤགས་པར་བྱ་བ་ནི་གནས་དེར་ཚོགས་པ་ལའོ་ཞེས་བྱ་བ་ནི་ཐམས་ཅད་ལ་ཞེས་བྱ་བར་སྦྱར་ཏེ། གནས་དེར་རིག་པར་བྱ་བའི་དུས་སུ་གང་དག་གི་ཉེ་བར་

གནས་པ་ཉིད་དེར་གཏོགས་པ་ཐམས་ཅད་ལ་གདོན་མི་ཟ་བར་ཉེ་བར་བསྡུ་བར་བྱ་བ་ཉིད་ཡིན་གྱི་དགེ་འདུན་དུ་གཏོགས་པ་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་གཞུང་ནི་གནས་ཀྱི་ནང་དུ་སོང་བས་དགེ་སློང་གང་དག་མཐོང་བ་དེ་དག་གི་དྲུང་དུ་ཅི་ནས་ཀྱང་གནས་ཁང་ལ་སོགས་པ་ན་

Vol. 161 · folio 202b

འཁོད་པ་དག་ལ་ཡང་གྲག་པར་འགྱུར་བ་དེ་ལྟར་ཐོས་པ་དང་བཅས་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བྱས་ན་གལ་ཏེ་ཁ་ཅིག་ལ་གཉིད་ལོག་པ་དང་བྲེལ་བ་ལ་སོགས་པའི་དབང་གིས་གྲག་པར་མ་གྱུར་ན་ཡང་ཉེས་པ་མེད་དོ་ཞེས་བྱ་བ་འདི་ལ་ཆོ་ག་རྣམ་པར་གནས་པ་ཡིན་ནོ། །

འདིར་གནས་ཀྱི་གཞི་སྨོས་པའི་ནི་འདུ་བའི་གནས་ཀྱི་དཔེ་ཡིན་ཏེ། ཕྱོགས་གང་དུ་དགེ་སློང་དག་འདུ་བ་དེར་ཅི་ནས་ཀྱང་དགེ་ཚུལ་ལ་སོགས་པ་ཐོས་པར་བྱ་བ་མ་ཡིན་པ་དག་གིས་ཐོབ་པར་མི་འགྱུར་བ་དེ་ལྟར་བྱའོ། །འདི་ནི་གནས་བརྟན་ལ་སོགས་པའི་དུས་ཅུང་ཞིག་གནས་པ་ལའང་དེ་ཤེས་པར་

བྱའོ། །དེར་འདི་ཇི་ལྟར་རིག་པར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་སུ་གྱུར་པ་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གི་ཆོས་དེ་སོ་སོར་འཆགས་སོ་ཞེས་བྱ་བ་སྨོས་ཏེ། སྤྱད་པ་དེ་ངེས་པར་དམན་པ་ཉིད་དང་ཟས་འདུ་བ་ཉིད་ཡིན་པའི་ཕྱིར་སྨད་པ་

ཡིན་ཏེ། འདི་ལྟར་ཟང་ཟིང་མེད་པའི་ཆོས་སྒྲུབ་པའི་ཕྱིར་ཞུགས་པ་རྣམས་ལ་སྨད་པའི་གནས་དེ་ཉིད་ལ་རྒྱུག་པ་ནི་སྒྲུབ་པ་པོ་ལ་མི་རིགས་པ་ཡིན་ནོ། །འདི་ནི་སྨྲེ་སྔགས་འདོན་པའི་རྣམ་པར་བརྗོད་པར་སོ་སོར་བཤགས་པའི་བྱ་བ་ཉིད་དུ་གསུངས་པ་ཡིན་གྱི། བཤགས་པ་ནི་མ་ཡིན་ནོ། །

བཤགས་པ་ཇི་ལྟར་ལྟུང་བྱེད་ཀྱི་ལྟུང་བ་བྱུང་བས་གཅིག་གི་མདུན་དུ་བཤགས་པར་བྱ་བར་གསུངས་པ་དང་འདྲ་བ་ཡིན་ནོ། །དེ་ནི་སྔགས་དང་འདྲ་བ་མ་ཡིན་ནོ་ཞེས་བྱ་བ་ནི་རིག་པར་བྱ་བ་དེ་ནི་རང་གི་དོན་དུ་སྔགས་ལན་གསུམ་བརྗོད་པ་དང་འདྲ་བ་མ་ཡིན་ཏེ། ལན་ཅིག་བརྗོད་པས་ཆོག་གོ། །གང་

གི་ཕྱིར་སྔགས་ནི་གཞན་གང་ལ་ལན་གསུམ་པར་བྱ་བ་དེའི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་སྦྱར་བར་བྱ་བ་ཡིན་ཏེ་ངེས་པ་དེ་ལ་འདི་བཀག་པའོ། །ཡིད་ཀྱིས་དེ་ལས་ནི་བསྡམ་པར་བྱས་ན་ལྡང་ངོ་ཞེས་བྱ་བ་ནི་ཅང་མི་སྨྲ་བའི་དངོས་པོས་མ་དག་པ་བསྟན་པ་ལ་དམིགས་པ་ནོར་གྱི་ཕྱིར་གཞན་

ཤི་བར་འདོད་པ་ཞེས་བྱ་བ་ལ་སོགས་པ་དེ་ལས་ནི་ཡིད་ཀྱི་ཉེས་བྱས་བསྡམ་པར་བྱ་བ་དོན་གྱི་ཕྱིར་ཡང་མི་བྱའོ་སྙམ་དུ་བསྡམས་པ་ལས་ཕྱིར་བཟློག་པའི་བསམ་པ་བྱས་པ་ལྟུང་བ་ལས་བསྡམ་པར་འགྱུར་བའོ། །འདིར་ཉེ་བ་འཁོར་གྱིས་ཞུས་པའི་གཞུང་ཁ་ཅིག་ལས། ཕྱིན་ཆད་སྡོམ་

Vol. 161 · folio 203a

མམ། སྡོམ་མོ་ཞེས་གསུངས་པ་ཡིན་ནོ། །ལས་གཞན་ལས་ནི་དེ་དང་བཅས་པའི་བཤགས་པའོ་ཞེས་བྱ་བ་ནི་གང་ཞིག་ཡིད་ཀྱིས་ལྟུང་བ་དེ་ལས་གཞན་ལས་ནི་བསྡམ་པར་བྱ་བ་དེ་དང་བཅས་པའི་བཤགས་པ་བྱས་ན་ལྡང་བ་སྟེ། དག་པ་དང་མ་དག་པ་དག་

ནི་བསམ་པའི་གཞི་ལས་བྱུང་བ་ཡིན་པས། བསྡམ་པར་བྱ་བ་མེད་ན་འདིར་བཤགས་པས་ཅིར་ཡང་མི་འགྱུར་རོ། །འདིར་གཞུང་ནི་ཕྱིན་ཆད་སྡོམ་མམ། སྡོམ་མོ་ཞེས་བྱ་བས་སྡོམ་པ་ལྟུང་བ་ལས་ལྡང་བའི་དོན་དུ་ཚིག་ཏུ་བརྗོད་པ་བསྔགས་པ་ཡིན་ནོ། །དེ་ལྟར་ཡང་བསམ་པས་ལྟུང་བ་

ལས་ལྡང་བར་སྨྲའི་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ལུས་མི་མཐུན་པའི་གཉེན་པོ་ནི་འདི་ཡིན་ཏེ། གང་ཞིག་ཀུན་དུ་སྤྱོད་པའི་ཚུལ་ལ་ཕྱིར་བཅོས་པ་དང་སྡུག་བསྔལ་ཡིན་ནོ། །ལུས་པ་རྣམ་པར་འགྱུར་བ་ལ་གཞན་དབང་ཉིད་མེད་པར་སྡོམ་མོ་ཞེས་བྱ་

བས་གང་ཞིག་བཤགས་པ་ཁས་ལེན་པའོ། །གང་ལ་བཤགས་པར་བྱ་ཞེ་ན། དེའི་ཕྱིར་དེ་གཅིག་པུ་ལྟ་བ་ཐ་མི་དད་པ་ལའོ་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བའི་སྒྲས་ནི་རང་བཞིན་དུ་གནས་པ་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པའི་བྱེ་བྲག་དང་ལྟ་བ་ཐ་མི་དད་པ་བསྟན་ཏོ། །གཅིག་

པུ་ཞེས་སྨོས་པའི་སྒྲས་ནི་མང་པོ་དག་བསལ་ཏེ། འདི་ལྟར་གང་ཟག་གཅིག་ལ་བཤགས་པ་འགྲུབ་པར་བསྟན་ཏེ། གང་ཞིག་རང་བཞིན་དུ་གནས་པ་བསྙེན་པར་རྫོགས་པ་དང་བཅས་པ་མཚན་མཐུན་པ་ལྟ་བ་ཐ་མི་དད་པ་ཞེས་གསུངས་པ་དེ་ལྟ་བུ་གཅིག་ལ་བཤགས་པར་བྱའོ། །

ཅི་འདིར་ཐམས་ཅད་ལའམ་ཞེ་ན། དེའི་ཕྱིར་ཁ་ན་མ་ཐོ་བ་མི་མཐུན་པ་ལའོ་ཞེས་བྱ་བ་སྨོས་ཏེ། ལྟུང་བ་མི་འདྲ་ལ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཁ་ན་མ་ཐོ་བ་མི་མཐུན་པ་ཉིད་ཡིན་ཞེ་ན། དེའི་ཕྱིར་སྡེ་ཚན་ལས་སོ་ཞེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་གླེང་གཞི་དག་ལས་བཙུན་པ་

ལྟུང་བ་རིགས་མཐུན་པ་ཞེས་ཀྱང་བགྱི། བཙུན་པ་ལྟུང་བ་རིགས་མི་མཐུན་པ་ཞེས་ཀྱང་བགྱི་ན། བཙུན་པ་ལྟུང་བ་རིགས་མཐུན་པ་ནི་གང་ལགས། ལྟུང་བ་རིགས་མི་མཐུན་པ་ནི་གང་ལགས། ཉེ་བ་འཁོར་ཕམ་པར་གྱུར་པ་གང་ཡིན་པ་ཕམ་པར་གྱུར་པ་དང་རིགས་མཐུན་པ་

Vol. 161 · folio 203b

ཡིན་ལ། དེ་ལས་གཞན་པ་དག་རིགས་མི་མཐུན་པ་ཡིན་ནོ། །དགེ་འདུན་ལྷག་མ་ནི་དགེ་འདུན་ལྷག་མ་དང་ངོ་། །ལྟུང་བྱེད་ནི་ལྟུང་བྱེད་དང་ངོ་། །སོ་སོར་བཤགས་པར་བྱ་བ་ནི་སོ་སོར་བཤགས་པར་བྱ་བ་དང་ངོ་། །ཉེས་བྱས་ནི་ཉེས་བྱས་དང་ངོ་ཞེས་གསུངས་པ་ཡིན་

ནོ། །འདིར་ཉེས་བྱས་རང་དབང་ཅན་དག་བསྡུས་པར་རིག་པར་བྱ་སྟེ། ལྟུང་བ་གཞན་པ་དང་འབྲེལ་བའི་ཉེས་པ་གང་ཡིན་པ་དེ་ནི་ལྟུང་བ་དེ་བཤགས་པ་ཉིད་ཀྱིས་དེ་ཡང་བཤགས་པ་བྱས་པར་འགྱུར་རོ། །ཅི་དེ་ལས་འདའ་བར་བྱ་བ་མ་ཡིན་ནམ་ཞེ་ན། དེའི་ཕྱིར་མེད་ན་ལྟུང་

བ་ལས་སོ་ཞེས་བྱ་བ་སྨོས་ཏེ། རང་གི་མདུན་དུ་བཤགས་པར་བྱ་བ་སྡེ་ཚན་ལས་ཁ་ན་མ་ཐོ་བ་མི་མཐུན་པ་མེད་པ་ལྟུང་བ་ལ་ཁ་ན་མ་ཐོ་བ་མི་མཐུན་པའི་མདུན་དུ་བཤགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་གཞུང་ནི་སིལ་བུ་དག་ལས་བཙུན་པ་ལྟུང་བ་མཐུན་པའི་མདུན་དུ་ལྟུང་

བ་བཤགས་སུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །རྐྱེན་དེ་ལྟ་བུ་དག་ཡོད་ན་རིགས་མི་མཐུན་པར་བྱ་སྟེ་རུང་ངོ་ཞེས་གསུངས་པ་ཡིན་ནོ། །སྤངས་པ་ལས་ནི་སྤངས་པ་དང་བྲལ་བ་སྔོན་དུ་བཏང་བ་ལས་སོ་ཞེས་བྱ་བ་ནི་ལྟུང་བྱེད་ལས་རྫས་དེ་སྤངས་པ་དང་སྤངས་པ་དག་ཞག་

གཅིག་བྲལ་བར་བྱ་བ་དེ་གཉིས་སྔོན་དུ་བཏང་སྟེ། བཤགས་ན་ལྡང་བར་འགྱུར་རོ། །བཏང་བ་ལས་སོ་ཞེས་བྱ་བ་ནི་ནང་མ་བྱས་པ་ལས་སོ། །ཞག་དེ་ལ་ཆོས་གོས་གཞན་བྱིན་གྱིས་མི་རློབ་པར་བྱིན་གྱིས་བརླབ་ཏུ་རུང་བའི་ཆོས་གོས་མེད་པར་གནས་པར་བྱའོ། །དེ་གཉིས་

སྔོན་དུ་སོང་བའི་བཤགས་པ་བྱས་ན་སྤང་བའི་ལྟུང་བྱེད་ལས་ལྡང་བར་འགྱུར་རོ། །ཆོས་གོས་གཞན་བྱིན་གྱིས་བརླབས་ན་ནི་བྱིན་གྱིས་བརླབ་ཏུ་རུང་བ་དང་བྲལ་བར་མི་འགྱུར་རོ། །ལྷག་མ་དང་བཅས་པར་གཏོགས་པའི་སྦོམ་པོ་ལྕི་བ་ལས་ནི་དགེ་འདུན་ལྔ་ལ་སོགས་པའི་

ཐམས་ཅད་ལའོ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་དང་འབྲེལ་བའི་སྦོམ་པོ་ལྕི་བ་ལས་ནི་མཚམས་དེར་གཏོགས་པའི་དགེ་འདུན་ལྔ་ལ་སོགས་པ་ཐམས་ཅད་ལས་བཤགས་པས་ལྡང་བར་འགྱུར་རོ། །ལྷག་མ་མེད་པར་གཏོགས་པའི་སྦོམ་པོ་ལྕི་བ་ལས་ནི་མ་བཅད་པ་ལྷག་པ་ལའོ་

Vol. 161 · folio 204a

ཞེས་བྱ་བ་ལ་ནི་ཕམ་པ་དེར་གཏོགས་པ་དེ་དང་འབྲེལ་བའི་སྦོམ་པོ་ལྕི་བ་ལས་ནི་མ་བཅད་པའི་དེའི་གནས་ཀྱི་གཞི་དེ་ཉེ་བར་སོན་པ་ལས་མཚམས་གཞན་དུ་ཁྱེར་བས་ཐམས་ཅད་དུ་དེའི་མཚམས་ཀྱི་ནང་དུ་གཏོགས་པའི་དགེ་འདུན་ལྔ་ལས་མང་བ་དྲུག་ལ་

བཤགས་པས་ལྡང་བར་འགྱུར་རོ། །ཡང་བ་དེ་ལས་བཞི་ལ་སོགས་པ་ལའོ་ཞེས་བྱ་བ་ནི་ལྷག་མ་མེད་པར་གཏོགས་པའི་སྦོམ་པོ་ཡང་བ་དེ་ལས་ནི་མཚམས་དེར་གཏོགས་པའི་དགེ་འདུན་མ་བཅད་པ་བཞི་ལ་སོགས་པ་ཐམས་ཅད་ལ་བཤགས་པས་ལྡང་བར་འགྱུར་རོ། །

དགེ་འདུན་ལྷག་མར་གཏོགས་པའི་སྦོམ་པོ་ལྕི་བ་དང་ཡང་བ་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་དམིགས་ཀྱིས་བསལ་བ་མེད་པའི་ཕྱིར་དེ་དང་བཅས་པར་བཤགས་པ་ལས་གཅིག་ལ་ཆོ་ག་གཞན་འཇུག་པའོ། །ལྕི་བ་དང་ཡང་བ་ཉིད་ཀྱང་ཁ་ན་མ་ཐོ་བ་མང་བ་དང་ཉུང་བ་ཉིད་ཀྱིས་

ཤེས་པར་བྱའོ། །དཔེར་ན་འཛག་སྣོད་དུ་ལས་སུ་མི་རུང་བའི་ཡན་ལག་གི་རྣམ་པ་ཉེད་པ་ལ་སོགས་པ་ཡང་བ་ཡིན་ནོ། །བསྟེན་པར་བྱ་བ་མཐུ་མེད་པར་ཡན་ལག་རྩོལ་བ་དང་། རིན་ཐང་མ་ཚང་བའི་རྫས་མང་པོར་རྐུ་བ་ཡང་ལྕི་བའོ། །འདིར་གཞུང་ནི་འདུལ་བྱེད་དག་ལས་

སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་ཉེས་པ་སྦོམ་པོ་ཇི་ལྟར་བཤགས་པར་བགྱི། ཉེ་བ་འཁོར་ཉེས་པ་སྦོམ་པོ་ནི་བཞི་པོ་འདི་དག་ཡིན་ནོ། །ཕམ་པར་འགྱུར་བས་ཀུན་ནས་བསླང་བ་ལྕི་བ་དང་། ཕམ་པར་འགྱུར་བས་ཀུན་ནས་

བསླང་བ་ཡང་བ་དང་། དགེ་འདུན་ལྷག་མས་ཀུན་ནས་བསླང་བའི་ལྕི་བ་དང་། དགེ་འདུན་ལྷག་མས་ཀུན་ནས་བསླང་བ་ཡང་བའོ། །ཉེ་བ་འཁོར་དེ་ལ་ཀུན་ནས་བསླང་བ་ཕམ་པར་འགྱུར་བས་ཀུན་ནས་བསླང་བའི་ཉེས་པ་སྦོམ་པོ་ལྕི་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ནང་དུ་

དགེ་འདུན་དྲུག་ལ་སོགས་པ་ཐམས་ཅད་ཀྱི་མདུན་དུ་བཤགས་པར་བྱའོ། །ཕམ་པར་འགྱུར་བ་ཀུན་ནས་བསླང་བའི་ཉེས་པ་ཡང་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ཕྱི་རོལ་དུ་དགེ་སློང་བཞིའི་མདུན་དུ་བཤགས་པར་བྱའོ། །དེ་ལ་དགེ་འདུན་ལྷག་མས་ཀུན་ནས་བསླང་བའི་ཉེས་

Vol. 161 · folio 204b

པ་སྦོམ་པོ་ལྕི་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ཕྱི་རོལ་དུ་དགེ་སློང་ལྔའི་མདུན་དུ་བཤགས་པར་བྱའོ། །དགེ་འདུན་ལྷག་མས་ཀུན་ནས་བསླང་བའི་ཉེས་པ་སྦོམ་པོ་ཡང་བ་གང་ཡིན་པ་དེ་ནི་མཚམས་ཀྱི་ནང་དུ་དགེ་སློང་གཅིག་གི་མདུན་དུ་བཤགས་པར་བྱའོ་ཞེས་གསུངས་

པ་ཡིན་ནོ། །མཐར་དེ་ལ་བརྩལ་བའི་རྐྱེན་མ་འབྱོར་བ་ཉིད་ན་ལས་བྱས་པ་དང་འདྲའོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ཕྱིར་བཅོས་པ་ལའོ། །བརྩལ་བའི་རྐྱེན་མ་འབྱོར་བ་ཉིད་ནི་ཞེས་བྱ་བ་ལ་མཐར་ཞེས་བྱ་བ་ནི་འཆི་བ་སྲིད་པའི་གནས་སྐབས་ཀྱི་འཆི་བའི་སྐད་ཅིག་མར་

རོ། །དེ་ལ་ཞེས་བྱ་བ་ནི་བཤགས་པ་ལ་སོགས་པ་ཕྱིར་བཅོས་པའི་ཕྱིར་བརྩལ་བ་ནི་ཕྱིར་བཅོས་པའི་ལས་བྱས་པ་དང་འདྲའོ། །འདིར་གཞུང་ནི་དགེ་སློང་དག་དེ་ནི་ལྟུང་བ་དེ་ལས་ལངས་པ་ཡིན་ཏེ། ད་ནི་བསམ་པས་ལྟུང་བ་ལས་ལྡང་བར་སྨྲའི། ཆད་པའི་ལས་ཀྱིས་

ནི་མ་ཡིན་ནོ་ཞེས་བྱ་བ་ནི་དགེ་འདུན་ལྷག་མའི་ལྟུང་བ་ཕྱིར་བཅོས་པར་བྱའོ་སྙམ་པ་ཡུལ་གཞན་དུ་སོང་བའི་སྐབས་སུ་སྲོག་དང་བྲལ་བར་གྱུར་པ་ནས་ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ད་ནི་བསམ་པས་ལྟུང་བ་ལས་ལྡང་བར་སྨྲའི་

ཞེས་སྨོས་པ་ནི་ཕྱིར་བཅོས་པ་ཐམས་ཅད་ཀྱི་ལྟུང་བྱེད་ཀྱི་དབང་དུ་བྱ་བའི་དོན་དུའོ། །དགེ་འདུན་ལྷག་མའི་ཕྱིར་བཅོས་པ་ནི་ཐམས་ཅད་དུ་ལྕི་བ་སྟེ། དེ་བས་ན་དེ་ལས་འདི་ལྟར་ལྔ་པ་ཡོད་པ་ལ་སྡང་བ་ཞེས་བྱ་བ་ནི་སྦྱར་བར་བྱའོ། །དེ་བས་ན་ཐམས་ཅད་ལ་དབང་དུ་བྱ་བའི་

ཕྱིར་མདོ་འདིའོ། །དུས་གཞན་དུ་ཡང་དེ་ལྟར་བླངས་པ་ཉིད་ལ་བཤགས་པ་ལ་སོགས་པའི་དོན་མེད་པར་ཐལ་བས་དེ་བས་ན་ནང་དུ་དེ་རྣམ་པར་གནས་པ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །མི་ཟད་པའི་ཡིད་ལས་བྱུང་བ་རྗེས་སུ་སྦྱར་བའི་བསམ་པ་གཅིག་པུ་ལས་

བཤགས་པར་བྱེད་པ་རྣམས་ལས་ལྡང་བར་རིགས་པ་ཡིན་ནོ། །དོན་མེད་པ་ལ་ཡང་དེ་ལྟར་དེ། གཞན་དུ་ན་བཤགས་པ་ལ་སོགས་པ་ཐལ་བས་དེ་བས་ན་བརྩོན་པ་དང་བཅས་པ་ཉིད་ན་དེ་རྣམ་པར་གནས་པ་ཡིན་ཏེ། དེ་བས་ན་དེ་ཡང་འདི་བརྟེན་པའོ། །བརྩོན་འགྲུས་

Vol. 161 · folio 205a

དམན་པ་ལ་ཡང་བརྩོན་འགྲུས་དང་བཅས་པ་ཉིད་བསྟན་པའོ། །ཡོད་པ་གང་ལ་ཡང་རྐྱེན་གཞན་མ་ཚང་བས་ཕྱིར་བཅོས་པ་མ་གྲུབ་པ་དེ་ལ་འདིར་ཡན་ལག་འདི་ཉིད་རིགས་པ་མ་ཡིན་ནོ། །དེ་བས་ན་རྐྱེན་མ་གྲུབ་པའི་ཕྱིར་སྨོས་པའོ། །སྨྱོས་

པས་བྱས་པ་དེའི་ཕྱིར་སངས་པ་ནི་ཉེས་བྱེད་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་རང་བཞིན་ལས་ཉམས་པས་བྱས་པ་ཐམས་ཅད་ཉིད་ལ་ལྷག་པར་སྤྱད་པ་སངས་པ་རང་བཞིན་ཐོབ་པ་ཡོད་པ་ལ་བྱེད་པ་པོ་དེས་འདུ་ཤེས་པ་ནི་ཉེས་བྱེད་དང་འདྲ་བ་ཉིད་དོ། །གཅིག་གི་མདུན་དུ་ཕྱིས་བཤགས་པ་

ཉིད་དང་འདྲའོ། །མི་བདེན་པ་བསལ་བའི་དོན་དུ་བཤགས་པ་དེ་རྣམ་པར་གནས་པ་ཡིན་གྱི་ཕྱིར་བཅོས་པ་ཉིད་ཀྱི་ཕྱིར་ལྟུང་བ་མི་ལྡང་བ་ཉིད་ལ་ནི་མ་ཡིན་ནོ། །མིང་དང་རིགས་དང་ལྡན་པར་བརྗོད་ན་ལྟུང་བ་ལས་སོ་ཞེས་བྱ་བ་ནི་ལྡང་ངོ་ཞེས་བྱ་བར་དབང་དུ་བྱེད་པ་ལས་ཤེས་པར་བྱའོ། །

མིང་དང་ལྡན་པ་ཞེས་བྱ་བ་ནི་ཉེས་པ་སྦོམ་པོ་དང་། དགེ་འདུན་ལྷག་མ་དང་། སྤང་བའི་ལྟུང་བྱེད་དང་། ལྟུང་བྱེད་འབའ་ཞིག་པ་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཞེས་བྱ་བ་རྣམས་སོ། །རིགས་དང་ལྡན་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པས་ཀུན་ནས་བསླང་

བ་ལ་སོགས་པ་དང་། བསམས་བཞིན་དུ་ཁུ་བ་འབྱིན་པས་ཀུན་ནས་བསླང་བ་ལ་སོགས་པ་དང་། རེག་པས་ཀུན་ནས་བསླང་བ་ལ་སོགས་པ་དང་། འཁྲིག་པ་སྨྲ་བས་ཀུན་ནས་བསླང་བ་ལ་སོགས་པ་དང་། བསྙེན་བཀུར་བསྔགས་པས་ཀུན་ནས་བསླང་བ་ལ་སོགས་པ་དང་།

ཚིག་རྩུབ་པ་སྨྲ་བས་ཀུན་ནས་བསླང་བའི་བར་དང་། ཞག་བཅུ་ལས་འདའ་བས་ཀུན་ནས་བསླང་བ་དང་། བརྫུན་དུ་སྨྲ་བས་ཀུན་ནས་བསླང་བ་ལ་སོགས་པ་དང་། དགེ་སློང་མའི་བསོད་སྙོམས་བྱིན་ལེན་བྱེད་པས་ཀུན་ནས་བསླང་བ་དང་། ཤམ་ཐབས་ཟླུམ་པོར་མ་བགོས་

པས་ཀུན་ནས་བསླང་བ་ལ་སོགས་པ་དག་སྟེ། དེ་ལྟར་མིང་དང་རིགས་དང་ལྡན་པར་བརྗོད་པས་ལྟུང་བ་བཤགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདིར་བདག་ལས་བརྗོད་པ་ནི་སྔགས་ལས་ཤེས་པར་བྱ་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བྱེད་ཀྱི་སྡེ་ཚན་ལས།

Vol. 161 · folio 205b

བརྫུན་དུ་སྨྲ་བས་ཀུན་ནས་བསླང་ཞེས་བྱ་བ་ལ་སོགས་པས་དེ་ལྟར་དེ་བརྗོད་པར་རྣམ་པར་གནས་པ་ཡིན་ནོ། །དགེ་འདུན་ལྷག་མ་ལས་ནི་དུས་འདི་ཇི་སྲིད་ཅིག་བཅབས་པ་ཉིད་དམ་མ་བཅབས་པ་ཉིད་དང་ངོ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་ལས་ནི་གཞན་འདི་དང་ལྡན་པར་བརྗོད་པར་

བྱ་སྟེ། འཆབ་པ་འཛིན་པར་བྱེད་ན་ནི་དུས་ཇི་སྲིད་འཆབ་པར་བྱེད་པའི་དུས་དེ་ཙམ་པ་ཉིད་ཀྱིས་སོ། །ཞག་གཅིག་བཅབས་པའམ་ཞག་གཉིས་བཅབས་པ་ལ་སོགས་པ་དེ་དང་བརྗོད་པར་བྱའོ། །བཅས་པ་མ་ཡིན་པ་ལ་བཅས་པ་མ་ཡིན་པ་ཉིད་ཀྱིས་འཆབ་བ་མ་ཡིན་པ་ལ་

སོགས་པའོ། །དེ་ལས་བསླབ་བ་བྱེད་པ་ནི་དབྱུང་བའོ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་དེ་ལས་སོ། །གང་ཞིག་དེ་ལས་སློང་བར་བྱེད་པ་དེ་ཉིད་ཀྱི་ཕྱིར་མིང་འདི་དབྱུང་བ་ཞེས་བྱ་སྟེ་ལྟུང་བ་ལས་དབྱུང་བ་ཞེས་བྱ་བའི་དོན་ཏོ། །ལྟུང་བར་བྱ་བའི་རྣམ་པ་ཉིད་ཀྱི་ཕྱིར་

སྡེ་ཚན་དེ་ལ་འདིར་དེ་བརྗོད་པའོ། །དབྱུང་བ་གང་ཞེ་ན། དེའི་ཕྱིར་དགེ་འདུན་ལས་ཞག་དྲུག་མགུ་བར་བྱ་བ་མནོས་ཏེ་སྤྱད་པ་ལའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་ལས་ཞག་དྲུག་མགུ་བར་བྱ་བ་མནོས་ཏེ་སྤྱད་ཅིང་དབྱུང་བ་གང་ཡིན་པ་དེ་ནི་ལྟུང་བ་དེ་ལས་སློང་བར་བྱེད་པ་གང་ཡིན་པ་དེ་ནི་

དབྱུང་བ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དགེ་སློང་མས་ནི་ཟླ་བ་ཕྱེད་དོ་ཞེས་བྱ་བ་ནི་འདི་ལས་ཞག་དྲུག་ཏུ་མགུ་བ་སྤྱོད་པར་བྱ་བ་མ་ཡིན་ཏེ། འོན་ཀྱང་ཟླ་བ་ཕྱེད་ནི་གཉིས་ཀའི་དགེ་འདུན་ལས་ཞེས་བྱའོ། །དེ་ནི་ལས་ཀྱི་གཞི་ལས་དགེ་སློང་མས་ལྕི་བའི་ཆོས་ལས་འདས་ན་ཡང་

གཉིས་ཀའི་དགེ་འདུན་ལས་ཟླ་བ་ཕྱེད་མགུ་བར་བྱ་བ་མནོས་ཏེ་སྤྱད་པར་བྱ་བ་ཉིད་ཡིན་ནོ། །ལྕི་བའི་ཆོས་ལས་འདས་ན་ཡང་དེ་སྤྱད་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བས་ནི་དགེ་སློང་མས་ལྕི་བའི་ཆོས་ལས་འདས་ན་ཡང་གཉིས་ཀའི་དགེ་འདུན་ལས་ཟླ་བ་ཕྱེད་མགུ་བར་བྱ་བ་དེ་མནོས་ཏེ།

སྤྱད་པར་བྱ་བ་ཉིད་ཡིན་གྱི་དགེ་འདུན་ལྷག་མ་འབའ་ཞིག་ལ་ནི་མ་ཡིན་ནོ། །བཅབས་པའི་ཉེས་པ་མེད་ན་དེ་འཆགས་སོ་ཞེས་བྱ་བ་ནི་གལ་ཏེ་བཅབས་པའི་ཉེས་པ་མེད་ན་དེའི་ཚེ་མགུ་བར་བྱ་བ་དེ་འཆགས་སོ། །སྤོ་བས་དེ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་སྤོ་བ་དེས་བཅབས་པའི་

Vol. 161 · folio 206a

ཉེས་པ་དེ་འབྱང་ཞིང་མེད་པར་འགྱུར་ཏེ། སྤོ་བ་དེས་བཅབས་པའི་ཉེས་པ་བསལ་བ་བྱས་པ་ལ་མགུ་བར་བྱས་པ་འཆགས་སོ། །ལྟུང་བ་གཞན་བསྐྱེད་པ་བསྒྲུབ་པ་རྗེས་སུ་སྒྲུབ་པར་བྱེད་པ་ལ་ཡང་ཉེས་པ་ཕྱིར་བཅོས་པར་བྱ་ཞིང་འཆགས་པ་ཞེས་བྱ་བའི་

རྗེས་སུ་འབྲངས་ནས་ཤེས་པར་བྱའོ། །སྤོ་བས་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དགེ་འདུན་ལས་དུས་དེ་སྲིད་མནོས་ཏེའོ་ཞེས་བྱ་བ་སྨོས་ཏེ། ལྟུང་བ་འབྱིན་པར་བྱེད་པ་དེས་དུས་ཇི་སྲིད་དུ་བཅབས་པའི་དུས་དེ་སྲིད་སྤོ་བ་དགེ་འདུན་ལས་མནོས་ཏེའོ་ཞེས་བྱ་བའི་དོན་ནོ། །དེ་གཉིས་བྱེད་པ་

ཉིད་ན་དགེ་འདུན་ལྷག་མ་དེ་བྱུང་ན་མནོས་ཏེ་བྱས་པ་དེ་གཉིས་ཞིག་པས་དེའི་ཕྱིར་གཞི་ནས་བརྩམས་པ་ཉིད་སྦྱིན་ནོ་ཞེས་བྱ་བ་ནི་དགེ་འདུན་ལྷག་མ་དེ་ཕྱིར་བཅོས་པའི་ཕྱིར་སྤོ་བ་དང་མགུ་བར་བྱ་བ་དེ་གཉིས་བྱེད་པ་ཉིད་ན་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་གང་ཞིག་སྔ་མ་དང་འདྲ་བ་རིགས་

མཐུན་པ་ཡང་བྱུང་ན་སྤོ་བ་ལ་གནས་པ་དང་། མནོས་པ་མགུ་བར་བྱ་བ་སྤྱད་པ་མནོས་ཏེ། བྱས་པ་དེ་ཉིད་ཉམས་པ་ཡིན་ནོ། །དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་དང་མི་འདྲ་བ་བྱུང་བ་ལ་ནི་མི་ཉམས་སོ། །གང་གི་ཕྱིར་དགེ་འདུན་ལྷག་མའི་ལྟུང་བ་སྔ་མ་དང་འདྲ་བ་སྤོ་བ་དང་མགུ་

བར་བྱ་བ་མནོས་ཤིང་བྱས་པ་དེ་གཉིས་ཉམས་པ་དེའི་ཕྱིར་གཞི་ནས་བརྩམས་པ་ཉིད་སྦྱིན་པར་བྱ་སྟེ། དགེ་སློང་དེ་ལ་ཡང་གཞི་ནས་བརྩམས་ཏེ་སྤོ་བ་དང་མགུ་བར་བྱ་བ་ཉིད་སྦྱིན་པར་བྱ་བ་ཞེས་བྱ་བའི་དོན་ནོ། །བརྩམས་པ་ནི་མཐར་ཐུག་པར་བྱ་བ་དང་འདྲའོ་ཞེས་བྱ་བ་ནི་གང་ལ་སྤོ་བ་

བརྩམས་ནས་གཞི་ནས་སྤོ་བ་དང་ཡང་གཞི་ནས་བསླང་སྟེ་སྤོ་བ་དང་། མགུ་བར་བྱ་བ་དང་གཞི་ནས་བསླང་སྟེ་མགུ་བར་བྱ་བ་བརྩམས་པ་གང་ལ་དགེ་འདུན་ལྷག་མའི་ལྟུང་བ་རིགས་མཐུན་པ་བྱུང་ན་མཐར་ཐུག་པ་དང་འདྲ་བ་དེ་བལྟ་བར་བྱའོ། །ཡང་དག་པར་བླངས་པར་གྱུར་པ་དེ་ལ་

སླར་བསླང་བར་བྱ་བ་ཀུན་དུ་སྤྱད་པ་སྤྱོད་དུ་འཇུག་པ་སྔ་མ་ལྟར་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ནོ། །ཤེས་པ་དེ་ཡང་དེ་ཁོ་ན་ལྟར་བློ་གནས་པས་དེ་ཉིད་འདིར་སྐབས་སུ་བབ་པ་དེ་ལྟར་མ་གྲུབ་པ་ཞེས་བྱ་བ་སླར་བྱེད་པ་སྟེ། གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེ་མ་

Vol. 161 · folio 206b

ཆགས་ན་དེའི་ཚེ་དང་པོ་ཡང་ཐ་དད་པར་བསླང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་གང་གི་ཕྱིར་བརྩམས་པ་ནི་མཐར་ཐུག་པ་དང་འདྲ་བ་དེའི་ཕྱིར་སྤོ་བ་ལ་སོགས་པ་སྔ་མ་ལྟར་ནི་མ་ཡིན་ནོ། །དེ་བས་ན་མ་གྲུབ་པས་བསླང་བ་དེ་ནི་དེའི་ཚེ་སྦྱིན་པ་ལ་མ་ཆགས་པའོ། །དེ་མ་ཆགས་པའི་གནས་

སྐབས་སུ་གཞི་ནས་བསླང་བ་ཉིད་སྦྱིན་པར་བྱ་བ་མ་ཡིན་པས་ཐ་དད་པར་བསླང་བར་བྱའོ། །ཇི་ལྟར་ལྟུང་བ་བར་མེད་པར་གྱུར་པ་ལ་ཡང་སྤོ་བ་མགུ་བ་སྦྱིན་དགོས་པ་དེ་བཞིན་དུ་བར་མ་གྱུར་པ་ལ་ཡང་ཐ་དད་པར་སྦྱིན་པའོ། །བར་མ་དེ་ཕྱིར་བཅོས་པར་བྱའོ་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་ཕྱིར་

བཅོས་པའི་བདག་ཉིད་ཅན་གྱི་དོན་སྨོས་པས་སོ། །གང་ཞིག་ལྟུང་བ་བར་མའི་བདག་ཉིད་འདི་ཁ་ན་མ་ཐོ་བ་ཕྱིར་བཅོས་པ་དེའི་དོན་དུ་སྤོ་བ་ལ་སོགས་པའོ། །དེ་བས་ན་འདིར་སྤོ་བ་ལ་སོགས་པས་ཕྱིར་བཅོས་པ་ཉིད་བྱའོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དེའི་དོན་དུ་ཡང་

བརྟེན་པར་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་ལྟུང་བ་བར་མའི་བདག་ཉིད་ཁ་ན་མ་ཐོ་བ་དེའི་ཕྱིར་བཅོས་པར་བྱ་བ་ཁོ་ན་སྟེ། དེའི་ཕྱིར་གཞི་ནས་བརྩམས་པས་གང་གི་ཚེ་མ་ཆགས་པ་ལེན་པར་བྱེད་པ་དེའི་ཚེ་དེ་ཕྱིར་བཅོས་པ་དེའི་དོན་དུ་སྔར་བྱས་པ་ཡང་བསླང་བར་བྱ་བའི་དོན་ཏོ། །

དེར་གཏོགས་པའི་སེམས་ཅན་ཐམས་ཅད་བསྐྱེད་དེ་རྒྱུད་དང་འདྲ་བའི་དུ་མ་ཅིག་ཅར་གཟུང་བའོ། །ཇི་ལྟར་བརྩོན་པ་སྔོན་དུ་འགྲོ་བ་ཅན་ལྟུང་བ་དུ་མ་རྣམས་ཀྱི་ཕྱིར་དེར་གཏོགས་པའི་སེམས་ཅན་ཐམས་ཅད་བསྐྱེད་ནས་རྒྱུད་ལ་བྱ་བ་དུ་མ་ཅིག་ཅར་ལེན་པར་བྱེད་པ་དེ་ལྟར་ཞེས་བྱ་བའི་དོན་ཏོ། །

དེ་བཅབས་པའི་དུས་ལྷག་མ་ཡང་དེར་གཞུག་པ་ཉིད་དོ་ཞེས་བྱ་བ་ནི་གང་ཞིག་འདིར་ལྟུང་བ་བར་མའི་དུས་ལྷག་པར་འགྱུར་བ་གཞི་ནས་བསླངས་ཏེ་ལེན་པ་ལ་ཁོངས་སུ་བསྡུ་བ་ཉིད་ལ་སྤོ་བའམ་གཞི་ནས་སྤོ་བ་དུས་དེ་ཙམ་ཡང་དག་པར་བསླང་བར་བྱ་ཞེས་བྱ་བའོ། །ཡང་ཇི་ལྟར་ལྟུང་

བ་བར་མ་བཅབས་པའི་དུས་ལྷག་པར་འབྱུང་བ་ཇི་སྲིད་པས་དེའི་ཕྱིར་བརྗོད་པར་བྱ་སྟེ། སྤྱོད་པ་ལ་ཞུགས་པ་མཐར་ཐུག་ན་ལྟུང་བ་བར་མ་བརྗོད་པ་དང་གཞན་དུ་ཡང་མ་བརྗོད་པས་སོ། །རྣམ་པ་གཞན་གྱིས་ཀྱང་འདི་ལྟ་སྟེ། སྤོ་བའམ་གཞི་ནས་སྤོ་བ་བྱེད་པས་ལྟུང་བ་རིགས་མཐུན་

Vol. 161 · folio 207a

པ་བྱུང་ནས་འཐབ་ཀྲོལ་བྱེད་པ་འོང་བ་ཕྱིར་སྤོ་བའམ་གཞི་ནས་སྤོ་བ་ལ་སོགས་པ་བཏང་སྟེ་ཡང་ཕྱིར་ལེན་པ་དེས་བཏང་བའི་གནས་སྐབས་སུ་བཅབས་པའི་དུས་རིང་དུ་སྒྲུབ་པར་བྱེད་པའོ། །མནོས་ཏེའོ་ཞེས་སྨོས་ཏེ་དགེ་འདུན་གྱི་སྤོ་བ་དང་མགུ་བར་བྱ་བ་དེ་གཉིས་

ཇི་ལྟར་སྦྱིན་པར་བྱ་བ་ནི་བསྟན་པས་དེའི་ཕྱིར། དབྱུང་བ་ཡང་ངོ་ཞེས་བྱ་བ་ཡང་ལས་ཀྱིས་སྦྱིན་ནོ་ཞེས་བྱ་བའི་རྗེས་སུ་བསྙེག་པའི་ཕྱིར་ཡང་ངོ་ཞེས་བྱ་བའི་སྒྲ་སྨོས་སོ། །དེར་བསྡིགས་པ་ཡང་ངོ་ཞེས་བྱ་བ་ནི་ཁྱོད་ཀྱིས་ལེགས་པར་མ་བྱས་སོ་ཞེས་བྱ་བ་ལ་སོགས་པའི་སྔགས་ལས་

ལྡང་བར་བྱེད་པའོ། །དེར་ཞེས་བྱ་བ་ནི་དབྱུང་བ་དེར་རོ། །བསྡིགས་པ་དེ་ནམ་གྱི་ཚེ་ན་བྱ་ཞེ་ན་དེའི་ཕྱིར་གསོལ་བ་དང་ལས་བརྗོད་པ་དང་པོའི་བར་དུའོ་ཞེས་བྱ་བ་སྨོས་ཏེ། གསོལ་བ་བྱས་ནས་དེའི་རྗེས་ལ་ཞེས་བྱ་བའི་དོན་ཏོ། །གནས་སྐབས་ཇི་ལྟར་འདུག་པ་ལ་བྱ་ཞེ་ན།

དེའི་ཕྱིར་རྩྭ་བཀྲམ་པ་ལྟ་བུར་འགྱེལ་བ་ལའོ། །གཟེངས་བསྟོད་པ་ཡང་ངོ་ཞེས་བྱ་བ་ལ་སྨོས་ཏེ། འདི་ཡང་ཁྱོད་ཀྱིས་ལེགས་པར་བྱས་སོ་ཞེས་བྱ་བ་ལ་སོགས་པའི་སྔགས་ལས་ལྡང་བར་བྱེད་པ་ལའོ། །འགྱེལ་བ་ལའོ་ཞེས་བྱ་བ་ནི་འདིར་སྦྱར་བར་བྱ་བ་མ་ཡིན་ནོ། །ནམ་

གྱི་ཚེ་ན་བྱ་ཞེ་ན། དེའི་ཕྱིར་བརྗོད་མ་ཐག་ཏུའོ་ཞེས་བྱ་བ་སྨོས་ཏེ། དགེ་འདུན་གྱིས་ཕྱུང་ལགས་ཏེ། འདིར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་ཚིག་བརྗོད་པ་བྱས་མ་ཐག་ཏུའོ་ཞེས་བྱ་བའི་དོན་ཏོ། །ཕྱིར་བཅོས་པའི་གཞིའོ།། །།ཚུལ་ཁྲིམས་འཆལ་པ་

བསྐྲད་པར་བྱའོ་ཞེས་བྱ་བ་ནི། འདིར་ཚུལ་ཁྲིམས་འཆལ་པ་ཞེས་བྱ་བ་ནི་ཕམ་པར་གྱུར་པར་ཤེས་པར་བྱའོ། །འདི་ལ་དགེ་འདུན་དབང་བ་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་བསྐྲད་པ་ནི་དགེ་འདུན་ལ་རག་ལས་པ་ཡིན་པའི་ཕྱིར་གཙུག་ལག་ཁང་གི་བྱ་བ་ལ་དགེ་འདུན་དབང་བ་ཉིད་ཡིན་

པས་གང་ཟག་ལ་ཡང་ནུས་པར་ཡོད་པར་གྱུར་ཀྱང་འདིར་བྱ་བ་ཉིད་དོ། །དེ་ལྟར་ཡང་འཕགས་པ་མཽད་གལ་གྱི་བུ་གཅིག་པུས་གང་ཟག་ལ་སྡུག་བསྔལ་དེ་བྱས་པས་ན། འདིར་གང་ཟག་མི་དབང་བ་ཡིན་པས། དེ་བས་ན་དགེ་འདུན་ཉིད་ཀྱིས་བྱ་བར་གསུངས་སོ། །འདིར་

Vol. 161 · folio 207b

གཞུང་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུལ་ཁྲིམས་འཆལ་པ་བསྐྲད་པར་བྱའོ་ཞེས་བཀའ་སྩལ་ན། གང་གིས་བསྐྲད་པར་བགྱི། དགེ་འདུན་གྱིས་སོ་ཞེས་གསུངས་པ་ཡིན་ནོ། །དེས་དེ་ཡལ་བར་མི་དོར་རོ་ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་དགེ་འདུན་གྱིས་

སོ། །དེ་ཞེས་བྱ་བ་ནི་ཚུལ་ཁྲིམས་འཆལ་པ་བསྐྲད་པ་དེའོ། །ཡལ་བར་མི་དོར་ཞེས་བྱ་བ་ནི་དེས་དེ་ལ་འབད་པར་བྱ་ཞེས་བྱ་བའི་དོན་ནོ། །བསྙིལ་བ་ལ་བཟོད་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་དགེ་ཚུལ་བསྙིལ་བའི་ལས་བྱས་པ་ལ་ཇི་ལྟར་ནན་ཏུར་བྱས་པ་གཞན་དག་ལ་

བཟོད་པར་བྱ་བ་དེ་བཞིན་དུ་དེ་ལ་ཡང་བཟོད་པར་བྱ་བ་ཉིད་ཡིན་ནོ། །བསྙིལ་བ་ཉིད་ཀྱི་ཕྱིར་འདི་ལ་བཟོད་པར་མི་འོས་སོ་སྙམ་པའི་དོགས་པ་བཟློག་པའི་ཕྱིར་མདོ་འདི་ཡིན་ནོ། །འདིར་གཞུང་ནི་དགེ་ཚུལ་བསྙིལ་བ་སྡུད་པའི་ལྟུང་བྱེད་ཀྱི་ཞུ་བ་ཁ་ཅིག་ལས། དགེ་འདུན་གྱིས་

དགེ་ཚུལ་བསྙིལ་བའི་ལས་ཀྱིས་བསྙིལ་བར་གྱུར་ཅིང་དེ་ཡང་འབྱུང་བ་སྐྱོད་ན་བཟོད་པར་བགྱིའམ་བཟོད་པར་མི་བགྱི། བཟོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ནན་ཏུར་བྱེད་པ་དག་གིས་མ་བསྐོས་ན་ནན་ཏུར་བྱས་པ་ལ་བཟོད་པ་མི་འཆགས་སོ་ཞེས་བྱ་བ་ནི་མ་བསྐོས་

པར་གྱུར་པ་ལ་ནན་ཏུར་བྱེད་པའི་དགེ་སློང་རྣམས་ཀྱིས་ནན་ཏུར་བྱས་ན་བཟོད་པ་མི་འཆགས་ཏེ། གལ་ཏེ་དགེ་སློང་གཞན་དག་ནན་ཏུར་བྱས་པ་དེ་ལ་བཟོད་པར་བྱེད་འདོད་ན་ཅི་ནས་ཀྱང་ནན་ཏུར་བྱེད་པ་དེ་དག་གིས་དེར་བསྐོས་པ་ཉིད་དུ་འགྱུར་བ་དེ་ལྟར་བྱ་ཞིང་ཇི་ལྟར་ནན་ཏུར་བྱེད་

པ་རྣམས་ལ་དེར་བསྐོས་པ་ཉིད་དུ་གྱུར་ཏེ། དེ་ལྟ་བས་ན་དེ་བསྟན་པའོ། །བསྐྲད་པས་སུན་ཕྱུང་བའི་གནས་སུ་གནས་པར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི་ཁྱིམ་སུན་འབྱིན་པ་བསྐྲད་པ་ཉིད་ཀྱིས་གནས་ཁང་ཕྱུང་བར་གྱུར་པའི་སྤྱོད་ཡུལ་གྱི་གནས་དེར་གནས་པ་ཉིད་དོ། །དེས་དེ་

དག་གི་མ་དད་པ་ཡོངས་སུ་སྤང་བའི་ཕྱིར་གཞན་དུ་འགྲོ་བར་བྱའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་དག་ལས། ཚེ་དང་ལྡན་པ་དག་ཁྱོད་གནས་འདི་ནས་སོང་ཤིག་དང་ཞེས་བྱ་བ་དང་། དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་ཀྱང་བསྐྲད་པ་ཞེས་བྱ་བའི་དོན་ཅི་ལགས།

Vol. 161 · folio 208a

ཉེ་བ་འཁོར་ལས་དེའི་མིང་ཡིན་ཏེ། འོན་ཀྱང་བསྐྲད་པར་བྱ་བ་ནི་དགེ་སློང་སུན་འབྱིན་པ་གང་ཡིན་པ་དེ་ལ་བྱ་སྟེ། དེ་འདིར་གནས་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་ནས་ཕྱུང་བ་ཐམས་ཅད་ལ་གནས་པར་བྱ་བ་མ་ཡིན་པ་ཉིད་

དང་ལོངས་སྤྱད་པར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་ནི་ལྷན་ཅིག་གནས་པར་བྱ་བ་མ་ཡིན་པ་ཉིད་དང་། ལྷན་ཅིག་ལོངས་སྤྱོད་པ་མ་ཡིན་པ་ཉིད་ཅེས་བྱ་བ་དེ་གཉིས་ནི་གནས་ནས་ཕྱུང་བ་ཐམས་ཅད་ལ་རིག་པར་བྱ་བའི་ལྟ་བའི་རྣམ་པ་མི་གཏོང་བ་ཉིད་ཀྱིས་གནས་ནས་ཕྱུང་བ་འབའ་

ཞིག་ལ་དེ་གཉིས་རིག་པར་བྱ་བར་མ་ཟད་དོ། །དེ་ཡང་བསྐྲད་པར་བྱ་བ་ཉིད་ཅེས་བྱ་བ་ཉིད་དེ་འདིར་བརྗོད་པས་འདི་ལ་འདི་གནས་པར་རིག་པར་བྱ་བ་མ་ཡིན་ནོ། །འདིར་གཞུང་ནི་དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས་གནས་ནས་ཕྱུང་བ་གྲོགས་དང་བཅས་པར་བརྗོད་པར་བགྱི་

འམ། གྲོགས་མ་མཆིས་པར་བརྗོད་པར་བགྱི། གནས་ནས་ཕྱུང་བ་ཐམས་ཅད་གཅིག་པུ་གྲོགས་གཉིས་མེད་པར་བརྗོད་པར་བྱའོ། །གནས་ནས་ཕྱུང་བ་ལ་ལོངས་སྤྱོད་དང་བཅས་པར་བརྗོད་པར་བགྱིའམ། ལོངས་སྤྱོད་མ་མཆིས་པར་བགྱི། གནས་ནས་ཕྱུང་བ་ཐམས་

ཅད་ལ་ལོངས་སྤྱོད་མེད་པར་བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་འདུ་ཤེས་ཀྱིས་རྣམ་པར་གཞག་གོ་ཞེས་བྱ་བ་ནི་གནས་ནས་ཕྱུང་བ་སྤང་བ་འདི་ལ་འདུ་ཤེས་ཀྱིས་རྣམ་པར་གཞག་པ་སྟེ། གང་གིས་འདི་གནས་ནས་བྱུང་བ་ཡིན་ནོ་ཞེས་བྱ་བར་ཤེས་ལ། དེ་མི་

སྤོང་བ་དེ་ལ་ཉེས་པ་འདིར་འགྱུར་གྱི་མི་ཤེས་པ་ནི་མ་ཡིན་ནོ། །འདིར་གཞུང་ནི་གང་གིས་གནས་ནས་ཕྱུང་བར་ཤེས་པ་དེས་ལྷན་ཅིག་གནས་པ་དང་། ལྷན་ཅིག་ལོངས་སྤྱད་པར་མི་བྱའི་གང་གིས་གནས་ནས་ཕྱུང་བར་མི་ཤེས་པ་དེས་ལྷན་ཅིག་གནས་པ་དང་། ལྷན་ཅིག་ལོང་སྤྱོད་པ་ལ་ནི་

ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཡོངས་སུ་སྤང་བར་བྱ་བ་ཐམས་ཅད་ཡོངས་སུ་སྤངས་པ་དག་ལ་ཡང་འདིའི་རྗེས་སུ་འབྲང་བའི་རྣམ་པ་ཉིད་དུ་རིག་པར་བྱའོ། །བྱེ་བ་ཉིད་ནི་དེ་གཉིས་ཆོས་མ་ཡིན་པའི་ཕྱོགས་དང་། ཅིག་ཤོས་སུ་ཡིན་གྱི་ཅིག་ཤོས་དང་ནི་མ་ཡིན་ནོ་

Vol. 161 · folio 208b

ཞེས་བྱ་བ་ནི། ལས་བྱེ་བ་དང་འཁོར་ལོ་བྱེ་བ་དག་ལས་གང་ཡང་རུང་བ་བྱེ་བ་དེ་ཉིད་ན་གནས་པ་བྱ་བ་མ་ཡིན་པ་ཉིད་དང་། ལོངས་སྤྱད་པར་བྱ་བ་མ་ཡིན་པ་ཉིད་དེ་དེ་གཉིས་ཆོས་མ་ཡིན་པའི་ཕྱོགས་དང་། ཅིག་ཤོས་ཀྱི་ཕྱོགས་སུ་ལྷན་ཅིག་མི་བྱ་བ་ཡིན་གྱི་ཆོས་ཀྱི་ཕྱོགས་ཅིག་ཤོས་

དང་ཆོས་མ་ཡིན་པའི་ཕྱོགས་སུ་ལྷན་ཅིག་བྱར་མི་རུང་བ་ནི་མ་ཡིན་ཏེ། ཆོས་ཀྱི་ཕྱོགས་ལ་ནི་ཉེས་པ་མེད་པའི་ཕྱིར་རོ། །འདིར་གཞུང་ནི་ཁས་བླངས་པ་དག་ནི་ཁས་མ་བླངས་པ་དག་དང་ལྷན་ཅིག་ལོང་སྤྱོད་པར་བྱེད་ན་ཉེས་བྱས་སོ། །ཁས་མ་བླངས་པ་དག་ཁས་བླངས་པ་དག་དང་

ལྷན་ཅིག་ལོངས་སྤྱོད་པར་བྱེད་པ་དག་ལ་ནི་ཉེས་པ་མེད་དོ་ཞེས་གསུངས་པ་ཡིན་ནོ། །འཁོར་ལོ་བྱེ་བ་དག་ལས་ཐ་དད་པ་དག་ལ་ཡང་ཆོ་ག་འདི་རྣམ་པར་གཞག་པ་དེ་བས་ན་བྱེ་བྲག་མེད་པར་མདོར་བྱས་པ་སྟེ། ཐམས་ཅད་ཀྱི་དབང་དུ་བྱས་ནས་བསྟན་པའོ། །ནན་ཏུར་བྱས་པ་

གཞན་དག་ལ་དེ་གཉིས་མི་བྱའོ་ཞེས་བྱ་བ་ནི་གནས་ནས་ཕྱུང་བ་ལས་གཞན་པའི་ནན་ཏུར་བྱས་པ་བསྡིགས་པ་དང་། སྨད་པ་དང་། བསྐྲད་པ་དང་། ཕྱིར་འགྱེད་པ་བྱས་པའི་ཡུལ་དག་ལ་ལྷན་ཅིག་གནས་པར་མི་བྱ་བ་ཉིད་དང་ལྷན་ཅིག་ལོངས་སྤྱོད་པར་མི་བྱ་བ་ཉིད་དེ་གཉིས་མི་བྱའོ། །

འདིར་གཞུང་ནི་བསྡིགས་པའི་ལས་བགྱིས་པ་ལ་སྨད་པའི་ལས་བགྱིས་ན་བགྱིས་པར་བརྗོད་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱས་པར་བརྗོད་པར་བྱ་སྟེ། བསྡིགས་པའི་ལས་ནི་བག་ཡངས་སུ་གྱུར་ཏོ་ཞེས་བྱ་བ་ལ་སོགས་པས་གནས་ནས་ཕྱུང་བ་ལས།

གཞན་པའི་ནན་ཏུར་བྱས་པ་དག་ལ་ནན་ཏུར་གཞན་འཆགས་པར་གསུངས་ནས། གནས་ནས་ཕྱུང་བ་ལ་བསྡིགས་པའི་ལས་བགྱིས་ན་བགྱིས་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། དེ་ནི་ལོངས་མི་སྤྱོད་པར་བྱ་བའི་ཕྱིར་སོང་བ་ཡིན་པའི་ཕྱིར་རོ། །

དེ་བཞིན་དུ་གནས་ནས་ཕྱུང་བ་ལ་སྨད་པ་དང་། བསྐྲད་པ་དང་། ཕྱིར་འགྱེད་པའི་ལས་བགྱིས་ན་བགྱིས་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ལོངས་མི་སྤྱད་པར་བྱ་བའི་ཕྱིར་སོང་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ཏེ་དེའི་ཕྱིར་མདོ་འདི་བྱས་

Vol. 161 · folio 209a

སོ། །དེས་འགྲོགས་བཤེས་ལ་བརྟེན་ཏེ་གནས་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་ནན་ཏུར་བྱས་པ་དེས་འགྲོགས་བཤེས་ལ་བརྟེན་ཏེ་གནས་པར་བྱ་བ་ཉིད་ཡིན་པ་སྟེ། གང་གི་ཕྱིར་ཆད་པ་དང་བཅས་པ་ཉིད་ལ་ཡང་དེ་ལྟར་འགྱུར་རོ། །འདིར་གཞུང་ནི་མི་གནས་པར་

འདུག་པར་མི་བྱའོ་ཞེས་གསུངས་པ་དེའི་དོན་ཅི་ལགས། གང་ཟག་གང་ལ་འགྲོགས་བཤེས་སམ། གུས་པ་དང་ངོ་ཚ་ཤེས་པ་དང་། ཡིད་དུ་འཐད་པའི་སེམས་ཉེ་བར་གནས་པ་ཡོད་པ་དེ་ལ་གནས་དེར་འདུག་པར་བྱའོ་ཞེས་གསུངས་པའི་གཞུང་གནང་བ་ཡིན་ནོ། །དེའི་ཕྱིར་

མདོ་འདི་རྣམ་པར་གནས་པ་ཡིན་ནོ། །ནན་ཏུར་བྱས་པས་སམ་ཉམས་པ་བསྐྲད་པར་བྱ་བས་འགྱུར་བ་བརྟེན་ན་ཡོ་བྱད་ཀྱང་ཕྱུང་སྟེ་དེར་རོ་ཞེས་བྱ་བ་ནི་དགེ་སློང་གང་ལ་ནན་ཏུར་བྱས་པ་དེས་སམ། ཚུལ་ཁྲིམས་འཆལ་པ་ཉམས་པ་ལ་བསྐྲད་པར་བྱ་བ་དེས་ངོ་ཟུམ་དང་ཁྲོ་བ་ལ་

སོགས་པར་འགྱུར་བ་བསྟན་པ་དེའི་ཚེ་དེའི་ཡོ་བྱད་ཀྱང་ཕྱུང་སྟེ་དོར་བར་བྱའོ། །གླེང་གཞི་དག་ལས། གཙུག་ལག་ཁང་ནས་ཞེས་བྱ་བ་ལ་སོགས་པ་ནས་དེ་ཉིད་གནས་པ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །མཐུས་བསྐྲད་པར་བྱའོ་ཞེས་བྱ་བ་ནི་སྔར་བསྟན་པའི་གང་

ཟག་ནན་ཏུར་བྱ་བ་དང་། ཚུལ་ཁྲིམས་འཆལ་པ་དེ་གཉིས་སོ། །འཇུས་པ་གཅད་པར་བྱའོ་ཞེས་བྱ་བ་ནི་གྲལ་ནས་བསྐྲད་པར་བྱ་བ་དག་ཀ་བ་ལ་སོགས་པ་གང་ལ་འཇུས་པ་དེ་ཡང་གཅད་པར་བྱའོ། །དེ་རྡིབ་པའི་ཆོས་ཅན་མ་ཡིན་ན་དབྱུང་ངོ་ཞེས་བྱ་བ་ནི་གང་ལ་འཇུས་པ་གཅད་

པར་བྱ་བ་དེ་རྡིབ་པར་འགྱུར་བ་ཉིད་མ་ཡིན་པ་དེ་དབྱུང་བར་བྱའོ། །འདིར་གཞུང་ནི་དེ་ལ་ཀ་བ་གཅད་པར་བྱ་སྒོ་སྐྱེས་དབྱུང་བར་བྱ་ཞེས་གསུངས་པ་ཡིན་ཏེ། དེའི་ཕྱིར་མདོ་གཉིས་བྱས་སོ། །དགེ་འདུན་གྱི་དེ་ཕྱིར་བཅོས་སོ་ཞེས་བྱ་བ་ནི་བཅད་པ་དང་དབྱུང་བ་ཡང་ངོ་། །ཇི་ལྟར་

ཞེ་ན་དེའི་ཕྱིར་བཅོལ་ཏེའོ་ཞེས་བྱ་བ་སྨོས་ཏེ་སྦྱིན་པ་དག་ལའོ། །མ་གྲུབ་ན་གཙུག་ལག་ཁང་གི་རྫས་ཀྱིས་སོ་ཞེས་བྱ་བ་ནི་བཅོལ་ཏེ་མ་གྲུབ་ན་གཙུག་ལག་ཁང་གི་རྫས་ཀྱིས་ཕྱིར་བཅོས་པར་བྱའོ། །འཐབ་ཀྲོལ་བྱེད་པ་བསྐྲད་པ་ན་གཟུང་བར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་འཐབ་

Vol. 161 · folio 209b

ཀྲོལ་བྱེད་པ་གཙུག་ལག་ཁང་ནས་བསྐྲད་པ་ནི་དགེ་སློང་གཞན་གྱིས་ཕྱིར་གཟུང་བར་མི་བྱ་སྟེ། དེ་ནི་ཕྲན་ཚེགས་དག་ལས་འབྱུང་བའོ། །འཐབ་ཀྲོལ་ལ་འབད་པས་མ་ལོག་ན་ཉེ་བར་ཞི་བར་བྱ་བའི་ཕྱིར་གནས་ནས་དབྱུང་བར་བྱའོ་ཞེས་བྱ་བ་ནི་ཐ་མལ་པ་ཉེ་བར་ཞི་བར་བྱ་བའི་དོན་ལ་

འབད་པས་མ་ལོག་ཅིང་མ་བཏང་ན་འཐབ་ཀྲོལ་ཉེ་བར་ཞི་བར་བྱ་བའི་ཕྱིར་དེ་གནས་ནས་དབྱུང་བའི་ལས་བྱའོ། །ཡང་དང་ཡང་དུ་དོན་གཞན་དང་གཞན་གྱི་ཕྱིར་འཐབ་ཀྲོལ་སྐྱེད་པར་བྱེད་པ་ཉིད་ལ་ནི་བསྡིགས་པའི་ལས་བྱའོ། །མི་གཏོང་བ་ལ་ནི་གནས་ནས་དབྱུང་བའི་ལས་བྱ་

སྟེ། དེ་གཉིས་ཀྱི་ཡུལ་གྱི་བྱེ་བྲག་ནི་དེ་ཡིན་ནོ། །འདིར་གཞུང་ནི་གླེང་གཞི་དག་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཐབ་ཀྲོལ་བྱེད་པ་དག་བཟློག་པར་བྱའོ། །དེ་དག་བཟློག་པ་མི་འཁོད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་བཟློག་པ་ན་

མི་འཁོད་ན་གནས་ནས་དབྱུང་བའི་ལས་བྱའོ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པ་ལས་ཉེ་བར་ཞི་བས་སོ་ཞེས་བྱ་བ་ནི་རྣམ་པར་གཏན་ལ་འབེབས་པའི་དོན་ལ་འཐབ་མོ་གང་ལ་རྩོད་པའི་གཞི་ཉེ་བར་ཞི་བས་ཉེ་བར་ཞི་བ་བརྗོད་པར་གྱུར་པ་ལ། ཉེ་བར་

མ་ཞི་བས་འཐབ་ཀྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ་ལས་བཟློག་པའི་ཕྱིར། དེ་གཉིས་ཀ་ཞི་བར་བྱ་བའི་དོན་དུ་གནས་ནས་དབྱུང་བ་ཞེས་བྱ་བའི་དོན་ཏོ། །གནས་པ་ལ་གནས་ཀྱིས་འབད་པར་བྱའོ་ཞེས་བྱ་བ་ནི་སློབ་མ་ཉེ་གནས་ཀྱི་རྣམ་པར་གཏན་ལ་འབེབས་པ་ལས་གྱུར་པའི་འཐབ་མོ་ཉེ་

བར་ཞི་བར་བྱ་བའི་ཕྱིར་ཡལ་བར་མི་འདོར་བར་འབད་པར་བྱ་བ་སྟེ། འདི་ལྟར་དེས་གཞན་ལ་བཅོལ་བས་འབད་པར་བྱ་བའམ། རང་གིས་ཉེ་བར་ཞི་བར་བརྗོད་པར་གྱུར་པ་ལས་ཀྱང་རུང་ངོ་ཞེས་བྱ་བ་བྱེ་བྲག་མེད་པར་ཤེས་པར་བྱའོ། །འཐབ་ཀྲོལ་གྱི་རྒྱུ་ཉེ་བར་བསྒྲུབ་པ་ལ་གནས་

ནས་དབྱུང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི་འཐབ་ཀྲོལ་གྱི་རྒྱུ་ཉེ་བར་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ལ་གནས་ནས་དབྱུང་བའི་ལས་བྱ་བ་ཉིད་ཡིན་གྱི་འཐབ་ཀྲོལ་བྱེད་པ་འབའ་ཞིག་ལ་བྱ་བར་མ་ཟད་དེ། །གང་ཞིག་བདེ་ཞིང་གནས་པ་འཐབ་ཀྲོལ་གྱི་རྒྱུ་རྗོད་པར་བྱེད་གང་ཞིག་དགེ་སློང་མ་

Vol. 161 · folio 210a

རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་པ་སྟེ། དེ་ལྟ་བས་ན་མདོ་འདི་བྱས་སོ། །དགེ་སློང་མའི་རྣམ་པར་འབྱེད་པ་ལས། དེ་དང་འོག་མ་གཉིས་ཀྱི་ཡང་གཞུང་ནི་དེ་ཉིད་དོ། །དགེ་སློང་མ་རྣམས་དང་འདྲེ་ཞིང་གནས་པ་ལ་ཡང་གནས་ནས་

དབྱུང་བར་བྱའོ་ཞེས་བྱ་བ་ནི་དགེ་སློང་གང་དག་དགེ་སློང་མ་རྣམས་དང་ལྷན་ཅིག་འདྲེ་ཞིང་གནས་པ་ལ་འབད་པས་བཟློག་ཀྱང་མི་གཏོང་ན་དེ་ལ་ཡང་གནས་ནས་དབྱུང་བར་བྱའི་གཞན་ལ་བྱ་བ་འབའ་ཞིག་ཏུ་མ་ཟད་དོ་ཞེས་བྱ་བའི་དོན་ཏོ། །འདིས་གནས་ནས་དབྱུང་བ་ལ་དགེ་སློང་མས་

ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱའོ་ཞེས་བྱ་བ་ལ། འདིས་ཞེས་བྱ་བ་འདི་དགེ་སློང་མ་དང་འདྲེ་ཞིང་གནས་པའི་བདག་ཉིད་ཀྱིས་རྒྱུ་འདིས་གནས་ནས་ཕྱུང་བའི་དགེ་སློང་ལ་དགེ་སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱའོ། །དགེ་སློང་མ་རྣམས་ལ་ནི་

ལོག་པར་རྟོག་པ་འདི་ཡོད་པ་དེ་བས་ན་འཐབ་ཀྲོལ་དང་བསྐྲད་པ་ལ་སོགས་པའི་ལོག་པར་རྟོག་པ་ལ་དགེ་སློང་གནས་ནས་ཕྱུང་བ་ཉིད་ལ་བྱ་བ་ཉིད་དེ་ནི་དཔེ་ཙམ་དུ་ཤེས་པར་བྱའོ། །དགེ་སློང་གི་དགེ་འདུན་གྱིས་དགེ་སློང་མ་སྤངས་པ་ལ་དགེ་སློང་མའི་དགེ་འདུན་གྱི་ལན་གདབ་

པར་མི་རིགས་སོ། །དེ་བས་ན་དགེ་སློང་མས་དགེ་སློང་ལ་སྐུར་བར་བྱ་བ་མ་ཡིན་པ་དང་། དགེ་སློང་མས་དགེ་སློང་ལ་འཐབ་ཀྲོལ་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལྕི་བའི་ཆོས་རྗེས་སུ་འབྲངས་པས་ཐོབ་པའོ། །དེ་བས་ན་གནས་ནས་དབྱུང་བ་ཉིད་ལ་སྡོམ་པ་འདི་བྱ་བ་ཉིད་

ཤེས་པ་འདིའོ། །ནན་ཏུར་གྱི་རྒྱུ་གཞན་ལ་དེའི་དོན་དུ་བསམ་པ་གཞན་བྱེད་པ་ནི་འཆགས་སོ་ཞེས་བྱ་བ་ནི་ནན་ཏུར་གྱི་རྒྱུ་གཞན་ཡོད་པ་ལ་དེའི་དོན་དུ་བསམ་པ་ཞེས་བྱ་བ་ནི་གང་གི་རྒྱུ་དེ་ཉེ་བར་གནས་པ་དེའི་བདག་ཉིད་རང་གི་ངོ་བོར་གྱུར་པའི་དོན་གང་ཡིན་པ་དེ་ནི་ནན་ཏུར་གཞན་གྱི་མིང་

གིས་བསམ་པ་གང་ཡིན་པ་དེ་ནི་དེའི་དོན་དུ་བསམས་པ་སྟེ། ནན་ཏུར་གྱི་རྒྱུ་ཉེ་བར་གནས་པ་དེའི་དོན་ཏོ། །གལ་ཏེ་བསྡིགས་པའི་ནན་ཏུར་གྱི་རྒྱུ་ཉེ་བར་གྱུར་པ་དེའི་དོན་དུ་བསམས་པས་བསྐྲད་པ་ལ་སོགས་པའི་མིང་གི་ནན་ཏུར་གྱི་ལས་བྱེད་ན་དེ་ལྟར་ན་ཡང་བསྡིགས་པའི་ནན་ཏུར་

Vol. 161 · folio 210b

གྱི་ལས་ཉིད་འཆགས་པར་འགྱུར་རོ། །གཞན་དུ་ན་མི་འཆགས་སོ་ཞེས་བྱ་བ་ནི་དེའི་མིང་གི་དོན་འདོད་པ་ཉིད་དུ་མི་སེམས་ན་ཞེས་བྱ་བའི་དོན་ཏོ། །འཐབ་ཀྲོལ་བྱེད་པ་ཉིད་ལ་སྐྲོད་པར་བྱེད་པའི་ལས་བྱེད་པ་ལ་གལ་ཏེ་འཐབ་ཀྲོལ་བྱེད་པ་ཉིད་སྐྲོད་པར་བྱེད་པའི་ཡིད་ཅན་གྱི་དོན་ལ་

དགོངས་ནས་སྐྲོད་པར་བྱེད་ན་བསྐྲད་པར་བྱ་བ་དེ་འབྱུང་ངོ་། །གལ་ཏེ་ཁྱིམ་སུན་འབྱིན་པ་ཉིད་ཀྱི་དོན་ལ་དོགས་ནས་འཐབ་ཀྲོལ་བྱེད་པའི་རྒྱུ་ཡོད་པ་ལ་སྐྲོད་པའི་ལས་བྱེད་ན། དེས་ན་ལས་དེ་འབྱུང་བར་མི་འགྱུར་རོ། །དེ་བས་ན་དེ་ལ་འདི་སྐད་བརྗོད་དོ། །གཞན་ལས་

ཉམས་སོ་ཞེས་བྱ་བ་ནི་ནན་ཏུར་གཞན་བྱས་པ་ལ་སྔ་མ་ཉམས་པ་ཡིན་ཏེ། གཞན་མི་འཆགས་པ་ནི་མ་ཡིན་ནོ། །སྤྱིར་ནན་ཏུར་བྱེད་པ་རྣམས་ལ་དེ་བསྐྲད་པའི་རྣམ་པ་ཉིད་ཀྱིས་ཤེས་པར་བྱའོ། །ནན་ཏུར་གཞན་བྱས་ན་ནན་ཏུར་སྔར་བྱས་པ་ཉམས་སོ། །འདིར་གཞུང་ནི་

དགེ་སློང་བྲམ་ཟེའི་བུ་མོས་ཞུས་པ་ལས། བཙུན་པ་རེ་ཞིག་བསྡིགས་པའི་ལས་བགྱིས་པ་ལ་སྨད་པའི་ལས་བརྗོད་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱས་པར་བརྗོད་པར་བྱ་སྟེ། བསྡིགས་པའི་ལས་ནི་བག་ཡངས་སུ་གྱུར་ཏོ། །བཙུན་པ་གནས་

ནས་ཕྱུང་བ་ལ་བསྡིགས་པའི་ལས་བགྱིས་ན་བགྱིད་པར་བརྗོད་པར་བགྱིའམ། ཉེ་བ་འཁོར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ལོངས་མི་སྤྱད་པའི་ཕྱིར་སོང་བའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །གནས་ནས་ཕྱུང་བ་ལ་ནི་མི་འཆགས་སོ་ཞེས་བྱ་བ་ནི་གནས་ནས་ཕྱུང་བ་བདག་

ཉིད་ཀྱིས་ནན་ཏུར་བྱས་པ་ལ་ནི་ཕྱི་མ་མི་འཆགས་ཏེ་སྔ་མ་ཉམས་པར་ཡང་མི་འགྱུར་ཏེ། དེ་ལོངས་མི་སྤྱད་པའི་ཕྱིར་སོང་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདིར་རྒྱུ་སྨོས་ཏེ། ལོངས་མི་སྤྱད་པར་སོང་བ་མ་ཡིན་ཏེ་འདིར་དགེ་འདུན་ལ་ཞེས་བྱ་བའི་དོན་དེ་རིག་པར་བྱའོ། །ཤེས་པ་དང་།

བསོད་ནམས་ཆེན་པོ་དང་། མདོ་སྡེ་དང་འདུལ་བ་དང་། མ་མོ་འཛིན་པ་དང་། ཐོས་པ་མང་བ་དང་། ཕྱོགས་མང་བ་དང་། འཁོར་མང་བ་དག་ལ་ནི་སྦོམ་པོའོ་ཞེས་བྱ་བ་ཤེས་པ་དང་། བསོད་ནམས་ཆེན་པོ་དང་། མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་

Vol. 161 · folio 211a

དང་། ཐོས་པ་མང་བ་དང་། ཕྱོགས་མང་བ་དང་། འཁོར་མང་བ་ཆོས་ཀྱི་གནས་ནས་འབྱིན་ན་དབྱིན་གྱི་སྐབས་སུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་རོ། །དབྱེ་བར་འདོད་པས་དེས་རྒྱས་པར་གྱུར་པ་དང་། གཞན་ཆོས་དང་ལྡན་པ་ཡང་མངོན་པར་

འདོད་པས་གང་ཟག་ལྔ་པོ་ལ་ནན་ཏུར་བྱེད་པ་ནི་ཉེས་བྱས་སོ། །ཕྱི་རོལ་པའི་རྟོག་གེ་དང་། སྒྲ་དང་སྤྱོད་པ་ལ་སོགས་པའི་ཐོས་པ་མང་བ་དང་ལྡན་པའི་མདོ་སྡེ་ལ་སོགས་པའི་དོན་ལ་ཐོས་པ་མང་བས་ཞེས་སྨོས་པས་སོ། །ཁྱིམ་པ་ནི་དཔེའོ། །དགེ་སློང་ལ་སོགས་པ་ལྔ་པོ་དག་

ལ་བརྙས་ཐབས་བྱེད་པ་དག་ལ་ཡང་ཕྱིར་འགྱེད་པ་བྱའོ་ཞེས་བྱ་བ་ནི་ཁྱིམ་པ་ལ་བརྙས་ཐབས་བྱེད་པ་ལ་ཕྱིར་འགྱེད་པའི་ལས་བགྱིའམ། ཉེ་བ་འཁོར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཕྱིར་འགྱེད་པའི་ལས་བྱའོ་ཞེས་གང་གསུངས་པ་དེ་ནི་དཔེ་ཙམ་དུ་ཟད་དེ་དེ་དང་ཁྱིམ་པ་

རིག་པར་བྱའོ། །དགེ་སློང་དང་དགེ་སློང་མ་དང་། དགེ་སློབ་མ་དང་། དགེ་ཚུལ་དང་དགེ་ཚུལ་མ་དག་ལ་བརྙས་ཐབས་བྱེད་པ་ལ་ཡང་ཕྱིར་འགྱེད་པའི་ལས་བྱ་བ་ཁོ་ན་ཡིན་ནོ། །འདིར་གཞུང་ནི་གླེང་གཞི་དག་ལས། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཁྱིམ་པ་ལ་བརྙས་ཐབས་

བགྱིད་པ་ལ་ཕྱིར་འགྱེད་པའི་ལས་བྱའོ་ཞེས་གསུངས་ན། བཙུན་པ་དགེ་སློང་ལ་བརྙས་ཐབས་བགྱིད་པར་གྱུར་ན་དེ་ཡང་ཕྱིར་འགྱེད་པའི་ལས་བགྱི་འམ། ཉེ་བ་འཁོར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཁྲོ་བ་ནི་བརྙས་ཐབས་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི།

འདིར་གཞུང་ཁ་ཅིག་ལས། ཁྲོ་བ་ནི་བརྙས་ཐབས་བྱེད་པ་ཡིན་པས་དེ་ལ་ཡང་ཕྱིར་འགྱེད་པའི་ལས་བྱ་བ་ཡིན་ནོ། །ཁྲོ་བ་ལ་ཡང་འདི་རྣམས་ཀྱི་ཕྱིར་འགྱེད་པར་བྱ་བ་ཉིད་དོ། །ནན་ཏུར་གྱི་ལས་དག་ལ་ཐུན་མོང་བ་མ་ཡིན་པར་དོགས་པར་མི་བྱའོ་ཞེས་བྱ་བ་ལ། འདི་ནི་དགེ་སློང་མ་

རྣམས་ཀྱི་ཆོ་ག་མ་ཡིན་ཞེས་བྱ་བའི་དོན་ཏོ། །རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་ལ་ཡང་དེ་དག་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེ་དག་བྱ་བ་ཉིད་ནི་ནན་ཏུར་གྱི་ལས་དག་དང་། བསྙིལ་བའི་ཆོ་ག་འདི་ལ་དམིགས་ཀྱིས་བསལ་བར་རིག་པར་བྱའོ། །ཁྱིམ་པ་ལ་མི་བྱའོ་ཞེས་བྱ་བ་

Vol. 161 · folio 211b

ནི། ཁྱིམ་པ་ལ་ནན་ཏུར་གྱི་ལས་དག་མི་བྱ་བ་སྟེ། དེ་ལ་དགེ་སློང་མི་དབང་བའི་ཕྱིར་རོ། །དགེ་སློང་ལ་ཕམ་པར་འགྱུར་བ་ཡང་དག་པ་མ་ཡིན་པས་སྐུར་པ་དང་གཤེ་བ་དང་སྤྱོ་བ་ལ་ལྷུང་བཟེད་ཁ་སྦུབ་པར་བྱའོ་ཞེས་བྱ་བ་ནི། གསོལ་བ་འབའ་ཞིག་གི་ལས་ཀྱིས་ལྷུང་བཟེད་ཁ་སྦུབ་པར་

བྱའོ་ཞེས་བྱ་བར་སྦྱར་རོ། །སུ་ལ་ཁས་སྦུབ་པར་བྱ་ཞེ་ན། དེའི་ཕྱིར་ཡང་དག་པ་མ་ཡིན་པས་སྐུར་པའི་ཁྱིམ་པ་ལའོ་ཞེས་བྱ་བར་སྦྱར་རོ། །སྐུར་པ་འདེབས་པ་པོ་གང་གི་ཕྱིར་ཡིན་ཞེ་ན། དེའི་ཕྱིར་དགེ་སློང་ལ་ཞེས་བྱ་བ་སྨོས་ཏེ། ཆོས་འདི་པའི་རབ་ཏུ་བྱུང་བ་ནི་དཔེ་ཙམ་ཡིན་ནོ། །

གང་གིས་སྐུར་པ་བཏབ་པ་ལ་ཞེ་ན། དེའི་ཕྱིར་ཡང་དག་པ་མ་ཡིན་པའི་ཕམ་པར་འགྱུར་བས་སོ་ཞེས་བྱ་བ་སྨོས་ཏེ། འདིར་ཕམ་པའི་སྒྲ་ནི་དཔེ་ཡིན་ཏེ། ཚུལ་ཁྲིམས་ལྷུར་བྱ་བ་ཡིན་ནོ། །ལྟུང་བ་ལྷུར་བྱ་བ་ནི་མ་ཡིན་ནོ། །དེ་ན་རབ་ཏུ་བྱུང་ཞིང་བསྙེན་པར་མ་རྫོགས་པ་ལ་སྐུར་པ་འདེབས་

པ་ལ་བྱ་བ་རིགས་པར་གྱུར་པ་ཉིད་དུ་ཤེས་པར་བྱའོ། །ཅི་དེ་ཉིད་ལ་བརྟེན་ནས་སམ་ཞེ་ན། དེའི་ཕྱིར་གཤེ་བ་དང་། སྤྱོ་བ་ལ་ཞེས་བྱ་བ་སྨོས་ཏེ། ཅི་འབྱུང་བ་དང་མི་འབྱུང་བ་ཁྱད་པར་མ་བྱས་པ་ཉིད་ཀྱི་ཕྱིར་གཉིས་ཀ་ལྟར་ཤེས་པའོ། །འདིར་གཞུང་ནི་ཞུ་བ་ལས་ཆོས་གཉིས་དང་

ལྡན་པའི་ཁྱིམ་བདག་ལ་ལྷུང་བཟེད་ཁས་སྦུབ་པར་བྱ་སྟེ། གཉིས་གང་ཞེ་ན། དགེ་སློང་དག་ལ་གཤེ་བ་དང་སྤྱོ་བར་བྱེད་པ་དང་། དགེ་སློང་དག་པ་ལ་གཞི་མེད་པ་ལ་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་པ་ལའོ་ཞེས་གསུངས་པ་ཡིན་ནོ། །ཅི་ཁས་ཕུབ་ཏུ་གཞག་

པས་ཁ་དབུབ་པར་བྱ་བའམ། ཇི་སྲིད་དུ་གན་རྐྱལ་དུ་མ་བྱས་པ་དེ་སྲིད་དུ་འདི་ལ་སུས་ཀྱང་ལྷུང་བཟེད་མེད་པར་མི་བྱའོ། །འོན་ཏེ་གཞན་གྱིས་ཤེ་ན། དེའི་རྣམ་པར་གཞག་པས་སོ་ཞེས་བྱ་བ་སྨོས་ཏེ། འདིར་ལྷུང་བཟེད་བཟེད་པར་མི་བྱའོ་ཞེས་བྱ་བ་ཁྲིམས་སུ་བྱ་བ་རྣམ་པར་གཞག་

པར་བྱ་བས་ཡིན་གྱི། ལྷུང་བཟེད་ཀྱི་དབྱིབས་སུ་གྲུབ་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གང་གིས་དེ་རྣམ་པར་གཞག་པར་བྱ་ཞེ་ན། དེའི་ཕྱིར་གསོལ་བས་སོ་ཞེས་བྱ་བ་སྨོས་ཏེ། གསོལ་བ་འབའ་ཞིག་གི་ལས་གྱིའོ། །གང་གི་ཕྱིར་ཁས་སྦུབ་པ་དེའི་དོན་བརྗོད་པར་བྱ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words