འདུལ་བ་མདོའི་རྣམ་པར་བཤད་པ
Sanskrit title (Tibetan script, as in the text) བི་ནཱ་ཡ་སཱུ་ཏྲ་བྱཱ་ཁྱཱ་ན
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 164 · folio 85a
ཇི་ལྟར་བྱས་པས་སྐུར་པའི་སྤང་བར་འགྱུར་ཞེ་ན། ལས་མི་རུང་བའི་གོས་ཟོང་སྐུར་བ་བཀྱིགས་པ་ལས་དྲིས་པ་དང་གདོང་ཞལ་ཏ་བ་བསྟན་ཏེ་ཕོ་ཉས་བསྒོ་ནས་གཏན་ཚིགས་བསྙད་ན་གདོང་བསྐུལ་ཞེས་པ་ཡིན་ཏེ་ཡོན་བདག་གིས་གསེར་དངུལ་
ལ་སོགས་པ་མི་རུང་བའི་གོས་ཟོང་ཞིག་བསྐུར་ཏེ་འོངས་ན་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་ལ་གོས་ཟོང་འདི་ནི་མ་བརྟགས་ཀྱིས་བླང་དུ་མི་རུང་ངོ་ཞེས་སྨྲས་པ་དང་། དེ་ན་རེ་འོ་ན་བཙུན་པའི་ཞལ་ཏ་པ་རུང་བ་བགྱིད་པ་སུ་མཆིས་ཞེས་དྲིས་པ་དང་མིང་འདི་ཞེས་བྱའོ་ཞེས་བསྟན་ཏོ། །དེ་
ནས་ཕོ་ཉས་ཀྱང་དེ་ལ་གོས་ཟོང་འདི་ལྟ་སུ་གོས་འདི་ལྟ་བུ་སྤུར་ལ་དགེ་སློང་མིང་འདི་ཞེས་བྱ་བ་འོངས་ཏང་བྱིན་ཅིག་ཅེས་བསྒོ་ནས་སླར་དགེ་སློང་གི་ཐད་དུ་ཕྱིན་ཏེ་བཙུན་པས་བསྟན་པའི་ཞལ་ཏ་བགྱིད་པ་ལ་བདག་གིས་འདི་སྐད་དུ་བསྒོས་བཙུན་པ་དེར་བཞུད་ལ་བཞེས་ཤིག་
ཅེས་ཟེར་ན་གདོད་ཞལ་ཏ་བ་དེ་ལ་བསྐུལ་ཅིག་པའོ། །དེ་ལ་བསྐུལ་བའི་སྙད་ནི་ང་ལ་གོས་རུང་བ་དགོས་སོ་ཞེས་བསྐུལ། བསྐུལ་བ་ལས་དེས་མ་ཐོས་སམ་མ་གོ་ན་བསྐུལ་བར་མི་ཆུད་པར་སྟོན་པ་ནི། གོ་བར་མ་ནུས་ན་བསྐུལ་བ་མ་ཡིན་ཞེས་པ་ཡིན་ཏེ་ར་རོའམ་གཉིད་ཀྱིས་
ལོག་གམ། ནད་ཀྱིས་ཐེབས་སམ་བྲེལ་བ་ལ་སོགས་པས་རྐྱེན་ཏེ་བསྐུལ་བར་མ་ཤེས་མ་(གོན་‚གོ་ན་)བསྐུལ་བའི་གྲང་སུ་མི་ཆུད་པར་སྟོན་པའོ། །བསྐུལ་བ་དྲུག་ཅིག་ཅར་དུ་བསྐུལ་ཀྱང་བསྐུལ་བ་གཅིག་ཏུ་རྩི་མོད་ཀྱི་སོ་སོར་བྱའོ། །མ་གྲུབ་ན་ལན་གཉིས་སུ་ཡང་ངོ་ཞེས་པ་ནི་ལན་
གཅིག་གིས་མ་གྲུབ་ན་ལན་གཉིས་སུའང་བསྐུལ་ཅིག་པའོ། །ལན་གསུམ་དུ་ཡང་ངོ་ཞེས་པ་ནི་གཉིས་ཀྱིས་མ་གྲུབ་ན་གསུམ་གྱི་བར་དུའང་བསྐུལ་ཅིག་པའོ། །དེ་ནས་ལན་གསུམ་གྱི་བར་དུ་ཕྱོགས་སུ་བསྡད་ཅེས་པ་ནི་མ་སྨྲ་བར་ཕྱོགས་སུ་བསྡད་པ་ལན་གསུམ་དུ་གྱིས་ཤིག་
པའོ། །དེ་ལ་རྣམ་པར་འབྱེད་པ་ལས་ནི་ལན་བཞིའམ་ལྔ་དྲུག་གི་བར་དུ་མི་སྨྲ་བར་ཕྱོགས་སུ་སྡོད་ཅིག་ཅེས་འབྱུང་ལ་འདིར་ནི་ལན་གསུམ་གྱི་བར་དུ་ཞེས་སྨོས་པ་ཅི་ཕྱིར་ཞེ་ན་རྣམ་པར་འབྱེད་པ་ལས་དེ་སྐད་དུ་འབྱུང་བ་ཡང་བསྐུལ་བ་ཚུན་ཆུད་ཁོང་བརྟུལ་བའི་ཚིག་ཏུ་ཟད་པས་
Vol. 164 · folio 85b
ན། གོང་དུ་བསྐུལ་བ་གསུམ་སྨོས་པའི་ཕྱིར་འདི་ཕྱོགས་སུ་བསྡད་པ་གསུམ་ཞེས་སྨོས་པ་ཡིན་ནོ། །མ་གྲུབ་ན་སྦྱིན་པ་པོ་ལ་བསྙད་ཅེས་པ་ནི་དེ་ལྟར་བསྐུལ་དུ་ཟིན་གྱིས་ཀྱང་མ་སྟེར་ན་སྦྱིན་བདག་གི་ཁུངས་པོ་ལ་ཁོ་བོ་ཞལ་ཏ་བྱེད་པས་འདི་ལྟར་མ་སྟེར་གྱིས་ཁྱོད་ཀྱི་ནོར་བར་མ་དོར་དུ་ཆུད་
ཟོས་པ་རེ་ཞེས་སླར་སྦྲོན་ཅིག་པའོ། །དེ་ལྟར་གྱུར་ཏེ་བཏང་བ་དང་། བྱིན་ན་བཏང་ངོ་ཞེས་སྨྲས་ཀྱང་སྦྱིན་བདག་གི་སེམས་བདག་གིས་བསྲུང་བར་བྱའོ་ཞེས་ཁས་ལེན་ན་བསླང་བར་བྱ་ཞེས་པ་ནི་དེ་ལྟར་རེ་ཐག་ཆད་ནས་བཏང་བའི་འོག་ཏུ་དེས་གོས་ཁྱེར་ཏེ་འོངས་ན་ངས་མཏང་སྟེ་
ཡོན་བདག་ལའང་སྦྲན་ཟིན་གྱིས་མི་འདོད་དོ་ཞེས་བྱས་ཀྱང་དེ་ན་རེ་ཡོན་བདག་གི་སེམས་ཁོ་བོས་བསྲུང་གི་མི་བཞེས་སུ་མི་རུང་ཞེས་སྤྲུལ་ན་ལོང་ཤིག་པའོ། །ཇི་ལྟར་བྱས་པས་སྐུར་པ་སྤང་བར་འགྱུར་ཞེ་ན། བསྐུལ་བ་དང་བསྡད་པ་ལས་འདས་སམ་ཁས་མི་ལེན་ནའོ་
ཞེས་པ་ཡིན་ཏེ་བསྐུལ་བ་དང་བསྡད་པ་ལན་དྲུག་ཏུ་བྱ་བ་ལས་འདས་སམ་ཡོན་བདག་གི་སེམས་ཁོ་བོས་བསྲུང་ངོ་ཞེས་ཁས་མི་ལེན་པར་བླངས་ན་སྤང་བར་འགྱུར་བའོ། །དེ་ལ་བསྐུལ་ཞིང་བསྡད་པ་ལན་དྲུག་ལས་འདའ་བའམ་གོ་རིམས་བསྣོར་དུ་མི་རུང་གི་ནང་བསྐུལ་
བ་ནི་ཉེས་མེད་དོ། །སྔར་བྱ་བའི་ལས་དེ་ལྟར་བྱས་ནས་ཉེས་པར་འགྱུར་བ་ཉིད་སྟོན་པ་ནི། ཁྱེར་ནའོ་ཞེས་པ་ཡིན་ཏེ། གོས་བསླངས་སམ་ཁྱེར་ན་གདོད་ཉེས་པར་འགྱུར་བའོ། །སྦྱིན་བདག་དང་ཕོ་ཉ་དང་ཞལ་ཏ་བ་ཇི་ལྟ་བུ་ལས་ཉེས་པར་འགྱུར་ཞེ་ན། གསུམ་ཆར་མི་དང་
ཁྱིམ་པ་ནའོ་ཞེས་པ་ཡིན་ཏེ་འདི་གསུམ་མི་ཡིན་པ་དང་། ཁྱིམ་པ་ཡིན་པ་ལས་ཉེས་པ་རངས་པར་འགྱུར་གྱི་སེལ་ཞིང་གྱུར་ན་ཉེས་པའི་འབྲི་བར་སྟོན་པའོ། །མ་སྨྲས་ན་ཉེས་བྱས་ཞེས་པ་ནི་ཕོ་ཉས་ཞལ་ཏ་པ་ལ་འདི་ལྟར་གཏད་ཀྱིས་འཕགས་པ་དེར་བཞུད་ལ་བཞེས་
ཤིག་ཅེས་མི་ཟེར་བས་བསྐུལ་ན་ཉེས་བྱས་སུ་འགྱུར་བའོ། །མ་བཀྱིགས་ན་ཡང་ངོ་ཞེས་པ་ནི་ཕོ་ཉས་མི་རུང་བའི་གོས་ཟོང་ཁྱེར་ཏེ་འོངས་པའི་ཚེ་མ་བཀྱིགས་ན་ཉེས་བྱས་སུ་འགྱུར་བའོ། །རེ་ཐག་ཆད་པའི་འོག་ཏུ་ཁྱེར་ཏེ་འོངས་པའི་ཚེ་བཀྱིགས་ན་ཡང་དེ་བཞིན་ནོ། །
Vol. 164 · folio 86a
མ་དྲིས་པར་སྟོན་ན་ཡང་ངོ་ཞེས་པ་ནི་འཕགས་པའི་ཞལ་ཏ་བ་སུ་ལགས་ཞེས་ཕོ་ཉས་མ་དྲིས་པར་བདག་གིས་སྔན་ཚོགས་སུ་བསྟན་ན་ཡང་ཉེས་བྱས་སུ་འགྱུར་བའོ། །རེ་ཐག་ཆད་ནས་མ་བསྙད་ནའོ་ཞེས་པ་ནི། རེ་ཐག་ཆད་པའི་འོག་ཏུ་ཡོན་བདག་ལ་
མ་སྦྲན་ན་ཡང་ཉེས་བྱས་སུ་འགྱུར་བའོ། །དེ་ཁ་ཅིག་འཆད་པ་ནི་གསེར་དངུལ་ལ་སོགས་པ་བརྟག་པར་མ་བྱས་ན་ཆོ་ག་འདི་ལྟར་བྱའི་བརྟག་པར་བྱས་ན་ཆོ་ག་འདི་དག་ལྟར་བྱ་འང་མི་དགོས་ཞེས་འཆད། ཊཱི་ཀ་བས་བྱ་བ་ནི་གཞན་ནི་དེ་ལྟར་ཡང་རུང་གི་གོས་
ཟོང་དུ་བསྐུར་བ་ཞིག་ན་ནི་ཆོ་ག་འདི་ལྟར་མི་སྦྱར་ཡང་མི་རུང་ངོ་ཞེས་འཆད། སྐུར་བ་སྤང་བའོ།། །།སྲིན་བལ་གྱི་སྟན་སྤང་བར་སྟོན་པ་ནི། སྟན་བཅང་ཞེས་པ་ཡིན་ཏེ་རློད་ཅན་དང་ཕྱིང་པའི་སྟན་ཆོངས་ཤིག་པའོ། །དེ་ལ་ཁ་ཅིག་ན་རེ་སྟན་ཞེས་སྨོས་པ་འདི་གདིང་བ་ཡིན་དུ་ཟད་དོ་ཞེས་
ཀྱང་འཆད་མོད་ཀྱི་གདིང་བ་ནི་གཅིག་ཐང་དང་ཉི་རིམ་དུ་བྱ་ཞེས་འབྱུང་སྟན་ནི་རློད་ཅན་དང་། ཕྱིང་པའོ་ཞེས་འབྱུང་བ་དང་། དགོས་པའི་དམིགས་ཀྱང་ཐ་དད་པས་ན། གདིང་བ་དང་སྟན་ནི་གཅིག་ཏུ་མི་རུང་སྟེ་ཐ་དད་དོ། །དེ་ལ་འཁོར་གསུམ་ཡོག་བ་ཙམ་བྱས་ན་ཡང་རྩ་བའི་ཉེས་
པར་འགྱུར་རོ། །དེ་ལས་ཆུང་བ་ནི་ཉེས་པ་འང་དེ་བཞིན་དུ་འབྲིའོ། །དེའི་ཚད་ནི་རབ་འབྲིང་རྣམ་པ་གསུམ་ཡོད་དོ། །དེ་ལ་ཆེན་པོའི་སྲིད་ནི་ཁྲུ་ཕྱེད་དང་ལྔ། ཆུང་ངུའི་སྲིད་ནི་ཁྲུ་ཕྱེད་དང་གསུམ། འབྲིང་གི་སྲིད་ནི་དེ་གཉིས་ཀྱི་བར་དུ་མའོ་ཞེས་པ་ནི་སུམ་ཆར་འདྲ་སྟེ། གདིང་བ་དང་
མཉམ་མོ། །ཇི་ལྟར་བྱས་པས་སྲིན་བལ་སྤང་བར་འགྱུར་ཞེ་ན། སྲིན་བལ་ལས་བྱེད་དམ་བྱེད་དུ་བཅུག་ནའོ་ཞེས་པ་ཡིན་ཏེ་སྲིན་བལ་ལས་བྱེད་པའི་སྟན་བདག་གིས་བྱས་སམ་གཞན་བྱེད་དུ་བཅུག་ན་ཉེས་པར་འགྱུར་བའོ། །བྱེད་པ་འམ་བྱེད་དུ་བཅུག་པ་ཟིན་པའི་ཚད་སྟོན་པ་ནི།
ཐོག་མ་བདལ་བ་ནི་གདིང་བ་བྱས་ཟིན་པའོ་ཞེས་པ་ཡིན་ཏེ་སྲིན་བལ་གྱི་ཁོད་བདལ་ན་བྱས་ཟིན་པའི་དང་པོ་དེ་ཡིན་པས་ན་དེའི་ཚེ་སྤང་བར་འགྱུར་རོ། །བྱས་པ་རྙེད་ཅིང་སྤྱོད་པ་དང་བཅོལ་བ་ལ་ཉེས་མེད་ཅེས་པ་ནི་ཟས་བྱིན་པ་རྙེད་ཅིང་སྤྱོད་པའམ་གཞན་གྱིས་བྱས་པ་བདག་གིས་
Vol. 164 · folio 86b
བཅོས་པ་ནི་ཉེས་མེད་པར་སྟོན་པའོ། །སྲིན་བལ་སྤང་བ་རྣམ་པར་བྱེད་པའོ། །ཞུས་པ་ལས་བསྡུས་པ་སྟོན་པ་ནི། ཉུང་བ་དང་བསྲེས་པ་ནི་འབྲི་ཞེས་པ་ལ་སོགས་པ་ཡིན་ཏེ་བལ་དང་ཟར་མ་དང་། གསོ་མ་ལ་སོགས་པ་དང་སྲིན་བལ་དུ་བསྲེས་པ་ནི་ཉེས་པ་རངས་པར་མི་འགྱུར་
གྱི་སྲིན་བལ་དང་རིན་ཐང་མཉམ་པ་ཞིག་དང་བསྲེས་ན་ཉེས་པ་རངས་པར་སྟོན་པའོ། །རྫས་ཉམས་ན་ཡང་ངོ་ཞེས་པ་ནི་སྲིན་བལ་རྙིངས་ཤིང་ཉམས་པ་ཞིག་ལས་བྱས་ན་ཡང་ཉེས་པ་རངས་བར་མི་འགྱུར་བའོ། །སྲིན་བལ་གྱི་སྟན་ཞུ་བའོ། །སྲིན་བལ་སྤང་བའོ། །བལ་
ནག་པོ་ཉི་ཚེ་སྤང་བ་ཞིག་གོང་མ་ལས་བླངས་ཏེ་དེའི་བྱེ་བྲག་ཙམ་ཞིག་སྟོན་པ་ནི། བལ་ནག་པོ་ཉི་ཚེས་སོ་ཞེས་པ་ལ་སོགས་པ་ཡིན་ཏེ། བལ་ནག་པོ་འབའ་ཞིག་ལས་བྱས་སམ་བྱེད་དུ་བཅུག་ནའོ། །རང་བཞིན་གྱིས་གནག་པ་འམ་བསྒྱུར་བས་ཤེ་ན། རང་བཞིན་ཞེས་
པ་ཡིན་ཏེ། བསྒྱུར་བ་མ་ཡིན་གྱི་རང་བཞིན་གྱིས་གནག་ནའོ། །སྔོན་པོ་དང་ས་ནག་གི་མདོག་དང་སྔོ་ནག་དག་ཀྱང་དེ་བཞིན་ཞེས་པ་ནི། རང་བཞིན་གྱིས་འདི་དག་ལྟར་འདུག་པ་ཡང་ནག་པོ་དང་འདྲ་བར་སྟོན་པའོ། །ནག་པོ་ཉི་ཚེ་སྤང་བའོ། །ཆ་གཉིས་སྤང་བ་སྟོན་པ་ནི།
དེའི་ཕྱེད་ལས་ལྷག་པའོ་ཞེས་པ་ལ་སོགས་པ་ཡིན་ཏེ། ཕྱེད་ཕྱེད་དུ་མཉམ་པ་ལས་ནག་པོ་ལྷག་པར་བཅུག་ན་སྤང་བར་སྟོན་པའོ། །ཟར་མ་དང་གསོ་མ་ལ་སོགས་པ་འགོད་པ་དང་བསྲེས་པ་ནི་ཉེས་པའང་འབྲི་བར་འགྱུར་རོ། །གཞན་ནི་འཇམ་བལ་དང་ཁོབ་བལ་
ལས་ཤས་མཉམ་དུའོ་ཞེས་པ་ནི་ནག་པོ་ལས་གཞན་པ་སྟེ་དེའི་ཕྱིར་ཤས་སུ་བྱ་བ་ནི་བལ་འདི་གཉིས་ལས་ཕྱེད་ཕྱེད་དུ་སྙོམས་ཤིག་པའོ། །དེ་ལ་འཇམ་བལ་ལས་ལྷག་ན་ནི་ཉེས་བྱས་ཁོབ་བལ་ལས་ལྷག་ན་ནི་ཉེས་མེད་དོ། །དེ་ལ་སྲིན་བལ་དང་བལ་ནག་པོ་ནི་དགོན་པའི་
ཕྱིར་གླག་ཏུ་མི་རུང་བར་སྟོན་གྱི། དཀར་པོ་ལ་སོགས་པ་གཞན་རིན་ཆེ་ན་ཡང་འདི་བཞིན་ཉེས་པར་འགྱུར་རོ། །དེ་ལ་འཇམ་བལ་ནི་གང་ཁོབ་བལ་ནི་གང་ཞེ་ན། རྒྱབ་དང་རྩིབ་ལོགས་དང་གཉའ་བ་ལས་སྐྱེས་པ་ནི་སྔ་མའོ་ཞེས་པ་དང་། མགོ་དང་རྐང་ལག་དང་ལྟོ་ལས་
Vol. 164 · folio 87a
སྐྱེས་པ་ནི་ཕྱི་མའོ་ཞེས་པ་ཡིན་ཏེ། ཆ་གཉིས་སྤང་བའོ། །ལོ་དྲུག་པ་སྟོན་ཏེ་གོང་དུ་མི་གཙང་ན་མི་གསོལ་ཞེས་པ་ལ་སོགས་པ་ལས་གཞི་བླང་ངོ་། །དེ་ནི་ཆུ་ཞེང་ལས་ལྷག་པ་བཅད་ཅེས་པ་ལ་སོགས་པ་ཡིན་ཏེ། རྟོག་པའི་དགེ་སློང་དག་གིས་ལས་སུ་བྱ་བ་ནི་
ཆུ་ཞེང་ལས་ལྷག་ན་ཆོད་ཅིག་པ་ལ་སོགས་པར་སྟོན་པའོ། །ཐུང་ངམ་ཆུང་ན་སྐྱེད་ཅེས་པ་ནི། ཆུང་ངམ་ཐུང་ན་ཡང་སྐྱེད་ཅིག་པའོ། །ཆད་ན་སྦྱར་ཞེས་པ་སྤྱད་སྤྱད་དེ་རྐེད་དུ་ཆད་ན་ཡང་སླར་སྦྱོར་ཅིག་པའོ། །གཞིགས་སམ་ཟད་དུ་ཆད་ན་གླན་ཅེས་པ་ནི་ཟད་དུ་བྱེད་དམ་
ཁོལ་ཁོལ་དུ་རྡོལ་ན་ལྷན་པས་ཐོབ་ཅིག་པའོ། །བཅོས་སུ་མི་རུང་ན་སྦྱིན་ཞེས་པ་ནི་གོང་དུ་སྨོས་པ་ལྟར་བྱར་ཡང་མི་རུང་སྟེ། སྟན་རྙིངས་ཤིང་ཟེགས་ན་སྡོམ་པ་བྱིན་ཅིག་པའོ། །ལས་སར་པ་པ་ཞེས་སྨོས་མོད་ཀྱི་འདི་འདྲ་བར་རྙིངས་ཤིང་བཅོས་སུ་མི་རུང་ན་སུ་ལ་སྡོམ་པ་བྱིན་
ཀྱང་མི་རུང་བ་མེད། ཇི་ལྟར་བྱས་པས་ལོ་དྲུག་གི་སྤང་བར་འགྱུར་ཞེ་ན། སྡོམ་པ་མ་ཐོབ་པ་གཞན་ཡོད་ཉིད་ཀྱིས་ཐུག་ཐུབ་ཏུ་བཏང་ངམ་ལོ་དྲུག་ལ་མ་ཐུག་པར་སྟན་བྱས་ནའོ། །ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་རྣམས་ལྟ་བུའི་རྐྱེན་ཡོད་ན་སྤང་བར་འགྱུར་བའོ། །
དེ་ལ་སྡོམ་པ་མ་ཐོབ་ཅེས་པ་ནི་དགེ་འདུན་གྱིས་གནང་བ་མ་བྱིན་པའོ། །གཞན་ཡོད་ཅེས་པ་ནི་སྔ་མ་ཡོད་བཞིན་པའོ། །ཐུག་ཐུབ་ཏུ་བཏང་ཞེས་པ་ནི་ལོ་དྲུག་མ་ལོན་བར་སྟན་གཞན་བྱིན་པ་ལ་སོགས་པས་མེད་པར་བྱས་པའོ། །རྩོམ་པ་ན་ཤོམ་བ་ནི་ཡོད་པ་བཞིན་ཞེས་པ་ནི་སྔ་མ་
གཅིག་མ་ཟིན་པར་ཕྱི་མ་བྱེད་ན་ཟིན་པ་ཡོད་བཞིན་དུ་བྱས་པ་དང་འདྲ་སྟེ་ཉེས་བྱས་སུ་འགྱུར་བའོ། །མཐར་ཕྱིན་ན་སྦྱོར་བ་ཉེས་པར་མི་བྱེད་པ་མ་ཡིན་ཞེས་པ་ནི་གོང་མ་ལྟར་བརྩམས་པ་ལས་ཕྱི་མ་ཟིན་པར་བྱས་ན་ཕྱི་མ་དང་པོ་རྩོམ་པའི་ཉེས་བྱས་མེད་པ་མ་ཡིན་པར་སྟོན་པའོ། །རབ་
ཏུ་བྱུང་བ་ཐ་དད་པ་ནི་སོ་སོའོ་ཞེས་པ་ནི་རབ་ཏུ་འབྱུང་བ་ལས་བབས་ཏེ་ཕྱིས་རབ་ཏུ་འབྱུང་ན་སྟན་བྱེད་ན་སྔོན་གྱི་སྟན་ལ་མ་གཏོགས་པར་སྟོན་པའོ། །ལོ་དྲུག་གི་སྤང་བའོ། །ཇི་ལྟར་བྱས་པས་མཐོའི་སྤང་བར་འགྱུར་ཞེ་ན། གདིང་བ་རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་
Vol. 164 · folio 87b
གིས་གདིང་བ་གསར་པ་ལ་མ་གླན་པར་སྤྱོད་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་འདི་ལྟར་མ་བྱས་ན་ཉེས་པར་འགྱུར་བའོ། །གདིང་བ་རྙིང་པ་མེད་ནས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པར་སྤྱོད་ན་ཉེས་པར་འགྱུར་རམ་ཞེ་ན་ཡོད་ནའོ་ཞེས་པ་ཡིན་ཏེ་ཡོད་ན་གདོད་གོང་མ་ལྟར་
བྱའི་མེད་ན་ཉེས་མེད་པར་སྟོན་པའོ། །རྙིང་པ་རངས་པར་མེད་ཀྱང་འདི་ཙམ་གྱིས་གླན་ཏམ་ཞེ་ན། དེ་ཙམ་ན་ཡང་ངོ་ཞེས་པ་ཡིན་ཏེ་རངས་པ་མེད་དུ་ཟིན་ཀྱང་བདེ་བར་གཤེགས་པའི་མཐོ་གང་ཙམ་གྱིས་གློན་ཅིག་པའོ། །མ་རལ་བ་བདེ་བར་གཤེགས་པའི་མཐོ་གང་ཙམ་གྱིས་གླན་
ཏམ་ཞེ་ན། བཅོས་སུ་རུང་བས་ཀྱང་ངོ་ཞེས་པ་ཡིན་ཏེ་རལ་ན་ཡང་ཆོས་ལ་གློན་ཅིག་པའོ། །དུམ་བུ་བསྡུས་ཏེ་ཡང་ངོ་ཞེས་པ་ནི་དམ་དུམ་དུ་གྱུར་ན་ཡང་བསྡུས་ལ་གློན་ཅིག་པའོ། །མཐོའི་སྤང་པའོ། །ཇི་ལྟར་བྱས་པས་བལ་ཁྱེར་བ་སྤང་བར་འགྱུར་ཞེ་ན། ཁྱེར་པ་མེད་
ན་ལུས་བལ་དཔག་ཚད་གསུམ་ལས་ལྷག་པར་ཁྱེར་བ་ན་ཡོད་ན་ནི་འོང་ཞེས་པ་ཡིན་ཏེ་ཁྱེར་བ་མེད་ན་བདག་གིས་དཔག་ཚད་གསུམ་ལས་མ་ལྷག་པར་ཁྱེར་ཅིག་པའོ། །ཡོད་ན་ནི་དེར་ཡང་མ་ཡིན་ནོ། །ལམ་དུ་འགྲོ་བ་ལས་ཉེས་པར་འགྱུར་བ་དང་། མི་འགྱུར་བ་རྣམ་པ་
གཉིས་ཏེ་བལ་ཁྱེར་བ་དང་དགེ་སློང་མ་དང་ལྷན་ཅིག་ཏུ་ལམ་དང་གྲུར་འགྲོ་བ་དང་སྐྱེས་པ་མེད་པར་བུད་མེད་དང་འགྲོགས་པ་དང་རྐུན་པོ་དང་འགྲོགས་པ་ནི་ཉེས་པར་འགྱུར་བའོ། །ཡང་ཡང་འདུས་ཤིང་ཟ་བ་དང་ཁྲུས་ནི་ཉེས་པར་མི་འགྱུར་བ་སྟེ་དཔག་ཚད་ཕྱེད་ཀྱིས་ཉེས་པར་མི་
འགྱུར་བ་ནི་ཕྱིས་འཆད་ཉེས་པར་འགྱུར་བ་ད་སྟོན་པ་ནི། ལམ་དུ་འགྲོ་ན་རྒྱང་གྲགས་དངོས་སོ་ཞེས་པ་ཡིན་ཏེ་ཉེས་པར་འགྱུར་བ་རྣམས་ནི་རྒྱང་གྲགས་གཅིག་གིས་སོ། །ཕྱེད་ནི་སྦྱོར་བའི་འོ་ཞེས་པ་ནི་རྒྱང་གྲགས་ཕྱེད་ཀྱི་བར་དུ་ཁྱེར་བ་ཉེས་བྱས་སུ་སྟོན་པའོ། །འཕྲུལ་
ལས་གཞན་པས་ནམ་མཁའ་ལས་ཁྱེར་ན་ཉེས་བྱས་ཞེས་པ་ནི་སྔགས་ལ་སོགས་པས། འདི་ལྟར་ཁྱེར་ན་ཉེས་བྱས་སུ་འགྱུར་བའོ། །སྤྲུལ་པས་ཀྱང་ངོ་ཞེས་པ་ནི་སྤྲུལ་པ་རྒྱུར་ན་ཡང་ཉེས་བྱས། ཞྭ་དང་ལྷམ་དང་ཚངས་དང་སྲས་སྐྱོགས་དང་ལྕག་པོད་དང་ཤུར་བུ་ལ་
Vol. 164 · folio 88a
སོགས་པ་ཙམ་གྱི་ཕྱིར་ཉེས་པ་མེད་ཅེས་པ་ནི་འདི་དག་ཙམ་གྱི་ཕྱིར་ནི་ཇི་སྲིད་དུ་ཁྱེར་ཡང་ཉེས་པར་མི་འགྱུར་བའོ། །རྒྱང་གྲགས་ཀྱི་ཚད་སྟོན་པ་ནི། ཡང་རྡུལ་དང་རྡུལ་ཕྲན་དང་ཆུ་དང་ཁར་བ་དང་རི་བོང་དང་ར་དང་བ་དང་གསེབ་ཉི་ཟེར་གྱི་རྡུལ་དང་སྲོ་མ་དང་
ཤིག་དང་ནས་དང་སོར་རྣམས་སུ་དྲུག་ཅིང་བསྒྲེ་ཞེས་པ་ནི། མིང་གིས་སྨོས་པ་འདི་དག་དྲུག་དྲུག་ཅིང་རིམ་བཞིན་དུ་བསྒྲེའོ། །སོར་བཞི་ཕྲག་དྲུག་ལ་ཁྲུ། ཁྲུ་ཕྱེད་དང་བཞི་ལ་གཞུ། དེ་ལྔ་བརྒྱ་ལ་རྒྱང་གྲགས་ཞེས་པ་ནི་འདི་བཞིན་དུ་བསྒྲེས་ནས་རྒྱང་གྲགས་སུ་སྟོན་པའོ། །
དེའི་མཐའ་ནི་དགོན་པའི་ཐོག་མའོ་ཞེས་པ་ནི་རྒྱང་གྲགས་ཕན་ཆད་དགོན་པར་སྟོན་པའོ། །ལུས་ཀྱིས་ཁུར་མི་བསྐུར་ཞེས་པ་ནི་ཕྲག་ཁུར་མ་ཁྱེར་ཅིག་པའོ། །རྒྱབ་དང་ལོགས་དང་སྟ་ཟུར་དང་མགོས་མ་ཡིན་ཞེས་པ་ནི་འདི་རྣམས་ཀྱིས་ཀྱང་མ་ཁྱེར་ཅིག་པའོ། །འདི་ཁོང་
མི་ཐུལ་བར་རེ་བ་མི་བྱ་ཞེས་པ་ནི་ཁུར་མི་བསྐུར་བར་བསྟན་པ་ནི་འདི་དག་དགེ་སློང་མས་ཀྱང་བསྲུང་དགོས་ཏེ་ཐུན་མོང་བར་སྟོན་པའོ། །ཁུར་ཕྱེད་ལས་ལྷག་པར་མི་གདེག་ཅེས་པ་ནི་མི་ཁུར་ཕྱེད་ལས་ལྷག་མ་གདེག་ཤིག་པའོ། །བལ་ཁྱེར་བའི་སྤང་བའོ།། །།བལ་རྨེལ་
བའི་སྤང་བ་སྟོན་པ་ནི། གོས་རྙིང་པ་ཞེས་པའི་གོར་ལུག་བལ་ལོ་ཞེས་བྱ་བ་དང་། འཆག་པར་རྨེལ་བའོ་ཞེས་པ་ཡིན་ཏེ། ལྟུང་བ་འདི་འཁྲུ་བ་དང་འདྲ་བས་ན་གོང་དུ་གོས་རྙིང་པ་འཁྲུར་བཅུག་ཅེས་སྨོས་པའི་གོར་ལུག་བལ་གཞག་པ་དང་འཆག་ཅེས་པའི་གོས་
རྨེལ་ཞེས་བཅུག་ལ་རིམ་པ་ལ་སོགས་པ་གོང་དུ་བཤད་པ་བཞིན་དུ་རིག་པར་གྱིས་ཤིག་པའོ། །བལ་རྨེལ་བའི་སྤང་བའོ།། །།ཇི་ལྟར་བྱས་པས་གསེར་དངུལ་སྤང་བར་འགྱུར་ཞེ་ན། རིན་པོ་ཆེ་བདག་གིར་བྱས་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། པད་མ་རཱ་ག་ལ་
སོགས་པའི་རིན་པོ་ཆེ་བདག་གིར་བྱས་ན་ཉེས་པར་འགྱུར་བའོ། །གང་གི་ཚེ་བདག་གིར་བྱེད་པར་རྫོགས་པར་འགྱུར་ཞེ་ན། གན་དུ་ན་དེ་རྫོགས་པའོ་ཞེས་པ་ཡིན་ཏེ་གན་དུ་འོངས་ཤིང་བླངས་ལ་རག་པར་གྱུར་ན་བདག་གིར་བྱ་བ་གྲུབ་པའོ། །དེའི་སྔ་རོལ་ན་ཕྱེད་དོ་ཞེས་པ་ནི་
Vol. 164 · folio 88b
གན་ཁོ་ནར་མ་ཕྱིན་པ་ཕན་ཆད་གཅིག་ན་འདུག་པ་བདག་གིར་བྱེད་ན་ལྟུང་བའི་ཕྱེད་དེ་ཉེས་བྱས་སུ་འགྱུར་བའོ། །གཞན་ལས་འོངས་པ་བདག་གིར་བྱས་པ་འབའ་ཞིག་སྤང་བར་འགྱུར་རམ་ཞེ་ན། བདག་གི་ཞིག་ན་ཡང་རུང་བར་མ་བྱས་ནའོ་ཞེས་པ་ཡིན་ཏེ། བདག་ཁྱིམ་པ་བྱེད་པའི་ཚེ་
སྲེལ་སྲེལ་བ་ཞིག་ན་ཡང་རུང་བར་བྱིན་གྱིས་མ་བརླབས་པར་རེག་ཅིང་སྤྱོད་ན་ཡང་སྤོང་བར་སྟོན་པའོ། །ཇི་ལྟར་བྱས་པས་ལྟུང་བར་འགྱུར་ཞེ་ན། རེག་གམ་རེག་ཏུ་བཅུག་ནའོ་ཞེས་པ་ཡིན་ཏེ། རིན་པོ་ཆེ་བདག་གིས་རེག་གམ་གཞན་རེག་དུ་བཅུག་ན་ཉེས་པར་འགྱུར་བའོ། །ཇི་ལྟར་
རེག་པས་ཉེས་པར་འགྱུར་ཞེ་ན། ཇི་ལྟར་ཡང་རུང་ཞེས་པ་ཡིན་ཏེ་འདི་ཁོང་འདི་ཁྱེར་འདི་ཙམ་ཁྱེར་ཞེས་པ་ལ་སོགས་པ་ཇི་ལྟར་རེག་ཏུ་བཅུག་ཀྱང་རུང་སྟེ་ཉེས་པར་འགྱུར་བའོ། །ཟོང་གིས་ཟངས་ལ་ཉེས་བྱས་ཞེས་པ་ནི་མཚན་མ་བཏབ་ཅིང་འཚོང་བར་བྱས་པའི་ཟངས་ལ་རེག་པར་ཉེས་
བྱས་སུ་སྟོན་པའོ། །གཞན་ལ་ཉེས་མེད་ཅེས་པ་ནི་མཚན་མས་མ་བཏབ་པ་ལ་སོགས་པའི་ཟངས་གཞན་ལ་ཉེས་མེད་པར་སྟོན་པའོ། །རོ་ཉེ་དང་ཁར་བ་དང་ཚོན་མོ་སྟེང་དང་ལྕགས་ཀྱང་ངོ་ཞེས་པ་ནི་འདི་དག་ལ་རེག་པའང་ཉེས་མེད་པར་སྟོན་པའོ། །དགེ་ཚུལ་དག་གིས་ཀྱང་ངོ་ཞེས་པ་
ནི་དགེ་ཚུལ་ཕ་དང་དགེ་ཚུལ་མ་འཛིན་ཅིང་རེག་ཏུ་བཅུག་པ་ཉེས་མེད་པར་སྟོན་པའོ། །གོང་དུ་བདག་གི་ཞིག་ན་ཡང་རུང་བར་མ་བྱས་ནའོ་ཞེས་བསྟན་པ་དེའི་རུང་བ་ཇི་ལྟ་བུ་ཞེ་ན། སྦྱིན་བདག་བདག་པོར་བསམས་པ་དང་ཞལ་ཏ་བ་བདག་པོར་བླང་བ་དང་བྱིན་གྱིས་བརླབས་པར་རུང་བའོ། །
ཞེས་པ་ཡིན་ཏེ་རྣམ་པ་འདི་གསུམ་གོང་ལྟར་བྱས་ཀྱང་རུང་བར་བྱས་པའི་ཆོ་གར་སྟོན་པའོ། །དེ་ལ་སུས་བསྐུར་བ་ཉིད་བདག་པོར་བསམས་པ་ནི་སྦྱིན་བདག་བདག་པོར་བསམས་པའོ། །ནམ་འཚོའི་བར་དུ་མི་རུང་བའི་རྫས་དགེ་བསྙེན་ཏམ་ལྷ་འབངས་སྤྲོ་བར་བྱས་ལ། དེའི་ཡིན་པར་སྤྱོད་པ་
ནི་ཞལ་ཏ་པ་བདག་པོར་ཁས་བླང་བའོ། །མི་རུང་བའི་ནོར་བར་དུ་བཞག་ལ་ཚེ་དང་ལྡན་པ་དགོངས་ཤིག །བདག་མིང་འདི་ཞེས་བགྱི་བའི་དགེ་སློང་འདི་ལྟ་བུ་མི་རུང་བ་རྙེད་པ་འདི་རུང་བའི་དངོས་པོར་བསྒྱུར་ཞིང་བཙལ་ཏེ་བདག་གིར་བྱའོ་ཞེས་ལན་གཉིས་གསུམ་དུ་བྱིན་གྱིས་རློབ་པ་ནི་
Vol. 164 · folio 89a
བྱིན་གྱིས་བརླབས་པའོ། །དེ་ལྟ་བས་ན་རུང་བར་བྱས་ཏེ་རེག་གམ་རེག་ཏུ་བཅུག་པ་ནི་ཉེས་མེད་ཀྱི་རུང་བར་བྱས་ཀྱང་བདག་གིར་བྱེད་པ་མི་བཏང་ན་རུང་བ་ཉིད་བདག་གིས་བྱེད་པའི་གཉེན་པོ་བས་ན་ཉེས་པ་རངས་པར་སྟོན་པའོ། །རུང་བར་བྱ་བའི་ཆོ་ག་དེ་དོན་དེ་ཇི་ལྟ་བུ་ལ་
འཆགས་ཤེ་ན། ཆོས་ཀྱི་དོན་མ་ཡིན་པ་ལས་གཞན་དུ་མི་སྐྱེ་ཞེས་པ་ཡིན་ཏེ་སངས་རྒྱས་མཆོད་པ་ལ་སོགས་པ་དང་བདག་གི་ལྷུང་བཟེད་ལ་སོགས་པའི་ཡོ་བྱད་ཀྱི་ཆེད་དུ་མ་ཡིན་ན་གཞན་དུ་དགོས་པའི་ཕྱིར་རུང་བའི་ཆོ་ག་བྱས་ཀྱང་བྱས་པར་མི་འགྱུར་བའོ། །རིང་ཡང་བདག་པོ་མི་
འཇིག་ཅེས་པ་ནི་བདག་པོར་བསམ་པ་དང་། ཞལ་ཏ་པ་རིང་མོ་ཞིག་ན་འདུག་ཏུ་ཟིན་ཀྱང་བདག་པོར་བྱིན་གྱིས་བརླབས་པ་ལ་མི་གདོད་པར་སྟོན་པའོ། །བདག་གི་ཕྱིར་ཟས་སྦྱོར་བ་ནི་རུང་ཞེས་པ་ནི་བདག་གི་ཕྱིར་ཟས་སྦྱོར་ཞིང་ཟས་ལྔ་ཤོམ་པ་ལྟོ་འདུན་ལ་སོགས་པའི་ཉེས་པ་མ་ཡིན་
པར་སྟོན་པའོ། །འདི་མན་ཆད་ཁམ་པ་ཞེས་པ་ཡན་ཆད་ལས་རྒྱགས་སུ་ནི་རིན་པོ་ཆེ་མན་ཆད་དོ་ཞེས་རྣམ་པར་འབྱེད་པ་ལས་འབྱུང་བ་མ་གཏོགས་པ་གཞན་ཐམས་ཅད་ཕྲན་ཚེགས་ལས་འབྱུང་བར་རིག་པར་བྱའོ། །དེ་བྱེད་དུ་གཞུག་པའི་ཕྱིར་ཀཱར་ཥཱ་པ་ཎ་བཟུང་ཞིང་ལོང་ཤིག་པར་
སྟོན་པའོ། །དེ་ཡང་རུང་བར་ནི་བྱ་དགོས་སོ། །རྒྱགས་ནི་རིན་པོ་ཆེ་མན་ཆད་དོ་ཞེས་པ་ནི་རྒྱགས་ཟོང་དུ་ནི་རིན་པོ་ཆེ་མན་ཆད་རིག་ཅིང་ཁྱེར་ན་ཡང་ཉེས་མེད་པར་སྟོན་པའོ། །མེའི་ཆེད་དུ་མེ་ཤེལ་བཅང་ཞེས་པ་ནི་ཆོས་འདི་བདག་གི་ཆེད་དུ་ན་མེ་ཤེལ་ཡང་ཆོངས་ཤིག་པའོ། །
འདི་ནི་དབེན་པར་བཞག་ཅེས་པ་ནི་མེ་ཤེལ་དེ་ལེགས་པར་སྦོས་ཤིག་པའོ། །མ་བྱིན་པར་ལེན་པ་ལ་མི་བསྟན་ཞེས་པ་ནི་འདི་རྐུན་པོས་མ་མཐོང་བར་གྱིས་ཤིག་པའོ། །འདིའི་འབྲས་བུ་ཕྱུང་ལ་སྦྱིན་རྐུན་པོ་ལ་མེ་ཤེལ་མ་བསྟན་པར་མེ་ནི་ཕྱུང་ལ་བྱིན་ཅིག་པའོ། །ཆུའི་ཆེད་དུ་
ཆུ་ཤེལ་ཏོ་ཞེས་པ་ཆུ་དབྱུང་བའི་ཕྱིར་ཆུ་ཤེལ་ཡང་ཆོངས་ཤིག་པའོ། །བསྲུང་བའི་ཆོ་ག་མཚུངས་སོ་ཞེས་པ་ནི་ཆུ་ཤེལ་སྦ་བའི་ཆོ་ག་ཡང་གོང་མ་བཞིན་ཏུ་གྱིས་ཤིག་པའོ། །ཡོ་བྱད་གནང་བའི་ནང་དུ་རིན་པོ་ཆེ་བདག་གིར་བྱེད་པ་གཏོགས་པ་མ་ཡིན་ཞེས་པ་ནི་རྒྱ་དང་ཁབ་
Vol. 164 · folio 89b
རལ་ལ་སོགས་པ་ཡོ་བྱད་གནང་བ་རིན་པོ་ཆེ་ལས་མ་བྱེད་ཅིག་པར་སྟོན་པའོ། །ར་གན་དང་ཟངས་དང་ཁར་བ་དང་ཤིང་གི་ལྷུང་བཟེད་བདག་གིར་མི་བྱ་ཞེས་པ་ནི་ལྷུང་བཟེད་འདི་དག་ལས་མ་བྱེད་ཅིག་པའོ། །འདི་དག་གམ་གཞན་གལ་ཏེ་བདག་གིར་བྱས་ན་སྨན་སྣོད་ཀྱི་གོར་
སྤྱད་ཅེས་པ་ནི་གོང་དུ་སྨོས་པའི་རིན་པོ་ཆེ་གང་ཡིན་པ་ལས་བྱས་པ་འམ་གཞན་ལས་བྱས་པ་ཡོད་ན་སྨན་སྣོད་དུ་བྱས་པ་ཙམ་གྱི་གོར་སྤྱོད་ཀྱི། བྱིན་གྱིས་བརླབས་པར་ནི་མ་བྱེད་ཅིག་པའོ། །ལྕགས་དང་ཁམ་པ་གཉིས་བྱིན་གྱིས་བརླབ་པའོ་ཞེས་པ་ནི་འདི་གཉིས་ལས་
བྱས་པའི་ལྷུང་བཟེད་ནི་བྱིན་གྱིས་རློབས་ཤིག་པའོ། །གོང་དུ་རིན་པོ་ཆེ་བདག་གིར་བྱེད་ཅེས་སྨོས་པའི་རིན་པོ་ཆེ་གང་ཡིན་པ་སྟོན་པ་ནི། ནོར་བུ་མུ་ཏིག་བཻ་ཌཱུརྱ་ཤེལ་བྱི་རུ་གསེར་དངུལ་ཨསྨ་གརྦྷ། མུ་སར་གལ་བ་དམར་པོ་གཡས་ཕྱོགས་སུ་འཁྱིལ་བ་ལ་སོགས་པ་རིན་
པོ་ཆེའོ་ཞེས་པ་ཡིན་ནོ། །མི་ལྷུམ་བ་ནི་འབྲི་ཞེས་པ་ནི་བདར་སྤྱད་མ་བྱས་པ་ལ་སོགས་པ་མི་སྡོམ་པར་གྱུར་པ་རེག་པ་ནི་ཉེས་པ་འབྲི་བར་སྟོན་པའོ། །འདི་འོག་ནས་འབྱུང་བའི་བསླབ་པ་ཡང་འདི་དང་འདྲ་བར་སྟོན་པ་ནི། འོག་མ་ཡང་ངོ་ཞེས་པ་ཡིན་ཏེ་འོག་ནས་མཚན་མ་
བཏབ་པ་འཚོང་བ་ཡང་མི་སྡོམ་ན་འབྲི་བར་སྟོན་པའོ། །མི་སྡོམ་པ་ཇི་ལྟ་བུ་ཡིན་པ་སྟོན་པ་ནི། ཆད་པ་འཕན་ཅན་ཡར་བ་ཅིག་སྔོན་མི་སྤྱོད་པ་མ་ཐེབས་པ་བྱིད་པ་བཅོས་པ་རྣམས་སོ་ཞེས་པ་ཡིན་ཏེ། འདི་དག་ལྟར་གྱུར་ན་མི་སྡོམ་པ་སྟེ་དེ་ལ་ཆད་ཅེས་པ་ནི་གཅད་པར་བཀྱིགས་པ་ལས་
ཆད་ཀྱང་རུང་བའོ། །འཕན་ཞེས་པ་ནི་བུབ་ཅིང་སྣད་པའོ། །ཡར་ཅེས་པ་ནི་ཕྱོགས་འགའ་ནས་ཁམ་ཚད་དུ་ཡར་བའོ། །སྔོན་མི་སྤྱོད་ཅེས་པ་ནི་སྔོན་སུའང་མི་སྤྱོད་ཅིང་ངོ་མི་ཤེས་པའོ། །མ་ཐེབས་ཞེས་པ་ནི་མཚན་མས་མ་ཐེབས་པའོ། །བྱིད་ཅེས་པ་ནི་བྱང་སྟེ་མཚན་མ་མི་
མངོན་པའོ། །བཅོས་མ་ཞེས་པ་ནི་རྡོ་དང་རྩྭ་ལ་སོགས་པ་ལས་རིན་པོ་ཆེ་དང་འདྲ་བ་འམ་རྒྱན་ལྟ་བུར་བཅོས་བཅོས་པའོ། །གསེར་དངུལ་སྤང་བའོ།། །།མཚན་མས་བཏབ་པ་སྤོགས་བྱེད་པ་སྟོན་པ་ནི། ཁེ་འདོད་ན་ལྟུང་བའོ་ཞེས་པ་ལ་སོགས་པ་ཡིན་ཏེ་ཁེ་འདོད་པས་སྤོགས་
Vol. 164 · folio 90a
བྱེད་ན་ལྟུང་བར་འགྱུར་བའོ། །དེ་ཡང་བདག་གི་ཕྱིར་ན་དེ་ལྟའི་གཞན་གྱི་ཕྱིར་ན་ཉེས་པ་འབྲིའོ། །ཕ་རོལ་ཁྱིམ་དང་གཉེན་མ་ཡིན་ན་རྩ་བའོ་ཞེས་པ་ནི་སྤོགས་ཟླ་ཁྱིམ་པའང་ཡིན་གཉེན་ཡང་མ་ཡིན་ན་གདོད་ཉེས་པ་རངས་པར་འགྱུར་བའོ། །སྤོགས་བྱེད་པ་གང་གི་ཚེ་རྩ་
བར་འགྱུར་ཞེ་ན། སྤོགས་བྱིན་ནའོ་ཞེས་པ་ཡིན་ཏེ་སྤོགས་བྱེད་པར་ཤོམ་པ་ནི་ཉེས་བྱས་ཀྱི་ནམ་སྤོགས་ཕྱིན་ན་རྩ་བར་འགྱུར་བའོ། །དེ་ལྟ་བས་ན་སྤང་བ་ནི་སྤོགས་ཅི་ཕྱིན་པ་ཉི་ཚེ་སྤང་དགོས་སོ། །བསླབས་ལ་འོག་མ་ཡང་མཚན་ཉིད་འདི་དང་སྦྱོར་བར་སྟོན་པ་ནི། འོག་མ་ཡང་
ངོ་ཞེས་པ་ཡིན་ཏེ་ཁེ་འདོད་ཅེས་པ་ནས་སྤོགས་ཕྱིན་ཅེས་པའི་བར་དུ་སྨོས་པ་འདི་དག་ཉོ་འཚོང་གི་ཡན་ལག་ཏུ་ཡང་སྦྱོར་ཅིག་པའོ། །ཅི་སྤོགས་པས་ཉེས་པར་འགྱུར་ཞེ་ན། པ་ཎི་འམ་རིན་པོ་ཆེ་སྤོགས་ནའོ་ཞེས་པ་ཡིན་ཏེ་པ་ཎི་འམ་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་གང་
སྤོགས་ཀྱང་ཉེས་པར་འགྱུར་བའོ། །སྦྱོར་བ་ནི་གཅིག་གོ་ཞེས་པ་ནི་སྟན་ལས་འཕགས་པ་ལ་སོགས་པ་སྤོགས་ཀྱི་སྦྱོར་བ་མང་པོ་ཞིག་བྱེད་ཀྱང་། སྦྱོར་བ་གཅིག་ཏུ་བརྩི་བར་སྟོན་པའོ། །དཀོན་མཆོག་གི་ཕྱིར་ནི་བྱ་ཞེས་པ་ནི་དཀོན་མཆོག་གི་ཕྱིར་ནི་སྤོགས་བྱོས་ཤིག་པའོ། །
དེ་ཡང་སུ་བྱེད་དུ་བཅུག་ཅེ་ན། ཀུན་དགའ་བའམ་དགེ་བསྙེན་ཡོད་ན་བསྒོ་སྟེའོ་ཞེས་པ་ཡིན་ཏེ། འདི་དག་ལ་ཡོད་ན་སྤོགས་བྱེད་དུ་ཆུག་ཤིག་པའོ། །སྤོགས་ཀྱི་ཐབས་ཇི་ལྟར་བྱ་བ་སྟོན་པ་ནི་གཏའ་ཉིས་རིམ་དུ་བླང་ཞེས་པ་ལ་སོགས་པ་ཡིན་ཏེ། དཀོན་མཆོག་གི་དཀོར་ཆུད་མི་
ཟ་བའི་ཕྱིར་གཏའ་ཉིས་རིམ་དུ་བཟུང་ཤིག་པའོ། །དཔང་ལོ་ཟླ་ཞག་དགེ་འདུན་གྱི་གནས་བརྟན་གཙུག་ལག་ཁང་གི་ཁང་སྐྱོང་། ཁེར་པ་ནོར་ཁེ་རྣམས་ཤོག་ཤོག་བྲི་ཞེས་པ་ནི་ཚིག་རྒྱ་འདི་ལྟར་བྱས་པའི་འོག་ཏུ་གདོད་ནོར་སྐུར་ཅིག་པའོ། །རྒྱུས་ཡོད་པས་གཏན་ཚིགས་གཞན་
ལ་བསྙད་ཅེས་པ་ནི་སྤོགས་ཀྱི་རྒྱུས་ཤེས་པས་དགེ་སློང་གཞན་ལ་གཏན་ཚིགས་རྒྱས་པར་ཤོད་ཅིག་པའོ། །མཚན་མ་བཏབ་པ་སྤོགས་པ་སྤང་བའོ།། །།གོང་དུ་འོག་མ་ཡང་འདི་བཞིན་ནོ་ཞེས་ཉོ་འཚོང་གི་ཡན་ལག་རྒྱས་པར་བསྟན་ཟིན་མོད་ཀྱི་ནོར་གང་ལས་ཉོ་འཚོང་བྱེད་པའི་
Vol. 164 · folio 90b
བྱེ་བྲག་ཙམ་ཞིག་སྟོན་པ་ནི། གཞན་གྱིས་ཞེས་པ་ལ་སོགས་པ་ཡིན་ཏེ། སྐམ་ཟོང་གིས་མ་ཡིན་གྱི་འབྲུ་ལ་སོགས་པ་གཞན་གྱིས་ཉོ་འཚོང་བྱེད་ན་ཉེས་པར་འགྱུར་བའོ། །དགེ་འདུན་གསོལ་བར་ནས་རིན་གྱིས་ཉོ་ན་དགེ་འདུན་གྱི་ལས་སྦྱིན་ཞེས་པ་ནི་དགེ་འདུན་མཆོད་སྟོན་གསོལ་པའི་
རྒྱུ་དགེ་འདུན་ཉིད་ཀྱིས་བཙང་ལས་རིན་གྱིས་ཉོ་བ་ཡོད་ན་བྱིན་ཅིག་པར་སྟོན་པའོ། །གལ་ཏེ་དེའི་རིན་མདོངས་སོལ་ཞེས་པ་ནི་མཚམས་དེ་ཉིད་ཀྱི་དགེ་འདུན་གསོལ་བར་ཉོ་ན་དེའི་དགེ་འདུན་བདག་གིས་མདོངས་སོལ་གྱིས་ལ་ཀློགས་ཏེ་བྱིན་ཅིག་པའོ། །ཟད་ན་དགེ་འདུན་གྱིས་ཉོ་ཞེས་པ་
ནི་དགེ་འདུན་གྱི་བཙང་ཟད་དུ་བྱེད་ནའང་ཉོས་ཤིག་པའོ། །གསར་ཡང་ངོ་ཞེས་པ་ནི་གསར་ཉོས་ཤིག་པའོ། །དེ་ཡང་གང་གི་ཚེ་ཞེ་ན། ཇིས་ཏེ་སྲོག་ཆགས་མེད་ན་རྙིང་བཙོངས་ཏེ་ཞེས་པ་ཡིན་ཏེ། སྲོག་ཆགས་མེད་པའི་ནས་རྙིང་འཚོངས་ལ་གསེར་ཉོས་ཤིག་པའོ། །རིན་
ཐང་མི་བཅད་ཅེས་པ་ནི་ནོར་འདི་ནི་འདི་རིའོ་ཞེས་པ་ལ་སོགས་པར་ནོར་གྱི་རིན་ཐང་གཅོད་པར་མ་བྱེད་ཅིག་པའོ། །ཁྱིམ་པའི་སྤྱོད་པར་མི་གཅེན་ཞེས་པ་ནི་ཚོང་བྱེད་པ་ལ་སོགས་པ་ཁྱིམ་པའི་ནང་དུ་དགེ་སློང་གཏོགས་འདོད་དང་གཅེན་པ་མ་བྱེད་ཅིག་པའོ། །འོ་ན་བདག་གི་གོས་
ཉོ་བ་ལ་སོགས་པ་ཇི་ལྟར་བྱ་ཞེ་ན། ཁྱིམ་པ་ཉོར་གཞུག་ཅེས་པ་ཡིན་ནོ། །གལ་ཏེ་ཁྱིམ་པ་མེད་ན་ཇི་ལྟར་བྱ་ཞེ་ན། མེད་ན་ཚིག་གསུམ་མན་ཆད་བརྗོད་དེའོ་ཞེས་པ་ཡིན་ཏེ་རིན་འདི་ཙམ་མམ་ཞེས་དགེ་སློང་གིས་ཚིག་གསུམ་གྱི་བར་དུ་སྒྲུབས་ཤིག་པའོ། །དཀོན་མཆོག་གསུམ་གྱི་ཕྱིར་མ་
ཡིན་ན་གཞན་གྱི་ཆེད་དུའང་སྐྱེད་འབྲི་མི་བྱ་ཞེས་པ་ནི་དཀོན་མཆོག་གི་ཕྱིར་མ་ཡིན་ན་གཞན་གྱི་ཕྱིར་ཡང་རིན་ཐང་གི་སྐྱེད་བྲི་མ་བྱེད་ཅིག་པའོ། །རྒྱལ་མི་བྱ་ཞེས་པ་ནི་རྒྱལ་མ་འགོད་ཅིག་པར་སྟོན་པའོ། །ལ་ལ་དགེ་འདུན་གྱི་བཙད་བེད་སྐྱེད་དུ་གཏོང་བར་རྩོལ་བ་ཡོད་ན་ཇི་ལྟར་བྱ་ཞེ་ན། དེའི་
ཕྱིར་ན་དགེ་འདུན་གྱི་ལས་བྱེད་པ་ལ་དགེ་འདུན་གྱི་སྐོར་བཞག་ཅེས་པ་ཡིན་ཏེ་དེ་ལྟ་བུར་རྩོལ་བ་ཡོད་ན་དགེ་འདུན་གྱིས་གསར་བུ་རྒན་པོ་ལ་སོགས་པ་ལ་འདི་བེད་སྐྱེད་དུ་ཆུག་ཤིག་ཅེས་གཏོད་ཅིག་པའོ། །ད་དེའི་ལས་སུ་བྱ་བ་སྟོན་པ་ནི། རྒན་རབས་ལ་མ་དྲིས་པར་དགེ་འདུན་གྱི་ཆེད་དུ་
Vol. 164 · folio 91a
རྩོལ་བ་མི་གཅད་ཅེས་པ་ལ་སོགས་པ་ཡིན་ཏེ། རྒན་རབས་ལ་མ་དྲིས་པར་དེའི་ལག་ཏུ་ནོར་གཏད་ཅིང་སྐྱེད་མངན་དུ་མ་གཞུག་ཤིག་པའོ། །ཁྱེར་བ་འདིའི་ཕྱིར་གཞན་ཚིགས་ཤོག་ཤོག་ལ་འབྲི་ཞེས་པ་ནི་སྐྱེད་མངན་དེས་བདག་ལ་དྲི་མི་ངས་པ་དང་བརྗེད་བྱང་ལ་སོགས་པའི་ཆེད་
དུ་དབང་རྒྱ་གྱིས་ཤིག་པའོ། །ཉོ་བཙོང་སྤང་བའོ།། །།ད་ལྷུང་བཟེད་འཆང་བའི་སྤང་བ་སྟོན་པ་ནི། ལྷུང་བཟེད་ལས་སོ་ཞེས་པ་ལ་སོགས་པ་ཡིན་ཏེ། གོང་དུ་གོས་ལྷག་པ་འཆང་བ་ཞེས་སྨོས་པའི་གོར་ལྷུང་བཟེད་ཆུག་ལ་དེའི་ཚུལ་བཞིན་དུ་རིག་པར་གྱིས་ཤིག་པའོ། །བྱིན་གྱིས་མ་
བརླབས་ནའོ་ཞེས་པ་ནི་བྱིན་གྱིས་བརླབས་པ་ལ་ཉེས་མེད་ཀྱི་བྱིན་གྱིས་མ་བརླབས་པ་ཞག་བཅུ་འདས་ན་ཉེས་པར་འགྱུར་བའོ། །རབ་ཏུ་འབྱུང་བར་འདོད་པའི་ཆེད་དུ་ངེས་པར་བྱས་ན་བཏང་བའོ་ཞེས་པ་ནི་རབ་ཏུ་འབྱུང་བར་འདོད་པ་སྦྱིན་བར་ཐག་བཅད་ན་བཏང་བ་ཡིན་པས་ན་ཞག་བཅུ་འདས་
པར་བཞག་ཀྱང་ཉེས་པར་མི་འགྱུར་བའོ། །སྲེ་བོ་དང་དཀར་པོ་དང་ཆེས་པ་རྣམས་མི་རུང་ཞེས་པ་ནི་འདི་རྣམས་ལྟ་བུ་ཞིག་ཡིན་ན་མ་བརྟགས་ཤིང་མི་རུང་བར་གཏོགས་པས་ལྷག་པར་བཅངས་སུ་ཟིན་གྱིས་ཀྱང་ཉེས་པར་མི་འགྱུར་བའོ། །མ་ཚོས་པ་ནི་ཆུང་བའི་སྟེང་དུའོ་ཞེས་པ་ནི་
ཁམ་པའི་ལྷུང་བཟེད་མ་ཚོས་ན་ཚད་མ་ཡིན་དུ་ཟིན་གྱིས་ཀྱང་ཆུང་བ་དང་འདྲ་བའི་སྟེང་དུ་མ་བརྟགས་ཡང་ཡིན་པར་སྟོན་པའོ། །ལྷུང་བཟེད་ཆུང་ངུ་གཅིག་པུ་ཉེས་མེད་ཅེས་པ་ནི་ལྷུང་བཟེད་ཆུང་ངུ་འགའ་སེལ་བ་ནི་ཉེས་པར་སྟོན་པའོ། །ལྷུང་བཟེད་འཆང་བ་སྤང་བའོ།། །།ད་ནི་ལྷུང་
བཟེད་ལྷག་པར་ཚོལ་བ་སྤང་བ་སྟོན་ཏེ། དེའང་འདོད་གཅེན་ལས་འགྱུར་བས་ན་སྤྱིའི་ཚིག་ཏུ་ཧ་ཅང་ཡང་འདོད་ཞེན་མི་བྱ་ཞེས་པ་ཡིན་ཏེ་དགེ་སློང་གིས་རྙེད་པའི་ཕྱིར་འདོད་ཞེན་མ་འོས་པ་མ་བྱེད་ཅིག་པའོ། །ཡོ་བྱད་ལ་ཧ་ཅང་ཡང་གདུ་བར་མ་ཡིན་ཞེས་པ་ནི་ཆོས་གོས་དང་
ལྷུང་བཟེད་ལ་སོགས་པའི་ཡོ་བྱད་ལ་ཤིན་ཏུ་གདུ་བར་ཡང་མ་བྱེད་ཅིག་པའོ། །གང་ལ་ཞེན་པ་དེ་མི་བཅང་ཞེས་པ་ནི་ཡོ་བྱད་གང་ལ་ཆགས་པ་དེ་མ་འཆང་བར་སྤོངས་ཤིག་པའོ། །མེད་ན་ལྷུང་བཟེད་ཀྱང་བསླང་ཞེས་པ་ནི་མེད་ན་ལྷུང་བཟེད་དང་ཆོས་གོས་ཀྱང་སློངས་ཤིག་པའོ། །
Vol. 164 · folio 91b
ལྷུང་བཟེད་ཇི་ལྟར་བཙལ་བས་ཉེས་པར་འགྱུར་ཞེ་ན་འདི་ཡོད་ནའོ་ཞེས་པ་ཡིན་ཏེ་ལྷུང་བཟེད་གཉུགས་མ་ཅིག་ཡོད་བཞིན་དུ་བཙལ་ན་ཉེས་པར་འགྱུར་བའོ། །ཡོད་པ་དེ་ཡང་ཇི་ལྟ་བུ་ཞེ་ན། ལྷན་པ་བཞི་མན་ཆད་དམ་དེ་འོས་པ་འམ་སྤྱད་བཟོད་ནའོ་ཞེས་པ་ཡིན་ཏེ་ལྷན་པ་བཞི་མན་
ཆད་དམ་བཞི་གདབ་ཏུ་འོས་པ་འམ་བཞི་བཏབ་ཏུ་ཟིན་གྱིས་ཀྱང་སྤྱད་བཟོད་པ་བཞིན་དུ་ཕྱི་མ་བཙལ་ན་ཉེས་པར་འགྱུར་བའོ། །ལྷུང་བཟེད་སྔ་མ་ཡོད་བཞིན་དུ་ཇི་ལྟར་བཙལ་བས་ཇི་ལྟ་བུའི་ཉེས་པར་འགྱུར་ཞེ་ན། ཁྱིམ་པ་དང་གཉེན་མ་ཡིན་པ་ལས་སློང་ཞིང་ཚོལ་ནའོ་ཞེས་
པ་ལ་སོགས་པ་ཡིན་ཏེ་འདི་དག་ལས་བཙལ་ན་ཉེས་པར་འགྱུར་བའོ། །འདིས་བསླབ་པ་གཞན་ཡང་གོ་བར་བྱ་བ་ནི་ཕྱི་མ་གཉིས་ཀྱང་འདི་བཞིན་ཞེས་པ་ཡིན་ཏེ་འདིའི་འོག་ནས་འབྱུང་བའི་བསླབ་པ་རྣམ་གཉིས་ཀྱང་ཁྱིམ་པ་དང་གཉེན་མ་ཡིན་པ་འཐག་ཏུ་བཅུག་ན་ཉེས་པར་
འགྱུར་བའོ། །དེའི་བྱེ་བྲག་སྟོན་པ་ནི་ཐ་ག་པ་དང་སྦྱིན་བདག་དང་གཞན་ཡང་ངོ་ཞེས་པ་ཡིན་ཏེ། ཐ་ག་པ་དང་སྦྱིན་བདག་དང་ཕོ་ཉ་གསུམ་ཆར་ཁྱིམ་པ་དང་གཉེན་མ་ཡིན་པ་ཞིག་ན་ཉེས་པར་འགྱུར་བའོ། །གཉེན་མ་ཡིན་པ་གཉེན་ལས་ཉེས་པར་མི་འགྱུར་བ་ལ་མ་
གཏོགས་པ་ནི་སྤོགས་དང་ལྷུང་བཟེད་དོ་ཞེས་པ་ཡིན་ཏེ་གཉེན་མ་ཡིན་པ་ལ་ཟས་བསོད་པ་ལ་སོགས་པ་སློང་དུ་མི་དབང་བ་གཉེན་ལས་ཉེས་པར་མི་འགྱུར་བའི་ནང་དུ་སྤོགས་དང་ལྷུང་བཟེད་མ་གཏོགས་པ་སྟོན་པ་སྟེ་འདི་འང་ཉེས་པ་རངས་པར་མི་འགྱུར་གྱི་འབྲི་བར་འགྱུར་རོ། །སྐབས་སུ་
ཞར་ལ་བཤད་པའི་མཇུག་འདུས་ནས་དཀྱུས་ཀྱི་འཕྲོ་སྟོན་པ་ནི། ཉེས་བྱས་ཞེས་པ་དང་། དེ་ལས་གྲུབ་ན་རྩ་བ་ཞེས་པ་ཡིན་ཏེ། ཚོལ་བའི་ཚེ་ན་ནི་ཉེས་བྱས། རྙེད་པའི་ཚེ་ན་རྩ་བར་འགྱུར་བའོ། །ཡོད་སྙམ་པ་ལས་མེད་པ་འབྲི་ཞེས་པ་ནི་སྔ་མ་ཡོད་བཞིན་དུ་ཕྱི་མ་བཙལ་བ་ལས། སྔ་
མ་དེ་རླག་གམ་ཚིག་སྟེ་མེད་པར་གྱུར་ན། སྔ་མ་མེད་པའི་ཕྱིར་ཉེས་པ་འབྲི་བར་སྟོན་པའོ། །བདག་གི་ཡོ་བྱད་ཀྱིས་ནའོ་ཞེས་པ་ནི་ལྷུང་བཟེད་སྔ་མ་ཡོད་བཞིན་དུ་ཕྱི་མ་བདག་གི་རིན་གྱིས་ཉོས་ན་ཡང་ཉེས་པ་འབྲི་བར་སྟོན་པའོ། །འདི་དག་ཡོད་ནའོ་ཞེས་པ་ནི་ལྷུང་བཟེད་སྔ་མ་མེད་དེ་བཙལ་དགོས་
Vol. 164 · folio 92a
པའི་ཟོང་ནི་ཡོད་ལ་ཟོང་གིས་མི་འཚལ་བར་གཞན་ལ་སློང་ན་ཡང་ཉེས་པ་འབྲི་བར་སྟོན་པའོ། །བཟང་འདོད་པས་བརྗེས་ནའོ་ཞེས་པ་ནི་བཟང་པོ་འདོད་པའི་ཕྱིར་རྗེ་ན་ཡང་ཉེས་བྱས་སུ་སྟོན་པའོ། །རྣམ་པར་འབྱེད་པ་ལས་བརྗེས་ན་ཉེས་མེད་ཅེས་འབྱུང་བ་ནི་ཐ་མལ་བར་
བརྗེ་བ་ལ་བྱའི་བཟང་འདོད་པའི་ཕྱིར་མ་ཡིན་ནོ། །ལྷག་པར་བཙལ་བ་དེ་ཞག་བཅུ་ལས་ལྷག་པར་བཅངས་ན་ལྷག་པ་བཙལ་བའི་སྟེང་དུ་བཅངས་པའི་ཉེས་པར་ཡང་འགྱུར་རོ། །འདི་སྤང་བ་གཞན་དང་མི་འདྲ་བའི་ཁྱད་པར་སྟོན་པ་ནི། འདི་དགེ་འདུན་ལ་སྤང་ཞེས་པ་ཡིན་ཏེ་ལྷུང་བཟེད་
ལྷག་པར་བཙལ་བ་སྤང་བ་ནི་གཞན་ལ་མ་སྤང་བར་དགེ་འདུན་ལ་སྤོངས་ཤིག་པའོ། །ལྷག་པ་མང་པོ་ཞིག་བཙལ་ཀུན་དགེ་འདུན་ལ་སྤང་ངམ་ཞེ་ན། དུ་མ་ན་གང་འདོད་པའི་མཆོག་གཅིག་གོ་ཞེས་པ་ཡིན་ཏེ་དུ་མ་ཡོད་ན་དེའི་ནང་ནས་གང་བཟང་ཤོས་དགེ་འདུན་ལ་ཕུལ་ཅིག་པའོ། །ལྷག་
མ་གཞན་ཇི་ལྟར་བྱ་ཞེ་ན། གཞན་སྤང་ཞེས་པ་ཡིན་ཏེ་གཞན་ཡང་ཡོང་ཡེ་སྤོངས་ཤིག་པའོ། །སུ་ལ་སྤང་ཞེ་ན། འདིའི་རབ་ཏུ་བྱུང་བ་ལའོ་ཞེས་པ་ཡིན་ཏེ་བདག་ཅག་གི་རབ་ཏུ་བྱུང་བ་དགེ་ཚུལ་ཡན་ཆད་ལ་སྤོངས་ཤིག་པའོ། །ལྷུང་བཟེད་ཚོལ་ཏེ་དེ་ཉིད་ལ་ལྷུང་བཟེད་ཇི་ལྟ་བུ་སྦྱིན་
ཞེ་ན། འདི་ལ་ཐ་ཤལ་སྦྱིན་ཞེས་པ་ཡིན་ཏེ། དེ་ལ་ཐམས་ཅད་ཀྱི་ཐ་ཤལ་བྱིན་ཅིག་པའོ། །གལ་ཏེ་བཙལ་བ་དེ་ཉིད་ཐ་ཤལ་ཞིག་ཡིན་ན་ཡང་དེ་ཉིད་དེ་ལ་བྱིན་ཅིག་པའོ། །དེ་ཡང་ཇི་ལྟར་བྱས་ཏེ་སྦྱིན་ཞེ་ན། བྲིམས་ཏེ་བསྙིགས་པའོ་ཞེས་པ་ཡིན་ཏེ་ཐམས་ཅད་ལ་བྲིམས་ནས་ངན་དུ་
བསྙིགས་ལ་བྱིན་ཅིག་པའོ། །དེ་ལྟར་བསྙིགས་པའི་ལས་སུས་བྱ་ཞེ་ན། བསྐོས་པས་སོ་ཞེས་པ་ཡིན་ཏེ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོས་པའི་དགེ་སློང་གིས་གྱིས་ཤིག་པའོ། །དེ་ལྟར་བསྐོས་པའི་དགེ་སློང་གིས་ལས་སུ་བྱ་བའི་ཆོ་ག་སྟོན་པ་ནི། སང་
བྱེད་དུ་ཆ་ན་དེས་དགེ་འདུན་ཚོགས་པའི་ཚེ་སྦྲན་ཞེས་པ་ཡིན་ཏེ་སང་ལྟ་བུ་འདྲིམ་པའི་དེང་ནས་དུ་དགེ་འདུན་ཚོགས་པའི་ཚེ་སྦྲོན་ཅིག་པའོ། །སྦྲན་པའི་སྙད་ཇི་སྐད་དུ་བྱ་ཞེ་ན། ཚེ་དང་ལྡན་པ་དག་སང་བདག་གིས་ལྷུང་བཟེད་ལྷན་པ་མེད་པ་བྲིམ་གྱིས་ཁྱེད་ཅག་སོ་སོའི་ལྷུང་
Vol. 164 · folio 92b
བཟེད་སྣོམས་ལ་དགེ་འདུན་གྱི་ནང་དུ་སྦྱོན་ཅིག་ཅེས་སོ་ཞེས་པ་ཡིན་ཏེ་སྦྲན་པའི་སྙད་འདི་སྐད་དུ་གྱིས་ཤིག་པའོ། །འཁོད་པའི་ཕྱིར་བཤམ་ཞེས་པ་ནི་དགེ་འདུན་འདུ་བའི་སར་ཆག་ཆག་གདབ་ཅིང་གདན་གདིང་བ་ལ་སོགས་པའི་ཞལ་ཏ་འང་གྱིས་ཤིག་པའོ། །འདམ་དུ་
གཞུག་ཅིང་བྲིམ་ཞེས་པ་ནི་དགེ་འདུན་གྲལ་དུ་བཀོད་པ་དང་བྲིམས་ལ་འདམ་དུ་ཆུག་ཤིག་པའོ། །བྲིམ་ཞིང་འདམ་དུ་གཞུག་པའི་སྙད་ཇི་སྐད་བྱ་ཞེ་ན། གནས་བརྟན་ལྷུང་བཟེད་འདི་སྲབ་ཅིང་ཟླུམ་ལ་ལྷུང་བཟེད་ཀྱིས་གལ་ཏེ་བཞེང་ན་བཞེས་ཤེའོ་ཞེས་བྲིམ་པའི་སྙད་འདི་སྐད་དུ་གྱིས་
ཤིག་པའོ། །ལྷུང་བཟེད་ཇི་འདྲའང་རུང་སྟེ་སྙད་འདི་སྐད་དུ་བྱ་འམ་ཞེ་ན། ཡོན་ཏན་བཞིན་ནོ་ཞེས་པ་ཡིན་ཏེ་གོང་མ་ཁོ་ན་སྐད་དུ་མི་བརྗོད་དུ་མི་རུང་བ་མེད་ཀྱི་ལྷུང་བཟེད་ཉིད་ཀྱི་ཡོན་ཏན་ཇི་བཞིན་དུ་བརྗོད་ཅིག་པའོ། །འདོད་ན་བླང་ཞེས་པ་ནི་བྲིམས་པའི་ཚེ་འདོད་ན་ལོང་ཤིག་པའོ། །
ཆོད་པས་ཁྱེར་ན་མི་བླང་ཞེས་པ་ནི་མི་གཅིག་གཉིས་ཀྱིས་ཆོད་པའི་འོག་ན་འདུག་པས་ཁྱེར་ན་ང་འདོད་དོ་ཞེས་དེ་ལ་མ་སློང་ཤིག་པའོ། །ཚིག་ལན་གཉིས་མ་འདས་ཀྱི་བར་དུ་མི་སྦྱིན་ཞེས་པ་ནི་གལ་ཏེ་གོང་མ་ལྟར་སློང་ན་སློང་བ་ལན་གཉིས་ཀྱི་བར་དུ་ནི་མི་སྦྱིན། ལན་གསུམ་གྱི་
བར་སློང་ན་སྦྱིན་ཅིག་པའོ། །ལྟུང་བ་བྱུང་བ་ལ་མི་འདོར་ཞིང་བྱིན་གྱིས་མི་རློབ་པར་བསྒོ་ཞེས་པ་ནི་ཐ་མར་བསྙིགས་པའི་ལྷུང་བཟེད་ལྷུང་བཟེད་བཅོལ་བའི་དགེ་སློང་དེ་ལ་སྦྱིན་པའི་ཚེ་འདི་འདོར་ཡང་མ་འདོར་བྱིན་གྱིས་ཀྱང་མ་རློབ་པར་ཆོངས་ཤིག་ཅེས་བསྒོ་ལ་བྱིན་པའོ། །མ་ཆག་གི་
བར་དུ་དལ་གྱིས་གཟོབས་ཤིག་ཅེས་སོ་ཞེས་པ་ནི་འདི་མ་ཆག་གི་བར་དུ་ཇི་ནས་ཀྱང་མི་གནོད་པར་གཟོབས་ལ་སྤྱོད་ཅིག་ཅེས་ཀྱང་བསྒོ་བའོ། །འདི་གཉིས་ཀ་སྤྱད་དོ་ཞེས་པ་ནི་དེས་བསོད་སྙོམས་ལ་སོགས་པ་སྤྱོད་པའི་ཚེ་གཉིས་ཀ་སྤྱོད་ཅིག་པར་སྟོན་པའོ། །འདི་ཡོ་བྱད་བཟང་
པོར་བདམས་པར་གཞུག་ཅེས་པ་ནི་ལྷུང་བཟེད་སྣོད་ཀྱང་བཟང་པོར་དེ་གཞུག་པ་ལ་སོགས་པར་རིམ་གྲོ་བསྐྱེད་ཅིག་པའོ། །མི་གཟན་པར་བདམས་པས་ཚེགས་བསྐྱུངས་ཞེས་པ་ནི་དེའི་ནང་དུ་གཞུག་པ་ཡང་རྩུབ་ཅིང་ཚ་བ་ལ་སོགས་པ་གཟན་པ་ན་མ་གཞུག་པར་སྟོན་ཅིག་པའོ། །སྡེར་
Vol. 164 · folio 93a
དུའང་མ་ཡིན་ཞེས་པ་ནི་དེའི་ནང་དུའང་བཟའ་བར་མ་བྱེད་ཅིག་པའོ། །ལྷུང་བཟེད་ཚོལ་བ་སྤང་བའོ།། །།ཇི་ལྟར་བྱས་པས་འཐག་ཏུ་བཅུག་པའི་སྤང་བར་འགྱུར་ཞེ་ན། རིན་མེད་པར་བཅོལ་ཞིང་གཞན་གྱིས་ཀྱང་བཏགས་ནའོ་ཞེས་པ་ཡིན་ཏེ། གླ་མ་བྱིན་པར་གཉེན་མ་ཡིན་པའི་
ཐག་པ་འཐག་ཏུ་བཅུག་པ་འམ་ཕོ་ཉས་འཐག་ཏུ་བཅུག་ན་ཡང་ཉེས་པར་འགྱུར་བའོ། །གཉེན་མ་ཡིན་པའི་ཐ་ག་པ་ཆེད་འགའ་ནི་གཉེན་དང་བསྡོངས་ཤིང་ཡང་འཐག །ཆེད་འགའ་ནི་རབ་ཏུ་བྱུང་བ་དང་བསྡོངས་ཤིང་ཡང་འཐག་པ་ཉེས་པ་རངས་པར་སྟོན་པ་ནི། གཞན་གྱིས་བསྟངས་ན་
ཡང་དེས་མ་བྱས་པ་མ་ཡིན་ཞེས་པ་ཡིན་ཏེ་གཞན་དང་བསྡོངས་ཤིང་འཐག་ན་ཡང་ཉེས་པ་རངས་པར་འགྱུར་བའོ། འཐག་ཏུ་བཅུག་པ་སྤང་བའོ།། །།ད་ནི་འཐག་པ་ན་སྐྱེད་པའི་ཡན་ལག་ཇེ་སྟོན་པ་ནི། དེའི་ཕྱིར་འཐག་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། དགེ་སློང་དེའི་ཕྱིར་འཐག་པ་ལ་
འོག་མ་ལྟར་བྱས་ན་ཉེས་པར་འགྱུར་བའོ། །ཐ་ག་པ་ཡུག་ཁྱིམ་ཆེ་བ་དང་ཐགས་རན་བཟང་བར་བྱེད་དུ་བཅུག་ནའོ་ཞེས་པ་ཡིན་ཏེ་ཐ་ག་པ་འདི་ལྟར་བྱེད་དུ་བཅུག་ན་ཉེས་པར་འགྱུར་བའོ། །གལ་ཏེ་སྦྱིན་བདག་གི་གོང་ནའོ་ཞེས་པ་ནི་སྦྱིན་བདག་གིས་དང་པོ་ཅི་སྤགས་པ་ལས་སྐུད་པ་ཡང་རུང་
རིན་ཀྱང་རུང་སྟེ་བསྣན་ཅིང་ལྷག་པར་གོད་ན་ཉེས་པར་འགྱུར་བའོ། །གླ་མ་བྱིན་ནའོ་ཞེས་པ་ནི་དགེ་སློང་གིས་ཁ་ཆོས་བཞིན་དུ་བྱས་པ་ལས་སྒྲོན་སྐྱེ་བའི་གླ་ཐུད་མ་བྱིན་ན་ཉེས་པར་འགྱུར་བའོ། །སྦྱིན་བདག་གིས་དེའི་ཕྱིར་བསྒོ་བ་མེད་ན་བྱེད་དོ་ཞེས་པ་ནི་ཐ་ག་པའི་གན་དུ་སོང་ལ་བདག་
གར་དགའ་བའི་ཁ་ཆོས་གྱིས་ཤིག་ཅེས་དགེ་སློང་ལ་བསྒོ་བ་མེད་པའམ། ཐ་ག་པ་ལ་བསྒོ་བ་མེད་པར་དགེ་སློང་དེར་སོང་ཞིང་ཁ་ཆོས་བྱེད་ན་ཉེས་པར་འགྱུར་བའོ། །གང་གི་ཚེ་རྩ་བའི་ཉེས་པར་འགྱུར་ཞེ་ན། གྲུབ་ན་རྩ་བའོ་ཞེས་པ་ཡིན་ཏེ་ནམ་ལག་ཏུ་ཐོབ་པའི་ཚེ་ཉེས་པ་རངས་
པར་སྟོན་པའོ། །དེའི་ཕྱིར་འདྲི་བ་ཅོག་ཉེས་བྱས་ཞེས་པ་ནི་སྟན་ལས་འཕགས་པ་ལ་སོགས་པ་དེའི་ཕྱིར་ལས་སུ་རྩོལ་ལོ་ཅོག་བསྡུས་ཏེ་ཉེས་བྱས་གཅིག་ཏུ་སྟོན་པའོ། །མ་བསྡམས་པར་དེར་སོང་བའང་དེ་བཞིན་ཞེས་པ་ནི་ཁྱོད་ཀྱི་གོས་ཤིག་འཐག་གིས་དེར་སོང་ཤིག་ཅེས་
Vol. 164 · folio 93b
ཡོན་བདག་གིས་བོས་པ་མེད་པར་ཐགས་རན་བཟང་པོ་འདོད་པའི་ཕྱིར་དེའི་གན་དུ་ནི་སོང་ལ་ཁ་ཆོས་མི་བྱེད་ན་ཡང་ཉེས་པ་གོང་དང་འདྲ་བར་སྟོན་པའོ། །འཐག་པ་བསྐྱེད་པ་སྤང་བའོ།། །།ཡན་ལག་གིས་འཕྲོག་པ་སྤང་བའི་ཉེས་པར་འགྱུར་ཞེ་ན། དགེ་སློང་ལས་ཕྲལ་ནའོ་ཞེས་
པ་ལ་སོགས་པ་ཡིན་ཏེ་གང་ལས་འཕྲོག་པར་བྱ་བའི་མི་དེ་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་ཏེ་དགེ་སློང་ཡིན་ན་ཉེས་པར་འགྱུར་བའོ། །བདག་གི་འཕྲོག་ན་ཉེས་པར་འགྱུར་རམ་གཞན་གྱི་འཕྲོག་ན་ཉེས་པར་འགྱུར་ཞེ་ན། འཕྲོག་པ་བདག་གི་མ་ཡིན་ནའོ་ཞེས་པ་ཡིན་ཏེ།
བདག་གི་འཕྲོག་པ་ལྟ་ཅི་སྨོས་ཀྱི་གཞན་གྱིས་བྱིན་པ་དེའི་ཕྱིར་ཕྲོགས་ན་ཡང་ཉེས་པར་འགྱུར་བའོ། །གཞུང་ལས་བདག་གིས་བྱིན་པ་འཕྲོག་ན་ཞེས་འབྱུང་བ་ནི་གླེང་གཞིའི་ཚིག་ཏུ་ཟད་དོ། །དེ་གོས་ཡིན་ནའོ་ཞེས་པ་ནི་གཞན་ལས་འཕྲོག་པ་དེ་ཡང་ནོར་གཞན་མ་ཡིན་གོས་ཡིན་ན་གདོད་
ཉེས་པར་འགྱུར་བའོ། །ལུས་དང་ངག་ལྡན་པའམ་གར་བས་དེའམ། དེས་བསྒོས་པ་དེའི་ཕྱིར་ཞུགས་ན་བྱེད་དོ་ཞེས་པ་ནི་ལུས་དང་ངག་གཉི་ག་ལྡན་པས་འཕྲོག་གམ་ལུས་དང་ངག་ཡ་རེ་འཕྲོག་གམ་བདག་གིས་འཕྲོག་གམ་འཕྲོག་ཏུ་བཅུག་ཀྱང་རུང་སྟེ། ཡན་ལག་འདི་
རྣམས་ཀྱིས་ཉེས་པར་འགྱུར་བའོ། །ཡན་ལག་འདི་དག་ལྟར་ལྡན་པས་འཕྲོག་པ་གང་གི་ཚེ་ཁོ་ན་ཉེས་པར་འགྱུར་ཞེ་ན། ལུས་ལས་ལོགས་ཤིག་ཏུ་བྲལ་བར་གྱུར་ན་མཐའོ་ཞེས་པ་ཡིན་ཏེ་འཕྲོག་པའི་གོས་དེ་ལུས་ལས་ལོགས་ཤིག་ཏུ་བྲལ་བར་གྱུར་ན་གདོད་ལྟུང་བར་སྟོན་པའོ། །
སྦྱོར་བ་ནི་ཉེས་བྱས་ཞེས་པ་ནི་ནམ་ལུས་ལས་མ་བྲལ་གྱི་བར་དུ་སྦྱོར་བའོ་ཅོག་ཉེས་བྱས་གཅིག་ཏུ་སྟོན་པའོ། །འཕྲོག་པ་སྤང་བར་འགྱུར་བ་དེ་སུ་ལ་སྤང་ཞེ་ན། འདི་སླར་སྦྱིན་ཞེས་པ་ཡིན་ཏེ་སུ་ལས་འཕྲོག་པ་དེ་ཉིད་ལ་བྱིན་ཅིག་པའོ། །འདིར་བདག་གི་ཕྱིར་ནི་ཡན་
ལག་མ་ཡིན་ཞེས་པ་ནི་བསླབ་པ་འདིའི་ཚེ་བདག་གིས་བྱིན་པ་ཉི་ཚེ་ཡན་ལག་ཏུ་བརྩི་བར་མ་ཟད་གཞན་གྱི་ཕྱིར་འཕྲོག་ན་ཡང་རྩ་བའི་ཉེས་པར་འགྱུར་བའོ། །བསྙེན་པར་མ་རྫོགས་པ་འབྱིན་པ་དང་འདྲ་ཞེས་པ་མ་རྫོགས་པ་ཕྱི་རོལ་དུ་ཕྱུང་ཞིང་བསྐྲད་པ་དང་དེས་དགེ་སློང་ཕྱུང་ཞིང་
Vol. 164 · folio 94a
བསྐྲད་པ་ཉེས་པ་རངས་པར་མི་འགྱུར་བ་བཞིན་དུ་གོས་འཕྲོག་པ་འདི་འང་བསྙེན་པར་མ་རྫོགས་པ་ལས་འཕྲོག་གམ་མ་རྫོགས་པས་འཕྲོག་ན་ཉེས་པ་རངས་པར་མི་འགྱུར་བའོ། །འཕྲོག་པ་ལ་རྣམ་པ་གསུམ་སྟེ་བདག་པོ་དང་དབྲལ་བར་འཕྲོག་པ་དང་། ཐོ་འཚམས་
པས་འཕྲོག་པ་དང་། རིགས་པའི་དབང་གིས་འཕྲོག་པའོ། །དེ་ལ་བདག་པོ་དང་འབྲལ་བར་འཕྲོག་པས་རྩ་བའི་ཉེས་པར་སྟོན་པ་ནི་འདི་ནི་བདག་གི་བ་དང་འབྲལ་བར་འཕྲོག་པ་ལ་བརྟན་ཏོ་ཞེས་པ་ཡིན་ཏེ། གོས་དེ་མི་དབང་བར་བྱ་བའི་ཕྱིར་འཕྲོག་ན་གདོད་ཉེས་པར་སྟོན་པའོ། །
འཕྲོག་པ་གཉིས་པོའི་དངོས་པོ་སྟོན་པ་ནི། ཐོ་འཚམས་པས་བྱེད་པ་ནི་ཤན་ནོ་ཞེས་པ་སྟེ་ཐོ་འཚམས་པའི་ཕྱིར་འཕྲོག་ན་ཉེས་པར་འབྲི་བར་སྟོན་པའོ། །རིགས་པའི་དབང་གིས་འཕྲོག་ཀྱང་བླ་བར་སྟོན་པ་ནི། བརླག་ཅིང་གནོད་པའི་གླགས་སུ་འགྱུར་བའི་དགག་པའི་ཕྱིར་ན་
ཉེས་མེད་ཅེས་པ་ཡིན་ཏེ། འཕྲལ་དུ་གཅན་གཟན་དང་རྐུན་ཆོམ་ལ་སོགས་པའི་ཉེས་ཡོ་དང་མི་སྤྲད་པའི་ཕྱིར་གོས་འཕྲོག་པ་དང་རྟེན་ངན་པ་དང་སྡེས་པས་མི་འདོད་པའི་འབྲས་བུ་སྨིན་པར་འགྱུར་བ་ལ་སོགས་པའི་ཉེས་པ་ལས་བཟློག་པའི་ཕྱིར་གོས་འཕྲོག་པ་ལྟ་བུ་ལ་
སོགས་པ་ནི་ཉེས་མེད་པར་སྟོན་པའོ། །འཕྲོག་པ་སྤང་བའོ།། །།རྣམ་པར་འབྱེད་པ་དང་སོ་སོར་ཐར་པ་ལས་ནི་བརྟད་པ་སྤང་བ་སྔར་འབྱུང་ཞུས་པ་ལས་འཕྲོག་པ་སྤང་བའི་འོག་ཏུ་ཞག་དྲུག་སྤང་བ་ལ་འབྱུང་བ་ལས་སློབ་དཔོན་གྱིས་ཞུས་པ་ལས་འབྱུང་བ་བཞིན་དུ་ཞག་དྲུག་དབྲལ་བའི་
སྤང་བ་བསྟན་པ་ནི། དགོན་པ་བག་ཚ་ན་ཆོས་གོས་གཅིག་གྲོང་དུ་བཞག་པ་ནི་བདག་གི་གནས་བཞིན་ཞེས་པ་ཡིན་ཏེ་དགེ་སློང་དགོན་པ་པ་རྐུན་ཆོམ་ལ་སོགས་པས་འཇིགས་ཤིང་བག་ཚ་ན་ཆོས་གོས་གཅིག་གྲོང་དུ་བཞག་ཀྱང་བདག་གི་ཁྱིམ་དུ་བཞག་པ་དང་འདྲ་སྟེ་ཉེས་མེད་པར་
སྟོན་པའོ། །འབྲལ་བའི་ཞག་དུས་ངེས་པར་སྟོན་པ་ནི། འདིས་དོན་གྱི་དབང་དུ་ཁྱིམ་པའི་དེར་བསྐུངས་ན་ཞག་དྲུག་ཏུ་འབྲལ་ཞེས་པ་ཡིན་ཏེ་དོན་ཆེད་ཀྱི་དབང་གིས་གུད་དུ་འགྲོ་ན་དགོན་པའི་ཉེ་གནས་སམ་གྲོང་གི་ཉེ་གནས་ལས་ལོགས་ཤིག་ན་ཞག་དྲུག་གི་བར་དུ་འདུག་ཅིང་
Vol. 164 · folio 94b
གནས་ཀྱང་བླ་བར་སྟོན་པའོ། །འདིར་ནི་མི་རུང་ཞེས་པ་ནི་ཞག་དྲུག་ལས་ལྷག་ཏུ་ནི་མི་རུང་བར་སྟོན་པའོ། །བར་ཆད་ཀྱི་དབང་གིས་མ་འོངས་པ་ནི་ཉེས་མེད་ཅེས་པ་ནི་རྐུན་ཆོམ་ལ་སོགས་པའི་རྐྱེན་གྱིས་བཙལ་ཏེ་མ་འཁོར་ན་ནི་ཞག་དྲུག་ལས་ལྷག་པར་འདུག་ཀྱང་ཉེས་མེད་པར་སྟོན་པའོ། །
དེ་ལ་ཁ་ཅིག་ནི་དེ་ལྟར་གུད་དུ་འགྲོ་བའི་དགེ་སློང་གིས་ཞག་དྲུག་ལས་མི་ཐོགས་པར་བྱའོ། །ཐར་བསམས་པ་ལ་ནི་ཞག་ཚིགས་འདི་བཞིན་དུ་ཉེས་པར་མི་འགྱུར་གྱི་ཉིད་དུ་སླར་འཁོར་བར་བསམས་ཏེ་སོང་ན་ནི་ཞག་དྲུག་མ་ལོན་དུ་ཟིན་ཀྱང་འབྲལ་བའི་ཉེས་པར་འགྱུར་རོ་ཞེས་འཆད་པ་བཙལ་བའི་
ཕྱིར། འདིར་ཞག་དྲུག་ལོན་པར་བྱའོ་ཞེས་སྤགས་ཏེ་སོང་བ་ཡན་ལག་མ་ཡིན་ཞེས་པ་ཡིན་ཏེ་སྐབས་འདིར་རྒོང་མ་ལྟར་བསམས་པ་དང་མ་བསམས་པའི་ཚིག་མི་བརྩན་གྱི་ཇི་ལྟར་བསམས་ཀྱང་སྟེ་ཞག་དྲུག་གི་བར་དུ་འབྲལ་བ་མེད་པར་སྟོན་པའོ། །ཞག་དྲུག་འབྲལ་བ་སྤང་བའོ།། །།ད་ནི་དབྱར་
གྱི་རས་ཆེན་སྤང་བ་སྟོན་པ་སྟེ། བདག་ནམ་ཚུལ་དུ་འཇུག་པའི་ཟླ་བ་སྔ་མ་ནས་དབྱར་གྱི་རས་ཆེན་བཙལ་ཞེས་ལ་སོགས་པ་ཡིན་ཏེ་བདག་ཚུལ་སྔ་ཕྱི་གང་དུ་འཇུག་པའི་ཟླ་བ་གཅིག་གི་སྔ་རོལ་ནས་དབྱར་གྱི་རས་ཆེན་ཚོལ་ཅིག་པའོ། །བདག་གིས་དབྱར་ལོན་ནས་ཟླ་བ་ཕྱེད་ཚུན་ཆད་བཅང་ཅེས་
པ་ནི་ཚུལ་དུ་ཞུགས་པའི་ཟླ་གྲངས་ཚང་ནས་ཟླ་བ་ཕྱེད་ཚུན་ཆད་དབྱར་གྱི་རས་ཆེན་ཆོངས་ཤིག་པའོ། །ནམ་གྱི་ཚེ་དབྱར་གྱི་རས་ཆེན་སྤང་བའི་ཉེས་པར་འགྱུར་ཞེ་ན། དེའི་སྔ་ཕྱི་དུས་ལ་བྱེད་ཅེས་པ་ཡིན་ཏེ། བཙལ་བ་དང་བཅང་བའི་ཟླ་ཚིགས་གོང་དུ་བསྟན་པ་ལས་སྔ་ཕྱི་ཁྱེར་ན་ཉེས་
པར་སྟོན་པའོ། །སྔ་ཕྱིའི་ཚིགས་དེའང་གང་ཞེ་ན། ཐལ་བར་བཅང་ནའོ་ཞེས་པ་དང་། བཙལ་བ་སྔས་ན་ཉེས་བྱས་གྲུབ་ན་མཐའ་ཞེས་པ་ཡིན་ཏེ་ཟླ་བ་ཕྱེད་ཐལ་བར་བཅངས་པ་དང་ཟླ་བ་གཅིག་པས་ཀྱང་སྔ་མའི་སྔ་རོལ་ནས་བཙལ་ཅིང་རྙེད་ན་ཉེས་བྱས་དང་ལྟུང་བར་སྟོན་པའོ། །
ངན་ན་འབྲི་ཞེས་པ་ནི་རྡོལ་ཅིང་སྲབ་པ་ལ་སོགས་ཏེ། སྤུ་ལ་མ་བབ་པ་ཞིག་ན་རྙེད་དུ་ཟིན་ཀྱང་ཉེས་པ་རངས་པར་མི་འགྱུར་བའོ། །ཚུལ་དུ་འཇུག་པ་སྔ་ཕྱིའི་རིམ་པ་ཕལ་ཆེར་ཡོད་ན་སྔ་མའི་རིམ་པ་དེ་ཕྱི་མའི་རིམ་པར་སྦྱར་བའི་རིགས་སམ་ཇི་ལྟ་ཞེ་ན། དེ་ཇི་ལྟར་འཇུག་པ་
Vol. 164 · folio 95a
བཞིན་དུ་སྦྱར་ཞེས་པ་ཡིན་ཏེ་ཚུལ་སྔ་ཕྱི་གར་འཇུག་པའི་ཚུལ་བཞིན་དུ་ཟླ་ཚིགས་སྔ་ཕྱིར་སྦྱར་བ་དང་བརྟད་པའི་གོས་བླང་བ་ཡང་ཚུལ་སྔ་ཕྱི་གར་གཞུག་པ་བཞིན་དུ་སྦྱོར་ཅིག་པའོ། །དེ་ལ་བརྟན་བྲུས་པ་ནི་ཚུལ་སྔ་མ་འབའ་ཞིག་གི་ཚེའོ། །དབྱར་གྱི་རས་ཆེན་སྤང་
བའོ།། །།དངོས་པོ་གང་ལས་བརྟད་པ་སྤང་བའི་ཉེས་པར་འགྱུར་ཞེ་ན། དབྱར་གྱི་རྙེད་པ་ལས་བྱེད་ཅེས་པ་ཡིན་ཏེ་དབྱར་གྱི་རྙེད་པ་ལས་བརྟད་པའི་སྤང་བར་འགྱུར་གྱི་མངོན་དུ་རྙེད་པ་ལ་མི་འགྱུར་བར་སྟོན་པའོ། །དེའང་ཇི་ལྟར་བྱས་པས་ཉེས་པར་འགྱུར་ཞེ་ན། དབྱར་གྱི་ཁོངས་
སུ་བདག་གིར་བྱེད་ནའོ་ཞེས་པ་ཡིན་ཏེ་ཚུལ་དུ་ཞུགས་པ་ཟླ་བ་གསུམ་གྱི་ཚེ་རྙེད་པ་བདག་གིར་བྱེད་ཅིང་ལེན་ན་གདོད་ཉེས་པར་འགྱུར་བའོ། །བསྡམས་པ་དེ་ལྟར་བསྟན་ནས་འགྲེལ་པ་སྟོན་པ་ནི། ཐ་མ་ཞག་བཅུའི་ཚེ་བརྟད་པའི་དབང་གིས་རྙེད་པ་ནི་མ་གཏོགས་ཞེས་པ་ཡིན་ཏེ།
ཡོན་བདག་ནད་པ་འམ། འགྲོ་བ་འམ། འཆི་བ་ལ་སོགས་པ་རྐྱེན་བརྟད་བའི་དབང་གིས་འབུལ་ན་ཞག་བཅུས་ཟླ་བ་གསུམ་དུ་མ་ཚང་བ་ཙམ་གྱི་ཚེ་ན་བླངས་ཀྱང་བླ་བར་སྟོན་པའོ། །འདི་འང་བགོས་ནའོ་ཞེས་པ་ནི་གོང་མ་སྟར་བརྟད་དེ་ཕུལ་བ་ཡང་བླང་བར་ནི་བྱའི། མོད་ལ་
བགོས་སུ་ཟིན་ནས་སྤང་བར་བསྟན་པའོ། །མ་བགོས་ན་ཡང་ངོ་ཞེས་པ་ནི་ཚུལ་ནས་བྱུང་བའི་རྗེས་ལ་མ་བགོས་པར་ལུས་ན་ཡང་སྤང་བར་སྟོན་པའོ། །དེའི་འགྲེལ་པ་ནི། སྦྱིན་བདག་གིས་སྨྲས་པའི་དབང་གིས་མ་ཡིན་ནའོ་ཞེས་པ་ཡིན་ཏེ་ཡོན་བདག་གིས་ཡོན་འདི་བདག་
སླར་མ་འཁོར་གྱི་བར་དུ་མི་བགོར་གསོལ་ཞེས་ཟེར་ན་ནི་སྔ་མ་ལྟར་མ་བྱས་ཀྱང་བླའོ། །གང་གི་ཚེ་མ་བགོས་པའི་ཉེས་པར་འགྱུར་ཞེ་ན། དེ་སྦེད་པ་དག་མ་བསྐོས་ལ་ཚུལ་ནས་བྱུང་མ་ཐག་པའི་ཕྱི་དེ་ཉིན་ནའོ་ཞེས་པ་སྟེ་ཚུལ་ནས་བྱུང་བའི་ཕྱི་དེ་ཉིན་པར་ཡང་ཡིན་ལ་ཡོན་
དེའི་རུབ་མ་པ་ཡང་མ་བསྐོས་ན་གདོད་མ་བགོས་པའི་ཉེས་པར་འགྱུར་བའོ། །དེ་ལྟ་བས་ན། འདི་མི་བགོ་བ་མ་ཡིན་ཞེས་པ་ཡིན་ཏེ་གོང་མ་ལྟར་འགྱུར་བས་ན་རུབ་མ་པ་མི་བསྐོར་མི་རུང་བར་སྟོན་པའོ། །བརྟད་པ་སྤོང་བའོ།། །།ཇི་ལྟར་བྱས་པས་བསྔོས་པ་སྤང་བར་འགྱུར་ཞེ་ན།
Vol. 164 · folio 95b
གོས་གཞན་གྱིས་གང་ཟག་གཞན་ནམ་དགེ་འདུན་ལ་སྤགས་པར་ཤེས་བཞིན་དུ་བདག་གིར་བསྡོས་ཏེ་ཐོབ་ནའོ་ཞེས་པ་ཡིན་ཏེ་ཡོན་བདག་གཞན་གྱིས་གང་ཟག་གཞན་ནམ་དགེ་འདུན་ལ་དབུལ་བར་སྤགས་ཤིང་བསྡོགས་པར་ཤེས་བཞིན་དུ་ཁ་བརྔམས་བྱས་ཏེ་བདག་ལ་འབུལ་དུ་བཅུག་ཅིང་
ཁྱེར་ན་ཉེས་པར་འགྱུར་བའོ། །བསྔོ་བའི་ཚེ་ཉེས་བྱས་ཞེས་པ་ནི་བདག་གིར་བསྔོ་བ་འམ་གྲུབ་ཀྱི་བར་དུ་སྦྱོར་བ་རྣམས་ཉེས་བྱས་སུ་སྟོན་པའོ། །འདིར་གཞན་དུ་ན་ཡང་ཞེས་པ་ནི་སྐབས་འདིའི་ཚེ་གཞན་དུ་བསྔོས་པ་བདག་གིས་ཁྱེར་བ་མ་ཡིན་གྱི་གཞན་འགའ་ཞིག་ལ་ངོས་མགྲོན་བྱས་ཏེ་
བསྔོས་ན་ཉེས་བྱས་སུ་སྟོན་པའོ། །དེའི་འབྲས་བུ་ནའོ་ཞེས་པ་ནི་གོང་མ་ལྟར་བྱས་པ་ཐོབ་ན་ཡང་ཉེས་བྱས་སུ་སྟོན་པའོ། །གཞན་ཡང་ངོ་ཞེས་པ་ནི་གོས་མ་ཡིན་ཏེ་ཟས་ལ་སོགས་པ་བདག་གིས་ཁྱེར་ན་ཉེས་བྱས་སུ་སྟོན་པའོ། །འགོགས་ཤིང་ཀློན་པའི་སེམས་ཅན་མ་ཡིན་ན་ཡང་ངོ་ཞེས་པ་ནི་
རྩིག་པ་དང་ཀ་བ་ལ་སོགས་པ་སེམས་ཅན་མ་ཡིན་པའི་རྒྱན་དང་ཡོ་བྱད་བསྣོར་ཞིང་སྤངས་ན་ཡང་ཉེས་བྱས་སུ་སྟོན་པའོ། །ཕྱོགས་གཅིག་ན་ཡང་ངོ་ཞེས་པ་ནི་ཀ་བ་ཐོག་དྲུང་གི་རྒྱན་བསྣོར་བ་འམ་མཆོད་རྟེན་གྱི་ཁྲི་འཕང་གི་རྒྱན་བསྣོར་ཞིང་བསྐྲུལ་ན་ཡང་ཉེས་བྱས་སུ་སྟོན་པའོ། །ལྷག་རོལ་
ཟ་བའི་བྱོལ་སོང་ལ་སོགས་པ་བཙལ་ཏེ་མ་རྙེད་པ་ནི་ཉེས་མེད་ཅེས་པ་ནི་མི་དང་བྱོལ་སོང་ལ་སོགས་པ་ལྷག་རོལ་ཟ་བ་ལ་ནི་སྦྱིན་པར་བསྔོགས་ཏེ་ཁྱེར་ཁྱེར་བ་ལས་བཙལ་ཏེའང་མ་རྙེད་ནས་གཞན་བྱིན་པ་ན་ཉེས་པ་མེད་པའོ། །བདེ་བར་གཤེགས་པའི་གཟུགས་བརྙན་བརྙན་པོར་ནང་
བསྐྲུལ་བ་ནི་བླ་ཞེས་པ་ནི་སྐུ་གཟུགས་ཀྱི་རྒྱན་བརྙན་པོར་ནང་བསྐྲུལ་བ་ལ་ཉེས་མེད་པར་སྟོན་པའོ། །སྤགས་ཏེ་མ་བྱིན་པ་ནི་ཉེས་བྱས་ཞེས་པ་ནི་ཅི་ཡང་རུང་སྟེ་(པ་‚ཕ་)རོལ་སྦྱིན་པར་བསྡོགས་ཏེ། མ་བྱིན་ན་ཉེས་བྱས་སུ་འགྱུར་བའོ། །མཚམས་ཀྱི་ཕྱི་རོལ་དུ་དོང་སྟེ་དགེ་འདུན་གྱིས་བྱིན་
གྱིས་རློབ་ནའོ་ཞེས་པ་ནི་ཤི་བའི་ནོར་ལྟ་བུ་མཚམས་གཅིག་གི་དགེ་འདུན་སྤྱིར་དབང་བ་ལས་དགེ་འདུན་ཁ་ཅིག་མཚམས་ཀྱི་ཕྱི་རོལ་དུ་འཐོན་ཏེ། དེར་འཐོན་པ་ཉི་ཚེ་དབང་བར་ཁ་བརྔམ་བྱེད་ཅིང་བྱིན་གྱིས་རློབ་ན་ཡང་ཉེས་བྱས་སུ་སྟོན་པའོ། །མ་ཚོགས་པར་འགོད་ནའོ་ཞེས་པ་ནི་ཤི་
Vol. 164 · folio 96a
བའི་ཡོ་བྱད་འགོད་པའི་ཚེ་དགེ་འདུན་ཀུན་རིལ་གྱིས་མ་ཚོགས་པར་བགོས་ན་ཉེས་བྱས། བྱིན་གྱིས་མ་བརླབས་ནའོ་ཞེས་པ་ནི་ཤི་བའི་ཡོ་བྱད་ལ་སོགས་པ་བདག་ཅག་དབང་བར་བྱིན་གྱིས་མ་བརླབས་པར་བགོས་ན་ཡང་ཉེས་བྱས་སུ་སྟོན་པའོ། །གཅིག་གམ་གཉིས་
སམ་གསུམ་དགེ་འདུན་ལས་ཐོབ་ཅིང་དབང་བྱིན་ནའོ་ཞེས་པ་ནི་དགེ་འདུན་མང་པོ་ཞིག་དབང་བ་ལས་དེའི་ནང་ནས་གཅིག་གཉིས་ཁ་ཟས་སྤག་ཏུ་བོར་ཏེ་མ་བྱིན་བར་བགོས་ན་ཉེས་བྱས་སུ་འགྱུར་བའོ། ཅིའི་ཕྱིར་དེ་ལྟར་ཞེ་ན། འདིར་གཞན་གྱི་ཤས་མེད་པར་མི་འགྱུར་ཞེས་པ་ཡིན་ཏེ་
མ་ཐོབ་པ་རྣམས་ཀྱང་ཤས་དབང་བའི་ཕྱིར་དེ་ལྟའོ། །གོང་དུ་བསྟན་པ་དེ་དག་རྐུ་སེམས་མེད་ན་ནི་དེ་ལྟར་འགྱུར་ན་རྐུ་སེམས་ཡོད་ན་ཇི་ལྟར་འགྱུར་ཞེ་ན། རྐུ་སེམས་ཀྱིས་ན་འཕྲོག་པའོ་ཞེས་པ་ཡིན་ཏེ་མཚམས་ཀྱི་ཕྱི་རོལ་དུ་བྱིན་གྱིས་རློབ་པ་མན་ཆད་རྐུ་སེམས་ཡོད་ན་ནི་ཕམ་པར་
སྟོན་པའོ། །གཙུག་ལག་ཁང་སྟོང་པར་བོར་བའི་ཡོ་བྱད་ཉེན་འཁོར་གྱི་གཙུག་ལག་ཁང་དུ་གཏམས་པ་གཏན་དུ་བསྔོས་པར་མི་འགྱུར་ཞེས་པའི་ཞར་ལ་སྟོན་པ་ནི། འདོད་བྱར་དུ་གཙུག་ལག་ཁང་སྟོང་པར་མི་བྱ་ཞེས་པ་ཡིན་ཏེ་ཕ་རོལ་གྱི་འཁོར་འོང་བ་ལ་སོགས་པ་མི་བདེ་བའི་
རྐྱེན་ཆེན་པོ་མེད་པར་གཙུག་ལག་ཁང་འདོད་བྱར་དུ་སྟོང་པར་མ་བྱེད་ཅིག་པའོ། །དེར་འགོ་བ་ལ་བཅོལ་ཞིང་གཏད་ཅེས་པ་ནི་གལ་ཏེ་སྟོང་པར་དོར་དགོས་པའི་རྐྱེན་ཅིག་བྱུང་ན་གཙུག་ལག་ཁང་དང་དེའི་ཡོ་བྱད་སུ་དེར་འགོ་བ་ལ་གཏད་ཅིང་ཆོལ་ཅིག་པའོ། །མ་འོངས་ན་ལོ་
བཅུར་བསྡད་ཅེས་པ་ནི་དགེ་འདུན་ནམ་ཡོན་བདག་གུད་དུ་དོང་སྟེ་སླར་མ་འཁོར་ན་ལོ་བཅུའི་བར་དུ་ཡང་སྡོད་ཅིག་པའོ། །དེའང་ཇི་ལྟར་བྱས་ཏེ་ལོ་བཅུའི་བར་དུ་བསྡད་ཅེ་ན། ལོ་ལྔ་བསོད་སྙོམས་སོ་ཞེས་པ་དང་། སྦྱིན་བདག་དུས་འདིའི་བར་དུའང་མེད་ན་ཡང་ཉེན་ཀོར་གྱི་
གཙུག་ལག་ཁང་གི་ཞར་ལའོ་ཞེས་པ་ཡིན་ཏེ་ལོ་ལྔའི་བར་དུ་ནི་བསོད་སྙོམས་བཟའ། དེ་ནས་ཡང་ལོ་ལྔའི་བར་དུ་ཉེན་ཀོར་གྱི་གཙུག་ལག་ཁང་གི་ཞར་ལ་འདུག་ཤིག་པའོ། །ཉེན་ཀོར་གྱི་གཙུག་ལག་ཁང་གི་ཞར་ལ་འདུག་པའི་ཐབས་ཇི་ལྟར་བྱ་ཞེ་ན། ལས་ཀྱིས་གསོ་སྦྱིན་
Vol. 164 · folio 96b
ཐ་དད་ཅིང་རྙེད་པ་གཅིག་པར་བྱ་ཞེས་པ་ཡིན་ཏེ་བཙུན་པའི་དགེ་འདུན་གསོན་ཅིག །གཙུག་ལག་ཁང་མིང་འདི་ཞེས་བགྱི་བའི་བདག་པོ་རྒྱལ་པོས་བཟུང་བའི་སླད་དུ་གལ་ཏེ་དགེ་འདུན་དུས་ལ་བབ་ཅིང་གནང་སྟེ་བཟོད་ན་གཙུག་ལག་ཁང་དེ་དང་འདིར་གསོ་སྦྱིན་ཐ་དད་ཅིང་རྙེད་པ་གཅིག་
ཏུ་བགྱིས་ཏེ་འདི་ནི་གསོལ་བའོ། །བཙུན་པའི་དགེ་འདུན་གསོན་ཅིག་གཙུག་ལག་ཁང་མིང་འདི་ཞེས་བགྱི་བའི་བདག་པོ་རྒྱལ་པོས་བཟུང་བའི་སླད་དུ་གཙུག་ལག་ཁང་དེ་དང་འདིའི་དགེ་འདུན་དུ་གསོ་སྦྱིན་ཐ་དད་ཅིང་རྙེད་པ་གཅིག་པར་བགྱིས། ཚེ་དང་ལྡན་པ་དག་ལས་གང་བཟོད་པ་ནི་
མ་སྨྲ་ཤིག །གང་མི་བཟོད་པ་ནི་སྨྲོས་ཤིག་ཅེས་པ་ནི་ལས་ཏེ་འདི་སྐད་དུ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་གསོ་སྦྱིན་ཐ་དད་ཅིང་རྙེད་པ་གཅིག་པར་གྱིས་ཤིག་པའོ། །སྲུང་བའི་དགེ་སློང་དེས་ཀྱང་བཏང་སྟེ་གུད་དུ་འགྲོ་བའི་ཚེ་ཇི་ལྟར་བྱ་ཞེ་ན། གཏོང་བའི་ཚེ་དངོས་པོ་རྣམས་ཉེན་ཀོར་གྱི་
གཙུག་ལག་ཁང་དུ་གདམས་ཞེས་པ་ཡིན་ནོ། །གནས་ན་སྦྱིན་ཞེས་པ་ནི་གཙུག་ལག་ཁང་དེར་དགེ་འདུན་གནས་ན་གཏམས་པས་ཡོ་བྱད་སླར་བྱིན་ཅིག་པའོ། །གནས་ཐ་དད་པའི་རྫས་གནས་ཐ་དད་པར་མི་སྦྱིན་ཞེས་པ་ནི་གཙུག་ལག་ཁང་སོ་སོའི་ཡོ་བྱད་ཕན་ཚུན་མ་སྦྱིན་ཅིག་པའོ། །དེ་དག་
མི་སྟེར་ན་དགུག་ཅེས་པ་ནི་གཏམས་པ་བརྣོགས་ཏེ་མི་སྟེར་ན་དེར་མ་གནང་བར་ཁུགས་ཤིག་པའོ། །ཁྱིམ་བདག་དེ་ཉིད་ཀྱི་ན་ཡང་ངེས་པ་མི་འཁྲུ་ཞེས་པ་ནི་ཡོན་བདག་གཅིག་གིས་གཙུག་ལག་ཁང་ཁ་གཉིས་སུ་བརྩིགས་ཀྱང་གཙུག་ལག་ཁང་སོ་སོའི་ཡོ་བྱད་གཏན་དུ་ནང་མ་བསྣོར་ཅིག་པའོ། །
མི་སྟེར་ན་མཐུས་བླང་ཞེས་པ་ནི་གཙུག་ལག་ཁང་གི་ཡོ་བྱད་གཏམས་པ་ལ་སོགས་པ་གང་ཡང་རུང་བསྣོགས་ཏེ་སླར་མི་སྟེར་ན་ནན་པོ་ཆེས་ཀྱང་ཕྲོགས་ཤིག་པའོ། །གནས་ཐ་དད་པའི་རྫས་གནས་ཐ་དད་དུ་ཡེ་མི་སྦྱིན་ནམ་ཞེ་ན། བརྙན་པོར་ནི་སྦྱིན་ཞེས་པ་ཡིན་ནོ། །བྱང་ཆུབ་པ་དང་ཆོས་ཀྱི་
འཁོར་ལོ་དང་ཆོ་འཕྲུལ་ཆེན་པོ་དང་ལྷ་ལས་བབས་པ་འདི་དག་མ་གཏོགས་པ་གཞན་མ་གྲུབ་ན་དེའི་རྙེད་པ་མཆོད་རྟེན་གཞན་ལ་བསྡོས་ཀྱང་ཉེས་མེད་ཅེས་པ་མཆོད་རྟེན་ཆེན་པོ་འདི་དག་མ་ཡིན་ན་ནི་མཆོད་རྟེན་ཕལ་ལ་དབུལ་བར་བཤམ་མ་བཤམས་པ་ལས་ཆོམ་རྐུན་ལ་སོགས་པའི་
Vol. 164 · folio 97a
རྐྱེན་གྱིས་དབུལ་དུ་མ་བདེ་སྟེ་དེ་མ་ཡིན་བའི་མཆོད་རྟེན་གཞན་ལ་ཕུལ་བ་ལྟ་བུ་ཉེས་མེད། མཆོད་རྟེན་ཆེན་པོ་རྣམས་ལ་དབུལ་བར་བསམས་པའང་རྐྱེན་འདི་ལྟ་བུས་བཙལ་ན་ཆེན་པོ་ནང་བསྐྲུལ་བ་ནི་ཉེས་མེད། བསྔོ་བ་སྤང་བའོ།། །།བསྩགས་པའི་ཞར་ལ་སྟོན་པ་ནི། བདུན་
པར་བྱིན་གྱིས་བརླབས་པའི་ཞག་འདས་པ་དགེ་སློང་ཐོས་པར་བྱ་ཞེས་པ་ཡིན་ཏེ་ཞག་བདུན་པའི་སྨན་དུ་བྱིན་གྱིས་བརླབས་པའི་ཞག་འདས་ཤིང་། དགེ་སློང་དག་ལ་ཞག་འདི་རྙེད་ཐལ་ལོ་ཞེས་མི་བརྗེད་པར་བྱ་བའི་ཕྱིར་སྙོད་ཅིག་པར་སྟོན་པའོ། །ཇི་ལྟར་བྱས་པས་བཞག་པ་སྤང་བར་འགྱུར་ཞེ་ན།
བཟའ་བའི་ཕྱིར་བཅངས་ནའོ་ཞེས་པ་ཡིན་ཏེ་བཟའ་བའི་ཕྱིར་བསྲེལ་ཅིང་བཅངས་ན་ཉེས་པར་འགྱུར་གྱི་ཟོས་ན་ནི་བསྩགས་པའི་ལྟུང་བ་ཉི་ཚེར་འགྱུར་བ་དང་ཟོས་ཟིན་ན་སྤང་བའང་མེད་པའི་ཕྱིར་བཅངས་ཞེས་སྨོས་སོ། །སོ་སོར་ཐར་པ་ལས་ཟོས་ན་ཞེས་འབྱུང་བ་ནི་མ་བཅངས་ཀྱི་བར་དུ་བཟར་
མེད་པས་ནའོ། །རྣམ་པར་འབྱེད་པའི་ལྟུང་བ་འཆད་པ་ལས་ཀྱང་བཅངས་པ་ཙམ་གྱིས་སྤང་ངོ་ཞེས་འབྱུང་ངོ་། །ཅི་བཅངས་པ་ཞེ་ན། འདིའོ་ཞེས་པ་ཡིན་ཏེ། ཞག་བདུན་པར་བྱིན་གྱིས་བརླབས་པ་ལས་ཉེས་པར་འགྱུར་བའོ། །གང་གི་ཚེ་ཞེ་ན། བརྒྱད་ཀྱི་སྐྱ་རེངས་ཤར་ནའོ་ཞེས་པ་ཡིན་
ཏེ་བཅངས་པ་བརྒྱད་ཀྱི་སྐྱ་རེངས་ཤར་ན་ཉེས་པར་འགྱུར་བའོ། །ཞག་བདུན་བར་བྱིན་གྱིས་བརླབས་པ་བཅངས་པའི་ཉེས་པ་ནི་གོང་དུ་བསྟན་པ་ལྟ་བུ་ཡིན་བླངས་པ་དང་ནང་དུ་ལས་པ་དང་ནང་དུ་བཙོས་པ་ལ་སོགས་པ་དང་། དུས་ཀྱི་དང་ཐུན་གྱི་དང་ཞག་བདུན་པ་དང་ནམ་འཚོའི་བར་དུ་
རྣམས་དང་མི་རུང་བར་འདྲེས་པ་དང་དུས་ཀྱི་དང་ཐུན་གྱི་ལ་སོགས་པར་འདྲེས་པ་རྣམས་བཟའ་བའི་ཕྱིར་བཅངས་ན་ཉེས་པ་ཅིར་འགྱུར་ཞེ་ན། མི་རུང་བའི་ཟས་ཞག་འདས་པ་ནི་འདིར་ཟོས་པ་བཞིན་དུ་གཟུགས་ཞེས་པ་ཡིན་ཏེ་གོང་དུ་མིང་གིས་སྨོས་པ་འདི་དག་བཟའ་བའི་ཕྱིར་བཅངས་སམ་མི་རུང་
བ་དང་འདྲེས་པ་ཞག་ཚིགས་ལས་འདས་པར་བཅངས་ན་ཟོས་པ་ཉེས་པར་འགྱུར་བའི་རིམ་པ་བཞིན་དུ་བཅངས་པའང་ཉེས་པར་སྟོན་པའོ། །འདི་གང་གི་ཆེད་དུ་སྤགས་པ་དེའི་ཕྱིར་ཉེས་མེད་ཅེས་པ་ནི་གང་འོག་ནས་འབྱུང་བ་ལྟ་བུའི་ཆེད་དུ་སྤགས་ཤིང་བཞག་པ་ནི་ཉེས་མེད་པར་སྟོན་པའོ། །
Vol. 164 · folio 97b
དེའང་གང་ཞེ་ན། སྣ་དང་བྱུག་པ་ཡིར་བཞག་པ་ནི་རུང་ཞེས་པ་ཡིན་ཏེ་སྣར་བླུགས་པ་དང་ལུས་ལ་བསྐུ་བ་ལ་སོགས་པའི་ཡོ་བྱད་དུ་ཏིལ་མར་ལྟ་བུ་ལ་སོགས་པ་བསྲེལ་ཅིང་བཅངས་ཀྱང་ཉེས་མེད་པར་སྟོན་པའོ། །ཞག་བདུན་སྤང་བའོ། །སྤང་བ་རྣམས་རྫོགས་སྷོ།། །།སྤང་བ་ལྟུང་བ་དེ་ལྟར་
བསྟན་པའི་འོག་ཏུ་ལྟུང་བ་ཉི་ཚེ་སྟོན་ཏེ་དེའང་སྤང་དུ་མེད་ཅིང་ལྟུང་བ་འབའ་ཞིག་བཤགས་པས་ཚངས་པའི་ཕྱིར་ལྟུང་བ་ཉི་ཚེ་ཞེས་བྱ་སྟེ། གྲངས་ནི་དགུ་བཅུ་ཡོད་དོ། །དེ་ཡང་སོ་སོར་ཐར་པ་ལས་བརྫུན་གྱི་ལྟུང་བ་དང་པོར་སྨོས་པས་ན། ཕས་ཕམ་པར་གཏོགས་པའི་བརྫུན་དང་དགེ་འདུན་གྱི་ལྷག་
མར་གཏོགས་པ་དང་སྦོམ་པོར་གཏོགས་པ་དང་ཉེས་བྱས་སུ་གཏོགས་པ་དང་ལྟུང་བར་གཏོགས་པ་ལྔ་ལས་གཉིས་ནི་གོང་དུ་བསྟན་ཟིན། གསུམ་ནི་ད་སྟོན་ཏོ། །དེ་ལ་ཡང་སྦོམ་པོར་གཏོགས་པ་དང་ཉེས་བྱས་སུ་གཏོགས་པ་བཤད་བླ་བའི་ཕྱིར་སྤྱིར་ཇེ་སྟོན་པ་ནི། ཤེས་བཞིན་དུ་ཆོས་མ་ཡིན་པ་
ཆོས་ཡིན་པ་དང་ཆོས་ཡིན་པ་ཆོས་མ་ཡིན་པར་དགེ་འདུན་གྱི་མདུན་དུ་སྒྲོགས་ན་ཉེས་པ་སྦོམ་པོའོ་ཞེས་པ་དང་། གསོ་སྦྱིན་གྱི་ཚེ་འདི་ན་ཀུན་གཙང་བར་གནས་སམ་ཞེས་ལན་གསུམ་གྱི་བར་དུ་སྨྲས་ན་མི་གཙང་བའི་འདུ་ཤེས་ཀྱིས་མི་སྨྲ་བར་བརྣོགས་པ་ཉེས་བྱས་ཞེས་པ་ཡིན་ཏེ་འདི་
སྐད་དུ་ཆོས་ཡིན་བ་དང་མ་ཡིན་བར་སྨྲ་བ་དང་། གསོ་སྦྱིན་གྱི་ཚེ་འདི་ལྟར་དངན་འཐེན་བྱེད་ན་སྦོམ་པོ་དང་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །ལྟུང་བར་གཏོགས་པའི་བརྫུན་དུ་སྨྲ་བ་ནི། འདི་གཉིས་དང་ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མ་གཉིས་ལས་གཞན་པ་ནི་བརྫུན་སྨྲ་
བའོ་ཞེས་པ་ཡིན་ཏེ། གོང་དུ་བཤད་པ་རྣམ་གཉིས་དང་ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མ་གཉིས་ཏེ་བཞི་ལ་མ་གཏོགས་པའི་བརྫུན་དུ་སྨྲ་བའོ། །ཆོ་ག་ལྟུང་བར་སྟོན་པ་དེ་དེ་ཡང་དངོས་པོའི་དབང་གིས་མ་ཡིན་གྱི་འདུ་ཤེས་ཀྱི་དབང་གིས་དབྱེའོ། །དང་པོ་ནས་བརྫུན་དུ་སྨྲ་བར་
བསམས་ཏེ་སྨྲས་པ་བརྫུན་དུ་འགྱུར་བ་ལྟ་སྨོས་མི་དགོས་ཀྱི་སྨྲ་བའི་ཚེ་ཁོ་ན་བརྫུན་དུ་འདུ་ཤེས་པ་བརྫུན་མ་ཡིན་ནོ་ཞེས་པར་རེ་བ་བཙལ་བའི་ཕྱིར། སྨྲ་བའི་ཚེ་ཡང་འདུ་ཤེས་རྙེད་ན་འདིར་འགྱུར་ཞེས་པ་ཡིན་ཏེ་སྨྲ་བའི་ཚེ་ཁོ་ན་བདག་གིས་བརྫུན་སྨྲས་སོ་བར་ཤེས་ན་ཡང་བརྫུན་དུ་
Vol. 164 · folio 98a
མི་འགྱུར་བ་མ་ཡིན་པར་སྟོན་པའོ། །མནའ་མི་དོར་ཞེས་པ་ནི་དངོས་པོ་འགའ་ཞིག་མནའ་ས་བརྩངས་ཀྱི། གཞན་ཐམས་ཅད་བརྫུན་དུ་འགྲེ་བའི་ཕྱིར་མནའ་ཡོང་ཡེ་མ་འདོར་ཅིག་པར་སྟོན་པའོ། །བརྫུན་དུ་སྨྲ་བ་ལྟུང་བའོ།། །།མི་ལ་སྨོད་པར་སྨྲ་བ་ལྟུང་བར་སྟོན་པ་ནི།
དགེ་སློང་ཞེས་པ་ལ་སོགས་པ་ཡིན་ཏེ་སྨད་པའི་མི་དེ་དགེ་སློང་ཡིན་ན་གདོད་ཉེས་པ་རངས་པར་འགྱུར་བའོ། །འོག་མ་ཡང་ངོ་ཞེས་པ་ནི་འདིའི་འོག་ནས་ཕྲ་མའི་ལྟུང་བ་བྱུང་བ་ཡང་དགེ་སློང་ལ་སྨྲས་ནས་ཉེས་པ་རངས་པར་སྟོན་པའོ། །དག་པའི་སེམས་ཀྱིས་སྨོད་པ་བྱུང་ཡང་སྲིད་པས་ན་
དེའི་བྱེ་བྲག་སྟོན་པ་ནི། སྨད་པར་འདོད་པས་ཞེས་པ་ཡིན་ཏེ་འདི་སྨད་པར་བྱ་བ་བརྗོད་དོ་སྙམ་དུ་བསམས་ཏེ་སྨྲས་ནའོ། །སྨྲ་བའི་ཚིག་དེའང་ཇི་ལྟ་བུས་ཤེ་ན། འཇམ་པ་འམ་རྩུབ་པས་སོ་ཞེས་པ་ཡིན་ཏེ་འཇམ་རྩུབ་གང་སྐད་དུ་སྨྲས་ཀྱང་རུང་བའོ། །གང་ཇི་ལྟར་ཡང་རུང་མི་བྲིན་བར་བསམས་
ཏེ་སྨྲས་ནའོ་ཞེས་ནི་ལུས་དང་སེམས་གང་གི་སྐྱོན་ཡང་རུང་ཞར་བའམ་ངན་པ་ཞེས་པ་ལ་སོགས་པ་སྨད་ཅིང་མི་བྲིན་བར་བྱ་བའི་ཆེད་དུ་བསམས་ཏེ་སྨྲས་ན་ཉེས་པར་འགྱུར་བའོ། །གནོད་པར་མ་གྱུར་ཀྱང་ངོ་ཞེས་པ་ནི་དེ་ལྟར་སྨད་པས་གནོད་པ་སྐྱེངས་ཤིང་སྨ་བབ་པར་མ་གྱུར་ཀྱང་ཉེས་པ་རངས་
པར་སྟོན་པའོ། །རྗེའུ་དང་བྲམ་ཟེ་ལ་སོགས་པ་གཞན་ནི་ཉེས་བྱས་ཞེས་པ་ནི་འདི་སྐད་དུ་ཟེར་ཞིང་མི་བྲིན་པར་སྨོད་པ་ནི་འཇིག་རྟེན་པ་ཡོངས་ཀྱིས་མཚང་དུ་མི་ལྟ་བའི་ཕྱིར་ཉེས་བྱས་ལས་མེད་པར་སྟོན་པའོ། །དགེ་ཚུལ་ལ་སོགས་པ་ལ་སྨྲས་པ་ནི་ཉེས་པ་འབྲི་བའོ། །སྨོད་པར་
སྨྲ་བའོ།། །།ཕྲ་མའི་ལྟུང་བ་སྟོན་པར་འདོད་པ་ནི། ཕྲ་མ་འདོད་པས་ཆེ་གེ་མོ་འདི་སྐད་ཟེར་རོ་ཞེ་ས་སྨྲ་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། ཕ་རོལ་དབྱེ་བའི་ཕྱིར་ཆེ་གེ་མོ་ཞིག་ཁྱོད་ལ་འདི་སྐད་ཟེར་རོ་ཞེས་སློས་ན་ལྟུང་བར་འགྱུར་བའོ། །དེའང་སྤྱིར་སྨོས་པ་ཙམ་གྱིས་སམ་ཞེ་ན། མིང་
ནས་ནའོ་ཞེས་པ་ཡིན་ཏེ་གོང་མ་སྐད་དུ་ཟེར་བའང་མིང་ནས་བརྗོད་ན་གདོད་ཉེས་པ་རངས་པར་འགྱུར་བའོ། །འདིའང་དགེ་སློང་ནའོ་ཞེས་པ་ནི་མིང་ནས་འབྱུང་བ་དེའང་དགེ་སློང་ཡིན་ན་གདོད་ཉེས་པ་རངས་པར་འགྱུར་བའོ། །གཞན་དུ་ན་ཉེས་བྱས་ཞེས་པ་ནི་མིང་ནས་འབྱུང་པ་དེ་དགེ་
Vol. 164 · folio 98b
སློང་མ་ཡིན་ནམ་མིང་ནས་མ་སྨོས་ན་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །ཕྲ་མའོ།། །།སྐྱོ་སྔོགས་བྱེད་པའི་ལྟུང་བ་སྟོན་པར་འདོད་པ་ནི། འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་པའི་ཡུལ་གང་ཡིན་པ་ནི། དགེ་འདུན་གྱིས་ཡང་དག་པར་སྤྱད་ཅེས་པ་ཡིན་ཏེ་དགེ་འདུན་གྱིས་གཏན་
ལ་བབ་ཅིང་ཡང་དག་པར་བཅད་པར་ཤེས་བཞིན་དུ་འོག་ནས་འབྱུང་བ་ལྟར་བྱེད་ན་ཉེས་པར་འགྱུར་བའོ། །དགེ་སློང་དག་རྩོད་ནའོ་ཞེས་པ་ནི་རྩོད་པ་གཉིས་ཀའང་དགེ་སློང་ཡིན་ན་ཉེས་པ་རངས་པར་འགྱུར་བའོ། །ཇི་ལྟར་བྱས་པས་ཉེས་པར་འགྱུར་ཞེ་ན། སྐྱེ་ནའོ་ཞེས་པ་ཡིན་ཏེ་དགེ་འདུན་གྱིས་བཅད་
པའི་འོག་ཏུ་བཅད་པ་འདི་ཉེས་ཤིང་མི་རུང་ངོ་ཞེས་སྐྱོ་སྔོགས་བྱེད་ན་ཉེས་པར་འགྱུར་བའོ། །སུས་དེ་ལྟར་བྱེད་ན་རྩ་བའི་ཉེས་པར་འགྱུར་ཞེ་ན་གཞི་བ་དང་ལས་བྱེད་པ་དང་དད་པ་དབུལ་བ་རྣམས་ན་རྩ་བའོ་ཞེས་པ་ཡིན་ཏེ་གཞི་ལ་འདུག་འདུག་པ་དང་རྩོད་པ་ཞི་བའི་ལས་བྱེད་བྱེད་པ་དང་རྩོད་པ་ཞི་བའི་ལས་བྱེད་པའི་ཚེ་དད་
པ་རྨས་ན་མ་ནོངས་ཀྱིས་དེ་ལྟར་མཛོད་ཅིག་ཅེས་དད་པ་ཕུལ་བའི་མི་འདི་རྣམས་གོང་མ་ལྟར་སྐྱོ་སྔོགས་བྱེད་ན་རྩ་བའི་ཉེས་པར་འགྱུར་བའོ། །བསམས་པ་བརྗོད་པ་དང་འོངས་པ་དག་ནི་ཉེས་བྱས་ཞེས་པ་ནི་ཁོ་བོའི་ཡིད་ལ་ནི་འདི་སྙམ་བྱེད་ཅེས་བསམས་པ་བརྗོད་པ་དང་གུད་ནས་འོངས་ལ་དང་པོའི་ལོ་
དྲུག་མི་ཤེས་པ་ཞིག་ན་རེ་དགེ་འདུན་གྱིས་ལས་བྱས་པ་ཉེས་སོ་ཞེས་ཟེར་བ་ནི་ཉེས་བྱས་སུ་ཟད་བར་སྟོན་པའོ། །རྩོད་པ་རྩོད་པ་གཞན་དུ་བར་ཤེས་པ་ནི་དེ་བཞིན་ཞེས་པ་ནི་རྩོད་པའི་གླེང་གཞི་ནོར་ཏོ་སྐྱོ་སྔོགས་བྱེད་པ་ཡང་མ་ནོར་ཅིང་ཡང་དག་པར་ཤེས་ལ་སྐྱོ་སྔོགས་བྱེད་པ་དང་འདྲ་བར་སྟོན་པའོ། །
ལས་ཀྱི་འབྲས་བུར་འགྱུར་བ་ལ་གཏམ་ལ་མ་བབ་པར་བརྗོད་ན་ཕྱེད་དོ་ཞེས་པ་ནི་གསོལ་བ་ལ་སོགས་པའི་ལས་ཀྱི་འབྲས་བུ་བསླབ་པ་བྱིན་པ་ལ་སོགས་པའི་དོན་དུ་ཡོད་ཅིང་གྲུབ་པ་ལས་དོན་དུ་མ་གྱུར་ཅིང་ལས་སུ་མ་རུང་བ་སྐད་དུ་ཐེ་ཚོམ་སྐུར་ཞིང་སྨྲ་ན་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །སྐྱོ་
སྔོགས་བྱེད་པའོ།། །།ད་ནི་འཆད་པའི་ལྟུང་བ་སྟོན་ཏེ་གོང་དུ་རེག་པའི་ལྷག་མ་འཆད་པའི་ཚེ་བུད་མེད་ལས་བྱེད། ཁྱིམ་པ་མོ་འཆད། རིག་པའི་སྐྱེས་པ་ཐ་དད་དུ་མ་བཞག་ཅེས་པ་ལ་སོགས་པ་སྤྱིའི་མཚན་ཉིད་བསྟན་པ་ལས་གཞི་བླངས་ཏེ། རང་གི་མཚན་ཉིད་ཀྱི་བྱེ་བྲག་ཙམ་ཞིག་སྟོན་པ་
Vol. 164 · folio 99a
ནི། འཆད་ན་ཞེས་པ་ལ་སོགས་པ་ཡིན་ཏེ་འཆད་ཉེས་པར་འགྱུར་བའོ། །ཅི་བཤད་པས་ཤེ་ན། ཆོས་ཞེས་པ་ཡིན་ཏེ་དེ་བཞིན་གཤེགས་པས་བསྟན་པའི་ཆོས་བཤད་ནའོ། །དེའི་ཚད་སྟོན་པ་ནི། ཚིག་དྲུག་ལས་ལྷག་པ་ཞེས་པ་དང་། ལྷག་པར་ཤེས་པ་ཞེས་པ་དང་། སྔར་བརྩམས་
ལ་ཚིག་ལྔ་ལས་སོ་ཞེས་པ་རྣམས་ཡིན་ཏེ་ཚིག་དྲུག་བཤད་པར་བརྩམས་པ་ལས་བདུན་དུ་ལྷག་པ་དང་ལྔ་བཤད་པར་བརྩམས་པ་ལས་དྲུག་དུ་ལྷག་པ་རྣམས་ལྷག་པར་ཤེས་བཞིན་ཉེས་པ་རངས་པར་སྟོན་པའོ། །མཁས་པས་ལན་དང་ཡང་ལན་དྲིས་པར་འཆད་པ་དང་། ཞུ་བ་དང་འདོན་པ་དང་། འདྲི་བ་
དང་། ཉེས་པར་གནས་པ་འབོགས་པ་དང་སྦྱིན་འཆད་པ་རྣམས་མ་ཡིན་ནོ་ཞེས་པ་ནི་རྐྱེན་འདི་རྣམས་ལྟ་བུའི་ཚེ་ལྷག་པར་བཤད་དུ་ཟིན་ཀྱང་ཉེས་པ་མེད་པར་སྟོན་པའོ། །དེ་ལ་བཤད་པའི་རྗེས་གཅོད་ཅིང་ཐུག་ཐུབ་དུ་དྲི་བའི་ལན་བཤད་པ་ནི་མཁས་པས་ལན་དང་། ཡང་ལན་དྲིས་པ་འཆད་ཅེས་པ་ཡིན་ནོ་ཁ་ཏོན་སློབ་པ་ཅི་ལོབས་པའི་
རྣམས་ཉེས་སམ་མ་ཉེས་སློབ་དཔོན་གྱི་མདུན་དུ་སློབ་པ་ནི་ཞུ་བའོ། །ཁ་ཏོན་སློབ་པར་འབོགས་པ་ནི་འདོན་པའོ། །སྐབས་སྐབས་ཚིག་དང་དོན་ཇི་ལྟ་བུ་ཡིན་ཞེས་འདྲི་བ་ནི་འདྲི་བའོ། །ཉིན་ཞག་གཅིག་གི་བར་དུ་ཁྲིམས་བརྒྱད་འབོགས་པ་ནི་ཉེ་བར་གནས་པ་འབོགས་པའོ། །ཟས་དང་ཡོན་ཟོས་ཤིང་སྦྱིན་པའི་འོག་ཏུ་
ཚིགས་བཅད་གློག་པ་ནི་སྦྱིན་པ་འཆད་པའོ། །གནས་སྤོས་ན་སྔ་མ་བྱས་པ་ཡིན་ཞེས་པ་ནི་ཚིག་ལྔ་འམ་དྲུག་བཤད་ཅིང་གནས་ཡང་སྤོས་ཏེ་བཤད་པ་ནི་ཉེས་མེད་པར་སྟོན་པའོ། །འཆད་པའོ།། །།ཀློག་པའི་ལྟུང་བ་སྟོན་པར་འདོད་པ་ནི། གཞུང་གི་ཆོས་དང་ཡི་གེ་ཡང་བསྙེན་པར་མ་རྫོགས་པ་དང་མཉམ་པའམ་འདོར་
བར་ཀློག་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་མདོ་ལ་སོགས་པ་གཞུང་གི་ཆོས་དང་ཡི་གེ་ཡན་ཆད་བསྙེན་པར་མ་རྫོགས་པ་དང་མཉམ་པའམ་དེས་སྔར་སྤགས་པའི་མཇུག་ཐོགས་སུ་ཀློག་ན་ཆོས་དང་སྟོན་པ་ལ་མ་གུས་པའི་ཕྱིར་ལྟུང་བར་འགྱུར་བའོ། །དེ་ལ་གཞུང་དང་ཆོས་ཤེས་གཉིས་སུ་སྦྲེལ་པ་ཅིའི་ཕྱིར་ཞེ་ན། མུ་སྟེགས་པ་
ལྟ་བུའི་ཆོས་གཞུང་ཡོད་དུ་ཟིན་གྱིས་ཀྱང་ཡང་དག་པའི་ཆོས་མེད་པ་དང་མཁན་པོའམ་སློབ་དཔོན་དག་གིས་གཙུག་ལག་ཏུ་བསྡུས་པ་ལྟ་བུ་ཆོས་ཡིན་དུ་ཟིན་གྱིས་ཀྱང་གཞུང་རངས་པ་མེད་པས་ན་དེ་ལྟ་བུ་ཉེན་བསྩལ་བའི་ཕྱིར་གཞུང་གི་ཆོས་ཞེས་སྨོས་པ་ཡིན་ནོ། །མི་འདོད་པར་གྲུབ་པས་གཏོགས་ཞེས་པ་ནི་བསྙེན་པར་མ་
Vol. 164 · folio 99b
རྫོགས་པ་དང་། མགྲིན་མཉམ་པའམ། དེ་འདོར་ཏེ་ཀློག་པར་མ་དད་བཞིན་དུ་བསྙེན་པར་མ་རྫོགས་པ་དེ་དག་གིའམ་རྒོད་པ་ལ་སོགས་པའི་དབང་གིས་འདོར་བའམ་མཉམ་པར་གྱུར་ན་ཉེས་མེད་པར་སྟོན་པའོ། །བསྒོ་ནས་ཀློག་ཏུ་གཞུག་ཅེས་པ་ནི་སྔ་མས་བསྙེན་པར་མ་རྫོགས་པ་ལམ་མཉམ་པའམ་ཐལ་ཏེ་ཀློག་
པ་མ་བྱེད་བར་ཕྱི་བཞིན་དུ་ལྷོག་ཤིག་པར་སྟོན་ཅིག་པའོ། །འདོན་པ་དང་སློས་པ་དང་འདྲི་བ་ཡང་ངོ་ཞེས་པ་ནི་སྔོན་སྟོན་པ་དང་ལོབས་པ་སློས་པ་དང་སྐབས་སྐབས་སུ་མ་གོ་བ་འདྲི་བ་དེ་དག་གི་ཚེ་ནི་སྔོན་མ་བསྐམས་པ་མ་ཡིན་པས་ན་མཉམ་པར་ཀླགས་ཀྱང་བླ་བར་སྟོན་པའོ། །ཀློག་པའོ།། །།གནས་ངན་ལེན་དུ་སྨྲ་བ་སྟོན་པའི་
ཞར་ལ་དེ་དང་འབྲེལ་ཡང་སྟོན་པ་ནི། སྡིག་པའི་དགེ་སློང་ཕ་དང་དགེ་སློང་མ་ཁྱིམ་དུ་སྒྲོགས་པ་བསྒོ་ཞེས་པ་ནི་སྡིག་སྤྱོད་པའི་དགེ་སློང་ཕའམ་དགེ་སློང་མ་ཞིག་ཡོད་ན་དགེ་འདུན་སྤྱིར་དྲི་མི་སྔ་བའི་ཕྱིར་ཁྱིམ་ཁྱིམ་དུ་སྒྲོགས་ཤིང་སྙོད་པའི་དགེ་སློང་སྐོས་ཤིག་པའོ། །དེ་ལྟར་བསྐོས་པའི་དགེ་སློང་གིས་སྙད་ཇི་སྐད་དུ་བསྒྲགས་
ཤེ་ན་ཚེ་དང་ལྡན་པ་དག་ཉོན་ཅིག་འདི་ལྟ་སྟེ་འབྲུའི་ཞིང་རྫོགས་པའི། འབྲུ་དེ་དག་ཁ་གདག་པ་དང་ཆུད་གཟན་པ་དང་མི་རིགས་པས་གཏན་ནས་བསླང་བའི་ཕྱིར་སེར་དྲག་འབེབས་པ་དང་། བུ་རམ་གྱི་ཞིང་རྫོགས་པ་ཁ་གདག་པ་དང་ཆུད་གཟན་པ་དང་མི་རིགས་པས་གཏན་ནས་བླང་བའི་ཕྱིར་གཅོད་ཅེས་བྱའི་ནད་ཀྱིས་
འཇོམས་པ་ལྟར་ཁྱིམ་དུ་ཁྱིམ་སུན་འབྱིན་པ་དགེ་སྦྱོང་གི་གནས་སུ་དགེ་སྦྱོང་གནས་སུན་འབྱིན་པའང་ཡོད་དེ། དགེ་སློང་ཕའི་དང་དགེ་སློང་མ་འདི། འདི་ཆོས་དང་འདུལ་བ་ལ་ཆོས་བཞིན་དུ་སྐྱེ་བའི་ཆོས་མེད་པས་ན་ཚེ་དང་ལྡན་པ་ཁྱེད་ཅག་དགེ་སློང་ཕ་འདི་དང་དགེ་སློང་མ་འདི་ལས་བསྟན་པའི་ཚད་དུ་མ་བྱེད་པར།
བཅོམ་ལྡན་འདས་དང་གནས་བརྟན་རྒན་རབས་ཀྱི་དགེ་སློང་དག་ལ་ལྟོས་ཤིག་ཁྱིམ་དུ་སྒྲོགས་པས་ཁྱིམ་དུ་སྨྲོས་ཤིག་ཅེས་པ་ཡིན་ཏེ་སྒྲོགས་པར་བསྐོས་པ་དེས་སྙད་འདི་སྐད་དུ་བསྒོ་ཤིག་པའོ། །མོས་པ་མེད་པ་ལྟ་ན་གསོལ་བ་བྱ་ཞེས་པ་ནི་གོང་མ་ལྟར་སྒྲོགས་པའི་དགེ་སློང་འགའ་ཞིག་བསྐོར་ཤ་འཁོན་གྱིས་
འཛེམ་སྟེ་མ་དད་ན་དགེ་འདུན་ཆུན་གྱིས་སྒྲོགས་པའི་གསོལ་བ་གྱིས་ཤིག་པའོ། །འབྲིད་འདུ་ཤེས་བརྩན་པ་དེ་གང་ཞེ་ན། ཉན་པ་རྒྱུས་མི་ཤེས་ཤིང་བསྙེན་པར་མ་རྫོགས་ནའོ་ཞེས་པ་ཡིན་ཏེ་སྡིག་པའི་དགེ་སློང་ཕའམ་དགེ་སློང་མ་ཡིན་པར་རྒྱུས་མ་ཤེས་པ་དང་བསྙེན་པར་མ་རྫོགས་པར་ཤེས་ལ་དེ་ལ་
Vol. 164 · folio 100a
ཟེར་ན་ཉེས་པར་འགྱུར་བའོ། །ཇི་ལྟར་བྱས་པས་གནས་ངན་ལེན་གྱི་ཉེས་པར་འགྱུར་ཞེ་ན་སྨྲས་ནའོ་ཞེས་པ་ཡིན་ཏེ་གོང་དུ་སྨོས་པ་ལྟ་བུའི་མི་ལ་སྨྲས་ན་གདོད་ཉེས་པར་འགྱུར་བའོ། །སྨྲས་པ་ཇི་སྨྲས་པས་ཤེ་ན། ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མའོ་ཞེས་པ་ཡིན་ཏེ་ཕས་ཕམ་པའམ་དགེ་
འདུན་གྱི་ལྷག་མ་ཡོད་པར་སྨྲས་ན་གདོད་ཉེས་པར་འགྱུར་བའོ། །སུ་ལ་ཉེས་པར་འགྱུར་ཞེ་ན། མ་བསྐོས་པའོ་ཞེས་པ་ཡིན་ཏེ་སྒྲོགས་པར་མ་བསྐོས་པར་སྨྲས་ན་ཉེས་པར་འགྱུར་བའོ། །ནམ་ཡང་རུང་ཉེས་པར་འགྱུར་རམ་ཞེ་ན། དགེ་འདུན་ལ་མ་གསོལ་ནའོ་ཞེས་པ་ཡིན་ཏེ་དགེ་འདུན་ཆུན་གྱིས་
བསྒྲགས་པར་བྱས་པ་མ་ཡིན་པའི་ཚེ་གནས་ངན་ལེན་སྨྲ་ན་ཉེས་པར་འགྱུར་བའོ། །གནས་ངན་ལེན་སྨྲ་བའོ།། །།མི་ལས་བླ་མའི་ཆོས་སྒྲོགས་པ་ལྟུང་བ་སྟོན་པར་འདོད་པ་ནི། བདེན་ཡང་ངོ་ཞེས་པ་ཡིན་ཏེ་མིའི་ཆོས་ལས་བླ་མའི་ཆོས་ལ་སོགས་པ་ཇི་ལྟར་སྨྲ་བའི་མཚན་ཉིད་ནི་ཕས་ཕམ་པའི་ཚེ་
བཤད་ཟིན་པས་ན་དེ་ལས་མི་འདྲ་བར་བདེན་པ་ཙམ་ཞིག་ཡོད་དུ་ཟད་པའི་ཕྱིར་བདེན་ཡང་ངོ་ཞེས་སྨོས་པ་ཡིན་ནོ། །གང་ཟག་ཇི་ལྟ་ལ་སྨྲས་པས་ཤེ་ན་བདེན་པ་མ་མཐོང་བའི་བསྙེན་པར་མ་རྫོགས་པའོ་ཞེས་པ་ཡིན་ཏེ་བདེན་པ་མ་མཐོང་བའི་དགེ་ཚུལ་དང་ཁྱིམ་པ་ལ་སྨྲས་ན་ཉེས་པར་འགྱུར་བའོ། །ཁྱིམ་
པའི་མདུན་དུ་རྫུ་འཕྲུལ་མི་བསྟན་ཅེས་པ་ནི་གདུལ་བའི་ཆེད་མ་ཡིན་ན་རྫུ་འཕྲུལ་ཁྱིམ་པའི་མདུན་དུ་མ་སྟོན་ཅིག་པའོ། །སྟོན་པའི་མདུན་དུ་དགེ་སློང་མ་ཡིན་ཞེས་པ་ནི་སྟོན་པའི་སྤྱན་སྔར་དགེ་སློང་མ་རྫུ་འཕྲུལ་མ་བྱེད་ཅིག་པ་སྟེ་མདོ་འདི་གཉིས་ནི་ཕྲན་ཚེགས་ལས་འབྱུང་ངོ་མི་ལས་བླ་མའི་ཆོས་སྨྲ་
བའོ།། །།སྐུར་པ་འདེབས་པའི་ལྟུང་བ་སྟོན་པའི་ཐོག་མ་ཉིད་དུ་འདུལ་བ་ཐམས་ཅད་ཀྱི་ཆེད་དུ་དགོས་པ་སྟོན་པ་ནི། ཆེད་ཆེ་བའི་དོན་ཅིག་ན་གསོལ་བ་ཐོག་མར་བྱས་པས་དོན་སྒྲུབ་ཅེས་པ་ཡིན་ཏེ་མལ་ཆ་རྫི་ལ་སོགས་པ་ལས་ཆེད་ཆེན་པོར་བསྐོས་ན་གསོལ་བ་ལ་སོགས་པའི་ལས་ཇེ་གྱིས་ལ་དེ་ནས་གདོད་
བསྐོས་ཤིག་པར་སྟོན་པའོ། །སུ་ལ་སྐུར་བའི་ཉེས་པར་འགྱུར་ཞེ་ན། དད་པ་སྦྱིན་པའོ་ཞེས་པ་ཡིན་ཏེ་དད་པས་འབུལ་བ་དེ་སྐུར་པ་འདེབས་ན་ལྟུང་བར་སྟོན་པའོ། །ཇི་ལྟར་བྱས་པས་སྐུར་བའི་ཉེས་པར་འགྱུར་ཞེ་ན། དགེ་འདུན་གྱིས་ཟས་མ་ཡིན་པའི་རྙེད་པ་གང་ཟག་ལ་ལོག་པར་བསྔོས་སོ་ཞེས་དགེ་
Vol. 164 · folio 100b
སློང་ལ་མིང་གིས་མི་སྨོས་པར་གཞན་ལ་སྨྲ་ནའོ་ཞེས་པ་ཡིན་ཏེ་དགེ་འདུན་སྤྱིའི་གོས་ཀྱི་རྙེད་པ་གང་ཟག་གིས་ཁ་བསྡུས་ཤིང་ཁྱེར་རོ་ཞེས་དགེ་སློང་ལ་ཟེར་ན་ཉེས་པར་འགྱུར་བའོ། །མི་བདེན་པའི་དོན་གྱིས་ནའོ་ཞེས་པ་ནི་གོང་མ་ལྟར་སྐུར་པའང་མི་བདེན་ན་གདོད་ཉེས་པར་འགྱུར་བའོ། །སྐུར་པ་འདེབས་པ་
ལྟུང་བའོ།། །།ཁྱད་དུ་གསོད་པའི་ལྟུང་བ་སྟོན་པ་ནི། འདུལ་བར་གཏོགས་པ་སྨྲ་བ་ན་ཁ་ཚས་ཟེར་བའོ་ཞེས་པ་ཡིན་ཏེ་འདུལ་བར་གཏོགས་སོ་ཅོག་སྨྲ་བ་ན་ཕྲན་ཚེགས་དེ་དག་ཙམ་གྱི་ཚོད་ཅེས་ཁ་ཚས་ཟེར་ཞིང་ཁྱད་དུ་གསོད་ན་ཉེས་པར་འགྱུར་བའོ། །སོ་སོར་ཐར་པ་ལས་མདོ་འདོན་པ་ན་ཞེས་པ་ནི་གླེང་
གཞི་ཙམ་དུ་ཟད་དོ། །མདོ་ལ་ཉེས་བྱས་ཞེས་པ་ནི་མདོ་སྡེ་ལ་འཕྱ་ན་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །དེའི་ནང་ནས་འདུལ་བའི་ལག་ཏུ་སྨོས་པ་ལ་འཕྱ་ན་ནི་ཉེས་པ་རངས་པར་ཡང་འགྱུར་རོ། །མ་ལྟ་བུ་ལ་འཕྱ་བའང་དེ་བཞིན། ཁྱད་དུ་གསོད་པའོ།། །།ས་བོན་དང་སྐྱེ་བ་འཇོམས་པའི་ལྟུང་བ་སྟོན་ཏེ་དེའི་
གནས་པ་ཇེ་སྟོན་པ་ནི། ལས་སར་པ་ལས་མཆོད་རྟེན་དང་དགེ་འདུན་གྱི་ཕྱིར་ཤིང་བཅད་དོ་ཞེས་པ་ཡིན་ཏེ་དོན་ཆེད་འདི་ལྟ་བུའི་ཕྱིར་ནི་ཤིང་བཅད་ཀྱང་བླ་བར་སྟོན་པའོ། །མཆོད་རྟེན་ཞེས་པའི་ནང་དུ་ནི་ཆོས་ཀྱང་གཏོགས་སོ། །དེ་ལ་གཅོད་པའི་ཆོ་ག་ཇེ་སྟོན་པ་ནི། ཞག་བདུན་ནམ་བརྒྱད་ཀྱི་སྔ་རོལ་ནས་
དེའི་དྲུང་དུ་དཀྱིལ་འཁོར་དང་། དྲི་དང་མེ་ཏོག་དང་སྤོས་དང་མར་མེ་དང་གཏོར་མ་བྱིན་ཞིང་རྒྱུད་གསུམ་ཀླགས་ལ་སྦྱིན་བ་བཤད་དེ་ཤིང་འདི་མཆོད་རྟེན་དང་དགེ་འདུན་གྱི་ཆེད་དུ་བྱས་ཤིང་འདི་ལ་གནས་པའི་ལྷ་སུ་ཡིན་པ་དེ་གནས་གུད་དུ་ཚོལ་ཅིག་ཅེས་བསྙད་ལ་ཤེས་པར་གྱིས་ཤིག་ཅེས་པའི་ཚིག་གིས་སོ། །ཞེས་
པ་ཡིན་ཏེ་ཐབས་དང་སྙད་འདི་དག་ལྟར་བྱ་ཞིང་ཆོད་ཅིག་པའོ། །མེ་འབར། ཁྲག་ཟག །ཡལ་ག་གཡོ། འདབ་མ་ལྟར་གས་པ་ལ་སོགས་པ་ཇི་སྟེ་འགྱུར་བ་ལྟ་ན་དེས་ཤིང་ལ་སྦྱིན་པ་དང་། སེར་སྣའི་བསྔགས་པ་དང་། མི་བསྔགས་པ་བྱ་ཞེས་པ་ནི་ཤིང་གཅོད་པའི་ཚེ་མ་དད་ཅིང་མི་སྟེར་བའི་ཚུལ་འདི་
ལྟར་བྱེད་ན། དཀོན་མཆོག་བསོད་ནམས་ཀྱི་ཞིང་ཡིན་ཏེ་དེ་ལ་ཕུལ་ན་ལེགས་པར་འགྱུར་བ་རྒྱས་པར་བསྔགས་པ་དང་སེར་སྣ་བྱས་ན་དོག་ཅིང་མི་བདེ་བར་འགྱུར་བའི་རྣམ་པར་སྨིན་པའི་མི་བསྔགས་པ་ཤོད་ཅིག་པའོ། །དེ་ལྟར་བྱས་ཀྱང་འགྱུར་བ་མི་གཏོང་ན་ཇི་ལྟར་བྱ་ཞེ་ན། མི་གཏོང་མི་བཅད་ཅེས་པ་
Vol. 164 · folio 101a
ཡིན་ནོ། །འབྲིད། འདུ་ཤེས་བརྩན་བ་དེ་གང་ཞེ་ན། མ་ཉམས་ནའོ་ཞེས་པ་ཡིན་ཏེ་མ་ཉམས་པར་ཤེས་བཞིན་དུ་བཅོམ་ན་ཉེས་པར་འགྱུར་བའོ། །དེ་གང་ཞེ་ན། ས་བོན་དང་འཁྲུང་བ་ཐ་དད་པ་རུང་བར་མ་བྱས་ནའོ་ཞེས་པ་ཡིན་ཏེ་ས་བོན་རྣམ་ལྔ་དང་ཤིང་རྩྭ་ལ་སོགས་པ་འཁྲུང་བ་ཐ་དད་པའི་
རྣམ་པ་ཡིན་པ་དང་རུང་བར་མ་བྱས་པར་ཤེས་བཞིན་དུ་གོང་མ་ལྟར་བྱས་ན་ཉེས་པར་འགྱུར་བའོ། །ཅི་ཉམས་པར་བྱས་པས་ཤེ་ན། རྩྭ་བྲན་ཉམས་པར་བྱས་པ་ཡན་ཆད་དོ་ཞེས་པ་ཡིན་ཏེ་རྩྭ་བྲན་ཡན་ཆད་ཉམས་པར་བྱས་ན་ཉེས་པར་འགྱུར་བའོ། །ཇི་ལྟར་བྱས་པས་ཉེས་པར་འགྱུར་ཞེ་ན། གང་ཇི་ལྟར་ཡང་
རུང་ཞེས་པ་ཡིན་ནོ། །བསྒུལ་བས་ཀྱང་ངོ་ཞེས་པ་ནི་ཤིང་བསྒུལ་ཏེ་ལོ་མ་དང་འབྲས་བུ་ལྷགས་ན་ཡང་ཉེས་པར་འགྱུར་བའོ། །རྩྭ་དང་འཇི་བ་དང་ས་ལ་སོགས་པས་མནན་ནའོ་ཞེས་པ་ནི་འདི་དག་གིས་མནན་ཏེ་ཉམས་པར་བྱས་ན་ཡང་ཉེས་པར་འགྱུར་བའོ། །དོར་བ་ལ་སོགས་པས་ཀྱང་ངོ་ཞེས་པ་ནི་ཁྲུད་མ་
ལ་སོགས་བོར་བས་ཉམས་ན་ཡང་ཉེས་པར་འགྱུར་བའོ། །རླུང་དང་ཚ་བ་ལ་བཞག་པས་ཀྱང་ངོ་ཞེས་པ་ནི་འདི་དག་ལྟ་བུས་བསྲད་ན་ཡང་ཉེས་པར་འགྱུར་བའོ། །སྐམས་ཀྱང་ངོ་ཞེས་པ་ནི་སྐམས་སར་བཏིང་ཞིང་བསྲད་ན་ཉེས་པར་འགྱུར་བའོ། །དེ་ལྟར་བྱེད་པའི་བསམ་པ་ཇི་ལྟ་བུས་ཤེ་ན། དེར་འདོད་ནའོ་
ཞེས་པ་ཡིན་ཏེ། གོང་མ་ལྟར་བྱེད་པ་ཡང་ཆེད་དུ་ཉམས་པར་བྱེད་ན་གདོད་ཉེས་པར་འགྱུར་བའོ། །དེའང་སུས་ཤེ་ན། བདག་གམ་གཞན་གྱིས་སོ་ཞེས་པ་ཡིན་ཏེ་བདག་གམ་གཞན་གང་གིས་ཀྱང་རུང་བའོ། །གང་གི་ཚེ་ཇི་ལྟ་བུའི་ཉེས་པར་འགྱུར་ཞེ་ན། ཉམས་ན་རྩ་བའོ་ཞེས་པ་ཡིན་ཏེ་ནམ་ཉམས་པར་
བྱེད་པའི་ཚེ་ཉེས་པར་སྟོན་པའོ། །སྦྱོར་བ་གཅིག་གིས་དུ་མ་ཞིག་ཉམས་པར་བྱས་ན་ཉེས་པ་གཅིག་ཏུ་ཟད་དམ་ཞེ་ན། ཉམས་པ་སྙེད་དོ་ཞེས་པ་ཡིན་ཏེ་ཉམས་པའི་གྲངས་དུ་ཡོད་པ་བཞིན་ཉེས་པར་འགྱུར་བའོ། །ཉམས་པ་ཇི་སྙེད་པ་སྙེད་དུ་ཉེས་པའང་དེ་སྙེད་དུ་འགྱུར་ན་སྡོང་པོ་གཅིག་ལ་ཡལ་ག་དང་ལོ་
མ་མང་པོ་ཞིག་ཡོད་པ་རྙེད་པ་ཉེས་པར་འགྱུར་རམ་ཞེ་ན། སྡོང་པོ་ནི་འོ་ཞེས་པ་ཡིན་ཏེ་སྡོང་པོ་བཅད་ན་གཅིག་བཅད་པའི་ཉེས་པར་ཟད་ཀྱི་ཡལ་ག་ལ་སོགས་པའི་ཉེས་པ་ཕལ་པོ་ཆེར་མི་བརྩི་འོ། །སྦྱོར་བ་ནི་ཉེས་བྱས་ཞེས་པ་ནི་གཅོད་པར་ཤོམ་པའང་ཉེས་བྱས་སུ་སྟོན་པའོ། །སྦྱོར་བ་དུ་མས་དངོས་པོ་གཅིག་
Vol. 164 · folio 101b
གཅོད་ན་ཉེས་པ་གཅིག་ཏུ་ཟད་དམ་ཞེ་ན། འདིར་དངོས་པོ་ཐ་མི་དད་ན་སྲུན་པ་རེ་རེས་དབྱེ་ཞེས་པ་ཡིན་ཏེ་དངོས་པོ་གཅིག་ན་ཡང་སྟ་གམ་ལ་སོགས་པ་བསྣུན་པ་རེ་རེ་ཉེས་བྱས་རེ་རེར་འགྱུར་བར་སྟོན་པའོ། །སྐྱེ་ཡང་ཕྱུང་མཐའོ་ཞེས་པ་ནི་ཕྱུང་སྟེ་གུད་དུ་བསྐྱེད་ན། མི་སྐམ་ཞིང་སྐྱེར་ཟིན་གྱིས་ཀྱང་ཕྱུང་བའི་ཚེ་ཉམས་
པའི་མཐར་འགྱུར་བར་སྟོན་པའོ། །ཉ་ལྕིབས་དང་ཆུ་ལྡུམ་ཆུ་ལས་འཕགས་ན་དེ་བཞིན་ཞེས་པ་ནི་འདི་དག་ཆུའི་ནང་ནས་བཏོན་ན་སྐྱེར་ཟིན་གྱིས་ཀྱང་བཏོན་ན་ཉེས་པར་འགྱུར་བའོ། །ཚི་གུ་མ་བཅོམ་པར་མིད་ན་ཕྱེད་དུ་བྱེད་ཅེས་པ་ནི་ཤིང་ཐོག་གི་ཚི་གུ་གུད་དུ་རིལ་མིད་བྱས་ན་ཡང་ཉེས་པ་ཕྱེད་དུ་བྱས་པར་སྟོན་པའོ། །ཇི་
སྟེ་འདི་བཅད་ན་ལེགས་སོ་ཞེས་ཟེར་ན་བཅུག་པའི་འོ་ཞེས་པ་ནི་འདི་སྐད་ཟེར་ན་ཡང་གཅོད་དུ་བཅུག་པའི་ཕྱེད་ཡིན་པས་ན་ཉེས་བྱས་སུ་སྟོན་པའོ། །འཕྲུལ་གྱིས་ན་ཕྱེད་པ་མ་ཡིན་རྫུ་འཕྲུལ་གྱིས་བཅད་པ་ཉེས་མེད་པར་སྟོན་པའོ། །ས་བོན་ས་བོན་གཞན་དུ་འདུ་ཤེས་པ་ནི་དེ་བཞིན་ཞེས་པས་ས་བོན་ལྔ་ནོར་ཏེ་ཉམས་
པར་བྱས་ན་ཡང་ས་བོན་དུ་འདྲ་བའི་ཕྱིར་ཉེས་པ་རངས་པར་འགྱུར་བའོ། །ཤུན་སྐམ་དང་སླང་མཆེད་པའི་འདབ་མ་དང་མེ་ཏོག་རྒྱས་པ་དང་འབྲས་བུ་སྨིན་པ་རྣམས་ཕྱེད་ཉམས་པ་ཞེས་བྱའོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ལྟ་བུ་ཉམས་པར་བྱས་ན་ཕྱེད་ཉམས་པར་སྟོན་པའོ། །དེ་དག་རང་བཞིན་གྱི་རྩ་བ་
ལས་མ་གྱུར་ན་མ་ཡིན་ཞེས་པ་ནི་གོང་དུ་མིང་གིས་སྨོས་པ་རྣམས་ཉམས་སུ་ཆ་བའི་རྐྱེན་ལྟར་མ་གྱུར་ཏེ་རང་བཞིན་ནི་སྔོན་གྱི་སོ་ན་འདུག་པ་ཉེས་པར་བྱས་ན་ནི་ཕྱེད་དུ་འགྱུར་བ་མ་ཡིན་པའང་སྟོན་པའོ། །ས་བོན་དུ་བཏབ་པ་རྩ་བ་མ་སྐྱེས་པའི་ས་བོན་ནི་ཕྱེད་སྐྱེས་པའོ་ཞེས་པ་ནི་ས་བོན་དུ་བཏབ་པ་ལ་རྩ་བ་མ་ཟུག་
པ་ཉམས་པར་བྱས་ན་ཕྱེད་སྐྱེས་པ་ཉམས་པར་བྱས་པར་སྟོན་པའོ། །ཕ་བ་དགོ་དགོ་དང་ཤ་མོ་དང་ཤ་བལ་དང་བྱ་མ་བུམ་དང་གོས་ལ་སོགས་པའི་རླབས་ནི་འཁྲུང་བ་ཐ་དད་པའི་ཕྱེད་དོ་ཞེས་པ་ནི་འདི་དག་ཉམས་པར་བྱས་ན་ཡང་ཕྱེད་ཉམས་པར་སྟོན་པའོ། །ཁུ་ཚན་འབོ་བ་ལ་སོགས་པ་དྲངས་པ་དང་
དཀྱིལ་འཁོར་དང་ཕྱག་དར་དེ་དག་གིར་བསམས་ན་ཉེས་མེད་ཅེས་པ་ནི་བཅད་ཅིང་ཉམས་པར་བྱ་བའི་ཕྱིར་ནི་མ་ཡིན་གྱི་འདི་དག་བྱ་བའི་ཞར་ལ་སྣད་ཅིང་ཉམས་པ་ཉེས་མེད་པར་སྟོན་པའོ། །རྩྭ་ལ་སོགས་པ་བཅིངས་ཏེ་འཕོངས་ལ་མི་འཆོར་བ་ལྟ་ན་བཅད་ཅེས་པ་ནི་ཀུན་འཇོམས་ཀྱི་རྩ་བ་ལ་
Vol. 164 · folio 102a
སོགས་པ་ལ་བརྟོད་ཅིང་བཅིངས་ལ་འགྲོལ་བ་གཞན་མེད་དེ་མི་ཐར་ན་ཆོད་ཅིག་པའོ། །དགེ་སློང་མང་པོ་ཞིག་དེ་ལྟར་བཅིངས་ན་ཀུན་གྱིས་བཅད་དམ་ཞེ་ན། གལ་ཏེ་དུ་མ་ན་གཅིག་གིས་སོ་ཞེས་པ་ཡིན་ཏེ། དུ་མ་བཅིངས་ན་གཅིག་གིས་ཆོད་ལ་གཞན་ཁྲོལ་ཅིག་པའོ། །ས་བོན་དུ་མི་རུང་
བ་ཉེས་པར་མི་བྱེད་ཅེས་པ་ནི་འབྲས་བུ་མ་སྨིན་པ་ཀ་གོ་ན་དང་ལྒང་སྲུགས་ལྟ་བུ་ལ་སོགས་པ་ཉམས་པར་བྱས་ཀྱང་ཉེས་མེད་པར་སྟོན་པའོ། །རུང་བར་བྱ་བ་ཇི་ལྟ་བུ་ཞེ་ན། མེས་རེག་པ་དང་ཚོན་དང་སེན་མོ་དང་ནེ་ཙོས་འཚོས་པ་དང་རྙེས་པ་དང་བྱུང་བ་དང་གྲུབ་པ་དང་གཤེགས་པ་དང་གཏུབས་པ་རྣམས་
རུང་བའོ་ཞེས་པ་ཡིན་ཏེ་འདི་དག་ལྟར་བྱས་ན་རུང་བར་ཆུད་པའོ། །བརྟགས་པ་ས་བོན་དུ་མི་རུང་བའི་དྲོད་ཀྱིས་མི་བཟུང་ཞེས་པ་ནི་ས་བོན་དུ་མི་རུང་བ་ལ་ཐུག་པའི་བར་དུ་བརྟགས་པ་མ་ཡིན་གྱི་རེག་པ་ཙམ་གྱིས་ཆོག་པར་སྟོན་པའོ། །འདིར་བླངས་པ་ཡང་མེའི་གོ་ཞེས་པ་ནི་བླངས་པས་ཕོག་པ་ཡང་མེས་
བརྟགས་པ་དང་འདྲ་བར་སྟོན་པའོ། །འབྲས་བུ་མེས་རུང་བར་བྱ་བ་ནི་བསྡུས་པའི་སྤྱི་བརྩན་ཏེ་ཡང་དག་པའི་གྲངས་སུའོ་ཞེས་པ་ནི་དགུན་ལྟ་བུ་ལ་སོགས་པ་ཉག་མ་རེ་རེ་ནས་བརྟགས་ན་ཐོགས་པའི་ཕྱིར་སྤྱིར་བརྟགས་པས་ཆོག་པར་སྟོན་པའོ། །བསྡུས་པའི་ཕྱོགས་གཅིག་ཏུ་བ་ནི་འགྲུབ་པར་འགྱུར་བ་མ་
ཡིན་ཞེས་པ་ནི་སྤྱིར་བརྟགས་པ་དེའང་ས་ཕྱོགས་སམ་ཁ་འགའ་ནས་བརྟགས་པས་མི་ཆོག་གི་ཁ་དུ་མ་ནས་རུང་བར་གྱིས་ཤིག་པའོ། །དགེ་སློང་གིས་བྱས་པའང་རུང་བར་བྱས་པའོ་ཞེས་པ་ནི་དགེ་སློང་གིས་རུང་བར་བྱས་ན་ཡང་མེས་རུང་བར་བྱ་བ་ཉི་ཚེ་མ་གཏོགས་ཏེ་གཞན་གྱིས་རུང་བར་བྱས་པ་རུང་བར་ཆུད་
པས་ན་དགེ་སློང་གཞན་གྱིས་ནི་ཟོས་ཀྱང་བླ་བར་སྟོན་པའོ། །མི་རུང་བའི་སར་ཡང་ངོ་ཞེས་པ་ནི་དགེ་སློང་གི་གནས་དང་ཉེ་གནས་ཚུན་ཆད་ཀྱི་ནང་དུ་མེས་རུང་བར་བྱ་བ་མ་གཏོགས་པ་གཞན་གྱིས་རུང་བར་བྱས་ཀྱང་བླ་བར་སྟོན་པའོ། །ཞག་བདུན་པ་དང་ནམ་འཚོ་བ་དང་ཆུ་བསིལ་པོས་མ་བཏབ་པར་མི་
བཟའ་ཞེས་པ་ནི་འདི་དག་གི་སྨད་ཀྱང་ཆུ་བསིལ་པོས་མ་བཏབ་པར་ཟོས་ན་ཉེས་བྱས་སུ་སྟོན་པའོ། །ཐུན་གྱི་ཡང་འདིས་མ་ལྷད་པར་མ་ཡིན་ཞེས་པ་ནི་རྒུན་ཆུ་ལ་སོགས་པའི་ཐུན་གྱི་སྐོམ་ཡང་ཆུ་བསིལ་པོས་མ་བསྲེས་པར་འཐུངས་ན་ཉེས་བྱས་སུ་སྟོན་པའོ། །ས་བོན་དང་འཁྲུང་བ་འཇོམས་པའོ།། །།
Vol. 164 · folio 102b
འཕྱ་བའི་ལྟུང་བ་སྟོན་པར་འདོད་པ་ནི། གང་ཟག་བཅུ་གཉིས་ལས་བྱེད་ཅེས་པ་ལ་སོགས་པ་ཡིན་ཏེ་གང་ཟག་བཅུ་གཉིས་ལ་འཕྱ་ན་ལྟུང་བར་བྱེད་པའོ། །དེ་བཅུ་གཉིས་གང་ཉེ་གནས་དང་ཟས་བསྐོ་བ་དང་ཐུག་པ་དང་བཅའ་བ་འགོད་པ་དང་གང་ཇི་ཡང་རུང་བ་འབྲིམ་པ་དང་སྣོད་སྤྱད་སྦེད་པ་དང་། གོས་
འགོད་པ་དང་། དབྱར་གྱི་རས་ཆེན་སྦེད་པ་དང་། འགོད་པ་དང་སྐོ་བླག་བྱེད་པ་མཛེས་འཆོས་རྣམས་སོ། །བཅུ་གཉིས་པོ་འདི་དག་ཉི་ཚེ་ལས་ཉེས་པར་འགྱུར་བར་ཡང་མ་ཟད་ཀྱི་ཆུར་བ་དང་འབྲས་འགོད་པ་ལ་སོགས་པ་དགེ་འདུན་གྱིས་བསྐོས་པ་གཞན་ལས་ཀྱང་ཉེས་པར་འགྱུར་བའོ། །སྦྱོར་བ་
བཏང་བ་དང་བསྐོས་པ་མ་ཡིན་ཀྱང་ངོ་ཞེས་པ་ནི་གང་ཟག་བཅུ་གཉིས་ཀྱི་ལས་ལས་འབྱུང་བ་དང་། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོས་པ་མ་ཡིན་པ་ལ་དཔྱས་ན་ཡང་ཉེས་པར་འགྱུར་བར་སྟོན་པའོ། །ཇི་ལྟར་བྱས་པས་འདིའི་ཉེས་པར་འགྱུར་ཞེ་ན། བདག་གི་ཕྱིར་དེས་ཐོས་པར་འཕྱའམ་
གཞོགས་འཕྱས་བྱེད་ནའོ་ཞེས་པ་ཡིན་ཏེ་བདག་ཉིད་དེ་དག་གི་ངོ་མ་བསྙམས་ཤིང་བསྙམས་ལས་བཅད་པ་སྐད་དུ་(དོར་‚ངོར་)འཕྱའམ་ཀློག་ན་གཞོགས་འཕྱས་བྱེད་ན་ཡང་ཉེས་པ་རངས་པར་འགྱུར་བའོ། །གང་གི་ཚེ་རྩ་བའི་ཉེས་པར་འགྱུར་ཞེ་ན། བགྲངས་ན་རྩ་བའོ་ཞེས་པ་ཡིན་ཏེ་ཁ་གཟན་ཅིང་མི་བགྲུངས་
པར་བགྲངས་སུ་ཟིན་ཀྱང་དཔྱས་བྱེད་ན་རྩ་བའི་ཉེས་པར་འགྱུར་བའོ། །གཞན་དུ་ན་ཉེས་བྱས་ཞེས་པ་ནི་གོང་མ་ལྟར་བགྲངས་པ་མ་ཡིན་པས་དཔྱས་བྱས་ན་ཉེས་བྱས་སུ་སྟོན་པའོ། །ཆུང་ཟད་ཀྱང་ཁྱད་དུ་གསོད་མི་ནུས་པ་མི་མངག་ཅེས་པ་ནི་མི་གསར་ང་ཞིང་བཟེ་རེ་ཅན་ལས་སུ་མི་བསྒོ་ཞིང་གར་ཡང་
མ་མངག་ཤིག་པའོ། །ཁོན་པ་བདག་གི་ལས་སུ་མི་བསྐོ་ཞེས་པ་ནི་བདག་དང་ཁོན་ཡོད་པ་ལས་སུ་བསྐོ་བའི་ཚེ་བདག་ཉིད་ཀྱིས་མ་བསྐོ་བར་གཞན་ལས་སྤྲིང་ཞིང་བསྒོ་ཤིག་པའོ། །འཕྱ་བའོ།། །།བསྒོ་བའི་ལན་ལོག་པར་ལྡོན་པའི་ལྟུང་བ་ཇེ་སྟོན་པ་ནི་མིའི་ཐོག་མར་བགྲང་བའི་མཚན་ཉིད་སྟོན་པ་ནི།
གླེངས་པའི་ཚིག་དང་རྣེགས་པས་མི་ཉན་པ་སྨྲས་པའི་གང་ཟག་རྣམས་ལ་(ངོར་‚དོར་)ཟོག་པ་དང་གཞོགས་འཕྱས་བྱེད་པ་རྣམས་མི་བགྲང་བ་མ་ཡིན་ཏེ་འདི་དག་ལྟར་བྱས་པའི་གང་ཟག་ཁ་གཟན་ཅིང་མི་བགྲུངས་པར་གྲོངས་ཤིག་པའོ། །དེ་ལ་གླེངས་པའི་ཚིག་མི་ཉན་པ་ནི་ཚིག་གཞན་དུ་བརྒྱུད་པའོ། །རྣེགས་
Vol. 164 · folio 103a
པས་མི་ཉན་བ་ནི་གླེངས་པའི་ཚེ་དངན་འཐེན་བྱེད་ཅིང་མི་སྨྲ་བའོ། །སྨྲས་པའི་གང་ཟག་ཅེས་པ་ནི་གང་ཟག་བཅུ་གཉིས་གོང་དུ་བསྟན་པ་རྣམས་ལ་བྱའོ། །གསོལ་བས་སོ་ཞེས་པ་ནི་གོང་དུ་སྨོས་པའི་བགྲང་བ་དེ་གསོལ་བས་བགྲང་ཞིང་འགོང་གཏོད་དུ་ཕྱུང་ཤིག་པའོ། །ཇི་ལྟར་བྱས་པས་
བསྒོ་བའི་ལན་ལོག་པར་ལྡོན་པའི་ལྟུང་བར་འགྱུར་ཞེ་ན། དགེ་སློང་གི་ཚིག་མི་ཉན་ནོ། །ཞེས་པ་ཡིན་ཏེ་དགེ་སློང་དག་གི་ཆོས་ཀྱི་ཚིག་བསྒོ་ཞིང་གླེངས་སོ་ཅོག་མི་ཉན་ན་རྩ་བའི་ཉེས་པར་འགྱུར་བའོ། །འདིའང་ཇི་ལྟ་བུའི་བསམ་པས་ཤེ་ན། དེར་འདོད་ནའོ་ཞེས་པ་ཡིན་ཏེ་ཡེངས་ཤིང་འབྲེལ་པ་ལ་
སོགས་པའི་རྐྱེན་གཞན་གྱིས་མ་ཡིན་གྱི་ཆེད་ཀར་མི་ཉན་ཅིང་ལོག་པར་བྱེད་ནའོ། །ཇི་ལྟ་བུས་མི་ཉན་ཅེ་ན། གཞན་དུ་སྨྲ་བའོ་ཞེས་པ་ཡིན་ཏེ་གླེངས་ཤིང་དྲིས་པ་ཉིད་ཀྱི་ལན་མ་ཡིན་པར་སྨྲ་བ་དང་ཡང་ན་སྐད་གཞན་དུ་བརྒྱུད་ཅིང་སྨྲ་བའོ། །ཁ་རོག་པར་འཐེན་ན་ཉེས་བྱས་ཞེས་པ་ནི་མི་སྨྲ་བར་དངན་འཐེན་
བྱེད་ན་ཉེས་བྱས་སུ་འགྱུར་བའོ། །མི་དྲན་ནོ་ཞེ་ན་ཡང་ངོ་ཞེས་པ་ནི་བསྙོན་ན་ཡང་ཉེས་བྱས་སུ་སྟོན་པའོ། །མི་སྨྲ་བ་དང་གཞན་དུ་སྨྲས་སོ་ཅོག་ཉེས་པར་འགྱུར་རམ་ཞེ་ན། སྨྲ་བ་གནོད་པ་མ་ཡིན་ནའོ་ཞེས་པ་ཡིན་ཏེ་གཏམ་ངན་ལྟ་བུ་ལ་སོགས་པ་དེ་ལ་གནོད་ཅིང་མི་བདེ་བར་འགྱུར་བའི་ཕྱིར་མ་སྨྲས་
པའམ་གཞན་དུ་སྨྲས་པ་ནི་ཉེས་མེད་དོ་བར་སྟོན་པའོ། །དེ་ལྟ་བས་ན་གསད་པ་མཐོང་བ་འདྲི་ན་ཇེ་སྲོས་ཆུ་ཇེ་འཐུངས་ངལ་ཇེ་སོས། ཤེས་པ་དང་ནམ་མཁའ་དང་སེན་མོ་མཐོང་ངོ་། །ཡང་དག་པར་ན་སེམས་ཅན་ནམ་གསོད་པ་མ་མཐོང་ངོ་ཞེས་སྨྲས་པ་ཉེས་མེད་ཅེས་པ་ནི་གསད་པ་གཤེད་མ་མིས་ཞེད་
དེ་འདྲི་བའི་ཚེའང་འདི་སྐད་དུ་བརྒྱུད་ཅིང་ལན་ལྡོན་པས་བླན་དུ་ཟིན་ཀྱང་ཉེས་མེད་པར་སྟོན་པ་སྟེ་སྨྲ་བ་གནོད་པར་འགྱུར་བ་ནི་འདི་ལྟ་བུའོ། །གང་དུ་དཔང་འཛུགས་པར་འགྱུར་བ་དེར་མི་འདུག་པར་བྱ་ཞེས་པ་ནི་འཐབས་ཤིང་རྩོད་པ་ལ་སོགས་པའི་དཔང་དུ་འགྱུར་བ་ཙམ་གྱི་ཚོད་ན་དེ་ན་མ་འདུག་པར་བྱོལ་
ཅིག་པའོ། །གལ་ཏེ་དཔང་དུ་གྱུར་ཅིང་ཁས་དབྱེ་དགོས་ན་ཇི་ལྟར་བྱ་ཞེ་ན། གནོད་པའི་སྒོ་མ་གཅད་པར་ཁས་མི་དབྱེ་ཞེས་པ་ཡིན་ཏེ་གནོད་ཅིང་ཆད་པས་བཅད་པ་ལ་སོགས་པ་མི་བྱ་བར་གལ་ཏེ་བཅས་ནས་གདོད་ཁས་ཕྱེ་ཤིག་པའོ། །བསྒོ་བའི་ལན་ལོག་པར་ལྡོན་པའོ།། །།ཁྲི་སྟན་གྱི་ལྟུང་
Vol. 164 · folio 103b
བསྟོན་པར་འདོད་པ་ནི། ཁྲི་དང་ཁྲིའུ་དང་རློད་ཅན་དང་ལ་བ་དང་སྔས་དང་གོང་བུ་རྣམས་མལ་ཆའོ་ཞེས་པ་ལ་སོགས་པ་ཡིན་ཏེ་མལ་ཆ་ཞེས་བྱ་བ་ནི་མིང་གིས་སྨོས་པ་འདི་དག་ཡིན་པར་སྟོན་པའོ། །དེ་དག་བཏིང་བ་བོར་ཏེ་སོང་བས་ས་ཚོད་ཇི་ཙམ་དུ་ཐལ་བས་ཉེས་པར་འགྱུར་ཞེ་ན། དེའི་ཉེ་གནས་ནི་
འདོམ་བཞི་བཅུ་དགུའོ་ཞེས་པ་ཡིན་ཏེ་འདོམ་བཞི་བཅུ་དགུ་ཚུན་ཆད་དེའི་ཉེ་གནས་སུ་སྟོན་པའོ། །འདོམ་བཞི་བཅུ་དགུར་གང་ནས་བགྲང་ཞེ་ན། བསྐོར་ན་སྒོ་གང་ནས་སོ་ཞེས་པ་ཡིན་ཏེ་རབ་ལ་སོགས་པས་བསྐོར་བའི་ནང་དུ་བཏིང་ན་བསྐོར་བའི་སྒོ་ནས་འདོམ་བཞི་བཅུ་རྩ་དགུར་བགྲང་གི་གར་བཏིང་བ་
ཁོ་ན་ནས་བགྲང་བ་ནི་མ་ཡིན་ནོ། །མ་བསྐོར་བ་ནི་གར་བཏིང་བ་ནས་སོ། །དེ་བཏིང་བ་ནི་བརྗེད་དེ་སོང་ཡང་བ་དང་ནང་དུ་ཡང་ཉལ་བའམ་བསམ་གཏན་ལ་སོགས་པས་ལོགས་ཤིག་ཏུ་འགྱུར་ནའོ་ཞེས་པ་ཡིན་ཏེ་དེ་བོར་ནས་གུད་དུ་སོང་ན་ནི་བརྗེད་དེ་སོང་ཡང་ཉེས་པར་འགྱུར་བ་དང་གུད་དུ་མ་སོང་ཡང་ནང་དུ་གཉིད་
ཀྱིས་ལོག་ཅིང་བསམ་གཏན་ལ་སོགས་པས་དེ་གུད་དུ་ལུས་ན་ཉེས་པ་རངས་པར་འགྱུར་བའོ། །གང་གི་ཚེ་ཉེས་པར་འགྱུར་ཞེ་ན། མ་ཉམས་པའི་སྔ་རོལ་ནི་སྦྱོར་བའོ་ཞེས་པ་དང་། ཉམས་པ་དང་འདས་པ་ནི་མཐའོ་ཞེས་པ་ཡིན་ཏེ་མ་ཉམས་པ་ཙམ་གྱི་ཚེ་ན་ནི་ཉེས་བྱས་ཡིན་གྱི་ཉམས་པ་དང་ཉེ་གནས་
ལས་འདས་ན་ལྟུང་བར་སྟོན་པའོ། །བརྟུལ་བ་བྱས་སམ་བྱེད་དུ་བཅུག་པ་ནི་དེ་དག་མ་ཡིན་པ་ནི་བདག་གིས་བརྟུལ་ཏམ་བརྟུལ་དུ་བཅོལ་ན་ནི་གོང་མ་ལྟ་བུ་དག་གིས་ཉེས་པར་མི་འགྱུར་བར་སྟོན་པའོ། །དགེ་སློང་ལ་བཅོལ་ན་མ་ཡིན་ཞེས་པ་ནི་དགེ་སློང་ལ་བརྟུལ་དུ་བཅོལ་ན་ཡང་ཉེས་པར་མི་འགྱུར་བའོ། །སྐོམ་
མཆུ་ཐུག་ན་ཡིན་ཞེས་པ་ནི་རྒྱལ་པོ་དང་གཅན་གཟན་ལ་སོགས་པའི་འཇིགས་པས་བརྟད་ན་བོར་ཏེ་སོང་ཡང་ཉེས་མེད་པར་སྟོན་པའོ། །སྤྱོད་པ་ནི་བྱེད་དུ་བཅུག་པ་བཞིན་ཞེས་པ་ནི་སྐམ་སྲད་བྱེད་པའི་ཚེ་འགའ་ཞིག་ཁྲིའུ་ལ་འདུག་པ་ལ་སོགས་པ་སྤྱོད་སྤྱོད་པ་ལས་མ་བརྟུལ་བར་སོང་ན་འདིང་བས་བོར་བ་དང་འདྲ་བར་
སྟོན་པའོ། །གཉིས་ལྷན་ཅིག་ཏུ་འཁོད་ན་ཕྱིས་ལངས་པས་བྱ་ཞེས་པ་ནི་དགེ་སློང་གཉིས་ཁྲིའུ་གཅིག་ལ་འཁོད་འཁོད་ན་གང་ཕྱིས་ལངས་པས་བརྟུལ་ཅིག་པའོ། །གལ་ཏེ་མཉམ་དུ་ན་གསར་བས་སོ་ཞེས་པ་ནི་གཉིས་ཀ་མཉམ་དུ་ལངས་ན་གང་གསར་བས་བརྟུལ་ཅིག་པའོ། །མཚུངས་ན་གཉིས་སོ་ཞེས་པ་ནི་བསྙེན་
Vol. 164 · folio 104a
པར་མཉམ་དུ་རྫོགས་ཏེ་གསར་རྙིང་མེད་པར་མཚུངས་ན་གཉིས་ཀས་བརྟུལ་ཅིག་པའོ། །གོང་དུ་བཅོལ་ཞེས་འབྱུང་བའི་མི་བཅོལ་བར་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། འདིར་ཁྲེལ་མེད་པ་དང་ཁོན་ཡོད་པ་དང་རྒས་པ་དང་ནད་པ་དང་བསྙེན་པར་མ་རྫོགས་པ་རྣམས་ལ་མི་བཅོལ་ཞེས་པ་ཡིན་ཏེ་འདི་དག་ལྟ་བུ་ལ་བཅོལ་དུ་
ཟིན་ཀྱང་བཅོལ་བར་མི་ཆུད་པའོ། །བཅོལ་བའི་མཚན་ཉིད་དང་སྟོན་པ་ནི། གཙུག་ལག་ཁང་འདིའོ། །འདི་ལྟོས་ཤིག །མལ་ཆ་འདིའོ། །ནོས་ཞེས་པ་དང་ལྡེ་མིག་བྱིན་པ་རྣམས་བཅོལ་བའོ་ཞེས་པ་ནི་རྣམ་པ་འདི་ལྔ་ལྟར་གཏད་དམ་བཅོལ་ན་བཅོལ་བ་ཡིན་པར་སྟོན་པའོ། །དེ་ལ་ལྟོས་ཤིག་(ཅས་‚ཅེས་)པ་ནི་གཙུག་ལག་ཁང་ངོ་། །
ནོས་ཞེས་པ་ནི་མལ་ཆའོ། །གཞན་ནི་གོ་སླ་བའི་ཕྱིར་མ་བཤད། གོང་དུ་ཉམས་ཞེས་སྨོས་པའི་མཚན་ཉིད་སྟོན་པ་ནི། ཉམས་པ་ནི་གསུམ་སྟེ་རླུང་གིས་བཟློག་པ་དང་ཆར་རིམ་གཉིས་པས་ཐལ་བ་དང་དི་ཕྱི་ཀ་རྣམས་སོ་ཞེས་པ་ཡིན་ཏེ་ཆར་དང་རླུང་གིས་བཟློག་ཅིང་གཤེར་ཏམ་སྲིན་བུ་དི་ཕྱི་ཀས་འོག་ཏུ་ཐལ་བར་ཟོས་ན་ཉམས་
པར་སྟོན་པའོ། །དངོས་ཇི་ལྟ་བུ་ལས་རྩ་བའི་ཉེས་པར་འགྱུར་ཞེ་ན། མལ་ཆ་ཡིན་པ་དང་དེ་དགེ་འདུན་གྱི་བ་དང་བླ་གབ་མེད་པར་བདག་གིས་སམ་བཅུག་པས་བཏིང་ན་བྱེད་དོ་ཞེས་པ་ཡིན་ཏེ་ཕྱིའུ་ཕྱིས་ལ་སོགས་པ་མ་ཡིན་ཏེ་མལ་ཆ་ཡིན་པ་དང་གང་ཟག་གི་མ་ཡིན་ཏེ་དགེ་འདུན་གྱི་ཡིན་པ་དང་བླ་གབ་མེད་པའི་ཐང་ལ་བདག་
ཉིད་ཀྱིས་བཏིང་དུ་བཅུག་པ་ལས་གོང་དུ་སྨོས་པ་ལྟར་ཉམས་སམ་འདས་ན་ཉེས་པར་འགྱུར་བའོ། །གང་གི་ཚེ་ཇི་ལྟ་བུའི་ཉེས་པར་འགྱུར་ཞེ་ན་ཟིན་ན་རྩ་བའོ་ཞེས་པ་དང་། སྦྱོར་བ་ནི་ཉེས་བྱས་ཞེས་པ་ཡིན་ཏེ་ཉམས་སམ་ཐལ་ཟིན་ན་རྩ་བར་འགྱུར་བ་དང་མ་ཉམས་མ་ཐལ་གྱི་བར་དུ་ཉེས་བྱས་སུ་སྟོན་པའོ། །རེ་ཞིག་གི་
བར་དུ་གཞན་བཞག་པ་ནི་དེའོ་ཞེས་པ་ནི་གཅིག་གིས་མལ་ཆ་བཏང་བ་དང་དེར་དགེ་སློང་གཞན་འགའ་ཞིག་འོངས་ཏེ་འདུག་པ་ལས་ཉམས་ཉམས་པར་གྱུར་ན་ཡང་དགེ་སློང་གཅིག་དེ་ན་ཡོད་ཅིང་འདུག་པའི་ཕྱིར་བཅོལ་ཀྱང་ལྟོས་པ་བརྩོན་ཏེ་འདིང་བ་ལ་ཉེས་བྱས་ལས་མེད་པར་སྟོན་པའོ། །གང་ཟག་གི་ཡང་ངོ་། །ཞེས་
པ་ནི་གང་ཟག་མལ་ཡིན་ནའང་ཉེས་བྱས། འོག་མ་བཞི་ཡང་ངོ་ཞེས་པ་ནི་འདི་འོག་ནས་བཏིང་བ་དང་བསྐྲད་པ་དང་མནན་བ་དང་ཁྲིའུ་འབྱུང་བླ་བ་བཞི་འབྱུང་བ་ཡང་གང་ཟག་གི་གནས་ལས་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །རེག་ཏུ་མི་རུང་ན་མ་ཡིན་ཞེས་པ་ནི་ཁྲི་ལ་སོགས་པ་རིན་པོ་ཆེའི་རྒྱན་ཅན་
Vol. 164 · folio 104b
ཞིག་སྟེ་བདག་གིས་རེག་ཏུ་མི་རུང་བའི་ཕྱིར་མ་བརྟུལ་ན་ཉེས་བྱས་སོ། །བཏིང་ནས་བསོད་སྙོམས་ལ་ཞུགས་པ་དང་གལ་ཏེ་ཆར་དང་རླུང་འོང་ན་གཙུག་ལག་ཁང་ལ་འཁོད་པ་དག་གིས་བརྟུལ་ཞེས་པ་ནི་འདི་ལྟར་གྱུར་ན་གཞི་བས་བརྟུལ་ཅིག་པའོ། །ཞུགས་པས་ཀྱང་མྱུར་དུ་བསྐོར་ཞེས་པ་ནི་བསོད་སྙོམས་ལ་སོང་
བས་ཀྱང་བླ་ཡང་མ་བྱེད་པར་བསྐོར་ཅིག་པའོ། །དེའི་ཕྱིར་ན་ཡང་ཉེས་མེད་པ་དང་འབྲི་བ་མ་ཡིན་ཞེས་པ་ནི་བསོད་སྙོམས་ལ་སོང་དུ་ཟིན་ཀྱང་ཉེས་པ་མེད་པའམ་ཉེས་པ་འབྲི་བར་མི་འགྱུར་བར་སྟོན་པའོ། །གལ་ཏེ་བརྗེད་པ་ལས་ལམ་རིང་མོ་ཞིག་ཏུ་ཐལ་ལམ་ཕྱིན་ཏེ་བྲལ་ན་ཕྱིན་ཆད་འདི་ལྟར་མི་བྱའོ་ཞེས་
སེམས་བསྐྱེད་ཅིང་ཚིག་ཏུ་བརྗོད་ཅེས་པ་ནི་བརྗེད་དེ་འདི་ལྟར་གྱུར་ན་ཕྱིན་ཆད་དེ་ལྟར་མི་བྱ་བའི་ནན་ཏན་འདི་ལྟར་གྱིས་ཤིག་པའོ། །གལ་ཏེ་ཚུར་འོང་བའི་དགེ་སློང་དང་ཕྲད་ན་དེ་ལ་བརྟུལ་དུ་བཅོལ་ཅེས་པ་ནི་འདི་ལྟར་འགྱུར་ནས་ཕས་འོང་བའི་དགེ་སློང་འགའ་དང་ཕྲད་ན་དེ་རྟུལ་དུ་བཅོལ་ཅིག་པའོ། །ཁས་བླངས་
པ་དེས་སོན་མ་ཐག་ཏུ་མི་བྱ་ཞེས་པ་ནི་བཅོལ་བ་དེས་ཀྱང་སོན་མ་ཐག་ཏུ་བརྟུལ་ཅིག་པའོ། །མ་བརྟུལ་ན་དེ་ལ་ཉེས་པ་རངས་བར་འགྱུར་བའོ། །སྐོམ་མཆུ་ཐུག་པ་མ་ཡིན་ན་མལ་ཆ་བརྟུལ་ལ་གནས་ནས་འགྲོ་ཞེས་པ་ནི་གལ་ཏེ་བརྟག་ཅིང་བྲེལ་བའི་རྐྱེན་གྱིས་མ་ཐེབས་ན་ཇི་ནས་ཀྱང་སྦ་བརྟུལ་ལེགས་
པར་གྱིས་ལ་སོང་ཤིག་པའོ། །གལ་ཏེ་གོས་ན་སྤྲུག་ཅེས་པ་མལ་ཆ་དེ་དག་རྡུལ་ལ་སོགས་པ་གོས་ན་སྤྲུགས་ཤིག་པའོ། །འདི་གཏད་ཅེས་པ་ནི་སྐམ་སྲད་བྱས་ཟིན་ནས་མལ་ཆ་ལ་ཆ་རྫི་ལ་གཏོད་ཅིག་པའོ། །དགེ་སློང་ལ་བཅོལ་བར་བྱ་ཞེས་པ་ནི་མལ་ཆ་བཏིང་ནས་བརྟུལ་མི་ཁོམ་པར་གུད་དུ་འགྲོ་དགོས་
སམ་མ་བཏིང་ཡང་རུང་སྟེ་གུད་དུ་འགྲོ་དགོས་ན་བསྲུང་ཞིང་བརྟུལ་བའི་ཕྱིར་དགེ་སློང་ལ་ཆོལ་ཅིག་པའོ། །མེད་ན་དགེ་ཚུལ་ལའོ་ཞེས་པ་དང་། དེ་ཡང་ན་ཁྱིམ་བདག་ལའོ་ཞེས་པ་ནི་དགེ་སློང་མེད་ན་དགེ་ཚུལ་ལ་གཏོད་ཅིག་པ་དང་དགེ་ཚུལ་ཡང་མེད་ན་ཡོན་བདག་ཉིད་ལ་གཏོད་ཅིག་པའོ། །ཕྱོགས་བཞིར་བལྟས་ཏེ་
ཐམས་ཅད་མེད་ན་ལྡེ་མིག་སྦས་ལ་འགྲོ་ཞེས་པ་ནི་དགེ་སློང་ལ་སོགས་པ་སུ་ཡང་མེད་ན་ལྡེ་མིག་སྦོས་ལ་སོང་ཤིག་པའོ། །ལམ་ཀར་དགེ་སློང་དང་ཕྲད་ན་དེ་སྐུངས་བསྟན་ཅིང་བསྒོ་ཞེས་པ་ནི་གཙུག་ལག་ཁང་དུ་འོང་བའི་དགེ་སློང་འགའ་དང་ལམ་ཀར་ཕྲད་ན་འདི་ལྟར་གྱིས་ཤིག་པའོ། །དེར་བོར་ནས་གལ་ཏེ་སྒོ་བཅད་
Vol. 164 · folio 105a
པའི་འོག་ཏུ་ཕྱིན་ན་རྩིག་པའམ་ཤིང་གི་དྲུང་དུ་སྦས་ལ་འགྲོ་ཞེས་པ་ནི་དགེ་སློང་འགའ་དགེ་འདུན་གྱི་ཁྲི་སྟན་འགའ་ཁྱེར་ནས་ཀུན་དགའ་ལ་སོགས་པར་ཉེན་པར་སྤྱོད་པའི་སར་སོང་སོང་བའི་འོག་ཏུ་དགེ་འདུན་གཞན་སྤྱན་དྲངས་པར་དོང་སྟེ་སྒོ་བཅད་པའི་འོག་ཏུ་ཕྱིན་ན་ཐབས་འདི་ལྟར་གྱིས་ཤིག་པའོ། །དེར་
སྟན་བརྙ་ཞེས་པ་ནི་སྤྱན་འདྲེན་པའི་ཡོན་བདག་དེ་ཉིད་དགེ་འདུན་གྱི་སྟན་ཆ་བརྙན་ན་བྱིན་ཅིག་པའོ། །ཉིད་ཀྱིས་མི་བསྐུར་ཞེས་པ་ནི་བརྙས་པ་སླར་བླང་བའི་ཚེ་བདག་ཅག་ཉིད་ཀྱིས་མ་ཁྱེར་ཅིག་པའོ། །ཁྱིམ་པའམ་དགེ་ཚུལ་གྱིས་འདིའོ་ཞེས་པ་ནི་དེ་ཁྱིམ་པའམ་དགེ་ཚུལ་ལ་སྐུར་ཅིག་པའོ། །མེད་ན་ཁྱིམ་པ་ཁྱེར་ཏེ་འོང་
བར་བཅོལ་ཞིང་འོང་ཞེས་པ་ནི་གོང་མ་ལྟར་བྱར་མེད་ན་དེ་དག་ཉིད་སྐྱེལ་དུ་ཆུག་ཤིག་པའོ། །བདག་ཅག་ཚལ་ཏེ་མཆི་བའི་ཇེ་གཤེགས་ཞེས་ཟེར་ན་གཞག་ཅེས་པ་ནི་འདི་སྐད་ཟེར་ན་ཞོག་ཤིག་པའོ། །དེ་དག་གིས་ཁྱེར་ཏེ་མ་འོངས་ན་གནས་པས་བླང་ཞེས་པ་ནི་དེ་ལྟར་མ་འོངས་ན་སློབ་མའམ་གནས་པ་དག་གིས་ལོང་
ཤིག་པའོ། །མེད་ན་བདག་གིས་ཞེས་པ་ནི་གནས་པའམ་སློབ་མ་མེད་ན་བདག་གིས་ཀྱང་ལོང་ཤིག་པའོ། །ཐམས་ཅད་ཀྱིས་ན་གཎྜཱི་བརྡུངས་ནས་ཏེའོ་ཞེས་པ་ནི་བདག་གཅིག་པོའི་ལག་གིས་མི་ཁྱབ་སྟེ་ཀུན་གྱིས་བླང་དགོས་ན་གཎྜཱིས་བསྡུས་ལ་ཀུན་གྱིས་ལོང་ཤིག་པའོ། །བོས་པ་ཉིད་ཀྱི་ཕྱིར་གཙུག་ལག་ཁང་དུ་
སྟན་བརྙན་ན་སྦྱིན་ཞེས་པ་ནི་སྔོན་དགེ་འདུན་སྤྱན་འདྲེན་འདྲེན་པའི་ཁྱིམ་བདག་འགའ་དགེ་འདུན་གྱི་ཀུན་དགར་ལོངས་སྤྱོད་བྱེད་དུ་འོང་སྟེ་སྟན་ཆ་བརྙན་ན་བྱིན་ཅིག་པའོ། །འདི་དག་དགེ་སློང་བསྲུང་དུ་གཞུག་ཅེས་པ་ནི་དགེ་འདུན་གྱི་སྟན་ཆ་ཁྱིམ་པས་བརྙས་པ་དེ་མི་འཁྱམ་པར་དགེ་སློང་གཅིག་བསྲུང་དུ་ཆུག་ཤིག་
པའོ། །འདིས་ཕ་ཟད་དུ་འདུག་པར་བྱ་ཞེས་པ་ནི་བསྲུང་བའི་དགེ་སློང་དེ་ཁྱིམ་པའི་ནང་ན་མ་འདུག་པར་ཕ་ཟད་དུ་འདུག་ལ་སྲུངས་ཤིག་པར་སྟོན་པའོ། །བདག་གི་ལས་བྱ་ཞེས་པ་ནི་སྲུང་བའི་དགེ་སློང་ཀློག་པ་དང་། འདུན་པ་ལ་སོགས་པ་ཉིད་ཀྱི་ལས་སུ་བྱ་བ་རྣམས་ཀྱང་ཟླ་ལ་གྱིས་ཤིག་པར་སྟོན་པའོ། །བྱ་ར་
བྱ་ཞེས་པ་ནི་ཕ་ཟད་ན་འདུག་པའི་དགེ་སློང་དེས་ཁྱིམ་པ་དོང་ངམ་མ་དོང་བ་ལ་སོགས་པ་བགས་ཀྱིས་ལྟ་ཞིང་བྱ་ར་གྱིས་ཤིག་པའོ། །དོང་ན་བརྟུལ་ཞེས་པ་ནི་ཁྱིམ་པ་དེ་དག་དོང་ན་སྟན་སྦ་བརྟུལ་གྱིས་ཤིག་པའོ། །མ་རུང་བ་བཀྲུ་ཞེས་པ་ནི་དགེ་འདུན་གྱི་སྟན་ཆ་ཁྱིམ་པས་མ་རུང་བར་བྱས་ན་བཀྲུ་བ་ལ་སོགས་པའི་
Vol. 164 · folio 105b
ཕྱི་བདར་གྱིས་ཤིག་པའོ། །ཆང་གི་སྙིགས་མ་ན་ཆུས་སོ་ཞེས་པ་ནི་ཆང་གི་སྙིགས་མས་ཕོག་ན་ཆུས་ཁྲུས་ཤིག་པའོ། །སྣུམ་ན་སུག་པས་སོ་ཞེས་པ་ནི་སྣུམ་གྱིས་ཕོག་ན་ནི་སུག་པ་ལ་སོགས་པ་འདག་པའི་རྫས་ཀྱིས་ཁྲུས་ཤིག་པའོ། །མི་གཙང་བས་ན་ས་འམ་གོ་འདུན་ནམ་ལྕི་སྐམ་གྱིས་སོ་ཞེས་པ་ནི་(འཇིད་‚འཇིང་)
ངན་ལ་སོགས་པ་མི་གཙང་བས་གོས་ན་མིང་གིས་སྨོས་པ་འདི་རྣམས་ཀྱིས་བསྐུ་ཞིང་ཁྲུས་ཤིག་པའོ། །གོང་མ་ལྟར་བཀྲུས་ཏེ་ཡང་མི་འདག་པ་ཇི་ལྟར་བྱ་ཞེ་ན། མི་འདག་ན་བཏགས་པ་བཅད་ཞེས་པ་ཡིན་ཏེ་མི་འདག་ན་སྐུད་པའམ་སྨྱིག་མས་བཏགས་པ་རྣམས་བཅད་པའི་ཤིག་ལ་ཁྲུས་ཤིག་པའོ། །འདུག་
པའི་ཁྱིམ་པས་མ་བརྟུལ་ན་མཐོང་བས་བརྟུལ་ཞེས་པ་ནི་དགེ་འདུན་གྱི་སྟན་ཆ་ལ་ཁྱིམ་པ་དག་འཁོད་འཁོད་པ་ལས་དེ་དག་གིས་མ་བརྟུལ་བར་བོར་ནས་དོང་ན་དགེ་སློང་སུས་མཐོང་བས་བརྟུལ་ཅིག་པའོ། །རྒས་པའམ་ནད་པས་ན་གཙུག་ལག་ཁང་སྐྱོང་གིས་སོ་ཞེས་པ་ནི་རྒས་པའམ་ནད་པས་མཐོང་ན་དེ་དག་གིས་
སྦ་བརྟུལ་བྱེད་མི་ནུས་པའི་ཕྱིར་གཙུག་ལག་ཁང་སྐྱོང་གིས་བསྡུས་ཤིག་པའོ། །ཁང་སྐྱོང་གིས་བརྟུལ་བའི་སྐད་ཇི་ལྟར་བྱ་ཞེ་ན། དེ་ལ་སྦྲན་ཞེས་པ་ཡིན་ཏེ་རྒས་པ་དང་ནད་པས་མཐོང་ན་ཁང་སྐྱོང་ལ་སྦྲོན་ཅིག་པའོ། །ནད་པའི་ནད་འདྲི་བའི་ཁྲི་སྟན་སྟོན་པའི་ཟླ་བ་ལ་སྟོན་པ་ནི། ཐམས་ཅད་ཀྱིས་ནད་པ་ལ་བལྟ་ཞེས་
པ་ཡིན་ཏེ། ནད་པ་ལ་མཚམས་གཅིག་གི་ནང་ན་འཁོད་པ་ཐམས་ཅད་ཀྱིས་ལྟོས་ཤིག་པའོ། །འདུག་སྟེའོ་ཞེས་པ་ནི་འདུག་ལ་ནད་དྲིས་ཤིག་པའོ། །དེར་སྟན་ཁྱེར་ལ་མི་འགྲོ་ཞེས་པ་ནི་ནད་འདྲི་བའི་དགེ་སློང་རྣམས་རང་རང་གི་སྟན་ཁྱེར་ལ་དེར་མ་འགྲོ་ཤིག་པའོ། །ནད་པའི་རིམ་གྲོ་བས་དེར་སྟན་གདིང་
ཞེས་པ་ནི་ནད་འདྲིར་འོངས་པ་རྣམས་ཀྱི་སྟན་ནད་གཡོག་གིས་བཤམས་ཤིང་ཞལ་ཏར་གྱིས་ཤིག་པའོ། །གཞན་དུ་དགེ་བའི་ཕྱོགས་མི་འཕེལ་ན་མཁན་པོའམ་སློབ་དཔོན་དགེ་བའི་ཕྱོགས་སྤྱོད་དུ་འགྲོ་བའི་ཕྱི་བཞིན་དུ་འགྲོ་ཞེས་པ་ནི་བདག་གུད་དུ་སོང་སྟེ་དགེ་བའི་ཕྱོགས་མི་འཕེལ་བ་ཙམ་གྱི་ཚོད་ན་མཁན་
པོའམ། སློབ་དཔོན་ཉིན་པར་གང་དུ་སྤྱོད་པའི་ཕྱི་བཞིན་བདག་ཀྱང་སོང་ཤིག་པའོ། །འདིའི་སྟན་བདག་གིས་བསྐུར་ཞེས་པ་ནི་མཁན་པོའམ་སློབ་དཔོན་དེའི་སྟན་བདག་གིས་ཁྱེར་ཅིག་པའོ། །འགྲོ་བ་མ་ཞུས་པར་མི་བསྐུར་ཞེས་པ་ནི་མཁན་པོའི་ཕྱི་བཞིན་འགྲོ་བ་དེ་ཡང་ཞམ་འབྲིང་དུ་མཆིའམ་ཞེས་ཞུ་
Vol. 164 · folio 106a
བླག་མ་བྱས་པར་སྟན་བསྐུར་བ་ལ་སོགས་པ་མ་བྱེད་ཅིག་པའོ། །དེ་སླར་ཡང་བདག་ཉིད་ཀྱིས་བསྐུར་ཞེས་པ་དེའི་ཁྲི་སྟན་སླར་ལྡོག་པའི་ཚེ་འང་བདག་ཉིད་ཀྱིས་ཁྱེར་ཅིག་པའོ། །བླ་གབ་མེད་པར་ཆོས་ཉན་པ་ལ་རླུང་དང་ཆར་འོང་ན་སྟན་ཆ་བརྟུལ་ཞེས་པ་ནི་ཐང་ལ་ཆོས་ཉན་ཉན་པ་ལས་
རྐྱེན་འདི་ལྟར་གྱུར་ན་སྟན་ཆ་བརྟུལ་ཅིག་པའོ། །ལྕི་བ་རྒན་པོ་ཉིད་ཀྱིས་མི་ཐེག་ན་གཞོན་ནུ་དང་བརྗེས་ཞེས་པ་ནི་དེ་ལྟར་ཀུན་གྱིས་མྱུར་དུ་བརྟུལ་བའི་ཚེ་རྒན་རབས་ཀྱི་སྟན་ལྕི་བ་དེ་དག་ཉིད་ཀྱིས་མི་ཐེག་ན་གཞོན་ནུའི་སྟན་ཡང་བ་དང་རྗེས་ལ་ཁྱེར་ཅིག་པའོ། །བག་བག་ལ་སླན་ཏེ་བཞག་ཅེས་པ་ནི་ཁྲི་སྟན་
སྦེད་ཅིང་འཇོག་པའི་ཚེ་དབྱམ་པོ་དང་ཁྲིའུ་ལ་སོགས་པས་ཆོལ་བུར་མ་བཞག་པར་སོ་སོའི་བག་བག་ལ་བསླན་ཏེ་ཞོག་ཅིག་པའོ། །གཙུག་ལག་ཁང་གཞན་དུ་མལ་ཆ་དང་གོས་བརྙན་ན་སྦྱིན་ཞེས་པ་ནི་གཙུག་ལག་ཁང་གཞན་དུ་འདི་དག་བརྙན་ན་མ་བཀྱིགས་པར་བྱིན་ཅིག་པའོ། །དེའང་ཇི་ལྟ་
བུའི་ཚེ་སྦྱིན་པར་བྱ་ཞེ་ན། གལ་ཏེ་ཆར་འབབ་བམ་འབབ་པར་དོགས་ན་མ་ཡིན་ཞེས་པ་ཡིན་ཏེ་ཆར་འབབ་པའི་མོད་ལ་འམ་འབབ་དུ་བྱེད་ན་ནི་སྟན་ཆ་བརྙན་པོར་མ་བྱིན་ཅིག་པའོ། །ལམ་ཀར་རླུང་ངམ་ཆར་གྱིས་ཐེབས་ན་ཤིང་ངམ་རྩིག་དྲུང་དུ་བཅེར་ཞེས་པ་ནི་བརྙན་ཏེ་ཁྱེར་བ་ལ་རླུང་ངམ་
ཆར་གྱིས་ལམ་དུ་ནོན་ན་ཐབས་འདི་ལྟར་གྱིས་ཤིག་པའོ། །གོས་ངན་སྙིགས་གཅིག་གིས་དགབ་ཅེས་པ་ནི་བཅེར་བའི་སྟེང་དུ་དེ་དག་གི་ནང་ནས་ངན་བར་སྙིགས་པ་གཅིག་གིས་ཁོབས་ཤིག་པའོ། །གོས་གཙུག་ལག་ཁང་དུ་ཁྱེར་ལ་བསྐམ་ཞེས་པ་ནི་གཤེར་བ་དེ་གཙུག་ལག་ཁང་གི་གཞིར་ཕྱིན་ན་
སྐམ་སྲད་གྱིས་ཤིག་པའོ། །ཚིག་ཁྱེར་ན་དགེ་འདུན་གྱི་ཡང་དབྱུང་ཞེས་པ་ནི་མེ་ཐར་ཏམ་ཆུས་ཁྱེར་ན་བདག་ཉིད་(གྱིས་‚ཀྱིས་)དབྱུང་བར་མ་ཟད་ཀྱི་དགེ་འདུན་གྱི་ཡང་ཕྱུང་ཤིག་པའོ། །དེ་ཡང་གང་གི་ཚེ་ཞེ་ན་བདག་གི་གོས་དང་ལྷུང་བཟེད་ཕྱུང་ཟིན་ནས་སོ་ཞེས་པ་ཡིན་ཏེ་བདག་གི་འདི་དག་ཕྱིན་པའི་རྗེས་ལ་
གདོད་དགེ་འདུན་གྱི་ཕྱུང་ཤིག་པའོ། །དགེ་སློང་གང་ཞན་པར་སྙིགས་པར་ཕྱུག་པ་རྣམས་བསྲུང་དུ་གཞུག་ཅེས་པ་ནི་བཤོར་ལག་མེད་ཅིང་འབྱིན་མི་ནུས་པར་སྙིགས་པ་གཅིག་རྫས་ཕྱུང་ཟིན་པ་རྣམས་མི་འཁྱམ་པར་བསྲུང་དུ་ཆུག་ཤིག་པའོ། །ཡང་ན་མི་འཇུག་ཅེས་པ་ནི་མེའམ་ཆུ་མི་བཟང་བར་
Vol. 164 · folio 106b
ཡང་སྟེ་འོལ་དུ་མི་འོང་བ་ཙམ་ཚོད་ན་དེའི་ནང་དུ་འཇུག་ཤིག་པའོ། །མལ་ཆའི་ལྟུང་བའོ།། །།བཏིང་བའི་ལྟུང་བ་སྟོན་པར་འདོད་པ་ནི། ཁྱིམ་པའི་དེར་བཏིང་བ་ཁྱིམ་བདག་ལ་སྦྲན་ཏེ་དོར་ཞེས་པ་ནི་ཁྱིམ་པའི་དེར་ལོ་མ་འམ་འདབ་མ་ལ་སོགས་པ་མལ་ལོར་བཏིང་ན་ནང་པར་འགྲོ་བའི་ཚེ་འདི་དོར་དགོས་སམ་
མི་དགོས་ཞེས་ཁྱིམ་པ་ལ་དྲི་ཞིང་འོར་ཅིག་པའོ། །དགོན་པ་ན་བརྟུལ་ལམ་མོ་ཞེས་པ་ནི་དགོན་པར་འདིང་འདིང་ན་བརྟུལ་པ་འམ་དོར་བ་གཅིག་ཏུ་གྱིས་ཤིག་པའོ། །མགོ་འཇུག་བཟློག་ན་འདི་བྱས་པའོ་ཞེས་པ་ནི་སྔས་ཀྱི་མལ་ལོ་དེ་འཕོངས་སུ་བོར་རོ། །འཕོངས་ཀྱི་མལ་ལོ་དེ་སྔས་སུ་བོར་ཏེ་ཀློང་བ་
ཙམ་གྱིས་བརྟུལ་ཞིང་བོར་བའི་ཁོངས་སུ་ཆུད་པའོ། །གོས་བསྐམ་པའི་ཕྱིར་རྩྭ་བཏིང་བའང་དོར་ཞེས་པ་ནི་ཚོན་གྱི་ལས་བྱེད་པ་ལ་སོགས་པ་གོས་སྐམ་སྲད་བྱ་བའི་གཅལ་དུ་རྩྭ་བཏིང་བ་ཡང་ཟིན་ནས་བརྟུལ་ཅིག་པའོ། །བོར་བར་ཁས་ལེན་ཅིང་སློང་ན་སྦྱིན་ཞེས་པ་ནི་དགེ་སློང་གཞན་འགའ་ན་རེ་
ངའི་གོས་སྐམ་སྲད་པའི་གཞིར་ཡང་དགོས་ཀྱིས་མ་དོར་ཞེས་ཟེར་ན་ཟིན་ནས་བརྟུལ་ལམ་མི་བརྟུལ་ཞེས་སྨྲས་ལ་བརྟུལ་ཞིང་དོར་བ་ཡང་ངས་བྱའོ་ཞེས་ཟེར་ན་སྦྱིན་ཅིག་པའོ། །རྐང་མཆིལ་ལ་གཟན་ན་འཆག་པར་རྩྭ་གདིང་ཞེས་པ་ནི་འཆག་པའི་ཚེ་ས་གཞི་རྩུབ་པས་རྐང་ལག་ལ་གཟན་ན་
ཐབས་འདི་ལྟར་གྱིས་ཤིག་པའོ། །དེ་འང་དོར་ཞེས་པ་ནི་འཆག་སར་གདིང་བའི་རྩྭ་དེ་ཡང་བཏིང་ནས་ཐལ་བྱུང་གཞི་ལ་མ་བཞག་པར་བརྟུལ་ཞིང་བོར་ཅིག་པའོ། །མི་རུང་བར་མ་གྱུར་པར་དོར་བར་བྱ་ཞེས་པ་ནི་གཅལ་དུ་བཏིང་བའི་རྩྭ་དེ་དག་ཧ་ཅང་དེངས་ཆེས་ཏེ་རྡུལ་ཙམ་གྱི་ཚོད་དུ་ཞིབ་མོར་ལྷགས་
ན་དོར་ཡང་མི་དགོས་ཀྱི་ནམ་དོར་དུ་འོས་པ་ཙམ་གྱི་ཚོད་ན་འོར་ཅིག་པའོ་གྱི་ན་ནི་དུས་དུས་སུ་བརྟག་ཅིང་བསྣོར་བ་ཡང་ངོ་ཞེས་པ་ནི་དོར་བ་ལ་མ་ཐུག་པ་ཙམ་གྱི་ཚེ་ན་ནི་དུས་དུས་སུ་བརྟག་པ་དང་བླ་འོག་བསྣོར་བར་གྱིས་ཤིག་པའོ། །ས་འཇམ་ཞིང་བརླན་ན་འཁོར་བར་རོ་ཞེས་པ་ནི་གཅལ་བཏིང་བའི་
ས་ཉིད་རླན་ཅིང་འཇམ་པ་ཞིག་ཡིན་ན་སྲོག་ཆགས་འདུ་བའི་ཕྱིར་ཉིན་རེ་ལན་རེ་འཁོར་བར་བརྟག་ཅིང་བསྣོར་བར་ཡང་གྱིས་ཤིག་པའོ། །གཞན་དུ་ན་ཟླ་བ་ཕྱེད་ཅིང་ངོ་ཞེས་པ་ནི་གཅལ་བཏིང་བའི་ས་གོང་མ་ལྟ་བུ་མ་ཡིན་ན་ཟླ་བ་ཕྱེད་ཕྱེད་ཅིང་བརྟག་པ་འམ་བསྣོར་བ་གྱིས་ཤིག་པའོ། །འཆག་སར་
Vol. 164 · folio 107a
རྩྭའམ་ཐག་སྲད་ཀྱིས་བཅིངས་ཏེ་ཤིང་ལ་བཅང་ཞིང་གཞག་ཅེས་པ་ནི་འཆག་སར་གདིང་བའི་རྩ་སྟན་མི་འཆག་པའི་ཚེ་ཐབས་འདི་ལྟར་གྱིས་ཤིག་པའོ། །ལྕི་བ་གྱི་མོར་གཞག་ཅེས་པ་ནི་བྱུག་ཅིང་བསྐུ་བར་དགོས་པའི་ཕྱིར་ལྕི་བ་སྦྱར་བ་འདི་ལྟ་བུ་སྟ་གོན་གྱིས་ཤིག་པའོ། །
སྐོམ་ཆུ་ཐུག་ཅེས་སྔར་འདས་པ་ཡན་ཆད་དོ་ཞེས་པ་ནི་བཏིང་བའི་ལྟུང་བ་འདིའི་མཚན་ཉིད་མལ་ཆའི་ལྟུང་བ་འཆད་པ་ལས་སྐོམ་ཆུ་ཐུག་པ་མ་ཡིན་ན་མལ་ཆ་བརྟུལ་ལ་གནས་ནས་འགྲོ་ཞེས་འབྱུང་བ་ཡན་ཆད་དེའི་ཉེ་གནས་ན་འདོམ་བཞི་བཅུ་རྩ་དགུའོ་ཞེས་སྨོས་པ་ལ་སོགས་པ་དང་འདྲ་
བར་ཁོ་ནར་རིག་པར་གྱིས་ཤིག་པའོ། །མལ་ཆའི་བསླབ་པ་ལས་འབྱུང་བ་དང་ཐམས་ཅད་འདྲ་བར་སྦྱར་རམ་ཞེ་ན་དེ་དང་མི་འདྲ་བའི་བྱེ་བྲག་སྟོན་པ་ནི་མཉམ་དུ་སྤྱོད་ན་མཚུངས་ཞེས་པ་ཡིན་ཏེ་མཉམ་དུ་སྤྱོད་སྤྱོད་ན་གོང་མ་ལྟར་ཕྱིས་ལངས་པས་བརྟུལ་བ་དང་མཉམ་ན་གསར་བས་བྱ་
ཞེས་པ་ལྟ་བུ་མ་ཡིན་གྱི་གཉིས་ཀས་སོ་སོ་སྤྱོད་དུ་འདྲ་བའི་ཕྱིར་འདིའི་ཚེ་ནི་གཉིས་ཀས་བརྟུལ་ཅིག་པར་སྟོན་པའོ། །དགེ་འདུན་གྱི་མ་ཡིན་ན་དེའི་བདག་པོ་ལ་བཅོལ་ཞེས་པ་ནི་དགེ་འདུན་གྱི་གནས་མ་ཡིན་པ་གཞན་དུ་བཏིང་ན་དེའི་བདག་པོ་དག་ལ་བརྟུལ་ཅིག་པར་བཅོལ་བ་ཙམ་
གྱིས་ཀྱང་ཆོག་པར་སྟོན་པའོ། །བསླབ་པའི་ཡན་ལག་གང་གིས་ཉེས་པར་འགྱུར་ཞེ་ན། དགེ་འདུན་གྱི་གཙུག་ལག་ཁང་དང་གསེག་མ་དང་བྱེ་མ་དང་ཁམ་བྲལ་ལ་སོགས་པའི་དངོས་པོ་ཉིད་མ་ཡིན་ལ་དེ་འདྲ་བའི་ཉེས་དམིགས་སུ་འགྱུར་བའི་སར་བདག་གམ་བསྐོས་པས་བཏིང་ན་བྱེད་དོ་ཞེས་པ་ནི་
གནས་མིང་གིས་སྨོས་པའི་དངོས་ཉིད་ཀྱང་མ་ཡིན་ལ་དེ་དག་ལས་ཟློག་ཅིང་སྲིན་བུ་མྱུར་དུ་འཁྲུངས་བའང་ཉེས་དམིགས་སུ་འགྱུར་བའི་སར་བདག་གིས་གདིང་ངམ་གཞན་གདིང་དུ་བཅུག་ཀྱང་རུང་སྟེ་ལྟུང་བར་སྟོན་པའོ། །བཏིང་བའི་ལྟུང་བའོ།། །།སྐྲོད་པའི་ལྟུང་བར་ཅི་ལས་འགྱུར་ཞེ་ན་དགེ་སློང་དང་
དགེ་འདུན་གྱི་གཙུག་ལག་ཁང་ལས་བྱེད་ཅེས་པ་ཡིན་ཏེ་མིང་གིས་སྨོས་པའི་ཡན་ལག་འདི་གཉིས་ལས་ཉེས་པ་རངས་པར་སྟོན་པའོ། །གལ་ཏེ་དེ་ལ་དམན་པའམ་དགེ་སློང་འཁྲུག་པ་དང་མ་ཞི་བར་འགྱུར་བའམ་བཟློག་པར་འདོད་པ་མ་ཡིན་ན་ཞེས་པ་ནི་ནང་དུ་བཞག་ན་མེ་ཐར་བས་ཚིག་པ་ལ་སོགས་པ་
Vol. 164 · folio 107b
དེ་དམན་པའི་ཕྱིར་བསྐྲད་དམ་དེ་ནང་ན་འཐབ་ཀྲོལ་བྱེད་ཅིང་དགེ་འདུན་འཁྲུག་སྟེ་མ་ཞི་བར་འགྱུར་བའི་ཕྱིར་བསྐྲད་དམ་འདི་དག་ལྟ་བུའི་གཉེན་པོས་བཟློག་པ་མ་ཡིན་པར་དགེ་འདུན་གྱི་གཙུག་ལག་ཁང་ནས་ཕྱུང་ན་གདོད་ཉེས་པར་འགྱུར་བའོ། །བསྐྲད་ནའོ་ཞེས་པ་ནི་གོང་དུ་སྨོས་པའི་གནས་དེ་དག་
ནས་བསྐྲད་ན་གདོད་ཉེས་པར་འགྱུར་བའོ། །དེ་ཡང་སུ་ལ་བསྐྲད་ཅེ་ན། གཞན་གྱིས་ཀྱང་ངོ་ཞེས་པ་ཡིན་ཏེ་གཞན་སྐྲོད་དུ་བཅུག་ནའང་ཉེས་པར་འགྱུར་ན་བདག་གིས་བསྐྲད་པ་ལྟ་ཅེ་སྨོས་ཞེས་ཁོང་ནས་འདྲེན་པར་སྟོན་པའོ། །གཞན་གྱི་ངོ་མ་ཆོད་ན་ཡང་ངོ་ཞེས་པ་ནི་མཁན་པོའམ་སློབ་དཔོན་ལྟ་
བུས་འབྱིན་ཅིང་སྐྲོད་དུ་བཅུག་ན་ཡང་གཞན་གྱི་ངོ་ཆོད་པ་མི་བརྩན་དེ་སྐྲོད་སྐྲོད་པ་དེ་ལ་ཉེས་པ་རངས་པར་སྟོན་པའོ། །དགེ་སློང་མ་དང་དགེ་ཚུལ་དང་དགེ་ཚུལ་མས་ནི་ཉེས་བྱས་ཞེས་པ་ནི་འདི་དག་སྐྲོད་དུ་བཅུག་ན་འདི་དག་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །འདི་དག་ཀྱང་ངོ་ཞེས་པ་ནི་འདི་དག་བསྐྲད་
ན་ཉེས་བྱས་སུ་འགྱུར་བའོ། །བཞད་གད་དུ་ན་ཡང་ངོ་ཞེས་པ་ནི་རྩེད་མོར་བསྐྲད་ན་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །ཁྱིམ་པ་ལ་ནི་བསོད་ནམས་མ་ཡིན་པ་ཕལ་ཆེར་རོ་ཞེས་པ་ནི་ཁྱིམ་པ་སྐྲོད་དུ་བཅུག་ན་ཁྱིམ་པ་དེ་ལ་སྡིག་ཆེ་བར་སྟོན་པའོ། །སྐྲོད་པའོ།། །།གནོན་པའི་ལྟུང་བར་འདོད་པ་ནི།
འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་ཇི་ལ་བརྩན་ཞེ་ན། མནན་ནའོ་ཞེས་པ་ཡིན་ཏེ་དགེ་སློང་གིས་གཞི་མནན་ཅིང་ཐེབས་པར་ཤེས་ན་ཉེས་པར་འགྱུར་བའོ། །དེ་ཡང་གང་དུ་ཞེ་ན། དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་གི་གནས་སུ་ནའོ་ཞེས་པ་ཡིན་ཏེ་དགེ་སློང་གིས་དགེ་
འདུན་གྱི་གཙུག་ལག་ཁང་དུ་གནས་ཤིང་གཞི་ཐེབས་པ་ལས་གདོད་ཉེས་པར་འགྱུར་བའོ། །ཇི་ལྟར་བྱས་པས་ཉེས་པར་འགྱུར་ཞེ་ན། ནད་པ་དང་འཇིགས་པའི་དབང་མ་གཏོགས་པར་ནན་གྱིས་བཙིར་ནའོ་ཞེས་པ་ཡིན་ཏེ་ནད་ཀྱིས་ཐེབས་པའམ་འཇིགས་པའི་དབང་གིས་སྔ་མ་གཅིག་གི་སྟེང་
དུ་(འགྱིལ་‚འགྱེལ་)ཞིང་བཙིར་བ་ལྟ་བུ་ནི་མ་གཏོགས་ཀྱི་གཙེ་བའི་ཆེད་དུ་ནན་གྱིས་བཙིར་ན་གདོད་ཉེས་པར་འགྱུར་བའོ། །འདི་ནི་དཔེར་ཟད་ཀྱི་འཚེ་བར་འདོད་པས་དགེ་སློང་གཙེས་ན་ཡང་ངོ་ཞེས་པ་ནི་བཙིར་བ་དཔེ་ཙམ་དུ་ཟད་ཀྱི་གཞན་ཡང་ཚ་བའི་ཚེ་ལ་བབ་པ་སྐོན་ཞིང་ཕྱི་རོལ་དུ་བཞག་པ་དང་གྲང་
Vol. 164 · folio 108a
བའི་ཚེ་ཆུས་བཏབ་ཅིང་ལྷགས་པ་ལ་མངད་པ་ལ་སོགས་པ་རྣམ་པ་གང་གིས་གཙེས་ཀྱང་རུང་སྟེ་ལྟུང་བར་སྟོན་པའོ། །ཞལ་ཞིང་གནོན་པའོ།། །།ཁྲི་འབྱུང་སླ་བ་ལ་འདུག་པའི་ལྟུང་བ་སྟོན་པ་ནི་དགེ་འདུན་གྱི་གཙུག་ལག་ཁང་དང་ཡང་ཐོག་ལས་བྱེད། ཅེས་པ་ཡིན་ཏེ་དགེ་
འདུན་གྱི་གཙུག་ལག་ཁང་ཡང་ཡིན་ལ་ཡང་ཐོག་ལྟ་བུ་སྟེང་མ་ཡིན་ན་གདོད་ཉེས་པར་འགྱུར་བའོ། །གོང་མ་ལྟ་བུའི་ཁང་པ་ཐམས་ཅད་ལས་ཉེས་པར་འགྱུར་ཞེ་ན། གལ་ཏེ་ས་གང་ཡིན་པ་དང་ཤིང་ལེབ་དང་དེ་ལྟ་བུའི་དགབ་པ་ཡིན་ནའོ་ཞེས་པ་ཡིན་ཏེ་ཡང་ཐོག་ལ་སོགས་པ་ཡིན་ཡང་
ས་གང་ཡིན་པ་དང་ཤིང་ལེབ་ལ་སོགས་པ་དྲབ་ཀྱིས་ཐོག་ལེགས་པར་བཀབ་པ་ཞིག་ཡིན་ན་ཉེས་པར་སྟོན་པའོ། །ཉེས་པར་འགྱུར་བའི་རྣམ་པ་གཞན་གྱིས་ཀྱང་གནོན་པ་ན་བཙིར་བའི་རྐང་པ་འབྱུང་བ་ནའོ་ཞེས་པ་ཡིན་ཏེ། ཁྲི་འམ་ཁྲིའུ་བཙིར་བའི་རྐང་པ་གཟིར་གྱིས་མ་ཐེབས་ཤིང་འབྱུང་
བླ་བ་ཞིག་ན་གདོད་ཉེས་པར་འགྱུར། རྐང་པ་འབྱུང་སླ་བའོ་ཅོག་ལས་ཉེས་པར་འགྱུར་རམ་ཞེ་ན། བཀན་པ་མ་གཏོགས་ཞེས་པ་ཡིན་ཏེ་ཁྲི་གོང་མ་ལྟ་བུ་ཡིན་དུ་ཟིན་ཀྱང་བཀན་ན་ཉེས་པར་མི་འགྱུར་བའོ། །རྐང་རྟེན་བཅུག་ན་ཡང་ངོ་ཞེས་པ་ནི། ཁྲི་གོང་མ་ལྟ་བུ་ཡིན་དུ་ཟིན་ཀྱང་རྡོ་འམ་
ཤིང་ལེབ་ལྟ་བུའི་རྐང་རྟེན་ཡོད་ན་ཉེས་པར་མི་འགྱུར་བའོ། །སྟེང་དུ་འབྱུང་བླ་བ་ཡང་ཡིན་ལ་ཇི་ལྟ་བུར་བྱས་པས་ཉེས་པར་འགྱུར་ཞེ་ན། བཙིར་ནའོ་ཞེས་པ་ཡིན་ཏེ་གོང་དུ་སྨོས་པ་ལྟ་བུའང་ཡིན་ལ་བཙིར་ན་གདོད་ཉེས་པར་འགྱུར་བའོ། །ཆེད་དུ་མ་བྱས་ཀྱང་ཉེས་པར་འགྱུར་རམ་ཞེ་ན། འབྲིས་
ཀྱིས་སོ་ཞེས་པ་ཡིན་ཏེ་འདུ་ཤེས་བརྩན་པར་སྟོན་པའོ། །རྐང་པ་འབྱུང་བླ་བ་ལ་འདུག་པའོ།། །།སྲོག་ཆགས་དང་བཅས་པའི་ཆུ་སྤྱོད་པའི་ལྟུང་བ་སྟོན་པ་འོག་ནས་ཀྱང་འདི་སྐད་དུ་འབྱུང་བ་དང་ཁྱད་ཅི་ཡོད་ཅེ་ན། འདིའི་བྱེ་བྲག་སྟོན་པ་ནི་བདག་གི་ཕྱིར་སྤྱོད་པ་ལས་གཞན་པའོ་ཞེས་པ་ཡིན་ཏེ་
ལྟུང་བ་འདི་ནི་འོག་མ་དང་མི་འདྲ་བར་བདག་གི་ལུས་ཀྱི་ཡོ་བྱད་དུ་སྤྱོད་པ་ལས་གཞན་པ་ལས་སར་པ་ལ་སོགས་པའི་ཡོ་བྱད་དུ་སྲོག་ཆགས་དང་བཅས་པའི་ཆུ་སྤྱོད་ན་ལྟུང་བར་སྟོན་པའོ། །སྲོག་ཆགས་དང་བཅས་པ་སྤྱོད་པའོ།། །།གཙུག་ལག་ཁང་གི་ལྟུང་བ་སྟོན་པར་འདོད་པ་ནི་སྒོའི་རེ་བཞི་
Vol. 164 · folio 108b
གཟུགས་པར་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ་གཙུག་ལག་ཁང་ཅིག་ན་དང་པོར་སྒོའི་རེ་བཞི་ཚུགས་ཤིག་པའོ། །སྒོ་འཕར་ཡང་ངོ་ཞེས་པ་དང་། སྐར་ཀུང་ཡང་གདོད་ཅེས་པ་ནི་འདི་དག་ཀྱང་མ་བཏོད་མ་བཙུགས་པར་བརྩིགས་ན་ཉེས་བྱས་སུ་སྟོན་པའོ། །ཇི་ལས་ཉེས་པར་བྱེད་ཅེ་ན་གཙུག་ལག་ཁང་
ལས་བྱེད་ཅེས་པ་ཡིན་ནོ། །དེའི་ཚད་ཇི་ཙམ་གྱིས་ཉེས་པར་འགྱུར་ཞེ་ན། སྤྱོད་ལམ་བཞི་ཤོང་ན་ཡང་ངོ་ཞེས་པ་ཡིན་ཏེ་སྤྱོད་ལམ་བཞི་ཤོང་བ་ཡན་ཆད་ལས་ཉེས་པར་འགྱུར་བའོ། །ཚད་འདི་ཙམ་དུ་བརྩིགས་པའོ་ཅོག་ལས་ཉེས་པར་འགྱུར་རམ་ཞེ་ན། རིལ་གྱིས་རྡོ་ལས་སམ་སོ་ཕག་གམ་
ཤིང་ལས་མ་ཡིན་ནོ་ཞེས་པ་ཡིན་ཏེ་རིལ་གྱིས་འདི་ལྟ་བུ་ལས་རྩིག་ན་སྤྱོད་ལམ་བཞི་ཤོང་བ་བས་ཇི་ཙམ་དུ་ཆེར་བརྩིགས་ཀྱང་ཉེས་པར་མི་འགྱུར་བའོ། །ཆར་ཀབ་ཀྱིས་ནའོ་ཞེས་པ་ནི་རྩ་བ་འམ་འདབ་མ་ལ་སོགས་པས་བརྩིགས་པའི་འཕྲོ་བཀབ་ན་ཇི་ཙམ་དུ་བརྩིགས་ཀྱང་ཉེས་མེད་པར་སྟོན་པའོ། །གཙུག་
ལག་ཁང་མྱུར་དུ་བརྩིགས་པའོ་ཅོག་ལས་ཉེས་པར་འགྱུར་རམ་ཞེ་ན། བྱས་པ་འམ་ཟིན་བ་ཇི་ལྟའོ་ཞེས་ཡོན་བདག་མི་ཟེར་ནའོ་ཞེས་པ་ཡིན་ཏེ་བྱེད་པའམ་ཟིན་པ་མྱུར་དུ་བརྩིགས་ན་གདོད་ཉེས་པར་འགྱུར་བའོ། །ཇི་ཙམ་བརྩིགས་པས་ཉེས་པར་འགྱུར་ཞེ་ན། རིམ་གསུམ་ལས་ཕ་གུ་ལྷག་པར་བརྩིགས་ནའོ་ཞེས་པ་ཡིན་ནོ། །
བདག་གིས་བརྩིགས་ཤིག་ཉེས་པར་འགྱུར་རམ་ཞེ་ན། གཞན་གྱིས་ཀྱང་ངོ་ཞེས་པ་ཡིན་ཏེ་གཞན་རྩིག་ཏུ་བཅུག་ན་ཡང་ཉེས་པ་རངས་པར་འགྱུར་བའོ། །ཇི་ཙམ་ན་ཟིན་པས་ཤེ་ན། དེའི་ཉིན་པར་རོ་ཞེས་པ་ཡིན་ཏེ་ཉིན་གཅིག་ལ་ཕ་གུ་རིམ་བཞི་ལ་སོགས་པ་བརྩིགས་ན་ཉེས་པ་རངས་པར་སྟོན་
པའོ། །འཇི་བ་མེད་པ་ལས་གཞན་དུ་ན་ཡང་ངོ་ཞེས་པ་ནི་ཉིན་གཅིག་ལ་རིམ་གསུམ་བརྩིགས་པའི་ཚེ་ལ་ནི་འཇི་བ་མེད་ལ་ཕྱི་དེ་ཉིན་པར་འཇི་བ་དང་སྤེལ་ཞིང་བརྩིགས་ན་ཡང་ཉེས་པ་རངས་པར་སྟོན་པའོ། །སྟོར་ཀུང་མ་བཏོད་ནའོ་ཞེས་པ་ནི་སྟོར་ཁུང་མ་བཏོད་པར་རིམ་པ་གསུམ་ལས་ལྷག་པར་
བརྩིགས་ན་ཡང་ཉེས་པར་སྟོན་པའོ། །རྨང་མ་བསྒོས་ནའོ་ཞེས་པ་ནི་རྨང་བསྒོས་པར་རིམ་གསུམ་ལས་ལྷག་པར་བརྩིགས་ན་ཉེས་པར་སྟོན་པའོ། །སྒོའི་ཁ་ཁྱེར་གྱི་སྟེང་དུ་ནའོ་ཞེས་པ་ནི། སྒོའི་ཁ་ཁྱེར་མ་བཅུག་རིམ་པ་གསུམ་ལས་ལྷག་པར་བརྩིགས་ན་རྩ་བའི་ཉེས་པར་
Vol. 164 · folio 109a
བསྟན་པའོ། །ཐོག་མའི་སྔ་མ་ནི་ཉེས་མེད་ཅེས་པ་ནི་རིམ་བཞི་བརྩིགས་ན་རིམ་གསུམ་མན་ཆད་ཀྱང་དེའི་སྦྱོར་བ་སྟེ་ཉེས་བྱས་སུ་འགྱུར་བ་དོགས་པ་བསྩལ་བའི་ཕྱིར་གཉེར་འདི་སྐད་དུ་བསྟན་པ་ཡིན་ཏེ་རིམ་པ་བཞི་པའི་ཐོག་མ་གསུམ་མན་ཆད་ལ་ཉེས་མེད་པར་སྟོན་པའོ། །བཞི་རྩིག་
པའི་ཕ་གུ་ལེན་པ་ཙམ་ན་ནི་དེའི་སྦྱོར་བ་སྟེ་ཉེས་བྱས་སུ་སྟོན་པའོ། །གཙུག་ལག་ཁང་གི་ལྟུང་བའོ།། །།མ་བསྐོས་པར་སྟོན་པའི་ལྟུང་བ་འཆད་པར་བསྐོ་བར་འོས་པའི་གང་ཟག་ཇེ་སྟོན་པ་ནི། ཕས་མ་ཕམ་པ་དང་མདོ་དང་འདུལ་བ་དང་མ་མོ་འཛིན་པ་དང་ལོ་ཉི་ཤུ་པ་ལས་མི་ཉུང་བ་དང་གྲོང་ཁྱེར་གྱིས་
སྨྲ་བ་དང་ལུས་ཀྱིས་དགེ་སློང་མ་ལ་རེག་པའི་གཉེན་པོ་བྱས་པ་དགེ་སློང་མའི་སྟོན་པར་བསྐོའོ་ཞེས་པ་ནི་འདི་དག་ལྟ་བུའི་གང་ཟག་སྟོན་པར་སྐོས་ཤིག་པའོ། །སྟོན་པར་སྐོ་བ་ནམ་བསྐོ་ཞེ་ན། བཅོ་ལྔ་གསོ་སྦྱིན་གྱི་ཚེ་མཚམས་ཀྱི་ནང་དུའོ་ཞེས་པ་ཡིན་ཏེ། འདུལ་བ་ལ་སོགས་པའི་གསོ་སྦྱིན་
མ་ཡིན་གྱི་བཅོ་ལྔའི་གསོ་སྦྱིན་གྱི་ཚེའང་མཚམས་ཀྱི་ནང་དུ་དགེ་སློང་མ་སྟོན་པ་བསྐོ་ཤིག་པའོ། །བཅུ་བཞིའི་ཚེ་བསྐོ་ན་ཡང་མི་རུང་བ་ནི་མེད། མདོ་འཛིན་པ་ལ་སོགས་པ་མེད་ན་ཇི་ལྟར་བྱ་ཞེ་ན། མདོ་འཛིན་པ་ལ་སོགས་པ་མེད་ན་སོ་སོར་ཐར་པ་སྟོན་པའོ་ཞེས་པ་ཡིན་ཏེ་སོ་སོར་ཐར་པ་
དོན་དང་ལེའུ་རྒྱས་པར་ཐོན་པ་བསྐོས་ཀྱང་བླ་བར་སྟོན་པའོ། །དེ་ཡང་ན་ཕས་ཕམ་པ་སྒྲོགས་པའོ་ཞེས་པ་ནི་གོང་མ་ལྟ་བུའང་མེད་ན་ཕས་ཕམ་པ་བརྒྱད་ཐོན་པ་ཙམ་ཡང་བསྐོས་ཤིག་པའོ། །ལྕི་བའི་ཆོས་རྣམས་ཀྱང་ངོ་ཞེས་པ་ནི་གོང་མ་ལྟ་བུ་མེད་ན་ལྕི་བའི་ཆོས་བརྒྱད་ཐོན་པ་ཙམ་ཡང་
བསྐོས་ཤིག་པའོ། །ཀ་ན་སྲིང་མོ་དགེ་སློང་མའི་དགེ་འདུན་ཁྱེད་འདུམ་མ་མ་ཡོངས་སུ་གཙང་ངམ་འཐུན་ནམ་ཉེས་མེད་དམ་ཁྱེད་ལ་དགེ་འདུན་གྱི་མ་བསྐོས་པའི་གང་ཟག་འགའ་མི་སྟོན་ཏམ་ཁྱེད་ཀྱི་ལུང་དང་སྟོན་པ་ནི་ཁྱེད་དགེ་འདུན་ལས་ཏེ་ཁྱེད་ལ་སྟོན་པའི་གང་ཟག་ཀྱང་དགེ་འདུན་ལས་འོང་ན་
ཁྱེད་ལ་སྟོན་པར་སྤྲོ་བའི་གང་ཟག་ནི་གང་ཡང་མེད་ཀྱིས་སྲིང་མོ་དག་བག་དང་ལྡན་པར་སྒྲུབས་ཤིག་ཅེས་པ་ཙམ་ཡང་ངོ་ཞེས་པ་ནི་གོང་མ་ལྟ་བུ་མེད་ན་ཚིག་འདི་དག་ཆོད་ཐོད་པ་ཡང་བསྐོས་ཤིག་པའོ། །དེ་ལ་འདུ་མ་ཞེས་པ་ནི་བྱ་བ་གཅིག་པའོ། །ཡོངས་སུ་གཙང་ཞེས་པ་ནི་ཕས་ཕམ་འབྱུང་བའོ། །
Vol. 164 · folio 109b
མཐུན་ཞེས་པ་ནི་གཅིག་ལ་གཅིག་འཇར་བའོ། །ཉེས་མེད་ཅེས་པ་ནི་འཐབ་པ་ལ་སོགས་པའི་སྐྱོན་མེད་པའོ། །བླའི་ཆོས་ཀྱི་མཐུ་དང་ལྡན་པ་མ་གཏོགས་ཞེས་པ་ནི་བླའི་ཆོས་ཀྱི་མཐུས་ཉོན་མོངས་པ་ཆོམས་ཤིང་སྤངས་པ་ནི་དགེ་འདུན་གྱིས་མ་བསྐོས་པར་སྟོན་ཀྱང་ཉེས་མེད་དོ། །བསྐོས་
ཀྱང་རུང་མ་བསྐོས་ཀྱང་རུང་དེ་དག་ལས་འགའ་འང་མེད་པར་དགེ་སློང་མ་ལ་སྟོན་པའི་ཞེས་པ་ནི་གོང་དུ་སྟོན་པའི་ཡོན་ཏན་དག་ལས་འགའ་དང་ཡང་མི་ལྡན་པར་སྟོན་ན་བསྐོས་ཀྱང་རུང་མ་བསྐོས་ཀྱང་རུང་སྟེ་ཉེས་པ་རངས་པར་འགྱུར་བའོ། །སྔར་བསྐོས་པ་ནི་མ་བསྐོས་པ་མ་ཡིན་ཞེས་པ་
ནི་སྔུན་ལན་ཅིག་སྟོན་པར་བསྐོས་ན་ནམ་འཚོའི་བར་དུ་བཤད་ཀྱང་མ་བསྐོས་པ་མ་ཡིན་པར་སྟོན་པའོ། །དགེ་འདུན་དུ་མི་ཚང་ན་འོས་པ་ལ་གསོལ་བ་ལ་ཉེས་མེད་ཅེས་པ་ནི་སྟོན་པར་འོས་པ་ནི་ཡོད་ལ་བསྐོར་དགེ་འདུན་མི་ཚང་ན་དགེ་སློང་མ་ལ་གསོལ་བ་དང་དེས་བསྟན་པ་ཉེས་མེད་པར་སྟོན་
པའོ། །དེ་ཡང་ངོ་ཞེས་པ་ནི་འདི་ལྟ་བུའི་ཚེ་དགེ་སློང་མ་དེ་དག་གིས་གསོལ་བའང་ཉེས་མེད་པར་སྟོན་པའོ། །མ་བསྐོས་པར་སྟོན་པའོ།། །།ཉི་མ་ནུབ་ནུབ་ཏུ་འཆད་པའི་ལྟུང་བ་སྟོན་པར་འདོད་པ་ནི། འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་ཇི་ལ་བརྩན་ཞེ་ན་ཉི་མ་ནུབ་ནའོ་
ཞེས་པ་ཡིན་ཏེ་ཉི་མ་ནུབ་པར་ཤེས་ལ་ཆོས་སྟོན་ན་ཉེས་པར་འགྱུར་བའོ། །ཇི་ལྟར་བྱས་པ་ལ་འདུ་ཤེས་བརྩན་ཞེ་ན་མཚན་རྟག་དགེ་སློང་མ་ལ་ཆོས་འཆད་པ་མ་གཏོགས་ཞེས་པ་ཡིན་ཏེ་འདི་ལྟ་བུའི་ཚེ་མ་གཏོགས་པར་དགེ་སློང་མ་ལ་ཆོས་སྟོན་ན་ཉེས་པར་འགྱུར་བའོ། །ཆོས་
བསྟན་ཏོ་ཅོག་ན་ཉེས་པར་འགྱུར་རམ་ཞེ་ན། གལ་ཏེ་དབྱར་མོ་ཐང་གི་སྒོ་བྱེ་ཞིང་གཙུག་ལག་ཁང་ཡང་དེ་ལྟ་བུ་དང་བྱང་གཏད་མ་ཡིན་ནའོ་ཞེས་པ་ཡིན་ཏེ་དབྱར་མོ་ཐང་དང་གཙུག་ལག་ཁང་གཉི་གའི་སྒོ་བྱེ་ལ་བྱང་གཏད་དུ་འང་འཐབ་ཅིང་ལམ་དུ་ཐོགས་པ་མེད་པར་འགྲོར་ཡོད་ཉི་མ་ནུབ་ནུབ་དུ་བཤད་ཀྱང་
ཉེས་པ་མེད་པར་སྟོན་པའོ། །འདི་ནི་དཔེ་ཙམ་དུ་ཟད་ཀྱང་གཞན་ཡང་ལམ་དུ་ཉེ་ཞོ་མི་འབྱུང་བ་ཙམ་གྱི་ཚོད་ན་ཉེས་མེད་དོ། །ཉི་མ་ནུབ་པར་ཆོས་སྟོན་པའོ།། །།ཟས་ཆུང་ཟད་ཀྱིས་སྐུར་པའི་ལྟུང་བ་སྟོན་པ་ནི། ཆོས་འདྲི་བ་བག་ཕེབས་པའི་ཆེད་དུ་དགེ་སློང་ཕ་ལ་དགེ་སློང་མས་ཟས་དབུལ་
Vol. 164 · folio 110a
བར་བྱ་ཞེས་པ་ཡིན་ཏེ་མི་འཇིགས་ཤིང་བག་ཕེབས་པར་བྱ་བའི་ཕྱིར་དགེ་སློང་མས་ཐབས་འདི་ལྟར་གྱིས་ཤིག་པའོ། །རྒྱ་ཅང་དང་གོང་ནན་དང་ལྕག་པོད་དང་ཤུར་བུ་དག་ཀྱང་ངོ་ཞེས་པ་ནི་ཟས་ལ་མ་གཏོགས་པའི་བག་འདི་དག་ཙམ་ཡང་ཕུལ་ཅིག་པའོ། །དགེ་སློང་གིས་འདི་བླང་ཞེས་
པ་ནི་དགེ་སློང་གིས་དེ་དག་ཙམ་གྱི་ཚོད་ལོང་ཤིག་པའོ། །ཇི་ལྟར་བྱས་པས་ཆུང་ཟད་ཀྱི་སྐུར་པར་འགྱུར་ཞེ་ན། ཟས་ཆུང་ཟད་ཀྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་ཏོ་ཞེས་དགེ་སློང་དེ་ལྟ་མ་ཡིན་པ་ལ་ཟེར་ནའོ་ཞེས་པ་ཡིན་ཏེ་དགེ་སློང་བསོད་ནམས་ཀྱི་བསམ་པས་དགེ་སློང་མ་ལ་ཆོས་སྟོན་གྱི་གཞན་གྱི་ཕྱིར་མ་
ཡིན་པས་ཟས་ཆུང་ཟད་ཀྱི་ཕྱིར་ཆོས་སྟོན་ཏོ་ཞེས་སྐུར་པ་འདེབས་ན་ཉེས་པར་འགྱུར་བའོ། །ཟས་ཆུང་ཟད་ཀྱིས་སྐུར་པའོ།། །།གོས་བྱེད་པའི་ལྟུང་བ་སྟོན་པར་འདོད་པར་ནི་འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་བརྩན་པ་གང་ཞེ་ན། དགེ་སློང་མ་གཉེན་མ་ཡིན་པའོ་ཞེས་པ་ཡིན་ཏེ་གཉེན་མ་
ཡིན་པའི་དགེ་སློང་མར་ཤེས་ན་ཉེས་པར་འགྱུར་བའོ། །དྲུབས་པ་ཆོས་གོས་བྱེད་ནའོ་ཞེས་པ་ནི་དྲུབས་པ་ཡང་གཞན་མ་ཡིན་གྱི་གོས་དྲུབས་ན་གདོད་ཉེས་པར་འགྱུར་བའོ། །གོས་བྱེད་པའོ།། །།གོས་སྦྱིན་པའི་ལྟུང་བར་སྟོན་པར་འདོད་པ་ནི་བྱིན་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་གཉེན་མ་ཡིན་པ་ལ་
སོགས་པའི་ཡན་ལག་གཞན་ནི་གོང་མ་ལས་གཞི་བླང་ངོ་། །གོས་དབུལ་བ་མ་གཏོགས་ཞེས་པ་ནི་དགེ་སློང་མའི་དགེ་འདུན་སྤྱིར་གོས་ཕུལ་བའི་ཚེ་ན་ཉེས་མེད་པར་སྟོན་པའོ། །གོས་འབུལ་བ་འབའ་ཞིག་གི་ཚེ་ཉེས་མེད་དམ་ཞེ་ན། ཇི་ནས་ཀྱང་སྟོར་བ་ལེགས་པར་སྨྲས་པའམ་བསྙེན་པར་
རྫོགས་པའམ་བརྗེས་པ་མ་ཡིན་ནའོ་ཞེས་པ་ཡིན་ཏེ་རྐྱེན་འདི་དག་གི་ཚེ་བྱིན་པ་འདི་ཉེས་མེད་པར་སྟོན་པའོ། །དེ་ལ་སྟོར་ཅེས་པ་ནི་དགེ་སློང་མའི་གོས་རྐུན་པོ་ལ་སོགས་པས་ཁྱེར་བའོ། །ལེགས་པར་སྨྲས་ཞེས་པ་ནི་དེས་ཆོས་ལེགས་པར་བཤད་པའོ། །བསྙེན་པར་རྫོགས་ཞེས་པ་ནི་བསྙེན་
པར་རྫོགས་པར་འདོད་པའོ། །བརྗེས་ཞེས་པ་ནི་དགེ་སློང་མ་དང་བརྗེས་པའི་བརྗེད་མར་བྱིན་པ་མ་ཡིན་པའོ། །གོས་བྱིན་པའོ།། །།དགེ་སློང་མ་དང་ལྷན་ཅིག་ལམ་དུ་དོང་བའི་ལྟུང་བ་སྟོན་པ་ནི། རུང་བར་བྱེད་པ་དང་རུང་བར་བྱེད་མ་དང་དགེ་ཚུལ་ཕ་དང་དགེ་ཚུལ་མ་རྒྱགས་བསྐུར་ཞེས་པ་
Vol. 164 · folio 110b
ལ་སོགས་པ་ཡིན་ཏེ་ལམ་དུ་འདོད་པའི་རྒྱགས་བདག་ཅག་ཉིད་ཀྱིས་བསྐུར་དུ་མི་རུང་བའི་ཕྱིར་མིང་གིས་སྨོས་པ་འདི་དག་སྐུར་ཅིག་པའོ། །དགེ་སློང་ཕ་དང་དགེ་སློང་མའི་རྒྱགས་བསྣོར་ཏེ་ཁྱེར་བ་རུང་ཞེས་པ་ནི་འདི་ལྟར་བསྣོར་ཏེ་ཁྱེར་ན་བཞག་པའི་ཉེས་པར་མི་འགྱུར་བར་སྟོན་པའོ། །གཅིག་ལ་
གཅིག་བྱིན་ལེན་བྱེད་པ་ཡང་ངོ་ཞེས་པ་ནི་དགེ་སློང་ཕ་དང་དགེ་སློང་མ་གཅིག་གི་གཅིག་བྱིན་ལེན་བྱས་པ་ཡང་རུང་བར་སྟོན་པའོ། །ཚངས་པ་མཚུངས་པར་སྤྱོད་པའི་ནད་པ་ལམ་དུ་མི་དོར་ཞེས་པ་ནི་ལམ་དུ་ནད་ཀྱིས་ཐེབས་ན་མ་དོར་ཅིག་པར་སྟོན་པའོ། །འདི་བསྐུར་ཞེས་པ་ནི་ནད་པ་དེ་མ་འདོར་བར་ཁྱེར་
ཅིག་པའོ། །དགེ་སློང་མ་དག་ཀྱང་དེ་བཞིན་ཞེས་པ་ནི་དགེ་སློང་མ་དག་གིས་བདག་ཅག་གི་གྲོགས་ནད་ཀྱིས་ཐེབས་པ་མ་དོར་བར་ཁྱེར་ཅིག་པའོ། །འདིར་གཅིག་གིས་གཅིག་བསྟང་བར་བྱ་ཞེས་པ་ནི་ནད་པའི་ནད་རོགས་གཅིག་གིས་གཅིག་སྟོངས་ཤིག་པར་སྟོན་པའོ། །བསྟང་བའི་ཐབས་ཇི་ལྟར་བྱ་
ཞེ་ན། མགོ་མཇུག་ནས་བཟུང་ཞེས་པ་ཡིན་ཏེ། དགེ་སློང་མ་ཡིན་ན་ནི་དགེ་སློང་ཕས་རོ་སྟོད་ནས་ཟུང་ཤིག་པའོ། །དགེ་སློང་ཕ་ཡིན་ན་ནི། དགེ་སློང་མས་རོ་སྟོད་ནས་ཟུང་ཤིག་པའོ། །གྲོང་དུ་ཕྱིན་ནས་དོང་བ་ཉེས་མེད་ཅེས་པ་ནི་ནད་པ་བསྐུར་བསྐུར་ནས་གྲོང་དུ་བཞག་སྟེ་དོང་བ་ནི་ཉེས་མེད་པར་སྟོན་པའོ། །
གྲོང་དུ་ཕྱིན་པ་ཙམ་གྱིས་ཆོག་གམ་ཞེ་ན། ནད་པའི་སྨན་དང་ཟས་བཤམས་ཏེ་འོ་ཞེས་པ་ཡིན་ཏེ་དེའི་སྨན་དང་ཟས་བཤམས་ཏེ་བཞག་ནས་གདོད་དེངས་ཤིག་པའོ་མཚུངས་པའི་ནད་གཡོག་གཅིག་ནས་སོ་ཞེས་པ་ནི་དགེ་སློང་ཕ་ཡིན་ན། དགེ་སློང་ཕའི་ནད་གཡོག་དགེ་སློང་མ་ཡིན་ནའང་དགེ་སློང་མའི་
ནད་གཡོག་མཚུངས་པ་རེ་རེ་ཞོག་ཤིག་པའོ། །གང་དུ་དགེ་སློང་མ་དང་འགྲོགས་པའི་ཉེས་པར་འགྱུར་ཞེ་ན། ལམ་འཇིགས་པ་དང་བཅས་ཤིང་དགོན་པ་ཐུག་ཕྲད་དུ་འགྱུར་བ་མ་གཏོགས་པར་ཆས་པ་ཐ་མི་དད་ན་དགེ་སློང་མ་གཅིག་དང་ལམ་དུ་འགྲོགས་ཏེ་དོང་བ་ཡང་ངོ་ཞེས་པ་ཡིན་ཏེ་འཇིགས་པ་
འམ་ཐུག་སྲད་དུ་གྱུར་ཏེ་འགྲོགས་པ་ནི་མ་གཏོགས་ཀྱི་གཞི་ནས་ཅིག་ཅར་དུ་ཆས་ན་སྔ་ནས་བགོས་ཀྱང་རུང་། མ་བགོས་ཀྱང་རུང་དུ་མའང་རུང་གཅིག་ཀྱང་སྟེ་འགྲོགས་ན་ལྟུང་བར་འགྱུར་བའོ། །ཇི་སྲིད་དུ་འགྲོགས་པས་ལྟུང་བར་འགྱུར་ཞེ་ན། རྒྱང་གྲགས་རེ་རེ་ཞིང་ངོ་ཞེས་པ་ཡིན་ཏེ་རྒྱང་གྲགས་
Vol. 164 · folio 111a
རེ་རེ་ལྟུང་བ་རེ་རེར་སྟོན་པའོ། །དེའི་ཕྱེད་ཕྱེད་ཅིང་ཉེས་བྱས་ཞེས་པ་ནི་རྒྱང་གྲགས་ཕྱེད་ཕྱེད་ཅིང་ཉེས་བྱས་རེ་རེར་སྟོན་པའོ། །དགེ་སློང་མ་དང་ལྷན་ཅིག་ལམ་དུ་འདོང་བའོ།། །།ཇི་ལྟར་བྱས་པས་གྲུར་ལྷན་ཅིག་ཏུ་འདོང་བའི་ལྟུང་བར་འགྱུར་ཞེ་ན། འགྲམ་གཉི་ག་ན་བར་ཆད་ཡོད་པ་
མ་གཏོགས་པར་འགྲོ་སྟེ་གྲུར་ལྷག་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་ཕན་ཚུན་གྱི་འགྲམ་གཉི་ག་ན་རྐུན་ཆོམ་ལ་སོགས་པའི་འཇིགས་པ་ཡོད་དེ་གྲུར་ལྷན་ཅིག་ཏུ་འདོང་བ་ཉེས་མེད་ཀྱི་དེ་ལྟ་བུའི་རྐྱེན་མེད་པར་གྲུ་གཅིག་གི་ནང་དུ་ལྷན་ཅིག་དུ་དོང་ན་ལྟུང་བར་འགྱུར་བའོ། །གྲུ་གཅིག་ཏུ་ལྷན་ཅིག་དོང་ངོ་
ཅོག་ཉེས་པར་འགྱུར་རམ་ཞེ་ན། ཕ་རོལ་དུ་ཐད་ཀར་རྒལ་བ་ནི་མ་གཏོགས་ཞེས་པ་ཡིན་ཏེ་ཕ་རོལ་གྱི་འགྲམ་དུ་དོང་བའི་ཕྱིར་ལྷན་ཅིག་པ་ནི་ཉེས་མེད་པར་སྟོན་པའོ། །དགུར་དང་གད་པ་དང་ཀློང་བཀོལ་བ་དང་གདོས་པ་དང་རུལ་སྐྱ་ཆག་པ་དང་རུལ་མཉན་གྱི་དབང་གིས་དེའི་ཕྱིར་རྒལ་བ་གོལ་ནའོ་
ཞེས་པ་ནི། ཐད་ཀར་བརྒལ་བར་བྱ་བ་ལས་མིང་གིས་སྨོས་པ་འདི་དག་ལྟ་བུ་རྐྱེན་གྱིས་ཡིན་མན་དུ་གྱུ་བ་ལ་ཡང་ཉེས་མེད་པར་སྟོན་པའོ། །དགེ་སློང་མ་དང་ལྷན་ཅིག་གྲུ་ལ་རྒལ་བའོ།། །།གཅིག་པུ་འདུག་ན་ལྟུང་བར་འགྱུར་བའི་ཡན་ལག་སྟོན་པ་ནི། བུད་མེད་གཅིག་པུ་དང་སྐྱེ་བོ་མི་འདྲུལ་
བར་དབེན་པའི་ཕྱོགས་དང་བར་ཆད་ཡོད་པ་འམ་འདོམ་གང་ཁོར་ཡུག་ན་བྱེད་དོ་ཞེས་པ་ཡིན་ཏེ་བུད་མེད་གཅིག་པུ་དང་སུའང་མི་འདྲུལ་བའི་ཕྱོགས་དང་བར་ཆད་ཀྱིས་ཆོད་པ་དང་འདོམ་གང་ཚུན་ཆད་ན་འཁོད་ན་ཉེས་པར་བྱེད་པའོ། །དེའང་ཇི་ལྟར་བྱས་པས་ཤེ་ན། འདུག་ནའོ་ཞེས་པ་ཡིན་ཏེ་གནས་དེ་དག་
ལྟ་བུ་ན་འདུག་ན་གདོད་ཉེས་པར་འགྱུར་བའོ། །ཇི་ཙམ་གྱིས་འདུག་པར་འགྱུར་ཞེ་ན། རྐུབ་བཞག་པ་ཙམ་གྱིས་དེ་ཉིད་དོ་ཞེས་པ་ཡིན་ཏེ་རྐུབ་ས་ལ་བཞག་པ་ཙམ་གྱིས་འདུག་པར་ཆུད་པའོ། །ལྷན་ཅིག་ཏུ་འཁོད་པའོ།། །།གོང་དུ་སྨོས་པ་དེ་གཞི་བླངས་ནས་བྱེ་བྲག་ཆུང་ཟད་ཙམ་ཞིག་ཡོད་པ་སྟོན་
པའོ། །དགེ་སློང་མའོ་ཞེས་པ་དང་འགྲེང་ནའོ་ཞེས་པ་ཡིན་ཏེ་བུད་མེད་མ་ཡིན་གྱི་དགེ་སློང་མ་ཡིན་པ་དང་འགྲེང་ན་ལྟུང་བར་འགྱུར་བའོ། །གཅིག་པུ་འགྲེང་བའོ།། །།དགེ་སློང་མས་སྦྱོར་དུ་བཅུག་པ་ཟོས་པའི་ལྟུང་བ་སྟོན་པ་ནི་འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་བརྩན་པ་ཇི་ལྟ་ཞེ་ན། དགེ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words