འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 163 · folio 213b

དང་མ་དུ་ལུང་ག་ལ་སོགས་པའི་རྫས་དག་གིས་སྦྱོར་བར་བྱེད་ན་འདི་ལྟར་དེར་བལ་པོ་སེའུ་དང་མ་དུ་ལུང་ག་ལ་སོགས་པའི་རྫས་ཀྱི་ཟས་ཉིད་ཀྱིས་ཁྱབ་པར་བྱེད་དུ་ཟིན་ཀྱང་ཉེས་པ་མེད་པའོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ཟས་ཀྱི་དོན་དུ་

ཁྱབ་པར་བྱེད་པ་གང་ཡིན་པ་དེ་དག་ཀྱང་བསྡུ་བར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། ཙོ་ཙ་ལ་སོགས་པའི་བཏུང་བ་དག་ལས་གཞན་པའི་བཏུང་བ་བལ་པོ་སེའུ་དང་མ་དུ་ལུང་ག་ལ་སོགས་པས་སྦྱོར་བར་བྱེད་ན། འདི་ལྟར་དེར་བལ་པོ་སེའུ་དང་མ་དུ་ལུང་ག་ལ་སོགས་པའི་རྫས་ཀྱི་ཟས་

ཉིད་ཀྱིས་ཁྱབ་པར་བྱེད་དུ་ཟིན་ཀྱང་ཉེས་པ་མེད་དོ། །འདིར་གཞུང་ནི་དགེ་སློང་དག་གིས་བུ་རམ་ཟོས་པ་དང་། དེ་དག་ལ་སྐོམ་པའི་གནོད་པ་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་རམ་ཆུ་བྱས་ཏེ་བཏུང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་དུས་སུ་རུང་བ་ཉིད་ཡིན་ན་ཐུན་ཚོད་ཀྱི་

མཐའ་མཐའ་ཡིན་ནོ་ཞེས་བྱ་བ་ནི། བཏུང་བའི་རྫས་དེ་རྒུན་ཆུ་ལ་སོགས་པ་དུས་སུ་རུང་བ་ཉིད་ཡིན་ན་མཚན་མོའི་ཐུན་ཚོད་ཀྱི་ཆའི་ཚད་ཀྱི་མཐའ་གང་ཡིན་པ་དེ་བཏུང་བ་དེ་བཏུང་བའི་མཐའ་ཡང་ཡིན་པར་རིག་པར་བྱའོ། །གཞན་ཉིད་ཡིན་ན་དེའི་གང་ཡིན་པའོ་ཞེས་བྱ་བ་ནི། བཏུང་བའི་རྫས་དེ་ལ་དུས་སུ་རུང་

བ་ལས་གཞན་པ་དུས་མ་ཡིན་པར་རུང་བ་ཉིད་ཡིན་ན་རྫས་དེ་བཟའ་བའི་དུས་ཀྱི་མཐའ་ཞག་བདུན་པའམ་འཚོ་བའི་བར་དུ་བཅང་བའི་མཐའ་གང་ཡིན་པ་དེ་ཉིད་བཏུང་བ་དེའི་མཐའ་ཡང་ཡིན་པ་སྟེ། ཐུན་ཚོད་ཀྱི་མཐའ་དང་ལྷན་ཅིག་འགལ་བ་མེད་དོ། །གང་གི་ཕྱིར་ཞག་བདུན་པ་དང་འཚོའི་བར་བཅང་

བའི་རྫས་ཐུན་ཚོད་ཀྱི་མཐའ་ལས་ཐལ་བར་བཟར་རུང་བ་ཉིད་ཡིན་ན་དུས་ཐམས་ཅད་དུ་ཉེས་པ་མེད་པའི་ཕྱིར་ནམ་ཡང་བཟར་མི་རུང་བ་ཉིད་དུ་མི་འགྱུར་བ་དེའི་ཕྱིར་དུས་སུ་རུང་བ་མ་ཡིན་པའི་རྫས་ལས་བྱས་པའི་བཏུང་བ་དེ་བཏུང་བ་ཉིད་ཀྱི་ཕྱིར་ནི་དུས་ཐམས་ཅད་པ་ཉིད་ཡིན་པར་ཤེས་པར་བྱ་ཞིང་བྱིན་

གྱིས་བརླབས་པའི་ཕྱིར་ནི་ཐུན་ཚོད་དུ་རུང་བ་ཉིད་ཡིན་པར་ཤེས་པར་བྱའོ། །ད་ནི་འདིར་ལུགས་གཞན་དགག་པར་བྱ་བར་འདོད་ནས་གཞན་གྱི་ལུགས་བསྟན་པའི་ཕྱིར་ཁ་ཅིག་ན་རེ་མ་གྱུར་ན་དེ་ཡིན་གྱི་གྱུར་ན་གང་ཚུན་ཆད་དེ་ཡིན་པའོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། འདིར་འདུལ་བ་འཛིན་པ་

Vol. 163 · folio 214a

ཁ་ཅིག་ན་རེ་འདི་ལ་གྱུར་པ་ཞེས་བྱ་བ་ནི། བཏུང་བ་བཞིན་སྣང་བ་ཉིད་ཀྱིས་མཚན་ཉིད་ཤིན་ཏུ་སླ་བ་དང་། མྱོས་པར་མི་འགྱུར་བ་ཉིད་ལས་གཞན་དུ་གྱུར་པ་ཞེས་བྱ་སྟེ། མྱོས་པར་འགྱུར་བར་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་སྔར་མདོ་ལས་གཞན་ཉིད་ཡིན་ན་དེའི་གང་ཡིན་

པའོ་ཞེས་སྨོས་པས་བཏུང་བའི་རྫས་ཀྱི་མཐའ་གང་ཡིན་པ་དེ་ཉིད་བཏུང་བ་དེའི་མཐའ་ཡང་ཡིན་ནོ་ཞེས་གང་བསྟན་པ་དེ་གཅིག་ཏུ་ངེས་པར་རྣམ་པར་གནས་པ་མ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་ངོ་བོ་ཉིད་མ་གྱུར་ན་དེ་བཏུང་བའི་མཐའ་ཡིན་གྱི། གྱུར་པ་སྐད་ཅིག་གང་ཚུན་ཆད་ཀྱི་འོག་ཏུ་ངོ་བོ་

ཉིད་དེ་གྱུར་པའི་སྐད་ཅིག་དེ་ཉིད་བཏུང་བའི་མཐའ་ཡིན་པར་ཤེས་པར་བྱའོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ་དུས་ལྷག་པ་ལ་བརྟེན་ན་མི་འཆགས་པར་འགྱུར་བའི་ཕྱིར་དང་དེ་འབྱུང་བར་འགྱུར་བ་ཕལ་པ་རྣམས་ཀྱི་བགྲོད་པ་མ་ཡིན་པའི་ཕྱིར་བྱིན་གྱིས་བརླབས་པར་བྱ་བ་ཉིད་མ་ཡིན་པར་འགྱུར་བའི་

ཕྱིར་རོ་ཞེས་བྱ་བ་ནི། གྱུར་ན་གང་ཚུན་ཆད་དེ་ཡིན་པའོ་ཞེས་ཟེར་བ་དེ་ནི་མ་ཡིན་ཏེ། དུས་ལྷག་པ་ལ་བརྟེན་ན་མི་འཆགས་པར་འགྱུར་བའི་ཕྱིར་ཏེ། གང་ནས་བཏུང་བར་གྱུར་པར་འགྱུར་བ་དེ་ལས་ལྷག་པར་དུས་ལ་བྱིན་གྱིས་བརླབས་པ་བརྟེན་ན་བྱིན་གྱིས་བརླབ་པ་དེ་མི་འཆགས་པར་འགྱུར་

བའི་ཕྱིར་རོ། །འདི་ལྟར་བྱིན་གྱིས་བརླབ་པ་ནི་རེ་ཞིག་བཟའ་བའི་ཕྱིར་ཡིན་པས་བཟར་རུང་བ་ཉིད་ཡིན་ན་ཡིན་ནོ། །དེའི་ཕྱིར་གང་གི་ཚེ་བཟར་རུང་བ་ཉིད་རྣམ་པར་ལོག་པ་དེའི་ཚེ་བྱིན་གྱིས་བརླབས་ཀྱང་རྣམ་པར་ལྡོག་པར་མི་འགྱུར་རམ། དེས་ན་སྐད་ཅིག་གང་ཚུན་ཆད་ཀྱི་འོག་ཏུ་བཏུང་བའི་

ངོ་བོ་ཉིད་དུ་གྱུར་པར་འགྱུར་བའི་སྐད་ཅིག་དེ་ལས་གཞན་པའི་དུས་ལྷག་མ་དེ་ལ་ནི་བྱིན་གྱིས་བརླབ་པར་རྗེས་སུ་མ་གནང་བས། དེས་ན་འདིར་དུས་དེ་ཙམ་ཞིག་ཏུ་འགྱུར་བའི་ཕྱིར་རོ། །གལ་ཏེ་འདི་སྙམ་དུ་དུས་གང་ལ་བཏུང་བའི་ངོ་བོ་ཉིད་དུ་གྱུར་པར་འགྱུར་བའི་དུས་དེ་ཙམ་ཚུན་ཆད་ལ་བྱིན་གྱིས་

བརླབས་པ་རྟེན་པར་བྱེད་པས་དེས་ན་ཉེས་པ་འདིར་མི་འགྱུར་རོ་སྙམ་དུ་སེམས་ན་དེའི་ཕྱིར། དེ་འབྱུང་བར་འགྱུར་བ་ཕལ་པ་རྣམས་ཀྱི་བགྲོད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་འབྱུང་བར་འགྱུར་བ་མ་འོངས་པའི་དངོས་པོ་དེ། ཕལ་པ་ཚུ་རོལ་མཐོང་བ་རྣམས་ཀྱི་བགྲོད་པ་

Vol. 163 · folio 214b

མ་ཡིན་ཞིང་ཡུལ་གྱི་དངོས་པོར་མི་འགྱུར་བ་དེའི་ཕྱིར་བྱིན་གྱིས་རློབ་པའི་དུས་ན་འགྱུར་བའི་དུས་ཡོངས་སུ་མི་ཤེས་པས་བྱིན་གྱིས་བརླབ་པའི་ཕྱིར་ཡོངས་སུ་གཟུང་བར་བྱ་བའི་དུས་གང་ཡིན་པ་དེ་མི་ཤེས་སོ། །དེ་མི་ཤེས་པའི་ཕྱིར་གདོན་མི་ཟ་བ་ཁོ་ནར་དུས་ལྷག་པ་ལ་བརྟེན་པར་འགྱུར་

རོ། །དེས་ན་བྱིན་གྱིས་བརླབ་པར་བྱ་བ་ཉིད་མ་ཡིན་པར་འགྱུར་བའི་ཕྱིར་རོ། །འདིར་རོ་དང་ཕྱེ་མ་དང་སྦྱར་བའི་བཏུང་བ་དག་འདུས་པ་ཉིད་ཡིན་ནོ་ཞེས་བྱ་བ་ཡང་། འདིར་ཞེས་བྱ་བ་ནི་ཐུན་ཚོད་དུ་རུང་བ་དག་སྟེ། དེར་བུ་རམ་ཤིང་ལ་སོགས་པའི་རོ་དག་ཀྱང་འདུས་པ་ཉིད་ཡིན་ལ། ཕྱེ་མ་དང་

སྦྱར་བའི་བཏུང་བ་ཞེས་བྱ་བ་ནི། ཕྱེ་མ་ཆང་གི་སྣོད་ཀྱི་ནང་དུ་སྦངས་པ་ལ་ཆང་གི་དྲིས་གོས་པར་གྱུར་པ་དག་ལས་བཏུང་བར་བྱས་པ་དེ་ཡང་དེར་འདུས་པ་ཉིད་ཡིན་ནོ། །མདོ་འདི་དང་མདོ་འོག་མ་གཉིས་ནི་སྔར་ཐུན་ཚོད་དུ་རུང་བ་ནི་བཏུང་བ་དག་གོ་ཞེས་སྨོས་པའི་མདོ་དེའི་སྤྲོས་པ་ཡིན་ནོ། །སྨན་

རྩབས་ཤིན་ཏུ་སླ་བ་ཡང་ངོ་ཞེས་བྱ་བ་ཡང་། ཐུན་ཚོད་དུ་རུང་བའི་བཏུང་བ་དག་ཏུ་འདུས་པ་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྨན་རྩབས་ཞེས་བྱ་བ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན་དེའི་ཕྱིར་དེ་ནི་རྩ་བ་ལ་སོགས་པའི་སྨན་བཀུས་པ་སྐྱུར་པོའོ་ཞེས་བྱ་བ་སྨྲས་ཏེ། སྨན་རྩ་བས་ཞེས་བྱ་བ་དེ་ནི་རྩ་བ་དང་སྡོང་བུ་དང་

འདབ་མ་དང་མེ་ཏོག་དང་འབྲས་བུའི་སྨན་ཆུས་སྦངས་ཤིང་བཀུས་པའི་ཁུ་བ་སྐྱུར་བག་ཅན་གྱུར་པ་ཡིན་པར་ཤེས་པར་བྱའོ། །ཐུན་ཚོད་དུ་རུང་བ་བསྟན་ནས། ད་ནི་ཞག་བདུན་པ་བཤད་པར་བྱ་སྟེ། དེའི་ཕྱིར་ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བ་དག་ནི་ཞག་བདུན་པའོ་ཞེས་བྱ་བ་སྨྲས་

ཏེ། བུ་རམ་དང་ཧྭགས་དང་ལི་ཁ་ར་ལ་སོགས་པ་ཐམས་ཅད་ནི་བུ་རམ་གྱི་དབུ་བ་ཉིད་ཀྱིས་འཕངས་སོ་ཞེས་བྱ་བ་ནི། བུ་རམ་གྱི་དབུ་བ་ཞེས་བྱ་བ་ཉིད་དེ་དག་ལས་བྱུང་བ་ཡིན་པའི་ཕྱིར་རོ། །ཁྱིམ་བདག་གླང་བུ་ལྟ་བུས་དགེ་སློང་ཟན་ཆད་པ་རྣམས་ཀྱིས་དུས་མ་ལགས་པར་ཅི་ཞིག་འཚལ་དུ་རུང་བ་ཞེས་ཞུས་

པ་ན། བུ་རམ་དང་ཞུན་མར་དང་ཧྭགས་དང་ལི་ཁ་ར་དང་བཏུང་བ་དག་གོ་ཞེས་གསུངས་པ་གང་ཡིན་པ་དེ་ལས་ནི་འདི་ལྟར་ཤེས་པར་བྱ་སྟེ། དེ་དག་ལས་བཏུང་བ་དག་སྐབས་གཞན་དུ་ཐུན་ཚོད་དུ་རུང་བ་ཉིད་དུ་གསུངས་པས། ལྷག་མ་ཞུན་མར་དང་བུ་རམ་ལ་སོགས་པ་དེ་དག་ནི་ཞག་བདུན་

Vol. 163 · folio 215a

པ་ཉིད་ཡིན་པར་གནས་སོ། །བདུད་རྩི་ནི་ཞུན་མར་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ནི། བཟའ་བར་བྱ་བ་ཉིད་དང་ཞག་བདུན་པ་ཉིད་ཀྱི་ཕྱིར་ཏེ། བདུད་རྩི་ནི་ཞུན་མར་དང་ངོ་བོ་ཉིད་དང་འདྲ་བའི་ཕྱིར་རོ། །ཞག་བསྐོལ་ཞིང་བཙགས་པ་དག་ནི་འབྲུ་མར་དང་འདྲ་བ་ཉིད་དོ་ཞེས་བྱ་བ་ཡང་།

བཟའ་བར་བྱ་བ་ཉིད་དང་ཞག་བདུན་པ་ཉིད་ཀྱི་ཕྱིར་ཏེ། གང་གི་ཚེ་ཞག་དག་བསྐོལ་ཞིང་བཙགས་པ་དེའི་ཚེ་གནས་བག་མེད་པ་ན་འབྲུ་མར་དང་འདྲ་བར་འགྱུར་བའི་ཕྱིར་རོ། །འདིར་གཞུང་ནི་ཞག་རྣམ་པ་ལྔ་པོ་འདི་དག་ནི་དུས་མ་ཡིན་པར་བསྐོལ། དུས་མ་ཡིན་པར་བཙགས། དུས་མ་ཡིན་

པར་བྱིན་ལེན་བྱས། དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །དུས་སུ་བསྐོལ་ཞིང་དུས་མ་ཡིན་པར་བཙགས་དུས་མ་ཡིན་པར་བྱིན་ལེན་བྱས་དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ཡང་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །དུས་སུ་བསྐོལ་དུས་སུ་བཙགས་

ཤིང་དུས་མ་ཡིན་པར་བྱིན་ལེན་བྱས་དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ཡང་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །དུས་སུ་བསྐོལ་དུས་སུ་བཙགས་དུས་སུ་བྱིན་ལེན་བྱས་ཤིང་དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ཡང་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །དུས་སུ་བསྐོལ་དུས་སུ་བཙགས་

དུས་སུ་བྱིན་ལེན་བྱས་དུས་སུ་བྱིན་གྱིས་བརླབས་ན་འབྲུ་མར་ཉིད་དུ་ལོངས་སྤྱོད་པས་ཞག་བདུན་པར་ཡོངས་སུ་ལོངས་སྤྱོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདི་སྐད་བསྟན་ཏེ། བསྐོལ་བ་དང་བཙགས་པ་གཉིས་ནི་དུས་སུ་བྱས་ཀྱང་རུང་། མ་བྱས་ཀྱང་རུང་། དུས་མ་ཡིན་པར་བྱས་ཀྱང་རུང་

ལ། བྱིན་ལེན་བྱས་པ་དང་བྱིན་གྱིས་བརླབས་པ་ནི་དུས་ཁོ་ནར་བྱ་དགོས་ཏེ། གང་གི་ཕྱིར་དུས་མ་ཡིན་པར་བྱིན་ལེན་བྱས་པ་དང་དུས་མ་ཡིན་པར་བྱིན་གྱིས་བརླབས་པ་ཡོངས་སུ་ལོངས་སྤྱད་པར་མི་བྱ་ཞིང་། དུས་སུ་བྱིན་ལེན་བྱས་པ་དང་དུས་མ་ཡིན་པར་བྱིན་གྱིས་བརླབས་པ་ཡང་ཡོངས་སུ་

ལོངས་སྤྱོད་པར་མི་བྱ་བ་དེའི་ཕྱིར་བྱིན་ལེན་དང་བྱིན་གྱིས་བརླབས་པ་གཉིས་ནི་དུས་ཁོ་ནར་བྱ་བ་ཡིན་ནོ། །ཆུ་བཙགས་པ་ལ་ནི་དུས་ངེས་པ་མེད་དོ། །ཞག་རྣམ་པ་ལྔ་ཞེས་གསུངས་པ་དེ་དག་ནི་གང་ཡིན། ཅི་དེ་དག་འབྲུ་མར་དང་འདྲ་བ་ཉིད་ཡིན་ནམ་འོན་ཏེ་འདྲ་བ་ཉིད་མ་ཡིན་ཞེ་ན། དེའི་ཕྱིར་

Vol. 163 · folio 215b

ཉའི་དང་རི་བོང་གི་དང་ཆུ་སྲིན་བྱིས་པ་གསོད་ཀྱི་དང་དོམ་གྱི་དང་ཕག་གིའོ་ཞེས་བྱ་བ་སྨྲས་ཏེ། དེ་ལྔའི་ཞག་ནི་འབྲུ་མར་དང་འདྲ་བ་ཉིད་ཡིན་ནོ། །དེ་དག་ནི་ནད་པ་ལ་ཕལ་ཆེར་སྦྱོར་བར་བྱེད་དོ་ཞེས་བྱ་བ་ནི། ཞག་རྣམ་པ་ལྔ་པོ་སྔར་བསྟན་པ་དེ་དག་ནི་འཇིག་རྟེན་ན་ནད་པ་ལ་ཕལ་ཆེར་ལན་མང་དུ་སྦྱོར་

ཞིང་ལྡུད་པར་བྱེད་པས། དེའི་ཕྱིར་ཞག་རྣམ་པ་ལྔ་ཞེས་གསུངས་ཀྱི་འདི་ལ་ངེས་པ་ནི་མེད་དོ། །སོས་པ་ཉིད་ནི་དེ་དག་ནད་པའི་ཕྱིར་སློང་ན་སྦྱིན་ནོ་ཞེས་བྱ་བ་ནི། ནད་པ་གང་གིས་བྱིན་གྱིས་བརླབས་པ་དེ་ཉིད་ནད་སོས་པ་ཉིད་ན་ཞག་རྣམ་པ་ལྔ་པོ་དེ་དག་གཞན་དག་ནད་པའི་ཕྱིར་སློང་ན་སྦྱིན་པར་བྱ་

བའོ། །དེ་མེད་ན་སྨན་ཁང་དུའོ་ཞེས་བྱ་བ་ནི། སློང་བ་དེ་མེད་ན་དགེ་འདུན་གྱི་སྨན་ཁང་དུ་གཞག་པར་བྱ་བའོ། །སྨན་ཁུ་དང་མིག་སྨན་དག་ཀྱང་ངོ་ཞེས་བྱ་བ་ཡང་། སོས་པ་ཉིད་ན་དེ་དག་ནད་པའི་ཕྱིར་སློང་ན་སྦྱིན་ནོ་ཞེས་བྱ་བ་དང་། དེ་མེད་ན་སྨན་ཁང་དུ་བཞག་གོ་ཞེས་བྱ་བར་སྦྱར་རོ།། །།

བམ་པོ་ལྔ་བཅུ་དྲུག་པ། ཞག་བདུན་པ་བསྟན་ནས། ད་ནི་འཚོ་བའི་བར་དུ་བཅང་བ་བཤད་པར་བྱ་སྟེ། དེའི་ཕྱིར་འཚོ་བའི་བར་དུ་བཅང་བ་ནི་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པའོ་ཞེས་བྱ་བ་སྨྲས་ཏེ། གང་དག་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་

པ་མ་ཡིན་པ་དེ་དག་འཚོ་བའི་བར་དུ་བཅང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རྩ་བ་དག་གང་ཞེ་ན་འདི་ལྟ་སྟེ། གླ་སྒང་དང་ཤུ་དག་དང་ཡུང་ང་དང་སྒེའུ་གཤེར་དང་བོང་ང་དཀར་པོ་དག་གོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་མཚོན་པ་ཙམ་དུ་ཟད་ཀྱི། རྩ་བའི་སྨན་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་

པ་གཞན་དག་ཀྱང་བསྡུའོ། །སྡོང་བུ་དག་གང་ཞེ་ན། ཙན་དན་དང་། སྤྱི་མོ་དང་། ཤུག་པ་དང་། སླེ་ཏྲེས་དང་། ཐང་ཤིང་དང་། སྐྱེར་པ་དག་གོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་མཚོན་པ་ཙམ་དུ་ཟད་ཀྱི་སྡོང་བུའི་སྨན་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པ་གཞན་དག་ཀྱང་བསྡུའོ། །འདབ་མ་དག་གང་

ཞེ་ན། བ་ཤ་དང་། ཀོ་ཤ་ཏ་ཀའི་དང་། པ་ཏོ་ལའི་དང་། ནིམ་པ་དང་། སབ་ཏ་པརྞའི་འདབ་མ་དག་གོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་མཚོན་པ་ཙམ་དུ་ཟད་ཀྱི་འདབ་མའི་སྨན་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པ་གཞན་དག་ཀྱང་བསྡུའོ། །མེ་ཏོག་དག་གང་ཞེ་ན། མེ་ཏོག་ནི་པཱ་ཤ་ཀ་དང་། ནིམ་པ་དང་།

Vol. 163 · folio 216a

ངྷ་ཏ་ཀི་དང་། ཀླུ་ཤིང་དང་། པད་མའི་ཟེ་བ་དག་གོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་མཚོན་པ་ཙམ་དུ་ཟད་ཀྱི། མེ་ཏོག་གི་སྨན་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པ་གཞན་དག་ཀྱང་བསྡུའོ། །འབྲས་བུ་དག་གང་ཞེ་ན། ཨ་རུ་ར་དང་། སྐྱུ་རུ་ར་དང་། བ་རུ་ར་དང་། ན་ལེ་ཤམ་དང་།

པི་པི་ལིང་དག་གོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་མཚོན་པ་ཙམ་དུ་ཟད་ཀྱི། འབྲས་བུའི་སྨན་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པ་གཞན་དག་ཀྱང་བསྡུའོ། །རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་དག་བསྟན་ནས། འཚོ་བའི་བར་དུ་བཅང་བ་གཞན་བསྟན་པའི་ཕྱིར་ལྕི་བའོ་ཞེས་

བྱ་བ་སྨྲས་སོ། །དེ་ཉིད་བསྟན་པའི་ཕྱིར་འདི་ལྟ་སྟེ། ཤིང་ཀུན་དང་། པྲ་རྩི་དང་། རྒྱ་སྐྱེགས་དང་། སྤྲ་ཚིལ་དང་ཤིང་མ་ཞོའོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟ་སྟེ་ཞེས་བྱ་བའི་སྒྲས་ནི་དཔེར་བསྟན་པའི་ཕྱིར་རོ། །ཤིང་མ་ཞོ་ཞེས་བྱ་བ་ནི། རྒྱ་སྐྱེགས་ལས་གཞན་པའི་ཤིང་དག་གི་ཤིང་མ་ཞོ་སྟེ། བསེ་རྩི་དང་ཐང་

ཆུ་ལ་སོགས་པ་དག་གོ། །འགྱུར་བྱེད་དོ་ཞེས་བྱ་བ་ནི། འགྱུར་བྱེད་ཀྱི་སྡེ་ཚན་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་འདི་ལྟ་སྟེ། ཏིལ་གྱི་དང་རྒྱ་སྐྱེགས་ཀྱི་ཤིང་གི་དང་། ས་ཚུར་གྱི་དང་། ནས་ཀྱི་དང་། ནས་ཀྱི་གྲ་མའི་དང་། བ་ཤ་ཀའི་དང་། ཐལ་བའི་འགྱུར་བྱེད་དོ་ཞེས་བྱ་བ་སྨྲས་སོ། །ལན་ཚྭའི་ཞེས་བྱ་བ་ནི།

ལན་ཚྭའི་སྡེ་ཚན་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། འདི་ལྟ་སྟེ། རྒྱམ་ཚ་དང་ཁ་རུ་ཚ་དང་ཚ་དམར་དང་རྒྱ་མཚོའི་ཚ་དང་བ་ཚའོ་ཞེས་བྱ་བ་སྨྲས་སོ། །སྨན་ཁུའོ་ཞེས་བྱ་བ་ནི། སྨན་མི་བཏགས་པར་བསྐོལ་བ་དང་བགྲུང་བ་དང་བཀྲུ་བར་བྱ་བའི་སྡེ་ཚན་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་འདི་ལྟ་སྟེ།

ཤིང་ཨ་མྲ་དང་། ནིམ་བ་དང་། ཀོ་ཤམ་པ་དང་། ཤི་རི་ཤ་དང་། འཛམ་བུ་དག་གོ་ཞེས་བྱ་བ་སྨྲས་སོ། །ཇི་ཙམ་གྱིས་ཆོག་པ་བསྟེན་ཏོ་ཞེས་བྱ་བ་ནི་སྨན་ཁུའོ། །བཀྲུས་ནས་ཡང་ངོ་ཞེས་བྱ་བ་ནི། ཇི་ཙམ་གྱིས་ཆོག་པ་ཁོ་ན་བསྟེན་པའོ། །མི་མཉེ་བ་ལ་ལན་ཅིག་བཀྲུའོ་ཞེས་བྱ་བ་ནི། གང་ལ་རེག་

པས་མཉེ་བར་མི་བྱ་བ་དེ་ནི་མི་མཉེ་བ་ཞེས་བྱ་སྟེ། དེ་ལ་ནི་ལན་ཅིག་བཀྲུས་ཏེ་ཉིན་གཅིག་ལ་ལན་ཅིག་བཀྲུ་བའོ། །ངལ་བ་ལ་སོགས་པ་སྤང་བའི་ཕྱིར་ལན་དུ་མ་བཀྲུ་བ་བཀག་གོ། །སྨན་ཁུ་དེ་ལྟར་བསྟེན་ནོ་ཞེས་བྱ་བ་ནི། རྣམ་པ་དེ་ལྟར་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ནི་སྐམ་རྔོ་ལ་སོགས་པ་ལ་

Vol. 163 · folio 216b

ཡང་དེ་བཞིན་ནོ། །སྨན་སྨོས་པས་དུག་སྨན་མ་བསྡུས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། འདིར་སྨན་ཞེས་སྨོས་པས་དུག་སྨན་ཡང་བསྡུས་པར་རིག་པར་བྱའོ། །དེ་ནི་འཚོ་བའི་བར་དུ་བཅང་བ་ཉིད་དོ་ཞེས་བྱ་བ་ནི། དུག་སྨན་དེ་ནི་འཚོ་བའི་བར་དུ་བཅང་བ་ཉིད་ཡིན་པའོ། །ཉེ་བ་འཁོར་བུ་རམ་ཤིང་ནི་དུས་

སུ་རུང་བའོ། །ཁུ་བ་ནི་དུས་ཚོད་དུ་རུང་བའོ། །བུ་རམ་ནི་ཞག་བདུན་པའོ། །བུ་རམ་ཤིང་དང་བུ་རམ་གཉིས་བསྲེགས་པའི་ཐལ་བ་ནི་འཚོའི་བར་དུ་བཅང་བའོ་ཞེས་གསུངས་པ་དེར། ཐལ་བ་འཚོའི་བར་དུ་བཅང་བ་ཉིད་དུ་གསུངས་པས། ཐལ་བ་ཡང་དུག་སྨན་གྱི་ཁོངས་སུ་གཏོགས་པ་ཉིད་ཡིན་ལ།

ས་ལ་སོགས་པ་ཟས་ཀྱི་དོན་དུ་ཁྱབ་པར་མི་བྱེད་པ་དག་ཀྱང་འཚོ་བའི་བར་དུ་བཅང་བ་ཉིད་དུ་རྣམ་པར་གནས་སོ་ཞེས་གསུངས་པས་དེའི་ཕྱིར་གཞུང་དེ་ནི་འདིར་ཁུངས་ཉིད་ཡིན་ནོ། །ནུ་ཞོས་འཚོ་བའི་བེའུ་རྣམས་ཀྱི་ལྕི་བ་དང་གཅིན་དག་ནི་དེ་ཞེས་བྱའོ་ཞེས་བྱ་བ་ནི། དུག་སྨན་ཞེས་བྱའོ་ཞེས་བྱ་བར་སྦྱར་

རོ། །འོག་ནས་ཐལ་བ་དང་ས་ཞེས་འབྱུང་བ་དག་ཀྱང་དུག་སྨན་ཞེས་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་དག་ནི་དུག་ལ་ཕན་ནོ་ཞེས་བྱ་བ་ནི། ལྕི་བ་དང་གཅིན་ལ་སོགས་པ་དུག་སྨན་ཞེས་བྱ་བ་ཇི་སྐད་བསྟན་པ་དེ་དག་ནི་དུག་ཟོས་པ་ལ་ཕན་ནོ། །ཐལ་བའོ་ཞེས་བྱ་བ་ནི། ཐལ་བའི་སྡེ་ཚན་སྟོན་ཏེ། འདི་ཡང་

དུག་སྨན་ཞེས་བྱའོ། །དེ་ཉིད་བསྟན་པའི་ཕྱིར་ཤིང་ཀན་ཙ་ན་དང་ཀཱ་པཱི་ཏ་ལ་དང་། ཨ་ཤྭད་ཐ་དང་། ཨུ་དུམ་བཱ་ར་དང་། ནྱ་གྲོ་དྷ་རྣམས་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། དེ་རྣམས་ཀྱི་ཐལ་བའོ། །དེའོ་ཞེས་བྱ་བ་ནི། ཐལ་བ་དེ་དུག་ལ་ཕན་པའོ། །ས་ནི་སོར་བཞིའི་འོག་གིས་བཟང་ངོ་ཞེས་བྱ་བ་ནི། དུག་ལ་ཕན་

པའི་ས་ནི་སོར་བཞིའི་འོག་གིས་བཟང་སྟེ། རླུང་དང་ཉི་མ་ལ་སོགས་པས་མ་ཉམས་པའི་ཕྱིར་རོ། །འདིར་གཞུང་ནི་དགེ་སློང་དག །དུག་སྨན་ཞེས་བྱ་བ་ནི། ལྕི་བ་དང་གཅིན་དང་ཐལ་བ་དང་ས་སྟེ། དེ་ལ་ལྕི་བ་ནི་བེའུ་འབྲངས་ནས་རིང་པོ་མ་ལོན་པའི་མའི་ནུ་ཞོས་འཚོ་བ་གང་དག་ཡིན་པ་དག་གི་སྟེ།

གཅིན་ཡང་དེ་དག་ཉིད་ཀྱིའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་དགེ་བསྙེན་དད་པ་ཅན་ལས་བླང་ངོ་ཞེས་བྱ་བ་ནི། དུག་སྨན་དེ་དགེ་བསྙེན་དད་པ་ཅན་ལས་བླང་བར་བྱ་བ་སྟེ། དགེ་བསྙེན་ལ་དད་པ་བྲི་ཡང་སྲིད་པས་དེས་ན་འདིར་དད་པ་ཅན་ཞེས་སྨོས་ཏེ། དུག་སྨན་དེ་དག་ནི་རྐྱེན་དུ་འབབ་པ་

Vol. 163 · folio 217a

མ་ཡིན་པའི་ཕྱིར་གསང་སྟེ་བྱ་བ་ཡིན་པར་རིགས་པས་དེའི་ཕྱིར་དགེ་བསྙེན་དད་པ་ཅན་ལས་བླང་བ་དང་བྱིན་ལེན་ཡང་དེས་བསྟབས་པར་གསུངས་སོ། །འོག་ནས་ཤ་དང་ནས་ཀྱི་སྦྱོར་བ་འབྱུང་བ་དག་ཀྱང་དེ་ཁོ་ན་བཞིན་དུ་བྱ་བར་རིག་པར་བྱའོ། །དེས་བྱིན་ལེན་བསྟབས་པར་བྱའོ་

ཞེས་བྱ་བ་ནི། དགེ་བསྙེན་དད་པ་ཅན་དེས་དུག་སྨན་དེའི་བྱིན་ལེན་བསྟབས་པར་བྱ་བའོ། །ཤའི་བདག་ཉིད་ཀྱི་སྨན་དེ་ཡང་ངོ་ཞེས་བྱ་བ་ཡང་། དགེ་བསྙེན་དད་པ་ཅན་དེས་བྱིན་ལེན་བསྟབས་པར་བྱ་བའོ། །གལ་ཏེ་དགེ་བསྙེན་དད་པ་ཅན་ཡང་མེད་ལ། ནད་པ་ཡང་ནད་ལ་བར་གྱུར་ན་དེའི་ཚེ་

གཞན་ལས་ཀྱང་བླང་བ་དང་བྱིན་ལེན་བྱ་སྟེ། གསོ་བའི་དོན་ནི་མ་གཏོགས་སོ་ཞེས་གསུངས་པའི་ཆོ་ག་ལས་རིག་པར་བྱའོ། །འདིར་གཞུང་ནི་བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་ས་རི་ལ་དུག་སྨན་སྦྱིན་པར་བྱའོ་ཞེས་གསུངས་ན། བཙུན་པ་གང་གིས་བསྩལ་བར་བགྱི། ཉེ་བ་འཁོར་དགེ་

བསྙེན་དད་པ་ཅན་གྱིས་སོ། །བཙུན་པ་ཅི་ལགས་དེ་ཡང་བྱིན་ལེན་བགྱིད་དུ་སྩལ་ཏམ། ཉེ་བ་འཁོར་དེ་ཡང་བྱིན་ལེན་བྱེད་དུ་གཞུག་གོ། །བཙུན་པ་སུས་བྱིན་ལེན་བགྱིད་དུ་སྩལ། ཉེ་བ་འཁོར་དགེ་བསྙེན་དད་པ་ཅན་གྱིས་སོ་ཞེས་གསུངས་པ་ཡིན་ནོ། །ཐམས་ཅད་ཤན་པའི་གནས་ནས་བླང་ངོ་ཞེས་བྱ་

བ་ནི། ཤ་རློན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཤའི་སྨན་ཐམས་ཅད་དགེ་བསྙེན་དད་པ་ཅན་གྱིས་ཤན་པའི་གནས་ནས་བླང་བའོ། །དེ་ནི་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི། དགེ་བསྙེན་དད་པ་ཅན་གྱིས་ཤན་པའི་གནས་ནས་ཤའི་སྨན་བླང་བ་དེ་ནི་བྱ་བ་མ་ཡིན་པ་མ་ཡིན་གྱི། བྱ་བ་ཉིད་ཡིན་ཏེ་དེ་ལ་བྱ་བའི་

ཆ་མ་ཡིན་པར་དོགས་པར་མི་བྱའོ། །གལ་ཏེ་དུས་མ་ཡིན་པར་ནས་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན་དེའི་དོན་དུ་བ་ལང་རྒན་པའི་ལྕི་བའི་ནས་ཀྱིས་ཆོག་པར་བྱའི་གཞན་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། གལ་ཏེ་དུས་མ་ཡིན་པར་ནས་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན། ནས་ལས་

བྱས་པའི་སྨན་དེའི་དོན་དུ་བ་ལང་རྒན་རྒོན་གྱི་ལྕི་བའི་ནང་ནས་བྱུང་བའི་ནས་ཀྱིས་ཆོག་པར་བྱའི། ནས་གཞན་དག་ནི་དུས་མ་ཡིན་པར་བཟའ་བར་མི་བྱའོ། །དེས་མ་ཆོག་ལ་ནད་པ་ཡང་ནད་ལ་བར་འགྱུར་བ་ལྟ་ན་དེའི་འོག་ཏུ་གཟོད་ན་བ་དུས་སོ་ཞེས་གསུངས་པ་དང་སྦྱར་ཏེ། ནས་གཞན་ལས་

Vol. 163 · folio 217b

བྱས་པའི་སྨན་ཡང་བཟའ་བར་བྱའོ། །གལ་ཏེ་སྐྱོ་མ་ཚགས་ཀྱིས་བཙགས་ན་སྟེ་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དུས་མ་ཡིན་པར་ནས་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན་དེའི་དོན་དུ་བ་ལང་རྒན་པའི་ལྕི་བའི་ནས་ཀྱིས་ཆོག་པར་བྱ་བ་དེ་ཡང་ནས་དེ་ལས་བྱས་པའི་སྐྱོ་མ་གལ་ཏེ་ཚགས་

ཀྱིས་བཙགས་ན་དེས་ཆོག་པར་བྱ་བ་ཡིན་གྱི། ཚགས་ཀྱིས་བཙགས་པ་དེ་ལས་གཞན་པ་ཚགས་ཀྱིས་མ་བཙགས་པ་དག་ནི་བཟའ་བར་མི་བྱའོ། །གལ་ཏེ་ཤའི་སྨན་དགོས་པ་ཉིད་ཡིན་ན་མཚའི་རྟུག་པའི་ཤེས་སོ་ཞེས་བྱ་བ་ནི། གལ་ཏེ་དུས་མ་ཡིན་པར་ཤ་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན་

དེའི་དོན་དུ་མཚའི་རྟུག་པའི་ནང་ནས་བྱུང་བའི་ཤས་ཆོག་པར་བྱའི། ཤ་གཞན་དུས་མ་ཡིན་པར་བཟའ་བར་མི་བྱའོ། །དེས་མ་ཆོག་ལ་ནད་པ་ཡང་ནད་ལ་བར་འགྱུར་བ་ལྟ་ན་དེའི་འོག་ཏུ་གཟོད་ཤ་གཞན་ལས་བྱས་པའི་སྨན་ཡང་བཟའ་བར་བྱའོ། །གལ་ཏེ་ཁུ་བ་ཚགས་ཀྱིས་བཙགས་ན་སྟེ་

གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དུས་མ་ཡིན་པར་ཤ་ལས་བྱས་པའི་སྨན་དགོས་པ་ཉིད་ཡིན་ན་དེའི་དོན་དུ་མཚའི་རྟུག་པའི་ནང་ནས་བྱུང་བའི་ཤས་ཆོག་པར་བྱ་བ་དེ་ཡང་ཤ་དེ་ལས་བྱས་པའི་ཁུ་བ་གལ་ཏེ་ཚགས་ཀྱིས་བཙགས་ན་དེས་ཆོག་པར་བྱ་བ་ཡིན་གྱི། ཚགས་ཀྱིས་བཙགས་པ་དེ་ལས་

གཞན་པ་ཚགས་ཀྱིས་མ་བཙགས་པ་དག་ནི་བཟའ་བར་མི་བྱའོ། །གཞན་དང་བཅས་པ་ལ་དེ་ལྷག་པར་སྤྱད་པ་ཡོད་དོ་ཞེས་བྱ་བ་ལ། གཞན་དང་བཅས་པ་ཞེས་བྱ་བ་ནི། དུས་སུ་རུང་བ་དང་བཅས་པའི་ཐུན་ཚོད་དུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་བཅས་པའི་ཞག་བདུན་པ་དང་། ཞག་

བདུན་པ་དང་བཅས་པའི་འཚོ་བའི་བར་དུ་བཅང་བའོ། །དེ་ལྷག་པར་སྤྱད་པ་ཡོད་དོ་ཞེས་བྱ་བ་ནི། ཐུན་ཚོད་དུ་རུང་བའི་དེ་ལ་དུས་སུ་རུང་བའི་ཟས་དེ་ལྷག་པར་སྤྱད་པ་ཡོད་པ་དང་། ཞག་བདུན་པ་ལ་ཐུན་ཚོད་དུ་རུང་བའི་ཟས་དེ་ལྷག་པར་སྤྱད་པ་ཡོད་པ་དང་། འཚོ་བའི་བར་དུ་བཅང་བ་ལ་ཞག་

བདུན་པའི་ཟས་དེ་ལྷག་པར་སྤྱད་པ་ཡོད་པ་ཉིད་ཡིན་པའོ། །དེའི་ཕྱིར་དེ་དང་བཅས་པ་ལ་ཆོ་ག་སྔ་མས་འཇུག་པར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་གཞན་དང་བཅས་པ་ལ་དེ་ལྷག་པར་སྤྱད་པ་ཡོད་པ་དེའི་ཕྱིར་གཞན་དེ་དང་བཅས་པ་ཕྱི་མ་ལ་གཞན་གྱི་ཆོ་ག་སྔ་མས་འཇུག་པར་བྱའོ་ཞེས་བྱ་

Vol. 163 · folio 218a

བར་སྦྱར་རོ། །དེ་དང་བཅས་ལ་ཞེས་བྱ་བ་ནི། དུས་སུ་རུང་བ་དེ་དང་བཅས་པའི་ཐུན་ཚོད་དུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དེ་དང་བཅས་པའི་ཞག་བདུན་པ་དང་། ཞག་བདུན་པ་དེ་དང་བཅས་པའི་འཚོ་བའི་བར་དུ་བཅང་བ་ལའོ། །ཆོ་ག་སྔ་མས་འཇུག་པར་བྱའོ་ཞེས་བྱ་བ་ནི། ཐུན་ཚད་

དུ་རུང་བ་ལ་ནི་དུས་སུ་རུང་བའི་ཆོ་གས་འཇུག་པར་བྱ་ཞིང་དུས་སུ་བཟའ་བར་བྱའི། ཐུན་ཚོད་དུ་བཟའ་བར་མི་བྱ་བ་དང་། ཞག་བདུན་པ་ལ་ནི་ཐུན་ཚོད་དུ་རུང་བའི་ཆོ་གས་འཇུག་པར་བྱ་ཞིང་། ཐུན་ཚོད་དུ་བཟའ་བར་བྱའི། ཞག་བདུན་པར་བཟའ་བར་མི་བྱ་བ་དང་། འཚོ་བའི་བར་དུ་བཅང་བ་ལ་ནི་ཞག་

བདུན་པའི་ཆོ་གས་འཇུག་པར་བྱ་ཞིང་ཞག་བདུན་པར་བཟའ་བར་བྱའི། འཚོ་བའི་བར་དུ་བཅང་བར་བཟའ་བར་མི་བྱ་བའོ། །འདིར་གཞུང་ནི་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་དུས་སུ་རུང་བ་དང་འདྲེས་པ་དག་ནི་དུས་ཁོ་ནར་ཡོངས་སུ་ལོངས་སྤྱད་པར་བྱའི་

དུས་མ་ཡིན་པར་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །ཞག་བདུན་པ་དང་འཚོ་བའི་བར་དུ་བཅང་བ་ཐུན་ཚོད་དུ་རུང་བ་དང་འདྲེས་པ་དག་ནི་ཐུན་ཚོད་ཁོ་ནར་ཡོངས་སུ་ལོངས་སྤྱད་པར་བྱའི། ཐུན་ཚོད་ཀྱི་མཐའ་ལས་ཡོལ་བར་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །འཚོ་བའི་བར་དུ་བཅང་བ་ཞག་

བདུན་པ་དང་འདྲེས་པ་ནི་ཞག་བདུན་པ་ཁོ་ནར་ཡོངས་སུ་ལོངས་སྤྱད་པར་བྱའི། འཚོ་བའི་བར་དུ་བཅང་བ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །རང་བཞིན་གཞན་དུ་མ་གྱུར་པ་ནི་སྔོན་གྱི་རང་བཞིན་མ་ཡིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དེ་སྨན་གཞན་དང་ལྷན་ཅིག་

འདྲེས་ཀྱང་རང་གི་ངོ་བོ་ཉིད་ཀྱི་རྣམ་པ་ལས་གཞན་དུ་མ་གྱུར་པ་ནི་སྔོན་གྱི་རང་གི་ངོ་བོ་ཉིད་མ་ཡིན་པ་མ་ཡིན་ཏེ། སྔོན་གྱི་རང་གི་ངོ་བོ་ཉིད་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་གཞན་དང་མ་འདྲེས་པ་ལ་ནི་རང་གི་ཆོ་གས་རུང་བར་བྱ་བ་མི་འགྲུབ་པ་མ་ཡིན་ནོ་ཞེས་བྱ་བ་ནི། གང་གི་ཕྱིར་

རང་བཞིན་གཞན་དུ་མ་གྱུར་པ་ནི་སྔོན་གྱི་རང་བཞིན་མ་ཡིན་པ་ཉིད་མ་ཡིན་པ་དེའི་ཕྱིར་སྨན་དེ་སྨན་གཞན་དང་རེག་ཅིང་ཕྲད་པར་གྱུར་དུ་ཟིན་ཀྱང་གཞན་དང་མ་འདྲེས་ཤིང་རང་བཞིན་ཐ་དད་པར་གནས་པ་ལ་ནི་རང་གི་ཆོ་གས་རུང་བར་བྱ་བ་མི་འགྲུབ་པ་མ་ཡིན་ཏེ། འགྲུབ་པ་ཁོ་ན་ཡིན་ནོ། །འདི་

Vol. 163 · folio 218b

སྐད་བསྟན་ཏེ། དུས་སུ་རུང་པའི་ནང་ན་འདུག་པའི་ཐུན་ཚོད་དུ་རུང་བ་དུས་སུ་རུང་བ་དང་མ་འདྲེས་པ་ནི་ཐུན་ཚོད་དུ་རུང་བ་ཉིད་དུ་ཡོངས་སུ་ལོངས་སྤྱད་དུ་རུང་ལ། དེ་བཞིན་དུ་ཐུན་ཚོད་དུ་རུང་བའི་ནང་ན་འདུག་པའི་ཞག་བདུན་པ་ཐུན་ཚོད་དུ་རུང་བ་དང་མ་འདྲེས་པ་ནི་ཞག་བདུན་པ་ཉིད་དུ་ཡོངས་སུ་

ལོངས་སྤྱད་པར་རུང་བ་དང་། ཞག་བདུན་པའི་ནང་ན་འདུག་པའི་འཚོ་བའི་བར་དུ་བཅང་བ་ཞག་བདུན་པ་དང་མ་འདྲེས་པ་ནི་འཚོ་བའི་བར་དུ་བཅང་བ་ཉིད་དུ་ཡོངས་སུ་ལོངས་སྤྱད་པར་རུང་སྟེ། རང་རང་གི་ཆོ་གས་འཇུག་པར་བྱར་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །བུ་རམ་བསྒོང་བའི་ཕྱིར་འབྲས་

ཕྱེའི་ནང་དུ་གཞག་པ་ནི་བཀྲུ་བས་རང་ཁོ་ནའི་གྲངས་ཉིད་དུ་འགྲུབ་པོ་ཞེས་བྱ་བ་ནི། བུ་རམ་གོང་བུར་བྱ་བའི་ཕྱིར་འབྲས་ཕྱེའི་ནང་དུ་གཞག་སྟེ་གོང་བུར་གྱུར་པ་ན་འབྲས་ཕྱེའི་བག་ཆགས་པ་ནི་ཆུས་བཀྲུས་པས་ཞག་བདུན་པ་ཞེས་བྱ་བ་རང་ཁོ་ནའི་གྲངས་ཉིད་དུ་འགྲུབ་པར་འགྱུར་བའོ། །འགོར་

གྱི་གཟུངས་ནི་བུ་རམ་ཉིད་དུ་ཤེས་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་བུ་རམ་བསྐོལ་བའི་དུས་ན་འགོར་དང་ལིང་ཉིད་དུ་མི་བཏུབ་པ་འགོར་དང་ལིང་ཉིད་དུ་བྱ་བའི་ཕྱིར་འབྲས་ཀྱི་བག་ཕྱེ་ལ་སོགས་པ་ལྡུགས་པ་དེ་ནི་བུ་རམ་ཉིད་ཡིན་པས་ཞག་བདུན་པ་ཉིད་ཡིན་གྱི། དུས་སུ་རུང་བ་ཉིད་ནི་མ་

ཡིན་པར་ཤེས་པར་བྱའོ། །བྱིན་གྱིས་བརླབ་པ་ལ་ནི་སོག་འཇོག་མི་འབྱུང་ངོ་ཞེས་བྱ་བ་ནི། གལ་ཏེ་སྨན་ཞག་བདུན་པ་དང་འཚོའི་བར་དུ་བཅང་བར་བྱིན་གྱིས་བརླབས་པར་གྱུར་ན་དེ་ལ་དུས་དེ་ཙམ་གྱིས་སོག་འཇོག་གི་ཉེས་པ་འབྱུང་བར་མི་འགྱུར་བར། འདིར་གཞུང་ནི་བཙུན་པ་བྲོ་

འཚལ་བས་བྱིན་ལེན་བགྱིས་པ་དང་། བྱིན་གྱིས་བརླབས་པ་ཡོངས་སུ་ལོངས་སྤྱད་དུ་རུང་ངམ། ཉེ་བ་འཁོར་རུང་ངོ་ཞེས་གསུངས་པ་ཡིན་ནོ། །བྲོ་འཚལ་བ་ཞེས་སྨོས་པས་ནི་ན་བ་ལ་རུང་བ་ཉིད་ཡིན་པར་བསྟན་ཏོ། །ནད་པའི་ཆེད་དུ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་རང་གིས་དུས་ཀྱི་མཐའ་

བར་དུ་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་ནི། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་དག་རང་རང་གི་དུས་ཀྱི་མཐའ་ཚུན་ཆད་དུ་བྱིན་གྱིས་བརླབ་པར་བྱ་བའོ། །དུས་སུ་རུང་བ་ནི་བྱིན་གྱིས་བརླབ་མི་དགོས་ཏེ་དེ་བྱིན་གྱིས་བརླབས་པ་དོན་མེད་པའི་ཕྱིར་

Vol. 163 · folio 219a

རོ། །དེ་དག་གི་སྔགས་ནི། ཚེ་དང་ལྡན་པ་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་སྨན་ཐུན་ཚོད་དུ་རུང་བ་འདི་དག་བདག་དང་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིར་བགྱི་བར་ཐུན་ཚོད་དུ་རུང་བར་བྱིན་གྱིས་བརླབ་བོ། །ལན་གསུམ་དུ་བཟླས། ཐབས་

ཡིན་ནོ། །ལེགས་སོ་ཞེས་གསུངས་པ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་དག་ལ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །དུས་གང་གི་ཚེ་བྱིན་གྱིས་བརླབ་པར་བྱ་ཞེ་ན། དེའི་ཕྱིར་ཟས་སྔ་མའི་ཚེའོ་ཞེས་བྱ་བ་སྨྲས་ཏེ། གུང་ཚིགས་ཀྱི་མདུན་རོལ་དུ་ཟས་བཟའ་བ་ཐམས་ཅད་ཀྱི་

དུས་གང་ཡིན་པ་དེ་ནི་ཟས་སྔ་མལི་དུས་ཏེ་ཆོ་གའི་གཞི་ཞེས་བྱ་བ་ཡིན་པས་དུས་དེར་བྱིན་གྱིས་བརླབ་པར་བྱའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་བྱིན་ལེན་བྱས་ཏེའོ་ཞེས་བྱ་བ་སྨྲས་ཏེ། བྱིན་ལེན་བྱས་ཏེ་བྱིན་གྱིས་བརླབ་པར་བྱའོ། །བྱིན་ལེན་མ་བྱས་པ་དང་སོག་འཇོག་དང་འདྲེས་པ་བསྲུང་བར་

བྱ་བ་ཡིན་ནོ་ཞེས་བྱ་བ་ནི། བྱིན་གྱིས་རློབ་པའི་ཚེ་ན་བྱིན་ལེན་མ་བྱས་པར་བྱིན་གྱིས་བརླབ་ཏུ་ཡང་མི་རུང་ལ། དྲི་མ་ལ་སོགས་པ་དང་འབགས་པས་སོག་འཇོག་དང་འདྲེས་པ་ལ་བྱིན་གྱིས་བརླབ་ཏུ་ཡང་མི་རུང་བས་དེའི་ཕྱིར་དེ་གཉིས་བསྲུང་བར་བྱ་བའོ། །དེའི་ཕྱིར་ལག་པ་གཉིས་བསྙལ་

ནས་སོ་ཞེས་བྱ་བ་ནི། གང་གི་ཕྱིར་བྱིན་ལེན་མ་བྱས་པ་དང་སོག་འཇོག་དང་འདྲེས་པ་བསྲུང་བར་བྱ་བ་ཡིན་པ་དེའི་ཕྱིར་ལག་པ་གཉིས་བསྙལ་ནས་བྱིན་ལེན་བྱས་ཏེ་བྱིན་གྱིས་བརླབ་པར་བྱ་བའོ། །དེས་ན་བྱིན་ལེན་མ་བྱས་པ་དང་སོག་འཇོག་དང་འདྲེས་པ་མེད་པར་འགྱུར་རོ། །ལག་ཉར་

བླངས་པ་དང་སོག་འཇོག་བྱས་པ་དང་བྱིན་ལེན་མ་བྱས་པ་དང་ནང་དུ་ཞག་ལོན་པ་དང་ནང་དུ་བཙོས་པ་དང་དགེ་སློང་གིས་བཙོས་པ་དག་ལ་བྱིན་གྱིས་བརླབ་པ་མི་འཆགས་སོ་ཞེས་བྱ་བ་ལ། འདིར་གཞུང་ནི་ཞུ་བ་ལས། བཙུན་པ་དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་དང་ཞག་བདུན་པ་

དང་འཚོའི་བར་དུ་བཅང་བའི་སྨན་གང་དག་སུག་ཉར་བླངས་པ་དང་བྱིན་ལེན་མ་བགྱིས་པ་དང་ནང་དུ་དགུང་ལོན་པ་དང་ནང་དུ་བསྒྲལ་བ་དང་རང་གིས་བསྒྲལ་བ་དང་དགེ་སློང་གིས་བསྒྲལ་བ་དེ་དག་ཡོངས་སུ་ལོངས་སྤྱོད་པར་རུང་ངམ། ཉེ་བ་འཁོར་མི་རུང་ངོ་ཞེས་གསུངས་པ་ཡིན་ནོ། །

Vol. 163 · folio 219b

རོ་དང་སླ་བ་ཉིད་ཡོངས་སུ་གྱུར་ན་སོག་འཇོག་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི། བྱིན་གྱིས་བརླབས་པའི་བཏུང་བ་རྒུན་ཆུ་ལ་སོགས་པའི་རོ་མྱོས་པར་མི་འགྱུར་བ་ཉིད་ལ་མྱོས་པར་འགྱུར་བ་ཉིད་དུ་ཡོངས་སུ་གྱུར་པ་དང་། སླ་བ་བཞིན་སྣང་བ་ལས་བཞིན་མི་སྣང་བ་ཉིད་དུ་ཡོངས་སུ་གྱུར་ན། དེའི་

ཚེ་སོག་འཇོག་བྱས་པ་ཉིད་ཡིན་ཏེ། དེ་ཡང་བྱིན་ལེན་བྱས་ཤིང་བྱིན་གྱིས་བརླབས་པ་ལ་སོག་འཇོག་བྱས་པར་འགྱུར་གྱི་བྱིན་ལེན་མ་བྱས་པ་ལ་ནི་མི་འགྱུར་ཏེ། བྱིན་ལེན་མ་བྱས་པ་ལ་སོག་འཇོག་མི་སྲིད་པའི་ཕྱིར་རོ། །གལ་ཏེ་རོ་དང་སླ་བ་གཉི་ག་ཡོངས་སུ་གྱུར་ན་ཡང་བཏུང་བར་མི་བྱ་བ་

ཉིད་ཡིན་ནོ། །རོ་འབའ་ཞིག་ཡོངས་སུ་གྱུར་ན་ཡང་བཏུང་བར་མི་བྱ་བ་ཉིད་ཡིན་ནོ། །ཇི་སྟེ་སླ་བ་འབའ་ཞིག་ཡོངས་སུ་གྱུར་པ་ཡང་བཏུང་བར་མི་བྱ་བ་ཉིད་ཡིན་ཏེ། བྱིན་ལེན་མ་བྱས་པའི་ཕྱིར་རོ། །དེ་བས་ན་བཏུང་བ་བྱིན་ལེན་བྱས་ཤིང་བྱིན་གྱིས་བརླབས་པ་རོ་དང་སླ་བ་ཉིད་ཡོངས་སུ་

གྱུར་ན་རང་གི་དུས་ཀྱི་མཐའི་མདུན་རོལ་དུ་ཡང་སོག་འཇོག་བྱས་པ་ཉིད་དུ་འགྱུར་ཏེ། འདིར་དོན་ནི་དེ་ཡིན་ནོ། །འདི་གཉིས་ཀྱིས་ནི་ངོ་བོ་ཉིད་གྱུར་པར་བསྟན་ཏེ། དེས་ན་དེ་གཉིས་ལས་གཅིག་ཏུ་གྱུར་ན་ཡང་སོག་འཇོག་བྱས་པ་ཉིད་ཡིན་ནོ། །འདིར་གཞུང་ནི་སིལ་བུའི་བུ་རམ་གྱི་བཏུང་

བའི་སྐབས་ནས། བཙུན་པ་བཏུང་བ་བཙགས་པ་དགུང་བདུན་པར་བྱིན་གྱིས་བརླབ་ཏུ་རུང་ངམ། ཉེ་བ་འཁོར་རུང་ངོ་། །བཙུན་པ་ཡུན་ཇི་སྲིད་དུ་གཞག་པར་འཚལ་བར་བགྱི། ཉེ་བ་འཁོར་ཤིན་ཏུ་སླ་ཞིང་མི་སྐྱུར་ལ་རང་གི་ངོ་བོ་ཉིད་མི་སྤོང་བ་དེ་སྲིད་དུའོ་ཞེས་གསུངས་པ་ཡིན་ནོ། །

བྱིན་གྱིས་བརླབས་པ་འོག་མ་དང་ལྷན་ཅིག་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་བྱ་བ་ནི། ཐུན་ཚོད་དུ་རུང་བ་བྱིན་གྱིས་བརླབས་པ་དུས་སུ་རུང་བ་དང་ལྷན་ཅིག་ཡོངས་སུ་ལོངས་སྤྱད་པར་མི་བྱ་བ་དང་། ཞག་བདུན་པར་བྱིན་གྱིས་བརླབས་པ་དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་

དག་དང་ལྷན་ཅིག་ཡོངས་སུ་ལོངས་སྤྱད་པར་མི་བྱ་བ་དང་། འཚོ་བའི་བར་དུ་བཅང་བར་བྱིན་གྱིས་བརླབས་པ་དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་དང་ཞག་བདུན་པ་རྣམས་དང་ལྷན་ཅིག་ཡོངས་སུ་ལོངས་སྤྱད་པར་མི་བྱ་སྟེ། འདིར་བྱེ་བྲག་ཏུ་མ་བཅད་པས་བྱིན་གྱིས་བརླབས་པ་དང་

Vol. 163 · folio 220a

སོག་འཇོག་གི་དུས་ལ་མ་བབ་པ་དང་། ལྷན་ཅིག་ཅེས་བྱ་བར་ཤེས་པར་བྱའོ། །འདིར་གཞུང་ནི་མཽད་གལ་གྱི་བུ། དེ་ལ་ཐུན་ཚོད་དུ་རུང་བ་གང་ཡིན་པ་དང་། ཞག་བདུན་པ་གང་ཡིན་པ་དང་། འཚོའི་བར་དུ་བཅང་བ་གང་ཡིན་པ་དེ་དུས་སུ་རུང་བ་དང་འདྲེས་ན་ཡོངས་སུ་

ལོངས་སྤྱོད་པར་མི་བྱའོ། །ཞག་བདུན་པ་གང་ཡིན་པ་དང་། འཚོའི་བར་དུ་བཅང་བ་གང་ཡིན་པ་དེ་ཐུན་ཚོད་དུ་རུང་བ་དང་འདྲེས་ན་ཡང་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །འཚོའི་བར་དུ་བཅང་བ་གང་ཡིན་པ་དེ་ཞག་བདུན་པ་དང་འདྲེས་ན་ཡང་ཡོངས་སུ་ལོངས་སྤྱད་པར་མི་བྱའོ་ཞེས་གསུངས་

པ་ཡིན་ནོ། །སྨན་གྱི་གོ་རིམས་ནི་དཔེའོ་ཞེས་གསུངས་པ་ནི། སྔར་དེ་ནི་རྣམ་པ་བཞིའོ་ཞེས་སྨོས་པས་དུས་སུ་རུང་བ་དང་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་འཚོའི་བར་དུ་བཅང་བ་ཞེས་སྨན་རྣམ་པ་བཞི་སྨོས་པའི་གོ་རིམས་དེ་ནི་དཔེ་ཙམ་དུ་ཟད་དེ། དེས་ན་འདིས་མིག་སྨན་ལ་སོགས་པ་དག་

ཀྱང་འཕངས་པ་ཉིད་ཡིན་ནོ། །དེའི་ཕྱིར་མིག་སྨན་བསྟེན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། མིག་སྨན་བསྟེན་དུ་རུང་བའོ། །སྨན་མ་ཡིན་པའི་དོན་དུ་མི་བྱའོ་ཞེས་བྱ་བ་ལ། སྒེག་པའི་དོན་ནི་སྨན་མ་ཡིན་པའི་དོན་ཏེ། དེའི་དོན་དུ་མིག་སྨན་བསྟེན་པར་མི་བྱ་བའོ། །དེའི་སྣོད་རིགས་པའོ་ཞེས་བྱ་

བ་ནི། མིག་སྨན་དེའི་སྣོད་རུང་བ་ཉེ་བར་གཞག་པར་བྱ་བའོ། །གང་གིས་སྣོད་ཅི་ཡིན་ཞེ་ན། དེའི་ཕྱིར་མིག་སྨན་སྐྱེར་ཁཎྜའི་ནི་ཟ་མ་ཏོག་གོ་ཞེས་བྱ་བ་སྨྲས་སོ། །མིག་སྨན་རི་ལུའི་ནི་སྒྱེའུའོ་ཞེས་བྱ་བ་ནི། དེའི་སྣོད་སྒྱེའུའོ། །མིག་སྨན་དུ་བ་དང་། སྦྲུས་པ་དང་ཕྱེ་མ་རྣམས་ཀྱི་ནི་དོང་བུའོ་

ཞེས་བྱ་བ་ནི། མིག་སྨན་དུ་བ་དང་མིག་སྨན་སྦྲུས་པ་དང་མིག་སྨན་ཕྱེ་མ་རྣམས་ཀྱི་སྣོད་ནི་སྨྱིག་མ་ལ་སོགས་པའི་དོང་བུའོ། །ཐུར་མ་བཅང་བར་བྱའོ་ཞེས་བྱ་བ་ནི། མིག་བསྐུ་བའི་ཕྱིར་རོ། །ཟངས་མ་དང་ལྕགས་དག་གིས་བཟང་ངོ་ཞེས་བྱ་བ་ནི། ཐུར་མའོ། །ཅི་དེ་གཉིས་ཐམས་ཅད་ཀྱི་བཟང་

ངམ་ཞེ་ན། དེའི་ཕྱིར་རང་འཁྲུངས་དག་གོ་ཞེས་བྱ་བ་སྨྲས་ཏེ། རང་བཞིན་གྱིས་གྲུབ་པ་དག་གམ་བཞུས་ཏེ་བླུགས་པ་དག་གོ། །ནད་པས་སྨན་གཞུག་པའི་ཕྱིར་མཆན་ཁུག་བཅང་བར་བྱའོ་ཞེས་བྱ་བ་ལ། མཆན་ཁུག་ཅེས་བྱ་བ་ནི། ལྕུག་མ་ལ་སོགས་པ་ལས་བྱས་པའི་སྨན་གྱི་སྣོད་

Vol. 163 · folio 220b

ཀོ་ལྤགས་ཀྱིས་བཅིངས་པ་རིམ་པ་རེ་རེ་ཡང་སྨན་ཐ་དད་པར་གཞུག་པར་བྱ་བའི་ཕྱིར་མིག་མང་པོ་ཡོད་ཅིང་ཁ་བཅད་དུ་རུང་བའོ། །དེར་མ་ཤོང་པ་ཉིད་ཡིན་ན་བྲུངས་སམ་ཐུམ་པོ་བྱས་ཏེ་བཅེར་རོ་ཞེས་བྱ་བ་ནི། མཆན་ཁུག་དེར་སྨན་མངས་ལ་སྣོད་ཆུངས་པས་མི་ཤོང་པ་ཉིད་ཡིན་ན་དེའི་ཚེ་སྨན་གྱི་

ཐུམ་པོ་དག་བྲུངས་སུ་བྱས་ཏེ། གཅིག་གི་སྟེང་དུ་གཅིག་བཅེར་བར་བྱ་བའམ། ཕྱི་ཐུམ་གཅིག་ཏུ་བྱས་ཏེ་གཞག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བཅུག་པ་མི་འདྲུལ་བར་བྱ་བ་ཕྱིར་དུས་སུ་བསྐམ་མོ་ཞེས་བྱ་བ་ནི། སྨན་མཆན་ཁུག་ཏུ་བཅུག་པ་རླན་གྱིས་མི་འདྲུལ་བར་བྱ་བའི་ཕྱིར་དུས་དུས་སུ་

བསྐམ་པར་བྱ་བའོ། །གང་དུ་བསྐམ་པར་བྱ་ཞེ་ན་དེའི་ཕྱིར་ཉི་གྲིབ་ལའོ་ཞེས་བྱ་བ་སྨྲས་ཏེ། ཉི་མ་དང་གྲིབ་མ་འདྲེས་མའི་ནང་དུ་བསྐམ་པར་བྱའོ། །བསྐམས་ན་མཐུ་འབྲིའོ་ཞེས་བྱ་བ་ནི། ཉི་མ་ཚ་བ་འབའ་ཞིག་ལ་བསྐམས་ན་སྨན་རྣམས་ཀྱི་མཐུ་འབྲི་བར་འགྱུར་བའོ། །འདིས་ནི་སྨན་ཐམས་ཅད་

བསྐམ་པ་བསྟན་པ་ཡིན་གྱི་མཆན་ཁུག་གི་ཡུལ་འབའ་ཞིག་ཏུ་མ་ཟད་དོ། །མ་རུང་བར་འགྱུར་བའི་རྒྱུ་བྱུང་ན་རང་གིས་དྲུབ་པར་བྱའོ་ཞེས་བྱ་བ་ནི། རླུང་དང་ཆར་པ་ལ་སོགས་པ་སྨན་མ་རུང་བར་འགྱུར་བའི་རྒྱུ་བྱུང་ན་དགེ་སློང་རང་གིས་བསྡུ་ཞིང་དྲུབ་པར་བྱ་བའོ། །ཅི་གནས་སྐབས་ཐམས་

ཅད་དུའམ་ཞེ་ན་དེའི་ཕྱིར། བསྙེན་པར་མ་རྫོགས་པ་མེད་ནའོ་ཞེས་བྱ་བ་སྨྲས་སོ། །སྨན་ཕོར་བཅང་བར་བྱའོ་ཞེས་བྱ་བ་ནི། ནད་པས་ཞེས་བྱ་བར་སྦྱར་རོ། །སྨན་གྱི་ནལ་ཟེ་ཡང་ངོ་ཞེས་བྱ་བ་ཡང་། ནད་པས་བཅང་བར་བྱའོ་ཞེས་བྱ་བར་སྦྱར་རོ། །འགྲོར་མི་བཏུབ་པས་ཕུལ་བའི་བཏུང་ཕོར་རོ་

ཞེས་བྱ་བ་ཡང་། བཅང་ངོ་ཞེས་བྱ་བར་སྦྱར་རོ། །འགྲོར་མི་བཏུབ་པ་ཞེས་བྱ་བ་ལ། འགྲོ་བ་ཞེས་བྱ་བ་ནི་མིད་པའི་ཚེ་དང་དུ་འགྲོ་བའོ། །མི་བཏུང་པ་ཞེས་བྱ་བ་ནི། མིད་པའི་ཚེ་དང་དུ་འགྲོར་མི་བཏུབ་ཅིང་མགུལ་བར་ཐོགས་ཤིང་བརྣག་པ་སྟེ། གང་གིས་དེར་འགྲོར་མི་བཏུབ་པ་མགུལ་བའི་

ནད་ཅེས་བྱ་བའི་ཐ་ཚིག་གོ། །ཕུལ་བའི་བཏུང་ཕོར་ཞེས་བྱ་བ་ནི། གང་གིས་ཟས་ཟོས་པ་མགུལ་བར་ཐོགས་ཤིང་ཕུལ་བའི་ཕྱིར་ཕྱི་ནས་སྐོམ་འཐུང་བར་བྱེད་པའི་སྣོད་ཆུང་ངུ་མ་ལ་བྱའོ། །འདིར་གཞུང་ནི་གནས་བརྟན་ཁྱོད་ཅི་བསྙུང་། ཚེ་དང་ལྡན་པ་འགྲོར་མི་བཏུབ་པའོ། །ཁྱོད་ཀྱིས་སྔོན་

Vol. 163 · folio 221a

ཅི་བགྱིས། ཕུལ་བའི་བཏུང་ཕོར་མ་བཅངས་སོ། །དེ་ཅིའི་ཕྱིར་མི་བཅང་། བཅོམ་ལྡན་འདས་ཀྱིས་མ་གནང་ངོ་ཞེས་ཟེར་བའི་སྐབས་དེ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཕུལ་བའི་བཏུང་

ཕོར་བཅང་བར་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ནོ། །འདིར་ནི་གླེང་གཞིའི་དབང་གིས་འགྲོར་མི་བཏུབ་པས་ཞེས་མདོར་བསྡུ་བ་བྱས་སོ། །ནད་པས་ལན་ཚྭ་བཅང་བར་བྱའོ་ཞེས་བྱ་བ་ནི། འགྲོར་མི་བཏུབ་པས་ཞེས་བྱ་བ་ལ་བསྩལ་བའི་ཕྱིར་འདིར་ནད་པས་ཞེས་བྱ་བ་སྨྲས་སོ། །དེའི་སྣོད་

ནི་རྭའི་སྦུབས་བཟང་ངོ་ཞེས་བྱ་བ་ནི། ལན་ཚྭ་དེའིའོ། །རྭ་ཇི་ལྟ་བུ་བཟང་ཞེ་ན་དེའི་ཕྱིར། ལྕི་བས་ཀུན་ནས་བསྐོལ་བའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་སྣུམ་དང་དྲི་མའི་དྲི་ང་བ་སྤང་བའི་ཕྱིར་རོ། །དེ་མེད་པའི་ཉེས་པ་མི་འབྱུང་བར་བྱ་བའི་ཕྱིར་ཁ་དག་པ་གཞུག་གོ་ཞེས་བྱ་བ་ནི། ཁ་གབ་མེད་པའི་ཉེས་

པ་མི་འགྱུར་བར་བྱ་བའི་ཕྱིར་སྟེ། རྡུལ་ཞུགས་པས་རྫས་མ་རུང་བར་འགྱུར་བ་ལ་སོགས་པའི་ཉེས་པ་སྤང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅི་ལས་བྱས་པ་ཞེ་ན་དེའི་ཕྱིར་དེ་ཉིད་ལས་བྱས་པའོ་ཞེས་བྱ་བ་སྨྲས་ཏེ། རྭ་ལྕི་བས་ཀུན་ནས་བསྐོལ་བ་ལས་བྱས་པའི་ཁ་གབ་གཞུག་པའོ། །དྲིས་

བསྒོས་པའི་སའོ་ཞེས་བྱ་བ་ནི། ནད་པས་བཅང་ངོ་ཞེས་བྱ་བར་སྦྱར་ཏེ། དེ་ནི་ལག་པ་བསྙལ་བ་ལ་སོགས་པའི་ཆེད་དུ་དགོས་པའི་ཕྱིར་རོ། །ཆུ་བསྲོ་བའི་ཕྱིར་ལྕགས་ཀྱི་གར་བུའོ་ཞེས་བྱ་བ་ཡང་། ནད་པས་བཅང་ངོ་ཞེས་བྱ་བར་སྦྱར་རོ། །ཐམས་ཅད་ཀྱིས་སྤྱད་པར་བྱའོ་ཞེས་བྱ་བ་ནི། ནད་པས་བཅང་

བར་བྱ་བ་དེ་དག་ནི་ནད་པ་འབའ་ཞིག་གིས་སྤྱད་པར་མ་ཟད་ཀྱི། ན་བ་དང་མི་ན་བ་ཐམས་ཅད་ཀྱིས་སྤྱད་དུ་རུང་བའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བསྲོ་གང་བྱའོ་ཞེས་གསུངས་པ་ཡིན་ནོ། །གནས་པར་བྱ་བའི་དགེ་སློང་དག་ཆུ་དྲོན་བསྐོལ་བས་ངལ་བར་གྱུར་ནས། བཅོམ་ལྡན་

འདས་ཀྱིས་བཀའ་སྩལ་པ། ལྕགས་ཀྱི་གར་བུ་བསྲེག་པར་བྱ་ཞིང་ལྕགས་ཐག་གིས་གདགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དགེ་འདུན་གྱིས་ཀྱང་བཅང་དུ་རུང་ངོ་། །བསྲེགས་པ་གདགས་པའི་ཕྱིར་དེ་ལ་ལྕགས་ཐག་གདགས་སོ་ཞེས་བྱ་བ་ནི། ལྕགས་ཀྱི་གར་བུ་དེ་

Vol. 163 · folio 221b

ལའོ། །ཚ་བའི་དུས་ནས་གཤེར་པས་དེ་མནན་ཏོ་ཞེས་བྱ་བ་ནི། ལྕགས་ཀྱི་གར་བུ་བསྲེག་པའི་ཚེ་ལྕགས་ཐག་ཚ་བར་གྱུར་པའི་དུས་ནས་གཤེར་པས་ལྕགས་ཐག་དེ་མནན་ཏོ། །བསྲེག་པ་ན་ཟས་དང་འབགས་པའི་གནས་མེད་དོ་ཞེས་བྱ་བ་ནི། ལྕགས་ཀྱི་གར་བུ་དེ་བསྲེགས་པ་ན་དེ་ལ་

ཟས་དང་འབགས་པའི་གནས་མེད་པའོ། །དེ་བས་ན་འདིར་ལྕགས་ཀྱི་གར་བུ་དེ་རུང་བར་བྱ་བའི་ཕྱིར་འབད་པ་ནི་དོན་མེད་དོ། །རུང་བ་སྔར་བསྲོའོ་ཞེས་བྱ་བ་ནི། བཏུང་བར་བྱ་བ་ལ་སོགས་པའི་ཆུ་རུང་བ་ཤོས་སྔར་བསྲོ་བའོ། །ལོངས་སྤྱད་པ་ཕྱིས་སོ་ཞེས་བྱ་བ་ནི། ཆབ་ཁུངས་ལ་སོགས་པར་

ཁྲུས་བྱ་བའི་ཆུ་ཕྱིས་བསྲོ་བའོ། །འདི་གཉིས་ནི་གཙང་སྦྲ་བྱ་བའི་ཕྱིར་རོ། །མདོམས་ཀྱི་གསོ་བ་བསྟན་པར་བྱའོ་ཞེས་བྱ་བ་ནི། ནད་པས་ཞེས་བྱ་བར་སྦྱར་རོ། །མདོམས་ཀྱི་གསོ་བ་ཞེས་བྱ་བ་ནི། མས་གཏོང་བ་ལ་སོགས་པའོ། །འདིར་གཞུང་ནི། གལ་ཏེ་སྨན་པ་ན་རེ་གཞན་གྱིས་འཚོ་བར་མི་འགྱུར་རོ་ཞེས་

ཟེར་ན་མས་གཏང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་གྱིས་འཚོ་བར་ནུས་པ་ཉིད་ན་དེ་ལ་སྦོམ་པོའོ་ཞེས་བྱ་བ་ནི། སྨན་གཞན་བྱ་བའི་ཐབས་ཀྱིས་ནད་དེ་ལས་འཚོ་བར་ནུས་པ་ཉིད་ཡིན་ན་མདོམས་ཀྱི་གསོ་བ་བསྟེན་པ་དེ་ལ་ཉེས་པ་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་མ་མོ་ལས། དེ་ལས་

གཞན་པའི་སྨན་དག་གིས་འཚོ་ན་དགེ་སློང་གིས་མདོམས་ཀྱི་ལས་བྱེད་དུ་མི་གཞུག་གོ། །གང་བྱེད་དུ་འཛུད་ན་ཉེས་པ་སྦོམ་པོར་འགྱུར་རོ། །མི་འཚོ་བ་ཉིད་ཡིན་ན་བྱེད་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །འདི་ལ་ཟངས་མའམ་འཁར་བའི་སྦུ་གུ་བཟང་གི་ལྕགས་ཀྱིས་ནི་མི་རུང་ངོ་ཞེས་བྱ་

བ་ནི། མདོམས་ཀྱི་གསོ་བ་འདི་ལའོ། །མཚོན་གྱིས་གསོ་བ་ཡང་དེ་དང་འདྲའོ་ཞེས་བྱ་བ་ནི། མཚོན་གྱིས་གསོ་བ་བསྟེན་པར་བྱའོ། །གཞན་གྱིས་འཚོ་བར་ནུས་པ་ཉིད་ན་དེ་ལ་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །འདིར་གཞུང་ནི་མ་མོ་ལས་རྟུལ་བ་གཞན་ཡོད་ན་དགེ་སློང་གིས་མཚོན་གྱི་ལས་བྱེད་

དུ་མི་གཞུག་གོ། །གང་བྱེད་དུ་འཇུག་ན་ཉེས་པ་སྦོམ་པོར་འགྱུར་རོ། །རྟུལ་བ་གཞན་མེད་ན་བྱེད་དུ་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །གདོང་དུ་རྩྭའི་རྒྱུན་ལས་གཞན་པར་དེ་མི་བསྟེན་ནོ་ཞེས་བྱ་བ་ནི། གདོང་དུ་རྩྭའི་རྒྱུན་ལས་གཞན་པ་མཚོན་གྱིས་གསོ་བ་དེ་མི་བསྟེན་པའོ། །འདིར་

Vol. 163 · folio 222a

གཞུང་ནི་ཕྲན་ཚེགས་དག་ལས་དགེ་སློང་གི་གདོང་ནི་མེ་ལོང་ལྟ་བུ་ཡིན་པས་དེའི་ཕྱིར་དགེ་སློང་གིས་སྨན་པ་གདོང་དུ་མཚོན་གྱི་ལས་བྱེད་དུ་མི་གཞུག་གོ་ཞེས་གསུངས་པ་ཡིན་ནོ། །གཞང་འབྲུམ་གཅད་པར་མི་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་མཚོན་གྱིས་གསོ་བ་མི་བྱའོ་

ཞེས་བྱ་བ་དེའི་ཕྱོགས་གཅིག་ཏུ་གྱུར་པ་ནི། གདོང་དུ་མཚོན་གྱི་ལས་བྱེད་པ་དང་གཞང་འབྲུམ་གཅོད་པ་འདི་གཉིས་ཡིན་པས་དེའི་ཕྱིར་འདི་གཉིས་ལ་ཡང་སྦོམ་པོར་རིག་པར་བྱའོ། །མཚོན་ལས་གཞན་པས་ཀྱང་ངོ་ཞེས་བྱ་བ་ནི། མཚོན་ལས་གཞན་པས་ཀྱང་གཞང་འབྲུམ་གཅད་པར་མི་བྱའོ། །

དེ་ནི་གསང་སྔགས་དང་སྨན་དག་གིས་གསོའོ་ཞེས་བྱ་བ་ནི། གཞང་འབྲུམ་དེའོ། །ཞེ་འགྲས་པས་གསོར་མི་གཞུག་གོ་ཞེས་བྱ་བ་ནི་གཞང་འབྲུམ་མོ། །གསོ་བའི་ཕྱིར་ནུབ་མོ་ཟ་བ་ནི་ཚུལ་དང་མི་མཐུན་པ་མ་ཡིན་ནོ་ཞེས་བྱ་བ་ནི། ནད་གསོ་བའི་ཕྱིར་ནུབ་མོ་ཟས་ཟ་བ་ནི་ཚུལ་དང་མི་མཐུན་

པ་མ་ཡིན་ཏེ། མདོ་འདི་དང་འོག་མ་གཉིས་ནི་གསོ་བའི་དོན་དུ་ནི་མ་གཏོགས་སོ་ཞེས་གསུངས་པའི་སྤྲོས་པ་ཡིན་ནོ། །འདི་ལ་བྱིན་ལེན་མ་བྱས་པ་དང་སོག་འཇོག་བྱས་པ་དག་མི་རུང་བ་ཉིད་དུ་དོགས་པར་མི་བྱའོ་ཞེས་བྱ་བ་ནི། གསོ་བ་འདི་ལ་བྱིན་ལེན་མ་བྱས་པ་དང་སོག་འཇོག་བྱས་པའི་ཟས་དག་མི་

རུང་བ་ཉིད་དུ་དོགས་པར་མི་བྱ་བའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚན་མོ་ཡང་བཏུང་བར་བྱའོ། །བྱིན་ལེན་སྟོབས་པ་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་སྟོབས་པ་མེད་ན་བྱིན་ལེན་མ་བྱས་པར་ཡང་བཏུང་བར་བྱའོ་ཞེས་བྱ་བ་ལ་

སོགས་པ་གསུངས་པ་ཡིན་ནོ། །གསོ་བའི་ཕྱིར་རེང་བུའི་དུ་བ་བརྔུབ་པར་བྱའོ་ཞེས་བྱ་བ་ནི། དུ་བ་བྱ་བའི་ཕྱིར་སྨན་ལས་རེང་བུ་བྱེད་པ་གང་ཡིན་པ་དེ་ནི་རེང་བུའི་དུ་བ་ཞེས་བྱ་སྟེ། རེང་བུ་ལས་བྱུང་བའི་དུ་བ་དེ་བརྔུབ་པར་བྱའོ། །འདིར་གཞུང་ནི་དེ་ལྟ་བས་ན་རེང་བུའི་དུ་བ་རྔུབ་པར་རྗེས་སུ་གནང་

ངོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་སྨན་གཅེའུས་འགྲུབ་པོ་ཞེས་བྱ་བ་ནི་དུ་བ་རྔུབ་པ་དེའོ། །ལྕགས་ལས་བྱའོ་ཞེས་བྱ་བ་ནི་སྨན་གཅེའུའོ། །སོར་བཅུ་གཉིས་པ་བཟང་ངོ་ཞེས་བྱ་བ་ནི། སྨན་གཅེའུ་དེའི་སྲིད་ཀྱི་ཚད་དུ་སོར་བཅུ་གཉིས་པ་བཟང་ངོ་། །རྣོ་བ་དང་རྩུབ་པར་མི་བྱའོ་ཞེས་བྱ་བ་ནི། སྨན་

Vol. 163 · folio 222b

གཅེའུའི་སྦུབས་སོ། །ཞུན་མར་རམ་འབྲུ་མར་གྱིས་བསྐུས་ཏེ་ཤུབས་སུ་གཞུག་གོ་ཞེས་བྱ་བ་ནི་སྨན་གཅེའུའོ། །དེ་ནི་ཟུང་ང་འམ་ཆོས་གོས་ཀྱི་གདང་བུ་ལ་གཞག་གོ་ཞེས་བྱ་བ་ནི། སྨན་གཅེའུའི་ཤུབས་དེའོ། །དྲི་མ་མེད་པར་བྱ་བའི་ཕྱིར་མེར་གཞུག་གོ་ཞེས་བྱ་བ་ནི། སྨན་གཅེའུའོ། །སྣར་

བླུགས་པའི་ལས་བྱའོ་ཞེས་བྱ་བ་ནི། སྣར་རྔུབ་པའི་ལས་སོ། །དེ་ནི་སྣར་བླུགས་པའི་སྤྱད་ཀྱིས་འགྲུབ་བོ་ཞེས་བྱ་བ་ནི། སྣར་བླུགས་པའི་ལས་དེའོ། །མཆུ་གཉིས་པ་མི་རྣོ་བ་བཟང་ངོ་ཞེས་བྱ་བ་ནི། སྣར་བླུགས་པའི་སྤྱད་ནི་ཁ་བྲག་མཆུ་གཉིས་པ་མི་རྣོ་བ་བཟང་ངོ་། །དེ་བྱའོ་ཞེས་བྱ་བ་ནི། སྣར་བླུགས་

པའི་སྤྱད་དེའོ། །སྨན་གྱི་གོ་རིམས་ནི་དཔེའོ་ཞེས་སྨོས་པ་དེས་མཚོན་པ་གཞན་བསྟན་པའི་ཕྱིར་སྨན་གྱི་ཕྱིར་ཤ་རློན་པ་བསྟེན་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཤ་རློན་པ་བཟའ་བར་བྱ་བའོ། །དེ་ཟ་མི་ནུས་ན་ཐབས་བྱའོ་ཞེས་བྱ་བ་ནི། ཤ་རློན་པ་དེ་ཟ་མི་ནུས་པའི་གང་ཟག་ལ་ཟར་གཞུག་པའི་ཐབས་བྱ་

བའོ། །རས་ཀྱིས་མིག་གཉིས་དགབ་བོ་ཞེས་བྱ་བ་ནི། རས་ཀྱིས་མིག་གཉིས་བཀབ་སྟེ་ཤ་རློན་པ་ཡིན་པར་མི་ཤེས་པར་བྱ་ཞིང་ཁར་བསྙོད་པ་ནི་ཐབས་ཡིན་ནོ། །མི་རྒལ་བར་བྱ་བའི་ཕྱིར་དྲི་ཞིམ་པོས་བསྒོའོ་ཞེས་བྱ་བ་ནི། སྐྱུག་མི་བྲོ་བར་བྱ་བའི་ཕྱིར་ཐ་བ་ལ་སོགས་པའི་རྫས་དྲི་ཞིམ་པོས་ཤ་

རློན་པ་ལ་བསྒོ་ཞིང་ཟར་གཞུག་པ་སྟེ། དེ་ཡང་ཐབས་ཡིན་ནོ། །ཤན་མེད་པ་ཉིད་ན་མདུན་དུ་བཟའ་བ་དང་བཅའ་བ་ཡིད་དུ་འོང་བ་གཞག་ཏེ་དགྲོལ་ལོ་ཞེས་བྱ་བ་ནི། ཤ་རློན་པའི་དུམ་གྲུགས་ལ་སོགས་པའི་ཤན་མེད་པ་ཉིད་ན་མདུན་དུ་བཟའ་བ་དང་བཅའ་བ་ཡིད་དུ་འོང་བ་དག་གཞག་སྟེ་

མིག་རས་ཀྱིས་གཡོགས་པ་དགྲོལ་བར་བྱ་བ་སྟེ་དེ་ཡང་ཐབས་ཡིན་ནོ། །གཞན་གྱི་དོན་དེར་ན་སྦོམ་པོའོ་ཞེས་བྱ་བ་ནི། ཤ་རློན་པ་དེ་སྨན་གྱི་དོན་ལས་གཞན་པ་གསང་སྔགས་བསྒྲུབ་པ་ལ་སོགས་པའི་དོན་དེར་ཟ་ན་དགེ་འདུན་གྱི་དབྱེན་གྱི་དགེ་འདུན་ལྷག་མའི་སྐབས་སུ་གཏོགས་པའི་ཉེས་

པ་སྦོམ་པོར་འགྱུར་ཏེ། བདག་ཉིད་འདྲེའི་ནང་དུ་གཏོགས་པར་བྱེད་པའི་ཕྱིར་རོ། །མིའི་ཤ་ནི་ཐམས་ཅད་དུའོ་ཞེས་བྱ་བ་ནི། སྨན་གྱི་དོན་དང་སྨན་མ་ཡིན་པའི་དོན་ཐམས་ཅད་དུ་མི་ཤ་ཟོས་ན་ཉེས་པ་སྦོམ་པོར་འགྱུར་རོ། །འདིར་གཞུང་ནི་ཁྱིམ་བདག་གི་ཆུང་མ་སྡེ་ཆེན་མས་བརླའི་ཤ་

Vol. 163 · folio 223a

བཅད་དེ་གཡོག་མོ་ལ། བུ་མོ་ཕོ་ཤའི་ཁུ་ཤ་གྱིས་ལ། འཕགས་པ་ཆེ་གེ་མོ་ཞིག་གི་གན་དུ་ཁྱེར་ལ། བྱིན་ཅིག་ཅེས་བྱིན་པ་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཤ་འདི་ནི་ཐ་ཆད་ཡིན་ཏེ། འདི་ལྟ་སྟེ་མིའི་ཤའོ། །དེ་ལྟ་བས་ན་དགེ་སློང་

གིས་མི་ཤ་བཟའ་བར་མི་བྱའོ། །ཟ་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྨན་གྱི་ཕྱིར་ཟ་བ་ཡང་བཅོམ་ལྡན་འདས་ཀྱིས་སྨད་པས་དེའི་ཕྱིར་འདིར་ཐམས་ཅད་དུའོ་ཞེས་མདོར་བསྡུ་བ་བྱས་སོ། །ཤ་བསྔོས་པར་ཤེས་ན་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། ཟ་བ་པོའི་ཕྱིར་སྦྱིན་བདག་

གིས་ཤ་བསྔོས་པར་ཟ་བ་པོས་མཐོང་བ་དང་ཐོས་དང་དོགས་པའི་སྒོ་ནས་ཤེས་ནས་དེས་ཤ་དེ་བཟའ་བར་མི་བྱ་བ་སྟེ། དེ་ལྟ་བས་ན་རབ་ཏུ་བྱུང་བ་རྣམས་ཀྱིས་ནི་ཤན་པའི་གནས་སམ་ཚོང་དུས་ནས་ཤ་རུང་བ་དགེ་བསྙེན་དད་པ་ཅན་གྱིས་བླངས་ཏེ་བཟའ་བར་རྗེས་སུ་གནང་ངོ་། །སྟག་གི་གོང་མ་མི་བཟའོ་

ཞེས་བྱ་བ་ནི། ཤ་ཤེས་ན་བཟའ་བར་མི་བྱ་བའོ། །འདིར་གཞུང་ནི་དགེ་སློང་དག་སྟག་ནི་རུལ་སྦེད་པ་ཡིན་པས་དེའི་ཕྱིར་དགེ་སློང་གིས་སྟག་གི་གོང་མའི་ཤ་བཟའ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་ལྟོས་པ་དང་བཅས་པའི་ཕྱིར་བཀག་པས་དེའི་ཕྱིར་ལྟོས་པ་དང་བཅས་པ་གཞན་གྱིས་

སྦས་པར་ཤེས་ན་ཡང་བཟའ་བར་མི་བྱ་བའོ། །གླང་པོ་ཆེ་དང་རྟ་དང་ཀླུ་རྣམས་ཀྱི་མི་བཟའོ་ཞེས་བྱ་བ་ནི། དེ་རྣམས་ཀྱི་ཤ་བཟའ་བར་མི་བྱ་བའོ། །རྨིག་གཅིག་པ་དང་ཝ་དང་སྤྲེའུ་དང་ཤིང་རྟ་མོ་དང་བྱ་རོག་དང་བྱ་རྒོད་དང་ཆུ་སྐྱར་དང་ཁྱི་དང་བྱ་ཁྲ་དང་འུག་པ་དང་། དེ་དག་ལས་གཞན་པའི་བྱ་

མི་རོ་ཟ་བ་དག་དང་བྱ་གར་དང་ཕ་ཝང་དང་སྐྱིན་ཀོར་དང་དྲེའུ་སྲིན་དང་སྲིན་བུ་རྣམས་ཀྱི་ཡང་མི་བཟའོ་ཞེས་བྱ་བ་ནི། དེ་དག་གི་ཤ་ཡང་ཤེས་ན་བཟའ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །རྨིག་གཅིག་པ་ཞེས་བྱ་བ་ནི། རྟ་དང་བོང་བུ་དང་དྲེའུ་དང་རྐྱང་ལ་སོགས་པའོ། །ཤིང་རྟ་མོ་ཞེས་བྱ་བ་ནི། བྱ་

ཤིང་རྟ་མོའོ། །བྱ་རོག་ཅེས་བྱ་བ་ནི། ཁྭ་དང་ཕོ་རོག་གོ། །དེ་དག་ལས་གཞན་པའི་བྱ་མི་རོ་ཟ་བ་དག་ཅེས་བྱ་བ་ནི། མི་རོ་ཟ་བའི་བྱ་སྔར་བསྟན་པ་དེ་དག་ལས་གཞན་པའི་བྱ་མི་རོ་ཟ་བ་ཐམས་ཅད་སྤྱིར་བཟུང་ངོ་། །སྐྱིན་ཀོར་ཞེས་བྱ་བ་ནི། ཆུ་ན་གནས་པ་དང་སྐམ་ན་གནས་པའི་སྐྱིན་ཀོར་རོ། །དྲེའུ་

Vol. 163 · folio 223b

སྲིན་ཞེས་བྱ་བ་ནི། ས་ལས་སྐྱེས་པའི་སྲིན་བུ་རིང་པོའོ། །སྲིན་བུ་རྣམས་ཞེས་བྱ་བས་ནི་སྲིན་བུའི་རིགས་གཞན་དག་བསྟན་ཏོ། །རྣམས་ཞེས་མང་པོའི་ཚིག་ཏུ་བྱས་པས་ནི་ཤིང་སྲིན་དང་སྲིན་གྱི་མེ་དང་སྦྲུལ་དང་སྡིག་སྦྲུལ་དང་སྲེ་མོ་དང་བྱི་བ་ལ་སོགས་པ་གཞན་དག་ཀྱང་བསྡུའོ། །སྲིན་བུ་ཞེས་

སྨོས་པས་ནི། སྲིན་བུ་པད་པ་ལ་སོགས་པ་ཡང་བསྡུའོ། །འདིར་གཞུང་ནི་བཙུན་པ་པད་པའི་ཤ་འཚལ་དུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །དེ་བཞིན་དུ་དགེ་སློང་གིས་བྱ་གར་གྱི་ཤ་བཟའ་བར་མི་བྱའོ། །བྱ་རོག་ལ་སོགས་པའི་ཤ་ཡང་བཟའ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་དང་། གཞུང་

ཁ་ཅིག་ལས་སྲིན་བུ་རྣམས་ཀྱི་ཚིལ་འཚལ་བར་བགྱིའམ་འཚལ་བར་མི་བགྱི། བཀའ་སྩལ་པ། བཟའ་བར་མི་བྱའོ། །ནད་དང་བྲལ་བའི་ཕྱིར་ལུས་བསྐུ་བར་ནི་བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། །ཤའི་བྱིན་ལེན་སྟོབས་པ་ལ་བཅད་པ་ལས་བྱུང་བ་ཉིད་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི།

རབ་ཏུ་བྱུང་བ་རྣམས་ལ་སྦྱིན་བདག་གིས་ཤའི་བྱིན་ལེན་བསྟབས་པ་ན་དེ་ལ་ཟ་བ་པོས་འདི་དགེ་སློང་གིས་བཟར་མི་རུང་བའི་ཤ་བཅད་པ་མི་ཤ་དང་སྟག་གི་གོང་་མ་དང་གླང་པོ་ཆེ་དང་རྟ་དང་ཀླུ་དང་རྨིག་གཅིག་པ་ལ་སོགས་པའི་ཤ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་། དེ་དག་ལས་བྱུང་བ་མ་ཡིན་ན་

བཟའ་བར་བྱའོ། །ཚིག་དེ་ནི་མཚོན་པ་ཙམ་དུ་ཟད་དེ། འདི་ཅིའི་ཤ་ཞེས་དྲིས་ན་གཞན་མ་སྨོས་ཀྱང་ཉེས་པ་མེད་དོ། །དུ་མ་ཉིད་ན་དང་པོས་སོ་ཞེས་བྱ་བ་ནི། ཟ་བ་པོ་དུ་མ་ཉིད་ཡོད་ན་དང་པོས་དྲི་པར་བྱ་བ་སྟེ། དགེ་སློང་དུ་མ་ཚོགས་ན་དགེ་འདུན་གྱི་གནས་བརྟན་གྱིས་དྲི་བར་བྱའོ་ཞེས་བྱ་བའི་ཐ་

ཚིག་གོ། །ཉམས་ན་འོག་མས་སོ་ཞེས་བྱ་བ་ནི། ཤའི་སྐབས་དྲིའོ་ཞེས་བྱ་བར་སྦྱར་ཏེ། གལ་ཏེ་དང་པོས་དྲི་བ་ཉམས་ཏེ་མ་དྲིས་ན་དེའི་འོག་མའི་དགེ་སློང་གིས་དྲི་བར་བྱ་བའོ། །གླང་པོ་ཆེ་དང་མིའི་འོ་མ་དག་བཏུང་བར་མི་བྱ་བ་ཉིད་དོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བས་བལ་གླང་མོ་དང་བུད་

མེད་ཀྱི་འོ་མ་བཏུང་བར་མི་བྱའོ། །པགས་པ་དང་རྨ་བསྐུ་བ་དང་སྣར་བླུགས་པ་དང་མིག་སྐུད་ཅིང་བཟའ་བཏུང་མི་བྱེད་པ་ལ་སྐྱོན་ཆགས་པ་མེད་དོ་ཞེས་བྱ་བ་ནི། ཤ་དང་འོ་མ་རུང་བ་མ་ཡིན་པ་ལ་སོགས་པས་ཞེས་བྱ་བར་སྦྱར་ཏེ། དེ་དག་གིས་པགས་པ་སྐུད་པ་དང་རྨ་སྐུད་པ་དང་སྣར་བླུགས་པ་དང་

Vol. 163 · folio 224a

མིག་སྐུད་ཅིང་བཟའ་བཏུང་མི་བྱེད་པ་ལ་ནི་སྐྱོན་ཆགས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་བཙུན་པ་སྨན་དུ་རུང་བ་མ་ལགས་པ་དག་དང་བསྐོལ་བའི་འབྲུ་མར་འཚལ་དུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །ལུས་སྐུད་པ་དང་རྨའི་བསྐུ་མཉེ་བྱ་བ་དང་། སྣར་བླུགས་

པའི་ལས་བྱ་བ་ནི་ལྟུང་བ་མེད་དོ། །བཙུན་པ་བུད་མེད་ཀྱི་འོ་མ་འཚལ་དུ་རུང་ངམ། ཉེ་བ་འཁོར་མི་རུང་ངོ་། །མིག་བསྐུ་བ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ནད་པས་ནི་ཞུན་མར་དང་འབྲུ་མར་ཆང་དང་འདྲེས་པ་བཏུང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། གང་ཟག་ནད་པས་ནི་ཞུན་མར་

དང་འབྲུ་མར་ཆང་དང་འདྲེས་པར་གྱུར་པ་བཏུང་བར་བྱ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་ཞུན་མར་དང་འབྲུ་མར་སྐྱེམས་དང་ལྷན་ཅིག་འདྲེས་པར་གྱུར་ན་འཚལ་དུ་རུང་ངམ། ཉེ་བ་འཁོར་རུང་སྟེ། དེ་ཡང་ནད་པས་ཡིན་གྱི་མི་ན་བས་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །ཆང་

མ་ཡིན་པ་ཉིད་ན་ཉེས་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི། ཆང་དག་ཆང་མ་ཡིན་པ་ཉིད་དུ་གྱུར་ན་ཐམས་ཅད་ལ་ཉེས་པར་མི་འགྱུར་བ་སྟེ། འདིར་ཆང་མ་ཡིན་པ་ཉིད་ཅེས་བྱ་བས་ནི་དེའི་དྲི་དང་རོ་གཉི་ག་མེད་པར་གྱུར་པ་བསྟན་ཏེ། གལ་ཏེ་དྲི་དང་རོའི་མྱང་བ་མྱོས་པར་མི་བྱེད་པ་དག་ཅེས་གསུངས་པ་

ལས་ཤེས་པར་བྱའོ། །དེ་ནི་བསྐོལ་བ་ལས་འགྲུབ་པོ་ཞེས་བྱ་བ་ནི། ཆང་མ་ཡིན་པ་ཉིད་དེ་ནི་བསྐོལ་བ་ལས་ཆང་ཡང་ཆང་མ་ཡིན་པར་འགྱུར་བའོ། །འདིར་གཞུང་ནི་བཙུན་པ་མྱོས་པར་འགྱུར་བའི་ལྟུང་བ་ཞུགས་ཀྱིས་བསྐོལ་ན་འཚལ་དུ་རུང་ངམ། ཉེ་བ་འཁོར་རུང་ངོ་ཞེས་གསུངས་པ་ཡིན་

ནོ། །དེ་ནི་ནས་བརྔོས་པས་བཏབ་ཅིང་སའི་ནང་དུ་བཅུག་ན་ཚྭ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི། ཆང་དེའི་ནང་དུ་ཡོས་བླུགས་ཏེ་སྣོད་དང་བཅས་པར་སའི་ནང་དུ་བཅུག་ན་ཚྭར་འགྱུར་བའོ། །རྒུན་གྱི་ཁུ་བ་ནི་བསྐོལ་ན་ཆང་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་ནི། རྒུན་གྱི་ཁུ་བ་བཙིར་མ་ཐག་ཏུ་བསྐོལ་ན་

ཡུན་རིང་དུ་བཞག་ཀྱང་ཕྱིས་ཆང་དུ་མི་འགྱུར་ཏེ། དྲོན་ཞ་ཡིན་ནོ། །འདིར་གཞུང་ནི་བསྐོལ་ཏེ་གཞག་པར་བྱ་ཞིང་དགེ་འདུན་གྱི་དུས་མ་ཡིན་པའི་བཏུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཐ་དད་པ་མ་ཡིན་པ་ཉིད་ལ་ནི་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། དཔེར་ན་ཏིལ་དག་ལས་ཏིལ་

Vol. 163 · folio 224b

མར་ཐ་དད་པ་ཉིད་མ་ཡིན་པ་དང་བུ་རམ་ཤིང་དག་ལས་ཁུ་བ་ཐ་དད་པ་ཉིད་མ་ཡིན་པས། ཏིལ་དེ་ལ་ཡང་ཏིལ་མར་ཡོད་པ་ཉིད་མ་ཡིན་ལ། བུ་རམ་ཤིང་དེ་ལ་ཡང་བུ་རམ་ཡོད་པ་ཉིད་མ་ཡིན་པ་ལྟ་བུའོ། །དེ་ལྟ་བས་ན་ཏིལ་བྱིན་ལེན་བྱས་པས་ཏིལ་མར་བྱིན་ལེན་བྱས་པར་མི་འགྱུར་ལ། བུ་རམ་

ཤིང་བྱིན་ལེན་བྱས་པས་ཀྱང་བུ་རམ་བྱིན་ལེན་བྱས་པར་མི་འགྱུར་བར་ཤེས་པར་བྱའོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་ཏིལ་བྱིན་ལེན་བྱས་ཏེ་བཙགས་ན་དེའི་ཏིལ་མར་གཟོད་བྱིན་ལེན་བྱ་དགོས་ལ། བུ་རམ་ཤིང་བྱིན་ལེན་བྱས་ཏེ་བཙིར་ན་དེའི་ཁུ་བ་གཟོད་བྱིན་ལེན་བྱ་དགོས་སོ། །དེས་ན་

བྱིན་ལེན་བྱས་པའི་ཏིལ་དང་བུ་རམ་ཤིང་ནི་བཟར་རུང་ལ། དེ་ཉིད་བཙིར་ཅིང་བཙགས་པའི་ཏིལ་མར་དང་ཁུ་བ་ནི་ཡང་བྱིན་ལེན་མ་བྱས་པར་བཟར་མི་རུང་ངོ་། །བག་ཆགས་སུ་གྱུར་པ་ཉིད་ནི་ཡོད་པ་ཉིད་དོ་ཞེས་བྱ་བ་ནི། བག་ཆགས་སུ་གྱུར་པ་ཉིད་ནི་ཡོད་པ་ཉིད་ཡིན་པའོ། །འདིར་གཞུང་ནི་བཙུན་

པ་ཞག་རུང་བ་མ་ལགས་པ་དག་དང་བསྐོལ་བའི་དབོན་ཚ་འཚལ་དུ་རུང་ངམ་མི་རུང་། བཀའ་སྩལ་པ། ནད་པས་ནི་བཟར་རུང་ལ་མི་ན་བས་ནི་མི་རུང་ངོ་། །ཤ་ལ་ཡང་དེ་བཞིན་ནོ་ཞེས་ཞུ་བ་ལས་རྫས་རུང་བ་མ་ཡིན་པ་དང་འབགས་པ་བཟའ་བར་བྱ་བ་ཉིད་མ་ཡིན་ནོ་ཞེས་གསུངས་པ་དེ་འདིར་བསྡུས་

པ་ཡིན་ནོ། །ཆང་གི་སྲེད་པ་དང་བྲལ་བར་བྱ་བའི་ཕྱིར་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུའི་སྨན་སྐམ་པོའི་ཕྱེ་མ་ཆང་གི་དྲིས་བསྒོས་པའི་ཆུ་དང་སྦྱར་བ་བཏུང་ངོ་ཞེས་བྱ་བ་ནི། ཆང་འདོད་པའི་སྲེད་པ་ཡོད་ན་དེ་དང་དབྲལ་བར་བྱ་བའི་ཕྱིར་ཆང་གི་ཡོ་བྱད་དུ་རུང་བའི་རྩ་བ་དང་སྡོང་

བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུའི་སྨན་སྐམ་པོའི་ཕྱེ་མ་ཆང་གི་རླངས་པས་བསྒོས་པ་དང་སྦྱར་བའི་ཆུ་བཏུང་བར་བྱ་བ་སྟེ། དེ་ནི་ཕྱེ་མ་དང་སྦྱར་བའི་བཏུང་བ་ཞེས་བྱའོ། །འདིར་གཞུང་ནི་དེ་ལྟ་བས་ན་ཆང་དུ་རུང་བའི་རྩ་བ་དང་སྡོང་བུ་ལ་སོགས་པའི་རྫས་སྐམ་པོ་གང་དག་ཡིན་པ་དེ་

དག་ཕྱེ་མར་བྱས་ཏེ། རས་མ་དཀར་པོར་ཕུར་ནས་ཆང་གི་ཤུགས་དག་དང་བྲལ་བའི་སྣོད་མ་གང་བར་བཅང་བར་བྱ་ཞིང་། དེ་ནས་ཕྱུང་སྟེ་བྱི་དོར་བྱས་ནས་ཟས་དང་མ་འབགས་པའི་ཆུ་དང་ལྷན་ཅིག་སྦྱར་ཞིང་བཙགས་ཏེ་བཏུང་བར་རྗེས་སུ་གནང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །

Vol. 163 · folio 225a

ཆང་གི་དྲིས་བསྒོ་བར་བྱའོ་ཞེས་གསུངས་ན། ཇི་ལྟར་བསྒོ་བར་བྱ་ཞེ་ན། དེའི་ཕྱིར་ཆང་དང་བཅས་པའི་སྣོད་དུ་དཔྱངས་ཏེ་གཞག་པས་བསྒོ་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། སྨན་གྱི་ཕྱེ་མའི་ཕུར་མ་དེ་ཆང་དང་བཅས་པའི་སྣོད་ཀྱི་ནང་དུ་ཆང་ལ་མ་རེག་པར་དཔྱངས་ཏེ་གཞག་པས་

བསྒོ་བར་བྱའོ། །རེག་པ་བསྲུང་ངོ་ཞེས་བྱ་བ་ནི། ཕྱེ་མའི་ཕུར་མ་དེ་ཆང་དང་རེག་པར་མི་འགྱུར་བར་བྱ་བའི་ཕྱིར་བསྲུང་བར་བྱ་བའོ། །དེའི་ཕྱིར་མ་གང་བ་དང་ཤུགས་དང་བྲལ་བ་ཉིད་དུའོ་ཞེས་བྱ་བ་ནི། གང་གི་ཕྱིར་རེག་པ་བསྲུང་དགོས་པ་དེའི་ཕྱིར་ཆང་གིས་མ་གང་བའི་སྣོད་ཆང་གི་

ཤུགས་དང་བྲལ་བ་ཉིད་ཀྱི་ནང་དུ་དཔྱངས་ཏེ་གཞུག་པར་བྱའོ། །གཞན་དུ་ན་གྱེན་དུ་ལྡུད་པས་རེག་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་རོ་མེད་པར་བྱེད་པ་དང་དུས་མ་ཡིན་པར་བཏུང་བ་ལ་ཟས་དང་ཡང་ངོ་ཞེས་བྱ་བ་ནི། ཇི་ལྟར་ཕྱེ་མ་ཆང་དང་རེག་པ་བསྲུང་བར་བྱ་བ་ཡིན་ཏེ་དེ་བཞིན་དུ་རྫས་གང་གིས་

བཏུང་བ་དེ་རོ་མེད་པར་བྱེད་པར་འགྱུར་བའི་རྫས་དེ་དང་རེག་པ་ཡང་བསྲུང་བར་བྱ་བ་དང་། དུས་མ་ཡིན་པར་བཏུང་བ་ལ་ཟས་དང་རེག་པ་ཡང་བསྲུང་བར་བྱ་བའོ། །མཛེས་པ་ཡང་བཟང་ངོ་ཞེས་བྱ་བ་ནི། ཕྱེ་མ་སྐམ་པོ་ཆང་གི་དྲིས་བསྒོས་པ་དང་སྦྱར་བའི་ཆུ་དེ་ཟས་དང་རེག་པ་དེ་ལས་དེ་ལྟར་བསྲུང་བར་

བྱ་བ་ཉིད་མཛེས་པ་ཡིན་ཏེ་དེ་བཟང་བའོ། །དེའི་ཕྱིར་རས་མ་དཀར་པོས་བཙག་པར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་མཛེས་པ་བཟང་བ་དེའི་ཕྱིར་རས་མ་དཀར་པོས་བཙག་པར་བྱ་བའོ། །ནད་པས་ཆང་ནི་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ་ཞེས་བྱ་བ་འདི་ནི། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཐམས་

ཅད་ནད་པའི་ཡུལ་ལ་རྗེས་སུ་གནང་བ་དེའི་དམིགས་ཀྱིས་བསལ་བ་བསྟན་པ་ཡིན་ཏེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཤཱཀྱ་ན་བར་གྱུར་པ་དག་ལ་དེ་ཉིད་མ་གནང་བར་གསུངས་པ་ཡིན་ནོ། །དེ་ལྟར་ཡང་དགེ་སློང་གང་ང་ལ་སྟོན་པ་ཞེས་ཟེར་བ་ཁྱེད་ཅག་གིས་ཆང་ཐ་ན་རྩྭ་མཆོག་གིས་ཀྱང་མི་བླུད་མི་

བཏུང་ངོ་ཞེས་གསུངས་པ་ཡིན་ནོ། །དགེ་བསྙེན་ཡན་ཆད་ཐམས་ཅད་ཀྱིས་མི་བླུད་དོ་ཞེས་བྱ་བ་ནི། དགེ་བསྙེན་གྱི་མཐའ་ཡན་ཆད་ཆོས་འདི་པ་བསླབ་པ་མ་བླངས་པ་ཐམས་ཅད་ཀྱིས་ཀྱང་ཆང་བླུད་པར་མི་བྱའོ། །འདིར་གཞུང་ནི་དགེ་བསྙེན་གྱིས་མི་བྱ་བའི་ལས་དྲུག་སྟེ། སེམས་ཅན་བཙོང་བ་དང་།

Vol. 163 · folio 225b

མཚོན་ཆ་བཙོང་བ་དང་། ཆང་བཙོང་བ་དང་། དུག་བཙོང་བ་དང་། རྒྱ་སྐྱེགས་ཀྱི་ལས་དང་། ཏིལ་བཙིར་བའི་ལས་སོ་ཞེས་གསུངས་པ་ཡིན་ནོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ལས་གཞན་པ་ཐམས་ཅད་ལ་གསོ་བའི་དོན་ཉིད་མ་གཏོགས་སོ་ཞེས་བྱ་བ་ནི་ལྷག་མའོ་ཞེས་བྱ་བ་ནི། བཅས་པའི་

ཁ་ན་མ་ཐོ་བ་དང་བཅས་པ་ཐམས་ཅད་བཀག་པ་ལ་གསོ་བའི་དོན་ཉིད་དུ་ནི་མ་གཏོགས་ཏེ་དེའི་དོན་དུ་ནི་དགག་པ་མེད་དོ་ཞེས་གསུངས་པ་དེའི་ལྷག་མ་ནི་མྱོས་པར་འགྱུར་བའི་བཏུང་བ་བཀག་པ་འདི་ཡིན་ཏེ། འདི་ནི་གསོ་བའི་དོན་དུ་ཡང་བཀག་པར་ཤེས་པར་བྱའོ། །ནད་པ་གསོ་བའི་དོན་དེ་ཉིད་

དུ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལྷག་པར་སྤྱོད་པ་ལ་ནི་ལྟུང་བ་མེད་དེ། དཔེར་ན། ཤ་བསྔོས་པར་ཤེས་ན་བཟའ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་བཅག་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཐམས་ཅད་གསོ་བའི་དོན་ཉིད་དུ་མ་གཏོགས་སོ་ཞེས་བསྟན་པ་དེའི་ལྷག་མ་དམིགས་ཀྱིས་བསལ་

བ་ནི་མྱོས་པར་འགྱུར་བའི་ལྟུང་བ་མ་གཏོགས་སོ་ཞེས་བྱ་བ་འདི་ཡིན་ཏེ། སྡིག་པ་ཐམས་ཅད་ཀྱི་སྒོར་གྱུར་པ་ཡིན་པའི་ཕྱིར་དེ་ལ་དམིགས་ཀྱིས་བསལ་བ་མེད་དོ། །འདིར་གཞུང་ནི་བཙུན་པ་ནད་པའི་གཡོག་ཇི་ལྟར་བགྱི། ཉེ་བ་འཁོར་རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་མ་གཏོགས་པར་

ཅི་ནས་ཀྱང་ནད་པ་སོས་པར་འགྱུར་བ་ལྟར་རོ། །དེ་ལྟ་བས་ན་དགེ་སློང་གིས་སྒོག་སྐྱ་བཟའ་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །སྒོག་སྐྱ་དང་ཀུན་དོང་དང་ཀེའུ་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། བཙོས་ཀྱང་རུང་མ་བཙོས་ཀྱང་རུང་བའོ། །ནད་པས་ནི་དབེན་པའི་ཕྱོགས་སུའོ་

ཞེས་བྱ་བ་ནི། སྒོག་སྐྱ་ལ་སོགས་པ་བཟའ་བའོ། །ཟོས་ནས་སྒོག་སྐྱ་ནི་ཞག་བདུན། ཀུན་དོང་ཞག་གསུམ་ཀེའུ་ནི་ཞག་གཅིག་མ་ལོན་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། ནད་པས་དབེན་པའི་ཕྱོགས་སུ་སྒོག་སྐྱ་ལ་སོགས་པ་ཟོས་ནས་གཙུག་ལག་ཁང་དུ་འཇུག་

པར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །ཟོས་མ་ཐག་ཏུ་འཇུག་པར་མི་བྱ་བར་མ་ཟད་ཀྱི་སྒོག་སྐྱ་ནི་ཟོས་ནས་ཞག་བདུན་མ་ལོན་པར་འཇུག་པར་མི་བྱའོ། །ཀུན་དོང་ནི་ཟོས་ནས་ཞག་གསུམ་མ་ལོན་པར་འཇུག་པར་མི་བྱའོ། །ཀེའུ་ནི་ཟོས་ནས་ཞག་གཅིག་མ་ལོན་པར་འཇུག་པར་མི་བྱའོ། །

Vol. 163 · folio 226a

གནས་མལ་ལ་མི་བྱའོ་ཞེས་བྱ་བ་ནི། ལོངས་སྤྱད་པར་རོ། །བཤང་བའི་སར་འཇུག་པར་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱིའོ། །གཅི་བའི་སར་མི་བྱའོ་ཞེས་བྱ་བ་ཡང་། དགེ་འདུན་གྱིར་འཇུག་པར་རོ། །དགེ་འདུན་གྱི་ནང་དུ་འགྲོ་བར་མི་བྱའོ་ཞེས་བྱ་བ་ཡང་། ནད་པ་སྒོག་

སྐྱ་ལ་སོགས་པ་ཟོས་པས་སོ། །མཆོད་རྟེན་གྱི་ཉེན་ཀོར་དུ་མི་བྱའོ་ཞེས་བྱ་བ་ནི། མཆོད་རྟེན་གྱི་ཉེན་ཀོར་དུ་འགྲོ་བར་མི་བྱའོ། །དེའི་ཐག་ནི་འདོམ་གང་ངོ་ཞེས་བྱ་བ་ནི། མཆོད་རྟེན་གྱི་ཉེན་ཀོར་དེའི་འོ། །འདིར་གཞུང་ནི་མཆོད་རྟེན་གྱི་ཉེན་ཀོར་འདོམ་གང་སྤང་བར་བྱ་སྟེ། དགེ་སློང་དག་མཆོད་རྟེན་ནི་ལྷ་

མངོན་པར་དད་པ་ཅན་དག་གིས་ཀུན་ནས་གང་བ་ཡིན་ལ། ལྷ་རྣམས་ནི་གཙང་སྦྲ་འདོད་པ་ཡིན་པས། དྲི་དེ་ནི་དེ་དག་དང་མི་མཐུན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་པ་དག་ལ་ཆོས་བསྟན་པར་མི་བྱའོ་ཞེས་བྱ་བ་ཡང་ནད་པ་སྒོག་སྐྱ་ལ་སོགས་པ་ཟོས་པས་སོ། །ཁྱིམ་དག་ཏུ་འགྲོ་བར་མི་བྱའོ་

ཞེས་བྱ་བ་ནི། ཁྱིམ་པའི་ཁྱིམ་དག་ཏུའོ། །སྐྱེ་བོས་གང་བའི་ཕྱོགས་སུ་མི་བྱའོ་ཞེས་བྱ་བ་ནི། སྐྱེ་བོས་གང་བའི་ཕྱོགས་སུ་ཡང་འགྲོ་བར་མི་བྱ་བའོ། །མཇུག་ཏུ་ཁྲུས་བྱའོ་ཞེས་བྱ་བ་ནི། ནད་པས་དེ་ལྟར་སྒོག་སྐྱ་ལ་སོགས་པ་བསྟེན་པའི་དགོས་པ་བསྒྲུབས་ཟིན་ནས་མཇུག་ཏུ་ཁྲུས་བྱ་བའོ། །གོས་

དག་གི་དྲི་ནི་བཀྲུ་བ་དང་དུ་བ་དག་གིས་བསལ་ལོ་ཞེས་བྱ་བ་ནི། ནད་པས་སྒོག་སྐྱ་ལ་སོགས་པ་བསྟེན་པ་དེའི་གོས་དག་ལ་དྲི་ཆགས་པ་ནི་ཐབས་དེ་གཉིས་ཀྱིས་བསལ་བར་བྱ་བའོ།། །།བམ་པོ་ལྔ་བཅུ་བདུན་པ། རུང་བ་ཉིད་དུ་བྱིན་གྱིས་བརླབ་པར་བཙོས་པ་དང་གནས་པ་དག་ནི་

ཕྱི་རོལ་དང་འདྲའོ་ཞེས་བྱ་བ་ནི། དཔེར་ན་དགེ་སློང་གི་གནས་ཉེན་ཀོར་འདོམ་གང་དང་བཅས་པ་ནས་ཕྱི་རོལ་དུ་གྱུར་པའི་ཀུན་དགའ་ར་བ་དང་འབྲོག་དགོན་པ་ལ་སོགས་པའི་གནས་གང་ཡིན་པ་དེར་ཟས་འཚོད་པ་དང་འཆང་བ་དག་ལ་ནང་དུ་བཙོས་པ་དང་ནང་དུ་ཞག་ལོན་པའི་ཉེས་པས་

གོས་པར་མི་འགྱུར་བ་དེ་བཞིན་དུ་གཙུག་ལག་ཁང་གི་ནང་དུ་ཡང་རུང་བ་ཉིད་དུ་བྱིན་གྱིས་བརླབས་པའི་རུང་བའི་ཁང་པ་བྱས་ན་དེར་ཡང་ཉེས་པ་དེ་དག་མི་འབྱུང་བའོ། །རུང་བའི་ཁང་པ་དེ་བྱིན་གྱིས་བརླབ་ཏུ་རུང་བར་བསྟན་པའི་ཕྱིར་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། རུང་བའི་

Vol. 163 · folio 226b

ཁང་པའོ་ཞེས་བྱ་བར་སྦྱར་རོ། །ཤིང་དྲུང་དང་གླང་པོ་ཆེའི་ར་བ་དང་མུ་སྟེག་ཅན་གྱི་འདུག་གནས་དང་རྒྱལ་པོའི་ཕོ་བྲང་ས་དང་དགེ་སློང་མའི་དབྱར་ཁང་དང་གཙུག་ལག་ཁང་གི་བང་རིམ་དང་སྒོ་ཁང་དང་ཁྱམས་དང་བསྲོ་གང་དང་དཔོང་སའི་ར་བ་དག་ཏུ་མི་བྱའོ་ཞེས་བྱ་བ་ནི། རུང་བའི་

ཁང་པ་བྱིན་གྱིས་བརླབ་པར་ཞེས་བྱ་བར་སྦྱར་རོ། །ཤིང་དྲུང་ལ་སོགས་པ་དེ་དག་ཏུ་རུང་བའི་ཁང་པ་བྱིན་གྱིས་བརླབ་པར་མི་བྱའོ་ཞེས་གསུངས་པའི་ཕྱིར་ཏེ། གཏུམ་ཕུགས་ཅན་དང་སྨྱོན་ཐབས་མཁན་དང་ཟིལ་གྱིས་གནོན་པར་བྱེད་པ་དག་ཡོངས་སུ་སྤང་བའི་ཕྱིར་རོ། །ཁ་ཅིག་ལས་བླ་

གབ་མེད་པ་དང་མེ་ཁང་དང་མཆོད་རྟེན་གྱི་གཞི་དང་ཁྱིམ་བདག་གི་གཞིར་ཡང་ཞེས་སོ་ཞེས་བྱ་བ་ནི། གཞུང་ཁ་ཅིག་ལས་དེ་དག་ཏུ་ཡང་རུང་བའི་ཁང་པ་བྱིན་གྱིས་བརླབ་པར་མི་བྱའོ་ཞེས་འབྱུང་སྟེ། འདི་དག་དང་སྔར་སྨོས་པ་དག་ཏུ་རུང་བའི་ཁང་པ་བྱིན་གྱིས་བརླབ་པར་མི་བྱའོ། །དེར་གཡོས་

དང་བཙོ་བ་ཡང་མི་བྱའོ་ཞེས་བྱ་བ་ནི། ཤིང་དྲུང་ལ་སོགས་པ་དང་བླ་གབ་མེད་པ་དེར་རོ། །འདིར་གཡོས་ཞེས་བྱ་བ་ནི་འབྲས་ཆན་ལ་བྱ་བའོ། །དེ་ལས་གཞན་པ་ནི་བཙོ་བ་ཡིན་པར་ཤེས་པར་བྱའོ། །དགེ་སློང་གིས་དེ་གཉིས་ཕྱོགས་མི་དབེན་པར་གཞན་གྱི་ལག་ཏུ་ཡང་བྱེད་དུ་མི་གཞུག་ན་

རང་གིས་བྱ་བ་ལྟ་ཅི་སྨོས་ཏེ། དང་པོ་ཉིད་ནས་བཀག་པའི་ཕྱིར་རོ། །དེ་ལྟ་བས་ན་དགེ་སློང་གིས་ཤིང་དྲུང་ལ་སོགས་པ་དང་བླ་གབ་མེད་པ་ལ་སོགས་པ་དེར་གཡོས་དང་བཙོ་བ་གཞན་བྱེད་དུ་ཡང་མི་གཞུག་སྟེ། ཚུལ་མ་ཡིན་པས་གཞན་དག་ལས་ཟིལ་གྱིས་གནོན་པ་དང་མི་གུས་པ་འབྱུང་

བའི་ཕྱིར་རོ། །ཚོས་པའི་བྱི་དོར་ཡང་མི་བྱའོ་ཞེས་བྱ་བ་ནི། ཤིང་དྲུང་ལ་སོགས་པ་དང་བླ་གབ་མེད་པ་ལ་སོགས་པ་དེར་ཟས་ཚོས་ཟིན་པའི་བྱི་དོར་ཡང་མི་བྱའོ། །ཚོས་པ་ཞེས་བྱ་བ་ནི་མི་སྙི་བ་རྣམས་ཀྱི་ནི་སུམ་ཆ་བངས་པ་ན་ཚོས་པ་ཡིན་ནོ། །སྙི་བ་རྣམས་ཀྱི་ནི་ཁ་དོག་གྱུར་པ་ནི་ཚོས་པ་ཡིན་ནོ། །

ཁུ་བ་རྣམས་ཀྱི་ནི་ལན་གཉིས་ཁོལ་བར་གྱུར་པ་ན་ཚོས་པ་ཡིན་ཏེ། ཚོས་པ་དེ་དག་དགེ་སློང་རང་གིས་གནས་དེ་དག་ཏུ་བྱི་དོར་བྱ་བ་བཀག་གོ། །འདི་ལ་དུས་བཞི་ཡོད་དོ་ཞེས་བྱ་བ་ནི། རུང་བའི་ཁང་པ་བྱིན་གྱིས་བརླབས་པ་འདི་ལ་དུས་བཞི་ཡོད་པའོ། །དེ་དག་ཀྱང་གང་ཞེ་ན། དང་པོ་སོ་ཕག་

Vol. 163 · folio 227a

འགྲེམས་པའོ་ཞེས་བྱ་བ་ནི། རུང་བའི་ཁང་པ་བྱིན་གྱིས་བརླབས་པའི་དུས་གཅིག་ནི་རུང་བའི་ཁང་པ་དེ་ཉིད་ཐོག་མའི་རྩིག་པའི་ཚེ་དང་པོ་སོ་ཕག་གི་གཅལ་འགྲེམས་པའི་ཚེའོ། །ཕྱིས་ལས་སར་པ་དང་བཅས་པ་ཉིད་དོ་ཞེས་བྱ་བ་ནི། དང་པོ་སོ་ཕག་བཀྲམ་པའི་འོག་ཏུ་དེ་

ཕྱིན་ཆད་ནས་ཇི་སྲིད་དུ་ལས་སར་པ་ཞེས་བྱ་བ་དེའི་མཁར་ལེན་གྱི་ལས་མ་རྫོགས་ཤིང་ད་དུང་ལས་སར་པའི་མཇུག་ཡོད་པ་ཉིད་ཀྱི་བར་གྱི་དུས་གང་ཡང་རུང་བ་དེ་ཡང་དུས་གཞན་ཅིག་ཡིན་པའོ། །གཞན་གྱི་ཚེ་དགེ་སློང་གནས་པ་ཉིད་དང་མ་བྲལ་བའོ་ཞེས་བྱ་བ་ནི། ལས་སར་པ་མཐར་ཕྱིན་

པའི་འོག་ཏུ་དུས་གཞན་གྱི་ཚེ་གནས་དེར་དང་པོ་དགེ་སློང་ཞུགས་པ་ནས་ཕྱིས་ནམ་གྱི་ཚེ་དེ་ན་དགེ་སློང་འགའ་ཡང་མེད་པར་མ་གྱུར་པའི་བར་གྱི་དུས་གང་ཡང་རུང་བ་དེ་ཡང་དུས་གཞན་ཅིག་ཡིན་པའོ། །དེ་དག་མེད་པ་ནི་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པའོ་ཞེས་བྱ་བ་ནི། དེ་ན་དགེ་སློང་སྔར་གནས་

གནས་པ་དེ་དག་མེད་པ་ན་དགེ་སློང་ཕྱི་མ་གཞན་དག་དེར་གནས་པའི་ཕྱིར་གནས་དེར་ཕྱིན་པའི་ཚེ་ཁོ་ནའི་དུས་དེ་ཡང་དུས་གཞན་ཅིག་ཡིན་པ་སྟེ། དུས་བཞི་པོ་དེ་དག་ལས་གང་ཡང་རུང་བར་བྱིན་གྱིས་བརླབས་ཀྱང་རུང་གི །རུང་བའི་ཁང་པ་གཅིག་ལ་ཡང་དུས་དེ་བཞི་ཆར་དུ་བྱིན་གྱིས་བརླབ་པར་

བྱ་བ་ནི་མ་ཡིན་ནོ། །དེ་དག་མེད་པ་ན་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པ་ཞེས་སྨོས་པ་དེའི་ཕྱིན་པའི་དུས་ཀྱི་ཚིགས་ཅིས་བཟུང་ཞེ་ན། དེའི་ཕྱིར་བྱ་བ་གཞན་རྩོམ་པ་དང་ངལ་བསོ་བ་མ་བྱས་པ་ཚུན་ཆད་ནི་དེ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེ་གཉིས་དངོས་ནི་ད་དུང་མ་བྱས་ལ་དེ་གཉིས་ལ་བྱ་བའི་

མཚམས་ལ་ཐུག་པ་ཚུན་ཆད་ཀྱི་དུས་ནི་དེར་ཕྱིན་པ་ཞེས་བྱ་བ་ཡིན་པར་སྦྱར་རོ། །བྱ་བ་གཞན་བརྩམ་པ་མ་བྱས་པ་ཚུན་ཆད་ཅེས་བྱ་བ་ནི། ཕྱིན་པ་དེ་དག་གིས་ཕྱིན་པ་ལས་གཞན་པའི་བྱ་བ་ཆུ་བཙག་པ་དང་གཙུག་ལག་ཁང་བསྒོ་བ་ལ་སོགས་པ་ཇི་སྲིད་དུ་མ་བརྩམས་པ་ཚུན་ཆད་དོ། །ངལ་བསོ་བ་

མ་བྱས་པ་ཞེས་བྱ་བ་ནི། སྟན་ལ་སོགས་པ་འདུག་པར་བྱ་བ་ཇི་སྲིད་དུ་མ་བཤམས་པ་ཚུན་ཆད་དོ། །དེ་ལྟར་བྱ་བ་གཞན་བརྩམ་པ་དང་ངལ་བསོ་བ་དེ་གཉིས་མ་བྱས་པ་ཚུན་ཆད་ཀྱི་བར་གྱི་དུས་དེ་ནི་དེ་དག་མེད་པ་ན་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པ་ཉིད་ཀྱི་དུས་ཡིན་པར་རིག་པར་བྱའོ། །ཐམས་

Vol. 163 · folio 227b

ཅད་ལ་དགེ་འདུན་གྱི་ལས་ཀྱིས་སོ་ཞེས་བྱ་བ་ནི། དུས་བཞི་པོ་ཇི་སྐད་བསྟན་པ་དེ་དག་ཐམས་ཅད་ལ་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་རུང་བའི་ཁང་པ་བྱིན་གྱིས་བརླབ་པར་བྱའོ། །དེའི་སྔགས་ནི་དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ་

བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བཞེད་ན་གལ་ཏེ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་གནས་ཐམས་ཅད་གྲུབ་པའམ་བགྱིས་

པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱིས་རུང་བའི་ཁང་པར་བགྱིའོ། །འདི་ནི་གསོལ་བའོ། །དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་

འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བཞེད་དེ། དེའི་སླད་དུ་དགེ་འདུན་གྱི་གནས་ཐམས་ཅད་དུ་གྲུབ་པའམ་བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱི་ན། ཚེ་དང་ལྡན་པ་གང་

དག་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག །གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག །དགེ་འདུན་གྱིས་བཟོད་

ཅིང་གནང་ནས། དགེ་འདུན་གྱི་གནས་ཐམས་ཅད་གྲུབ་པའམ། བགྱིས་པའམ། ལགས་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བགྱིས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་གསུངས་པ་ཡིན་

ནོ། །འདིར་གནས་ཐམས་ཅད་གྲུབ་པའམ་བགྱིས་པའམ་ལགས་པ་ཞེས་ཚིག་གསུམ་སྨོས་པ་ནི་གནས་ལ་རྣམ་པ་དེ་ལྟ་བུ་གསུམ་སྲིད་པས་སྤྱིར་བསྟན་པའི་ཕྱིར་ཡིན་གྱི། ལས་བྱེད་པའི་དུས་ན་ནི་གནས་དེ་རྣམ་པ་དེ་གསུམ་གང་ཡིན་པ་གཅིག་སྨོས་པར་བྱ་སྟེ། དཔེར་ན་གནས་ཐམས་ཅད་

Vol. 163 · folio 228a

གྲུབ་པ་ནང་མཚམས་དང་ཕྱི་རོལ་ཉེན་ཀོར་འདོམ་གང་དང་བཅས་པ་འདི་ཞེས་བྱ་བ་ལྟ་བུར་སྦྱར་ཏེ་བརྗོད་པར་བྱའོ། །དང་པོ་གཉིས་ལ་ནི་གང་ཟག་གིས་ཀྱང་ངོ་ཞེས་བྱ་བ་ནི། བྱིན་གྱིས་བརླབ་པའི་དུས་དང་པོ་གཉིས་ཏེ། དང་པོ་སོ་ཕག་འགྲེམས་པའོ་ཞེས་བྱ་བ་དང་། ཕྱིས་ལས་

སར་པ་དང་བཅས་པ་ཉིད་དོ་ཞེས་བྱ་བ་དེ་གཉིས་ཀྱི་དུས་སུ་ནི་གང་ཟག་གིས་ཀྱང་བྱིན་གྱིས་བརླབ་ཏུ་རུང་བའོ། །གང་ཟག་ཇི་ལྟ་བུས་ཤེ་ན་དེའི་ཕྱིར་ལག་གི་བླས་སོ་ཞེས་བྱ་བ་སྨོས་ཏེ། དང་པོ་ཤོས་ལ་ནི་འབའ་ཞིག་གིས་ཀྱང་ངོ་ཞེས་བྱ་བ་ནི། དང་པོ་གཉིས་ལས་ཀྱང་དང་པོ་ཤོས་ཏེ་དང་པོ་སོ་

ཕག་འགྲེམས་པའོ་ཞེས་བྱ་བའི་དུས་དེར་ནི་གང་ཟག་གི་ལག་གི་བླ་འབའ་ཞིག་གིས་ཀྱང་བྱིན་གྱིས་བརླབ་ཏུ་རུང་བའོ། །ཀྱང་ངོ་ཞེས་བྱ་བའི་སྒྲས་ནི་དགེ་སློང་གཞན་དང་ལྷན་ཅིག་པས་ཀྱང་རུང་བར་སྟོན་ཏོ། །ཇི་ལྟར་བྱིན་གྱིས་བརླབ་པར་བྱ་ཞེ་ན་དེའི་ཕྱིར་བརྗོད་པས་སོ་ཞེས་བྱ་བ་སྨྲས་ཏེ། སེམས་

བསྐྱེད་པ་སྔར་བཏང་ནས་ཚིག་ཏུ་བརྗོད་པས་བྱིན་གྱིས་བརླབ་པར་བྱའི། ཅང་མི་སྨྲས་པས་ནི་མ་ཡིན་ནོ། །འདིར་གཞུང་ནི་འདི་ལྟར་དགེ་སློང་ལག་གི་བླས་རྡོ་བཏེག་པ་ན་དེའི་དང་པོར་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་སྙམ་དུ་སེམས་བསྐྱེད་པར་བྱ་ཞིང་། ཚིག་ཏུ་ཡང་

བརྗོད་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །འདིར་གང་ཟག་གིས་བྱིན་གྱིས་བརླབ་པའི་ཆོ་ག་དང་སྔགས་ཀྱང་གཞུང་དེ་ཉིད་ཡིན་ནོ། །དུས་དང་པོར་བྱིན་གྱིས་བརླབས་པའི་རུང་བའི་ཁང་པ་འདིའི་མིང་ནི་བཏེག་པའི་མཐའ་ལས་བྱུང་བ་ཞེས་བྱའོ། །གཉིས་པ་ལ་ནི་དགེ་སློང་རབ་ཏུ་མང་པོ་དག་

གིས་སེམས་བསྡུ་བས་སོ་ཞེས་བྱ་བ་ནི། བྱིན་གྱིས་བརླབས་པའི་དུས་གཉིས་པ་སྟེ། ཕྱིས་ལས་སར་པ་དང་བཅས་པ་ཉིད་དོ་ཞེས་བྱ་བའི་དུས་དེར་ནི་དགེ་སློང་རབ་ཏུ་མང་པོ་དག་གིར་རུང་བའི་ཁང་པར་སེམས་བསྡུ་བས་བྱིན་གྱིས་བརླབ་པར་བྱ་བ་སྟེ། འདིའི་སྔགས་ནི། ཚེ་དང་ལྡན་པ་དག་གཞི་

འདི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བར་སེམས་བསྡུས་ཤིག་ཅེས་གསུངས་པ་ཡིན་ནོ། །དུས་གཉིས་པར་བྱིན་གྱིས་བརླབས་པའི་རུང་བའི་ཁང་པ་འདིའི་མིང་ནི་སེམས་བསྡུས་པའི་མཐའ་ལས་བྱུང་བ་ཞེས་བྱའོ། །གསུམ་པ་ལ་ནི་ལས་ཁོ་ནས་སོ་ཞེས་བྱ་བ་ནི། བྱིན་གྱིས་བརླབ་པའི་

Vol. 163 · folio 228b

དུས་གསུམ་པ་སྟེ། གཞན་གྱི་ཚེ་དགེ་སློང་གནས་པ་ཉིད་དང་མ་བྲལ་བའོ་ཞེས་བྱ་བའི་དུས་དེའི་ཚེ་ནི་དགེ་འདུན་གྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བྱིན་གྱིས་བརླབ་པ་ཁོ་ནར་བྱ་བའོ། །དུས་གསུམ་པར་བྱིན་གྱིས་བརླབས་པའི་རུང་བའི་ཁང་པ་འདིའི་མིང་ནི་ལས་ཀྱི་མཐའ་ལས་བྱུང་བ་ཞེས་

བྱའོ། །བཞི་པ་ལ་ནི་ཇི་སྙེད་ཕྱིན་པ་དེ་སྙེད་ཀྱིས་རུང་བའི་ཁང་པ་ཉིད་དུ་བསྒྲག་པའི་ཚིག་ཅིག་ཅར་བརྗོད་པས་སོ་ཞེས་བྱ་བ་ནི། བྱིན་གྱིས་བརླབ་པའི་དུས་བཞི་པ་སྟེ། དེ་དག་མེད་པ་ན་གནས་པའི་ཕྱིར་དགེ་སློང་དག་ཕྱིན་པའོ་ཞེས་བྱ་བའི་དུས་དེར་ནི་དགེ་སློང་གསུམ་ལ་སོགས་པ་ཇི་སྙེད་དེར་

ཕྱིན་པ་དེ་སྙེད་ཀྱིས་རུང་བའི་ཁང་པ་ཉིད་དུ་བསྒྲག་པའི་ཚིག་ཅིག་ཅར་བརྗོད་པས་བྱིན་གྱིས་བརླབ་པར་བྱའོ། །འདིའི་ཚེ་ཆོ་ག་དང་སྔགས་ནི། དགེ་སློང་ཕྱིན་པ་ཐམས་ཅད་ཀྱིས་གཞི་འདི་ནི་དགེ་འདུན་གྱི་རུང་བའི་ཁང་པར་འགྱུར་བའོ་ཞེས་ཚིག་མཐུན་པར་ཅིག་ཅར་བརྗོད་པར་བྱའོ་ཞེས་གསུངས་

པ་ཡིན་ནོ། །དུས་བཞི་པར་བྱིན་གྱིས་བརླབ་པའི་རུང་བའི་ཁང་པ་འདིའི་མིང་ནི་འཕྲལ་ལ་བྱུང་བའི་གནས་ཞེས་བྱའོ། །འཕྲལ་ལ་བྱུང་བ་ཞེས་བྱ་བ་ནི་ཆེད་དུ་མ་བསམས་པ་སྟེ། གནས་འདི་ཆེད་དུ་མ་བསམས་པར་བྱུང་བ་ཡིན་པས་འཕྲལ་ལ་བྱུང་བའི་གནས་ཞེས་བྱ་བའོ། །གཅིག་གིས་གཙུག་

ལག་ཁང་དུ་མའི་བྱ་བ་བྱེད་པ་ལ་མི་མཛེས་པ་མེད་དོ་ཞེས་བྱ་བ་ནི། རུང་བའི་ཁང་པ་གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་བ་ནང་དུ་བཙོ་བ་དང་ནང་དུ་ཞག་ལོན་པ་དག་བྱེད་པ་ལ་ནི་མི་མཛེས་པ་མེད་དེ་མཛེས་པ་ཁོ་ནའོ། །འདི་སྐད་བསྟན་ཏེ། གཙུག་ལག་ཁང་ཡུལ་ཐ་དད་པ་ན་གནས་པ་གནས་

དེ་ཐ་དད་པ་དུ་མ་དག་ཏུ་རུང་བའི་ཁང་པ་གཅིག་བྱིན་གྱིས་བརླབས་པར་གྱུར་ན། དེས་གཙུག་ལག་ཁང་ཐམས་ཅད་ན་གནས་པ་དག་གིས་ནང་དུ་ཞག་ལོན་པ་དང་ནང་དུ་བཙོས་པ་ལ་སོགས་པའི་བྱ་བ་བྱེད་ན་དེ་མི་མཛེས་པ་མ་ཡིན་པར་ཤེས་པར་བྱ་བའོ། །གཅིག་གིས་གཙུག་ལག་ཁང་དུ་མའི་བྱ་

བ་བྱེད་པའི་རུང་བའི་ཁང་པ་འདིའི་མིང་ནི་བ་ལང་གི་གནས་ལྟ་བུ་ཞེས་བྱ་སྟེ། རུང་བའི་ཁང་པ་གཅིག་པ་གཙུག་ལག་ཁང་མང་པོ་བ་ལང་ལྟར་ཁ་ཐ་དད་པ་དག་ནས་འཁོད་པ་དེ་ནི་བ་ལང་གི་གནས་ལྟ་བུའོ། །འདིར་གཞུང་ནི་བ་ལང་གི་གནས་ལྟ་བུ་གང་ཞེ་ན། གཞི་གང་ལ་ཐ་དད་པ་དག་ནས་

Vol. 163 · folio 229a

འཁོད་པའོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་ཐ་དད་པར་གྱུར་པའི་རུང་བ་ཉིད་དུ་མ་བསྟན་ཏོ་ཞེས་བྱ་བ་ནི། གནས་པའི་གཞི་ཁ་ཐ་དད་པ་དག་ནས་འཁོད་པ་ཞེས་བསྟན་པའི་རུང་བའི་ཁང་པ་དེ་ནི་གཙུག་ལག་ཁང་གི་གནས་འབྲེལ་པ་མེད་པ་ཐ་དད་པར་གྱུར་པ་དག་གི་རུང་བའི་ཁང་པ་ཉིད་

དུ་བསྟན་པ་མ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་གཙུག་ལག་ཁང་གི་གནས་འབྲེལ་པས་བྱིན་གྱིས་བརླབ་པའི་རུང་བའི་ཁང་པ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། རུང་བའི་ཁང་པ་དེ་ནི་གནས་པའི་གཞི་མ་འབྲེལ་བ་དེས་བྱིན་གྱིས་བརླབས་པ་མ་ཡིན་ནོ། །འདིར་གཞུང་ནི་འདི་ལྟར་མཚམས་

གཅིག་ཏུ་གཙུག་ལག་ཁང་རབ་ཏུ་མང་པོ་ཁ་ཐ་དད་པ་དག་ཏུ་བཀོད་པར་གྱུར་ཅིང་། དེར་རུང་བའི་ཁང་པ་གཅིག་ལ་བློ་མཐུན་པར་བྱས་ན་གཙུག་ལག་ཁང་དེ་དག་ཐམས་ཅད་ཀྱི་རུང་བའི་ཁང་པ་གཅིག་ཁོ་ན་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །པདྨའོ་ཞེས་བྱ་བ་ཡན་ཆད་མུ་གེའིའོ་ཞེས་བྱ་བ་ནི།

འོག་གི་མདོ་གང་ནམ་པདྨའོ་ཞེས་འབྱུང་བ་ཡན་ཆད་འདི་མན་ཆད་ཀྱི་པར་ནས་ཅི་སྨོས་པ་ཐམས་ཅད་མུ་གེའི་དུས་ཀྱི་ཚེ་ན་གནང་བ་ཡིན་པར་རིག་པར་བྱའི། དུས་གཞན་གྱི་ཚེ་ན་མི་གནང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཡང་འདིར་གཞུང་ནི། ཀུན་དགའ་བོ་ངས་གྲོང་ཁྱེར་ཡངས་པ་ཅན་དུ་མུ་གེས་

ཕོངས་པ་གནོད་པ་བྱུང་བ་ན་དགེ་སློང་རྣམས་ལ་དངོས་པོ་བརྒྱད་པོ་ནང་དུ་ཞག་ལོན་པ་དང་། ནང་དུ་བཙོས་པ་དང་། རང་གིས་བཙོས་པ་དང་། དགེ་སློང་གིས་བཙོས་པ་དང་། སྔ་དྲོ་བའི་ཟས་བྱིན་ལེན་བྱས་པ་དང་དེས་ན་མངོན་པར་བསྒྲུབས་པ་དང་ནགས་ཀྱི་རུས་པ་དང་པདྨ་གང་དག་རྗེས་སུ་གནང་བའི་

དངོས་པོ་དེ་དག་དགེ་སློང་རྣམས་ད་དུང་ཡང་རུང་བ་དེ་ཉིད་ཀྱིས་ཡོངས་སུ་ལོངས་སྤྱོད་པར་བྱེད་དེ། དགེ་སློང་ཁ་ཅིག་ནི་ཟ་བར་བྱེད་ཁ་ཅིག་ཟ་བར་མི་བྱེད་དོ། །དེས་ན་བཅོམ་ལྡན་འདས་ཀྱིས་གླེང་གཞི་དེ་ལ་དགེ་སློང་རྣམས་བསྡུས་ཏེ། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་གྲོང་ཁྱེར་

ཡངས་པ་ཅན་དུ་མུ་གེས་ཕོངས་པ་གནོད་པ་བྱུང་བ་ན་དགེ་སློང་ཡངས་པ་ཅན་རྣམས་ལ་རྗེས་སུ་སྙིང་བརྩེ་བའི་ཕྱིར་དངོས་པོ་བརྒྱད་རྗེས་སུ་གནང་བ་གང་དག་ཡིན་པ་དེ་དག་མུ་གེའི་ཚེ་ཡོངས་སུ་ལོངས་སྤྱད་པར་བྱའི། ལོ་ལེགས་པའི་ཚེ་ཡོངས་སུ་ལོངས་སྤྱད་པར་མི་བྱའོ། །གང་ཡོངས་སུ་ལོངས་སྤྱོད་པར་

Vol. 163 · folio 229b

བྱེད་པ་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མུ་གེའི་ཚེ་དགེ་སློང་གིས་བཙོས་པ་དང་ལག་ཉར་བླངས་པ་དང་བྱིན་ལེན་མ་བྱས་པ་དག་བཟའ་བར་བྱའོ། །ནང་དུ་བཙོས་པ་དང་ཞག་ལོན་པའོ། །སྔ་དྲོ་བའི་ཟས་སོ་ཞེས་བྱ་བ་དེ་དག་ནི་ཟས་སྤངས་ནས་ཟ་བ་དང་ཡང་ཡང་ཟ་བ་གནང་

བའོ། །བཏུང་བའི་དུས་ཐམས་ཅད་དུའོ་ཞེས་བྱ་བ་ནི། མུ་གེ་དང་ལོ་ལེགས་པའི་དུས་ཐམས་ཅད་དུ་ཡང་ཐུག་པ་དང་སྐྱོ་མ་ལ་སོགས་པའི་བཏུང་བ་ནི་སྤངས་ནས་ཟ་བ་དང་ཡང་ཡང་ཟ་བའི་སྐབས་སུ་གནང་བའོ། །འདིར་གཞུང་ནི་དེ་ལྟ་བས་ན་གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ་ལ་བརྟེན་ཏེ་དགེ་འདུན་

ཐམས་ཅད་ཀྱི་བཏུང་བ་བཏུང་བར་རྗེས་སུ་གནང་ངོ་ཞེས་གསུངས་པ་ཡིན་ཏེ། འདི་ཡང་སྤངས་པ་ཟ་བ་དང་ཡང་ཡང་ཟ་བ་བག་ཡངས་སུ་གནང་བ་ཡིན་ནོ། །སྔར་བྱིན་ལེན་བྱས་པ་སྤངས་ཏེ་ལངས་པས་སོ་ཞེས་བྱ་བ་ནི། ཟས་སྔར་བྱིན་ལེན་བྱས་པ་གང་ཡིན་པ་དེ་སྤངས་ཏེ་ལངས་པས་བཟའ་བར་

བྱའོ། །འདི་ནི་སྤངས་ནས་ཟ་བའི་ལྟུང་བྱེད་ཀྱིས་དམིགས་ཀྱིས་བསལ་བའོ། །དེ་བླང་བའི་ཕྱིར་ལྡང་བར་བྱའོ་ཞེས་བྱ་བ་ནི། སྔར་བྱིན་ལེན་བྱས་པ་དེ་བླང་བའི་ཕྱིར་ལྡང་བར་བྱ་བ་སྟེ། འདི་ནི་ཟས་བརྩམས་པས་ལྡང་བར་མི་བྱའོ་ཞེས་བྱ་བ་དེའི་བག་ཡངས་སུ་བྱ་བ་ཡིན་ནོ། །ལྷག་མའོ་ཞེས་བྱ་བ་ནི།

སྤངས་ཏེ་ལངས་པས་བཟའ་བར་བྱའོ་ཞེས་བྱ་བར་སྦྱར་ཏེ། དེས་བཟའ་བའི་ཕྱིར་སྟ་གོན་བྱས་པ་གང་ཡིན་པ་དེ་ལས་ལྷག་མ་ཡོད་པ་གང་ཡིན་པ་དེ་དགེ་སློང་སྤངས་ཏེ་ལངས་པས་བཟའ་བར་བྱ་བའོ། །འདི་དང་འོག་མ་ཡང་སྤངས་ནས་ཟ་བའི་ལྟུང་བྱེད་ཀྱི་དམིགས་ཀྱིས་བསལ་བའོ། །མངོན་པར་

བསྒྲུབ་པའོ་ཞེས་བྱ་བ་ནི། གཞག་པའི་གནས་ནས་དྲངས་པ་སྤངས་ཏེ་ལངས་པས་བཟའ་བར་བྱའོ། །རང་གི་ཟས་ཀྱི་གནས་ནས་ལྷག་མ་དེ་དྲང་བ་ལ་ལས་མི་རིགས་པར་སེམས་པ་གང་ཡིན་པ་དེ་བསལ་བའི་ཕྱིར་དེ་བསྒྲུབ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ལྷག་མ་དེ་དྲང་བར་བྱ་བའོ། །ནགས་ཀྱིས་རུས་

པའོ་ཞེས་བྱ་བ་ནི། སྤངས་ཏེ་ལངས་པས་བཟའ་བར་བྱ་བའོ། །ནགས་ཀྱི་རུས་པ་ཞེས་བྱ་བ་ནི། དཔེར་ན་ཤའི་རུས་པ་ནི་རུང་བ་དག་ཡིན་པ་དེ་བཞིན་དུ། ནགས་ཀྱི་ཤིང་དག་གི་རུས་པ་ཡང་ཤིང་ཏོག་རུས་པ་ཅན་དག་ཡིན་པས། དེའི་ཕྱིར་ཤིང་ཏོག་རུས་པ་ཅན་དག་ནི་ནགས་ཀྱི་རུས་པ་ཡིན་ནོ། །ནགས་

Vol. 163 · folio 230a

ཀྱི་རུས་པ་ཞེས་བྱ་བ་ནི། ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ། རྒུན་དང་བལ་པོ་སེའུ་དང་འབྲ་གོ་དང་སྟར་ག་དང་བཱ་ཏཱ་མ་དང་ཨུ་རུ་མ་ཡི་ཀ་དང་ཀུ་རུ་མ་ཡི་ཀ་དང་ཁམ་བུ་དང་རྒྱ་ཤུག་དང་སར་དག་ནི་དེ་ཞེས་བྱ་བའོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ནགས་ཀྱི་རུས་པ་ཞེས་བྱའོ། །པདྨའོ་

ཞེས་བྱ་བ་ནི། དེ་ཡང་ནགས་ཀྱི་རུས་པ་ཡིན་ཏེ་སྤངས་ཏེ་ལངས་པས་བཟའ་བར་བྱའོ། །པདྨ་ཞེས་བྱ་བ་དེ་ཅི་ཞིག་ཡིན་ཞེ་ན། དེའི་ཕྱིར་འདི་ལྟ་སྟེ། པདྨའི་རྩ་བ་དང་པདྨའི་རྩ་ལག་དང་བེ་ཏཱ་དང་ཨུཏྤ་ལའི་རྩ་བ་དང་པདྨའི་སྙིང་པོ་དག་ནི་དེ་ཞེས་བྱའོ་ཞེས་བྱ་བ་ནི། དེ་དག་ནི་པདྨ་ཞེས་བྱའོ། །རྒུན་ལ་

སོགས་པ་དེ་དག་ནི་རུས་པ་དང་བཅས་པ་རུས་པ་ལྟ་བུའི་རྩ་བ་དང་འབྲས་བུ་དག་ནི་དཔེ་ཡིན་ཏེ་རང་བཞིན་འདྲ་བའི་ཕྱིར་རོ། །གཞིར་གཏོགས་པའི་སྨན་གྱི་གཞིའོ་ཞེས་བྱ་བ་དེ་བཤད་ཟིན་ཏོ།། །།ད་ནི་སྨན་གྱི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་བརྗོད་པར་བྱའོ། །དེ་ལ་རེ་ཞིག་འབྲེལ་

པ་བསྟན་པར་བྱ་སྟེ། བཀྲེས་པ་དང་སྐོམ་པ་དག་ནི་ནད་དང་འདྲ་བ་ཡིན་ཏེ། ལུས་ལ་གནོད་པར་བྱེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་དེ་དག་གི་གཉེན་པོར་གྱུར་པ་འཚོ་བ་ཙམ་སྒྲུབ་པར་བྱེད་པ་བཟའ་བར་བྱ་བ་དང་བཏུང་བར་བྱ་བ་དུས་སུ་རུང་བའི་སྨན་གྱི་ཁོངས་སུ་གཏོགས་པ་ཉིད་གང་དག་ཡིན་པ་དེ་དག་གི་

འདུ་བའི་སྒོ་བསྟན་པའི་ཕྱིར། རྒྱལ་སྲིད་དང་དེའི་ཕྱེད་མནོད་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། རྒྱལ་སྲིད་དེའི་ཕྱེད་དོ། །དགེ་འདུན་གྱི་ཆེད་དུ་ཞིང་མནོད་པར་བྱའོ་ཞེས་བྱ་བ་ནི། རྒྱལ་པོ་ལ་སོགས་པས་ཕུལ་བའོ། །ཞིང་ཡང་ངོ་ཞེས་བྱ་བ་ནི། མནོད་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། ཞིང་ནི་གྲོང་གི་ཡུལ་གཅིག་ཡིན་

པའི་ཕྱིར་རོ། །དེ་ཡལ་བར་མི་དོར་རོ་ཞེས་བྱ་བ་ནི་ཞིང་དེའོ། །དེའི་ཐོག་ཤས་མནོད་དོ་ཞེས་བྱ་བ་ནི་ཞིང་དེའོ། །ཐོག་ཤས་བཙལ་ལོ་ཞེས་བྱ་བ་ནི། ཞིང་གི་ཐོག་ཤས་བཙལ་བར་བྱ་བའོ། །རྨོས་པས་དེ་གཙུག་ལག་ཁང་དུ་དབུལ་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། ཞིང་པ་གང་གིས་ཞིང་དེ་རྨོས་པ་དེས་ཞིང་

དེའི་ཐོག་ཤས་དེ་དགེ་འདུན་གྱི་གཙུག་ལག་ཁང་དུ་དབུལ་བར་བྱ་བ་ཉིད་དོ། །ནམ་གྱི་ཚེ་ཞེ་ན། དེའི་ཕྱིར་བདག་ཉིད་ཀྱི་བས་དང་པོར་རོ་ཞེས་བྱ་བ་སྨྲས་ཏེ། ཞིང་པས་བདག་ཉིད་ཀྱི་ཞིང་ཐོག་ཤས་པས་དགེ་འདུན་གྱི་ཐོག་ཤས་དང་པོར་དབུལ་བར་བྱ་བ་ཉིད་དོ། །བསྲུང་བའི་ཕྱིར་དགེ་སློང་དག་བསྐོའོ་

Vol. 163 · folio 230b

ཞེས་བྱ་བ་ནི། དགེ་འདུན་གྱི་ཐོག་ཤས་མནོད་པ་བསྲུང་བའི་ཕྱིར་དགེ་སློང་དག་བསྐོ་བར་བྱའོ། །འདུ་བ་དང་འགོད་པ་དང་གཉི་ག་ལས་གང་ཡང་རུང་བ་མི་མངོན་པས་རྩིས་གདབ་པར་མི་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གང་ན་འདུ་བ་དང་འགོད་པ་དང་འདུ་འགོད་གཉིས་ལས་གང་ཡང་རུང་

བའི་རྩིས་བྱ་མི་དགོས་ཤིང་མི་མངོན་པ་དེར་དགེ་སློང་དག་གིས་རྩིས་གདབ་པར་མི་བྱ་བར་ཅི་འདུ་བ་དང་ཅི་འགོད་པའི་སྒོ་དེ་བཞིན་དུ་བསྡུ་ཞིང་སྤྱད་པར་བྱ་བའོ། །གཞན་ལ་ནི་དྲན་པ་དང་ཤེས་བཞིན་སྔོན་དུ་བཏང་སྟེ་དེ་ལ་འཇུག་པར་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གང་ན་འདུ་བ་དང་

འགོད་པ་དང་འདུ་འགོད་གཉིས་ལས་གང་ཡང་རུང་བའི་རྩིས་བྱ་དགོས་ཤིང་མངོན་པ་དེར་དགེ་སློང་དག་གིས་རྩིས་བྱ་བ་དེ་ལ་དྲན་པ་དང་ཤེས་བཞིན་སྔོན་དུ་བཏང་སྟེ་འཇུག་པར་བྱའོ། །དགེ་འདུན་གྱི་ཆེད་དུ་གཡོག་ཉེ་བར་གཞག་གོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཆེད་དུ་ཡོན་བདག་གིས་

གཡོག་ཕུལ་ན་ཉེ་བར་གཞག་པར་བྱ་བའོ། །འདིར་གཞུང་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཆེད་དུ་གཡོག་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ནས་གཙུག་ལག་ཁང་དུ་སྒྲ་མི་འབྱུང་བ་དེར་ལྷ་འབངས་ཀྱི་སྡུམ་པ་བྱེད་དུ་གཞུག་གོ་ཞེས་བྱ་བ་ནི། ལྷ་འབངས་

ཀྱི་སྡུམ་པ་གང་ནས་ལྷ་རིས་པའི་གཏམ་ཐ་མལ་པའི་སྒྲ་དང་། ཐབ་མོ་ལ་སོགས་པ་བླག་ཅོར་གྱི་སྒྲ་གཙུག་ལག་ཁང་དུ་མི་འབྱུང་མི་གྲག་པའི་ཕྱོགས་དེར་ལྷ་འབངས་ཀྱི་སྡུམ་པ་བྱེད་དུ་གཞུག་པའོ། །ཇི་སྙེད་དགོས་པ་འཇུག་པར་བྱའོ་ཞེས་བྱ་བ་ནི། ལྷ་འབངས་དང་རྩེ་རྒོད་ལ་སོགས་པ་མི་

བླས་ཇི་སྙེད་དགོས་པ་གཙུག་ལག་ཁང་གི་ནང་དུ་འཇུག་པར་བྱའི། རིལ་གྱིས་ནི་མི་དགུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །ཟན་དང་གོས་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དགེ་འདུན་གྱི་གཡོག་དག་ལའོ། །གལ་ཏེ་ལས་བྱེད་ནའོ་ཞེས་བྱ་བ་ནི། གལ་ཏེ་གཡོག་དག་ལས་བྱེད་ན་དེ་དག་ལ་

ཟས་དང་གོས་སྦྱིན་པར་བྱ་བ་ཉིད་དོ། །ན་བ་རྣམས་ལ་གཡོག་བྱའོ་ཞེས་བྱ་བ་ནི། གཡོག་དག་གལ་ཏེ་ན་ན་དེ་རྣམས་ཡལ་བར་མི་དོར་བར་སྨན་ལ་སོགས་པས་བསྙེན་བཀུར་བྱ་བའོ། །བ་ལང་དང་མ་ཧེ་དང་ར་དང་ལུག་དང་གླང་པོ་ཆེ་དང་རྟ་དང་རྔ་མོ་དང་བོང་བུ་དང་འབྲུ་རྣམས་དང་སྣོད་ཀྱང་ངོ་

Vol. 163 · folio 231a

ཞེས་བྱ་བ་ཡང་། དགེ་འདུན་གྱི་ཆེད་དུ་བླང་བར་བྱ་བའོ། །འདིར་གཞུང་ནི་བཙུན་པ་དགེ་སློང་གིས་ལོངས་སྤྱོད་མཆོག་བླང་དུ་རུང་ངམ། ཀཱ་ཏྱཱ་ཡ་ན་དགེ་འདུན་གྱི་ཆེད་དུ་བླང་དུ་རུང་ངོ་། །དེ་ལ་ལོངས་སྤྱོད་ནི་གྲོང་དང་ཞིང་དག་གོ །ལོངས་སྤྱོད་མཆོག་ནི་བ་ལང་དང་མ་ཧེ་དང་ར་དང་

ལུག་དག་གོ། །ཡོ་བྱད་མི་མ་ཡིན་པ་དག་གང་ཞེ་ན། གླང་པོ་ཆེ་དང་རྟ་དང་རྔ་མོ་དང་བོང་བུ་དང་ར་དང་ལུག་དང་། མ་ཧེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་མཆོད་རྟེན་གྱི་ཡང་རུང་དགེ་འདུན་གྱི་ཡང་རུང་བ་དག་གོ་ཞེས་གསུངས་པ་ཡིན་ནོ། །དེ་དག་མཆོད་རྟེན་གྱིར་ཡང་མི་རུང་བ་མ་ཡིན་ནོ་

ཞེས་བྱ་བ་ནི། གྲོང་ལ་སོགས་པ་དང་བ་ལང་ལ་སོགས་པ་དགེ་འདུན་གྱི་ཆེད་དུ་བླང་དུ་རུང་བ་དེ་དག་མཆོད་རྟེན་གྱི་ཆེད་དུ་ཡང་བླང་དུ་རུང་བ་ཁོ་ན་ཡིན་པའོ། །ཁ་གཟར་དང་ཚྭ་ཁུག་བཅང་བར་བྱའོ་ཞེས་བྱ་བ་ནི་གང་ཟག་གིས་ཀྱང་ངོ་། །དེ་གཉིས་དང་ཕུལ་བའི་བཏུང་ཕོར་ལས་གཞན་པའི་ཁར་

བའི་སྣོད་གང་ཟག་གིས་བཅང་བར་མི་བྱའོ་ཞེས་བྱ་བ་ནི། ཁ་གཟར་དང་ཚྭ་ཁུག་དེ་གཉིས་དང་ཕུལ་བའི་བཏུང་ཕོར་ལས་གཞན་པའི་ཁར་བའི་སྣོད་དག་གང་ཟག་གིས་བཅང་བར་མི་བྱའོ་ཞེས་བྱ་བ་བདག་གིར་མི་བྱ་བའོ། །འདི་ལྟར་ཁར་བའི་སྣོད་གཞན་ཡང་སྨན་ཕོར་དུ་ཡོངས་སུ་ལོངས་སྤྱད་

པས་ཡོངས་སུ་ལོངས་སྤྱད་པར་བྱའོ་ཞེས་གསུངས་པས་དེའི་ཕྱིར་འདི་ནི་བདག་གིར་བྱ་བ་དགག་པའི་རྣམ་པ་ཡིན་ནོ། །ཀུན་དགའ་ར་བ་ཉེ་བར་གཞག་པར་བྱའོ་ཞེས་བྱ་བ་ལ། འདིར་ཉེ་བར་གཞག་པ་ཞེས་བྱ་བ་ནི་བཅང་བ་སྟེ་དེས་ན་དགེ་འདུན་ནམ། གང་ཟག་གིས་ཀྱང་གཡོག་བཅང་བར་བྱ་བའོ། །

འདིར་གཞུང་ནི་ཡོ་བྱད་མི་དག་གང་ཞེ་ན། ཀུན་དགའ་ར་བ་པ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་དགེ་འདུན་གྱི་ཡང་རུང་གང་ཟག་གི་ཡང་རུང་བའོ་ཞེས་གསུངས་པ་ཡིན་ནོ། །བསྲུང་བའི་ཕྱིར་བྱིས་པ་མཚན་མཐུན་པ་འབུལ་བ་དག་བླང་བར་བྱའོ་ཞེས་བྱ་བ་ནི། ཁྱིམ་བདག་གིས་བྱིན་པ་

ཁྱེའུ་དང་བུ་མོ་དག་བསྲུང་བའི་ཕྱིར་དགེ་འདུན་ནམ། གང་ཟག་ལ་དབུལ་ན་མཚན་མཐུན་པ་དག་བླང་བར་བྱ་སྟེ། དགེ་སློང་རྣམས་ཀྱིས་ནི་ཁྱེའུ་དག་བླང་བར་བྱའོ། །དགེ་སློང་མ་རྣམས་ཀྱིས་ནི་བུ་མོ་དག་བླང་བར་བྱ་བའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ལ་འཕྲོག་མ་སྐྱབས་སུ་སོང་ཞིང་

Vol. 163 · folio 231b

བསླབ་པའི་གཞི་དག་ལ་བཞག་ནས། དེས་བུ་དེ་དག་གནོད་སྦྱིན་གདུག་པས་འཇིགས་པས་བསྲུང་བའི་ཕྱིར་དགེ་འདུན་ལ་ཕུལ་བ་ཐོས་ནས་དེ་དག་འདི་སྙམ་དུ་དེས་བསྲུང་བའི་ཕྱིར་དགེ་སློང་རྣམས་ལ་བུ་དག་རེ་ཞིག་འབུལ་བར་བྱེད་ན་བདག་ཅག་གིས་ཀྱང་ཅིའི་ཕྱིར་མི་འབུལ་སྙམ་ནས།

དེ་དག་གིས་དབུལ་བར་བརྩམས་པ་དང་། དགེ་སློང་དག་མི་ལེན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་དག་གི་ཆ་ལུགས་ནི་མགུལ་པར་ཆོས་གོས་བཏགས་པ་ཉིད་དོ་ཞེས་བྱ་བ་ནི། བྱིས་པ་དགེ་སློང་གིས་བླངས་པ་དེ་དག་གི་ཆ་ལུགས་ནི་

མགུལ་པར་དགེ་སློང་གིས་ཆོས་གོས་ཀྱི་ཚལ་བུ་རེ་རེ་བཏགས་པ་ཡིན་ནོ། །རྐེད་པར་ཡང་རུང་ངོ་ཞེས་བྱ་བ་ནི། ཆོས་གོས་གདགས་པ་ཉིད་དོ། །ཕན་གདགས་པའི་སེམས་ཀྱིས་སོ་སོར་བསྐྱང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་རྣམས་ཀྱིས་བྱིས་པ་དེ་དག་ལ་ཕན་གདགས་པའི་སེམས་ཀྱིས་སོ་

སོར་བསྐྱང་བར་བྱ་སྟེ། ཟང་ཟིང་དང་བཅས་པའི་སེམས་ཀྱིས་ནི་མ་ཡིན་ནོ། །དེའི་ཉེ་དུས་ཕུལ་བ་བླང་བར་བྱའོ་ཞེས་བྱ་བ་ནི། བྱིས་པ་དེ་དག་གི་ཉེ་དུས་གོས་ལ་སོགས་པ་དག་དགེ་སློང་ལ་ཕུལ་བ་བླང་བར་བྱའོ། །མཇུག་ཏུ་ནི་རིན་ཉིད་དུ་ཡང་ངོ་ཞེས་བྱ་བ་ནི། དེའི་ཉེ་དུ་དག་གིས་མཇུག་ཏུ་བྱིས་

པ་ཕྱིར་ལེན་པའི་ཚེ་བྱིས་པའི་རིན་ཉིད་དུ་གོས་ལ་སོགས་པ་ཕུལ་བ་ཡང་བླང་བར་བྱ་སྟེ། དེ་ནི་དེ་དག་གིས་དད་པའི་དབང་དུ་བྱས་པ་ཉིད་ཡིན་པས། འདི་ལ་ལོག་པས་འཚོ་བ་ཉིད་ཡིན་པར་དོགས་པར་མི་བྱའོ། །དེ་དག་གིས་བྱས་པ་ཤེས་པས་ཀྱང་ངོ་ཞེས་བྱ་བ་ནི། བྱིས་པ་དེ་དག་གིས་བྱས་

པ་ཤེས་པས་དགེ་སློང་ལ་གོས་ལ་སོགས་པ་ཕུལ་བ་ཡང་བླང་བར་བྱའོ། །དེའི་རིན་བདའ་བར་མི་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་བྱིས་པ་དེ་དག་ཡོངས་སུ་བསྐྱངས་པའི་རིན་དང་རྔན་པ་དང་གླ་བདའ་བར་མི་བྱའོ། །ཤིང་ཏོག་གི་རྙེད་པ་བདག་གིར་བྱའོ་ཞེས་བྱ་བ་ནི། གཞན་གྱིས་ཤིང་ཏོག་

གི་རྙེད་པ་ཕུལ་བ་དག་བླང་བར་བྱའོ། །འདིར་གཞུང་ནི་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་དག་གིས་དགེ་སློང་དག་ལ་ཤིང་ཏོག་དག་འབུལ་བར་བྱེད་པ་ན། དགེ་སློང་དག་མི་ལེན་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ཞུན་

Vol. 163 · folio 232a

མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་བའི་བུམ་པ་ཡང་ངོ་ཞེས་བྱ་བ་ཡང་། བླང་བར་བྱའོ་ཞེས་བྱ་བར་སྦྱར་ཏེ། ཞུན་མར་ལ་སོགས་པས་གང་བའི་བུམ་པ་ནི་ཞུན་མར་ལ་སོགས་པའི་བུམ་པའོ། །འདིར་གཞུང་ནི་ཞུན་མར་དང་འབྲུ་མར་དང་སྦྲང་རྩི་དང་བུ་རམ་གྱི་དབུ་

བའི་བུམ་པ་དགེ་འདུན་ལ་འབུལ་བ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་ཞིང་བླངས་ནས་དགེ་སློང་དག་གམ་ཁྱིམ་པ་དག་གིས་བྲིམ་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་དག་གི་སྣོད་ཀྱང་ངོ་ཞེས་བྱ་བ་ནི། ཞུན་མར་ལ་སོགས་པ་དེ་དག་གི་སྣོད་བུམ་པ་ལ་སོགས་པ་ཡང་

འབུལ་ན་བདག་གིར་བྱ་བའོ། །དེ་དག་གཞག་པར་བྱའོ་ཞེས་བྱ་བ་ནི། ཞུན་མར་ལ་སོགས་པ་དང་དེ་དག་གི་སྣོད་དག་གོ། །གང་དུ་གཞག་པར་བྱ་ཞེ་ན། དེའི་ཕྱིར་གཞི་ལའོ་ཞེས་བྱ་བ་སྨྲས་སོ། །བཤང་བ་དང་གཅི་བ་དང་ཆང་གི་བུམ་པ་དག་ནི་མི་མཁོ་བ་ཉིད་དོ་ཞེས་བྱ་བ་ནི། དེ་དག་ནི་མི་མཁོ་བ་ཉིད་

ཡིན་པའི་ཕྱིར་གང་ཡང་ཉེ་བར་གཞག་པར་མི་བྱའོ། །དགེ་འདུན་གྱི་ཕྱིར་གཡོས་དང་འཚོད་པ་གང་ཡིན་པ་དག་གི་ཞལ་ཏ་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཕྱིར་ཡོན་བདག་གིས་འབྲས་ཆན་གྱི་གཡོས་དང་ཚོད་མ་ལ་སོགས་པ་འཚོད་པ་གང་ཡིན་པ་དག་གི་ཞལ་ཏ་བྱ་བ་སྟེ། འདིར་གཞན་བྱེད་དུ་

གཞུག་པ་ཡིན་གྱི་རང་གིས་བྱ་བ་ནི་མ་ཡིན་ཏེ། དགེ་སློང་གིས་བཙོས་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །ལྷུང་བཟེད་དུ་བསོད་སྙོམས་མ་བླུགས་པའི་མདུན་རོལ་དུ་མ་བཟུར་བ་ཉིད་ཀྱིས་བསོད་སྙོམས་ལ་འཇུག་པ་བསྟེན་པར་མི་བྱའོ་ཞེས་བྱ་བ་ནི། གྲོང་དུ་བསོད་སྙོམས་ལ་འགྲོ་བའི་ཚེ་ལྷུང་

བཟེད་དུ་བསོད་སྙོམས་མ་བླུགས་པའི་མདུན་རོལ་དུ་ལྷུང་བཟེད་གློས་མ་བཟུར་བར་བསོད་སྙོམས་ལ་འཇུག་པར་མི་བྱ་བ་སྟེ། དེ་ནི་མི་གཙང་བས་གོས་པའི་ཉེས་པ་སྤང་བའི་ཕྱིར་རོ། །ལྷུང་བཟེད་ཀྱི་ཁ་གཡོགས་བཅང་བར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་ནང་དུ་བསོད་སྙོམས་བླུགས་པ་

གང་གིས་གཡོགས་པར་བྱེད་པ་དེ་ནི་ལྷུང་བཟེད་ཀྱི་ཁ་གཡོགས་ཞེས་བྱ་སྟེ། བཅང་བར་བྱའོ། །འདི་དང་ཁར་བའི་སྣོད་བཅང་བ་ལ་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པར་མི་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་ཁ་གཡོགས་བཅང་བར་བྱའོ་ཞེས་བྱ་བ་འདི་དང་ཁ་གཟར་དང་ཚྭ་ཁུག་དག་དང་

Vol. 163 · folio 232b

ཕུལ་བའི་བཏུང་ཕོར་ལས་གཞན་པའི་ཁར་བའི་སྣོད་བཅང་བར་མི་བྱའོ་ཞེས་སྨོས་པ་དེ་ལ་དགེ་སློང་དང་དགེ་སློང་མ་དག་གི་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པར་མི་བྱ་བ་སྟེ། དགེ་སློང་མས་ཀྱང་ལྷུང་བཟེད་ཀྱི་ཁ་གཡོགས་བཅང་བར་བྱ་བ་དང་། ཁ་གཟར་དང་ཚྭ་ཁུག་དག་དང་ཕུལ་བའི་བཏུང་ཕོར་

ལས་གཞན་པའི་ཁར་བའི་སྣོད་བདག་གིར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ནད་པས་ཞྭ་བཅང་བ་ལ་མི་རུང་བ་ཉིད་དུ་ཡང་ངོ་ཞེས་བྱ་བ་ཡང་དོགས་པར་མི་བྱའོ་ཞེས་བྱ་བར་སྦྱར་ཏེ། དགེ་སློང་མ་ནད་པས་ཞྭ་བཅང་བ་ལ་མི་རུང་བ་ཉིད་དུ་དོགས་པར་མི་བྱ་བའོ། །འདི་སྐད་བསྟན་ཏེ། ཉེ་བ་འཁོར་རང་

བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པ་མ་གཏོགས་པར་ཞེས་གསུངས་པས་ནད་པ་ལ་ཞྭ་བཅང་བར་རྗེས་སུ་གནང་བ་གང་ཡིན་པ་དེ་དགེ་སློང་མ་ལ་མི་རུང་བ་ཉིད་དུ་དོགས་པར་མི་བྱའོ། །འདིར་གཞུང་ནི་སྐྱེ་དགུའི་བདག་མོ་ཆེན་མོ་གླད་པ་ན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཞྭ་བཅང་བར་

བྱའོ་ཞེས་བྱ་བ་གསུངས་པ་ཡིན་ནོ། དེ་ལྟ་བས་ན་ཆུ་ལ་ཆབ་བྲོམ་འཆགས་པའི་ཡུལ་དུ་དགེ་སློང་རྣམས་ལ་རྗེས་སུ་གནང་བ་གང་ཡིན་པ་དེ་དགེ་སློང་མ་རྣམས་ལ་ཡང་རྗེས་སུ་གནང་བར་ཤེས་པར་བྱའོ། །གསིལ་བྱེད་ཀྱི་སྒྲ་མ་ཕྱུང་བར་བསོད་སྙོམས་ལ་ཁྱིམ་དུ་འཇུག་པར་མི་བྱའོ་ཞེས་བྱ་བ་ལ། གསིལ་

བྱེད་ཅེས་བྱ་བ་ནི། ཁར་གསིལ་གྱི་མིང་གཉིས་པ་ཡིན་ནོ། །དེས་སྒྲ་མ་ཕྱུང་བར་ཁྱིམ་དུ་བསོད་སྙོམས་ལ་འཇུག་པར་མི་བྱའོ། །དེ་བཅང་བར་བྱའོ་ཞེས་བྱ་བ་ནི། གསིལ་བྱེད་དེའོ། །འབྱུང་བ་དང་འཇུག་པ་ལ་མཁས་པས་འབད་པར་བྱའོ་ཞེས་བྱ་བ་ནི། བསོད་སྙོམས་པས་ཁྱིམ་ནས་ཕྱིར་འབྱུང་བ་

དང་། ཁྱིམ་དུ་འཇུག་པའི་ལམ་རྒྱུས་ལ་མཁས་པ་ཉིད་དུ་འབད་པར་བྱའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་མཚན་མ་བྱ་བས་སོ་ཞེས་བྱ་བ་སྨྲས་ཏེ། མཚན་མ་གདབ་པར་བྱའོ། །ཅི་ཞིག་གིས་ཤེ་ན། དེའི་ཕྱིར་བསོད་སྙོམས་ཀྱི་འབྲམ་ཟེར་ལ་སོགས་པའོ་ཞེས་བྱ་བ་སྨྲས་ཏེ། སྐབས་སྐབས་སུ་ཕྱེ་

ལ་སོགས་པའི་འབྲམ་ཟེར་གཞག་པ་ལ་སོགས་པས་སོ། །ཆོས་བཙོང་བས་འཚོ་བ་སྦྱར་བར་མི་བྱའོ་ཞེས་བྱ་བ་ནི། རྙེད་པའི་ཕྱིར་ཟོང་དུ་གྱུར་པའི་ཆོས་བསྟེན་པས་འཚོ་བ་སྦྱར་བར་མི་བྱ་སྟེ། དེ་ནི་ལོག་པས་འཚོ་བའི་ཕྱིར་དགག་པ་མཛད་དོ། །འདིར་གཞུང་ནི་མ་མོ་ལས་དེ་དག་ཆོས་ཀྱི་སྒོ་ནས་རྙེད་པ་

Vol. 163 · folio 233a

ཡོངས་སུ་ཚོལ་ཞིང་ཆོས་འཚོང་བས་འཚོ་བ་སྦྱོར་བར་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་སྒོ་ནས་རྙེད་པ་ཡོངས་སུ་བཙལ་བར་མི་བྱ་ཞིང་། ཆོས་འཚོང་བས་འཚོ་བ་སྦྱར་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཆུ་མེད་ན་ཞོ་ག་ཆུ་ལ་སོགས་པའི་ཁུ་བས་རྐང་པ་

དག་བཀྲུའོ་ཞེས་བྱ་བ་ནི། ཆུ་མེད་ན་ཞོ་ག་ཆུ་དང་ཆུར་ཁུ་དང་རྩབ་མོ་ལ་སོགས་པས་རྐང་པ་དག་བཀྲུར་རུང་བའོ། །རྐང་པ་བཀྲུ་བ་དེ་ནི་དཔེ་ཙམ་དུ་ཟད་དེ་བཤང་བ་དང་གཅི་བ་ལ་སོགས་པ་བྱ་བ་དག་ལ་ཡང་ཆུ་མེད་ན་དེ་དག་གིས་བཀྲུ་བ་ལ་ཡང་ཉེས་པ་མེད་དོ། །འདི་ནི་འོག་ནས་ཟས་རྐང་པས་

བརྫི་བར་མི་བྱའོ་ཞེས་འབྱུང་བའི་དམིགས་ཀྱིས་བསལ་བ་ཡིན་ནོ། །རྩྭ་བམ་ལ་འདུག་པར་བྱའོ་ཞེས་བྱ་བ་ནི། སྟན་གཞན་མེད་ནའོ། །བླ་གབ་མེད་པའི་མཐའ་གཅིག་ཏུ་གཞག་གོ་ཞེས་བྱ་བ་ནི། རྩྭ་བམ་མི་སྤྱོད་པའི་ཚེ་ནའོ། །སྤུངས་ཏེ་ཡང་ངོ་ཞེས་བྱ་བ་ནི། སོ་སོར་བཞག་པ་འབའ་

ཞིག་ཏུ་མ་ཟད་ཀྱི། སྤུངས་ཏེ་བཞག་ཏུ་ཡང་རུང་བའོ། །མཇུག་ཏུ་དོར་རོ་ཞེས་བྱ་བ་ནི། བྱ་བ་ཟིན་པའི་མཇུག་ཏུ་རྩྭ་བམ་དོར་བར་བྱ་བའོ། །མང་བ་ཉིད་ཡིན་ནའོ་ཞེས་བྱ་བ་ནི། དགེ་སློང་མང་བ་ཉིད་ཡིན་ལ་སྟན་གྱིས་མི་ཆོག་ན་རྩྭ་བམ་བྱའོ། །གྲལ་གྱི་ཚར་དུ་མ་ཉིད་ཀྱང་ངོ་ཞེས་བྱ་བ་ཡང་། མང་

བ་ཉིད་ཡིན་ན་བྱའོ་ཞེས་བྱ་བར་སྦྱར་ཏེ། དགེ་སློང་མང་བ་ཉིད་ཡིན་ན་གྲལ་གྱི་ཚར་དུ་མ་ཉིད་ཀྱང་བྱར་རུང་བའོ། །ཚད་ཇི་ཙམ་ཞེ་ན། དེའི་ཕྱིར་ལྔ་བརྒྱའི་ཚར་རོ་ཞེས་བྱ་བ་སྨྲས་ཏེ། གྲལ་ཚར་གཅིག་ལ་དགེ་སློང་ལྔ་བརྒྱ་བཀད་ས་མན་ཆད་ཀྱི་ཚར་རིང་པོར་བྱར་རུང་བའོ། །རྒན་པའི་མཐའ་རེ་རེར་

སྤྱི་བུངས་བྱའོ་ཞེས་བྱ་བ་ནི། གྲལ་ཚར་དུ་ཡོད་པའི་རྒན་པའི་མཐར་རེ་རེར་བཟའ་བ་དང་བཅའ་བའི་འདྲིམ་སྒོའི་ཟས་ཀྱི་སྤྱི་བུངས་རེ་རེ་བྱའོ། འདྲིམ་པ་དག་རྐུ་བ་ཉིད་ན་སྤྱན་པ་དག་བསྐོའོ་ཞེས་བྱ་བ་ནི། ཟས་འདྲིམ་པའི་ཐོར་བྱན་དང་ཕྱག་ཚང་དག་རྐུ་བ་ཉིད་ཡིན་ན་སྤྱན་པ་དགེ་སློང་དག་བསྐོ་བར་

བྱའོ། །ཟན་གྱི་ལས་བྱེད་པ་དག་གིས་དང་པོར་བཟའ་བར་བྱའོ་ཞེས་བྱ་བ་ནི། གཙང་སྦྱོར་བ་ལ་སོགས་པ་ཟས་ཀྱི་ཞལ་ཏ་བྱེད་པ་དག་གིས་ཇེ་དང་པོར་འཚལ་མ་ཟོས་ཏེ་བྲིམ་པ་ལ་སོགས་པའི་ལས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདུས་པ་ཆེན་པོའི་ཚེ་རྒན་རིམས་སུ་འཁོད་དུ་གཞུག་པའི་ཕྱིར་དང་

Vol. 163 · folio 233b

འདྲིམ་དུ་གཞུག་པའི་ཕྱིར་དགེ་སློང་དག་བསྐོའོ་ཞེས་བྱ་བ་ནི། དགེ་སློང་དག་གིས་འདུས་པ་ཆེན་པོའི་ཚེ་དགེ་སློང་དག་བསྐོ་བར་བྱའོ། །ཅི་ཞིག་གི་ཕྱིར་ཞེ་ན། རྒན་རིམས་སུ་འཁོད་དུ་གཞུག་པའི་ཕྱིར་སྟེ། གང་དང་གང་དག་རྒན་པ་དེ་དང་དེ་དག་དང་པོ་ཁོ་ནར་འཁོད་དུ་གཞུག་པའི་ཕྱིར་རོ། །རྒན་

རིམས་སུ་འདྲིམ་དུ་གཞུག་པའི་ཡང་ཕྱིར་ཏེ། གང་དང་གང་དག་རྒན་པ་དེ་དང་དེ་དག་ལ་དང་པོ་ཁོ་ནར་བསོད་སྙོམས་ལ་སོགས་པ་འདྲིམ་དུ་གཞུག་པའི་ཕྱིར་རོ། །འདི་ལ་དགེ་སློང་མས་ནི་གཉིས་སམ་གསུམ་གཞག་སྟེ་ཅི་དགར་འཁོད་པར་བྱའོ་ཞེས་བྱ་བ་ནི། འདུས་པ་ཆེན་པོ་འདི་ལ་དགེ་

སློང་མས་ནི་རྒན་པ་གཉིས་སམ་གསུམ་རྒན་རིམས་སུ་འཁོད་དུ་བཅུག་ནས་ལྷག་མ་གཞན་ཅི་དགར་འཁོད་པར་བྱའོ། །སྒྲ་བསྐྱུངས་ཏེ་ཟན་གྱི་ཆེད་དུ་འགྲོ་བར་བྱའོ་ཞེས་བྱ་བ་ནི། ཟས་ཀྱི་ཆེད་དུ་འགྲོ་བའི་ཚེ་སྒྲ་བསྐྱུངས་ཏེ་འགྲོ་བར་བྱའོ། །ཤིན་ཏུ་བསྡམས་པ་དང་སྤྱོད་ལམ་མཛེས་པས་སོ་ཞེས་

བྱ་བ་ཡང་ཟན་གྱི་ཆེད་དུ་འགྲོ་བར་བྱའོ། །མཛེས་པས་སོ་ཞེས་བྱ་བ་ཡང་། ཟན་གྱི་ཆེད་དུ་འགྲོ་བར་བྱ་བའོ། །དེ་བཞིན་དུ་འདུག་པར་བྱའོ་ཞེས་བྱ་བ་ནི། སྒྲ་བསྐྱུངས་པ་དང་ཤིན་ཏུ་བསྡམས་པ་དང་སྤྱོད་ལམ་མཛེས་པ་དང་མཛེས་པས་ཟས་ཀྱི་ཆེད་དུ་འདུག་པར་བྱའོ། །ཟས་རྐང་པས་བརྫི་བར་མི་

བྱའོ་ཞེས་བྱ་བ་ནི། འབྲས་ཆན་ལ་སོགས་པའི་ཟས་རྐང་པས་བརྫི་བ་དང་བགོམ་པར་མི་བྱ་བ་སྟེ། འདི་ནི་སྤྱིར་བཀག་པ་ཡིན་པས་གང་ཡང་རུང་བས་སོ། །ལྷུང་བཟེད་ཀྱི་གཞི་ལ་རྐང་པས་རེག་པར་མི་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་གཞི་ཡང་མིག་དང་ཞ་ཉེའི་དབྱར་འདབ་དང་བྱུག་རིས་དང་རྩྭ་

ལ་སོགས་པ་དག་ལ་རྐང་པས་རེག་པར་མི་བྱ་བའོ། །དྲན་པ་ཉེ་བར་གཞག་སྟེ་བསོད་སྙོམས་བླང་བར་བྱའོ་ཞེས་བྱ་བ་ནི། འདིས་ནི་སྦྱིན་པར་བྱེད་པའོ། །བདག་ནི་ལེན་པའོ་སྙམ་དུ་བསོད་སྙོམས་དང་འབྲེལ་པར་སེམས་གཏད་པར་བསྟན་ཏོ། །སེམས་རྣམ་པར་མ་གཡེངས་པས་བསོད་སྙོམས་

བླང་བར་བྱའོ་ཞེས་བྱ་བ་ནི། ཡུལ་གཞན་ལ་སེམས་འཕྲོ་བར་མི་བྱ་བས་བསོད་སྙོམས་བླང་བར་བྱའོ། །མི་འཕྲོ་བ་དང་འཚོ་བ་ཙམ་དང་དེ་མ་འདྲེས་པ་དང་མི་དཀྲུགས་པ་དང་ཤིན་ཏུ་དབེན་པ་དང་དུས་ལས་མ་ཡོལ་བར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། བསོད་སྙོམས་ཞེས་བྱ་བར་སྦྱར་ཏེ། མི་

Vol. 163 · folio 234a

འཕྲོ་བར་བསྒྲུབ་པར་བྱ་བ་ནི། རྣམ་པར་མི་གཡེང་ཞིང་མི་འཕྲོ་བར་བསོད་སྙོམས་བཟའ་བར་བྱ་བའོ། །འཚོ་བ་ཙམ་དུ་བསྒྲུབ་པར་བྱ་བ་ནི། ལུས་འཚོ་བ་ཙམ་དུ་བསོད་སྙོམས་བཟའ་བར་བྱའི། ཕྱར་གཡེང་ལ་སོགས་པའི་ཕྱིར་མ་ཡིན་ནོ། །དེ་མ་འདྲེས་པར་བསྒྲུབ་པར་བྱ་བ་ནི། བསོད་

སྙོམས་དེ་མ་འདྲེས་མ་བསླད་པར་བཟའ་བར་བྱ་བའོ། །མི་དཀྲུགས་པར་བསྒྲུབ་པར་བྱ་བ་ནི། ཐམས་ཅད་སྣོད་གཅིག་ཏུ་བླུགས་ཏེ་དཀྲུགས་ཤིང་བཟའ་བར་མི་བྱ་བའོ། །ཤིན་ཏུ་དབེན་པར་བསྒྲུབ་པར་བྱ་བ་ནི། གནས་དབེན་པར་བཟའ་བར་བྱའི། ལམ་པོ་ཆེ་ལ་སོགས་པ་དག་ཏུ་བཟའ་བར་མི་བྱའོ། །

དུས་ལས་མ་ཡོལ་བར་བསྒྲུབ་པར་བྱ་བ་ནི། དུས་ལས་མ་ཡོལ་བར་བཟའ་བར་བྱ་བ་སྟེ། ཕྱེད་ཡོལ་ཕན་ཆད་བཟའ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་མགྲོན་དུ་བོས་པ་དེ་ལས་གཞན་རྙེད་པ་བདག་གིར་བྱེད་པ་ལ་མི་རིགས་པ་ཉིད་མེད་དོ་ཞེས་བྱ་བ་ནི། དགེ་འདུན་ནམ་གང་ཟག་ཐུག་པ་ལ་

སོགས་པའི་དངོས་པོ་གང་ལ་མགྲོན་དུ་བོས་པས་ཐུག་པ་ལ་སོགས་པའི་དངོས་པོ་དེ་ལས་གཞན་པའི་བསོད་སྙོམས་རྙེད་པ་བདག་གིར་བྱེད་པ་ལ་མི་རིགས་པ་མེད་པའོ། །འདིར་གཞུང་ནི་འདྲེག་མཁན་རབ་ཏུ་བྱུང་བས་དགེ་འདུན་ཐུག་པ་ལ་སྤྱན་དྲངས་ནས་རོ་བསོད་པ་སྟ་གོན་བྱས་པ་དང་། དགེ་

སློང་དག་ཟས་གཞན་ལ་མགྲོན་དུ་བོས་པས་དེ་མི་ལེན་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་གཞན་ལ་མགྲོན་དུ་བོས་པས་གཞན་རྙེད་པ་བདག་གིར་བྱེད་པ་ལ་མི་རིགས་པ་མེད་དོ་ཞེས་གསུངས་པ་ཡིན་ནོ། །རང་གི་ཟས་ལ་གཞན་མནོས་པ་ཉེས་པ་མེད་དོ་ཞེས་བྱ་བ་ནི།

རང་གི་ཟས་ཟ་བའི་ཚེ་གལ་ཏེ་གཞན་གྱིས་ཟས་གཞན་སྦྱིན་པར་བྱེད་ན་དེ་མནོས་པའི་ཉེས་པ་མེད་པ་ཉིད་ཡིན་པའོ། །གཞན་གྱིས་མགྲོན་དུ་བོས་པ་ནི་འདུག་པ་ལས་དེས་གནང་ན་གཞན་གྱིས་བྱིན་པ་ནི་དེའི་ཁོངས་སུ་གཏོགས་པ་དང་འདྲའོ་ཞེས་བྱ་བ་ནི། སྦྱིན་བདག་གཞན་གྱིས་མགྲོན་དུ་བོས་པ་ན་

དགེ་སློང་འདུག་པ་ལ་སྦྱིན་བདག་དེས་གནང་ན་སྦྱིན་བདག་གཞན་གྱིས་ཟས་སྦྱིན་པ་ནི་སྦྱིན་བདག་གཞི་བོའི་དེའི་ཟས་ཀྱི་ཁོངས་སུ་གཏོགས་པ་དང་འདྲ་བའོ། །དེ་ལ་ནི་དམ་བཅས་པ་ལས་འདས་པ་དང་ཡང་ཡང་ཟ་བའི་ཉེས་པ་མི་འབྱུང་ངོ་། །འདིར་གཞུང་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་སྡིག་

Vol. 163 · folio 234b

བྱུང་བའི་གྱད་རྣམས་ཀྱི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས། དགེ་སློང་གི་དགེ་འདུན་གྱི་གོང་དུ་གདན་བཤམས་པ་ཉིད་ལ་བཞུགས་སོ། །དེ་ནས་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་སྣང་བྱེད་ཅེས་བྱ་བས་བཅའ་བ་དང་བཏུང་བ་དག་བྲིམ་པར་བརྩམས་པ་དང་། དགེ་སློང་དག་འགྱོད་པས་མི་ལེན་

ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་བདག་ལ་དྲི་བར་བྱ་བའོ། །དགེ་སློང་དག་གིས་སྡིག་བྱུང་བའི་གྱད་རྣམས་ལ་དྲིས་པ་དང་། དེ་དག་གིས་སྨྲས་པ། འཕགས་པ་དག་བཞེས་ཤིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེར་འདི་ལྟ་སྟེ། སྡིག་བྱུང་བའི་གྱད་རྣམས་ཀྱིས་

མགྲོན་དུ་བོས་པའི་དགེ་སློང་རྣམས་ལ་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་སྣང་བྱེད་ཀྱིས་བཅའ་བ་དང་བཏུང་བ་དག་བྲིམས་པ་སྦྱིན་བདག་གིས་གནང་བ་དེ་ནི་སྦྱིན་བདག་གཞི་བོའི་ཁོངས་སུ་གཏོགས་པ་དང་འདྲའོ། །བསམས་པའི་དོན་གྱིས་སྒྲའི་སྦྱོར་བ་རྣམ་པར་གཞག་གི་གྲགས་པས་ནི་མ་

ཡིན་ནོ་ཞེས་བྱ་བ་ནི། གང་གི་ཕྱིར་བརྡའི་དབང་གིས་སྒྲ་ཐམས་ཅད་དོན་ཐམས་ཅད་ཀྱི་བརྗོད་པ་དག་ཡིན་ལ། དོན་ཐམས་ཅད་ཀྱང་སྒྲ་ཐམས་ཅད་ཀྱི་བརྗོད་པར་བྱ་བ་དག་ཡིན་པ་དེའི་ཕྱིར། སངས་རྒྱས་ཚུར་ཤོག་ཅེས་བྱ་བ་ལ་སོགས་པས་བོད་ཅིང་ཅི་ཡང་རུང་བ་སྦྱིན་པར་བྱེད་པ་ནི་སྨྲ་བ་པོའི་

བསམས་པའི་དོན་གྱི་རྣམ་པར་གཞག་གི་གྲགས་པས་ནི་མ་ཡིན་ཏེ། གལ་ཏེ་དེས་དེ་སྐད་འབོད་པ་དེ་སངས་རྒྱས་ཉིད་དུ་བསམས་པ་ཡིན་ན་ནི་སངས་རྒྱས་དཀོན་མཆོག་ཉིད་ལ་ཕུལ་བ་ཡིན་ནོ། །ཇི་སྟེ་གྲགས་པ་ཉིད་དུ་བསམས་པ་ཡིན་ན་ནི་གྲགས་པ་ཉིད་ལ་ཕུལ་བ་ཡིན་ནོ། །བླངས་པ་སྤང་བར་མི་བྱའོ་

ཞེས་བྱ་བ་ནི། ཟས་དང་གོས་ལ་སོགས་པ་གཞན་ལས་བླངས་པའི་ཕྱིར་སྦྱིན་པར་མི་བྱའོ། །འདི་ལྟར་བསོད་སྙོམས་ལ་དེ་སྐད་གསུངས་པ་ཡིན་མོད་ཀྱི། གཞན་ལ་ཡང་རུང་བར་སྣང་བས་འདིས་སྤྱིར་མདོར་བསྡུས་སོ། །ལྟ་བ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དག་ལས་བླངས་པ་གཞན་གོ་རིམས་

བཞིན་ལ་སྦྱིན་པ་དང་འཚོ་བར་བྱེད་པ་ལྷག་པ་ཁམ་གཅིག་ཡན་ཆད་ལེན་པ་དང་། ཟ་བ་ནི་དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པ་ཡིན་ནོ་ཞེས་བྱ་བ་ནི། སྦྱིན་བདག་ལྟ་བ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དག་ལས་བླངས་པ། གཞན་གོ་རིམས་བཞིན་ལ་སྦྱིན་པ་ཞེས་བྱ་བ། ལྟ་བ་ཕུན་སུམ་

Vol. 163 · folio 235a

ཚོགས་པ་ལས་བླངས་པ་ལྟ་བ་ཉམས་པ་ལ་སྦྱིན་པ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལས་བླངས་པ་ཚུལ་ཁྲིམས་འཆལ་པ་ལ་སྦྱིན་པ་ནི། དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པ་ཡིན་ནོ། །ལྟ་བ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུ་ལ་སྐུར་བ་མི་འདེབས་པ་འཇིག་

རྟེན་པའི་ལྟ་བ་ཡང་དག་པར་ལྡན་པའོ། །དེ་ལས་བཟློག་པ་ནི་ལྟ་བ་ཉམས་པའོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི། སོ་སོར་ཐར་པའི་སྡོམ་པ་དང་ལྡན་པའོ། །དེ་ལས་བཟློག་པ་ནི་ཚུལ་ཁྲིམས་འཆལ་པའོ། །དེ་དག་ཀྱང་དཔེ་ཙམ་དུ་ཟེད་དེ། མཆོག་ལས་བླངས་པ་མཆོག་མ་

ཡིན་པ་ལ་སྦྱིན་པ་ཡང་དེ་བཞིན་ནོ། །བདག་ཉིད་ཚིམ་པར་གྱུར་ཟིན་པས་འཚོ་བར་བྱེད་པ་ལྷག་པ་ཐ་ན་ཁམ་གཅིག་ཙམ་ཡན་ཆད་ལེན་པ་ཡང་དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པ་ཡིན་ནོ། །བདག་ཉིད་ཚིམ་པར་གྱུར་ཟིན་པས་འཚོ་བར་བྱེད་པ་ལྷག་མ་ཐ་ན་ཁམ་གཅིག་ཙམ་ཡན་ཆད་ཟ་བ་

ཡང་དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པ་ཡིན་ནོ། །འདི་སྐད་བསྟན་ཏེ། ལྟ་བ་ཕུན་སུམ་ཚོགས་པ་ལས་བསམས་བཞིན་དུ་བླངས་ཏེ། ལྟ་བ་ཉམས་པ་ལ་སྦྱིན་པ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལས་བསམས་བཞིན་དུ་བླངས་ཏེ། ཚུལ་ཁྲིམས་འཆལ་པ་ལ་སྦྱིན་པར་བྱེད་པ་དང་།

བདག་ཉིད་ཚིམ་པར་གྱུར་ཟིན་ནས་བསམས་པ་བཞིན་དུ་འཚོ་བར་བྱེད་པ་ལྷག་པ་ཐ་ན་ཁམ་གཅིག་ཡན་ཆད་ལེན་པ་དང་། བདག་ཉིད་ཚིམ་པར་གྱུར་ཟིན་པས་བསམས་པ་བཞིན་དུ་འཚོ་བར་བྱེད་པ་ལྷག་པར་ཟས་ཐ་ན་ཁམ་གཅིག་ཙམ་ཡན་ཆད་ཟ་བ་ནི་དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པ་

ཡིན་ནོ། །ལུས་འཚོ་བ་ཙམ་ལ་ནི་དེ་དག་ཆུད་གཟོན་པར་མི་འགྱུར་རོ། །ལུས་འཚོ་བ་ཙམ་ལས་ལྷག་པ་ཐ་ན་ཁམ་གཅིག་ཡན་ཆད་ཙམ་ལ་ནི། དེ་ཆུད་གཟོན་པར་འགྱུར་རོ། །ཕ་མ་དང་ནད་པ་དང་རབ་ཏུ་འབྱུང་བར་འདོད་པས་དང་སྦྲུམ་པ་དག་དང་གདུལ་བ་དང་འདོད་པས་བསོད་སྙོམས་ལ་

རེག་པ་དང་ཁྱིམ་པ་འོངས་པ་ལ་ནི་དེ་ལས་བགོ་བཤའ་བྱའོ་ཞེས་བྱ་བ་ནི། དེ་དག་ལ་བྱིན་པ་ནི་དད་པས་སྦྱིན་པར་བྱ་བ་ཆུད་གཟོན་པར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདོད་པས་བསོད་སྙོམས་ལ་རེག་པ་ཞེས་བྱ་བ་ནི། གལ་ཏེ་ཁྱིམ་པ་བསོད་སྙོམས་འདོད་པས་དགེ་སློང་གི་བསོད་སྙོམས་

Vol. 163 · folio 235b

ལ་ལག་གིས་འཛིན་པའོ། །ཁྱིམ་པ་འོངས་པ་ཞེས་བྱ་བ་ནི། ཟས་ཀྱི་དུས་སུ་གློ་བུར་དུ་འོངས་པའོ། །དེ་དག་ཀྱང་དཔེ་ཙམ་དུ་ཟད་དེ། ཕུ་ནུ་ལ་སོགས་པ་ཉེ་དུ་གཞན་དག་ལ་ཡང་དེ་བཞིན་ནོ། །ཁམ་ཆང་གཅིག་ཟ་བ་པོ་རྣམ་པར་མ་བཅད་པར་གཞག་པར་བྱའོ་ཞེས་བྱ་བ་ནི། ཟས་ཀྱི་བྱ་བ་བྱེད་པའི་

དང་པོར་ཟས་ཀྱི་ཁམ་ཆང་གཅིག་ཟ་བ་པོ་དམིགས་ཀྱིས་ངེས་པ་མེད་པས་སེམས་ཅན་ཐམས་ཅད་ལ་བསྔོས་ཏེ་གཞག་པར་བྱ་བའོ། །འདིར་གཞུང་ནི་ཅི་ནས་ཀྱང་ལྷག་མར་མ་གྱུར་པའི་ཁམ་ཆང་གཅིག་གཞག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །དུད་འགྲོ་ལ་ཡང་སྦྱིན་པར་བྱའོ་ཞེས་བྱ་བ་ནི། ཁམ་

ཆང་གཅིག་གཞག་པ་དེའོ། །འདིར་གཞུང་ནི་དགེ་སློང་གིས་ཟོས་ནས་དུད་འགྲོ་ལ་ཁམ་མི་གཞག་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །བཟའ་བའི་ཕྱིར་ཉེ་བར་གཞག་པ་ལས་མ་རྫོགས་པར་སྦྱིན་པར་མི་བྱའོ་ཞེས་བྱ་བ་ནི། བདག་ཉིད་བཟའ་བའི་ཕྱིར་ཉེ་བར་གཞག་པའི་ཟས་ལས་བདག་

ཉིད་ཀྱིས་ཟས་ཀྱི་བྱ་བ་མ་རྫོགས་ཀྱི་བར་དུ་ལྷག་མ་ཟ་བ་ལ་སོགས་པ་ལ་སྦྱིན་པར་མི་བྱའོ། །དད་པས་སྦྱིན་པར་བྱ་བ་དེ་ཉིད་ཀྱིས་མགྲོན་དུ་བོས་པ་ལ་ཡང་མི་བྱའོ་ཞེས་བྱ་བ་ནི། ཁྱོད་ཁོ་ནས་འདི་བཟའ་བར་བྱའོ་ཞེས་དད་པས་སྦྱིན་པར་བྱ་བ་ཉིད་ཀྱི་མགྲོན་དུ་བོས་པ་ལ་བཟའ་བའི་ཕྱིར་ཉེ་བར་གཞག་

པའི་ཟས་ལས་ནི་རྫོགས་ཀྱང་སྦྱིན་པར་མི་བྱའོ། །ལྷུང་བཟེད་ཀྱི་གཞི་ནི་ལྷག་མ་བཟའ་བ་རྣམས་ལ་ཅི་བདེར་བྱའོ་ཞེས་བྱ་བ་ནི། ལྷུང་བཟེད་ཀྱི་འོག་གཞི་ཉིད་དུ་ཁུར་སྐྱ་ལ་སོགས་པ་གདིང་བ་གང་ཡིན་པ་དང་དེ་དང་འབྲེལ་བ་འབྲས་ཆན་ལ་སོགས་པའི་ལྷག་མ་གང་ཡིན་པ་དེ་ནི་ལྷག་མ་ཟ་བ་

རྣམས་ལ་ཅི་བདེར་སྦྱིན་པར་བྱ་བའོ། །གཉུག་མར་གནས་པ་རྣམས་ལ་གཏོར་མ་སྦྱིན་ནོ་ཞེས་བྱ་བ་ནི། གཙུག་ལག་ཁང་ན་གཉུག་མར་གནས་པའི་མི་མ་ཡིན་པ་དག་ལ་སྤྱི་བུངས་ལ་སོགས་པ་ལས་གཏོར་མ་སྦྱིན་པར་བྱའོ། །དེ་དག་གི་ཆོ་ག་རྗེས་སུ་འབྲང་བས་སྔ་དྲོ་ལ་སོགས་པར་རོ་ཞེས་

བྱ་བ་ནི། གཉུག་མར་གནས་པ་དེ་དག་གི་ཟས་ཀྱི་ཆོ་གའི་རྗེས་སུ་འབྲང་བས། དེ་དག་ལ་གཏོར་མ་སྦྱིན་པ་ནི་སྔ་དྲོའམ་གུང་ཚིགས་སམ་ཕྱི་དྲོའམ་མཚན་མོ་ལ་སོགས་པར་གང་རིག་པར་བྱའོ། །ཆོ་ག་ཐ་དད་པ་ཉིད་ཡིན་ན་ཐ་དད་པར་རོ་ཞེས་བྱ་བ་ནི། གཙུག་ལག་ཁང་གང་ན་གཉུག་མར་གནས་

Vol. 163 · folio 236a

པ་ཁ་ཅིག་གི་ཆོ་ག་ཡང་གཞན་ཡིན་ལ། ཁ་ཅིག་གི་ཆོ་ག་ཡང་གཞན་ཡིན་ན། དེ་དག་ཆོ་ག་ཐ་དད་པ་ཉིད་ལ་དྲི་དང་མེ་ཏོག་དང་བདུག་པ་དང་གཏོར་མ་ལ་སོགས་པ་ཡང་རང་རང་གི་ཆོ་ག་བཞིན་ཐ་དད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཨ་མྲ་རུས་པ་མ་ཆགས་པ་ཉིད་ཀྱི་གནས་

སྐབས་སུ་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། ཤིང་ཏོག་ཨ་མྲ་རུས་པ་མ་ཆགས་པའི་གནས་སྐབས་སུ་བཟའ་བར་མི་བྱའོ། །རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་དང་བཅའ་བར་བྱ་བ་དང་འབྲས་ཆན་དང་ཟན་དྲོན་དང་ལྡེ་གུ་དང་ཤ་དང་སྣུམ་ཁུར་དང་འོ་མ་དང་ཞོ་དང་མར་དང་ཉ་

ཤ་དང་ཤ་སྐམ་དག་ནི་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། རྩ་བ་ལ་སོགས་པ་དེ་དག་དགེ་སློང་རྣམས་ཀྱིས་བཟའ་བའི་ཕྱིར་མི་རུང་བ་ཉིད་མ་ཡིན་ཏེ་རུང་བ་ཁོ་ན་ཡིན་ནོ། །རྩ་བ་ལ་སོགས་པས་ནི་བཅའ་བ་དག་བསྟན་ཏོ། །འབྲས་ཆན་ལ་སོགས་པས་ནི་བཟའ་བ་དག་བསྟན་ཏོ། །འོ་མ་ལ་སོགས་

པས་ནི་ཚོད་མ་དག་བསྟན་ཏོ། །གསོ་མ་དང་ཡུངས་ཀར་དང་རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པའི་ཐུག་པ་དག་བསྟེན་པར་བྱ་བ་ཉིད་མ་ཡིན་པར་དོགས་པར་མི་བྱའོ་ཞེས་བྱ་བ་ནི། གསོ་མ་ལ་སོགས་པ་དེ་དག་གི་ཐུག་པ་དག་བསྟེན་པར་བྱ་བ་ཉིད་མ་ཡིན་པར་དོགས་

པར་མི་བྱ་བ་སྟེ། བསྟེན་པར་བྱ་བ་ཉིད་ཁོ་ན་ཡིན་ནོ། །འདི་དག་སྨན་གྱི་སྐབས་ཡིན་མོད་ཀྱི་འཚོ་བ་ཙམ་གཞན་ལ་ཡང་རུང་བ་ཉིད་ཡིན་ནོ། །ཆུས་ཀྱང་སྦངས་ན་བཙག་ཏུ་གྱུར་པ་ཉིད་དོ་ཞེས་བྱ་བ་ནི། བཟའ་བ་དང་བཅའ་བ་དག་ནི་ཐ་ན་ཆུ་ཙམ་གྱིས་ཀྱང་སྦངས་ན་བཙག་ཏུ་གྱུར་པ་ཉིད་ཡིན་ཏེ། ཆུ་

ཞེས་སྨོས་པ་ནི་མཐའ་བསྟན་པ་སྟེ། དེས་ཀྱང་འོ་མ་ལ་སོགས་པ་ཚོད་མའི་རྣམ་པ་གང་ཡང་རུང་བས་སྦངས་པ་ན་བཙག་ཏུ་གྱུར་པ་ཉིད་བསྟན་ཏོ། །རྐྱལ་པར་བླུགས་པ་ནི་མི་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། ཚྭ་ལ་སོགས་པ་རྐྱལ་པ་དང་འབྲག་དང་གྲོད་པ་ལ་སོགས་པར་བླུགས་པ་དེ་དག་ནི་

སྣོད་དེ་དག་ཀོ་ལྤགས་ཡིན་དུ་ཟིན་ཀྱང་མི་རུང་བ་ཉིད་མ་ཡིན་ཏེ་རུང་བ་ཁོ་ནའོ། །སྣོད་དུ་ཟན་བཟར་རུང་ངོ་ཞེས་བྱ་བ་ནི། དེ་ལ་འགལ་བ་མེད་པའོ། །སྣོད་ཁྱད་པར་ཇི་ལྟ་བུ་ཅན་ཞེ་ན། དེའི་ཕྱིར་ཡོལ་གོར་རོ་ཞེས་བྱ་བ་སྨྲས་ཏེ། ཤིང་ལས་བྱས་པའི་ཡོལ་གོར་རོ། །རྡོ་ལས་བྱས་པར་ཡང་ངོ་

Vol. 163 · folio 236b

ཞེས་བྱ་བ་ནི། ཡོལ་གོར་ཟས་བཟར་རུང་བའོ། །ཟས་བྱས་པར་ཡང་ངོ་ཞེས་བྱ་བ་ནི། སྣོད་དེར་སྔོན་ཟས་ཟོས་སུ་ཟིན་ཀྱང་ཡང་ཟས་ཀྱི་སྣོད་བྱར་རུང་བའོ། །ལྕགས་ཀྱི་ལྷུང་བཟེད་ལ་སོགས་པ་བཞིན་བཀྲུས་ཏེའོ་ཞེས་བྱ་བ་ནི། ཇི་ལྟར་ལྕགས་ཀྱི་ལྷུང་བཟེད་ལ་སོགས་པ་སྔར་ཟས་བླུགས་པ་

ཡང་བཀྲུ་སྟེ། ཟས་ཀྱི་སྣོད་བྱེད་པ་དེ་བཞིན་དུ་ཤིང་དང་རྡོའི་ཡོལ་གོ་འདི་དག་ཏུ་སྔར་ཟས་བླུགས་པ་ཡང་བཀྲུས་ཏེ་ཟས་ཀྱི་སྣོད་དུ་བྱའོ། །བཀྲུ་བཤལ་ནི་གནས་པའི་ལས་ཡིན་ནོ་ཞེས་བྱ་བ་ནི། ལྷུང་བཟེད་ལ་སོགས་པའི་ལས་བཀྲུ་བཤལ་ནི་སློབ་མ་དང་ཉེ་གནས་དག་གི་ལས་ཡིན་པའོ། །

ཟོས་ནས་ཀྱང་ངོ་ཞེས་བྱ་བ་ནི། ཟས་ཟོས་པའི་རྗེས་ལ་ལྷག་མ་ཅན་གྱི་ལྷུང་བཟེད་ལ་སོགས་པའི་བཀྲུ་བཤལ་ཡང་གནས་པ་དག་གི་ལས་ཡིན་ནོ། །འདིར་གཞུང་ནི་མཁན་པོ་དང་སློབ་དཔོན་དག་གི་སྣོད་དག་གནས་པ་དག་གིས་བཀྲུས་ཏེ་དབུལ་བར་བྱའོ། །ཟོས་ནས་ཀྱང་གནས་པ་དག་གིས་

སྣོད་དང་བྱ་མ་བུམ་དག་བཀྲུས་ཏེ་བསྐུར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཞན་དང་ལྷན་ཅིག་སྣོད་གཅིག་ཏུ་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། གཞན་གཉིས་པ་ལ་སོགས་པ་དང་ལྷན་ཅིག་སྣོད་གཅིག་གི་ནང་དུ་ཟས་བཟའ་བར་མི་བྱ་བའོ། །ལམ་དུ་སྣོད་དག་མེད་ན་བཟའ་བར་བྱའོ་ཞེས་བྱ་བ་ནི། ལམ་

དུ་སྣོད་གཞན་དག་མེད་ན་གཞན་དང་ལྷན་ཅིག་སྣོད་གཅིག་ཏུ་བཟའ་བར་བྱའོ། །རིམ་གྱིས་ཟ་ན་དུས་ལས་ཡོལ་བར་དོགས་ན་ལྷན་ཅིག་བཟའི། དུས་ལས་ཡོལ་བར་མི་འགྱུར་ན་ནི་དེའི་ཚེ་ཡང་ལྷན་ཅིག་བཟའ་བར་མི་བྱ་བའོ། །ལམ་དུ་སུ་དང་ལྷན་ཅིག་ཏུ་སྣོད་གཅིག་ཏུ་བཟའ་བར་བྱ་ཞེ་ན། དེའི་ཕྱིར་དགེ་

སློང་དང་ངོ་ཞེས་བྱ་བ་སྨྲས་སོ། །གཞན་གྱིས་ལག་བཏེག་ན། རང་གིས་གཞུག་གོ་ཞེས་བྱ་བ་ནི། ལྷན་ཅིག་ཟ་བའི་ཚེ་དགེ་སློང་གཞན་གྱིས་ལག་བཏེག་པ་ན་རང་གིས་ལག་གཞུག་པར་བྱ་བའོ། །དགེ་ཚུལ་དང་ནི་འོག་མ་བཞིན་ནོ་ཞེས་བྱ་བ་ནི། དགེ་ཚུལ་དང་འོག་མ་ཞེས་བྱ་བ་འོག་ནས་གཡོག་རྣམས་

ལ་བཅངས་ཏེ་སྦྱིན་ནོ་ཞེས་འབྱུང་བ་བཞིན་དུ་སྡེར་ལ་མི་གདགས་པར་འཚལ་མ་ཕོག་ལ་སྩལ་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །མི་ལྡན་པ་ན་ལྷན་ཅིག་ཏུ་ཞེས་བྱ་བ་ནི། རྐྱེན་གྱི་དབང་གིས་འཚལ་མ་ཕོག་ལ་སྩལ་དུ་མི་ལྡན་ན་ལམ་དུ་སྣོད་གཞན་མེད་ན་དགེ་ཚུལ་དང་ཡང་ལྷན་ཅིག་སྣོད་གཅིག་ཏུ་བཟའ་བའོ། །

Vol. 163 · folio 237a

འདིར་གཞུང་ནི་དགེ་ཚུལ་དག་ལ་སྣོད་དག་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ལ་བཅངས་ཏེ་ལག་ཏུ་སྦྱིན་པར་བྱའོ། །ལམ་འཇིགས་པ་དང་བཅས་ཤིང་འགྲོན་པ་དག་ཀྱང་ཐལ་ལམ་ཟས་བཅད་དུ་མི་རུང་ན་ལྷུང་བཟེད་བྱིན་གྱིས་བརླབས་པ་མི་གཏོང་བར་དེ་དག་

དང་ལྷན་ཅིག་སྣོད་གཅིག་ཏུ་བཟའ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །གཡོག་རྣམས་ལ་བཅངས་ཏེ་སྦྱིན་ནོ་ཞེས་བྱ་བ་ནི། འཚལ་མ་ཕོག་ལ་སྩལ་བའོ། ཉེ་དུ་གཅུགས་པས་གསོལ་ན་ཐམས་ཅད་དུ་དབེན་པའི་ཕྱོགས་སུའོ་ཞེས་བྱ་བ་ནི། གལ་ཏེ་ཉེ་དུ་གཅུགས་པས་ལྷན་ཅིག་བཟའ་བར་གསོལ་ན་

དེའི་ཚེ་ལམ་འབའ་ཞིག་ཏུ་མ་ཟད་ཀྱིས། གནས་ཐམས་ཅད་དུ་ཡང་དབེན་པའི་ཕྱོགས་སུ་ལྷན་ཅིག་ཏུ་བཟའ་བར་བྱའོ། །དེ་གཉིས་ལས་བྱིན་ལེན་བྱས་པ་འཇིག་པ་དང་བྱིན་ལེན་མ་བྱས་པ་དང་འདྲེ་བ་བསྲུང་བར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། དགེ་ཚུལ་དང་ཉེ་དུ་དེ་གཉིས་དང་དེ་དག་དང་ལྷན་ཅིག་ཟ་བའི་ཚེ་བྱིན་

ལེན་བྱས་པ་འཇིག་པ་དང་། བྱིན་ལེན་མ་བྱས་པ་དང་འདྲེ་བ་བསྲུང་བར་བྱ་བ་ཉིད་ཡིན་ནོ། །ཇི་ལྟར་བསྲུང་བར་བྱ་བ་ཉིད་ཡིན་ཞེ་ན། དེའི་ཕྱིར་ལྷུང་བཟེད་བྱིན་གྱིས་བརླབས་ཏེ་ལག་པ་དག་བསྙལ་དུ་བཅུག་ནས་སོ་ཞེས་བྱ་བ་སྨྲས་ཏེ། རང་གི་ལྷུང་བཟེད་བྱིན་ལེན་བྱས་ཏེ། དེ་གཉིས་ལག་བསྙལ་དུ་བཅུག་

ནས་ལྷན་ཅིག་བཟའ་བར་བྱའོ། །འདིར་གཞུང་ནི་ཕྱོགས་དབེན་པར་འདུག་སྟེ་ལག་པ་དག་བསྙལ་དུ་བཅུག་ནས་སྣོད་མི་གཏོང་བར་བཟའ་བར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །མཆིལ་ལྷམ་དང་བཅས་པ་བཞིན་དུ་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། མཆིལ་ལྷམ་དག་གྱོན་བཞིན་

དུ་བཟའ་བར་མི་བྱའོ། །ནད་པས་ནི་མནན་ཏེའོ་ཞེས་བྱ་བ་ལ། འདིར་ནད་པ་ཞེས་བྱ་བ་ནི། ནད་པ་གང་ལ་རྐང་པ་ས་ལ་གཞག་ན་མི་འཕྲོད་པ་དེ་ནད་པ་ཡིན་པར་ཁས་བླངས་ཏེ། དེས་ནི་མཆིལ་ལྷམ་གཉིས་ཕུད་པའི་སྟེང་དུ་རྐང་པ་གཉིས་ཀྱིས་མནན་ཏེ་བཟའ་བར་བྱ་བའོ། །སྒྲེན་མོ་དང་གོས་གཅིག་

པས་མི་བྱའོ་ཞེས་བྱ་བ་ནི། བཟའ་བར་རོ། །ནད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ལ། འདིར་ནད་པའི་ཚད་ནི་མི་ནུས་པ་ལ་བྱ་སྟེ། དེས་ནི་སྒྲེན་མོའམ་གོས་གཅིག་པས་ཟ་བ་ལ་ལྟུང་བ་མེད་དོ། །དེ་གཡོག་དག་གིས་སྐྱོར་བར་བྱའོ་ཞེས་བྱ་བ་ནི། ནད་པ་དེ་ནད་གཡོག་དག་གིས་ལུས་དང་གོས་ལ་

Vol. 163 · folio 237b

སོགས་པས་སྐྱོར་ཏེ་ཟར་གཞུག་པའོ། །འདིར་གཞུང་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲེན་མོས་བཟའ་བར་མི་བྱའོ། །ནད་པས་སྦྱོར་མི་བཟོད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་ལྟུང་བ་མེད་དོ། །དེ་གཡོག་གིས་གོས་ཀྱིས་སྐྱོར་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ནུས་

ན་རྔུལ་གཟན་ལ་བརྟེན་པར་བྱའོ་ཞེས་བྱ་བ་ནི། ནད་པས་ནུས་ན་རྔུལ་གཟན་ལ་བརྟེན་པར་བྱའོ། །གལ་ཏེ་ནུས་ན་ཆོས་གོས་སྟེང་མ་མེད་པར་བཟའ་བར་མི་བྱའོ། །གསང་བའི་ཕྱོགས་ཀྱང་ངོ་ཞེས་བྱ་བ་ནི། ནད་པས་ནུས་ན་ཁོར་གསུམ་ཁེབས་པའི་མཐར་ཐུག་པའི་ཤམ་ཐབས་ལ་བརྟེན་པར་བྱ་སྟེ། འདི་ནི་

སྒྲེན་མོའི་སྐབས་དང་གོས་གཅིག་པའི་སྐབས་གཉི་གར་གཏོགས་པ་ཡིན་པར་རིག་པར་བྱའོ། །ཟན་གྱི་ཕྱིར་འདུག་པས་འདིའམ་འདི་ནས་བྱིན་ཅིག་ཅེས་འདྲིམ་མཁན་ལ་གོ་བར་མི་བྱའོ་ཞེས་བྱ་བ་ནི། ཟན་གྱི་ཕྱིར་འདུག་ཅིང་བཀད་པའི་གང་ཟག་གིས་དངོས་པོ་འདི་བྱིན་ཅིག་ཅེའམ། སྤྱི་བུངས་ལ་སོགས་

པ་འདི་ནས་བྱིན་ཅིག་ཅེས་གང་ཟག་འདྲིམ་མཁན་ལ་བརྗོད་ཅིང་གོ་བར་མི་བྱའོ། །ནད་པས་འཕྲོད་པ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། གལ་ཏེ་ནད་པས་ནད་དང་འཕྲོད་པ་ཁམས་སྙོམས་པར་འགྱུར་བའི་ཟས་འདི་བྱིན་ཅིག་ཅེ་འམ། འདི་ནས་བྱིན་ཅེས་གོ་བར་བྱས་པ་ལ་ལྟུང་བ་མེད་པའོ། །འདིར་གཞུང་ནི་

ནད་པ་ལ་གལ་ཏེ་དེས་ཁམས་སྙོམས་པར་འགྱུར་ན་ལྟུང་བ་མེད་དོ་ཞེས་གསུངས་པ་དེ་འདིར་བསྡུས་པ་ཡིན་ནོ། །གཞུང་ཁ་ཅིག་ལས་དེའི་དཔེ་བསྟན་པ་དེ་བསྟན་པའི་ཕྱིར། དཔེར་ན་དྲོད་ཆུང་བས་ཚོས་པ་དང་དྲོད་ཆེ་བས་རློན་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། དྲོད་ཆུང་བས་ཚོས་པ་བྱིན་ཅིག་འདི་ནས་བྱིན་

ཅིག་ཅེས་བྱ་བ་དང་། དྲོད་ཆེ་བས་རློན་པ་བྱིན་ཅིག་འདི་ནས་བྱིན་ཅིག་ཅེས་གོ་བར་བྱས་པ་ལ་ལྟུང་བ་མེད་པ་ལྟ་བུའོ། །བདག་ཉིད་ལ་ནད་པའི་འདུ་ཤེས་དང་ཟས་ལ་སྨན་གྱི་འདུ་ཤེས་ཉེ་བར་གཞག་སྟེ་བཟའ་བར་བྱའོ་ཞེས་བྱ་བ་ནི། བཀྲེས་པ་དང་སྐོམ་པ་ནི་ནད་ཡིན་ལ། བདག་ལ་དེ་ཡོད་པས་

བདག་ཉིད་ལ་ནད་པའི་འདུ་ཤེས་ཉེ་བར་གཞག་པ་དང་། དེ་ཟས་ཀྱི་འཚོ་བས་ཟས་ལ་སྨན་གྱི་འདུ་ཤེས་ཉེ་བར་གཞག་སྟེ། ཟས་བཟའ་བར་བྱ་བའོ། །དྲན་པ་ཡང་ངོ་ཞེས་བྱ་བ་ཡང་། ཟས་ལ་ཉེ་བར་གཞག་སྟེ་བཟའ་བར་བྱ་བའོ། །ཇི་ལྟར་ཞེ་ན། དེའི་ཕྱིར་འབྱུང་བ་དང་འདྲ་བ་དང་འགྱུར་བ་དང་

Vol. 163 · folio 238a

ཕྱིར་རྒོལ་བ་ཉིད་དང་རྒྱུ་མཐུན་པ་དང་བརྟེན་པའི་རྣམ་པ་དང་བཙལ་བ་དང་གཞན་ལ་རག་ལས་པ་ཉིད་དང་ནད་དང་བཅས་པ་ཉིད་དང་སོ་སོར་འགྲོ་བ་ཉིད་དག་གིས་མི་མཐུན་པ་ཉིད་དུ་གཞག་པའོ་ཞེས་བྱ་བ་སྨྲས་ཏེ། འབྱུང་བ་ལ་སོགས་པ་རྣམ་པ་བཅུ་པོ་དེ་དག་གིས་ཟས་ལ་མི་མཐུན་པའི་

དྲན་པ་ཉེ་བར་གཞག་སྟེ་བཟའ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལ་འབྱུང་བ་ཞེས་བྱ་བ་ནི། ཟས་འདི་མི་གཙང་བ་དང་ལུད་ལ་སོགས་པ་དག་ལས་འབྱུང་བའོ། །འདྲ་བ་ཞེས་བྱ་བ་ནི། འདི་ལྟ་སྟེ། འབྲས་ཆན་ནི་སྲིན་བུ་དང་འདྲ་བ་ཕྱེ་དག་ནི་རུས་ཕྱེ་དང་འདྲ་བ་ལ་སོགས་པའོ། །འགྱུར་བ་ཞེས་བྱ་བ་ནི། ཟས་ཟོས་

ན་བད་ཀན་དང་སྣབས་དང་རྣག་དང་ཁྲག་ལ་སོགས་པར་འགྱུར་བའོ། །ཕྱིར་རྒོལ་བ་ཉིད་ཅེས་བྱ་བ་ནི། ཟས་ཀྱི་ཕྱིར། ཕྱིར་རྒོལ་བ་ཉིད་རྣམས་དང་རྗེས་སུ་འབྲེལ་བ་སྟེ། ཟས་ཀྱི་རྒྱུ་ལས་མ་ནི་བུ་དང་ལྷན་ཅིག་འཐབ་པར་བྱེད། བུ་ནི་མ་དང་ལྷན་ཅིག་འཐབ་པར་བྱེད་པ་ལ་སོགས་པའོ། །རྒྱུ་མཐུན་པ་ཞེས་བྱ་

བ་ནི། ཟས་ནི་བཤང་བ་དང་གཅི་བ་ལ་སོགས་པ་ཤིན་ཏུ་སྨད་པ་དག་དང་རྒྱུ་མཐུན་པ་ཡིན་པའོ། །བརྟེན་པའི་རྣམ་པ་ཞེས་བྱ་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། ཟས་འདི་ཞིང་ལ་སོགས་པ་ལ་བརྟེན་ཏེ་བྱུང་བ་དང་དེ་དག་ལ་བརྟེན་ནས་སྲེད་པ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་དག་འབྱུང་

བའི་ཕྱིར་རོ། །བཙལ་བ་ཞེས་བྱ་བ་ནི། དེ་ཚེགས་ཆེན་པོས་སྒྲུབ་དགོས་པའོ། །གཞན་ལ་རག་ལས་པ་ཉིད་ཅེས་བྱ་བ་ནི། ཚེགས་ཆེན་པོས་འབྲུ་ལ་སོགས་པ་གྲུབ་ཀྱང་དེ་གཡོ་བ་ལ་སོགས་པ་མེད་ན་མི་ལྡན་པའི་ཕྱིར། གཞན་ལ་རག་ལས་པ་ཉིད་དུ་འགྱུར་བའོ། །ནད་དང་བཅས་པ་ཉིད་ཅེས་བྱ་

བ་ནི། ཟས་ལོག་པར་ཞུ་བས་རིམས་ལ་སོགས་པ་ནད་མང་པོ་དུ་མ་དག་འབྱུང་བའི་ཕྱིར་རོ། །སོ་སོར་འགྲོ་བ་ཉིད་ཅེས་བྱ་བ་ནི། ཟས་འདི་རྣམ་པ་བཞིར་འགྲོ་བ་སྟེ། དེའི་ཆ་གཅིག་ནི་ལུས་ཀྱི་མེས་སྲེག་པར་བྱེད་པ་དང་། གཉིས་པ་ནི་བཤང་བ་དང་གཅི་བར་འགྱུར་བ་དང་། གསུམ་པ་ནི་

སྲིན་བུ་དག་གིས་བཟའ་བར་འགྱུར་བ་དང་། བཞི་པ་ནི་ལུས་རྟས་པར་བྱེད་པའོ།། །།བམ་པོ་ལྔ་བཅུ་བརྒྱད་པ། དྲན་པ་ཉེ་བར་གནས་པས་སོ་ཞེས་བྱ་བ་ནི། ཟས་ལ་སེམས་གཏད་པས་སོ། །སེམས་རྣམ་པར་མ་གཡེངས་པས་སོ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱིས་ཟས་ལ་

Vol. 163 · folio 238b

གཏད་པས་སོ། །ཤེས་བཞིན་གྱིས་སྒྲ་བསྐྱུང་ཞིང་ངོ་ཞེས་བྱ་བ་ནི། བླག་ཅོར་མི་བྱ་བར་ཟས་བཟའ་བར་བྱ་བའོ། །དེ་མི་བྱ་བར་རོ་ཞེས་བྱ་བ་ནི། ལག་པ་དང་རྐང་པ་ལ་སོགས་པའི་སྒྲ་མི་བྱ་བར་རོ། །མི་དབྱུང་བར་ཐུག་པ་དག་གོ་ཞེས་བྱ་བ་ནི་སྒྲ་མི་དབྱུང་བར་ཐུག་པ་དག་བཏུང་བར་བྱའོ། །ཁྲུམ་

ཁྲུམ་མི་བྱ་བར་རོ་ཞེས་བྱ་བ་ནི། སྒྲ་ཁྲུམ་ཁྲུམ་མི་བྱ་བར་ཁུར་བ་ལ་སོགས་པ་བཅའ་བར་བྱའོ། །སྒྲ་འབྱུང་བ་དག་ཆུ་ལ་སོགས་པས་སྙི་བར་བྱའོ་ཞེས་བྱ་བ་ནི། ཟས་བལྡད་ན་སྒྲ་འབྱུང་བ་དག་ཆུ་ལ་སོགས་པས་སྦང་བར་བྱ་བའོ། །བཟའ་བ་དེའི་དོན་དུ་རོལ་མོ་བྱེད་དུ་མི་འཇུག་གོ་ཞེས་བྱ་བ་ནི། ཟས་

བཟའ་བ་དེའི་དོན་དུ་གླུ་གླིང་དང་སིལ་སྙན་ལ་སོགས་པའི་རོལ་མོ་བྱེད་དུ་གཞུག་ཅིང་བཟའ་བར་མི་བྱ་བའོ། །འདིར་གཞུང་ནི་ཨ་མྲས་བསྐྱངས་ཀྱིས་རང་གིས་མགྲོན་དུ་བོས་པའི་དགེ་འདུན་ཟན་ཟ་བ་ན་རོལ་མོ་བྱ་བར་བརྩམས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་

རོལ་མོ་བྱེད་དུ་བཅུག་པ་བཞིན་དུ་བཟའ་བར་མི་བྱའོ། །ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཁང་པའི་དུས་སྟོན་དང་མཆོད་རྟེན་ལ་རོལ་མོ་བྱེད་དུ་བཅུག་པ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །ཁ་ནས་རོལ་མོ་བྱེད་པ་ཉིད་ལ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །བཤད་པ་བྱེད་པ་ཉིད་ནི་མི་བྱའོ་

ཞེས་བྱ་བ་ནི། ཆོས་བཤད་པ་དང་ཡོན་བཤད་པ་ལ་སོགས་པ་བྱེད་པ་ཉིད་ན་ཟན་བཟའ་བར་མི་བྱའོ། །དེ་སོ་སོར་རིག་པར་བྱའོ་ཞེས་བྱ་བ་ནི། ཡོན་བཤད་པ་དེ་སོ་སོར་རིག་པར་བྱའོ། །འདིར་གཞུང་ནི་དགེ་སློང་གིས་ཡོན་བཤད་པར་བྱེད་པ་ན་བཟའ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཡོན་བཤད་

པ་ཞེས་བྱ་བ་ནི། དགེ་བའི་རྩ་བ་བསྔོ་ཞིང་སྨོན་ལམ་འདེབས་པའོ། །དུས་ཡོལ་བར་གྱུར་ན་ཚིགས་སུ་བཅད་པ་གཉིས་སམ་གསུམ་དུའོ་ཞེས་བྱ་བ་ནི། གལ་ཏེ་དྲོའི་དུས་ཡོལ་བར་དོགས་པ་ཡོད་ན་དེའི་ཚེ་ཚིགས་སུ་བཅད་པ་གཉིས་སམ་གསུམ་བཤད་པ་བྱེད་ཀྱི་བར་དུ་བཟའ་བར་མི་བྱ་བའོ། །

རྐྱང་པ་འཆད་ན་ཚིག་གཉིས་སམ་གསུམ་འཆད་ཀྱི་བར་དུ་བཟའ་བར་མི་བྱ་བ་ཡང་འདིའི་རྗེས་སུ་འབྲང་བས་ཤེས་པར་བྱའོ། །དེའི་འོག་ཏུ་ཟ་བ་ལ་ནི་ལྟུང་བ་མེད་དོ། །ཟོས་ནས་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་ཏོ་ཞེས་བྱ་བ་ནི། ཟན་ཟོས་པའི་རྗེས་ལ་ལག་པ་བསྙལ། ལྷུང་བཟེད་

Vol. 163 · folio 239a

བཞག་ཁ་བཀྲུས་ནས་དྲང་སྲོང་གིས་གསུངས་པའི་ཚིགས་སུ་བཅད་པ་གདོན་པའོ། །ཟོས་ནས་མགྲོན་དུ་འབོད་པ་ལ་ཡོན་བཤད་པ་དང་ཆོས་བཤད་པ་དག་བྱའོ་ཞེས་བྱ་བ་ནི། ཟན་ཟོས་པའི་རྗེས་ལ་སྦྱིན་བདག་ལ་ཡོན་བཤད་པ་དང་ཆོས་བཤད་པ་དག་བྱའོ། །མདོ་སྡེའི་གཞུང་

ལས་ལག་པ་བསྙལ་ལྷུང་བཟེད་བཞག་ནས་ཞེས་གསུངས་པ་བཞིན་དུ་ཤེས་པར་བྱ་སྟེ། ཁའི་ནང་ཡང་བཀྲུས་ནས་ཚིགས་སུ་བཅད་པ་གདོན་པར་བྱའོ། །ཐམས་ཅད་ཀྱིས་ཟོས་ཟིན་པ་ཉིད་དུ་ངེས་པར་ཤེས་ནས་སོ་ཞེས་བྱ་བ་ནི། དགེ་སློང་ཐམས་ཅད་ཀྱིས་ཟན་ཟོས་ཟིན་པ་ཉིད་དུ་ངེས་པར་

ཤེས་ནས་ཡོན་བཤད་པ་དང་ཆོས་བཤད་པ་དག་བྱའོ། །ཇི་ལྟར་ངེས་པར་ཤེས་པར་བྱ་ཞེ་ན། དེའི་ཕྱིར་ཀུན་དུ་བལྟ་བས་སོ་ཞེས་བྱ་བ་སྨྲས་སོ། །གང་གིས་དེ་དག་བྱ་ཞེ་ན། དེའི་ཕྱིར་དུ་མ་ཉིད་ཡིན་ན་དང་པོས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དགེ་སློང་དག་དུ་མ་ཉིད་ཡིན་ན་དེའི་ཚེ་དེ་དག་གི་གྲལ་

གྱི་དང་པོ་པས་དེ་དག་བྱའོ། །མི་ནུས་ན་ནུས་པ་གཞན་ལ་བཅོལ་ལོ་ཞེས་བྱ་བ་ནི། གལ་ཏེ་དང་པོས་དེ་དག་མི་ནུས་ན་དགེ་སློང་དུ་མ་ཉིད་ཡོད་པ་གཞན་ལ་བཅོལ་བར་བྱ་བའོ། །གལ་ཏེ་མ་བྱས་པར་དགེ་སློང་རྣམས་འགྲོ་བའི་རྐྱེན་བྱུང་ན་འཁོར་ཐ་ན་བཞི་ཡན་ཆད་སྦྱིན་ནོ་ཞེས་བྱ་བ་ནི། གལ་ཏེ་ཡོན་

བཤད་པ་དང་ཆོས་བཤད་པ་དག་མ་བྱས་མ་རྫོགས་པར་དགེ་སློང་རྣམས་འགྲོ་དགོས་པའི་རྐྱེན་བྱུང་ན། དེའི་ཚེ་འཆད་པར་བྱེད་པའི་འཁོར་ཐ་ན་དགེ་སློང་བཞི་ཡན་ཆད་བཞག་སྟེ་གཞན་འགྲོ་བར་བྱ་བའོ། །དེ་ལ་རྐྱེན་བྱུང་ན་བྱིན་པ་ལ་ཞུས་ཏེའོ་ཞེས་བྱ་བ་ནི། འཁོར་དེ་ལ་འགྲོ་དགོས་པའི་རྐྱེན་

ཞིག་བྱུང་ན། འཆད་པར་བྱེད་པ་གང་གི་འཁོར་དུ་བདག་ཉིད་བྱིན་པ་དེ་ལ་ཞུས་ཏེ་འཁོར་དེ་ཡང་འགྲོ་བར་བྱ་བའོ། །ཡོན་འཆད་པ་ན་དགའ་བོ་དང་ཉེ་དགའ་དག་གི་མིང་སྨོས་པར་བྱའོ་ཞེས་བྱ་བ་ནི། ཡོན་འཆད་པར་བྱེད་པ་ན་དེར་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་གཉིས་ཀྱི་མིང་ཡང་སྨོས་

པར་བྱ་བ་སྟེ། དེ་གཉིས་ནི་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་མངོན་པར་དད་པ་ཉིད་ཡིན་པའི་ཕྱིར་དང་། བསྟན་པ་ཡོངས་སུ་སྐྱོང་བར་བྱེད་པ་ཉིད་ཡིན་པའི་ཕྱིར་ཏེ། མིང་སྨོས་ན་དགའ་བ་ཡང་སྐྱེ་བའི་ཕྱིར་རོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས་ཡོན་འཆད་པའི་ཚེ་ན་ཀླུའི་རྒྱལ་པོ་

Vol. 163 · folio 239b

དགའ་བོ་དང་ཉེ་དགའ་གཉིས་ཀྱི་མིང་ཡང་སྨོས་པར་བྱའོ། །སྨོས་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མིད་པ་གཉིས་པས་དུས་མ་ཡིན་པའི་སྒྲེགས་པ་དག་དང་པོ་གཉིས་སམ་གསུམ་བོར་ཏེ་ཁ་བཀྲུས་ནས་མིད་པར་བྱའོ་ཞེས་བྱ་བ་ནི། གང་ལ་མིད་པ་གཉིས་

ཡོད་པ་དེ་ནི་མིད་པ་གཉིས་པ་སྟེ། དེས་ཟས་ཟོས་ནས་ཕྱི་དྲོ་དུས་མ་ཡིན་པར་བ་ལང་བཞིན་དུ་སྒྲེགས་པ་འབྱུང་ཞིང་ཟས་ཕྱིར་ཟློས་ཤིང་བལྡད་ན་དང་པོར་གཉིས་སམ་གསུམ་བོར་ཏེ། དེའི་འོག་ཏུ་ཁ་བཀྲུས་ནས་ཕྱི་མ་རྣམས་མིད་པར་བྱ་བ་སྟེ། དེ་ནི་འཚག་འབྲི་ཞིང་སྦྱོར་མི་བཟོད་པའི་ཉེས་པ་

སྤང་བའི་ཕྱིར་རོ། །གཉིས་སམ་གསུམ་འདོར་བ་ནི་ཁ་ཆུ་ལ་སོགས་པས་གནོད་པ་ཉིད་སྤང་བའི་ཕྱིར་རོ། །ཁ་བཀྲུ་བ་ནི་ཁ་ལ་ཆགས་པ་དང་བྲལ་བར་བྱ་བའི་ཕྱིར་རོ། །དེ་ནི་ཟས་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། སྒྲེགས་པ་དང་འབྲེལ་པ་དེ་ནི་ཟས་ཁོ་ན་ཡིན་པའོ། །དེའི་ཕྱིར་གཞན་གྱི་དུས་མ་ཡིན་

པ་དང་སྤངས་པའི་ཚེ་སྒྲེགས་པ་འབྱུང་ན་ཁ་བཀྲུ་བར་བྱའོ་ཞེས་བྱ་བ་ནི། གང་གི་ཕྱིར་སྒྲེགས་པ་དང་འབྲེལ་པ་དེ་ཟས་ཡིན་པ་དེའི་ཕྱིར་མིད་པ་གཉིས་པ་ལས་གཞན་པ་མིད་པ་གཅིག་པས་དུས་མ་ཡིན་པ་ཉིད་མ་ཡིན་པ་དང་ཟས་སྤངས་པའི་ཚེ་སྒྲེགས་པ་འབྱུང་ན་ཁ་བཀྲུ་བར་བྱའོ། ད་འདི་

མན་ཆད་ན་ཟས་ཀྱི་རྒྱུ་མཐུན་པ་གང་དག་ཡིན་པ་དེ་དག་བརྗོད་པར་བྱའོ། །མ་བཤམས་པའི་ཕྱོགས་སུ་མཆིལ་མ་དོར་བར་མི་བྱའོ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་ཕྱོགས་གང་དུ་དགེ་འདུན་གྱི་མཆིལ་མ་དོར་བའི་གནས་མ་བཤམས་པའི་ཕྱོགས་དེར་མཆིལ་མ་གྱ་ཚོམ་དུ་དོར་བར་མི་བྱ་བའོ་

བྱི་དོར་བྱས་པར་ཡང་མི་བྱའོ་ཞེས་བྱ་བ་ནི། དགེ་འདུན་གྱི་ཕྱོགས་མ་ཡིན་ཡང་རུང་སྟེ། གང་དུ་གང་ཟག་གིས་ཀྱང་ཞལ་ཞལ་ལ་སོགས་པས་བྱི་དོར་བྱས་པའི་ཕྱོགས་དེར་ཡང་མཆིལ་མ་དོར་བར་མི་བྱའོ། །སོས་ལྕེ་བཙིར་ཏེ་ཡང་མི་བྱའོ་ཞེས་བྱ་བ་ནི། སོས་ལྕེ་བཙིར་ཏེ་མཆིལ་མ་བསླན་ཏེ་སྒྲ་

ཙིད་ཅེས་ཀྱང་ཕྱོགས་དེར་དོར་བར་མི་བྱ་བའོ། །དེ་དང་དེའི་སྒྲ་དཀོན་མཆོག་དང་བླ་མའི་མདུན་དུ་མི་བྱ་བའོ་ཞེས་བྱ་བ་ནི། མཆིལ་མ་དོར་བ་དེ་དང་མཆིལ་མ་དོར་བ་དེའི་སྒྲ་ཧག་ཐེ་ཞེས་བྱ་བ་དཀོན་མཆོག་དང་གནས་བརྟན་ལ་སོགས་པའི་དྲུང་དུ་མི་བྱ་བའོ། །ཟ་བའི་དྲུང་དུ་ཡང་མི་བྱའོ་ཞེས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words