འདུལ་བའི་མདོའི་རྒྱ་ཆེར་འགྲེལ་པ

Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 162 · folio 80a

བྱ་ཞེ་ན་དེའི་ཕྱིར། ལྟུང་བར་འགྱུར་བ་དང་། དགེ་སྦྱོང་བྱེད་པའི་བར་སྐབས་སུའོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བར་འགྱུར་བ་རྣམས་དང་པོར་བརྗོད་པར་བྱའོ། །དེའི་འོག་ཏུ་ལྕི་བའི་ཆོས་རྣམས་སོ། །དེའི་འོག་ཏུ་དགེ་སྦྱོང་བྱེད་པའི་ཆོས་རྣམས་བརྗོད་པར་བྱ་

བའོ། །བཀོལ་བ་དྲུག་པོ་དག་གོ་ཞེས་བྱ་བ་ནི། སྔོན་རབ་ཏུ་བྱུང་བ་ཞེས་བྱ་བ་ཉིད་གཏོགས་པ་དེ་ཡན་ཆད་ཀྱི་མདོ་དྲུག་པོ་དག་བཀོལ་བ་ཞེས་བྱ་བ་དབང་དུ་བྱ་བའི་མིང་འདིའི་དབང་དུ་བྱ་སྟེ། །མིང་དང་མིང་ཅན་བསྡེབ་པར་བྱའོ། །དེ་ལྟར་ན་མདོ་དྲུག་པོ་དེ་དག་ཀུན་ལ་ཚིག་གི་དོན་འདི་ཉེ་

བར་གནས་པར་རིག་པར་བྱ་སྟེ། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པའི་ཕྱིར་ཉེ་བར་འོངས་པ་ལ་དྲུག་པོ་དེ་དག་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། དྲུག་པོ་དེ་དག་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱའོ་ཞེས་བྱ་བར་སྦྱར་

རོ། །དེ་ལ་སྐྱེ་བའི་ཆོས་ཉིད་མེད་པར་ཡང་འདྲའོ་ཞེས་བྱ་བ་འདི་ཡང་འདིར་མདོ་དྲུག་པོ་དག་གི་དབང་དུ་བྱ་བའོ། །རྣམ་པ་དེ་ལྟ་བུའི་རྟགས་ཅན་ནི་བསྙིལ་བར་བྱའོ་ཞེས་བྱ་བ་དེ་ཡང་འདིར་མ་སྨོས་སུ་ཟིན་ཀྱང་། ཐམས་ཅད་ཀྱི་དབང་དུ་བྱ་བ་ཡིན་གྱི། སྐྱེས་པ་འབའ་ཞིག་གི་དབང་དུ་བྱ་བ་མ་

ཡིན་པས་མ་སྨོས་ཀྱང་དེ་བཞིན་ཡོད་པར་ཤེས་པར་བྱ་སྟེ། རྣམ་པ་དེ་ལྟ་བུ་ཞེས་སྨོས་པའི་ཕྱིར་རོ། །དབང་དུ་བྱ་བའི་ཡུལ་དུ་གྱུར་པ་མདོ་དྲུག་པོ་དག་བསྟན་པའི་ཕྱིར་མཚན་གཉིས་པའོ་ཞེས་བྱ་བ་སྨྲས་ཏེ། གང་ལ་མཚན་གཉིས་ཡོད་པའོ། །གླེ་འདམས་པའོ་ཞེས་བྱ་བ་ནི། མོ་མཚན་དང་

བཤང་བའི་སྒོ་གཉིས་ལྷན་ཅིག་གཅིག་ཏུ་གྱུར་པ་གང་ལ་ཡོད་པ་དེ་ནི་གླེ་འདམས་པའོ། །རྟག་ཏུ་ཟླ་མཚན་ཟག་པའོ་ཞེས་བྱ་བ་ནི། གང་གི་མོའི་དབང་པོ་ནས་རྟག་ཏུ་ཁྲག་འཛག་པ་དེ་ནི་དེ་ཡིན་པར་རིག་པར་བྱའོ། །ཟླ་མཚན་མི་ཟག་པའོ་ཞེས་བྱ་བ་ནི། གང་གི་མངལ་ན་གནས་པ་ཉལ་

བའི་གནས་ཟླ་མཚན་གྱི་ཁྲག་མེད་པ་དེ་ནི་ཟླ་མཚན་མེད་པ་ཡིན་ནོ། །མཚན་མ་ཙམ་ཡོད་པའོ་ཞེས་བྱ་བ་ལ་ཅི་ཞིག་གི་མཚན་མ་ཙམ་ཡོད་པ་ཞེ་ན་དེའི་ཕྱིར། མཚན་མ་ཙམ་དུ་གྱུར་པའི་མཚན་ཡོད་པ་དེ་ནི་དེ་ཞེས་བྱའོ་ཞེས་བྱ་བ་སྨྲས་ཏེ། གང་ལ་མཚན་མ་ཙམ་དུ་གྱུར་པའི་མོ་མཚན་ཡོད་པ་དེ་ནི་

Vol. 162 · folio 80b

མཚན་མ་ཙམ་ཡོད་པ་དེ་ཞེས་བྱ་སྟེ། མིང་དེ་སྐད་གདགས་སོ། །སྔོན་རབ་ཏུ་བྱུང་བའོ་ཞེས་བྱ་བ་ནི། གང་སྔོན་རབ་ཏུ་བྱུང་བ་ལས་ཕྱིས་བསླབ་པ་ཕུལ་བར་གྱུར་པ་དེ་ནི་སྔོན་རབ་ཏུ་བྱུང་བའོ། །དེ་ལྟར་ན་འདིར་ཚིག་གི་དོན་འདི་འབྱུང་སྟེ། རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པའི་ཕྱིར་ཉེ་

བར་འོངས་པ་ལ་མཚན་གཉིས་པ་ཞེས་བྱ་བ་ནས་སྔོན་རབ་ཏུ་བྱུང་བ་ཞེས་བྱ་བའི་བར་གྱི་མདོ་དྲུག་པོ་དེ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་བསྙེན་པར་རྫོགས་པར་བྱེད་པ་དག་གིས་ཀྱང་དྲི་བར་བྱ་སྟེ། མཚན་གཉིས་པ་ཞེས་བྱ་བ་ནས་སྔོན་རབ་ཏུ་བྱུང་བ་ཞེས་བྱ་བའི་བར་གྱི་དྲུག་པོ་དེ་རབ་ཏུ་དབྱུང་བ་

དང་། བསྙེན་པར་རྫོགས་པར་མི་བྱའོ། །དེ་ལ་ནི་སྐྱེས་པའི་ཆོས་ཉིད་མེད་པར་ཡང་འདྲའོ། །རྣམ་པ་དེ་ལྟ་བུའི་རྟགས་ཅན་ནི་བསྙིལ་བར་བྱའོ་ཞེས་བྱ་བར་སྦྱར་རོ། །རབ་ཏུ་འབྱུང་བའི་གཞི་ཕྲན་ཚེགས་ལ་སོགས་པའི་སྐབས་སོ།། །།ཞུ་བའི་སྐབས་བརྗོད་པར་བྱ་བའི་ཕྱིར།

མི་མ་ཡིན་པའི་འགྲོ་བ་པ་དང་བྱང་གི་སྒྲ་མི་སྙན་པ་གཉིས་ནི་སྡོམ་པའི་ཞིང་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། མིའི་འགྲོ་བ་ལས་གཞན་པ། ལྷ་ལ་སོགས་པའི་འགྲོ་བར་སྐྱེས་པ་དེ་དག་ནི་མི་མ་ཡིན་པའི་འགྲོ་བ་པའོ། །མིའི་འགྲོ་བ་པ་ཉིད་ཡིན་དུ་ཟིན་ཀྱང་། བྱང་གི་སྒྲ་མི་སྙན་པ་དང་། དེ་གཉིས་

ནི་སྡོམ་པའི་ཞིང་ཉིད་མ་ཡིན་ཏེ། དེ་གཉིས་ལ་སྡོམ་པ་མི་སྐྱེའོ་ཞེས་བྱ་བའི་ཐ་ཚིག་གོ། །མཚན་ལན་གསུམ་གྱུར་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི། གང་གི་མཚན་ལན་གསུམ་གྱུར་ན་མཚན་གྱུར་པ་ལན་གྲངས་གསུམ་པ་དེ་ལ་ཡང་སྡོམ་པའི་ཞིང་ཉིད་མེད་དེ། སྡོམ་པ་མི་སྐྱེ་བའོ་ཞེས་བྱ་བའི་

ཐ་ཚིག་གོ། །མཚན་ལན་གསུམ་གྱུར་པ་ནི་མ་ནིང་གི་རིགས་ཡིན་པའི་ཕྱིར་རོ། །དང་པོ་གཉིས་པ་ནི་མི་ཉམས་སོ་ཞེས་བྱ་བ་ནི་སྡོམ་པ་སྟེ། མཚན་གྱུར་པ་དང་པོ་དང་གཉིས་པ་ལ་ནི་སྡོམ་པ་ཉམས་པ་མེད་དོ། །ལེན་པ་ཉིད་ན་ཡང་སྐྱེའོ་ཞེས་བྱ་བ་ནི། སྡོམ་པ་ལེན་པ་ཉིད་ན་སྡོམ་པ་ཡང་དག་པར་

ལེན་པ་ཉིད་དེ་དེའི་ཚེ་མཚན་གྱུར་ན་ཡང་སྡོམ་པ་སྐྱེ་བ་ཉིད་ཡིན་ནོ། །འདིར་གཞུང་ནི་བསྙེན་པར་རྫོགས་པར་འཚལ་བའི་མཚན་གྱུར་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། བཀའ་སྩལ་པ། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། དགེ་སློང་མས་ནི་དགེ་

Vol. 162 · folio 81a

སློང་རྣམས་ལས་བསྙེན་པར་རྫོགས་པ་དགེ་སློང་མའི་དངོས་པོ་བཙལ་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་ཕོའི་མཚན་གྱུར་པ་ནི་དཔེ་ཙམ་དུ་ཟད་དོ། །དེ་དང་ལྡན་པ་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་ངོ་ཞེས་བྱ་བ་ལ། དགེ་ཚུལ་ལ་སོགས་པའི་

སྡོམ་པ་གང་ལ་མཁན་པོ་དེ་ཡོད་པ་དེ་ནི་དེ་དང་ལྡན་པ་སྟེ། མཁན་པོ་དེ་དང་ལྡན་པ་དེའི་སྡོམ་པ་སྐྱེ་བ་ཁོ་ན་ལྟར་མཁན་པོ་མེད་པ་ཉིད་ལ་ཡང་སྡོམ་པ་སྐྱེ་བ་ཡིན་ཏེ། ཡང་དག་པར་ལེན་པར་བྱེད་པ་གང་ལ་མཁན་པོ་མེད་པ་དེ་ནི་མཁན་པོ་མེད་པའོ། །དེའི་དངོས་པོ་ནི་དེ་ཉིད་དེ་དེ་ལ་ཡང་སྡོམ་པ་སྐྱེའོ། །འདི་

སྐད་བསྟན་ཏེ། མཁན་པོ་མེད་ན་ཡང་སྡོམ་པ་སྐྱེ་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བསྙེན་པར་མ་རྫོགས་པ་ཉིད་ན་ཡང་ངོ་ཞེས་བྱ་བ་ནི། མཁན་པོ་དེ་བསྙེན་པར་མ་རྫོགས་པ་ཉིད་ཡིན་ན་ཡང་མཁན་པོ་དང་ལྡན་པའི་སྡོམ་པ་སྐྱེ་བ་ཉིད་དུ་འགྱུར་རོ། །དེ་དགེ་སློང་ཉིད་མ་ཡིན་པར་ཤེས་ན་ནི་མི་

སྐྱེའོ་ཞེས་བྱ་བ་ནི། ཡང་དག་པར་ལེན་པར་བྱེད་པས་མཁན་པོ་དེ་བསྙེན་པར་མ་རྫོགས་པ་ཉིད་དམ་ཉམས་པ་ཉིད་ཡིན་པས། དགེ་སློང་ཉིད་མ་ཡིན་པར་ཤེས་ན་ནི་མཁན་པོ་དང་ལྡན་པའི་སྡོམ་པ་མི་སྐྱེ་བ་ཁོ་ནའོ། །འདིར་གཞུང་ནི་བསྙེན་པར་རྫོགས་པར་འཚལ་བ་མཁན་པོ་རྐུ་ཐབས་སུ་གནས་པས་

བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱིའམ་བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། གལ་ཏེ་བདག་གི་མཁན་པོ་རྐུ་ཐབས་སུ་གནས་པ་ཡིན་ནོ་ཞེས་ཤེས་ན་ནི་བསྙེན་པར་མ་རྫོགས་ཞེས་བྱའོ། །གལ་ཏེ་མི་ཤེས་ན་ནི་བསྙེན་པར་རྫོགས་ཞེས་བྱའོ། །

སྔོན་ལྟུང་བ་བྱུང་བས་ཀྱང་དེ་བཞིན་ནོ་ཞེས་གསུངས་པ་ལ་སོགས་པ་ཡིན་ནོ། །དེ་ཕྱིར་སྤོང་བ་ལ་ཡང་མི་སྐྱེའོ་ཞེས་བྱ་བ་ནི། བསྙེན་པར་རྫོགས་པར་འདོད་པ་དེ་དེའི་ཚེ་མཁན་པོ་དེ་ཕྱིར་དབུལ་ཞིང་ཕྱིར་སྤོང་བར་བྱེད་ན་དེ་ལ་སྡོམ་པ་མི་སྐྱེའོ། །འདིར་གཞུང་ནི་བསྙེན་པར་རྫོགས་པར་བགྱིད་

པ་ན་མཁན་པོ་སླར་སྤོང་བར་བགྱིད་ན་བསྙེན་པར་རྫོགས་ཞེས་བགྱིའམ། བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། བསྙེན་པར་མ་རྫོགས་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་གཉིས་ཀྱི་མིང་མ་བརྗོད་ན་ཡང་མི་སྐྱེའོ་ཞེས་བྱ་བ་ལ། དེ་གཉིས་ཀྱི་ཞེས་བྱ་བ་ནི། བསྙེན་པར་

Vol. 162 · folio 81b

རྫོགས་པར་འདོད་པ་དང་མཁན་པོ་གཉིས་ཀྱིའོ། །མིང་མ་བརྗོད་ན་ཞེས་བྱ་བ་ནི་ཡང་དག་པར་ལེན་པར་བྱེད་པས་བདག་མིང་འདི་ཞེས་བགྱི་བ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ། མཁན་པོ་མཚན་འདི་ཞེས་བགྱི་བས་ཞེས་རང་དང་མཁན་པོའི་མིང་མ་བརྗོད་པའམ་ལས་བྱེད་པས་མིང་འདི་ཞེས་

བགྱི་བ་ནི། མཁན་པོ་མིང་འདི་ཞེས་བགྱི་བས་ཞེས་དེས་དེ་གཉིས་ཀྱི་མིང་མ་བརྗོད་ནའོ། །དེ་གཉིས་ཀྱི་མིང་དེ་གཉིས་མ་བརྗོད་ན་ཡང་ཡང་དག་པར་ལེན་པར་བྱེད་པ་དེ་ལ་སྡོམ་པ་མི་སྐྱེའོ། །དགེ་འདུན་གྱི་ན་ཡང་དེའི་སྐྱེ་གནས་ཀྱི་མི་སྐྱེའོ་ཞེས་བྱ་བ་ནི། ཡང་དག་པར་ལེན་པར་བྱེད་པའམ་

ལས་བྱེད་པ་གཉིས་ལས་གང་ཡང་རུང་བས་དགེ་འདུན་ཞེས་བྱ་བའི་དགེ་འདུན་གྱི་མཚན་མི་བརྗོད་ན་ཡང་དེའི་སྐྱེ་གནས་ཀྱི་ཞེས་བྱ་བ་དགེ་འདུན་གྱི་སྐྱེ་གནས་ལས་སྐྱེ་བ་དགེ་སློང་མ་ཉིད་ལ་སོགས་པའི་སྡོམ་པ་མི་སྐྱེའོ། འདིར་གཞུང་ནི་ཡང་དག་པར་ལེན་པར་བྱེད་པའི་ཕྱིར་ནི་གང་ཟག་གསུམ་

ནི་བསྙེན་པར་མ་རྫོགས་པ་ཡིན་ཏེ། བདག་ཉིད་མིང་མི་བརྗོད་པ་དང་། མཁན་པོའི་མིང་མི་བརྗོད་པ་དང་། བསྙེན་པར་རྫོགས་པ་མི་ཤེས་པའོ་ཞེས་གསུངས་པའོ། །ལས་བྱེད་པའི་ཕྱིར་ནི་གཞུང་འདི་ཡིན་ཏེ། མཁན་པོ་དང་བསྙེན་པར་རྫོགས་པར་འཚལ་བ་དང་། དགེ་འདུན་

དང་གསུམ་གྱི་མིང་བརྗོད་པར་མི་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱིའམ། བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། བསྙེན་པར་མ་རྫོགས་པ་ཞེས་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁྱིམ་པ་དང་མུ་སྟེགས་ཅན་གྱི་རྒྱལ་མཚན་ཅན་ལ་ཡང་མི་སྐྱེའོ་ཞེས་བྱ་བ་ལ། རྒྱལ་མཚན་

ཞེས་བྱ་བའི་ཁྱིམ་པ་དང་མུ་སྟེགས་ཅན་གཉི་ག་སོ་སོར་སྦྱར་ཏེ། ཁྱིམ་པའི་རྒྱལ་མཚན་ཅན་དང་། མུ་སྟེགས་ཅན་གྱི་རྒྱལ་མཚན་ཅན་ཞེས་བྱ་བ་ནི། གང་ལ་ཁྱིམ་པའི་རྒྱལ་མཚན་གྱི་རྒྱལ་མཚན་ཡོད་པ་དང་། གང་ལ་མུ་སྟེགས་ཅན་གྱི་རྒྱལ་མཚན་གྱི་རྒྱལ་མཚན་ཡོད་པ་སྟེ། རྒྱལ་མཚན་གྱི་སྒྲ་

རེ་རེ་ནི་དབྲི་བར་བྱའོ། །རྒྱལ་མཚན་ཞེས་བྱ་བ་ནི་ཆ་ལུགས་ལ་བྱ་སྟེ། ཁྱིམ་པ་དང་མུ་སྟེགས་ཅན་གྱི་ཆ་ལུགས་གཉིས་ཐོགས་པ་དག་ལ་ཡང་སྡོམ་པ་མི་སྐྱེའོ། །སྒྲེན་མོ་དང་འཁྲུགས་པ་དང་མཚན་དུག་མ་དག་ལ་མི་སྐྱེའོ་ཞེས་བྱ་བ་ལ། སྒྲེན་མོ་ཞེས་བྱ་བ་ཡང་དག་པར་བླང་བ་སྔོན་

Vol. 162 · folio 82a

དུ་བཏང་བའི་སྒྲེན་མོ་ཉིད་ནི་མུ་སྟེགས་ཅན་གྱི་རྒྱལ་མཚན་ཉིད་ཀྱིས་བསྡུས་པས་ན། འདིར་ནི་སྒྲེན་མོ་ཞེས་བྱ་བས་དོན་གཞན་བཟུང་སྟེ། སྒྲེན་མོ་ཤིན་ཏུ་ངོ་ཚ་དང་བྲལ་བའི་ཕྱིར་དེ་ལ་སྡོམ་པ་མི་སྐྱེའོ། །འཁྲུགས་པར་ཞེས་བྱ་བས་ནི། དེ་ལ་བརྟན་པ་ཉིད་

མེད་པས་དེ་ལ་ཡང་མི་སྐྱེའོ། །མཚན་དུག་མ་ཞེས་བྱ་བ་ནི། བུད་མེད་གང་དང་ཉལ་པོའི་སྦྱོར་བ་བྱས་ན་སྐྱེས་པ་འཆི་བར་འགྱུར་བ་ནི་ཡིན་པར་རིག་པར་བྱའོ། །འདིར་མཚན་དུག་མའི་གཞུང་ནི་བཙུན་པ་རེ་ཞིག་མཚན་དུག་མ་ཞིག་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་

ཞེས་བགྱིའམ། བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། བསྙེན་པར་མ་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ཀྱང་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྒྱུ་ལས་བཟློག་པ་ཁས་མི་ལེན་པ་གནས་ནས་ཕྱུང་བ་ལ་ཡང་མི་སྐྱེའོ་ཞེས་བྱ་

བ་ནི། ལྟུང་བ་མ་མཐོང་བ་ལ་སོགས་པའི་རྒྱུ་གང་གིས་གནས་ནས་དབྱུང་བའི་ལས་བྱས་པ་རྒྱུ་དེ་ལས་བཟློག་པ་ལྟུང་བ་མཐོང་བ་ལ་སོགས་པ་དེ་ཁས་མི་ལེན་པ་ལ་ཡང་སྡོམ་པ་མི་སྐྱེའོ། །འདིར་གནས་ནས་བྱུང་བ་སྨོས་པ་ནི་དཔེ་ཙམ་དུ་ཟད་ཀྱི། ཆད་པའི་ལས་བྱེད་དུ་བཅུག་པ་

རྒྱུ་ལས་བཟློག་པ་ཁས་མི་ལེན་པ་ཐམས་ཅད་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །ཚིག་སྔ་མ་མེད་པ་ཉིད་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ་ཞེས་བྱ་བ་ནི། གང་ལ་དགེ་བསྙེན་ཉིད་ལ་སོགས་པའི་ཚིག་སྔ་མ་མེད་པ་དེ་ནི་ཚིག་སྔ་མ་མེད་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེ་མེད་པ་དེ་ལ་ནི་དགེ་

ཚུལ་ཉིད་ལ་སོགས་པའི་ཚིག་གཞན་དག་ཁས་ལེན་དུ་བཅུག་ན་ཡང་ལས་བྱེད་པ་དག་ལ་ཉེས་བྱས་ཙམ་དུ་ཟད་ཀྱི་དེ་ལ་ནི་སྡོམ་པ་སྐྱེའོ། །འདི་སྐད་བསྟན་ཏེ། དགེ་བསྙེན་ཉིད་མེད་པར་དགེ་ཚུལ་ཉིད་ཁས་ལེན་པ་དང་། དགེ་ཚུལ་མེད་པར་དགེ་སློང་ཉིད་ཁས་ལེན་པར་བྱེད་ན། ཉེས་བྱས་ཙམ་དུ་

འགྱུར་གྱི་སྡོམ་པ་མི་སྐྱེ་བར་མི་འགྱུར་རོ། །འདིར་གཞུང་ནི་བཙུན་པ་ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱིའམ། བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། ཉེ་བ་འཁོར་བསྙེན་པར་རྫོགས་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་

Vol. 162 · folio 82b

ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །མཁན་པོར་མ་གསོལ་བ་ལ་ཡང་ངོ་ཞེས་བྱ་བ་ནི། མཁན་པོར་གསོལ་བ་མ་བྱས་པར་བསྙེན་པར་རྫོགས་པར་བྱེད་ན་ཡང་སྡོམ་པ་སྐྱེ་བར་འགྱུར་བ་ཁོ་ན་ཡིན་པའོ། །བར་ཆད་མ་དྲིས་པར་ཡང་ངོ་ཞེས་བྱ་བ་ནི། བར་ཆད་མ་དྲིས་པར་བསྙེན་པར་

རྫོགས་པར་བྱེད་ན་ཡང་སྡོམ་པ་སྐྱེ་བར་འགྱུར་བ་ཁོ་ན་ཡིན་པའོ། །དེ་མེད་པར་ཁས་ལེན་པ་ལ་སྦྱིན་ན་ཡང་ངོ་ཞེས་བྱ་བ་ནི། བར་ཆད་ཀྱི་ཆོས་དེ་མེད་བཞིན་དུ་ཡང་དག་པར་ལེན་པར་བྱེད་པས་བདག་ལ་བར་ཆད་ཀྱི་ཆོས་ཡོད་དོ་ཞེས་ཁས་ལེན་པར་བྱེད་ན་དེ་ལྟར་ན་ཡང་དེ་ལ་སྡོམ་པ་སྦྱིན་ན་ཡང་སྡོམ་པ་སྐྱེ་བར་

འགྱུར་བ་ཁོ་ན་ཡིན་པ་སྟེ། ཉེས་བྱས་ཙམ་ནི་གནས་པ་ཁོ་ན་ཡིན་ནོ། །འདིར་གཞུང་ནི་གླེང་གཞི་དག་ལས་བཙུན་པ་རེ་ཞིག་བར་ཆད་ཀྱི་ཆོས་རྣམས་དང་མི་ལྡན་པར་བདག་བར་ཆད་ཀྱི་ཆོས་རྣམས་དང་མི་ལྡན་ནོ་ཞེས་མཆི་བ་ཞིག་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱིའམ།

བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། ཉེ་བ་འཁོར་བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་བར་ཆད་ནི་སྡོམ་པའི་བགེགས་ཡིན་པར་རིག་པར་བྱའོ། །སྐྱེས་པ་འདྲ་བའི་བུད་

མེད་ཉིད་དང་། བུད་མེད་འདྲ་བའི་སྐྱེས་པ་ཉིད་མཚན་གྱི་རྣམ་པ་གཞན་མ་ཡིན་པ་ལ་ཡང་ངོ་ཞེས་བྱ་བ་ནི། གལ་ཏེ་བུད་མེད་སྐྱེས་པའི་རྣམ་པ་འདྲ་བ་ཉིད་དང་། སྐྱེས་པ་བུད་མེད་ཀྱི་རྣམ་པ་འདྲ་བ་ཉིད་དེ་ལྟ་བུ་མཚན་རྣམ་པ་གཞན་མ་ཡིན་པར་རིག་པར་བྱ་སྟེ། དེས་ན་སྡོམ་པ་ནི་སྐྱེ་བ་ཁོ་ན་ཡིན་པའོ། །

མཚན་རྣམ་པ་གཞན་མ་ཡིན་པའི་ཕྱིར་མི་དགག་པ་ཡིན་པར་ཐལ་བར་འགྱུར་བ་བསལ་བའི་ཕྱིར། དེ་ནི་ལག་རྡུམ་ལ་སོགས་པས་འཕངས་པ་ཉིད་ཡིན་ནོ་ཞེས་བྱ་བ་འདི་སྨྲས་ཏེ། སྐྱེས་པ་འདྲ་བའི་བུད་མེད་ཉིད་དང་། བུད་མེད་འདྲ་བའི་སྐྱེས་པ་ཉིད་དེ་ནི་སྔར་བསྟན་པའི་ལག་རྡུམ་ལ་སོགས་

པས་འཕངས་པ་ཉིད་ཡིན་ཏེ། འདི་ལྟར། དེ་ལྟ་བུ་ཡི་མི་རྣམས་ནི། །དྲང་སྲོང་ཆེན་པོས་དགག་པར་མཛད། །ཅེས་བྱ་བ་ལ་དེ་ལྟ་བུ་ཞེས་སྨོས་པས་དེར་འདི་ཡང་གཟུང་བར་ཤེས་པར་བྱའོ། །འདི་སྐད་བསྟན་ཏེ། ཇི་ལྟར་ལག་རྡུམ་ལ་སོགས་པ་དག་རབ་ཏུ་འབྱུང་བར་མི་བྱ་བ་དེ་

Vol. 162 · folio 83a

བཞིན་དུ། སྐྱེས་པ་འདྲ་བའི་བུད་མེད་ཉིད་དང་། བུད་མེད་འདྲ་བའི་སྐྱེས་པ་ཉིད་ཀྱང་རབ་ཏུ་འབྱུང་བར་མི་བྱ་སྟེ། རབ་ཏུ་འབྱིན་ན་འགལ་ཚབས་ཅན་དུ་འགྱུར་རོ། །འཕངས་པ་གཞན་ཡང་བསྟན་པའི་ཕྱིར། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་དང་། གླིང་གཞན་ནས་སྐྱེས་པ་ཚུལ་བྱད་མི་འདྲ་བ་

ཉིད་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་དང་། གླིང་གཞན་ནས་སྐྱེས་པ་ཚུལ་བྱད་མི་འདྲ་བ་དེ་གཉིས་ཀྱང་ལག་རྡུམ་ལ་སོགས་པས་འཕངས་པ་ཉིད་ཡིན་པར་ཤེས་པར་བྱའོ། །སྡིག་སྡིག་ལྟ་བུའི་མཚན་ཉིད་ཅན་གྱི་གཞུང་ནི་བཙུན་པ་སྡིག་སྡིག་ལྟ་བུའི་མཚན་ཉིད་

ཅན་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱིའམ། བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། ཉེ་བ་འཁོར་བསྙེན་པར་རྫོགས་ཞེས་བྱ་སྟེ། དགེ་སློང་བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །

གླིང་གཞན་ནས་སྐྱེས་པའི་གཞུང་ཡང་བཙུན་པ་འཛམ་བུའི་གླིང་པའི་དགེ་སློང་དག་གིས་ཤར་གྱི་ལུས་འཕགས་པོ་ཞིག་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་ཞེས་བགྱི་འམ། བསྙེན་པར་མ་རྫོགས་ཞེས་བགྱི། བཀའ་སྩལ་པ། ཉེ་བ་འཁོར་བསྙེན་པར་རྫོགས་ཞེས་

བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དག་ལ་ནི་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བ་དང་། དེ་བཞིན་དུ་རྒྱས་པར་འཁོར་ལོ་བཞིན་དུ་སྦྱར་བ་གསུངས་པ་ཡིན་ནོ། །འོ་ན་གླིང་གཞན་ནས་སྐྱེས་པ་ཞེས་སྨོས་པ་ཉིད་ཀྱིས་ཚུལ་བྱད་མི་འདྲ་བ་ཉིད་ཀྱང་གྲུབ་པ་ཡིན་ན། ཅིའི་ཕྱིར་ཚུལ་བྱད་མི་འདྲ་བ་སྨོས་

ཤེ་ན། དེའི་ཕྱིར་བྱེ་བྲག་ཏུ་བྱ་བའི་ཕྱིར་ཏེ། ཚུལ་བྱད་མི་འདྲ་བ་ཞེས་སྨོས་པས་གཙོ་ཆེན་པོ་ཤེས་པར་བྱ་བའི་ཕྱིར་རོ། །དེས་ན་གླིང་གཅིག་ནས་སྐྱེས་པ་རྣམས་ལ་ཡང་གདོང་ཁྱིའི་ལྟ་བུ་དང་། རྣ་གྱོན་ལ་སོགས་པ་དག་བཀག་པ་ཡིན་པར་རིག་པར་བྱ་ལ། གླིང་གཞན་ནས་སྐྱེས་པ་རྣམས་ལ་ཡང་ཚུལ་བྱད་འདྲ་

བ་དག་ནི་བསྒྲུབ་པར་བྱ་བར་བསྟན་ཏེ། ཇི་ལྟར་གླིང་གཞན་པ་དག་ཡིན་ཡང་གླིང་ཕྲན་དག་ནས་སྐྱེས་པ་རྣམས་མ་བཀག་པ་བཞིན་ནོ། །འདིར་ཚུལ་བྱད་མི་འདྲ་བ་ཞེས་བྱ་བ་ནི། ཁ་སྣ་ལ་སོགས་པའི་རྣམ་པ་ཐ་དད་པ་ཡིན་པར་ཤེས་པར་བྱའོ། །གཞན་ཡང་འཕངས་པ་མ་བསྟན་པ་དག་གི་བསྡུ་བ་བསྟན་

Vol. 162 · folio 83b

པའི་ཕྱིར། སེན་མོ་གཅིག་པ་དང་། ལག་པ་འཇས་ཏེ་ལྟེབས་པ་དང་། གཞོགས་ཕྱེད་འཇས་པ་དང་། མགོ་སྨྱུང་དང་། སྐྲ་སྒྲ་སྒྲེ་ཅན་དང་། སྒུར་པོ་དང་། དགྱེ་པོ་དང་། དགྱེ་དགུར་གྱུར་པ་དང་། སོར་མོ་དྲུག་པ་དང་། འབྱར་བ་དང་། མིད་པ་དང་། མིག་རྫི་མ་ནང་དུ་འཇུག་པ་དང་། ནེའུ་ལེའི་ལྟ་བུ་དང་།

འུག་པའི་ལྟ་བུ་དང་། ཕྱིན་ཅི་ལོག་པ་དང་། བར་འཛིངས་པ་དང་། གློ་བ་དང་། སླེ་བོ་དང་། ཟླུམ་པོ་དང་། མིག་པོ་ཆེ་དང་། མཛེར་ཅན་དང་། ཤུ་ཅན་དང་། འབྲུམ་ཅན་དང་། རྣ་བ་སེར་བ་དང་། དཀར་བ་དང་། དམར་བ་དང་། སྦུབས་ཅན་དང་། ཁྱི་རྔོ་གཡའ་བ་དང་། འཕུངས་པ་དང་།

ཆེ་བ་དང་། རླིག་པའི་ནང་དུ་མཚན་ནུབ་པ་དང་། གླེན་པ་དང་། ལྕེ་མེད་པ་དང་། རྐ་ལག་གཅིག་པ་དང་། མེད་པ་དང་། སྐྲ་སྔོན་དང་། མགོ་གླང་པོ་ཆེའི་ལྟ་བུ་དང་། རྟའི་ལྟ་བུ་དང་། ཁྱིའི་ལྟ་བུ་དང་། བ་གླང་གི་ལྟ་བུ་དང་། ལུག་གི་ལྟ་བུ་དང་། རི་དགས་ཀྱི་ལྟ་བུ་དང་། ཉའི་ལྟ་བུ་དང་། སྦྲུལ་

གྱི་ལྟ་བུ་དང་། རིང་བ་དང་། མང་བ་དང་། མགུལ་ཏ་ལ་ལྟ་བུ་དང་། སྐྲངས་པ་དང་། སྤྱོད་ལམ་གྱིས་དུབ་པ་དེ་དག་ལས་མི་ན་བ་རྣམས་སོ། །གཞན་དག་ནི་ན་བས་སོ་ཞེས་བྱ་བ་སྨྲས་ཏེ། སེན་མོ་གཅིག་པ་ལ་སོགས་པ་མདོ་དག་ལས་བཤད་པ་དེ་དག་ལས་གང་དག་མིན་པ་སེན་མོ་གཅིག་པ་དང་།

མགོ་སྨྱུང་བ་དང་། སྐྲ་སྒྲ་སྒྲེ་ཅན་ལ་སོགས་པ་དེ་དག་ནི། ལག་རྡུམ་ལ་སོགས་པ་དེ་དག་གིས་འཕངས་པ་ཉིད་དེ། དེ་དང་རིགས་མཐུན་པའི་ཕྱིར་རོ། །གང་དག་ན་བ་ལག་པ་འཇས་ཏེ་ལྟེབས་པ་དང་། གཞོགས་ཕྱེད་འཇས་པ་དང་། སྒུར་པོ་དང་། དགྱེ་བོ་དང་། དགྱེ་དགུར་གྱུར་པ་ལ་སོགས་པ་

དེ་དག་ནི་ནད་པ་ཉིད་ཡིན་པའི་ཕྱིར། ནད་པ་མ་ཡིན་ནམ་ཞེས་བྱ་བ་དེས་འཕངས་པ་ཉིད་ཡིན་ཏེ། དེ་ལྟར་ན་འདིར་སྤྱིའི་དོན་ནི་དེ་ཡིན་ནོ། །ཡན་ལག་གི་དོན་འདི་བཤད་པར་བྱ་སྟེ། སེན་མོ་གཅིག་པ་ཞེས་བྱ་བ་ནི། གང་ལ་སེན་མོ་གཅིག་ཁོ་ན་ཡོད་པ་སྟེ། དེ་ནི་སེན་མོ་གཅིག་པའོ། །ལག་པ་

འཇས་ཏེ་ལྟེབས་པ་ཞེས་བྱ་བ་ནི། གང་ལུས་ཀྱི་ཡན་ལག་སྤྲིང་ཡིག་རྒྱས་བཏབ་པ་འདྲ་བ་དེ་ནི་ལག་པ་འཇས་ཏེ་ལྟེབས་པ་སྟེ། འདི་ལྟར་དེའི་ལག་པ་དང་དཔུང་མགོ་གཉིས་ཕྲག་པའི་ཕྱོགས་སྤྲིང་ཡིག་བལྟབ་སྟེ་རྒྱས་བཏབ་པའི་དབྱིབས་འདྲ་བར་འབྱར་ཅིང་འདུག་པས་དེའི་ཕྱིར། ལག་པ་

Vol. 162 · folio 84a

འཇས་ཏེ་ལྟེབས་པ་ཞེས་བྱའོ། །གཞོགས་བྱེད་འཇས་པ་ཞེས་བྱ་བ་ནི། གང་གི་གཞོགས་ཕྱེད་བསྐམས་པའོ། །མགོ་སྨྱུང་ཞེས་བྱ་བ་ནི། གང་གི་མགོ་ཕོ་མཚན་གྱི་དབྱིབས་འདྲ་བའོ། །སྐྲ་སྒྲ་སྒྲེ་ཅན་ཞེས་བྱ་བ་ནི། གང་གི་སྐྲ་སྨྱོན་ཐབས་མཁན་གྱི་ལྟར་སྒྲ་སྒྲེར་

འདུག་པའོ། །སྒུར་པོ་དང་། དགྱེ་བོ་དང་། དགྱེ་དགུར་གྱུར་པ་ཞེས་བྱ་བ་ནི། དགྱེ་དགུའི་སྒྲ་སུམ་ཆར་ལ་སོ་སོར་ཁྱད་པར་ཡོད་དེ། རྒྱབ་སྒུར་བ་དང་། མདུན་དགྱེ་བ་དང་། རྒྱབ་དང་མདུན་གཉི་གར་དགྱེ་དགུར་དུ་གྱུར་པ་སྟེ། རིམ་བཞིན་ནོ། །དེ་དག་ནི་གོང་དུ། ལག་སོར་རྡུམ་སྒུར་མིའུ་ཐུང་དང་། །

ཞེས་སྨྲས་པའི་སྒུར་པོ་ཞེས་བྱ་བ་དེའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་རོ། །སོར་མོ་དྲུག་པ་དང་། འབྱར་བ་དང་། མེད་པ་ཞེས་པ་ནི། སོར་མོ་ཞེས་བྱ་བའི་སྒྲ་སོ་སོར་སྦྱར་ཏེ། སོར་མོ་དྲུག་པ་དང་། སོར་མོ་འབྱར་བ་དང་། སོར་མོ་མེད་པའོ། །མིག་གི་རྫི་མ་ནང་དུ་འཇུག་པ་དང་། ནེའུ་

ལེའི་ལྟ་བུ་དང་། འུག་པའི་ལྟ་བུ་དང་། ཕྱིན་ཅི་ལོག་དང་། བར་འཛིངས་པ་དང་། གློ་བ་དང་། སླེ་བོ་དང་། ཟླུམ་པོ་ཞེས་བྱ་བ་ཡང་མིག་ཅེས་བྱ་བའི་སྒྲ་སོ་སོར་སྦྱར་ཏེ། མིག་གི་རྫི་མ་ནང་དུ་འཇུག་པ་དང་། མིག་ནེའུ་ལེའི་ལྟ་བུ་དང་། མིག་འུག་པའི་ལྟ་བུ་དང་། མིག་ཕྱིན་ཅི་ལོག་པ་དང་། མིག་

བར་འཛིངས་པ་དང་། མིག་གློ་བ་དང་། མིག་སླེ་བོ་དང་། མིག་ཟླུམ་པོའི་ཚིག་དེ་དག་གི་རབ་ཏུ་དབྱེ་བ་བྱ་སྟེ། མིག་རྫི་མ་ནང་དུ་འཇུག་པ་ཞེས་བྱ་བ་ནི། གང་གི་མིག་གི་ནང་གི་པགས་པའི་རིམ་པ་ལ་རྫི་མ་ཡོད་པའོ། །མིག་ནེའུ་ལེའི་ལྟ་བུ་ཞེས་བྱ་བ་ནི། གང་གི་མིག་ནེའུ་ལེའི་མིག་ལྟ་བུའོ། །མིག་

འུག་པའི་ལྟ་བུ་ཞེས་བྱ་བ་ནི། གང་གི་མིག་འུག་པའི་མིག་ལྟ་བུའོ། །ཡང་ན་མིག་སེར་སྐྱ་ལ་ཟླུམ་པའི་ཕྱིར་སྲིན་པོའི་མིག་འདྲ་བའོ། །མིག་ཕྱིན་ཅི་ལོག་ཅེས་བྱ་བ་ནི། གང་གི་མིག་གི་གྲྭ་ལོགས་ཀྱི་ཟུར་གང་ཡིན་པ་དེ་ནི་སྣ་ལོགས་ན་འདུག་ལ། སྣ་ལོགས་ཀྱི་ཟུར་གང་ཡིན་པ་དེ་ནི་གྲྭ་ལོགས་ན་

འདུག་པའོ། །མིག་པར་འཛིངས་པ་ཞེས་བྱ་བ་ནི། གང་གི་སྣ་གོང་གཏན་མེད་ལ། མིག་གཡས་གཡོན་འབྲེལ་བའོ། །མིག་གློ་བ་ཞེས་བྱ་བ་ནི། གང་གི་མིག་དྲ་བ་བཞིན་དུ་ཧ་ཅང་འཕྱང་བའོ། །མིག་སླེ་བོ་ཞེས་བྱ་བ་ནི། གང་གི་མིག་གི་རྫི་མའི་སྤུ་མེད་པའི་ཕྱིར། རྫི་མ་སྐྱེ་བའི་མཐའ་

Vol. 162 · folio 84b

དཔེར་ན་ཁྲག་འཛག་པའི་ཤ་ལྟར་དམར་བའོ། །མིག་ཟླུམ་པོ་ཞེས་བྱ་བ་ནི། གང་གི་མིག་གི་འབྲས་བུ་ཨུག་ཤུད་ཀྱི་རི་མོ་ལྟར་ཟླུམ་པ་སྟེ། མིག་གི་སྙིང་པོའི་ལྟག་ན་སྙིང་པོ་གཉིས་པ་ཡོད་པ་ཞེས་བྱ་བའི་ཐ་ཚིག་གོ། །མིག་པོ་ཆེ་དང་མཛེར་ཅན་དང་། ཤུ་ཅན་དང་། འབྲུམ་ཅན་ཞེས་བྱ་བ་ཡང་

མིག་ཅེས་བྱ་བའི་སྒྲ་སོ་སོར་སྦྱར་ཏེ། མིག་པོ་ཆེ་དང་། མིག་མཛེར་ཅན་དང་། མིག་ཤུ་ཅན་དང་། མིག་འབྲུམ་ཅན་ནོ། །དེ་ལ་མིག་པོ་ཆེ་ཞེས་བྱ་བ་ནི། གང་གི་མིག་ཧ་ཅང་ཆེ་བའོ། །མིག་མཛེར་ཅན་ཞེས་བྱ་བ་ནི། གང་གི་མིག་གི་དབུས་སུ་མིག་གི་དགྲར་གྱུར་པ་མཛེར་བུ་ཡོད་པའོ། །

མིག་ཤུ་ཅན་ཞེས་བྱ་བ་ནི། གང་གི་མིག་ལ་ཤུ་བ་ཡོད་པའོ། །མིག་འབྲུམ་ཅན་ཞེས་བྱ་བ་ནི། གང་གི་མིག་ལ་འབྲུམ་བུ་ཡོད་པའོ། །རྣ་བ་སེར་བ་དང་། དཀར་བ་དང་། དམར་བ་དང་། རྣ་བ་སྦུབས་ཅན་ནོ་ཞེས་བྱ་བ་ཡང་། རྣ་བ་ཞེས་བྱ་བའི་སྒྲ་སོ་སོར་སྦྱར་ཏེ། རྣ་བ་སེར་བ་དང་། རྣ་བ་

དཀར་བ་དང་། རྣ་བ་དམར་བ་དང་། རྣ་བ་སྦུབས་ཅན་ནོ། །དེ་ལ་གོང་མ་གསུམ་ནི་རྣ་བའི་མདོག་ཧ་ཅང་སེར་ཆེས་པ་དང་། ཧ་ཅང་དཀར་ཆེས་པ་དང་། ཧ་ཅང་དམར་ཆེས་པའོ། །རྣ་བ་སྦུབས་ཅན་ཞེས་བྱ་བ་ནི། གང་གི་རྣ་བ་འཁྲིས་ཏེ་སྦུབས་ཅན་བཞིན་དུ་འདུག་པའོ། །ཁྱི་རྔོ་གཡའ་བ་

དང་། འཕུངས་པ་དང་། ཆེ་བ་ཞེས་བྱ་བ་ཡང་ཁྱི་རྔོ་ཞེས་བྱ་བའི་སྒྲ་སོ་སོར་སྦྱར་ཏེ། ཁྱི་རྔོ་གཡའ་བ་དང་། ཁྱི་རྔོ་འཕུངས་པ་དང་། ཁྱི་རྔོ་ཆེ་བའོ། །དེ་ལ་ཁྱི་རྔོ་གཡའ་བ་ཞེས་བྱ་བ་ནི། གང་ལ་ཁྱི་རྔོ་དང་བཅས་པའི་གཡའ་བ་ཡོད་པའོ། །ཁྱི་རྔོ་འཕུངས་པ་ཞེས་བྱ་བ་ནི། གང་ལ་ཁྱི་རྔོ་

འཕུངས་པ་དང་བཅས་པ་ཡོད་པའོ། །ཁྱི་རྔོ་ཆེ་བ་ཞེས་བྱ་བ་ནི་གང་ལ་ཁྱི་རྔོ་ཆེན་པོ་ཡོད་པའོ། །རླིག་པའི་ནང་དུ་མཚན་ནུབ་པ་ཞེས་བྱ་བ་ནི། གང་གི་རླིག་པ་གཉིས་ཀྱིས་ཕོ་མཚན་ཡོག་པའོ། །གླེན་པ་ཞེས་བྱ་བའི་སྒྲས་ནི་བསྙེན་པར་རྫོགས་པར་མི་ཤས་པ་ཡིན་པ་དེའི་ཕྱིར་འདི་སྨོས་སོ། །

ལྕེ་མེད་པ་ཞེས་བྱ་བ་ནི། གང་ལ་ལྕེ་གཏན་མེད་པའོ། །སྔར་ལྐུགས་པ་ཞེས་སྨོས་པ་ནི་ལྕེ་ཡོད་དུ་ཟིན་ཀྱང་སྨྲ་མི་ནུས་པ་སྟེ། དེའི་ཕྱིར་ཚིག་དེ་གཉིས་ནི་ཡུལ་ཐ་དད་པ་ཡིན་ནོ། །རྐ་ལག་གཅིག་པ་དང་མེད་པ་ཞེས་བྱ་བ་ལ་འདིར་གཅིག་པ་ཞེས་བྱ་བ་ནི་རྐང་པ་གཅིག་པ་དང་ལག་པ་གཅིག་པའོ། །

Vol. 162 · folio 85a

མེད་པ་ཞེས་བྱ་བ་ནི། དགག་པའི་དོན་ཏེ། རྐང་པ་མེད་པ་དང་ལག་པ་མེད་པའོ། །དེ་ཡང་གང་ལ་དང་པོ་སྐྱེས་པ་ཉིད་ནས་རང་བཞིན་གྱིས་རྐང་པ་གཉིས་མེད་པ་དང་། ལག་པ་གཉིས་མེད་པ་དེ་འདིར་གཟུང་གི། གཞན་དུ་ན་ལག་རྡུམ་དང་རྐང་རྡུམ་ཞེས་སྨོས་

ཟིན་པའི་ཕྱིར་རོ། །སྐྲ་སྔོན་ཞེས་བྱ་བ་ནི། ཡུང་གི་ཁ་དོག་ལས་གཞན་པའི་སྔོན་པོའི་ཁ་དོག་ལ་བྱ་སྟེ། དེའི་ཕྱིར་སྔ་མ་དག་ལས་གཞན་པ་འདིར་སྐྲ་སྔོན་ཞེས་སྨོས་སོ། །མགོ་གླང་པོ་ཆེའི་ལྟ་བུ་དང་། རྟའི་ལྟ་བུ་དང་། ཁྱིའི་ལྟ་བུ་དང་། བ་གླང་གི་ལྟ་བུ་དང་། ལུག་གི་ལྟ་བུ་དང་།

རི་དགས་ཀྱི་ལྟ་བུ་དང་། ཉའི་ལྟ་བུ་དང་། སྦྲུལ་གྱི་ལྟ་བུ་དང་། རིང་བ་དང་། མང་བ་ཞེས་བྱ་བ་ཡང་མགོའི་སྒྲ་སོ་སོར་སྦྱར་ཏེ། མགོ་གླང་པོ་ཆེའི་ལྟ་བུ་དང་། མགོ་རྟའི་ལྟ་བུ་དང་། མགོ་ཁྱིའི་ལྟ་བུ་དང་། མགོ་བ་གླང་གི་ལྟ་བུ་དང་། མགོ་ལུག་གི་ལྟ་བུ་དང་། མགོ་རི་དགས་ཀྱི་ལྟ་བུ་དང་། མགོ་ཉའི་

ལྟ་བུ་དང་། མགོ་སྦྲུལ་གྱི་ལྟ་བུ་དང་། མགོ་རིང་བ་དང་མགོ་མང་བའོ། །མགུལ་ཏ་ལ་ལྟ་བུ་ཞེས་བྱ་བ་ནི། གང་གི་མགུལ་པ་ལ་ཤིང་ཏ་ལའི་གཉེར་མའི་རྣམ་པ་ལྟ་བུ་དག་གི་རི་མོ་དང་ལྡན་པའོ། །སྐྲངས་པས་དུབ་པ་ཞེས་བྱ་བ་ནི། གང་སྐྲངས་པའི་སྡུག་བསྔལ་བས་གནོད་པར་གྱུར་པའོ། །སྤྱོད་ལམ་

གྱིས་དུབ་པ་ཞེས་བྱ་བ་ནི། སྤྱོད་ལམ་འགྲེང་བ་དང་འཆག་པའི་བརྟུལ་བས་གནོད་པར་གྱུར་པའོ། །དེ་དག་ལས་ཞེས་བྱ་བ་ནི། སེན་མོ་གཅིག་པ་ལ་སོགས་པ་མདོ་ལས་བཤད་པ་དེ་དག་ལས་སོ། །མི་ན་བ་རྣམས་ཞེས་བྱ་བ་ནི། གང་དག་མི་ན་བ་སེན་མོ་གཅིག་པ་དང་། མགོ་སྨྱུང་དང་། སྐྲ་སྒྲ་

སྒྲེ་ཅན་ལ་སོགས་པ་དེ་དག་སྟེ། དེ་དག་ནི་ལག་རྡུམ་ལ་སོགས་པ་དག་གིས་འཕངས་སོ། །གཞན་དག་ནི་ཞེས་བྱ་བ་ནི། གང་དག་ན་བ་ལག་པ་འཇས་ཏེ་ལྟེབས་པ་དང་། གཞོགས་ཕྱེད་འཇས་པ་དང་། སྒུར་པོ་དང་། དགྱེ་བོ་དང་། དགྱེ་དགུར་གྱུར་པ་ལ་སོགས་པ་དེ་དག་གོ། །ན་བས་སོ་ཞེས་

བྱ་བ་ནི། ནད་པ་མ་ཡིན་ནམ་ཞེས་བྱ་བ་སྟེ། གཞན་དེ་དག་ནི་ནད་པ་ཉིད་ཡིན་པའི་ཕྱིར། ནད་པ་མ་ཡིན་ནམ་ཞེས་བྱ་བ་དེས་འཕངས་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྐུན་པོས་ནི་ཕུང་ཀྲོལ་བའོ་ཞེས་བྱ་བ་ནི། འཕངས་པ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །དེ་གཉིས་ནི་སྡིག་པ་ལ་འཇུག་པར་

Vol. 162 · folio 85b

ནི་འདྲའོ། །དེ་གཉིས་ལ་བྱེ་བྲག་ཀྱང་ཡོད་དེ། འདི་ལྟར་རྐུན་པོ་ནི་མ་བྱིན་པར་ལེན་པར་བྱེད་པའོ། །ཕུང་ཁྲོལ་བ་ནི་སྙིང་རྗེ་མེད་པའོ། །དེ་ལྟར་སྤྱི་དང་བྱེ་བྲག་ཡོད་པས་ན་རྐུན་པོས་ཕུང་ཁྲོལ་བ་འཕངས་པ་ཉིད་ཡིན་ནོ། །རྒྱལ་པོ་ཕ་མའི་བསམ་པ་ཅན་ཉིད་ཀྱིས་གནང་བ་ནི་ཕ་མ་དང་

འདྲའོ་ཞེས་བྱ་བ་ནི། རྒྱལ་པོ་ཕ་མ་དང་འདྲ་བའི་བསམ་པ་ཅན་ཉིད་ཀྱིས་རབ་ཏུ་འབྱུང་བར་གནང་བ་ནི་ཕ་མས་གནང་བ་དང་འདྲ་བས་རབ་ཏུ་དབྱུང་དུ་རུང་བའོ། །འདི་སྐད་བསྟན་ཏེ། རབ་ཏུ་འབྱུང་བར་འདོད་པ་དེ་ལ་གལ་ཏེ་རྒྱལ་པོ་ཕ་མ་དང་འདྲ་བའི་བསམ་པ་ཉིད་ཡོད་ན་དེ་རྒྱལ་པོས་རབ་ཏུ་

འབྱུང་བར་གནང་བ་ཕ་མས་གནང་བ་དང་འདྲ་བར་རིག་པར་བྱའོ། །དེའི་ཕྱིར་རྒྱལ་པོས་གནང་བ་རབ་ཏུ་འབྱིན་ན་ཉེས་པ་མེད་དོ། །ཡོངས་སུ་འཛིན་པར་བྱེད་པ་གཉིས་ཀྱང་གནང་བ་དང་བསྲེལ་བ་དང་ཞུ་བ་དག་ལ་ཕ་མ་ཉིད་དང་འདྲའོ་ཞེས་བྱ་བ་ལ། ཡོངས་སུ་འཛིན་པར་བྱེད་པ་གཉིས་

ཞེས་བྱ་བ་ནི། ཇི་ལྟར་ཕ་མ་གཉིས་ཀྱིས་བུ་དེ་ཡོངས་སུ་འཛིན་པ་བཞིན་དུ་གང་དག་གིས་བུ་དེ་ཡོངས་སུ་འཛིན་པར་བྱེད་པ་གཉིས་སོ། །དེ་གཉིས་ཀྱིས་བུ་དེ་གསོས་པས་ན། དེ་གཉིས་ཀྱང་བུ་དེའི་ཕ་མ་ཉིད་དང་འདྲའོ། །གནས་སྐབས་གང་དག་ལ་ཞེ་ན། རབ་ཏུ་འབྱུང་བའི་ཕྱིར་གནང་བ་དང་

རབ་ཏུ་འབྱུང་བར་འདོད་པ་ཡུལ་ཐག་མི་རིང་བ་ནི་ཞག་བདུན་བསྲེལ་བར་བྱའོ་ཞེས་བྱ་བ་ནི། བསྲེལ་བ་དང་དེ་ཡུལ་ཐག་རིང་ན་ཡང་དགེ་འདུན་ལ་མ་ཞུས་པར་རབ་ཏུ་དབྱུང་བར་མི་བྱའོ་ཞེས་བྱ་བའི་ཞུ་བ་ལ་སྟེ། གནས་གསུམ་པོ་དེ་དག་ལ་དེ་གཉིས་བསྐྱེད་པའི་ཕ་མ་མ་ཡིན་དུ་ཟིན་ཀྱང་ཕ་མ་

ཉིད་དང་འདྲའོ། །འདིར་གཞུང་ནི་བཙུན་པ་བུ་བརྙན་མ་ཞིག་རེ་ཞིག་བསྙེན་པར་རྫོགས་པར་བགྱིད་ན་སུ་ལ་བཟོད་པ་གསོལ་བར་བགྱི། བཀའ་སྩལ་པ། བུ་ཉིད་དང་འདྲ་བར་གང་གིས་ཁས་བླངས་པ་དེ་ལའོ། །བུ་མོ་བརྙན་མ་ཡང་བུ་མོ་ཉིད་དང་འདྲ་བར་གང་གིས་ཁས་བླངས་པ་དེ་ལའོ་ཞེས་

གསུངས་པ་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་པ་གཉིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི། ཕ་དང་མ་མི་མ་ཡིན་པའི་འགྲོ་བར་གཏོགས་པ་གཉིས་ནི་གནང་བ་དང་བསྲེལ་བ་དང་ཞུ་བ་དག་ལ་ཕ་མ་ཉིད་དང་འདྲ་བ་མ་ཡིན་པའོ། །འདིར་གཞུང་ནི་བཙུན་པ་གང་གི་ཕ་མ་གཉིས་དུས་ལ་བབ་བམ་དུད་འགྲོའི་སྐྱེ་

Vol. 162 · folio 86a

གནས་སུ་གཏོགས་པ་ལགས་ན། དེའི་སྐྲ་བྲེག་པ་དགེ་འདུན་ཐམས་ཅད་ལ་ཞུ་བར་བགྱིའམ། ཉེ་བ་འཁོར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་གཉིས་ལས་མཚམས་མེད་པར་མི་འགྱུར་རོ་ཞེས་བྱ་བ་ནི། ཕ་མ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དེ་

གཉིས་བསད་པ་ལས་མཚམས་མེད་པ་འབྱུང་བར་མི་འགྱུར་བའོ། །དེ་ནི་སྐྱེད་པར་བྱེད་པ་གཉིས་ལས་ཏེ། མཚན་གྱུར་པ་གཉིས་ཀྱང་ངོ་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བ་ནི་མཚམས་མེད་པ་འབྱུང་བའོ། །སྐྱེད་པར་བྱེད་པ་གཉིས་ལས་ཏེ་ཞེས་བྱ་བ་ནི། ཕ་མ་མིའི་འགྲོ་བར་གཏོགས་

པ་གཉིས་བསད་པ་ལས་མཚམས་མེད་པ་འབྱུང་བར་འགྱུར་བའོ། །མཚན་གྱུར་པ་གཉིས་ལས་ཀྱང་ངོ་ཞེས་བྱ་བ་ནི། ཕ་མ་མིའི་འགྲོ་བར་གཏོགས་པ་དེ་གཉིས་མཚན་གྱུར་ཏེ། གལ་ཏེ་མ་སྐྱེས་པ་ཉིད་དུ་གྱུར་ཏམ། ཕ་བུད་མེད་ཉིད་དུ་གྱུར་ན་ཡང་དེ་གཉིས་བསད་པ་ལས་མཚམས་མེད་པ་འབྱུང་

བར་འགྱུར་བ་ཁོ་ན་ཡིན་པའོ། །མ་བསད་པ་ལ་སོགས་དེ་བྱས་པ་ཉིད་གཙོ་བོའོ་ཞེས་བྱ་བ་ནི། མ་བསད་པ་ལ་སོགས་པ་དག་རབ་ཏུ་འབྱུང་བའི་ཕྱིར་བཀག་པ་གང་ཡིན་པ་དེ་བྱས་པ་ཉིད་དེ་མཚམས་མེད་པ་དེ་བྱས་པ་ཉིད་དོ། །མཚམས་མེད་པ་དེ་ལས་མ་བསད་པ་ལ་སོགས་པ་གཙོ་བོ་ཡིན་ཏེ། གཙོ་

ཆེར་བྱའི། མ་བསད་པ་ཉི་ཚེ་ན་གཙོ་བོ་མ་ཡིན་ན། །དེའི་ཕྱིར་མཚམས་མེད་པ་བྱེད་པ་རབ་ཏུ་དབྱུང་བར་མི་བྱ་བ་ཡིན་གྱི། མ་བསད་པ་ཉི་ཚེ་ནི་རབ་ཏུ་དབྱུང་བར་ཡང་བྱ་སྟེ། ཇི་ལྟར་ཕ་མ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་གསོད་པར་བྱེད་ན་ཡང་། འོན་ཀྱང་དེ་རབ་ཏུ་དབྱུང་དུ་རུང་བ་ལྟ་

བུའོ།། །།བམ་པོ་བརྒྱད་པ། སྐྱེས་པས་དགེ་སློང་མ་ལ་ཅི་ཞིག་བྱས་ན་དགེ་སློང་མ་སུན་ཕྱུང་བར་འགྱུར་ཞིང་། བུད་མེད་ཀྱིས་ཀྱང་དགེ་སློང་ལ་ཅི་ཞིག་བྱས་ན་དགེ་སློང་སུན་ཕྱུང་བར་འགྱུར། དེ་ཅིའི་ཕྱིར་དེ་གཉིས་བསྟན་ཅེ་ན། དེའི་ཕྱིར། ཕམ་པར་འགྱུར་བ་མ་བྱུང་བ་ཉིད་ལ་མི་ཚངས་

པར་སྤྱད་པས་ཉམས་སུ་མྱོང་བ་དག་སུན་ཕྱུང་བ་ཉིད་དེ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མི་ཚངས་པར་སྤྱད་པས་དགེ་སློང་དང་དགེ་སློང་མ་སུན་ཕྱུང་བ་བྱས་ན། དགེ་སློང་སུན་ཕྱུང་བ་ཉིད་དང་། དགེ་སློང་མ་སུན་ཕྱུང་བ་ཉིད་ཡིན་པར་འགྱུར་བར་རིག་པར་བྱའོ། །དོན་འདི་ཉིད་ནི་ལུང་གིས་གོ་བར་བྱེད་

Vol. 162 · folio 86b

དེ། འདིར་གཞུང་ནི་བཙུན་པ་ཅི་ཙམ་གྱིས་ན་དགེ་སློང་མ་སུན་ཕྱུང་བ་ཞེས་བགྱི། ཉེ་བ་འཁོར་གང་གིས་མི་ཚངས་པར་སྤྱད་པས་དགེ་སློང་མ་སུན་ཕྱུང་བར་གྱུར་ནའོ་ཞེས་གསུངས་པ་ཡིན་ནོ། །འདི་ལྟར་དགེ་སློང་མ་ཞེས་སྨོས་པ་ནི་མཚོན་པ་སྟེ། དགེ་སློང་སུན་ཕྱུང་བའི་མཚན་ཉིད་ཀྱང་དེ་ཁོ་ན་

བཞིན་དུ་ཤེས་པར་བྱའོ། །འོ་ན་མི་ཚངས་པར་སྤྱད་པས་ཞེས་སྨོས་ན་ཅི་ལུང་དུ་མ་བསྟན་པ་ལ་སོགས་པའི་སེམས་གང་ཡང་རུང་བས་ཉམས་སུ་མ་མྱོང་བ་དག་ལ་ཡང་སུན་ཕྱུང་བ་ཉིད་འབྱུང་བར་འགྱུར་རམ་ཞེ་ན། མ་ཡིན་ཏེ་འོ་ན་ཇི་ལྟ་བུ་དག་ལ་ཞེ་ན་དེའི་ཕྱིར། ཉམས་སུ་མྱོང་བ་དག་ཅེས་བྱ་བ་

སྨྲས་ཏེ། མི་ཚངས་པར་སྤྱད་པ་དེ་ཉམས་སུ་མྱོང་བ་སུན་ཕྱུང་བ་ཉིད་ཡིན་གྱི། གཞན་དུ་མ་ཡིན་ནོ། །འོ་ན་སུན་ཕྱུང་བ་ནི་གཅིག་ཡིན་པའི་ཕྱིར་གཅིག་གི་ཚིག་ཏུ་འགྱུར་བ་ཡིན་ན། ཇི་ལྟར་གཉིས་ཀྱི་ཚིག་ཏུ་བྱས་ཤེ་ན་ཉེས་པ་མེད་དེ། སུན་ཕྱུང་བ་གཉིས་སྲིད་པའི་ཕྱིར་ཏེ། འདི་ལྟར་བགྲོད་

པ་ཡང་སུན་ཕྱུང་བར་འགྱུར་ལ། འགྲོ་བ་ཡང་སུན་ཕྱུང་བར་འགྱུར་བ་སྲིད་པའི་ཕྱིར་རོ། །འདི་ལྟར་སུན་དབྱུང་བ་དང་སུན་འབྱིན་པ་གཉི་གས་དུས་གཅིག་ཏུ་ཉམས་སུ་མྱོང་བ་ཡན་ལག་ཉིད་དུ་མི་འདོད་ཀྱི། སུན་འབྱིན་པ་ཁོ་ནས་ཉམས་སུ་མྱོང་བ་ཡན་ལག་ཉིད་ཡིན་ནོ། །དེས་ན་འདིར་ཟླས་

ཉམས་སུ་མྱོང་བ་ཁས་མི་བླང་སྟེ། འདི་ལྟར་གཞན་གྱི་ཉེས་པས་གཞན་ལ་མི་གོས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་དུ་ཟིན་ན་གང་གི་ཚེ་ལ་ལས་འདོད་ཆགས་དང་བྲལ་བ་མོ་ཞིག་སུན་འབྱིན་པར་བྱེད་ན་དེ་ཡང་སུན་ཕྱུང་བ་ཉིད་དུ་མི་འགྱུར་ཏེ། ཟླས་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་སུན་

ཕྱུང་བ་གཉིས་ཀྱི་ཚིག་ཏུ་བྱས་པ་བསྟན་པའི་ཕྱིར། གང་གི་ཚེ་དགེ་སློང་གིས་དགེ་སློང་མ་ལ་རྩོལ་ཞིང་། ཇི་ལྟར་དགེ་སློང་གིས་ཉམས་སུ་མྱོང་བ་ལྟར་གལ་ཏེ་དགེ་སློང་མས་ཀྱང་ཉམས་སུ་མྱོང་བར་གྱུར་ན། དེའི་ཚེ་གཉི་ག་ཡང་སུན་ཕྱུང་བ་ཉིད་ཡིན་ཏེ། དགེ་སློང་ནི་དགེ་སློང་མ་སུན་ཕྱུང་བ་ཡིན་ལ།

དགེ་སློང་མས་ཡང་དགེ་སློང་སུན་ཕྱུང་བ་ཡིན་ནོ། །དེ་བཞིན་དུ་དགེ་སློང་མས་དགེ་སློང་ལ་རྩོལ་ཞིང་གཉི་གས་ཉམས་སུ་མྱོང་བར་གྱུར་ན་ཡང་གཉི་ག་སུན་ཕྱུང་བ་ཉིད་ཡིན་ནོ། །གང་ཡང་རུང་བས་ཉམས་སུ་མྱོང་བར་གྱུར་ན་ནི་གང་ཡང་རུང་བ་དེ་ཉིད་སུན་ཕྱུང་བ་ཡིན་ནོ། །དེ་བཞིན་དུ་དགེ་སློང་གིས་དགེ་

Vol. 162 · folio 87a

སློང་ལ་རྩོལ་ཞིང་གཉི་གས་ཉམས་སུ་མྱོང་བར་གྱུར་ན། གཉི་ག་དགེ་སློང་སུན་ཕྱུང་བ་ཉིད་ཡིན་ནོ། །གལ་ཏེ་གཅིག་གིས་ཉམས་སུ་མྱོང་བར་གྱུར་ན་ནི། དེ་ཉིད་དགེ་སློང་སུན་ཕྱུང་བ་ཉིད་ཡིན་ནོ། །ཅི་ཕམ་པར་འགྱུར་བ་འབྱུང་བའི་ཡུལ་ལ་མི་ཚངས་པར་སྤྱད་པས་ཀྱང་

སུན་ཕྱུང་བ་ཉིད་དུ་འགྱུར་རམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་ཕམ་པར་འགྱུར་བ་མ་བྱུང་བ་ཉིད་ལ་ཞེས་བྱ་བ་སྨྲས་ཏེ། སུན་དབྱུང་བར་བྱ་བའོ། །འདིར་གཞུང་ནི་བཙུན་པ་རེ་ཞིག་གང་ཟག་བརྒྱད་ཀྱིས་དགེ་སློང་མ་གཅིག་ལ་དངོས་པོ་བརྒྱད་པོ་རེ་རེས་སུན་འབྱིན་པར་བགྱིད་ན། དགེ་སློང་མ་དེ་སུན་ཕྱུང་བ་

ཞེས་བགྱིའམ། ཉེ་བ་འཁོར་སུན་ཕྱུང་བ་ཞེས་བྱའོ། །གང་ཟག་དེ་དག་ལས་དུ་ཞིག་དགེ་སློང་མ་སུན་ཕྱུང་བ་ཞེས་བགྱི། བཀའ་སྩལ་པ། ཉེ་བ་འཁོར་འགའ་ཡང་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །དེ་ནི་རེག་པ་དང་ལུས་བཀན་པ་གཉིས་ཀྱིས་དང་པོ་ཁོ་ནར་ཕམ་པར་འགྱུར་བས། དེས་ན་

འདིར་སུན་ཕྱུང་བ་ཉིད་དུ་རྣམ་པར་མ་བཞག་པར་སྣང་ངོ་། །འོ་ན་དགེ་སློང་མ་སུན་ཕྱུང་བ་ཇི་ལྟར་རྣམ་པར་གཞག་པར་བྱ་ཞེ་ན། ནོམ་པ་དང་ཉུག་པ་ཉམས་སུ་མ་མྱོང་བའི་དགེ་སློང་མ་ལ་མི་ཚངས་པར་སྤྱད་ནའོ། །ཡང་ན་སྐྱེས་པའི་ལུས་ལ་མ་རེག་པའི་དགེ་སློང་མ་ལ་མི་ཚངས་པར་སྤྱད་ན། གང་ཟག་དེ་

དགེ་སློང་མ་སུན་ཕྱུང་བ་ཡིན་ནོ། །སྔོན་རབ་ཏུ་བྱུང་བ་ལ་སྐྱེས་པའི་ཆོས་ཉིད་མེད་པར་བསྟན་པ་གནས་སྐབས་ཀྱི་བྱེ་བྲག་ལ་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར། བུད་མེད་བསླབ་པ་ཕུལ་ནས་སྐྱེས་པ་ཉིད་དུ་གྱུར་པ་ན་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་རུང་བ་ཉིད་དོ་ཞེས་བྱ་བ་སྨྲས་

ཏེ། བུད་མེད་བསླབ་པ་ཕུལ་ནས་ཉམས་པར་གྱུར་པ་མཚན་གྱུར་ནས་སྐྱེས་པ་ཉིད་དུ་གྱུར་པ་ནི་རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བྱར་རུང་བ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་མ་བསླབ་པ་འབུལ་བར་བྱེད་ཅིང་དེའི་འོག་ཏུ་མཚན་གྱུར་ནས། ཕོའི་དབང་པོ་བྱུང་ཞིང་

མོའི་དབང་པོ་འགགས་པར་གྱུར་ན་དེའི་ཚེ་དེ་རབ་ཏུ་དབྱུང་བར་བྱ་བསྙེན་པར་རྫོགས་པར་བྱའོ། །ཕམ་པར་འགྱུར་བའི་ཚིག་ལ་སྤྱིར་སྐྱེ་བའི་ཆོས་ཉིད་མེད་པར་བསྟན་པ་གནས་སྐབས་གཞན་ལ་བྱེ་བྲག་གི་གནས་སྐབས་བསྟན་པའི་ཕྱིར། ཕམ་པར་འགྱུར་བ་ཐུན་མོང་མ་ཡིན་པ་ལྷག་པར་སྤྱད་པ་ཅན་

Vol. 162 · folio 87b

ཡང་ངོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་རེག་པ་དང་ལུས་བཀན་པ་དང་། ཁ་ན་མ་ཐོ་བ་འཆབ་པ་དང་། ཟློག་པར་བྱེད་པའི་ཕམ་པར་འགྱུར་བ་དགེ་སློང་དང་ཐུན་མོང་མ་ཡིན་པ་ལྷག་པར་སྤྱད་པ་དེའི་འོག་ཏུ་བསླབ་པ་ཕུལ་བའི་བུད་མེད་ཉམས་པ་ལྷག་པར་སྤྱད་པ་ཅན་དེ་སྐྱེས་པ་ཉིད་དུ་གྱུར་ན། ཡང་

རབ་ཏུ་དབྱུང་བ་དང་བསྙེན་པར་རྫོགས་པར་བྱར་རུང་ངོ་། །བུད་མེད་བསྙེན་པར་རྫོགས་པར་བྱ་བ་ལ་གཉུག་མར་གནས་པ་རྣམས་ཡན་ལག་ཉིད་དོ་ཞེས་བྱ་བ་ནི། འདིར་བུད་མེད་བསྙེན་པར་རྫོགས་པར་བྱ་བ་ལ་དགེ་འདུན་གྱིས་བསྣན་ནོ་ཞེས་གང་སྨྲས་པ་དེ་ལ་དགེ་སློང་གཉུག་མར་གནས་པ་རྣམས་

ཡན་ལག་ཉིད་ཡིན་གྱི། གློ་བུར་དུ་ལྷགས་པ་རྣམས་དང་འགྲོ་བར་ཆས་པ་རྣམས་ཡན་ལག་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་གསོ་སྦྱོང་གི་གཞི་ལས་བཙུན་པ་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལས་དགེ་སློང་མའི་དངོས་པོ་བཙལ་བར་བྱའོ།

ཞེས་གསུངས་པ་ལ། དགེ་སློང་དེ་དག་གང་དག་ལགས། ཉེ་བ་འཁོར་གཉུག་མར་གནས་པ་དང་རིང་དུ་གནས་པ་དག་གོ་ཞེས་གསུངས་པ་ཡིན་ནོ། །སྐྱེ་བའི་ཚེ་ཉིད་ན་ཕུལ་ལམ། ཉམས་ན་མི་སྐྱེའོ་ཞེས་བྱ་བ་ལ། སྐྱེ་བཞིན་པས་སྐྱེ་བའི་ཚེ་སྟེ་འབྱུང་བའི་ཚེའོ། །སྐྱེ་བའི་ཚེ་དེའི་དངོས་པོ་ནི་སྐྱེ་

བའི་ཚེ་ཉིད་དེ། སྐྱེ་བའི་ཚེ་ཉིད་དང་འབྱུང་བའི་ཚེ་ཉིད་དོ། །སྡོམ་པ་ལེན་པའི་ཚེ་ན་སྡོམ་པ་དེ་སྐྱེ་བའི་ཚེ་ཉིད་གང་ཡིན་པའི་སྐྱེ་བའི་ཚེ་ཉིད་དེའི་ཕུལ་བ་ཡོངས་སུ་བཏང་ཞིང་ཕྱིར་ཕུལ་ལམ་མཚན་གཉིས་སྐྱེས་པ་ལ་སོགས་པའི་སྐྱོན་གྱིས་ཉམས་ན། དེའི་སྡོམ་པ་དེ་མི་སྐྱེ་སྟེ། སྐྱེ་བར་མི་འགྱུར་རོ་ཞེས་བྱ་

བའི་ཐ་ཚིག་གོ། །འདིར་གཞུང་ནི་སིལ་བུ་དག་ལས་ཉེ་བ་འཁོར་རེ་ཞིག །བསྙེན་པར་རྫོགས་ནས་ཁྱིམ་པ་ཉིད་ཡིན་ནོ་སྙམ་དུ་སོ་སོར་ཤེས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན་ཞེས་བྱ་བ་ནི། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ན་ལྟ་སྨོས་ཀྱང་ཅི་དགོས་འདིར་སྐྱེ་བ་ལ་མངོན་དུ་གྱུར་པ་ནི་སྐྱེ་བའི་ཚེ་

ཉིད་མ་ཡིན་པར་རིག་པར་བྱ་སྟེ། དེ་ལ་སྐྱེ་བའི་ཚེ་ཉིད་གང་གིས་ཀྱང་བགེགས་བྱ་བར་མི་ནུས་པས། འདི་ལྟར་སྐད་ཅིག་མ་དུ་མས་ཆོད་པ་ལ་སྐྱེ་བའི་ཚེ་ཉིད་ཅེས་བྱའོ་ཞེས་གསུངས་པ་ཡིན་ནོ། །རབ་ཏུ་འབྱུང་བའི་གཞི་ཞུ་བ་ཕལ་ཆེ་བའི་སྐབས་སོ།། །།བསླབ་པ་འབུལ་བའི་ཆོ་གའི་མཚན་ཉིད་སྨྲས་པ།

Vol. 162 · folio 88a

རང་བཞིན་ཉམས་པས་བྱས་པ་ཉིད་ནི་ཕུལ་བ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ། རང་བཞིན་ཉམས་པས་ཞེས་བྱ་བ་ནི་གང་གི་ཐ་མལ་པའི་བློའི་རང་བཞིན་ཉམས་པ་སྟེ། སྨྱོས་པ་ལ་སོགས་པས་སོ། །བྱས་པ་ཉིད་ཅེས་བྱ་བ་ན་བསླབ་པ་དབུལ་བ་བྱས་པ་སྟེ། དེའི་དངོས་

པོ་ནི་བྱས་པ་ཉིད་དོ། །རང་བཞིན་ཉམས་པས་འབུལ་བ་བྱས་པ་ཉིད་ནི་རང་བཞིན་ཉམས་པས་བྱས་པ་ཉིད་དེ་དེ་ནི་ཕུལ་བ་ཉིད་མ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་རང་བཞིན་ཉམས་པ་སྨྱོས་པ་ལ་སོགས་པས་བསླབ་པ་ཕུལ་ན་ཕུལ་དུ་ཟིན་ཀྱང་བསླབ་པ་ཕུལ་བར་མི་འགྱུར་རོ། །དེ་

ལ་མ་ཡིན་ནོ་ཞེས་བྱ་བ་ནི། ཉན་པ་པོ་རང་བཞིན་ཉམས་པ་དེ་ལ་བསླབ་པ་འབུལ་བར་བྱེད་ན་ཡང་བསླབ་པ་འབུལ་བའི་བསླབ་པ་དེ་ཕུལ་བ་མ་ཡིན་པའོ། །ལྐུགས་པ་ལ་མ་ཡིན་ནོ་ཞེས་བྱ་བ་ནི། ཉན་པ་པོ་ལྐུགས་པ་དེ་ལ་ཕུལ་ན་ཡང་དེ་འབུལ་བ་མ་ཡིན་པའོ། །གང་རྣམ་པ་ཐམས་ཅད་

དུ་སྨྲ་མི་ནུས་པ་དེ་ནི་འདིར་ལྐུགས་པར་འདོད་དོ། །མི་མ་ཡིན་པའི་འགྲོ་བ་ལ་མ་ཡིན་ནོ་ཞེས་བྱ་བ་ནི། ལྷ་དང་ཀླུ་དང་གནོད་སྦྱིན་དང་ཤ་ཟ་ལ་སོགས་པ་ལ་ཕུལ་བ་གང་ཡིན་པ་དེ་ཡང་ཕུལ་བ་མ་ཡིན་པ་ཉིད་དོ། །མ་གོ་བ་ཉིད་ལ་མ་ཡིན་ནོ་ཞེས་བྱ་བ་ནི། ཉན་པ་པོ་གང་གི་མདུན་དུ་འབུལ་

བར་བྱེད་པ་དེས་དེའི་ཚིག་དང་བརྡ་མ་གོ་བ་ཉིད་དེ་ཁོང་དུ་མ་ཆུད་པ་ཉིད་ལ་ཕུལ་ན་ཡང་ཕུལ་བ་མ་ཡིན་པའོ། །གླེན་པ་དང་། འོན་པ་དང་། སྙོམས་པར་ཞུགས་པ་དང་། མཐའ་འཁོབ་པ་ལ་དབུས་ཀྱིས་ཕུལ་བ་ཞེས་བྱ་བ་དེ་དག་ཀྱང་བསྡུས་ཏེ། དེ་དག་ལ་ཡང་མ་གོ་བ་ཉིད་ཀྱི་རྒྱུད་སྣང་ངོ་། །

དབེན་པར་མ་ཡིན་ནོ་ཞེས་བྱ་བ་ནི་དབེན་པར་དབེན་པའི་འདུ་ཤེས་ཀྱིས་སམ། དབེན་པ་མ་ཡིན་པའི་འདུ་ཤེས་ཀྱིས་དབུལ་བ་ཉིད་བྱས་ན་ཡང་དེ་ཕུལ་བ་ཉིད་མ་ཡིན་པ་སྟེ། འདི་ལྟར་དབེན་པ་དེར་གང་དབེན་པའི་འདུ་ཤེས་ཀྱིས་སམ་མི་དབེན་པའི་འདུ་ཤེས་ཀྱིས་འབུལ་བར་ཞུགས་

པའི་མི་དབེན་པ་ཡང་ལྐུགས་པའི་ཡུལ་ལ་ཞུགས་པ་བཞིན་དུ་གྱུར་ཏེ། སྐྱེ་བོ་ཐམས་ཅད་ལ་གྲགས་པའི་འདུ་ཤེས་མེད་པའི་ཕྱིར་རོ། །དབེན་པར་འདུ་ཤེས་པས་མ་ཡིན་ནོ་ཞེས་བྱ་བ་ནི། མི་དབེན་པར་དབེན་པའི་འདུ་ཤེས་ཀྱིས་སམ། རྣམ་པ་ཐམས་ཅད་དུ་དབེན་པའི་

Vol. 162 · folio 88b

འདུ་ཤེས་ཀྱིས་དབུལ་བ་བྱས་ན་ཡང་ཕུལ་བ་ཉིད་མ་ཡིན་པའོ། །རང་བཞིན་ཉམས་པ་ལ་སོགས་པ་ཐམས་ཅད་ལ་ཡང་འདི་ལྟར་བདག་ལ་ཐ་སྙད་ལ་གནས་པའི་བློ་མེད་པའི་ཕྱིར་ཏེ། དེས་ན་དེ་དག་ལ་ཕུལ་བ་ཡང་ཕུལ་བར་མི་འགྱུར་རོ། །ཇི་ལྟར་ཕུལ་བར་མ་འགྱུར་བ་བསྟན་ནས།

ད་ནི་བསླབ་པ་འབུལ་བར་བྱེད་པའི་ཚིག་དག་བརྗོད་པར་བྱ་སྟེ། བསླབ་པའམ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། མདོ་སྡེའམ། འདུལ་བའམ། མ་མོའམ། སློབ་དཔོན་ནམ། མཁན་པོ་འབུལ་ལོ། །བདག་ཁྱིམ་པའམ། དགེ་ཚུལ་ལམ། ཟ་མའམ། མ་ནིང་ངམ། དགེ་

སློང་མ་སུན་ཕྱུང་བའམ། རྐུ་ཐབས་སུ་གནས་པའམ། ཐ་དད་དུ་གནས་པའམ། གནས་པར་མི་བྱ་བའམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་ཞུགས་པའམ། མ་བསད་པའམ། ཕ་བསད་པའམ། དགྲ་བཅོམ་པ་བསད་པའམ། དགེ་འདུན་གྱི་དབྱེན་བྱས་པའམ། དེ་བཞིན་གཤེགས་

པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བར་གཟུང་དུ་གསོལ། བདག་ཚངས་པ་མཚུངས་པར་སྤྱོད་པ་ཁྱེད་ཅག་དང་ལྷན་ཅིག་གནས་པའམ། ལོངས་སྤྱོད་པས་ཆོག་གོ་ཞེས་བྱ་བ་ལྟ་བུ་ནི་འབུལ་བའི་ཚིག་དག་ཡིན་ནོ་ཞེས་བྱ་བ་ལ། ལྟ་བུ་ནི་ཞེས་བྱ་བའི་སྒྲ་ནི་རྣམ་པ་ཉིད་བསྟན་པའི་ཕྱིར་ཏེ། འབུལ་བའི་

ཚིག་དག་ནི་རྣམ་པ་དེ་ལྟ་བུ་དག་དང་། ཆོ་ག་དེ་ལྟ་བུ་དག་དང་། རང་བཞིན་དེ་ལྟ་བུ་དག་ཡིན་ནོ་ཞེས་བྱའོ། །དེ་ལྟར་ན་བསླབ་པ་འབུལ་བ་ནི་ཚིག་ཏུ་སྨྲས་པ་དེ་ཁོ་ན་ལས་བསླབ་པ་ཕུལ་བར་འགྱུར་བར་མ་ཟད་ཀྱི། ཚིག་ཏུ་མ་སྨྲས་པར་གཏོང་བའི་མཚན་ཉིད་མ་བྱས་ཀྱང་ཕུལ་བར་འགྱུར་ཏེ།

དེས་ན་ལུས་ཀྱི་རྣམ་པར་རིག་བྱེད་ལས་ཀྱང་ཕུལ་བར་འགྱུར་ལ། ངག་གི་རྣམ་པར་རིག་བྱེད་ལས་ཀྱང་ཕུལ་བར་འགྱུར་རོ། །འབུལ་ལོ་ཞེས་བྱ་བའི་སྒྲ་ནི་བསླབ་པའམ་ཞེས་བྱ་བ་མན་ཆད་མཁན་པོ་ཞེས་པའི་བར་གྱི་སྒྲ་རྣམས་དང་སོ་སོར་སྦྱར་རོ། །དེ་བཞིན་དུ་བདག་ཅེས་བྱ་བའི་སྒྲ་

ཡང་ཁྱིམ་པའམ་ཞེས་བྱ་བ་མན་ཆད་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བར་ཞེས་བྱ་བའི་བར་གྱི་སྒྲ་རྣམས་དང་སོ་སོར་སྦྱར་རོ། །ལྷག་མ་གཞན་གྱིས་བྱེད་པའི་ཚིག་ནི་དངོས་སུ་བསྟན་པ་ཡིན་ནོ། །དབུལ་བའི་ཆོ་གའོ།། །།དབུལ་བའི་ཆོ་ག་བཤད་ནས། ད་ནི་རྣམ་

Vol. 162 · folio 89a

པར་འབྱེད་པར་གཏོགས་པའི་ལྟུང་བ་རྣམས་ཀྱི་མཚན་ཉིད་བཤད་པར་བྱ་སྟེ། གང་བྱས་ན་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་ན་ཞེ་ན་དེའི་ཕྱིར། བཅུག་རེག་ཉམས་སུ་མྱོང་བར་བྱས་ནའོ་ཞེས་བྱ་བ་སྨྲས་ཏེ། བཅུག་ཅེས་བྱ་བའི་སྒྲ་འདི་བྱེ་བྲག་ཏུ་བསྒྲུབ་

པ་ནི་རྣམ་པ་གཉིས་སུ་བྱ་སྟེ། དེས་འཛུད་པར་བྱེད་པས་བཅུག་པ་སྟེ། བྱེད་པ་པོ་བསྒྲུབ་པ་དང་། དེར་གཞུག་པར་བྱ་བས་བཅུག་པ་སྟེ། གནས་བསྒྲུབ་པ་ནི་བཅུག་པའི་སྒྲ་ཡིན་ནོ། །དེ་ལ་གནས་བསྒྲུབ་པའི་ཕྱོགས་ལ་བརྟེན་ནས་ནི་བཅུག་ཅེས་བྱ་བའི་སྒྲས་ཁ་དང་བཤང་བའི་ལམ་

དང་མོའི་དབང་པོ་བརྗོད་དེ། ཁ་དང་བཤང་བའི་ལམ་དང་མོའི་དབང་པོ་དེར་ཡན་ལག་གི་རྣམ་པར་གཞག་པར་བྱ་བ་ཡིན་པས། ཁ་དང་བཤང་བའི་ལམ་དང་མོའི་དབང་པོར་ནི་བཅུག་པ་ཞེས་བྱའོ། །ཁ་དང་བཤང་བའི་ལམ་དང་མོའི་དབང་པོར་བཅུག་པ་དེའི་རེག་པ་ནི་ཡན་ལག་གི་རྣམ་པ་

དེར་བཅུག་པས་བྱེད་པ་གང་ཡིན་པའོ། །རེག་པ་དེའི་ཉམས་སུ་མྱོང་བར་བྱས་པ་ནི་ཉམས་སུ་མྱོང་བར་འགྱུར་བ་གང་ཡིན་པའོ། །དེ་ཉམས་སུ་མྱོང་བར་གྱུར་ན་དེའི་ཚེ་སྟེན་པར་བྱེད་པའི་དགེ་སློང་དེ་ཕམ་པར་འགྱུར་ཏེ། དེ་ལྟར་རེ་ཞིག་གནས་བསྒྲུབ་པའི་སྒོ་ནས་སྟེན་པར་བྱེད་པའི་དགེ་

སློང་གི་ཕམ་པར་འགྱུར་བ་རྣམ་པར་གཞག་པ་བྱས་པ་ཡིན་ནོ། །བཅུག་པའི་སྒྲས་བྱེད་པ་པོའི་བསྒྲུབ་པའི་ཕྱོགས་ལ་བརྟེན་ནས་ནི་བསྟེན་པར་བྱ་བ་དགེ་སློང་དང་དགེ་སློང་མ་རྣམས་ཀྱི་ཁ་དང་བཤང་བའི་ལམ་དང་མོའི་དབང་པོར་ཕོའི་དབང་པོ་འཛུད་པར་བྱེད་པས་བཅུག་པ་ལ་ཕམ་པར་འགྱུར་བར་

རྣམ་པར་འཇོག་པར་བྱེད་དོ། །ཕོའི་དབང་པོ་བཅུག་པ་དེའི་རེག་པ་ནི་བསྟེན་པར་བྱ་བ་ཁ་དང་བཤང་བའི་ལམ་དང་མོའི་དབང་པོ་དང་ལྡན་པའི་ཕྱོགས་དེར་རེག་པའོ། །རེག་པ་དེའི་ཉམས་སུ་མྱོང་བར་བྱས་པ་ནི་ཉམས་སུ་མྱོང་བར་འགྱུར་བ་གང་ཡིན་པའོ། །དེ་ཉམས་སུ་མྱོང་བར་གྱུར་ན་དེའི་

ཚེ་བསྟེན་པར་བྱ་བའི་དགེ་སློང་དང་དགེ་སློང་མ་དེ་ཕམ་པར་འགྱུར་ཏེ། དེ་ནི་བྱེད་པ་པོ་བསྒྲུབ་པའི་སྒོ་ནས་བསྟེན་པར་བྱ་བའི་དགེ་སློང་དང་དགེ་སློང་མའི་ཕམ་པར་འགྱུར་བ་རྣམ་པར་གཞག་པ་བྱས་པ་ཡིན་ནོ། །དེ་ལྟར་མདོའི་བྱེ་བྲག་ཏུ་བསྒྲུབ་པ་རྣམ་པ་གཉིས་པོ་དེ་དག་ནི་ལན་གཉིས་སུ་བཟླས་པས་

Vol. 162 · folio 89b

འཐོབ་པོ། །གཞན་རྒྱལ་བར་བྱེད་དུ་བཅུག་པ་ནི་གཞན་རྒྱལ་བའོ། །དེ་ལ་ཡོད་པའི་ཉེས་པ་ནི་ཕམ་པའོ། །དེ་བྱེད་པར་འགྱུར་བའི་ཕྱིར་ཕམ་པར་འགྱུར་བ་སྟེ་ལྟུང་བའོ། །མདོ་སྔ་མར་བཅུག་པ་ཞེས་བྱ་བའི་སྒྲ་སྨོས་པ་ལ། བཅུག་པ་ཡང་གཉིས་ལ་ལྟོས་ཏེ་བྱེད་པ་པོར་གྱུར་པ་འཇུད་པར་

བྱེད་པ་དང་། གནས་སུ་གྱུར་པ་གཞུག་པར་བྱ་བའི་ཡུལ་ལོ། །དེ་ལ་རེ་ཞིག་བྱེད་པ་པོར་གྱུར་པ་འཛུད་པར་བྱེད་པ་བསྟན་པའི་ཕྱིར། ཟག་བྱེད་དོ་ཞེས་བྱ་བ་སྨྲས་ཏེ། ཕོའི་བཅུག་ན་ནི་ལྟུང་བ་ཡིན་ནོ། །གང་དུ་ཞེ་ན། གནས་སུ་གྱུར་པ་གཞུག་པར་བྱ་བའི་ཡུལ་བསྟན་པའི་ཕྱིར། དེར་རོ་

ཞེས་བྱ་བ་སྨྲས་ཏེ། མོའི་ཟག་བྱེད་དུ་ཕོའི་ཟག་བྱེད་བཅུག་པའི་རེག་པ་ཉམས་སུ་མྱོང་བར་བྱས་ན་ཡུལ་གྱི་ལྟུང་བར་གཞག་གོ། །མོའི་ཟག་བྱེད་ཇི་ལྟར་དེའི་ཕོའི་ཟག་བྱེད་བཅུག་པའི་རེག་པ་ཉམས་སུ་མྱོང་བར་བྱས་ན་ལྟུང་བར་འགྱུར་ཞེ་ན་དེའི་ཕྱིར། མ་ཉམས་པར་རོ་ཞེས་བྱ་བ་སྨྲས་ཏེ། གཞུང་

ལས་མིའི་བུད་མེད་གསོན་པ་མ་ཉམས་པ་ལའོ་ཞེས་གསུངས་པ་ཡིན་ནོ། །འདི་ལྟར་བྱེ་བྲག་མ་བསྟན་མོད་ཀྱི་འོན་ཀྱང་འདིར་མོའི་དབང་པོ་ཁོ་ནའི་མ་ཉམས་པ་ཉིད་དངོས་པོ་དེའི་བྱེ་བྲག་ཁོ་ན་གཟུང་ངོ་། །ཡུལ་གཞན་བསྟན་པའི་ཕྱིར། ཁའམ་བཤང་བའི་ལམ་དུའོ་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་

མ་བསྟན་པའི་ཕྱིར། འདིར་ཐམས་ཅད་དུ་ཡང་རང་གི་དང་གཞན་གྱི་དང་། མིའི་དང་དུད་འགྲོའི་སྐྱེ་གནས་ལ་སོགས་པའི་རྒྱུད་དུ་གཏོགས་པའི་དང་། མོའི་དང་ཕོའི་དང་མ་ནིང་གི་ཞེས་སྤྱིར་གང་ཡང་རུང་བ་གཟུང་ངོ་། །དེ་དག་ཐམས་ཅད་ཀྱི་བྱེ་བྲག་གི་དོན་ཡང་མ་ཉམས་པ་ཞེས་བྱ་བར་སྦྱར་རོ། །

གལ་ཏེ་མ་ཉམས་པ་དག་ནི་ཕམ་པར་འགྱུར་ན། ཉམས་པ་དག་ལ་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཉམས་པ་དག་ལ་ནི་སྦོམ་པོར་རོ་ཞེས་བྱ་བ་སྨྲས་ཏེ། ཁ་དང་བཤང་བའི་ལམ་དང་མོའི་དབང་པོ་ཉམས་པ་དག་ཏུ་བཅུག་པ་ལ་ནི་ཁ་ན་མ་ཐོ་བ་སྦོམ་པོར་འགྱུར་ཏེ། དེ་ཉམས་སུ་མྱོང་བ་ཡོངས་སུ་རྫོགས་པར་

མི་མྱོང་བའི་ཕྱིར་རོ། །ཕོའི་དབང་པོ་ཡང་གལ་ཏེ་ཉམས་པར་གྱུར་ན་དེ་ལ་ཡང་སྦོམ་པོ་ཉིད་དོ། །མི་རུང་བ་ཉིད་ལ་ནི་ན་སྨད་དོ་ཞེས་བྱ་བ་ནི། བགྲོད་པར་བྱ་བ་ཕོ་དང་མོ་དང་མ་ནིང་མི་རུང་བ་ཉིད་ལ་ཞེས་བྱ་བ་ལ་འཁྲིག་པ་སྤྱད་དུ་མི་རུང་བ། སྤྱད་མི་བཟོད་པ་ཉིད་ལ་བགྲོད་པར་བྱེད་པ་ཕོའི་དབང་པོས་

Vol. 162 · folio 90a

རྩོལ་བར་བྱེད་པ་ནི་ལྟུང་བ་ན་སྨད་ཅིང་དབྲི་བ་ཉིད་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་འདིར་ཚིག་གི་དོན་ནི་འབྱུང་སྟེ། བགྲོད་པར་བྱ་བ་རུང་བ་ཉིད་གང་ལ་བགྲོད་པར་བྱེད་པས་བཅུག་རེག་ཉམས་སུ་མྱོང་བར་བྱེད་པ་ནི་ཕམ་པར་འགྱུར་རོ། །བགྲོད་པར་བྱ་བ་མི་

རུང་བ་ཉིད་གང་ལ་བགྲོད་པར་བྱེད་པས་སྩལ་ན་ནི་སྦོམ་པོའོ། །གང་ལ་ཕམ་པར་འགྱུར་བའི་བགྲོད་པར་བྱ་བ་རུང་བ་ཉིད་དེ་ལ་བགྲོད་པར་བྱེད་པས་རེག་ཅིང་ལུས་ལ་རེག་པ་ལ་སོགས་པ་བྱེད་ན་ནི་སྦོམ་པོའོ། །གང་ལ་ཕམ་པར་འགྱུར་བའི་བགྲོད་པར་བྱ་བ་མི་རུང་བ་ཉིད་དེ་ལ་བགྲོད་པར་བྱེད་པས་

རེག་ཅིང་ལུས་ལ་རེག་པ་ལ་སོགས་པ་བྱས་ན་ནི་ཉེས་བྱས་སོ། །གང་ལ་སྦོམ་པོར་འགྱུར་བའི་བགྲོད་པར་བྱ་བ་རུང་བ་ཉིད་དེ་ལ་བགྲོད་པར་བྱེད་པས་རེག་ཅིང་ལུས་ལ་རེག་པ་ལ་སོགས་པ་བྱས་ན་ནི་སྦོམ་པོའོ། །གང་ལ་སྦོམ་པོར་འགྱུར་བའི་བགྲོད་པར་བྱ་བ་མི་རུང་བ་ཉིད་དེ་ལ་བགྲོད་པར་བྱེད་པས་

རེག་ཅིང་ལུས་ལ་རེག་པ་ལ་སོགས་པ་བྱས་ན་ནི་ཉེས་བྱས་སོ། །བགྲོད་པར་བྱ་བ་རུང་བ་ཉིད་ལ་ཁྲི་ལས་ལྡང་བ་ལ་སོགས་པ་སྦྱོར་བའི་སྦྱོར་བ་བྱས་ན་ནི་ཉེས་བྱས་སོ། །བགྲོད་པར་བྱ་བ་མི་རུང་བ་ཉིད་ལ་ཁྲི་ལས་ལྡང་བ་ལ་སོགས་པ་སྦྱོར་བའི་སྦྱོར་བ་བྱས་ན་ནི་ཉེས་བྱས་ཕྲ་མོར་འགྱུར་ཏེ།

དེ་ལྟར་ན་འདིར་ན་སྨད་པའི་དོན་འདི་དེ་ཡིན་ནོ། །མི་མ་ཡིན་པའི་འགྲོ་བ་ཉིད་དང་། སྐྱེས་པ་ཉིད་དང་། མ་ནིང་ཉིད་དང་། རོ་ཉིད་དང་། སྟེན་པར་བྱེད་པ་དང་། བསྟེན་པར་བྱ་བ་དང་། སྟེན་པར་བྱ་བ་གཡོགས་མ་ཅན་ཉིད་དག་ལ་ནི་ན་སྨད་པ་མེད་དོ་ཞེས་བྱ་བ་ནི། དེ་དག་ལ་ན་

སྨད་པ་མེད་དེ། ཐམས་ཅད་ཕམ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བགྲོད་པར་བྱ་བ་མི་མ་ཡིན་པའི་འགྲོ་བ་ཉིད་ཕོ་དང་མོ་ལ་སོགས་པ་དག་ལ་བཅུག་རེག་ཉམས་སུ་མྱོང་བར་བྱས་ན་ལྟུང་བ་ན་སྨད་པ་མེད་དོ། །དེ་བཞིན་དུ་བགྲོད་པར་བྱ་བ་སྐྱེས་པ་ཉིད་སྐྱེས་པའི་དངོས་པོ་ཕོ་ཉིད་

དང་བགྲོད་པར་བྱ་བ་མ་ནིང་ཉིད་དང་། བགྲོད་པར་བྱ་བ་རོ་ཉིད་དང་། སྟེན་པར་བྱེད་པ་ཕོའི་དབང་པོ་དང་། བསྟེན་པར་བྱ་བ་ཁ་དང་བཤང་བའི་ལམ་དང་། མོའི་དབང་པོ་རྣམས་གཡོགས་མ་ཅན་ཉིད་དུ་བྱས་པ་རེག་པ་ཉམས་སུ་མྱོང་བ་ལ་མི་གནོད་པར་བར་ཆད་སྲབ་མོས་གཡོགས་པ་ཉིད་

Vol. 162 · folio 90b

དག་ལ་བཅུག་རེག་ཉམས་སུ་མྱོང་བར་བྱས་པ་ལ་ནི། ལྟུང་བ་ན་སྨད་པ་མེད་དེ། ན་སྨད་པར་མི་བྱ་བ་ནི་ན་སྨད་པ་མེད་པ་ཡིན་ནོ། །བསྟེན་པར་བྱ་བ་དག་ལ་ཡང་མ་ཚོར་བ་དང་། རང་བཞིན་ཉམས་པའི་གནས་སྐབས་དང་མི་འདོད་བཞིན་བཅུག་པ་ཉིད་ནའོ་ཞེས་བྱ་བ་ཡང་ན་སྨད་པ་མེད་དོ་ཞེས་བྱ་བར་

སྦྱར་རོ། །མ་ཚོར་བ་ཞེས་བྱ་བ་ནི། བགྲོད་པར་བྱ་བ་བུད་མེད་ལ་སོགས་པ་དེ་གཉིད་ལོག་པ་དང་། མྱོས་པ་ལ་སོགས་པའི་གནས་སྐབས་སུ་གྱུར་པ་དེའི་ཚེ་ཟག་བྱེད་ལ་སོགས་པར་བགྲོད་པར་བྱེད་པའི་ཟག་བྱེད་བཅུག་པ་ཉིད་ན། འདི་ལྟར་བགྲོད་པར་བྱ་བས་མ་ཚོར་མོད་ཀྱི། འོན་ཀྱང་ན་

སྨད་པ་མེད་པ་ཁོ་ནའོ། །བགྲོད་པར་བྱེད་པ་སྨོས་པ་ལ་སོགས་པས། རང་བཞིན་ཉམས་པའི་གནས་སྐབས་སུ་གྱུར་པ་ལ་ཟག་བྱེད་དུ་ཟག་བྱེད་བཅུག་པ་ཡང་དེ་བཞིན་ནོ། །མི་འདོད་བཞིན་དུ་བཅུག་པ་ཉིད་ཅེས་བྱ་བ་ནི། བགྲོད་པར་བྱ་བ་མི་དགའ་བ་བཞིན་དུ་ནན་གྱིས་བཅུག་ན་ཡང་ན་སྨད་པ་མེད་

པའོ། །རང་གི་བསྟེན་པར་བྱ་བར་རོ་ཞེས་བྱ་བ་ནི། དགེ་སློང་རང་གི་བསྟན་པར་བྱ་བ། ཁ་དང་བཤང་བའི་ལམ་དུ་ཟག་བྱེད་བཅུག་ན་ཡང་ན་སྨད་པ་མེད་པའོ། །སྔར་ཕྱི་རོལ་དུ་དྲུད་པ་ཉིད་ལའོ་ཞེས་བྱ་བ་ལ། སྔར་ཕྱི་རོལ་དུ་དྲུད་ཅིང་ནང་དུ་ལྡུགས་པ་ནི། སྔར་ཕྱི་རོལ་དུ་དྲུད་ཅིང་ནང་དུ་

ལྡུགས་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །དེར་ཟག་བྱེད་བཅུག་ན་ཡང་དེ་ལ་ན་སྨད་པ་མེད་པའོ། །ནང་དུ་སྨྱུགས་ཤིང་ཕྱི་རོལ་དུ་དབོ་བར་བྱའི། ནང་དུ་མི་དབོའོ་སྙམ་ནས་ནང་དུ་མི་དབོ་བར་ཕྱི་རོལ་ཉིད་དུའོ་ཞེས་བྱ་བ། ནང་དུ་མི་དབོ་བའི་བསམ་པས་ཟག་བྱེད་ལ་སོགས་པར་ཟག་བྱེད་ཀྱི་

བཅུག་རེག་ཉམས་སུ་མྱོང་བར་བྱས་ན་ཡང་དེ་ལ་ན་སྨད་པ་མེད་དོ། །མི་ཚངས་པར་སྤྱོད་པའི་ཞར་ལ་དེའི་རྒྱུ་དག་ཡོངས་སུ་སྤང་བའི་ཕྱིར། མ་བསྲུངས་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དགེ་སློང་མ་བསྲུངས་པར་ཉིན་མོ་གློས་ཕབ་སྟེ་གཉིད་ལོག་པར་

མི་བྱའོ། །སྦྱོར་བ་གང་གིས་དགེ་སློང་བསྲུངས་པ་ཞེས་བྱ་བའི་བསྲུངས་པ་དེ་ཅི་ལྟ་བུ་ཞིག་ཅེ་ན་དེའི་ཕྱིར། བསྲུངས་པ་ནི་གསུམ་སྟེ། སྒོ་བཅད་ཅིང་ཀུན་ནས་བསྐོར་བ་ན་གནས་པ་ཉིད་དང་། དགེ་སློང་གིས་ཀུན་ནས་བསྲུངས་པ་ཉིད་དང་། ཤམ་ཐབས་ཀྱི་མཐའ་བཅིངས་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ།

Vol. 162 · folio 91a

གནས་གང་ན་སྒོ་བཅད་པ་དེ་ནི་སྒོ་བཅད་པ་སྟེ། སྒོ་བཅད་པའི་གནས་ཀུན་ནས་བསྐོར་བ་ཕྱོགས་ཀུན་ནས་བསྐོར་བའི་གནས་དེ་ན་གནས་པ་ནི་སྒོ་བཅད་ཅིང་ཀུན་ནས་བསྐོར་བ་ན་གནས་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ། །ཀུན་ནས་བསྲུངས་པ་ཉིད་སུས་ཤེ་ན། དགེ་སློང་གིས་ཏེ།

དགེ་སློང་གིས་ཀུན་ནས་བསྲུངས་པ་ཉིད་དང་། བསྲུངས་པ་གསུམ་པ་ནི། ཤམ་ཐབས་ཀྱི་མཐའ་མདུད་པ་བོར་ཏེ་བཅིངས་པ་ཉིད་དོ། །མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་རྣམ་པར་འབྱེད་པའོ་ཞེས་བྱ་བ་ནི། རྣམ་པར་འབྱེད་པར་གཏོགས་པ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་

བའི་སྐབས་རྫོགས་སོ།། །།ཕྲན་ཚེགས་ལ་སོགས་པ་ནི་རྣམ་པར་འབྱེད་པའི་རབ་ཏུ་འབྱེད་པར་འགྱུར་བ་ཡིན་པའི་ཕྱིར། ད་ནི་ཕྲན་ཚེགས་ཀྱི་སྐབས་བརྗོད་པར་བྱ་སྟེ། གང་དུ་བུད་མེད་ཀྱིས་བརྗོད་པ་དེར་འགྲོ་བར་མི་བྱའོ་ཞེས་བྱ་བ་ནི་ཁྱིམ་ལ་སོགས་པ་གང་དུ་བུད་མེད་ཀྱིས་ཚུལ་མ་

ཡིན་པའི་བསམ་པས་བརྗོད་པ་དེར་དགེ་སློང་འགྲོ་བར་མི་བྱའོ། །གང་དུ་མི་མ་ཡིན་པས་གནོད་པའི་ཕྱིར་བརྩལ་བ་དེར་གནས་པར་མི་བྱའོ་ཞེས་བྱ་བ་ནི། དགོན་པ་ལ་སོགས་པ་གང་དུ་མི་མ་ཡིན་པས་འཁྲིག་པ་བསྟེན་པ་ལ་སོགས་པ་གནོད་པའི་ཕྱིར་བརྩལ་བའི་གནས་དེར་གནས་པར་མི་བྱ་

འདུག་པར་མི་བྱའོ། །འདོད་ཆགས་ཤས་ཆེ་བས་འཛག་སྣོད་བཅང་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གང་འདོད་ཆགས་ཤས་ཆེ་བ་དེ་ནི་འདོད་ཆགས་ཤས་ཆེ་བ་སྟེ། དེས་ཁུ་བ་འཛག་པའི་འཛག་སྣོད་རྐྱལ་བུ་བཅང་བར་བྱའོ། །འདིར་གཞུང་ནི་འདི་ལྟར་འདོད་ཆགས་ཤས་ཆེ་བ་ལ་ཡང་

དང་ཡང་དུ་ཁུ་བ་འཛག་པར་འགྱུར་བས་དེའི་ཕྱིར་ཆོས་གོས་ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར་ཉོན་མོངས་བ་ཅན་མ་ཡིན་པའི་སེམས་ཀྱིས་འཛག་སྣོད་བཅང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །འཛག་སྣོད་ལ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ནི་ཉོན་མོངས་པ་ཅན་གྱི་སེམས་ལའོ། །འཛག་

སྣོད་རྫས་ཅི་ཞིག་ལས་བྱ་ཞེ་ན། དེའི་ཕྱིར་རའམ་རི་དགས་སམ་བྱི་བའི་པགས་པ་ལས་སོ་ཞེས་བྱ་བ་སྨྲས་ཏེ། འཛག་སྣོད་ནི་རའམ་རི་དགས་སམ་བྱི་བའི་པགས་པ་ལས་བྱའོ། །དེས་ན་བྱི་ལ་དང་ལུག་ལྤགས་ལ་སོགས་པ་ལས་འཛག་སྣོད་བྱས་ན་ཡང་ཉེས་པ་མེད་དོ། །འཛག་སྣོད་དེ་

Vol. 162 · folio 91b

ཡང་བྱི་དོར་བྱ་དགོས་པས་དེའི་ཕྱིར། དྲི་མི་ང་བར་བྱ་བའི་ཕྱིར་བསྐ་བས་བཀྲུ་བ་དང་བསྐམ་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། འཛག་སྣོད་དྲི་མི་ང་བར་བྱ་བའི་ཕྱིར་བསྐ་བས་གདབ་ཅིང་བྱི་དོར་བྱ་བ་དང་། འཛག་སྣོད་དྲི་ང་བ་མེད་པར་བྱ་བ་ཉིད་ཀྱི་ཕྱིར་དུས་དུས་སུ་བཀྲུ་བ་དང་བསྐམ་པར་བྱ་བའོ། །འཛག་

སྣོད་བཀྲུ་བ་ལ་སོགས་པའི་དུས་ན་ཅི་ཞིག་བཅང་བར་བྱ་ཞེ་ན་དེའི་ཕྱིར། དེའི་དུས་ཀྱི་ཆེད་དུ་གཞན་བྱའོ་ཞེས་བྱ་བ་སྨྲས་ཏེ། བཀྲུ་བ་དང་བསྐམ་པའི་དུས་ཀྱི་ཆེད་དུ་འཛག་སྣོད་གཉིས་པ་གཞན་བཅང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཧ་ཅང་མང་བས་ལྔར་བར་གྱུར་ན་ཕྲུ་བླུགས་སོ་ཞེས་བྱ་བ་

ནི། ཁུ་བ་ཧ་ཅང་མང་བས་འཛག་སྣོད་ལྔར་བར་གྱུར་ཅིང་གཤེར་བར་གྱུར་ན་ཕྲུ་བླུགས་པར་བྱ་སྟེ། དེར་རློད་གཞུག་པར་བྱའོ། །ཕྲུ་བླུགས་སོ་ཞེས་སྨྲས་པ། ཕྲུ་ཅི་འདྲ་བར་བླུགས་པར་བྱ་ཞེ་ན་དེའི་ཕྱིར། བྱེ་མའམ་སའིའོ་ཞེས་བྱ་བ་སྨྲས་སོ། །ཅི་དུས་ཐམས་ཅད་དུ་འཛག་སྣོད་ཐོགས་པར་

བྱའམ་ཞེ་ན་དེའི་ཕྱིར། ཟན་ཟ་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བའི་ཚེ་ཕོག་ལ་བཀྲུས་ཏེའོ་ཞེས་བྱ་བ་སྨྲས་ཏེ། ཟན་ཟ་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བའི་ཚེ་འཛག་སྣོད་དེ་དབང་པོ་ལས་ཕོག་ལ་དེའི་འོག་ཏུ་དབང་པོ་བཀྲུས་ཏེ་དུས་དེ་གཉིས་སུ་དེ་མེད་པར་བྱའོ། །མི་ཚངས་པར་སྤྱོད་པའི་

ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་སོ་ཞེས་བྱ་བ་ནི། མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་ཕྲན་ཚེགས་ཀྱི་སྐབས་ནས་འབྱུང་བ་རྫོགས་སོ།། །།ཕམ་པར་འགྱུར་བ་བྱེད་པ་རྨའི་སྒོ་གསུམ་སྨྲས་ན། གང་གི་ཕྱོགས་སུ་ཕོའི་དབང་པོ་བཅུག་པ་ཉིད་ན་ཕམ་པར་འགྱུར་བ་དེ་དག་གི་

ཕམ་པར་བྱེད་པའི་དང་པོར་གྱུར་པའི་ཕྱོགས་མ་བསྟན་པས་དེའི་ཕྱིར་དེ་དག་གི་དང་པོར་གྱུར་པའི་ཕྱོགས་བསྟན་པའི་ཕྱིར། ཁའི་དང་པོ་ནི་སོ་ཕན་ཆད་དོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁའི་དང་པོ་ནི་སོའི་ནང་ལོགས་ཀྱི་ངོས་ཀྱི་སོ་དྲུང་སྟེ། སོ་དྲུང་དེ་ཕན་ཆད་ནི་ཁའི་དང་པོའོ། །དེས་འདི་སྐད་བསྟན་

ཏེ། གལ་ཏེ་ཕོའི་དབང་པོ་སོའི་ནང་ལོགས་ཀྱི་ངོས་ཀྱི་སོ་དྲུང་ཕན་ཆད་དུ་ཅུང་ཟད་ཅིག་བཅུག་ན་ཡང་དེའི་ཚེ་ཕམ་པར་འགྱུར་བར་རྣམ་པར་གཞག་གོ། །བཤང་བའི་ལམ་གྱི་ནི་བུ་གུའི་སྦུབས་ཀྱི་མཐའ་ཡན་ཆད་དོ་ཞེས་བྱ་བ་ལ། བུ་གུར་གྱུར་པའི་སྦུབས་ཡིན་པས་བུ་གུའི་སྦུབས་ཏེ། འཇིག་རྟེན་ན་

Vol. 162 · folio 92a

བཤང་བའི་སྦུབས་ཞེས་བྱ་བ་གང་ཡིན་པའོ། །བུ་གུའི་སྦུབས་དེའི་མཐའ་ཡན་ཆད་ནི་བཤང་བའི་ལམ་གྱི་དང་པོའོ། །བུ་གུའི་སྦུབས་ཀྱི་མཐའ་དེ་ཡན་ཆད་གང་ནས་བརྩམས་ཏེ་ཟབས་སུ་ཅི་བཟོད་པའི་ནང་མན་ཆད་དུ་ཕོའི་དབང་པོ་ཅུང་ཟད་ཅིག་བཅུག་ན་ཡང་ཕམ་པར་

འགྱུར་རོ། །ཟག་བྱེད་ཀྱི་ནི་ལྤགས་རིམ་ཡན་ཆད་དོ་ཞེས་བྱ་བ་ན། ཟག་བྱེད་ཀྱི་དང་པོ་ནི་མདོམས་ཀྱི་ཕྱོགས་ན་རྨའི་ཁ་ཤུན་དུ་གྱུར་པ་པགས་པར་གཏོགས་པའི་ལྤགས་ཤུན་གཉི་གའི་རིམ་པའི་ལྤགས་རིམ་ཡན་ཆད་ཤའི་རྣམ་པ་དང་པོའི་མཚམས་ལ་ཐུག་པ་དེ་ནི་ཟག་བྱེད་ཀྱི་དང་པོའོ། །འདི་

སྐད་བསྟན་ཏེ། གལ་ཏེ་ཕོའི་དབང་པོ་ལྤགས་རིམ་དེ་ཡན་ཆད་དུ་དེ་ཙམ་ཞིག་བཅུག་ནས་ཤར་བགྲངས་པའི་ཕྱོགས་དང་རག་པར་གྱུར་ན་དེ་ཕམ་པར་འགྱུར་རོ། །རྨའི་སྒོ་རྣམས་ཀྱི་དང་པོ་བསྟན་ནས། ཟག་བྱེད་རྨའི་སྒོ་དེ་དག་ཏུ་ཅི་ཙམ་ཞིག་བཅུག་པ་ཉིད་ན་ཕམ་པར་འགྱུར་ཞེ་ན་དེའི་ཕྱིར།

དེའི་ནོར་བུ་བཅུག་པ་ཉིད་དེའི་མཐའོ་ཞེས་བྱ་བ་སྨྲས་ཏེ། དེའི་ཞེས་བྱ་བ་ནི་ཟག་བྱེད་ཀྱིའོ། །དེའི་ནོར་བུ་ཞེས་བྱ་བ་མཐེ་བོའི་རྣམ་པར་འདྲ་བ་གང་ཡིན་པ་དེ་རྨའི་སྒོ་གསུམ་པོ་དག་ཏུ་བཅུག་པ་ཉིད་གང་ཡིན་པས་རྨའི་སྒོ་དག་གི་དང་པོར་གྱུར་པའི་ཕྱོགས་དང་ཕྲད་པ་གང་ཡིན་པ་དེ་ནི་དེའི་མཐའ་

སྟེ་བཅུག་པ་ཉིད་ཀྱི་མཐའོ། །ནོར་བུ་རིལ་གྱིས་མ་འདས་མོད་ཀྱི་འོན་ཀྱང་ཡན་ལག་གི་རྩེ་མོའི་ཐོག་མའི་ཕྱོགས་ཐམས་ཅད་ཀྱིས་རྨའི་སྒོ་རྣམས་ཀྱི་དང་པོར་གྱུར་པའི་ཕྱོགས་སུ་རེག་པ་གང་ཡིན་པ་དེ་ནི་བཅུག་པ་ཉིད་ཀྱི་མཐར་ཐུག་པ་ཡིན་པར་རིག་པར་བྱའོ། །གང་གིས་བཅུག་པའི་རེག་

པ་ཉམས་སུ་མྱོང་བར་བྱས་པ་ཞེས་བྱ་བ་དེས་བཅུག་པ་བསྟན་པར་འགྱུར་རོ། །འདིར་གཞུང་ནི་སོ་དག་ལས་ནོར་བུ་འདའ་བར་བྱེད་པ་དང་། བུ་གའི་སྦུབས་ལས་ནོར་བུ་འདའ་བར་བྱེད་པ་དང་། པགས་པ་ལས་ནོར་བུ་འདའ་བར་བྱེད་པ་ཞེས་གསུངས་པ་ཡིན་ནོ། །རྣམ་པར་

འབྱེད་པའི་མདོ་ལས་རྨའི་སྒོ་རྣམས་ཀྱི་ཉམས་པ་ཉིད་སྨྲས་པ་དེའི་མཚན་ཉིད་རྣམ་པར་དབྱེ་བ་བརྗོད་པར་བྱ་སྟེ། ཕྱོགས་ཀྱི་དང་པོ་ཅུང་ཟད་ཟིན་པ་ཉིད་དང་། ཟིན་པ་ཉིད་དང་། སྐྲངས་པ་ཉིད་དང་། རུལ་བ་ཉིད་དང་། མྱགས་པ་ཉིད་དང་། སྲོག་ཆགས་ཀྱིས་ཟོས་པ་ཉིད་ལྟ་བུ་ནི་ཉམས་པ་ཉིད་དོ། །

Vol. 162 · folio 92b

ཞེས་བྱ་བ་ལ་ཕྱོགས་ཀྱི་དང་པོ་ཞེས་སྨོས་པས་ནི། རྨའི་སྒོའི་ཕྱོགས་ཀྱི་དང་པོར་གྱུར་པ་གང་ཚུན་ཆད་ཀྱིས་ཕམ་པར་འགྱུར་བའི་ཕྱོགས་ཀྱི་དང་པོ་གཟུང་གི། ལུས་སུ་གཏོགས་པ་གཞན་གྱིས་ནི་མ་ཡིན་ནོ། །ཅུང་ཟད་ཟིན་པ་ཉིད་ཅེས་པ་ནི་རྨའི་སྒོ་རྣམས་ཀྱི་དང་པོར་གྱུར་པའི་ཕྱོགས་བསྟན་པ་

གང་ཡིན་པའི་ཕྱོགས་དེ་སྡིག་པ་ལ་སོགས་པ་དག་གིས་ཅུང་ཟད་ཟིན་པ་ཉིད་དོ། །ཟིན་པ་ཉིད་ཅེས་བྱ་བ་ནི། ཤས་ཆེར་ཟིན་པ་ཉིད་དོ། །སྐྲངས་པ་ཉིད་ཅེས་བྱ་བ་ནི། རླུང་ལ་སོགས་པས་སྐྲངས་རློར་གྱུར་པ་ཉིད་དོ། །རུལ་བ་ཉིད་ཅེས་བྱ་བ་ནི། མུགས་པར་གྱུར་པ་ཉིད་དོ། །མྱགས་པ་ཉིད་ཅེས་

བྱ་བ་ནི། ཤ་ཟག་པར་གྱུར་པ་ཉིད་དོ། །སྲོག་ཆགས་དག་གིས་ཟོས་པ་ཉིད་ཅེས་བྱ་བ་ནི། ནང་ཉིད་ནས་དེའི་དྲི་མ་ལས་སྐྱེས་པའི་སྲོག་ཆགས་དག་གིས་ཟོས་པ་ཉིད་དོ། །འདིར་གཞུང་ནི་གང་གི་རྨའི་སྒོ་དག་ཅུང་ཟད་ཟིན་པ་ཉིད་དམ། ཟིན་པ་ཉིད་དམ། རུལ་བ་ཉིད་དམ། མྱགས་པ་ཉིད་

དམ་ཞེས་གསུངས་པ་དང་། གཞུང་གཞན་ལས་ཅུང་ཟད་ཟིན་ཏམ། ཟིན་ཏམ། སྐྲངས་པ་ཉིད་དམ། རུལ་པ་ཉིད་དམ། སྲོག་ཆགས་དག་གིས་ཟིན་པ་ཉིད་དམ་ཞེས་གསུངས་པ་སྟེ། འདིར་སྐྲངས་པ་དང་། སྲོག་ཆགས་དག་གིས་ཟིན་པ་ནི་དེ་ལས་བསྡུ་བ་བྱས་པ་ཡིན་ནོ། །ལུས་ཉམས་པ་

ཉིད་ཡིན་ཡང་རྨའི་སྒོ་ཉམས་པར་མི་འགྱུར་བ་བསྟན་པའི་ཕྱིར། བགྲོད་པར་བྱ་བ་ཕྱེད་བཅས་པ་ཉིད་ལ་ཡང་ན་སྨད་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། བགྲོད་པར་བྱ་བ་ཕོ་དང་མོ་དང་མ་ནིང་གི་ལུས་མཐའ་དག་གི་ལྟེ་བའི་ཕྱོགས་ལ་སོགས་པར་ཕྱེད་དུ་བཅད་པ་ཉིད་ལ་ཡང་ལྟུང་བ་ན་སྨད་པ་མེད་དོ། །ཕམ་པ་ཁོ་ནར་

འགྱུར་རོ། །རྨའི་སྒོ་ཙམ་བཅད་པ་ནི་ཕྱེད་དུ་བཅད་པ་ཉིད་མ་ཡིན་ནོ། །འདི་ལྟར་རྨའི་སྒོ་ཕྱེད་དུ་བཅད་པ་ནི་ཉམས་པ་ཡིན་ཏེ། དེ་ལ་ནི་སྦོམ་པོ་ཁོ་ནར་འགྱུར་གྱི། ཕམ་པར་མི་འགྱུར་རོ། །འདིར་གཞུང་ནི། བཙུན་པ་རེ་ཞིག་དགེ་སློང་གིས་བུད་མེད་ལུས་ཕྱེད་དུ་བསྐུམ་ལ། རྨའི་སྒོ་གསུམ་པོ་དག་

ལས་རྨའི་སྒོ་གང་ཡང་རུང་བ་ཞིག་མ་ཉམས་པ་དེར་མི་ཚངས་པར་སྤྱོད་པ་བགྱིས་ན་ལྟུང་བ་ཅིར་འགྱུར། ཉེ་བ་འཁོར་མཐར་འགྱུར་རོ་ཞེས་གསུངས་པ་དེ་འདིར་བསྡུས་པ་ཡིན་ནོ། །གཞུང་དེ་ལས་རྨའི་སྒོ་ཉམས་པ་ཉིད་མ་བཀབ་པས་ན་ལུས་ཉིད་ཕྱེད་དུ་བཅད་པ་ཉིད་ཡིན་གྱི་རྨའི་སྒོ་ཙམ་གྱིས་ནི་མ་ཡིན་

Vol. 162 · folio 93a

ནོ། །བསྟེན་པར་བྱ་བའི་དབུས་བྱེ་བའི་མཚམས་སྦྱོར་བར་མི་མངོན་པ་ལ་ཡང་ངོ་ཞེས་བྱ་བ་ནི། བསྟེན་པར་བྱ་བ་ནི། ཕོ་དང་མོ་དང་མ་ནིང་གི་ཁ་དང་བཤང་བའི་ལམ་དང་མོའི་དབང་པོར་གྱུར་པའི་དབུས་ཕྱེད་ཙམ་དུ་གས་པ་ལ་སོགས་པས་བྱེ་བའི་མཚམས་ཡང་ཕྱིར་འབྱོར་ཅིང་

འབྲེལ་པར་གྱུར་པས་མི་མངོན་པ་ལ་ཡང་ཕམ་པར་འགྱུར་བ་ལས་ན་སྨད་པ་མེད་པའོ། །མངོན་པ་ལ་ནི་ཚིགས་འོག་མར་རོ་ཞེས་བྱ་བ་ནི། རྨའི་སྒོའི་མཚམས་འབྱོར་བར་རབ་ཏུ་ཤེས་པ་ལ་ནི་ཚིགས་འོག་མར་འགྱུར་ཏེ། ལྟུང་བ་འོག་མ་ཉིད་ལ་གནས་པར་འགྱུར་བའོ། །དེ་ལྟར་ན་འདིར་ཚིག་གི་དོན་

འདི་འབྱུང་སྟེ། མཚམས་འབྱོར་བར་མི་མངོན་པ་གང་ལ་བཅུག་རེག་ཉམས་སུ་མྱོང་བར་བྱས་པ་དེ་ནི་ཕམ་པར་འགྱུར་རོ། །མཚམས་འབྱོར་པར་མངོན་པ་གང་ལ་བཅུག་རེག་ཉམས་སུ་མྱོང་བར་བྱས་པ་དེ་ལ་ནི་སྦོམ་པོའོ། །མཚམས་འབྱོར་བར་མི་མངོན་པ་གང་ལ་ཕམ་པར་འགྱུར་བ་དེའི་སྦྱོར་བ་

དེ་ལ་ནི་སྦོམ་པོའོ། །མཚམས་འབྱོར་བར་མངོན་པ་གང་ལ་སྦོམ་པོར་འགྱུར་བ་དེའི་སྦྱོར་བ་དེ་ལ་ནི་ཉེས་བྱས་སོ། །མཚམས་འབྱོར་བར་མི་མངོན་པ་གང་ལ་ཕམ་པར་འགྱུར་བ་དེའི་སྦྱོར་བ་ལ་སྦོམ་པོར་འགྱུར་བ་དེའི་སྦྱོར་བ་ལ་ནི་ཉེས་བྱས་སོ། །མཚམས་འབྱོར་བར་མངོན་པ་གང་ལ་སྦོམ་

པོར་འགྱུར་བ་དེའི་སྦྱོར་བ་ལ་ཉེས་བྱས་སུ་འགྱུར་བ་དེའི་སྦྱོར་བ་ལ་ནི། ཉེས་བྱས་ཕྲ་མོར་འགྱུར་རོ། །སྦོམ་པོའི་དབང་དུ་བྱས་པ་ནི་ཕག་ལ་སོགས་པ་བཙོས་པ་སྤུ་མེད་པ་དག་ལའོ་ཞེས་བྱ་བ་ནི། དབང་དུ་བྱ་བ་བསྟན་པའི་ཕྱིར། དང་པོར་སྦོམ་པོའི་དབང་དུ་བྱས་པ་ནི་ཞེས་བྱ་བའི་ཚིག་སྨོས་

ཏེ། འདི་མན་ཆད་འོག་ནས་མཐའ་ཉིད་བརྗོད་པའི་གཡོགས་པ་དེ་ནི་བསྒྲིབས་པ་སྟེ་ཞེས་འབྱུང་བའི་མདོ་མན་ཆད་ནི་སྦོམ་པོ་ཞེས་བྱ་བའི་དབང་དུ་བྱའོ། །ཕག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་སྤྲེའུ་དང་བ་ལང་དང་། མ་ཧེ་ལ་སོགས་པ་དག་བསྡུའོ། །བཙོས་པ་

ཞེས་བྱ་བ་ནི་མེ་ལ་སོགས་པའོ། །སྤུ་མེད་པ་ཞེས་བྱ་བ་ནི། ཕག་ལ་སོགས་པ་གང་ལ་སྤུ་དག་མེད་པར་གྱུར་པ་དེ་ནི་སྤུ་མེད་པའོ། །ཕག་ལ་སོགས་པ་བཙོས་པ་སྤུ་མེད་པ་དེ་དག་ལ་བཅུག་རེག་ཉམས་སུ་མྱོང་བར་བྱས་པ་ནི་སྦོམ་པོར་འགྱུར་བ་ཉིད་དོ། །འདི་སྐད་བསྟན་ཏེ། གལ་ཏེ་དགེ་སློང་

Vol. 162 · folio 93b

གིས་ཕག་ལ་སོགས་པ་སྤུ་མེད་པ་དེ་དག་གི་རྨའི་སྒོ་དག་ཏུ་སྤྲོད་པ་ལས་འཁྲིག་པ་སྤྱོད་པར་བྱེད་ན་དེ་ནི་སྦོམ་པོར་རིག་པར་བྱ་སྟེ། རྨའི་སྒོ་རྣམས་ཉམས་པ་ཉིད་ཡིན་པའི་ཕྱིར་རོ། །སྦྱོར་བར་གྱུར་པ་གཞན་དུ་སྤྱོད་པ་ལ་ནི་སྦོམ་པོར་མི་འགྱུར་ཏེ། སྦོམ་པོའི་དངོས་གཞི་བསྐྱེད་པའི་སྦྱོར་བ་ལ་ནི་ཉེས་བྱས་

སོ། །སྦྱོར་བའི་ཡང་སྦྱོར་བ་ལ་ནི་ཉེས་བྱས་ཕྲ་མོར་འགྱུར་རོ། །འདིར་བཙོས་པ་ཞེས་བྱ་བ་ནི་ཉམས་པ་ཉིད་ཀྱི་རྒྱུ་ཡིན་པས། དེས་ན་དུད་འགྲོ་དང་མི་ལ་སོགས་པ་སྤུ་དང་བཅས་པའམ། སྤུ་མེད་དག་ལ་ནི་སྦོམ་པོ་ཁོ་ནའི་དབང་དུ་བྱས་ཏེ། རྨའི་དབང་པོ་བཙོས་པ་ཐམས་ཅད་ནི་ཉམས་པ་ཉིད་ཡིན་པའི་

ཕྱིར་རོ། །དེའི་ཕྱིར་སྤུ་མེད་པ་ཞེས་སྨོས་པ་ནི་པགས་པ་མི་དང་འདྲ་བའི་ཕྱིར་ཕམ་པའི་ཁ་ན་མ་ཐོ་བ་ཉིད་དུ་འགྱུར་རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་རོ། །ཤི་བ་ཉིད་ལ་རྨའི་སྒོ་གསུམ་ཆར་ལ་ཡང་སྤྱིར་དངོས་གཞིའི་ཁ་ན་མ་ཐོ་བར་བསྟན་པ་ལ་ཁའི་ཡུལ་ལ་བྱེ་བྲག་སྨྲ་བར་འདོད་ནས། མགོ་བཅད་

པའི་ཁར་རོ་ཞེས་བྱ་བ་སྨྲས་ཏེ། མགོ་བཅད་པའི་ཁར་བྱེད་ན་སྦོམ་པོའི་དབང་དུ་བྱས་པ་ཉིད་ཡིན་གྱི། དངོས་གཞིའི་དབང་དུ་བྱས་པ་ཉིད་ནི་མ་ཡིན་ནོ། །མགོ་བཅད་དུ་ཟིན་ཀྱང་མོའི་དབང་པོ་དང་བཤང་བའི་ལམ་མ་ཉམས་པ་གཉིས་སུ་བྱེད་པ་ནི་དངོས་གཞིའི་དབང་དུ་བྱས་པ་ཉིད་ཡིན་ནོ། །ཁ་

དང་བཤང་བའི་ལམ་དང་མོའི་དབང་པོ་རྣམས་ཀྱི་གནས་སྐབས་ཀྱི་བྱེ་བྲག་བསྟན་ནས། ཕོའི་དབང་པོ་སྦོམ་པོའི་དབང་དུ་བྱས་པ་བསྟན་པའི་ཕྱིར། བསྟེན་པར་བྱ་བ་དང་། སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་བྱས་པ་གཉིས་ཀྱིའོ་ཞེས་བྱ་བ་སྨྲས་ཏེ། བསྟེན་པར་བྱ་བ་དང་། སྟེན་པར་བྱེད་

པ་ཞེས་བྱ་བ་ནི། ཁ་དང་བཤང་བའི་ལམ་དང་མོའི་དབང་པོ་དང་ཕོའི་དབང་པོ་ཞེས་བྱ་བ་ཅི་རིགས་པར་བསྟེན་པར་བྱ་བ་དང་། སྟན་པར་བྱེད་པ་ཡིན་པའོ། །ལུས་ལས་ཐ་དད་པར་བྱས་པ་གཉིས་ཀྱིའོ་ཞེས་བྱ་བ་ནི། གཞན་གྱིས་བསྟེན་པར་བྱ་བ་ལུས་ལས་ཐ་དད་པར་བྱས་པ་དག་ཏུ་རང་གིས་

སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་མ་བྱས་པ་དང་། རང་དང་གཞན་གྱིས་སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་བྱས་པ་དག་རང་གིས་བསྟེན་པར་བྱ་བ་ལུས་ལས་ཐ་དད་པར་མ་བྱས་པ་དག་ཏུ་དང་། གཞན་གྱིས་སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་བྱས་པ་རང་གིས་བསྟེན་པར་བྱ་བ་

Vol. 162 · folio 94a

ལུས་ལས་ཐ་དད་པར་མ་བྱས་པ་དག་ཏུ་ཅིག་ཅར་རམ་རིམ་གྱིས་ཕན་ཚུན་སྦྱོར་བར་བྱེད་པ་ནི་སྦོམ་པོའི་དབང་དུ་བྱས་པ་ཉིད་ཡིན་པའོ། །འདི་སྐད་བསྟན་ཏེ། དགེ་སློང་གིས་གཞན་གྱིས་བསྟེན་པར་བྱ་བ་ཁ་དང་བཤང་བའི་ལམ་དང་མོའི་དབང་པོའི་གཞི་གཅད་པ་ལ་

སོགས་པས་ལུས་ལས་ཐ་དད་པར་བྱས་པ་དག་ཏུ་རང་གིས་སྟེན་པར་བྱེད་པ་ཕོའི་དབང་པོ་སྦྱོར་བར་བྱེད་ན་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ། །རང་དང་གཞན་གྱིས་སྟེན་པར་བྱེད་པ་ཕོའི་དབང་པོ་བཅད་པ་ལ་སོགས་པས་ལུས་ལས་ཐ་དད་པར་བྱེད་པ་དག་རང་གིས་བསྟེན་པར་བྱ་བ་ཁ་དང་

བཤང་བའི་ལམ་དུ་སྦྱོར་བར་བྱེད་ན་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ། །དགེ་སློང་མས་གཞན་གྱིས་སྟེན་པར་བྱེད་པ་ཕོའི་དབང་པོ་བཅད་པ་ལ་སོགས་པས་ལུས་ལས་ཐ་དད་པར་བྱས་པ་རང་གིས་བསྟེན་པར་བྱ་བ་ཁ་དང་བཤང་བའི་ལམ་དང་མོའི་དབང་པོ་དག་ཏུ་སྦྱོར་བར་བྱེད་ན་ཡང་

སྦོམ་པོའི་དབང་དུ་བྱས་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བསྟེན་པར་བྱ་བ་དང་། སྟེན་པར་བྱེད་པ་གཉི་ག་གཞན་གྱི་ལུས་ལས་ཐ་དད་པའམ་ཐ་དད་པ་མ་ཡིན་པ་ནི་མདོ་འོག་མའི་ཡུལ་ལས་སྟོན་ཏོ། །གཞན་པ་གཉིས་ཀྱང་གཞན་གྱི་གཉིས་དང་གཞན་དུ་སྦྱོར་བར་བྱེད་ནའོ་ཞེས་བྱ་བ་ལ།

གཞན་པ་གཉིས་ཀྱང་ཞེས་བྱ་བའི་ཀྱང་གི་སྒྲས་ནི་སྔར་བསྟེན་པར་བྱ་བ་དང་། སྟེན་པར་བྱེད་པ་ལུས་ལས་ཐ་དད་པར་བྱས་པ་གཉིས་ཀྱིའོ་ཞེས་བྱ་བ་སྨོས་པ་དེ་གཉིས་ལས་གཞན་པ་ལུས་ལས་ཐ་དད་པར་མ་བྱས་པ་གཉིས་དང་། ལུས་ལས་ཐ་དད་པར་བྱས་པ་གཉིས་ཀྱང་སྔ་མ་བཞིན་དུ་སྦྱར་བར་

སྟོན་ཏོ། །གཞན་གྱི་གཉིས་དང་ཞེས་བྱ་བ་ནི། གཞན་ཕོ་དང་མོ་དང་མ་ནིང་གིས་བསྟེན་པར་བྱ་བ་དང་། སྟེན་པར་བྱེད་པ་ཅི་རིགས་པར་གཉིས་དང་ངོ་། །གཞན་དུ་སྦྱོར་བར་བྱེད་ནའོ་ཞེས་བྱ་བ་ནི། བསྟེན་པར་བྱ་བ་དང་། སྟེན་པར་བྱེད་པའི་སྦྱོར་བར་བྱེད་ན་སྦོམ་པོའི་དབང་དུ་བྱས་པ་

ཉིད་ཡིན་པའོ། །གཙུག་ལག་ལས་ཅི་རིགས་པར་སྦྱར་བའི་དོན་སྟོན་ཏེ། ལ་ལ་ལས་ནི་བུད་མེད་ཀྱིས་བཅད་དེ་འཇུག་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་སོ། །གཞན་ལས་ནི་གཞན་གྱི་ཡན་ལག་གི་རྣམ་པ་གཞན་གྱི་ཟག་བྱེད་དུ་འཇུག་ཏུ་རྩོལ་ན་ལྟུང་བ་ཅིར་

Vol. 162 · folio 94b

འགྱུར་ཉེས་པ་སྦོམ་པོར་རོ་ཞེས་གསུངས་སོ། །གཞན་གྱི་ནི་དགེ་སློང་ལ་ལས་ཟག་བྱེད་དུ་ཟག་བྱེད་རྩོལ་ལ་མཐའི་ལྟུང་བར་མི་འགྱུར་བར་མཆིས་སམ། བཀའ་སྩལ་པ། ཡོད་དེ་བཅད་དེ་འཛུད་པར་བྱེད་པའམ། བུད་མེད་ཀྱིས་བཅད་པར་འཛུད་པའོ། །ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་

པོར་རོ་ཞེས་གསུངས་སོ། །གཞན་ལས་ནི་དགེ་སློང་ལ་ལས་ཟག་བྱེད་དུ་ཟག་བྱེད་རྩོལ་ལ་མཐའི་ལྟུང་བར་མི་འགྱུར་བ་མཆིས་སམ། བཀའ་སྩལ་པ་ཡོད་དེ། བཅད་དེ་འཛུད་པར་བྱེད་པའམ། བུད་མེད་ཀྱིས་བཅད་པར་འཛུད་པར་བྱེད་པའམ། གཉི་ག་བཅད་དེ་འཛུད་པར་བྱེད་པའོ། །

ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་རོ་ཞེས་གསུངས་སོ། །མདོ་གཉིས་ལས་བཤད་པ་དེ་ཐམས་ཅད་སྦྱར་ནས་དེའི་རྗེས་སུ་འབྲང་བས་ཁ་དང་བཤང་བའི་ལམ་གཉིས་སུ་འཛུད་པ་དག་ཀྱང་སྦོམ་པོའི་དབང་དུ་བྱས་པ་ཁོ་ནར་སྔ་མ་བཞིན་དུ་སྦྱར་རོ། །གཞན་པའི་བུ་ག་ལུས་ལས་བཅད་པ་ལ་ཡང་ངོ་ཞེས་

བྱ་བ་ནི། རྨའི་སྒོ་གསུམ་ལས་གཞན་པའི་བུ་ག་མཚོན་གྱིས་དྲལ་བ་ལ་སོགས་པ་བཅོས་མ་དང་མིད་པ་ལ་སོགས་པ་ལུས་བྱུང་བ་ཉིད་ནས་བྱུང་བ་དང་པོ་ནས་དོད་པ་ལུས་ལས་བཅད་པ་དང་མ་བཅད་པ་ལ་ཡང་སྦོམ་པོའི་དབང་དུ་བྱས་པ་ཡིན་པའོ། །གཞུང་ནི་ལ་ལས་ལུས་དྲལ་ཏེ་ཡན་ལག་གི་རྣམ་པ་རྩོལ་

ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་དང་། གཞན་ལས་མགོ་བཅད་དེ་མཐའ་གཉིས་པར་རྩོལ་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་དེ་དག་བསྡུས་པ་ཡིན་ནོ། །བསྟེན་པར་བྱ་བ་མ་ནིང་མོ་སྦུབས་མེད་པ་ལ་ཡང་ངོ་ཞེས་བྱ་བ་ལ། ཡང་ངོ་ཞེས་བྱ་བའི་སྒྲ་ནི་

བུ་ག་ལུས་ལས་བཅད་པ་ལ་ཡང་ངོ་ཞེས་སྔར་སྨོས་པའི་རྗེས་བསྙགས་པའི་ཕྱིར་རོ། །སྦུབས་ཞེས་བྱ་བ་ནི་ཕོའི་དབང་པོ་གཞུག་པར་བྱ་བའི་སྐབས་ཏེ། བསྟེན་པར་བྱ་བ་མ་ནིང་མོ་གང་ལ་མོའི་དབང་པོ་གཞུག་པར་བྱ་བའི་སྐབས་ཀྱི་ཚད་ཀྱི་སྦུབས་དེ་མེད་པ་དེ་ནི་སྦུབས་མེད་པ་སྟེ། ཕོའི་དབང་

པོ་ཤོང་བའི་སྦུབས་མེད་པ་ཡིན་ནོ། །བསྟེན་པར་བྱ་བ་མ་ནིང་མོ་སྦུབས་མེད་པ་དེའི་བསྟེན་པར་བྱ་བའི་བདག་ཉིད་ཀྱི་བུ་ག་དེ་ལུས་ལས་བཅད་པ་དང་མ་བཅད་པ་ལ་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ། །འདིར་སྦུབས་མེད་པ་ཞེས་བྱ་བའི་སྒྲ་ལས་ནི་སྦྱར་བ་ཙམ་ལས་ལྟུང་བར་འགྱུར་བར་ཤེས་པར་

Vol. 162 · folio 95a

བྱའོ། །གཞུང་ལ་ལས་འདི་སྐད་ཅེས་གང་ལ་སྦུབས་མ་མཆིས་པ་མ་ནིང་མོ་ལས་རྩོལ་ན་ལྟུང་བ་ཅིར་འགྱུར་ཉེས་པ་སྦོམ་པོར་རོ་ཞེས་གསུངས་པ་དེ་འདིར་བསྡུས་པ་ཡིན་ནོ། །མཆུ་གཉིས་ལའོ་ཞེས་བྱ་བ་ནི། མཆུ་གཉིས་ལ་སྦྱར་བ་ཙམ་ལ་ཡང་སྦོམ་པོའི་དབང་དུ་བྱས་

པ་ཉིད་དེ། སོའི་མཐའ་ཚུན་ཆད་འབའ་ཞིག་ཏུ་མ་ཟད་པའོ། །ཕྱི་རོལ་གྱི་མཚམས་ལ་ཐུག་པར་རོ་ཞེས་བྱ་བ་ལ། ཁའི་དང་པོ་ནི་སོ་ཕན་ཆད་དོ་ཞེས་བསྟན་པ་ཚུན་ཆད་ཁའི་སྒོའི་མཚམས་ཕན་ཆད་ཀྱི་བར་གང་ཡིན་པ་དེ་ནི་ཕྱི་རོལ་གྱི་མཚམས་ཞེས་བྱ་སྟེ། དེར་ཐུག་པར་གྱུར་ན་སྦོམ་པོའི་

དབང་དུ་བྱས་པ་ཉིད་དོ། །འདི་སྐད་བསྟན་ཏེ། མཆུ་གཉིས་ཕན་ཆད་སོ་ཚུན་ཆད་དུ་འཛུད་ན་ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་རོ། །འདིར་གཞུང་ནི་སོའི་ཕྱི་རོལ་དུ་ཉམས་པར་བྱེད་ན་ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྣོད་དུའོ་ཞེས་བྱ་བ་ནི། སྣོད་དུ་འཛུད་ན་

སྦོམ་པོའི་དབང་དུ་བྱས་པ་ཉིད་དེ། སྣོད་ནི་གང་ལས་བྱས་པ་དང་། དེ་ལས་བྱས་པ་བྱེ་བྲག་མེད་དོ། །བལྟབ་པ་དང་མི་རེག་པར་འཛུད་པ་གཉིས་སོ་ཞེས་བྱ་བ་ལ་ཕོའི་དབང་པོ་རྐེད་བལྟབ་ཏུ་བྱས་ཏེ་རྨའི་སྒོ་དག་ཏུ་འཛུད་པ་གང་ཡིན་པ་དེ་ཡང་སྦོམ་པོར་དབང་དུ་བྱས་པ་ཉིད་ཡིན་ལ་ཡན་ལག་

གི་རྣམ་པ་རྨའི་སྒོ་དག་གིས་མི་རེག་པར་དེར་འཇུག་པ་དེ་ཡང་སྦོམ་པོའི་དབང་དུ་བྱས་པ་ཉིད་ཡིན་ཏེ། དགེ་སློང་ལ་ལྟུང་བར་འགྱུར་བ་བཞིན་དུ་དགེ་སློང་མ་ལ་ཡང་འགྱུར་རོ། །གལ་ཏེ་མི་རེག་པར་འཛུད་པ་སྦོམ་པོའི་དབང་དུ་བྱས་པ་ཉིད་ཡིན་ན། འོ་ན་ཇི་ལྟར་རོ་ཉིད་དང་། སྟེན་པར་

བྱེད་པ་དང་། བསྟེན་པར་བྱ་བ་གཡོགས་མ་ཅན་ཉིད་དག་ལ་ནི་ན་སྨད་པ་མེད་དོ་ཞེས་བྱ་བ་དེར་གཡོགས་མས་བར་དུ་ཆོད་པ་ལ་ན་སྨད་པ་མེད་དོ་ཞེས་སྨྲས་ཤེ་ན། དེའི་ཕྱིར་མཐའ་ཉིད་བརྗོད་པའི་གཡོགས་པ་དེ་ནི་བསྒྲིབས་པ་སྟེ། དེས་གཡོགས་པ་ལ་ཐམས་ཅད་ཀྱི་ཐམས་ཅད་དུ་རེག་པར་

མི་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མཐའི་དངོས་པོ་ནི་མཐའ་ཉིད་དེ་ཕམ་པར་འགྱུར་བའོ། །དེ་བརྗོད་པ་ནི་མཐའ་ཉིད་བརྗོད་པའོ། །དེའི་གཡོགས་པ་དེ་ནི་བསྒྲིབས་པར་འདོད་དེ། བསྒྲིབས་པ་དེས་གཡོགས་པའི་བསྒྲིབས་པ་དེ་ལ་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་རེག་པར་

Vol. 162 · folio 95b

མི་འགྱུར་བ་མ་ཡིན་ནོ། །འདི་སྐད་བསྟན་ཏེ། གལ་ཏེ་བསྟེན་པར་བྱ་བ་དང་། སྟེན་པར་བྱེད་པ་ཞེས་བྱ་བ་དབང་པོ་གཉིས་ལ་སྒྲིབས་པ་རྣམ་པ་དེ་ལྟ་བུས་གཡོགས་པར་གྱུར་པ་གང་ལ་བཅུག་རེག་ཉམས་སུ་མྱོང་བར་འགྱུར་བ་དེ་ནི་ཕམ་པར་འགྱུར་བ་ཡིན་ནོ། །དེ་ལྟ་ན་འོ་ན་གང་ལ་རེག་

པར་མི་འགྱུར་བ་དེ་ལ་ཅི་ཞིག་ཏུ་རྣམ་པར་གཞག་ཅེ་ན་དེའི་ཕྱིར། གཞན་གྱིས་གཡོགས་པ་ཉིད་ནི་མི་རེག་པར་འཛུད་པས་རྣམ་པར་བཤད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། མདོ་སྔ་མར་བསྟན་པ་ལས་གཞན་པའི་བསྒྲིབས་པ་པགས་པའམ་སྟུག་པོ་འཇམ་པོའི་བསྒྲིབས་པས་གཡོགས་པ་བསྒྲིབས་པ་ཉིད་

དག་ལ་ཐམས་ཅད་ཀྱི་ཐམས་ཅད་ལ་རེག་པར་མི་འགྱུར་བ་དེ་ནི་མི་རེག་པར་འཛུད་པས་རྣམ་པར་བཤད་པ་ཡིན་ཏེ། དེ་ལ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཕམ་པར་འགྱུར་བ་དང་པོ་ཞུ་བའི་སྐབས་སོ་ཞེས་བྱ་བ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་ཞུ་བའི་སྐབས་རྫོགས་སོ།། །།

ད་ནི་མི་ཚངས་པར་སྤྱོད་པའི་སྐབས་འདུལ་བྱེད་ལས་འབྱུང་བ་དག་བརྗོད་པར་བྱ་སྟེ། དགེ་སློང་གི་དངོས་པོར་མི་ཤེས་ན་རང་བཞིན་གྱིས་ཉམས་པ་ཡིན་ནོ་ཞེས་བྱ་བ་ནི། བདག་དགེ་སློང་ངོ་སྙམ་དུ་དགེ་སློང་གི་དངོས་པོར་དགེ་སློང་ཉིད་དུ་བདག་ཉིད་ཀྱིས་མི་ཤེས་མི་རིག་པ་གང་ཡིན་པ་དེ་ནི་རང་

བཞིན་གྱིས་ཉམས་པ་ཡིན་པར་ཤེས་པར་བྱའོ། །དེ་ལྟ་བུར་གྱུར་པའི་ཚེ་ཉེས་པ་གང་བྱས་ཀྱང་རུང་སྟེ། འདིར་འདུལ་བ་ལས་རང་བཞིན་ཉམས་པ་ཞེས་བྱ་བའི་སྒྲ་དང་སྨྱོན་པ་ལ་སོགས་པའི་སྒྲའི་ཐ་སྙད་སྣང་བ་དེ་དག་གི་མཚན་ཉིད་འདི་ཡིན་ནོ། །དེ་ལྟར་འདིར་གཞུང་ནི་གལ་ཏེ་དགེ་

སློང་གི་དངོས་པོར་ཤེས་ན་ནི་གཞི་ཇི་ལྟ་བ་བཞིན་དུ་ལྟུང་བར་འགྱུར་རོ། །གལ་ཏེ་དགེ་སློང་གི་དངོས་པོར་མི་ཤེས་པ་སྨོས་པ་ལ་ནི་ལྟུང་བར་མི་འགྱུར་ཏེ། སེམས་འཁྲུགས་པ་དང་ཚོར་བས་ཉེན་པ་ཡང་དེ་བཞིན་ནོ་ཞེས་གསུངས་པ་ཡིན་ནོ། །ཉམས་པ་དག་ལ་སྦོམ་པོར་བསྟན་པ་དེ་རྣམ་

པར་དབྱེ་བའི་ཕྱིར། ཉམས་པ་ཉིད་ནི་གཉིས་ཏེ་ནང་དང་ཕྱི་རོལ་ལོ་ཞེས་བྱ་བ་སྨྲས་ཏེ། ཉམས་པ་ཉིད་གཉིས་ལས་འདིར་ནང་གི་རིམ་པར་གཏོགས་པ་ཉམས་པ་ཉིད་གཙོ་བོ་ཡིན་པས་དེའི་ཕྱིར་ནང་གི་རིམ་པ་ནས་བརྩམས་ཏེ། ཕྱི་རོལ་ཉམས་པའི་བར་དེ་ནི་འདིར་ཕྱི་རོལ་ཉམས་པ་ཉིད་ཡིན་

Vol. 162 · folio 96a

གྱི། ཕྱི་རོལ་ཉམས་པ་འབའ་ཞིག་ནི་ཉམས་པ་ཉིད་མ་ཡིན་ནོ། །བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་ན་བསླབ་པ་འཁྲུགས་པ་ཉིད་དོ་ཞེས་བྱ་བ་ནི། དགེ་སློང་མ་གང་གིས་བདག་ལ་གཞན་གྱིས་བསྟན་པའི་ཕྱིར་བརྗོད་པ་ན་དེ་ལྟར་རུང་ངོ་ཞེས་གཞན་ལ་ཁས་

བླངས་པ་ན་དགེ་སློབ་མ་དེའི་བསླབ་པའི་གཞི་རྣམས་འཁྲུགས་པ་ཉིད་མེད་པར་གྱུར་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་དགེ་སློབ་མའི་བསླབ་པ་འཁྲུགས་པ་ཉིད་ཡིན་གྱི། དགེ་ཚུལ་མའི་བསླབ་པ་སྐྱེས་པ་ལ་རེག་པ་སྤོང་བ་ཞེས་བྱ་བ་ནི་འཁྲུགས་པ་མ་ཡིན་ཏེ། དགོན་པ་སྡིག་ཅན་གྱིས་

ལྷན་ཅིག་སྦྱར་བའི་གནས་སྐབས་ན་ཉམས་སུ་མྱོང་བར་མ་གྱུར་པའི་ཕྱིར་རོ། །གལ་ཏེ་ཡང་དེའི་ཚེ་ཉམས་སུ་མྱོང་བར་གྱུར་ན་ནི་དེའི་ཚེ་ཕམ་པར་འགྱུར་བ་དང་འདྲ་བའི་ཉེས་བྱས་སུ་འགྱུར་ཏེ། དེས་ན་དེའི་ལུས་ལ་སྐྱེ་བའི་ཆོས་ཉིད་མེད་པར་འགྱུར་རོ། །དེ་ལྟ་བས་ན་ཁས་བླངས་པའི་

དུས་ཁོ་ན་དེའི་བསླབ་པ་འཁྲུགས་པ་ཉིད་ཡིན་གྱི། བརྩལ་བའི་དུས་ན་ནི་མ་ཡིན་ཏེ། མངོན་པར་མི་དགའ་བའི་ཕྱིར་རོ། །འདིར་གཞུང་ནི་དགོན་པ་པ་སྡིག་པ་ཅན་གྱིས་དགེ་སློབ་མ་ལ་ཁྱོད་བསྙེན་པར་མ་རྫོགས་ཀྱི། མི་ཚངས་པར་སྤྱོད་ཀྱང་ལྟུང་བར་མི་འགྱུར་རོ་ཞེས་ཅོ་དྲིས་ཏེ། དེས་

དེ་བསྟེན་པ་དང་སྟེན་པ་དེ་ལས་འགྱོད་པ་སྐྱེས་སོ། །དེས་དེ་མི་འདོད་བཞིན་དུ་བརྩལ་བ་དང་། དེ་བདག་དགེ་སློབ་མར་མ་རུང་བར་གྱུར་ཏམ་སྙམ་དུ་འགྱོད་པ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པ་འཁྲུགས་ཏེ་ཡང་དབོག་པར་བྱའོ། །ཉེས་བྱས་ཀྱི་ལྟུང་བར་

འགྱུར་རོ། །ཉེས་བྱས་དེ་ཡང་ཁས་བླངས་པའི་དུས་ཁོ་ནར་བྱུང་ངོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དེ་ཡང་སྦྱིན་པར་བྱ་བ་ཉིད་དོ་ཞེས་བྱ་བ་ནི། འཁྲུགས་པ་ཉིད་དེ་ལ་དགེ་སློབ་མའི་བསླབ་པ་དེ་ཡང་སྦྱིན་པར་བྱ་བ་ཉིད་དོ། །བསྟེན་པར་ཁས་བླངས་པའི་ཞར་ལ་དེ་ནི་དགེ་སློང་གི་སྦོམ་པོའོ་

ཞེས་བྱ་བ་སྨྲས་ཏེ། དེ་ནི་ཞེས་བྱ་བ་ནི་བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པའོ། །དེ་ནི་དགེ་སློང་གི་ཁ་ན་མ་ཐོ་བ་སྦོམ་པོའོ། །འདི་མན་ཆད་འོག་ནས་མདོ་ལས་བསྟེན་པའི་ཕྱིར་གཞན་ལ་བསྒོ་ན་ཞེས་བྱ་བ་ཡན་ཆད་ནི་སྦོམ་པོའི་དབང་དུ་བྱའོ། །འདིར་ཡང་གཞུང་ནི་དགོན་པ་པ་སྡིག་ཅན་

Vol. 162 · folio 96b

གྱིས་ལོར་མ་ལོན་པ་ལ་ཁྱོད་བསྙེན་པར་རྫོགས་ནས་རིང་པོར་མ་ལོན་གྱི། མི་ཚངས་པར་སྤྱོད་ཀྱང་དེས་ལྟུང་བར་མི་འགྱུར་རོ་ཞེས་ཅོ་དྲིས་ཏེ། དེས་དེ་བསྟེན་པ་དང་། བསྟེན་པ་དེ་ལ་འགྱོད་པ་སྐྱེས་སོ། །དེས་དེ་མི་འདོད་བཞིན་དུ་བརྩལ་བ་དང་། དེ་བདག་ཕམ་པར་མ་གྱུར་ཏམ་སྙམ་དུ་འགྱོད་

པ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པའི་ལྟུང་བར་མི་འགྱུར་ཏེ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདི་ཡང་ཁས་བླངས་པ་ཁོ་ན་ལས་ལྟུང་བར་འགྱུར་གྱི། བརྩལ་བའི་དུས་ན་ནི་ཉམས་སུ་མྱོང་བ་མེད་པས་ལྟུང་བར་མི་འགྱུར་རོ། །མ་

ཆུད་ན་ཡང་ངོ་ཞེས་བྱ་བ་ནི། སྦོམ་པོའི་ཞེས་བྱ་བར་སྦྱར་རོ། །ཆུད་པར་མ་གྱུར་པ་ནི་མ་ཆུད་པའོ། །བསྟེན་པར་བྱ་བར་སྟེན་པར་བྱེད་པ་མ་ཤོང་བ་སྟེ། དེར་མ་ཆུད་ཅེས་བྱ་བའི་ཐ་ཚིག་གོ། །ཆུད་པར་བྱ་བའི་ཕྱིར་རྨ་མེད་ན་ཡང་ངོ་ཞེས་བྱ་བ་ནི། ཟག་བྱེད་ཟག་བྱེད་དུ་ཆུད་པར་བྱའོ་སྙམ་ནས་དེའི་ཆེད་

དུ་རྨའི་སྒོ་སྦལ་བར་བྱེད་ན་ཡང་སྦོམ་པོའོ། །སྐྲག་པ་དང་ངོ་ཚ་བས་ཀྱང་ཀུན་དུ་འདོད་ཆགས་མ་སྐྱེས་ནའོ་ཞེས་བྱ་བ་ནི། བསྟེན་པར་བྱ་བར་སྟེན་པར་བྱེད་པ་འཛུད་པ་ན་སྐྲག་པ་དང་ངོ་ཚ་བར་གྱུར་ན་ཡང་སྦོམ་པོ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སྐྲག་པ་དང་ངོ་ཚ་བ་ལ་ཀུན་དུ་འདོད་ཆགས་མི་སྐྱེ་བས།

དེས་ན་ཉམས་སུ་མྱོང་བ་མེད་པར་བཅུག་པ་ལ་སྦོམ་པོར་འགྱུར་རོ། །ཡན་ལག་གི་རྣམ་པ་རྡོལ་བའི་ཕྱིར་རོ་མ་མྱོང་ནའོ་ཞེས་བྱ་བ་ནི། ཡན་ལག་གི་རྣམ་པ་གླང་ཤུ་ལ་སོགས་པས་རྡོལ་བའི་ཕྱིར་བསྟེན་པར་བྱ་བར་སྟེན་པར་བྱེད་པ་བཅུག་པ་ན་འཁྲིག་པ་ལས་བྱུང་བའི་འདོད་ཆགས་ཀྱི་རོ་ཉམས་

སུ་མ་མྱོང་ན་ཡང་སྦོམ་པོའོ། །ལས་སུ་མི་རུང་བ་བཅུག་ནའོ་ཞེས་བྱ་བ་ནི། ཡན་ལག་གི་རྣམ་པ་ལས་སུ་མི་རུང་བ་བསྟེན་པར་བྱ་བར་བཅུག་ན་ཡང་སྦོམ་པོའོ། །འདིར་ཡང་འཁྲིག་པ་ལས་བྱུང་བའི་འདོད་ཆགས་ཀྱི་རོ་ཉམས་སུ་མ་མྱོང་ན་སྟེ། ཉམས་སུ་མྱོང་བ་ནི་ལས་སུ་རུང་བ་ལ་རག་ལས་

པའི་ཕྱིར་རོ། །ལག་པས་ལག་པར་དང་། རྐང་པས་རྐང་པར་དང་། ཚིགས་ཀྱིས་ཚིགས་སུ་ཀྱང་། མདོམས་ཀྱིས་མདོམས་སུ་ལྟ་བུར་མི་རུང་ནའོ་ཞེས་བྱ་བ་ནི། འདིར་ལག་པ་ལ་སོགས་པས་ལག་པ་བཟུང་དུ་མི་ཆོག་པ་ནི་མི་རུང་བ་ཞེས་བྱ་བའོ། །དེ་དག་མི་རུང་བ་ཉིད་ཀྱིས་ན་བསྟེན་པར་བྱ་

Vol. 162 · folio 97a

བ་ཡང་མི་རུང་བ་ཉིད་དུ་མངོན་ཏེ། ལག་པས་བགྲོད་པར་བྱ་བའི་ལག་པ་བཟུང་དུ་མི་རུང་བ་ཉིད་དང་། མདོམས་ཀྱིས་མདོམས་སུ་འཇུག་པར་མི་རུང་བ་ཉིད་ཡིན་ན་ཟག་བྱེད་དུ་ཟག་བྱེད་འཛུད་པར་བྱེད་ཀྱང་སྦོམ་པོ་ཁོ་ནའོ། །བཟུང་དུ་མི་རུང་བ་ཉིད་ནི་རེག་པ་ལ་སོགས་པ་

འཁྲིག་པའི་མཐར་ཐུག་པ་ཐམས་ཅད་ལ་ཡང་རོ་ཡོངས་སུ་རྫོགས་པར་མི་མྱོང་བ་ཡིན་ནོ། །ཇི་ལྟར་ལས་སུ་མི་རུང་བ་བཅུག་ན་རོ་ཉམས་སུ་མི་མྱོང་བའི་ཕྱིར་ཞེས་བྱ་བ་སྨྲས་པ། དེ་ཁོ་ན་བཞིན་དུ་འདིར་ཡང་རིག་པར་བྱའོ། །སྤྲད་པའི་གཡོ་བ་ཉིད་ཙམ་ལའོ་ཞེས་བྱ་བ་ནི། མཐུས་བརྩལ་བ་ན་

སྟེན་པར་བྱེད་པ་བསྟེན་པར་བྱ་བ་དང་། ལྷན་ཅིག་སྤྲད་ཅིང་བཅུག་པ་ལས་བགྲོད་པར་བྱ་བའི་འཁྲིག་པའི་རོ་ཉམས་སུ་མྱོང་བར་གལ་ཏེ་གཡོ་བ་ཙམ་ཉིད་ཅེས་བྱ་བ་ཅུང་ཟད་འགྱུར་བ་ཙམ་གྱིས་སེམས་གཡོ་བ་ཙམ་ཉིད་ལ་ཡང་སྦོམ་པོའོ། །ཤིང་དང་བ་སོ་དང་རྡོ་བ་དང་། གོས་ལས་བུ་མོའི་

གཟུགས་བྱས་པ་ལ་བརྩལ་བ་ན་གལ་ཏེ་དབང་པོ་ཙམ་དོད་པ་ནའོ་ཞེས་བྱ་བ་ནི། ཤིང་ལ་སོགས་པ་ལས་བུ་མོའི་གཟུགས་བྱས་པ་ལ་བརྩལ་བ་ན། གལ་ཏེ་ནང་ན་གནས་པའི་འདྲེ་ལ་སོགས་པས་མོའི་དབང་པོ་ཙམ་དོད་ཅིང་སྐབས་ཡོད་པར་བྱེད་ལ། དེར་ཟག་བྱེད་བཅུག་ན་ཡང་སྦོམ་པོ་སྟེ།

ཤིང་ལ་སོགས་པ་སྨོས་པ་ནི་མཚོན་པ་སྟེ། གྱོ་མོ་ལས་བྱས་པ་ལ་སོགས་པ་ཐམས་ཅད་ལ་ཡང་སྦོམ་པོ་ཁོ་ནར་འགྱུར་རོ། །ཡན་ལག་ཐམས་ཅད་དུ་རེག་པ་བསྟེན་ན་དངོས་གཞིའོ་ཞེས་བྱ་བ་ནི། ཤིང་ལ་སོགས་པ་ལས་བུ་མོའི་གཟུགས་སུ་བྱས་པ་ན་གལ་ཏེ་ནང་ན་གནས་པའི་འདྲེ་ལ་

སོགས་པས་ཡན་ལག་ཐམས་ཅད་དུ་རྩོལ་བར་བྱེད་པ་དེ་ལ་རེག་པ་བསྟེན་ན་དངོས་གཞིའི་ཁ་ན་མ་ཐོ་བ་ཁོ་ནར་འགྱུར་ཏེ། བགྲད་པར་རྫོགས་པ་ཡིན་པའི་ཕྱིར་རོ། །བསྟེན་པའི་དོན་དུ་རྩོལ་བས་ཡན་ལག་གི་རྣམ་པར་རྐང་པ་འཛུད་ནའོ་ཞེས་བྱ་བ་ནི། སྤྱོད་པ་ལས་བྱུང་བ་བསྟེན་པའི་དོན་

དུ་བུད་མེད་ལ་རྩོལ་བའི་གང་ཟག་གིས་མོའི་དབང་པོ་ཞེས་བྱ་བའི་ཡན་ལག་གི་རྣམ་པར་རྐང་པ་འཇུད་ན་སྦོམ་པོའོ། །ཁ་དང་བཤང་བའི་ལམ་དག་ཏུ་ཡང་ཐམས་ཅད་དུ་དེ་བཞིན་ནོ། །བསྟེན་པར་བྱ་བའི་ཡན་ལག་གི་རྣམ་པར་དེ་ཙམ་ལ་གཞོལ་བས་ཕྱི་རོལ་དུ་རེག་ནའོ་ཞེས་བྱ་བ་ནི།

Vol. 162 · folio 97b

བསྟེན་པར་བྱ་བ་མོའི་དབང་པོ་ལ་སོགས་པ་ལ་ཡན་ལག་གི་རྣམ་པ་ཕོའི་དབང་པོས་དེ་ཙམ་ལ་གཞོལ་བ་ཕྱི་རོལ་ལ་རེག་པའི་བསམ་པས་ཕྱི་རོལ་དུ་རེག་ན་སྦོམ་པོའོ། །འདིར་གཞུང་ནི། བུད་མེད་སྒྲེན་མོ་ཡོལ་བའི་ནང་ན་སྣ་ཆུ་ལྡུགས་པ་དེའི་ཡན་ལག་གི་རྣམ་པ་དགེ་སློང་གིས་ཡོལ་བའི་རྒྱབ་

ནས་མཐོང་ངོ་། །དེས་མཐོང་ནས་ཀུན་དུ་འདོད་ཆགས་པས་དེའི་ཡན་ལག་གི་རྣམ་པ་དང་ཡན་ལག་གི་རྣམ་པ་སྤྲད་དོ། །དེས་འགྱོད་པ་སྐྱེས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །བསྟེན་པར་བྱ་བའི་ཕྱིར་

གཞན་ལ་བསྒོ་ནའོ་ཞེས་བྱ་བ་ནི་འཁྲིག་པ་བསྟེན་པའི་ཕྱིར་ཚུར་ཤོག །བདག་ཅག་གཉིས་མི་ཚངས་པར་སྤྱོད་དོ་ཞེའམ། སོང་ལ་མི་ཚངས་པར་སྤྱོད་ཅིག་ཅེས་གཞན་ལ་བསྒོ་ན་སྦོམ་པོའོ། །རང་བཞིན་གྱིས་ལས་སུ་རུང་བ་ཉིད་ཡིན་ན་ན་སྨད་པར་བྱ་བ་མེད་དོ་ཞེས་བྱ་བ་ནི། གང་ལ་རང་བཞིན་

གྱིས་ངོ་བོ་ཉིད་ཁོ་ནས་དུས་ཐམས་ཅད་དུ་དབང་པོ་ལས་སུ་རུང་བ་ཉིད་ཡིན་ན་དེའི་སྟེན་པར་བྱེད་པ་བསྟེན་པར་བྱ་བར་བཅུག་ན་ན་སྨད་པར་བྱ་བ་མེད་དེ་དངོས་གཞི་ཁོ་ནར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མདུན་མ་དང་ཕྱི་མ་གཉིས་གང་དུ་བརྩམས་པ་དེ་ལས་གཞན་དུ་གཏུགས་པ་ལ་མེད་དོ་ཞེས་

བྱ་བ་ནི། མདུན་མ་མོའི་དབང་པོ་དང་ཕྱི་མ་བཤང་བའི་ལམ་ཞེས་བྱ་བའི་བསྟེན་པར་བྱ་བ་དེ་གཉིས་ལས་ཁུ་བ་དབྱུང་བའི་ཆེད་དུ་མདུན་མའམ་ཕྱི་མ་གང་དུ་བརྩམས་པ་དེ་ལས་དེ་གཉིས་བསྣོར་བ་གཞན་དུ་ཁུ་བ་ལྡུགས་པ་ལ་ན་སྨད་པར་བྱ་བ་མེད་པར་ཤེས་པར་བྱའོ། །འདིར་གཞུང་ནི་བཙུན་པ་

མདུན་ན་མོར་སྨྱུགས་པའི་ལས་བྱས་ཤིང་ཕྱི་ན་མོར་བླུགས་པ་དེ་ལ་ནི་ཁོ་མོ་མི་ཚངས་པར་སྤྱད་པ་ཡིན་པར་མི་འཛིན་ཏོ་ཞེས་བྱ་བ་ལ་དེས་མདུན་ན་མོར་སྨྱུགས་པའི་ལས་བྱས་ཤིང་ཕྱི་ན་མོར་བླུགས་སོ་ཞེས་གསུངས་པ་ཡིན་ནོ། །ལམ་ལྷག་མ་རྣམས་སུ་བརྩལ་བར་བྱའོ་སྙམ་པ་ལ་ཡང་མེད་དོ་ཞེས་

བྱ་བ་ནི། ཟག་བྱེད་དང་ཁ་དང་བཤང་བའི་ལམ་རྣམས་ལས་གཅིག་ཏུ་དང་པོར་མི་ཚངས་པར་སྤྱད་པ་བརྩམས་ལ། ལམ་ལྷག་མ་རྣམས་སུ་བརྩལ་བར་བྱའོ་སྙམ་པའི་བསམ་པས་བསྟེན་པར་བྱ་བར་སྟེན་པར་བྱེད་པ་འཛུད་པ་ལ་ཡང་ན་སྨད་པར་བྱ་བའི་རྒྱུ་མེད་དོ། །བདག་ནི་ཉམས་པའོ་

Vol. 162 · folio 98a

སྙམ་པའི་བསམ་པ་ཅན་ལ་ཡང་མེད་དོ་ཞེས་བྱ་བ་ནི། དགེ་སློང་ཉམས་པ་མེད་པ་འཁྲུལ་པ་འབའ་ཞིག་གིས་བདག་ནི་ཉམས་པའོ། །དགེ་སློང་གི་ཚུལ་ཞིག་པའོ་སྙམ་པའི་བསམ་པ་ཅན་གྱིས་བཅུག་པ་ལ་ཡང་ན་སྨད་པར་བྱ་བ་མེད་དོ། །ནད་པ་དང་བྲལ་བར་བྱ་

བའི་དོན་ཉིད་ལ་ཡང་མེད་དོ་ཞེས་བྱ་བ་ལ། ནད་པ་དང་བྲལ་བ་ནི་ནད་དང་བྲལ་བ་སྟེ། དེའི་དོན་ནི་དགོས་པའོ། །གང་དུ་བཅུག་ན་ནད་དེ་མེད་པར་འགྱུར་བ་ནི་དེའི་དོན་ཏེ་དེའི་དངོས་པོ་ནི་དེ་ཉིད་དོ། །ནད་དང་བྲལ་བར་བྱ་བའི་དོན་དེ་ཉིད་ཀྱིས་བཅུག་པ་ལ་ཡང་ན་སྨད་པར་བྱ་བ་མེད་དོ། །ལམ་

ལ་གཞན་ཉིད་དུ་འདུ་ཤེས་པ་དང་ཡིད་གཉིས་ཟ་བ་ལ་ཡང་མེད་དོ་ཞེས་བྱ་བ་ནི། མོའི་དབང་པོ་ལ་སོགས་པ་ལམ་ལ་ལམ་མ་ཡིན་པར་ངེས་པ་ཁོ་ནར་གཞན་ཉིད་དུ་འདུ་ཤེས་པ་དང་། གང་ལམ་ལ་ཡིད་གཉིས་ཟ་བ་ཅི་འདི་ཟག་བྱེད་ལ་སོགས་པའི་ལམ་ཡིན་ནམ། འོན་ཏེ་བརླ་དང་པུས་

མོ་དང་ཕྲག་པ་དག་གི་བར་ཞིག་ཡིན་སྙམ་དུ་ཡིད་གཉིས་ཟ་བར་བཅུག་ན་དེ་གཉི་ག་ལ་ཡང་ན་སྨད་པར་བྱ་བ་མེད་དོ། །ལམ་མ་ཡིན་པ་ལ་ནི་དེ་གཉིས་སྦོམ་པོའི་དབང་དུ་བྱས་པ་ཉིད་དོ་ཞེས་བྱ་བ་ནི། ལམ་མ་ཡིན་པའི་ཡུལ་ལ་གཞན་ཉིད་དུ་འདུ་ཤེས་པ་དང་། ཡིད་གཉིས་ཟ་བ་དེ་གཉིས་

ནི་སྦོམ་པོའི་དབང་དུ་བྱས་པ་ཉིད་དེ། ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་ཉིད་དང་། ལམ་མ་ཡིན་པ་ལ་ཡིད་གཉིས་ཟ་བས་བཅུག་པ་ལ་ནི་སྦོམ་པོའོ། །འདིར་གཞུང་ནི་ལམ་ལ་ལམ་དུ་འདུ་ཤེས་པ་ནི་ཕམ་པར་འགྱུར་བའི་ལྟུང་བའོ། །ལམ་ལ་ཡིད་གཉིས་ཟ་བ་ལ་ཡང་ཕམ་པར་

འགྱུར་བའི་ལྟུང་བའོ། །ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་ནི་ཉེས་པ་སྦོམ་པོར་རོ། །ལམ་མ་ཡིན་པ་ལ་ཡིད་གཉིས་ཟ་བ་དང་། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རྡོས་པ་བུད་མེད་ཀྱི་སྟེང་དུ་སྒྱེལ་བ་ལ་ནི་ལྟུང་བ་མེད་དོ་ཞེས་བྱ་བ་ནི། བ་ལང་ལ་སོགས་

པས་རྡོས་པའི་དགེ་སློང་བུད་མེད་ཀྱི་སྟེང་དུ་སྒྱེལ་བ་རྒྱུ་དེས་རེག་ཅིང་གལ་ཏེ་རེག་པ་ཉམས་སུ་མྱོང་བར་བྱ་བ་མི་བྱེད་ན་དེ་ལ་ནི་ལྟུང་བ་མེད་དོ། །ཉམ་ཐག་པས་མགུལ་ནས་མི་འདོད་བཞིན་དུ་འཁྱུད་པ་ལ་ཡང་ངོ་ཞེས་བྱ་བ་ནི། འཇིགས་པ་དང་སྐྲག་པས་ཉམ་ཐག་པའི་བུད་མེད་ཀྱིས་དགེ་

Vol. 162 · folio 98b

སློང་གི་མགུལ་ལ་སོགས་པ་ནས་མི་འདོད་བཞིན་དུ་འཁྱུད་པ་ཉམས་སུ་མྱོང་བར་བྱ་བ་མེད་ན་དེ་ལ་ཡང་ལྟུང་བ་མེད་དོ། །མཆུར་མཆུས་རེག་པ་ལ་ཡང་ངོ་ཞེས་བྱ་བ་ནི། བུད་མེད་ཀྱིས་དགེ་སློང་གི་མཆུར་མི་འདོད་བཞིན་དུ་མཆུས་རེག་པ་ལ་ཉམས་སུ་མྱོང་བར་བྱ་བ་མེད་ན་དེ་ལ་ཡང་ལྟུང་བ་

མེད་དོ། །ཁྱིའི་མདུན་དུ་གཅི་བར་མི་བྱའོ་ཞེས་བྱ་བ་ནི། ཁྱིའི་མདུན་དུ་ཟག་བྱེད་ཕྱུང་སྟེ་གཅིན་གཅི་བར་མི་བྱ་སྟེ། ཡན་ལག་གི་རྣམ་པ་ཟིན་པ་སྤངས་པའི་ཕྱིར་རོ། །དེ་ནི་འདིར་སྟེན་པར་བྱེད་པའི་སྐབས་ལས་སྨྲས་པ་ཡིན་ནོ། །གང་དུ་སྲོག་གི་བར་ཆད་དུ་འགྱུར་བའི་དགོན་

པ་དེར་གནས་པར་མི་བྱའོ་ཞེས་བྱ་བ་ལ། སྲོག་དག་གི་བར་དུ་གཅོད་པ་ནི་སྲོག་གི་བར་ཆད་དེ་སྲོག་གི་དབང་པོ་འཇིག་པའོ། །དགོན་པ་གང་དུ་སྲོག་གི་བར་ཆད་འབྱུང་བ་འོང་བར་འགྱུར་བ་ཡོད་པའི་དགོན་པ་དེར་གནས་པར་མི་བྱའོ། །དེ་ནི་མིའམ་ཅི་མོའི་བྱུང་བའི་མཐའ་ལས་གཞག་

པ་ཡིན་ནོ། །འདིར་གཞུང་ནི་ཡང་དགེ་སློང་གིས་གང་ན་ཉེས་དམིགས་དེ་ལྟ་བུ་ཡོད་པའི་དགོན་པ་དེ་ལྟ་བུར་ལྷག་པར་གནས་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །གང་ན་ཡན་ལག་གི་རྣམ་པ་འཛིན་པའི་འཇིགས་པ་ཡོད་པའི་ཆུ་ཀླུང་དེར་སྒྲེན་མོར་རྒལ་བར་མི་བྱའོ་ཞེས་བྱ་བ་ནི། ཆུ་ཀླུང་གང་ན་

ཡན་ལག་གི་རྣམ་པ་འཛིན་པའི་འཇིགས་པ་ཡོད་པའི་ཆུ་ཀླུང་དེར་དགེ་སློང་གིས་སྒྲེན་མོར་རྒལ་བར་མི་བྱའི། དེར་ཤེས་བཞིན་དུ་གྲུ་རྒལ་བར་བྱའོ་ཞེས་བྱ་བ་ནི། ཆུ་ཀླུང་དེར་དགེ་སློང་གིས་ཤེས་བཞིན་དུ་གྲུ་རྒལ་བར་བྱ་སྟེ། དེ་ནི་བུད་མེད་ལ་རེག་པ་སྤངས་པའི་ཕྱིར་ཤེས་བཞིན་དུ་བྱ་བ་ཡིན་པར་རིག་

པར་བྱའོ། །བ་ལང་གི་ནང་དུ་ཡང་འགྲོ་བར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་བ་ལང་གི་ནང་དུ་ཡང་ཤེས་བཞིན་དུ་འགྲོ་བར་བྱའོ། །ཁྲོན་པ་ཡང་བརྟག་པར་བྱའོ་ཞེས་བྱ་བ་ནི། དགེ་སློང་གིས་ཁྲོན་པ་ཡང་ཤེས་བཞིན་དུ་བརྟག་པར་བྱ་སྟེ། ངེས་པར་བརྟག་པར་བྱ་བའོ། །བསོད་སྙོམས་ལ་

ཡང་གྲོང་དུ་རྒྱུ་བར་བྱ་བའོ་ཞེས་བྱ་བ་ནི། དགེ་སློང་གིས་བསོད་སྙོམས་ལ་ཡང་ཤེས་བཞིན་དུ་གྲོང་དུ་རྒྱུ་བར་བྱའོ། །གསུམ་པོ་དག་ལ་ཡང་ཞེས་བྱ་བའི་སྒྲ་སྨོས་པ་ནི་ཤེས་བཞིན་ཞེས་བྱ་བའི་རྗེས་སུ་སྙེགས་པའི་ཕྱིར་ཏེ། ཤེས་བཞིན་ཐམས་ཅད་དུ་ཡང་བུད་མེད་ལ་རེག་པ་སྤང་བའི་ཕྱིར་རོ། །

Vol. 162 · folio 99a

ལེགས་པར་སོ་སོར་བརྟག་པར་བྱས་ནས་རབ་ཏུ་དབྱུང་བར་བྱའོ་ཞེས་བྱ་བ་ནི། རབ་ཏུ་འབྱུང་བར་འདོད་པ་ལེགས་པར་སོ་སོར་བརྟག་པར་བྱས་ནས་རབ་ཏུ་དབྱུང་བར་བྱ་བ་སྟེ། འདི་ལྟར་རབ་ཏུ་དབྱུང་བའི་གཞིར་དོན་ལས་བསྟན་ཟིན་མོད་ཀྱི་འོན་ཀྱང་འདིར་བརྗོད་དོ། །

གལ་ཏེ་བུད་མེད་སྐྱེས་པ་གཞོན་ནུ་འདྲ་བར་རབ་ཏུ་ཕྱུང་སྟེ། དགེ་སློང་དག་གི་ནང་དུ་གཞག་ན་དེའི་ཚེ་གནོད་པ་ཆེན་པོར་འགྱུར་བ་དང་། གུས་པ་སྐྱེད་པའི་ཕྱིར་རོ། །འདི་ལྟར་བསླབ་པ་ཐམས་ཅད་ལ་སྦྱོར་བ་མི་ལྷོད་པར་བྱ་བ་ཡིན་པས་ལྷག་པར་ཡང་རབ་ཏུ་དབྱུང་བ་ལ་བྱ་དགོས་སོ། །དེས་ན་

བསླབ་པ་ཐམས་ཅད་ལ་སྦྱོར་བ་ལྷོད་ན་ཉེས་བྱས་སུ་འགྱུར་རོ། །གཅིག་པུ་བླ་གབ་མེད་པར་གློས་མི་དབབ་པོ་ཞེས་བྱ་བ་ནི། དགེ་སློང་གིས་གཅིག་པུ་བླ་གབ་མེད་པར་གློས་དབབ་པར་མི་བྱ་བ་སྟེ། དགེ་སློང་གཅིག་པུ་བླ་གབ་མེད་པར་གློས་ཕབ་སྟེ། གཉིད་ལོག་པ་དེའི་ཤམ་ཐབས་ཕུད་པ་ན་དགེ་

སློང་དེ་བུད་མེད་ཀྱིས་བརྩལ་བས་དེའི་ཕྱིར་འདིར་གཞག་གོ། །དགེ་སློང་མས་གནས་ཁང་སྒོ་མ་བཅད་པར་སྙོམས་པར་འཇུག་པ་ཡང་མི་བྱའོ་ཞེས་བྱ་བ་ལ། སྒོ་མ་བཅད་པར་ཞེས་བྱ་བ་ནི། གནས་ཁང་སྒོ་ཕྱེ་བ་སྟེ། དགེ་སློང་མས་དེར་སྙོམས་པར་འཇུག་པར་མི་བྱའོ། །ཡང་ཞེས་བྱ་བ་ནི།

གྲོགས་མོ་དེ་ཡོངས་སུ་ཟིན་ཀྱང་དེས་གློས་དབབ་པར་ཡང་མི་བྱ་བར་སྟོན་ཏོ། །ཕམ་པར་འགྱུར་བ་དང་པོ་འདུལ་བྱེད་ཀྱི་སྐབས་སོ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་འདུལ་བྱེད་ཀྱི་སྐབས་ནས་འབྱུང་བ་རྫོགས་སོ། །མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་རྫོགས་སོ་

ཞེས་བྱ་བ་དངོས་གཞི་དང་པོ་མི་ཚངས་པར་སྤྱོད་པའི་ཕམ་པར་འགྱུར་བ་རྫོགས་སོ།། །།བམ་པོ་དགུ་པ། གང་བྱས་ན་མ་བྱིན་པར་ལེན་པའི་ཕམ་པར་འགྱུར་ཞེ་ན། དེའི་ཕྱིར་རྐུའམ་རྐུར་བཅུག་པ་དག་ཞེས་བྱ་བ་སྨྲས་ཏེ། རྐུའམ་ཞེས་བྱ་བ་ནི་རང་གིས་བྱེད་པ་སྟེ། དགེ་སློང་གིས་

གང་ལ་རྐུ་བའི་ཕྱིར་རང་ཁོ་ནས་བྱ་བ་བྱེད་པའོ། །རྐུར་བཅུག་པ་ཞེས་བྱ་བ་ནི། རང་གིས་བཅོལ་ཞིང་གཞན་བྱེད་དུ་བཅུག་པ་སྟེ། རང་གིས་བཅོལ་ནས་གཞན་གྱིས་རྫས་རྐུ་བར་བྱེད་པའོ། །རང་གི་ལུས་འབའ་ཞིག་ཏུ་ཡང་མ་ཟད་དེ། ཇི་ལྟ་ཞེ་ན། མངགས་པས་ཀྱང་ངོ་ཞེས་བྱ་བ་སྟེ། མངགས་

Vol. 162 · folio 99b

པ་རྒྱུར་གྱུར་པས་ཀྱང་རྐུ་བ་ནི་གང་ལ་མངགས་པ་རང་གི་ལུས་ཀྱིས་བྱེད་པའོ། །རྐུར་བཅུག་པ་ནི་གང་ལ་མངགས་པས་བཅོལ་ན་གཞན་ལ་འདི་སྐད་ཅེས་སོང་ལ་རང་གིས་རྐུས་ཤིག །སོང་ལ་རྐུར་ཆུག་ཤིག་ཅེས་བྱེད་དུ་བཅུག་པའོ། །བཅོལ་བའི་དབང་གིས་དེ་ལྟར་རྣམ་པར་གཞག་

སྟེ། མངགས་པའི་མངགས་པས་བརྐུས་པ་ཡང་བྱེ་བྲག་མེད་དེ། ཐམས་ཅད་དུ་ཕམ་པར་འགྱུར་རོ། །ཅི་ཞིག་རྐུའམ་རྐུར་བཅུག་པ་དང་མངགས་པས་ཀྱང་ཁ་ན་མ་ཐོ་པ་དེར་འགྱུར་ཞེ་ན། དེའི་ཕྱིར། མ་བྱིན་པའོ་ཞེས་བྱ་བ་སྨྲས་ཏེ། བྱིན་པ་ལ་ཡང་རྐུ་སེམས་ཀྱིས་ལེན་པ་སྲིད་

པས་དེའི་ཕྱིར་མ་བྱིན་པར་ཞེས་བྱེ་བྲག་ཏུ་བྱས་སོ། །འདིར་ལུང་ནི་དེ་ལ་བུད་མེད་དམ་སྐྱེས་པའམ་མ་ནིང་གང་གིས་ཀྱང་མ་བྱིན་པ་ཞེས་གསུངས་པ་དེ་ཡིན་ནོ། །ཚད་ཇི་ཙམ་ཞེ་ན། དེའི་ཕྱིར། མ་ཤ་ཀ་ལྔ་ལ་སོགས་པའོ་ཞེས་བྱ་བ་སྨྲས་ཏེ། མ་བྱིན་པའི་རྫས་དེ་མ་ཤ་ཀ་ལྔའི་ཚད་ཙམ་ཡིན་པ་དེ་ནི་མ་ཤ་

ཀ་ལྔའོ། །སོགས་པ་དེ་གང་ལ་ཡོད་པ་དེ་ནི་དེ་ལ་སོགས་པ་སྟེ་དེའོ། །མ་བྱིན་པ་དེ་ལ་སོགས་པ་རྐུའམ་རྐུར་བཅུག་པ་དང་མངགས་པས་ཀྱང་ཁ་ན་མ་ཐོ་བ་དེར་འགྱུར་རོ། །སོགས་པ་ཞེས་སྨོས་པས་ནི་དྲུག་དང་བདུན་དང་བརྒྱད་དང་དགུ་དང་བཅུ་ལ་སོགས་པ་ཐམས་ཅད་བསྡུའོ། །འདིར་གཞུང་ནི་མ་ཤ་ཀ་

ལྔའམ་མ་ཤ་ཀ་ལྔ་ལས་ལྷག་པས་ཞེས་གསུངས་པ་ཡིན་ནོ། །སེམས་ཇི་ལྟ་བུས་ཤེ་ན་དེའི་ཕྱིར་རྐུ་སེམས་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། རྐུ་བའི་བློས་རྐུའམ་རྐུར་བཅུག་པ་དང་། མངགས་པས་ཀྱང་ཁ་ན་མ་ཐོ་བ་དེར་འགྱུར་རོ། །འདི་ལྟར་ཡིད་གཅུགས་པའི་སེམས་ལ་སོགས་པ་དག་གིས་ནི་ལྟུང་བ་

མེད་དོ་ཞེས་འོག་ནས་འབྱུང་ངོ་། །ཅི་མི་མ་ཡིན་པའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའམ་ཞེ་ན། མ་ཡིན་ཏེ་དེའི་ཕྱིར། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའོ་ཞེས་བྱ་བ་སྨྲས་ཏེ། གང་མིའི་འགྲོ་བར་གཏོགས་པ་དེ་ནི་མིའི་རྒྱུད་དེ། དེས་ཡོངས་སུ་བཟུང་བའོ། །མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་

བ་དེ་རྐུའམ་རྐུར་བཅུག་པ་དང་མངགས་པས་ཀྱང་ཁ་ན་མ་ཐོ་བ་དེར་འགྱུར་རོ། །མི་མ་ཡིན་པའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ནི་མ་ཡིན་ཏེ། འགྲོ་བ་གཞན་གྱི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ནི་ན་སྨད་དོ་ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའི་རྫས་ལ་འགྲོ་བ་

Vol. 162 · folio 100a

གཞན་གྱི་རྒྱུད་ཀྱིས་ཡོངས་སུ་བཟུང་བའི་འདུ་ཤེས་ཀྱིས་རྐུ་ན་ཅི་ཁ་ན་མ་ཐོ་བ་དེ་ཉིད་དུ་འགྱུར་རམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར་དེར་འདུ་ཤེས་པས་སོ་ཞེས་བྱ་བ་སྨྲས་ཏེ། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཡིན་པར་འདུ་ཤེས་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་

ཏེ་མིའི་རྐུའོ་སྙམ་དུ་འདུ་ཤེས་པར་གྱུར་ན་དེས་ཕམ་པ་ཡིན་ནོ། །འདིར་གཞུང་ནི་འདི་ལྟ་སྟེ། དགེ་སློང་གིས་འདི་ལྟར་ཡོ་བྱད་ལྕི་བ་འདི་དག་གཞན་སྐྱེས་པའམ་བུད་མེད་དམ་མ་ནིང་དག་གིས་ཡོངས་སུ་བཟུང་བར་འདུ་ཤེས་པ་སྟེ་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ། །དེ་ལྟར་ན་མ་

བྱིན་པར་ལེན་པའི་ཕམ་པར་འགྱུར་བ་འདི་ནི་ཡན་ལག་ལྔ་དང་ལྡན་པ་ཡིན་ཏེ། མ་བྱིན་པ་ཉིད་དང་། མ་ཤ་ཀ་ལྔ་ལ་སོགས་པ་ཉིད་དང་། རྐུ་སེམས་ཉིད་དང་། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཉིད་དང་། དེར་འདུ་ཤེས་པ་ཉིད་དོ། །ཡན་ལག་གང་ཡང་རུང་བ་མ་ཚང་བ་ལ་ནི་ཕམ་པར་

འགྱུར་བ་མེད་དེ། ན་སྨད་པ་ཁོ་ནར་འགྱུར་རོ། །མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཞེས་སྨྲས་ཏེ། གལ་ཏེ་རླུང་ལ་སོགས་པ་གཞན་གྱིས་ཁྱེར་བ་དེ་ཅི་བདག་པོ་ཉིད་དང་བྲལ་བ་ཡིན་ནམ་འོན་ཏེ་མ་ཡིན་ཞེ་ན་དེའི་ཕྱིར། ཁྱེར་བ་ཉིད་ན་འདི་བསམ་པས་མ་བཏང་བ་ནི་བདག་པོ་ཉིད་དང་མ་བྲལ་བ་

ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རླུང་དང་རྐུན་པོ་ལ་སོགས་པ་དག་གིས་གོས་ལ་སོགས་པའི་རྫས་ཁྱེར་བ་ཉིད་ན་བདག་པོས་བདག་གི་བྱ་བའི་བསམ་པས་མ་བཏང་བ་ནི་རྫས་དེ་ལས་བདག་པོ་ཉིད་དང་མ་བྲལ་བ་ཉིད་ཡིན་ནོ། །འདི་སྐད་བསྟན་ཏེ། འདི་ལྟར་རྐུན་པོ་ལ་སོགས་པས་བདག་པོའི་དྲུང་

ནས་རྫས་ཁྱེར་དུ་ཟིན་ཀྱང་ཇི་སྲིད་དུ་བདག་པོས་བདག་གི་བ་ཉིད་ཀྱི་བསམ་པས་མ་བཏང་བ་དེ་སྲིད་དུ་རྫས་ཀྱི་ཡུལ་དེ་ལ་བདག་པོ་ཉིད་དང་མ་བྲལ་བ་ཡིན་ནོ། །འདིར་གཞུང་ནི། འདི་ལྟར་བཙོ་བླག་མཁན་གྱི་གོས་དག་བཏིང་བ་རླུང་གིས་ཁྱེར་ཞིང་དེ་དག་དགེ་སློང་རྣམས་ཀྱི་འཆག་ས་

དག་གམ་ར་བ་དག་གམ། སྒོ་ཁང་དག་ཏུ་ལྟུང་བ་ལ་དགེ་སློང་དག་གིས་དེ་ལ་སྦྱོར་བས་གནས་ནས་གནས་སུ་སྦེད་པར་བྱེད་པའི་བར་དུ་བྱེད་པ་ནི་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་དངོས་པོ་ཚང་ན་ཕམ་པར་འགྱུར་ལ་ཞེས་གསུངས་པ་དང་། བཅོམ་ལྡན་འདས་ཀྱིས་རྐུན་པོ་དག་

Vol. 162 · folio 100b

རྒྱལ་པོའི་ཕོ་བྲང་དུ་ཕུལ་ན་སྲོག་གཅོད་པ་ཀུན་ནས་སློང་བའི་ཁ་ན་མ་ཐོ་བར་གསུངས་ཀྱི། མ་བྱིན་པར་ལེན་པ་ཀུན་ནས་སློང་བའི་ཁ་ན་མ་ཐོ་བར་མ་གསུངས་ཏེ། གལ་ཏེ་བདག་གིར་བྱེད་པའི་བསམ་པ་བཏང་ཞིང་མེད་ན་ནི་བདག་པོ་ཉིད་དང་བྲལ་བས་དེའི་ཚེ་མ་བྱིན་པར་ལེན་པ་ཀུན་ནས་སློང་བ་ཡང་བརྗོད་

པར་འགྱུར་རོ། །མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཞེས་གསུངས་ན་བདག་པོ་དང་བཅས་པའི་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་རྫས་བརྐུས་ན་ཅི་ཞིག་ཏུ་རྣམ་པར་གཞག་ཅེ་ན་དེའི་ཕྱིར། ཐ་སྙད་མི་ཤེས་པ་ནི་ཞལ་ཏ་བྱེད་པ་བདག་པོ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཐ་སྙད་ཤེས་པ་ནི་འཇིག་རྟེན་

གྱི་ཐ་སྙད་སྨྲ་ནུས་པ་སྟེ། དེའི་རྒྱུད་དུ་གཏོགས་པའི་རྫས་ནི་ཐ་སྙད་ཤེས་པའོ། །ཐ་སྙད་མི་ཤེས་པ་ནི་འཇིག་རྟེན་གྱི་ཐ་སྙད་སྨྲ་མི་ནུས་པ་སྟེ། དེའི་རྒྱུད་དུ་གཏོགས་པའི་རྫས་ནི་ཐ་སྙད་མི་ཤེས་པའོ། །རྫས་དེ་ལ་ནི་ཞལ་ཏ་བྱེད་པ་སྐྱོང་བར་བྱེད་པ་བདག་པོ་ཉིད་ཡིན་ནོ། །བྱ་རྣམས་ཀྱི་ཡིན་ན་ཡང་

དེ་ལ་བདག་པོ་ཉིད་ཡོད་དེ། རྫས་ནི་དེའི་རྒྱུད་དུ་གཏོགས་པ་ཡིན་པའི་ཕྱིར་རོ། །གཉི་ག་བདག་པོ་ཉིད་ཡིན་ན་ནི་འདུ་ཤེས་ཀྱི་དབང་གིས་ལྟུང་བ་རྣམ་པར་གཞག་གོ། །དེ་ལྟར་འདིར་གཞུང་ནི་གལ་ཏེ་འདི་སྙམ་དུ་མི་ལས་བརྐུ་བར་བྱའི་བྱ་ལ་རྒྱན་ག་ལ་ཡོད་སྙམ་དུ་སེམས་ན་ནི་རིན་ཐང་བརྩི་བར་བྱ་

ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཅི་དུད་འགྲོའི་ཟས་དང་སྐོམ་རྐུ་བ་ལ་ཡང་དེ་ཉིད་རྣམ་པར་གཞག་གམ་ཞེ་ན་མ་ཡིན་ཏེ། དེའི་ཕྱིར། བཟའ་བཏུང་གི་ཕྱིར་བྱིན་པ་ལ་ནི་བསམ་པ་དང་འབྲེལ་པ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དུད་འགྲོའི་སྐྱེས་གནས་སུ་སྐྱེས་པའི་ཟས་དང་།

སྐོམ་ལ་སོགས་པ་བཟའ་བཏུང་གི་ཕྱིར་བྱིན་པ་གང་ཡིན་པ་དེ་ལ་ནི་ཞལ་ཏ་བྱེད་པའི་བསམ་པ་དང་འབྲེལ་པ་མེད་པ་ཉིད་ཡིན་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། དུད་འགྲོའི་ཟས་དང་སྐོམ་གྱི་ཕྱིར་བཟའ་བ་དང་བཏུང་བ་གང་སྦྱིན་པར་བྱེད་ན་དེར་དེ་ལ་སྦྱིན་པར་བྱེད་པ་འདི་བདག་གིའོ་སྙམ་པའི་

བསམ་པ་དང་། འབྲེལ་པ་བཟློག་པས་དེ་ཉིད་ཀྱིས་ཉེ་བར་སྦྱོར་བར་བྱེད་དེ། ཉེ་བར་སྦྱར་ནས་ཡང་ཕྱིར་བླང་ངོ་སྙམ་པ་མེད་པས་དེའི་ཕྱིར་དེ་ལ་ནི་དུད་འགྲོ་ཉིད་བདག་པོ་ཉིད་ཡིན་གྱི། ཞལ་ཏ་བྱེད་པ་ནི་མ་ཡིན་ནོ། །འདིར་ལུང་ནི་དུད་འགྲོའི་སྐལ་བ་ཆུའི་རིན་ཐང་བརྩི་བར་བྱ་ཞིང་ཞེས་

Vol. 162 · folio 101a

གསུངས་པ་དེ་ཡིན་ནོ། །ནགས་མེས་བཏང་བ་ལ་སོགས་པ་དག་གིས་རི་དགས་ལ་སོགས་པ་གསོད་པ་ན་དེ་དག་ལ་བདག་པོ་ཉིད་གང་ཡིན་ཞེ་ན་དེའི་ཕྱིར། ནགས་མེས་བཏང་བ་ལ་སོགས་པ་དག་གིས་བཟུང་བའི་ཕྱིར་རི་དགས་དང་བྱ་དང་སྡིག་སྦྲུལ་ལིངས་བཏབ་པ་

རྣམས་ལ་ནི་ལིངས་པ་མ་ཡིན་པ་བདག་པོ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། རྔོན་པ་ལ་སོགས་པ་ལིངས་བ་དག་གིས་ནགས་མེས་བཏང་བ་ལ་སོགས་པ་དག་གི་ཐབས་ཀྱིས་བཟུང་བའི་ཕྱིར་རི་དགས་ལ་སོགས་པ་ལིངས་བཏབ་པ་བཤོར་བ་གང་དག་ཡིན་པའི་རི་དགས་ལ་སོགས་པ་ལིངས་བཏབ་པ་དེ་རྣམས་ནི་ལིངས་

པ་ཁོ་ན་བདག་པོ་དབང་བ་ཉིད་ཡིན་གྱི། ལིངས་པ་མ་ཡིན་པ་བདག་པོ་དབང་བ་ཉིད་མ་ཡིན་ནོ། །དེ་ལྟ་བས་ན་ལིངས་པ་མ་ཡིན་པས་གལ་ཏེ་རྐུ་སེམས་ཀྱིས་ལེན་པར་བྱེད་ན་དེ་ལས་རྐུན་པོར་འགྱུར་རོ། །རི་དགས་ལ་སོགས་པ་སྨོས་པ་ནི་དཔེ་ཡིན་ཏེ། ཕྱུགས་དང་མི་ལིངས་བཏབ་པ་བདག་པོ་

དང་བཅས་པ་དང་། བདག་པོ་མེད་པ་དག་ལིངས་པ་ལས་བརྐུས་ན་རྐུན་པོ་ཉིད་དུ་འགྱུར་ཏེ། བདག་པོ་གཞན་ཡོད་དུ་ཟིན་ཀྱང་འདི་ལྟར་དེའི་ཚེ་ན་ལིངས་པ་ཁོ་ན་ཉིད་དབང་བ་ཉིད་ཡིན་པའི་ཕྱིར་རོ། །བདག་པོ་མ་ངེས་པའི་རྫས་ལ་ལྟུང་བ་ཇི་ལྟར་རྣམ་པར་གཞག་ཅེ་ན་དེའི་ཕྱིར། བྱེ་བྲག་མ་བྱེད་པ་

ལ་ནི་གཞི་ལས་རྣམ་པར་གཞག་གོ་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་ཕྱེད་པ་ནི་ཡོངས་སུ་བཅད་པ་ངེས་པའོ། །བྱེ་བྲག་མ་ཕྱེད་པ་ནི་ཡོངས་སུ་བཅད་པ་མ་ངེས་པ་སྟེ། འདི་བདག་པོ་དང་བཅས་པ་ཞིག་གམ་འོན་ཏེ་མ་ཡིན་ཞེས་བྱེ་བྲག་མ་ཕྱེད་པ་གཏེར་ལ་སོགས་པའི་རྫས་གང་ཅི་ཡང་རུང་བ་བརྐུས་པ་ལ་ནི་

གཞིའི་ངོ་བོ་ཉིད་ལས་ལྟུང་བ་རྣམ་པར་གཞག་གི་འདུ་ཤེས་ལ་ནི་མི་གཞག་གོ། །གལ་ཏེ་བདག་པོ་དང་བཅས་པ་ཞིག་ན་ནི་གཞི་ལས་ཡན་ལག་ཚང་ན་ཕམ་པར་འགྱུར་རོ། །བདག་པོ་མེད་པ་ཞིག་ན་ནི་སྦོམ་པོར་རྣམ་པར་གཞག་གོ། །རིན་ཐང་བརྩི་བར་བྱའོ་ཞེས་སྨྲས་ན། གནས་དང་དུས་ཐ་

དད་པས་རྫས་རྣམས་ཀྱི་རིན་ཐང་ཡང་ཐ་དད་པར་སྣང་ན། གང་གི་ཚེ་རིན་ཐང་རྣམ་པར་གཞག་པར་བྱ་ཞེ་ན་དེའི་ཕྱིར། རིན་ཐང་ནི་བརྐུས་པའི་གནས་དང་དུས་ཀྱིས་སོ་ཞེས་བྱ་བ་སྨྲས་ཏེ། རྣམ་པར་གཞག་གོ་ཞེས་བྱ་བར་སྦྱར་རོ། །རིན་ཐང་ནི་བརྐུས་པའི་གནས་གང་ཡིན་པ་དང་། དུས་

Vol. 162 · folio 101b

གང་ཡིན་པ་དེས་རྣམ་པར་གཞག་གོ། །འདི་སྐད་བསྟན་ཏེ། ཡུལ་གང་དུ་བརྐུས་པ་དང་། དུས་གང་གི་ཚེ་བརྐུས་པའི་ཡུལ་དེ་ཉིད་ཀྱི་དང་དུས་དེ་ཉིད་ཀྱི་ཚེའི་རྫས་དེའི་རིན་ཐང་དང་སྦྱར་བར་བྱ་སྟེ། དེས་ལྟུང་བ་རྣམ་པར་གཞག་གོ། །རྐུའམ་རྐུར་བཅུག་པ་དག་གིས་སོ་ཞེས་སྨྲས་ན། མ་

བསམས་པ་བརྐུས་ན་ཅི་ཞིག་ཏུ་རྣམ་པར་གཞག་ཅེ་ན་དེའི་ཕྱིར། མ་བསམས་པ་ལ་ལྟུང་བ་མེད་དོ་ཞེས་བྱ་བ་སྨྲས་ཏེ། མ་བསམས་པའི་དངོས་པོ་འཁྲུལ་པས་བརྐུས་པ་གང་ཡིན་པ་དེ་ལ་ནི་ལྟུང་བ་མེད་དོ། །དེ་ལྟར་ཡང་ཉེ་བ་འཁོར་གྱིས་ཞུས་པ་ལས། བཙུན་པ་རེ་ཞིག་དགེ་སློང་གིས་རྐུ་སེམས་

ཀྱིས་ཆོས་གོས་ཀྱི་གདང་བུ་བརྐུས་པ་དེར་ཆོས་གོས་དག་ཀྱང་ཞར་ལ་མཆིས་ན་ལྟུང་བ་ཅིར་འགྱུར། ཆོས་གོས་ཀྱི་གདང་བུའི་རིན་ཐང་བརྩི་བར་བྱའོ་ཞེས་གསུངས་པ་ཡིན་ཏེ། ཆོས་གོས་དག་གི་རིན་ཐང་བརྩི་བ་ནི་མ་གསུངས་ཏེ། མ་བསམས་པའི་ཕྱིར་རོ། །རྐུ་སེམས་ཀྱིས་སོ་ཞེས་

བྱ་བ་སྨྲས་ན། སེམས་གཞན་གྱིས་ཅིར་འགྱུར་ཞེ་ན་དེའི་ཕྱིར། རང་དང་བརྙ་བ་དང་ཡིད་གཅུགས་པའི་སེམས་དག་གིས་གཞན་ལ་གོ་བར་བྱ་སྟེ། བླངས་ན་ལྟུང་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །རང་གི་སེམས་དང་བརྙ་བའི་སེམས་དང་། ཡིད་གཅུགས་པའི་སེམས་ནི་རང་དང་བརྙ་བ་

དང་ཡིད་གཅུགས་པའི་སེམས་ཏེ། རང་གི་སེམས་ལ་སོགས་པ་དེ་དག་གིས་རྐུ་སེམས་མེད་པར་གཞན་ལ་གོ་བར་བྱས་ཏེ་བླངས་ན་ལྟུང་བ་མེད་དོ། །ལ་ལ་འདི་ལ་རྐུ་སེམས་མེད་པར་ཞེས་བྱ་བ་དེ་སྨོས་མི་དགོས་ཏེ། རང་གི་རྫས་ལ་རྐུ་སེམས་མི་སྲིད་པའི་ཕྱིར་རོ་ཞེས་ཟེར་ན། དེ་ལྟ་མ་ཡིན་ཏེ།

རང་གི་རྫས་ལ་ཡང་རྐུ་སེམས་སྲིད་པ་ཁོ་ན་སྟེ། གང་གི་ཚེ་རང་གི་རྫས་གཞན་གྱི་ལག་ཏུ་འདོམས་ཤིང་ཕྱིས་རྐུ་སེམས་ཀྱིས་ཅི་ནས་ཀྱང་སྐྱིན་པ་འཇལ་དུ་གཞུག་གོ་སྙམ་ནས་དེ་ལས་རྐུ་བར་བྱེད་པ་ཡོད་པས་དེའི་ཕྱིར་རྐུ་སེམས་མེད་པ་ཞེས་བྱེ་བྲག་ཏུ་བྱ་བའོ། །དེ་ལྟར་ཡང་དགེ་སློང་གིས་རང་གི་ལྷུང་

བཟེད་དང་ཆོས་གོས་ཀྱང་རྐུ་སེམས་ཀྱིས་ལེན་ན་ཉེས་པ་སྦོམ་པོར་འགྱུར་བས། དགེ་སློང་གིས་རང་དང་བརྙ་བ་དང་ཡིད་གཅུགས་པའི་སེམས་དག་གིས་བླང་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཇི་སྐད་དུ་འདི་བདག་གིས་བསྐུར་རོ་ཞེས་གཞན་ལ་གོ་བར་བྱའོ་ཞེས་གསུངས་ན་མདོ་བྱེད་པས། གཞན་

Vol. 162 · folio 102a

ལ་གོ་བར་བྱས་ཏེ་ཞེས་ཅིའི་ཕྱིར་སྨྲས་ཤེ་ན། དེ་ལྟར་ཡང་གཞུང་ལས་གཞན་ལ་གོ་བར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །རྐུ་སེམས་མེད་པ་གཞན་གྱིས་ཀྱང་ངོ་ཞེས་བྱ་བ་ནི། རྣམ་པ་གསུམ་པོ་དེ་དག་མ་གཏོགས་པ་རྐུ་སེམས་མེད་པ་རྣམ་པ་གཞན་གྱིས་བླངས་པ་ཡང་

ཉེས་པ་མེད་པའོ། །རྣམ་པ་གཞན་གྱིས་ཀྱང་ཇི་ལྟར་ཉེས་པ་མེད་ཅེ་ན། ཉེ་བ་འཁོར་གྱིས་ཞུས་པ་ལས་དགེ་སློང་གིས་དགེ་སློང་ལ་འདི་སྐད་ཅེས་སྨྲས་ཏེ། ཁྱོད་ཀྱིས་དགེ་སློང་ཆེ་གེ་མོའི་ཡོ་བྱད་དེ་དང་དེ་དག་ཤེས་སམ་ཤེས་སོ། །འོ་ན་སོང་ལ་དེ་དག་རྐུས་ཤིག་དེ་དག་ཕྲོགས་ཤིག །དེ་དག་

གནས་གཞན་ནས་གཞན་དུ་སྤོས་ཤིག་ཅེས་བསྒོ་ནས། གལ་ཏེ་དེ་རྐུ་སེམས་ཀྱིས་དེ་དག་རྐུ་བར་བྱེད། དེ་དག་འཕྲོག་པར་བྱེད། དེ་དག་གནས་ནས་གནས་གཞན་དུ་སྤོ་བར་བྱེད་ན་ནི་གཉི་ག་ལ་འདྲ་བར་ལྟུང་བར་འགྱུར་རོ། །འོན་ཏེ་དེ་འདི་སྙམ་དུ་འདི་ནི་དེའིའོ་སྙམ་ན་ལེན་པ་པོ་ལ་ལྟུང་བར་

མི་འགྱུར་གྱི། རྐུར་འཇུག་པ་པོ་གང་ཡིན་པ་དེ་ནི་གཞི་ཇི་ལྟ་བ་བཞིན་དུ་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །སྙིང་རྗེས་རྫུ་འཕྲུལ་གྱིས་ཕྲོགས་ནའོ་ཞེས་བྱ་བ་ནི། ལྟུང་བ་མེད་དོ་ཞེས་བྱ་བར་སྦྱར་ཏེ། སྙིང་རྗེས་རྒྱུ་བྱས་པའི་སྙིང་རྗེ་སྔོན་དུ་བཏང་བའི་རྫུ་འཕྲུལ་གང་ཡིན་པའི་རྫུ་འཕྲུལ་དེས་

ཕྲོག་པ་པོ་ལས་མི་ལ་སོགས་པ་ཕྲོགས་ན་ལྟུང་བ་མེད་དོ། །འདི་ལྟར་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ན་ཉེས་བྱས་སོ་ཞེས་འོག་ནས་འབྱུང་མོད་ཀྱི། འོན་ཀྱང་སྙིང་རྗེ་སྔོན་དུ་བཏང་བའི་རྫུ་འཕྲུལ་གྱི་སེམས་ཀྱི་རིགས་དེ་འདྲ་བ་དེ་ནི་བསྒོམས་པ་ལས་བྱུང་བ་ཡིན་པས་དེ་ལ་ནི་ལྟུང་བར་འགྱུར་བ་མེད་

དོ། །དངོས་གཞིའི་ལྟུང་བ་བསྟན་པའི་འོག་ཏུ་སྦྱོར་བའི་ལྟུང་བ་བསྟན་པའི་ཕྱིར། ཐམས་ཅད་དུ་སྦྱོར་བ་ལ་ནི་ཉེས་བྱས་སོ་ཞེས་བྱ་བ་སྨྲས་ཏེ། ལྟུང་བ་ཐམས་ཅད་ལའང་སྦྱོར་བ་གང་ཡིན་པ་དེ་ལ་ནི་ཉེས་བྱས་སོ། །དེ་ནི་སྤྱིར་བཏང་བ་སྟེ། དེའི་དམིགས་ཀྱིས་བསལ་བ་བསྟན་པའི་ཕྱིར།

སྡེ་ཚན་དེ་ལ་གལ་ཏེ་དངོས་གཞིའི་ཡིན་ན་སྦོམ་པོའོ་ཞེས་བྱ་བ་སྨྲས་ཏེ། ཕམ་པར་འགྱུར་བའི་སྡེ་ཚན་དེ་ལ་སྦྱོར་བ་དེ་གལ་ཏེ་དངོས་གཞིའི་ཡིན་ན་སྦྱོར་བ་དེ་ལ་སྦོམ་པོའོ། །ཇི་སྟེ་སྦྱོར་བའི་སྦྱོར་བ་ཡིན་ན་དེ་ལ་ནི་ཉེས་བྱས་ཁོ་ནའོ། །དེ་ཉིད་དགེ་འདུན་ལྷག་མ་ཞེས་བྱ་བའི་སྡེ་ཚན་ལ་ཡང་འདྲ་བར་

Vol. 162 · folio 102b

བསྟན་པའི་ཕྱིར། འོག་མ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། ཕམ་པར་འགྱུར་བའི་སྡེ་ཚན་གང་ལ་སྦྱོར་བ་དེ་ལ་དངོས་གཞིའི་སྦོམ་པོ་ཞེས་གང་གསུངས་པ་དེ་བཞིན་དུ་འོག་མ་དགེ་འདུན་ལྷག་མ་ཞེས་བྱ་བའི་སྡེ་ཚན་ལ་ཡང་དེ་བཞིན་དུ་རིག་པར་བྱ་སྟེ། གལ་ཏེ་དངོས་གཞིའི་སྦྱོར་བ་ཡིན་ན་ནི་

སྦོམ་པོའོ། །སྦྱོར་བའི་སྦྱོར་བ་ཡིན་ན་ནི་ཉེས་བྱས་སོ། །མ་ཤ་ཀ་ལྔ་ལ་སོགས་པ་བརྐུས་སམ་རྐུར་བཅུག་པ་དག་གིས་ཕམ་པར་འགྱུར་བར་བསྟན་ན། མ་ཆོག་པའི་བརྗོད་པར་བྱ་བ་བསྟེན་པའི་ཕྱིར་མ་ཚོག་པ་བརྐུས་ནའོ་ཞེས་བྱ་བ་སྨྲས་ཏེ། འདི་མན་ཆད་འོག་ནས་སྙིང་རྗེ་དང་ལྡན་པའི་སེམས་

ཀྱིས་ན་ཉེས་བྱས་སོ་ཞེས་འབྱུང་བའི་མདོ་ཡན་ཆད་ནི་སྦོམ་པོའོ་ཞེས་བྱ་བའི་དབང་དུ་བྱའོ། །མ་ཤ་ཀ་ལྔར་མ་ཆོག་པ་བརྐུས་ན་ཡན་ལག་གཞན་ཐམས་ཅད་ཡོད་ཀྱང་སྦོམ་པོར་རིག་པར་བྱ་སྟེ། འདི་ལྟ་སྟེ། མ་བྱིན་པ་དང་། རྐུ་སེམས་ཀྱིས་དང་། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་དང་། དེར་

འདུ་ཤེས་པས་ཞེས་བྱ་བ་ཡན་ལག་དེ་དག་ཡོད་ཀྱང་མ་ཤ་ཀ་ལྔར་མ་ཆོག་པ་བརྐུས་སམ། རྐུར་བཅུག་པ་དང་། མངགས་པས་ཀྱང་སྦོམ་པོ་ཁོ་ནའོ། །ཁ་ཅིག་ཏུ་ནི་ཡན་ལག་གསུམ་མམ་གཉིས་མ་ཚང་བ་ལ་ཉེས་བྱས་སུ་འདོད་དེ། འདི་ལྟ་སྟེ། མི་མ་ཡིན་པའི་རྒྱུད་ཀྱིས་ཡོངས་སུ་

བཟུང་བ་ལ་དེར་འདུ་ཤེས་བའམ། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བར་འདུ་ཤེས་པ་དང་། མ་ཆོག་པ་བརྐུས་པ་ནི་ཉེས་བྱས་ཏེ། ཡན་ལག་རྣམས་མ་ཚང་བའི་ཕྱིར་རོ། །དེ་བཞིན་དུ་བདག་པོ་གང་ཡང་རུང་བས་ཡོངས་སུ་མ་བཟུང་བ་དང་། མ་ཆོག་པ་དང་། མི་མ་ཡིན་པའི་རྒྱུད་ཀྱིས་

ཡོངས་སུ་བཟུང་བ་དང་། དེར་འདུ་ཤེས་མེད་པ་ལ་ཡང་ཉེས་བྱས་ཁོ་ནའོ། །རྐུ་སེམས་མེད་ན་ནི་ཐམས་ཅད་དུ་ལྟུང་བར་མི་འགྱུར་རོ། །དེའི་ཕྱིར་འདིར་རྐུ་སེམས་ནི་དངོས་གཞིའི་ཡན་ལག་ཡིན་ལ། ལྷག་མ་རྣམས་ནི་དེའི་བྱེ་བྲག་ཡིན་ནོ། །མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ཞེས་བྱ་

བ་དེས་ནི་བདག་པོ་དང་བཅས་པ་བརྐུས་ནས་ཕམ་པར་འགྱུར་བ་བསྟན་ན། བདག་པོ་མེད་པ་བརྐུས་ན་ཅིར་འགྱུར་ཞེ་ན་དེའི་ཕྱིར། བདག་པོ་མེད་པའི་གཏེར་རོ་ཞེས་བྱ་བ་སྨྲས་ཏེ། བརྐུས་ན་སྦོམ་པོའོ། །གཏེར་དེ་ཡང་གལ་ཏེ་བདག་པོས་དོན་མ་རྟོགས་པ་ཡིན་པའོ། །འདི་ལྟར་

Vol. 162 · folio 103a

དངོས་སུ་ན་དེ་ལ་བདག་པོ་ཡོད་མོད་ཀྱི་འོན་ཀྱང་དེས་དོན་མ་རྟོགས་པར་གྱུར་པ་ནི་བདག་པོ་མེད་པ་ཞེས་བྱའོ། །དེ་ལྟར་གཞུང་ནི། དེས་ནད་གཡོག་ལ་སྨྲས་པ། ཁུར་བ་སྣ་གསུམ་པ་དང་ཐུག་པ་སྟ་གོན་གྱིས་ཤིག་དང་། དགེ་འདུན་ལ་ཡང་དབུལ་རང་

ཡང་བཟའ་བཏུང་བྱའོ་ཞེས་བྱས་ནས་དེས་དེ་དག་ལ་ཟོང་ཕོག་གོ། །དེ་དག་འདི་སྙམ་དུ་བདག་ཅག་ལ་ཁུར་བ་སྣ་གསུམ་པ་དང་། ཐུག་པས་ཅི་བྱ། འདི་ལ་ཁུར་བ་སྣ་གསུམ་པ་དང་། ཐུག་པ་ཞིག་བྱིན་ལ་ཟོང་བདག་ཅག་གིས་བགོ་བར་བྱའོ་སྙམ་ནས། དེ་དག་གིས་དེ་ལ་ཁུར་བ་

སྣ་གསུམ་པ་དང་། ཐུག་པ་ཞིག་བྱིན་ཏེ་ཟོང་བགོས་སོ། །དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པར་འགྱུར་བའི་ལྟུང་བ་ནི་མེད་དེ། ཉེས་པ་སྦོམ་པོའི་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ཏེ། གང་དག་ལ་ཕུལ་བ་དེ་དག་ལ་དེར་བདག་

གིར་བྱ་བ་སྐྱེས་པར་མ་གྱུར་པས་དེའི་ཕྱིར་ཕམ་པར་འགྱུར་བའི་རྒྱུ་མེད་པར་སྣང་ངོ་། །གཏེར་གང་ལ་བདག་པོའི་དོན་རྟོགས་པ་དང་། དོན་མ་རྟོགས་པ་གཉི་ག་མེད་པ་དེ་ལ་ཇི་ལྟར་བསྒྲུབ་ཅེ་ན། དཔེར་ན་བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་རྫས་བརྐུས་པ་བཞིན་ཏེ། གལ་ཏེ་རྐུ་སེམས་མེད་

ན་དེའི་ཚེ་ལྟུང་བ་མེད་དེ། བདག་གི་བ་མེད་པའི་ཕྱིར་རོ། །ཇི་སྟེ་རྐུ་སེམས་སྐྱེད་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ། །གལ་ཏེ་བདག་པོས་དོན་མ་རྟོགས་པའི་གཏེར་དེ་ཉིད་མ་ཤ་ཀ་ལྔ་ལ་སོགས་པ་ལས་ཉུང་ལ་བདག་པོ་མེད་པར་འདུ་ཤེས་པས་སམ། བདག་པོ་དང་བཅས་པར་

འདུ་ཤེས་པས་སམ། བདག་པོ་མིས་སམ། མི་མ་ཡིན་པས་ཡོངས་སུ་བཟུང་བར་འདུ་ཤེས་པས་དེ་བརྐུས་ན་ཉེས་བྱས་ཏེ། སྦོམ་པོའི་དབང་དུ་བྱས་པའི་ཡན་ལག་དག་པས་ཉུང་བའི་ཕྱིར་རོ། །གཞན་གྱིས་བརྐུས་ན་དངོས་གཞིར་འགྱུར་ལ། རང་གི་ཅིར་འགྱུར་ཞེ་ན་

དེའི་ཕྱིར། རང་གིའོ་ཞེས་བྱ་བ་སྨྲས་ཏེ། རང་གི་རྫས་མ་ཤ་ཀ་ལྔ་ལ་སོགས་པ་རྐུ་སེམས་ཀྱིས་དེར་འདུ་ཤེས་པས་རྐུ་འམ། རྐུར་བཅུག་པ་དང་མངགས་པས་ཀྱང་སྦོམ་པོར་འགྱུར་རོ། །དེར་འདུ་ཤེས་པ་ཞེས་བྱ་བའི་ཚིག་དེ་སྐབས་འདིར་ནི་རང་གིར་འདུ་ཤེས་པ་ཞེས་བྱ་བར་

Vol. 162 · folio 103b

རིག་པར་བྱའོ། །དེ་ལྟར་ཡང་གཞུང་ནི་དེའི་ཕྱིར་དགེ་སློང་གིས་རང་གི་ལྷུང་བཟེད་དང་། ཆོས་གོས་ཀྱང་རྐུ་སེམས་ཀྱིས་བླང་བར་མི་བྱའོ། །དགེ་སློང་གིས་རང་གི་ལྷུང་བཟེད་དང་། ཆོས་གོས་རྐུ་སེམས་ཀྱིས་ལེན་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །རང་གི་ལ་གཞན་གྱིས་

ཡོངས་སུ་བཟུང་བར་འདུ་ཤེས་པ་ལ་ཡང་སྦོམ་པོ་ཁོ་ན་སྟེ། རྐུ་སེམས་ཤིན་ཏུ་ལྕི་བའི་ཕྱིར་རོ། །དེ་ལྟར་ཡང་གཞུང་ནི་དགེ་སློང་དག་མི་ཕམ་པ་མི་གཏི་མུག་ཅན་འདི་ནི་རང་གི་ཆོས་གོས་རྙང་རྙིང་དག་གིས་ཉེས་པ་སྦོམ་པོའི་ལྟུང་བ་བྱུང་ངོ་ཞེས་གསུངས་པ་ཡིན་ནོ། །རང་གི་ལ་གཞན་གྱིས་ཡོངས་སུ་མ་བཟུང་བར་

འདུ་ཤེས་པ་ལ་ཡང་སྦོམ་པོ་ཁོ་ན་སྟེ། རང་གིར་འདུ་ཤེས་པ་དང་ཡོངས་སུ་མ་བཟུང་བར་འདུ་ཤེས་པ་ནི་ལྷན་ཅིག་ལྟུང་བ་འདྲ་བའི་ཕྱིར་རོ། །དེ་བཞིན་དུ་ཡོངས་སུ་མ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ་ཤེས་པའམ། ཡོངས་སུ་བཟུང་བ་དང་བཅས་པར་འདུ་ཤེས་པ་ཡང་སྦོམ་པོ་ཁོ་ནའོ། །འགྲོ་བ་གཞན་གྱིར་རོ་

ཞེས་བྱ་བ་ནི་རང་གི་རྫས་ལ་འགྲོ་བ་གཞན་གྱིར་འདུ་ཤེས་ན་ཞེས་བྱ་བར་སྦྱར་ཏེ། མིའི་འགྲོ་བ་ལས་གཞན་པའི་འགྲོ་བ་གང་ཡིན་པ་དེ་ནི་འགྲོ་བ་གཞན་ནོ། །རང་གི་རྫས་ལ་འགྲོ་བ་གཞན་གྱིས་ཡོངས་སུ་བཟུང་བར་འདུ་ཤེས་པས་བརྐུས་ན། དངོས་གཞིའི་ཡན་ལག་ཡོད་དུ་ཟིན་ཀྱང་སྦོམ་པོ་སྟེ།

དེར་འདུ་ཤེས་པས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དེ་འདི་སྙམ་དུ་གལ་ཏེ་བྱའི་བརྐུའི་མིའི་ནི་མ་ཡིན་ནོ་སྙམ་ན་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འགྲོ་བ་གཞན་གྱི་ལ་མིའི་འགྲོ་བ་པར་འདུ་ཤེས་པ་ན་ཡང་སྦོམ་པོ་ཁོ་ནའོ། །ཡོངས་སུ་མ་བཟུང་བར་འདུ་ཤེས་པ་ན་ཡང་སྦོམ་པོ་ཁོ་

ནའོ། །བདག་ཉིད་ཀྱིར་བདག་གིར་བྱ་བར་བརྐུས་ན་ཕམ་པར་འགྱུར་བར་བསྟན་ན། བདག་པོ་དང་དབྲལ་བའི་སེམས་འབའ་ཞིག་གིས་ན་ཅིར་འགྱུར་ཞེ་ན་དེའི་ཕྱིར། བདག་གིར་མ་བྱས་པ་སྦ་བ་དང་། ཆུད་གཟན་པ་དང་། ཟིན་པ་བཏང་བ་ལ་སོགས་པས་བྲལ་བར་བྱེད་ན་ཡང་ངོ་ཞེས་བྱ་

བ་སྨྲས་ཏེ། བདག་གིར་མ་བྱས་པར་སྦ་བ་ལ་སོགས་པས་བདག་པོ་དང་བྲལ་བར་བྱེད་ན་ཡང་སྦོམ་པོའོ་ཞེས་བྱ་བར་སྦྱར་རོ། །སྦ་བ་ཞེས་བྱ་བ་ནི་འདིར་འདམ་རྫབ་ཏུ་གཞུག་པ་ལ་སོགས་པར་བསྟན་ཏོ། །ཆུད་གཟན་པ་ཞེས་བྱ་བ་ནི། བསྲེགས་པ་དང་བཅད་པ་དང་དྲལ་བ་ལ་སོགས་པའི་

Vol. 162 · folio 104a

བདག་ཉིད་དོ། །ཟིན་པ་བཏང་བ་ཞེས་བྱ་བ་ནི། རི་དགས་དང་ཉ་ལ་སོགས་པ་རླུབས་དང་དོལ་ལ་སོགས་པས་ཟིན་པ་དག་དེའི་ཡང་མ་གྱུར་ཅིག །བདག་གིར་ཡང་མ་གྱུར་ཅིག་སྙམ་ནས། གཞན་གྱི་རྔོན་རྙི་ལ་སོགས་པས་ཟིན་པ་བདག་གིས་ཐུག་ཐུབ་ཏུ་བཏང་བ་

སྟེ། དེ་དག་ཐམས་ཅད་སྦོམ་པོར་འགྱུར་རོ། །སོགས་པ་ཞེས་སྨོས་པས་ནི་རྣམ་པ་གཞན་ཡང་བསྡུ་བའི་ཕྱིར་ཏེ། དེས་ན་བཅིང་བ་དང་། དྲལ་བ་དང་། སྐྲོད་པ་དང་གསོད་པ་ལ་སོགས་པ་གང་དག་སོགས་པའི་སྒྲས་བསྡུས་པ་འདིར་རྐུ་འམ་རྐུར་བཅུག་པ་དག་དང་། རྐུ་སེམས་ཀྱི་ཡན་

ལག་དེ་གཉིས་ནི་མེད་ཀྱང་གལ་ཏེ་མངགས་པ་དང་། མ་བྱིན་པ་དང་། མ་ཤ་ཀ་ལྔ་ལ་སོགས་པ་དང་། མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་དང་། དེར་འདུ་ཤེས་པའི་ཡན་ལག་གཞན་ཐམས་ཅད་ཡོད་ཅིང་ཡན་ལག་དེ་དག་དང་ལྡན་ན་མངགས་པས་ཀྱང་སྦོམ་པོའོ། །སྦོམ་པོའི་དབང་དུ་བྱས་

པའི་ཡན་ལག་དག་ལས་ཆེས་ཉུང་ན་ཉེས་བྱས་སོ། །ཇི་ལྟར་གང་ཡང་རུང་བའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ལ་གང་ཡང་རུང་བར་འདུ་ཤེས་པས་མ་ཤ་ཀ་ལྔ་ལ་སོགས་པ་ལས་ཉུང་བ་བྲལ་བར་བྱས་ན་ཉེས་བྱས་ཡིན་པ་དེ་བཞིན་དུ་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ལ་འགྲོ་བ་གཞན་གྱི་རྒྱུད་ཀྱིས་ཡོངས་

སུ་བཟུང་བར་འདུ་ཤེས་པས་བྲལ་བར་བྱས་པ་ལ་སྦོམ་པོའི་དབང་དུ་བྱས་པ་ལས་ཉུང་བས་ཀྱང་ཉེས་བྱས་སོ། །དེ་བཞིན་དུ་མི་མ་ཡིན་པའི་རྒྱུད་ཀྱིས་ཡོངས་སུ་བཟུང་བ་ལ་མིའི་རྒྱུད་ཀྱིས་ཡོངས་སུ་བཟུང་བའམ། མི་མ་ཡིན་པའི་རྒྱུད་ཀྱིས་ཡོངས་སུ་བཟུང་བར་འདུ་ཤེས་པས་བྲལ་བར་བྱས་ཀྱང་ཉེས་བྱས་ཁོ་ནའོ། །ཇི་ལྟར་

གཞན་དུ་རྐུ་སེམས་ཀྱིས་ལྟུང་བར་བྱས་པ་བཞིན་དུ་འདིར་ནི་དབྲལ་བའི་འདུ་ཤེས་ཀྱིས་ལྟུང་བར་བྱས་པ་ཉིད་དོ། །ཡོངས་སུ་མ་བཟུང་བ་ལ་ཡོངས་སུ་བཟུང་བ་དང་བཅས་པའམ། ཡོངས་སུ་མ་བཟུང་བར་འདུ་ཤེས་པ་ལ་ནི་ལྟུང་བ་མེད་དེ། དབྲལ་བའི་བསམ་པ་མེད་པའི་ཕྱིར་རོ། །གནོད་

པ་བྱས་པའི་སེམས་ཀྱིས་ཕྲལ་བ་ལས་སྦོམ་པོར་སྨྲས་ན་སེམས་གཞན་གྱིས་ཕྲལ་བ་ལ་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་སྙིང་རྗེ་དང་ལྡན་པའི་སེམས་ཀྱིས་ན་ཉེས་བྱས་སོ་ཞེས་བྱ་བ་སྨྲས་ཏེ། བཟུང་བ་བཏང་བ་ལ་སོགས་པ་གཞན་གྱི་དོན་དང་བྲལ་བར་བྱེད་པ་ལ་སྙིང་རྗེའི་སེམས་ཀྱིས་བྱེད་ན་ནི་གཞན་

Vol. 162 · folio 104b

གྱིས་ཡོངས་སུ་བཟུང་བ་དང་བཅས་པར་འདུ་ཤེས་ན་ཡང་ཉེས་བྱས་སོ། །ཕམ་པར་འགྱུར་བ་ཞེས་བྱ་བའི་དངོས་གཞིའི་སྦྱོར་བ་ལ་སྦོམ་པོར་སྨྲས་ན། ཕམ་པར་འགྱུར་བ་མ་བྱས་པ་ཁོ་ནར་གལ་ཏེ་བར་སྐབས་སུ་ཕྱིར་ལོག་པར་གྱུར་ན་དེ་ལ་སྦོམ་པོར་མི་འགྱུར་བར་དོགས་པ་ལྡོག་པའི་ཕྱིར། སྔར་བྱས་

ན་ཕྱིར་བཅོས་ཀྱང་མ་བྱས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁྱིམ་དེ་ན་བུད་མེད་ནི་མང་སྐྱེས་པ་ནི་ཉུང་ངོ་ཞེས་སྔར་སྦྲན་པ་ལ་སོགས་པས་བྱུང་བའི་མཐའི་སྦྱོར་བ་བྱས་ན། འདི་ལྟར་ཕྱིས་བཅོས་པ་རྐུན་པོ་རྣམས་ཕྱིར་བཟློག་པའི་ཕྱིར་གཉེན་པོ་བྱས་སུ་ཟིན་ཀྱང་དེ་ལྟ་མོད་ཀྱི། རྐུན་པོ་དེའི་རྩོམ་

པའི་དང་པོར་གྱུར་པ་གང་ཡིན་པའི་རྩོམ་པའི་དང་པོར་གྱུར་པ་དེ་མ་བྱས་པ་ཉིད་མ་ཡིན་གྱི་བྱས་པ་ཉིད་ཡིན་ཏེ། སྦོམ་པོ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྦྱོར་བ་ལ་ནི་སྦོམ་པོར་སྨྲས་ལ། སྦྱོར་བའི་སྦྱོར་བ་ལ་ནི་ཉེས་བྱས་སུ་སྨྲས་ན། ད་ནི་དེ་གཉིས་ཀྱི་ཡུལ་གྱི་དབྱེ་བ་བསྟན་པའི་ཕྱིར། ནོམ་

པའི་སྔ་རོལ་ནི་སྦྱོར་བའི་སྦྱོར་བ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། བརྐུ་བར་བྱ་བའི་རྫས་ལ་ནོམ་པ་གང་ཡིན་པ་དེའི་སྔ་རོལ་དུ་རང་གི་གནས་ནས་ཁྲི་ལས་ལྡང་བ་དང་། ཤམ་ཐབས་ལ་འཛིན་པ་ལ་སོགས་པའི་བྱ་བ་གང་ཡིན་པའི་བྱ་བ་དེ་ནི་སྦྱོར་བའི་སྦྱོར་བ་ཉིད་དེ། སྦྱོར་བ་སྦོམ་པོའི་སྦྱོར་བ་ནི་སྦྱོར་བའི་

སྦྱོར་བའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །རིམ་པ་ནི་འདི་ཡིན་ཏེ། བསམ་པའི་དབྱེ་བས་བྱ་བ་དབྱེའོ། །བྱ་བའི་དབྱེ་བས་ལྟུང་བ་དབྱེའོ་ཞེས་བྱ་བས་གྲུབ་པོ། །འདིར་གཞུང་ནི་ཇི་སྲིད་དུ་ནོམ་པར་མི་བྱེད་ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད་ཉུག་པར་བྱེད་ཅིང་

ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་ཡང་ནོམ་པ་མང་པོ་དག་ལ་ཡང་ཇི་སྲིད་དུ་རྐུ་བའི་བསམ་པ་ཕྱིར་མ་ལོག་བའི་བར་དུ་ནི་སྦོམ་པོ་གཅིག་ཁོ་ནའོ། །ཕྱིར་བཟློག་པའི་བསམ་པ་བྱུང་ན་ནི་ཡང་ཕྱིས་ནོམ་པར་བྱེད་པ་ན་

སྦོམ་པོ་གཞན་དུ་འགྱུར་རོ། །སྦྱོར་བ་ཐམས་ཅད་ལ་ཉེས་བྱས་ཞེས་སྨྲས་ན། ཇི་ལྟར་ཁྲི་ལས་ལྡང་བར་བྱེད་པ་དེ་ལ་སོགས་པའི་སྦྱོར་བ་དག་ལ་ཉེས་བྱས་གཅིག་ཁོ་ནར་འདོད་པ་དེ་བཞིན་དུ་ཐམས་ཅད་ལ་ཡང་ཡིན་ནམ་ཞེ་ན་དེའི་ཕྱིར། ཕྲི་བའི་གོམ་པ་རེ་རེ་ལ་ཐ་དད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དགེ་

Vol. 162 · folio 105a

སློང་ལམ་དུ་ཞུགས་པ་གང་ཞིག་གཞན་གྱི་རྒྱུད་ཀྱིས་ཡོངས་སུ་བཟུང་བའི་རྫས་གོམ་པ་ཕྲི་བས་བརྐུ་བར་འདོད་ནས་གོམ་པ་འབྲི་བར་བྱེད་ཅིང་ཁད་ཀྱིས་ཁད་ཀྱིས་ཕྱིར་ནུར་ན་གོམ་པ་ཕྲི་བ་དེའི་ཕྲི་བའི་གོམ་པ་རེ་རེ་ལ་སྦྱོར་བའི་སྦྱོར་བ་ཐ་དད་པ་ཡིན་པར་ཤེས་པར་བྱའོ། །འདི་

སྐད་བསྟན་ཏེ། གང་ནས་མི་སྣང་བར་འགྲོ་བའི་རྐང་པ་བཏེག་པའི་རྐང་པ་བཏེག་པ་དེ་ནི་སྦྱོར་བ་ཉིད་ཡིན་ནོ། །རྐང་པ་བཏེག་པ་སྔ་མ་གཞན་དག་ལ་ནི་སྦྱོར་བ་ཐ་དད་པ་ཉིད་ཡིན་ནོ། །དེས་ན་མི་སྣང་བར་འགྲོ་བའི་ཕྱིར་རྐང་པ་བཏེག་པའི་སྔ་རོལ་གྱི་རྐང་པ་བཏེག་པ་གཞན་རེ་རེ་ལ་ཉེས་བྱས་རེ་རེར་འགྱུར་

རོ། །འདིར་གཞུང་ནི་འདི་ལྟར་མཁན་པོ་དང་སློབ་དཔོན་ལམ་གྱི་བགྲོད་པར་ཞུགས་པ་དེ་དག་གིས་ལྷན་ཅིག་གནས་པ་དང་། ཉེ་གནས་དེ་དག་གི་ལག་ཏུ་ཆོས་གོས་དག་གཏད་པ་ན་དེ་ལ་དེ་དག་རྐུ་སེམས་ཉེ་བར་གནས་པར་གྱུར་ཅིང་དེ་དག་གོམ་པ་བསྲི་བས་འགྲོ་ཞིང་སྤྱང་འབྲང་དུ་འགྲོ་བ་ན་ཇི་སྲིད་

མིག་སྔར་སྣང་བར་གྱུར་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མིག་སྔར་སྣང་བར་མ་གྱུར་པ་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བྱ་བ་གཅིག་ཡིན་པའི་ཕྱིར་ལྟུང་བ་གཅིག་ཏུ་འགྱུར་རོ་སྙམ་དུ་དོགས་པ་བསལ་བའི་ཕྱིར། དེའི་གཞི་

ལ་ནི་སེམས་ཅན་སོ་སོ་ལའོ་ཞེས་བྱ་བ་སྨྲས་ཏེ། ཐ་དད་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེའི་གཞི་ལ་ནི་ཞེས་བྱ་བ་ནི། སེམས་ཅན་གྱི་གཞི་ལ་སྟེ། སེམས་ཅན་གྱི་གཞི་ལ་བརྐུས་པ་དང་། མཚོན་གྱིས་བཏབ་པ་དང་། གཟས་པ་དང་། སྐུར་པ་བཏབ་པ་ལ་སོགས་པ་བྱེད་པ་ན། སེམས་ཅན་སོ་སོ་

ལ་དངོས་གཞི་དང་སྦྱོར་བའི་བདག་ཉིད་ཀྱི་ལྟུང་བ་ཐ་དད་དོ། །དཔེར་ན་དགེ་སློང་གིས་གནས་ནས་སྤོ་བ་ལ་སོགས་པའི་སྦྱོར་བ་གཅིག་གིས་བདག་པོ་མང་པོའི་རྫས་རྐུ་ཞིང་མ་ཤ་ཀ་ལྔ་ལ་སོགས་པའི་གཞི་ཡང་ཚང་བར་གྱུར་ན་སེམས་ཅན་སོ་སོ་ལས་ཕམ་པར་འགྱུར་ཞིང་སྦོམ་པོ་ཞེས་བྱ་བའི་སྦྱོར་བ་ནི་

གཅིག་ཁོ་ནར་འགྱུར་བ་ལྟ་བུའོ། །གང་གི་ཚེ་སེམས་ཅན་སོ་སོ་ལས་གཞི་མ་ཚང་བར་གྱུར་ན་ནི་དེའི་ཚེ་སེམས་ཅན་སོ་སོ་ལས་སྦོམ་པོ་ཐ་དད་པར་འགྱུར་ཏེ། དཔེར་ན་དགེ་སློང་གིས་མདའི་སྦྱོར་བ་གཅིག་གིས་མི་མང་བོ་དག་ལ་འཕངས་ན་དེའི་ཚེ་སེམས་ཅན་སོ་སོ་ལས་སྦོམ་པོ་ཐ་དད་པར་འགྱུར་ལ།

Vol. 162 · folio 105b

ཉེས་བྱས་ནི་གཅིག་ཁོ་ནར་འགྱུར་བ་ལྟ་བུའོ། །ནོམ་པ་དང་ཉུག་པ་སྦོམ་པོར་སྨྲས་ན་གྲུ་ལ་ཐག་པས་བཏགས་པ་དེ་ལ་རེག་པས་ཐག་པ་དང་ཕུར་བ་ལ་ནོམ་པ་དང་། ཉུག་པའི་ཚེ་སྦོམ་པོར་དོགས་པ་བསལ་བའི་ཕྱིར། ཕུར་པ་ལས་བཀྲོལ་བ་ནི་གྲུ་ལ་རེག་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་གྲུ་ཕུར་པ་

ལས་དགྲོལ་བར་བྱེད་པ་ན། དེ་ལ་རེག་པར་མི་འགྱུར་ཏེ། དེས་ན་ཐག་པ་ལ་རེག་པ་ན་སྦྱོར་བའི་སྦྱོར་བ་ཉིད་དེ། ཉེས་བྱས་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་དགེ་སློང་གིས་རྐུ་སེམས་ཀྱིས་གྲུ་ཕུར་པ་ལ་བཏགས་པ་སྐྱོད་པར་བྱེད་ན་ཉེས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གནས་ནས་གནས་སུ་

སྦེད་པར་བྱེད་ན་བརྐུས་བ་ཞེས་བྱའོ་ཞེས་སྤྱིར་སྦྱོར་བ་བྱས་པ་དེའི་དམིགས་ཀྱིས་བསལ་བར་བྱ་བར་འདོད་ནས། དེ་བྱས་ནས་རྐུ་བ་ལ་ནི་ཁུར་བརྐུས་པས་ནའོ་ཞེས་བྱ་བ་སྨྲས་ཏེ། དེ་བྱས་ནས་ཞེས་བྱ་བ་ནི། ཁུར་དུ་བྱས་ནས་གཟོད་རྐུའོ་སྙམ་པའོ། །དེ་ལྟར་རྐུ་བ་ལ་ནི་ནམ་ཁུར་དུ་དྲགས་ཏེ་ཁུར་བརྐུས་པ་ན་བརྐུས་

པ་ཁོ་ན་ཡིན་པར་རིག་པར་བྱའི། ཡན་ལག་དེ་དག་བསྡུས་པའི་ཚེ་ན་ནི་བརྐུས་པ་མ་ཡིན་ནོ། །འདི་སྐད་བསྟན་ཏེ། གང་གི་ཚེ་རླུང་གིས་གོས་དག་རྣམ་པར་གཏོར་བར་གྱུར་པའམ། རྫས་གཞན་གཏོར་བར་གྱུར་པ་ན་དགེ་སློང་གིས་དེ་དག་ཁུར་དུ་དྲགས་ཏེ། རྐུའོ་སྙམ་པའི་བསམ་པ་དེས་དེ་དག་སྡུད་

པར་བྱེད་ན། འདི་ལྟར་མ་ཤ་ཀ་ལྔ་ལ་སོགས་པའི་རིན་ཐང་གི་ཚད་ཀྱིས་གོས་ལ་སོགས་པ་དག་ཁུར་དྲགས་པའི་སྔ་རོལ་དུ་གནས་ནས་སྤོ་བར་བྱེད་ཀྱང་དེ་ལྟར་ན་ཡང་ཕམ་བར་མི་འགྱུར་ཏེ། དེའི་ཚེ་ན་དེ་ལ་བསྡུའོ་སྙམ་པའི་བློ་ཡོད་ཀྱི། རྐུའོ་སྙམ་པའི་བློ་མེད་པའི་ཕྱིར་རོ། །འདིར་གཞུང་ནི་འདི་ལྟར་

བཙོ་བླག་མཁན་གྱི་གོས་དག་བཏིང་བ་རླུང་གིས་ཁྱེར་ཞིང་དགེ་སློང་གིས་དེ་ལ་སྦྱོར་བས་ཇི་སྲིད་དུ་ནོམ་པར་མི་བྱེད་ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད་ཉུག་པར་བྱེད་གོས་དག་སྡུད་པར་བྱེད་བམ་པོར་བསྒྲེ་བར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་

སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ། །གནས་ནས་གནས་སུ་སྦེད་པར་བྱེད་ན་བརྐུས་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བསྡུས་ནས་ནི་ཕུང་པོ་ནའོ་ཞེས་བྱ་བ་སྨྲས་ཏེ། བཏུས་ནས་ཞེས་བྱ་བ་ནི། བཏུས་ཟིན་ནས་གཟོད་རྐུའོ་སྙམ་

Vol. 162 · folio 106a

པའོ། །དེ་ལྟར་རྐུ་བ་ལ་ནི་ནམ་བཏུས་ཟིན་ཏེ་སྤུངས་པའི་ཕུང་པོ་བརྐུས་ན་བརྐུས་པ་ཁོ་ན་ཡིན་པར་རིག་པར་བྱའི། ཡན་ལག་དེ་དག་བཏུས་པའི་ཚེ་ན་ནི་བརྐུས་པ་མ་ཡིན་ནོ། །འདི་སྐད་བསྟན་ཏེ། གང་གི་ཚེ་དགེ་སློང་མེ་ཏོག་དང་འབྲས་བུ་དག་འཐོག་པར་བྱེད་

ཅིང་བཏོགས་ནས་གཟོད་བརྐུའོ་སྙམ་པའི་བསམ་པ་དེས་རིན་ཐང་མ་ཤ་ཀ་ལྔ་ལ་སོགས་པའི་ཚད་ཅིག་བཏོགས་ན་ཡང་དེའི་ཚེ་ནམ་ཕུང་པོར་བཅེར་བ་ཁོ་ན་བརྐུས་ན་བརྐུས་པ་ཡིན་གྱི། མེ་ཏོག་ལ་སོགས་པ་བཏོགས་པ་དེ་ནི་བརྐུས་པ་མ་ཡིན་ཏེ། འདི་ལྟར་དེ་ལ་བཏོགས་པའི་བསམ་པ་ཡོད་

པར་ཟད་ཀྱི། རྐུ་བའི་བསམ་པ་མེད་པའི་ཕྱིར་རོ། །འདིར་གཞུང་ནི་འདི་ལྟར་དགེ་སློང་ཁྲི་ལས་ལྡང་བ་ནས། ཇི་སྲིད་དུ་ནོམ་པར་མི་བྱེད་ཉུག་པར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སུ་འགྱུར་རོ། །ནོམ་པར་བྱེད་ཉུག་པར་བྱེད་མེ་ཏོག་གི་ཤིང་ལ་འཛེག་པར་བྱེད་མེ་ཏོག་འཐོག་པར་བྱེད་ཐུ་བ་

འགེངས་པར་བྱེད་ཅིང་ཇི་སྲིད་དུ་གནས་ནས་གནས་སུ་སྦེད་པར་མི་བྱེད་པ་དེ་སྲིད་དུ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གལ་ཏེ་དགེ་སློང་གིས་ཆུ་ལ་སོགས་པ་དག་ཏུ་ཤིང་ལ་སོགས་པ་དག་སྤྱིངས་ཏེ། རྐུ་ན་གང་གི་ཚེ་བརྐུས་པར་འགྱུར་ཞེ་ན། དེའི་ཕྱིར།

སྤྱིངས་པ་ལ་ནི་གནས་ཀྱི་སྟེང་ནས་རྫས་ཀྱི་སྟེང་བྱིང་ནའོ་ཞེས་བྱ་བ་སྨྲས་ཏེ། བརྐུ་བའི་རྫས་ཀྱི་སྟེང་གནས་ཀྱི་སྟེང་ནས་བྱིང་ན་སྤྱིངས་པའི་ཚེ་བརྐུས་པ་ཡིན་པར་སྦྱར་རོ། །ཆུ་ལ་སོགས་པར་སྤྱིངས་པ་ལ་ནི། བརྐུ་བར་བྱ་བའི་རྫས་ཀྱི་གནས་ནི་ཆུ་ལ་སོགས་པ་གང་ཡིན་པའོ། །གནས་དེའི་སྟེང་

ནི་ཡ་མཐའི་ཆའི་སྟེང་རིམ་མོ། །སྟེང་རིམ་དེ་ནས་འདས་ཤིང་ནུབ་པ་ནི་བྱིང་བའོ། །གང་བྱིང་ཞེ་ན་དེའི་ཕྱིར་རྫས་ཀྱི་སྟེང་ཞེས་བྱ་བ་སྨྲས་ཏེ། བརྐུ་བར་བྱ་བའི་རྫས་དེའི་ཡ་བླའི་ཆའི་སྟེང་རིམ་དེ་བྱིང་ནའོ། །རྫས་ཀྱི་སྟེང་དེ་གནས་ཀྱི་སྟེང་བྱིང་ན་རྫས་དེ་བརྐུས་པར་རིག་པར་བྱ་སྟེ། རྫས་ཀྱི་སྟེང་

ཞེས་བྱ་བའི་ཚིག་གིས་ནི་རྫས་ཀྱི་དངོས་པོ་དེའི་མཐའ་དག་ནུབ་པར་བསྟན་པ་ཡིན་གྱི། ཐུར་དུ་ལྟ་བའི་ངོས་འོག་མའི་ཆུ་ནུབ་པ་ཙམ་གྱིས་ནི་མ་ཡིན་པར་བསྟན་ཏོ། །འདི་སྐད་བསྟན་ཏེ། བརྐུ་བར་བྱ་བའི་རྫས་ཤིང་ལ་སོགས་པ་གང་ཡིན་པ་དེ་གལ་ཏེ་གནས་ཀྱི་རྫས་ཆུ་ལ་སོགས་པར་ཐམས་ཅད་རིལ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words