འདུལ་བ་མདོའི་རྣམ་པར་བཤད་པ
Sanskrit title (Tibetan script, as in the text) བི་ནཱ་ཡ་སཱུ་ཏྲ་བྱཱ་ཁྱཱ་ན
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 164 · folio 190b
ཀྱི་གོས་ཀྱིས་ཡུལ་རྒྱུ་བ་སྤྱད་པ་དང་། རུང་བར་མ་བྱས་པའི་གོས་ཇི་སྙེད་འདོད་པ་སྤྱོད་དུ་དབང་བ་གཉིས་མ་སྨོས་པ་ཅིའི་ཕྱིར་ཞེ་ན། འབྲལ་བ་དང་འཆང་བའི་ཁྲིན་མེད་པ་གཉིས་ཀྱི་ཁོངས་སུ་འདི་གཉིས་འདུས་པའི་ཕྱིར་ཏེ་སྦྱར་མ་ནི་མི་འབྲལ་བའི་ཁྲིན་མེད་པར་གྱུར་པས་སྟོད་གཡོགས་དང་སྨད་གཡོགས་ཀྱིས་ཡུལ་རྒྱུ་
བ་སྤྱད་དོ་ཞེས་པ་བསྡུས་པ་དང་། འཆང་བའི་ཁྲིན་མེད་པར་གྱུར་ན་རུང་བར་མ་བྱས་པ་སྤྱོད་དུ་དབང་བ་ལྟ་བུ་བསྡུས་པར་མངོན་ཞེས་པའི་ཕྱིར་རོ། །གོང་དུ་གདིང་བ་བྱའོ་ཞེས་སྨོས་པ་དེ་གང་ཟག་ཇི་ལྟ་བུས་གདིང་དུ་མི་རུང་བ་ཇི་སྟོན་པ་ནི་འདིར་མི་སྐྱེ་བ་ནི་དབྱར་མ་བྱས་པ་དང་། དབྱར་ཆད་པ་དང་། དབྱར་ཕྱི་མ་དང་། གནས་
གཞན་དུ་དབྱར་ལོན་པ་རྣམས་སོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་རྣམས་ལྟ་བུའི་གང་ཟག་གིས་གཏན་པ་གདིང་དུ་མི་རུང་སྟེ། དེ་ལ་དབྱར་མ་བྱས་པ་ཞེས་པ་ནི་དབྱར་ཚུལ་དུ་ཡེ་མ་ཞུགས་པའོ། །དབྱར་ཆད་ཅེས་པ་ནི་དབྱར་མ་ལོན་པ་ཚུལ་ནས་བྱུང་བའམ་ཚུལ་ཞིག་པའོ། །དབྱར་ཕྱི་མ་ཞེས་པ་
ནི་ཚུལ་ཕྱི་མའོ། །གནས་གཞན་དུ་དབྱར་ལོན་ཞེས་པ་ནི་གཙུག་ལག་ཁང་གི་གཞི་དེ་མ་ཡིན་པར་གནས་གཞན་དུ་དབྱར་ཚུལ་དུ་ཞུགས་པའོ། །ས་གཞན་དུ་གནས་པ་ཡང་ངོ་ཞེས་པ་ནི་ཆད་པ་དང་། མགུ་བ་ལྟ་བུ་ཆད་པ་རྣམ་པ་བདུན་གྱིས་ཆོད་པའི་ས་ན་འདུག་པ་ལྟ་བུའོ། །དེར་གྱུར་ན་འཇིག་
ཅེས་པ་ནི་གཏན་པ་བཏིང་བའི་འོག་ཏུ་གོང་མ་ལྟ་བུའི་ས་གཞན་དུ་གནས་པར་གྱུར་ན་གཏན་པ་བཏིང་བ་དེ་འཇིག་པར་སྟོན་པའོ། །མཐའ་མ་མ་ཡིན་པ་དང་དགེ་ཚུལ་དང་ས་གཞན་ལ་བཀོད་པ་རྙེད་ཤས་དབང་ཞེས་པ་ནི་དགེ་ཚུལ་དང་ས་གཞན་ལ་བཀོད་པ་དང་། དབྱར་མ་བྱས་པ་དང་། དབྱར་ཆད་པ་
དང་། དབྱར་ཕྱི་མ་རྣམས་ཀྱི་གཏན་པ་བཏིང་བར་ནི་མི་འགྱུར་མོད་ཀྱི་དེའི་རྙེད་ཤས་ནི་མི་དབང་བ་མ་ཡིན་པའོ། །ས་གཞན་ལ་གནས་པ་རྙེད་ཤས་ཐོབ་ན་བཀར་བས་ཀྱང་འཐོབ་འགྲོ་བ་བསྩལ་བའི་ཕྱིར། བཀར་བ་མ་ཡིན་ཞེས་སྨོས་པ་ཡིན་ཏེ་བཀར་བས་ནི་ཡོན་ཤས་མི་འཐོབ་པའོ། །དེར་གྱུར་
པ་དང་འདྲ་བ་ནི་བྱེ་ནས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བའོ་ཞེས་པ་ནི་གཏན་པ་བཏིང་བའི་འོག་ཏུ་དགེ་འདུན་སོ་སོར་བྱེ་ནས། ཆོས་མ་ཡིན་བའི་ཕྱོགས་སུ་བལྟས་ནས་གཞན་དུ་གྱུར་ན་གཏན་པ་འཇིག་པ་བཞིན་དུ། འདི་ལྟར་གྱུར་ནའང་གཏན་པ་འཇིག་པར་སྟོན་པའོ། །གཏན་པའི་དངོས་སུ་བཏིང་བ་
Vol. 164 · folio 191a
དང་། དེའི་ཡོན་ཏན་ཇི་ལྟ་བུ་ཡིན་པ་རྣམས་དེ་ལྟར་བསྟན་ནས། གཏན་པའི་དངོས་ཉིད་ཇི་ལྟ་བུ་ཡིན་བསྟོན་པ་ནི་རྩ་བའི་དུས་ཚུལ་ནས་འབྱུང་བའི་མཐར་དབྱར་གྱི་རྒྱུས་བཏིང་བའི་ལན་ཀར་གོས་རྙེད་པར་གཏོགས་པའི་ཆོས་གོས་གསུམ་མོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་དག་ལྟ་བུའི་རྙེད་
པ་མ་ཡིན་ན་གཏན་པ་གདིང་བའི་ཆོས་གོས་སུ་མི་རུང་བ་སྟེ་དེ་ལ་རྩ་བའི་དུས་ཤེས་པ་ནི་དབྱར་དཀྱུས་མ་ཉིད་དེ་དབྱར་ཕྱི་མ་མ་ཡིན་པར་སྟོན་པའོ། །ཚུལ་ནས་འབྱུང་བའི་མཐའ་ཞེས་པ་ནི་དབྱར་ཟླ་བ་གསུམ་ལོན་པ་ལ་བྱ་སྟེ། དབྱར་ཉམས་ཤིང་ཆད་པ་མ་ཡིན་པར་སྟོན་པའོ། །དབྱར་གྱི་རྒྱུས་ཤེས་པ་ནི་དབྱར་གྱི་
རྒྱུས་ནར་མ་དང་། བླ་ཐབས་སུ་རྙེད་པ་ལ་བྱའི། དགུན་གྱི་རྒྱུས་རྙེད་པ་མ་ཡིན་པར་སྟོན་པའོ། །གདིང་བའི་ལན་ཀར་ཞེས་པ་ནི་གཏན་པ་གདིང་བ་མ་ཡིན་དུ་ཟིན་ཀྱང་མི་རུང་བ་མེད་པར་སྟོན་པའོ། །གོས་རྙེད་པར་གཏོགས་ཞེས་པ་མལ་སྟན་ནམ་སྨད་གཡོགས་ལ་སོགས་པ་གཞན་གྱི་ཕྱིར་རྙེད་པ་ནི་མ་ཡིན་གྱི་
གོས་སུ་རྙེད་པའམ། གོས་ཀྱི་རྒྱུར་རྙེད་པའོ། །དེ་ལྟ་བས་ན་རྩ་བའི་དུས་ཀྱི་རྙེད་པ་དང་། ཚུལ་ནས་འབྱུང་བའི་མཐའི་རྙེད་པ་དང་དབྱར་གྱི་རྙེད་པ་དང་། ལན་ཀར་རྙེད་པ་དང་། གོས་ཀྱི་རྙེད་པར་གཏོགས་པའི་ཆོས་གོས་གསུམ་ཡིན་ན་གདོད་གཏན་པ་གདིང་དུ་རུང་བའོ། །དེ་ལ་གཞུང་ལས་
ནི་ཆོས་གོས་གསུམ་ཞེས་མི་སྨོས་ལ། འདིར་གསུམ་ཞེས་སྨོས་པ་ཅིའི་ཕྱིར་ཞེ་ན། སང་བདག་གིས་གཏན་པ་གདིང་བར་འཚལ་གྱིས་དགེ་འདུན་སོ་སོའི་ཆོས་གོས་རྣམས་དབྱུང་བར་མཛོད་ཅིག་ཅེས་ཟེར་བའི་ཚིག་དང་། ཞུས་པ་ལས་བཅོམ་ལྡན་འདས་གང་ཟག་གི་སྦྱར་མ་ལ་གཏན་པ་གདིང་དུ་རུང་
ལགས་སམ། གལ་ཏེ་དགེ་འདུན་ལ་ཕུལ་ནའོ། དེ་བཞིན་དུ་སྟོད་གཡོགས་དང་སྨད་གཡོགས་ཀྱང་ངོ་ཞེས་འབྱུང་བས་ན་ཆོས་གོས་གསུམ་ཞེས་སྨོས་པ་ཡིན་ནོ། །དགེ་སློང་མའི་ནི་ཆོས་གོས་ལྔ་ལ་གཏན་པ་གདིང་ངོ་། དབྱར་གྱི་རྙེད་པ་ནི་གང་ཟག་ལའང་ཡོད་ན། དེ་གཏན་པ་གདིང་བར་བྱའམ་
ཞེ་ན། དགེ་འདུན་གྱི་ནའོ་ཞེས་པ་ཡིན་ཏེ་དབྱར་གྱི་རྙེད་པའང་དགེ་འདུན་གྱི་ཆོས་གོས་ཡིན་ན། གདོད་གཏན་པ་གདིང་དུ་རུང་བར་སྟོན་པའོ། །གཏན་བ་གདིང་བའི་སྤུ་ལ་བབ་པ་སྟོན་པ་ནི་མ་བསྩུབས་མི་སེང་། མ་མུགས་མི་སྲབ་པ་ལས་སོ་ཞེས་པ་དང་། མདོག་མེད་པ་ཡིན་ཞེས་པ་དང་། མ་སྤྱད་ཅེས་པ་
Vol. 164 · folio 191b
དང་། སྲ་བ་ཞེས་པ་དང་། གོ་འདུན་དང་ལྷན་པ་དང་། ཕུར་མ་དང་། བསྐུམ་པ་དང་། བསྐོར་བ་ལས་མ་ཡིན་ཞེས་པ་དང་། སྤངས་པ་དང་། མི་རུང་བ་དང་། སོང་སྟེ་འོངས་པ་ལས་མ་ཡིན་ཞེས་པ་དང་། དྲ་བ་དྲུབས་པ་ཟིན་པ་ལྔ་པ་ལྷག་པའམ་སྔོན་མ་བཏིང་བའོ་ཞེས་པ་རྣམས་ཡིན་ཏེ་མིང་གིས་སྨོས་པ་འདི་དག་
ལྟ་བུའི་སྐྱོན་མེད་པ་ལས་དྲས་དྲུབས་ཟིན་པའི་ཆོས་གོས་གྱིས་ཤིག་པ་སྟེ། དེ་ལ་མ་བསྩུབས་ཞེས་པ་ནི་ཕྱིང་པའམ་སྣམ་བུ་ལྟར་མ་བསྩུབས་པའོ། །མི་སེང་ཞེས་པ་ནི་སེང་སེང་པོ་མ་ཡིན་པ་དང་། ཁྱེའུ་སོ་ལྟར་རྔ་རྔོ་མེད་པའོ། །མ་མུགས་ཞེས་པ་ནི་བྱི་སྲིལ་ལ་སོགས་པས་མ་ཟོས་པའོ། །མི་སྲབ་ཅེས་པ་
ནི་དངོས། མདོག་མེད་པ་མ་ཡིན་ཞེས་པ་ནི་ལེགས་པར་བརྡུངས་ཤིང་འཚེར་བའོ། །མ་སྤྱད་ཅེས་པ་ནི་སྔན་ཆད་སྤྱད་སྤྱད་པ་མ་ཡིན་པའོ། །སྲ་བ་ཞེས་པ་ནི་ངན་ངོན་ནམ་སྙི་བ་མ་ཡིན་པའོ། །གོ་འདུན་ཞེས་པ་ནི་རིགས་ཀྱི་འདྲ་བ་སྣ་ཚོགས་བསྡུས་པ་མ་ཡིན་པའོ། །ལྷན་པ་ཞེས་པ་ནི་ལྷན་ཐབས་མ་བཏབ་
པའོ། །ཕུར་མ་ཞེས་པ་ནི་ཕུར་མ་བྱ་བ་ལྟ་བུ་མ་ཡིན་པའོ། །བསྐུམ་ཞེས་པ་ནི་རྡོལ་བའི་སྐབས་སྐབས་སུ་སྐུད་ཚེམས་བྱས་པ་མ་ཡིན་པའོ། །བསྐོར་ཞེས་པ་ནི་ཐ་མ་ཟེགས་པ་སྐུད་པས་ཆག་བྱས་པ་མ་ཡིན་པའོ། །སྤངས་པ་ཞེས་པ་ནི་སྤང་བའི་ལྟུང་བ་བྱུང་ནས། སྤང་སྤང་བའི་གོས་མ་ཡིན་པའོ། །
མི་རུང་བ་ཞེས་པ་ནི་གསོ་མ་ལ་སོགས་པ་དགེ་སློང་གི་གོས་སུ་མ་བཏགས་པ་མ་ཡིན་པའོ། །སོང་སྟེ་འོངས་ཞེས་པ་ནི་ཞུགས་ཐོགས་སམ་ཕྱག་དར་ཁྲོད་མ་ཡིན་པའོ། །ལྔ་པ་ཞེས་པ་ནི་ཁྲུ་ལྔ་པའོ། །ལྷག་པའམ་ཞེས་པ་ནི་ཁྲུ་ལྔས་ལྷག་པའོ། །སྔོན་མ་བཏིང་ཞེས་པ་ནི་སྔན་ཆད་ཀྱང་གཏན་པ་གདིང་
བར་བྱས་པ་མ་ཡིན་པའོ། །བཏིང་སྟེའོ་ཞེས་པ་ནི་གཏན་པ་གདིང་ལ་གདོད་གསོལ་བ་ལ་སོགས་པ་གྱིས་ཤིག་པའོ། །དུ་མ་ཡང་ངོ་ཞེས་པ་ནི་ཡོན་བདག་གི་བསོད་ནམས་སྤེལ་བ་དང་། དགེ་སློང་གི་རྙེད་པར་འགྱུར་བའི་ཕྱིར་དུ་མ་ལའང་གདིང་བ་གྱིས་ཤིག་པའོ། །བཏིང་བ་རྙེད་དུའོ་ཞེས་པ་ནི་གདིང་བའི་ཕྲུགས་ཇི་
སྙེད་ཡོད་པར་གདིང་བ་པའང་དེ་སྙེད་སྐོས་ཤིག་པའོ། །ཆོས་གོས་གཞན་བྱིན་གྱིས་བརླབ་པ་ཡིན་པས་ན་ཕྱུང་ལ་བྱིན་གྱིས་བརླབ། ཅེས་པ་ནི་བདག་ཅག་གི་ཆོས་གོས་ལས་གཞན་པའི་གཏན་པ་དེ་ལ་བྱིན་གྱིས་བརླབ་དགོས་པས་ན་བདག་ཅག་གི་སྔགས་ཕྱུང་ཤིག་པའོ། །ཞག་མ་ལོན་པར་འདུས་པ་ལ་བསྙད་ཅེས་པ་
Vol. 164 · folio 192a
ནི་གཏན་པ་གདིང་བ་དེ་རྙེད་མ་ཐག་ཏུ་ཞག་གིས་མ་ཆོད་པར་དགེ་འདུན་གྱི་སྤྱན་སྔར་བྲིམས་ཤིག་པའོ། །མཚམས་ཀྱི་ནང་དུ་བསྔོ་ཞེས་པ་ནི་གཏན་པ་རྙེད་པ་དེ་གཏན་པ་གདིང་བར་བྱ་བ་མཚམས་ཀྱི་ནང་དུ་གྱིས་ཤིག་པའོ། །གདིང་བ་པ་ཡང་ངོ་ཞེས་པ་ནི་དགེ་སློང་གདིང་བ་པར་བསྐོ་བ་དེ་ཡང་མཚམས་
ཀྱི་ནང་དུ་སྐོས་ཤིག་པའོ། །གདིང་བ་པར་བསྐོ་བ་ཇི་ལྟ་བུ་ལས་ཤེ་ན། གང་འོས་པའོ་ཞེས་པ་ཡིན་ཏེ་ཚུལ་དུ་མ་ཞུགས་པ་ལ་སོགས་པའི་སྐྱོན་མེད་པ་ལས་སྐོས་ཤིག་པའོ། །དེ་ལ་གཏོད། ཅེས་པ་ནི་གདིང་བ་པར་བསྐོས་པ་དེ་ལ་གཏན་པ་གདིང་བར་བྱ་བའི་གོས་དེ་གཏོད་ཅིག་པའོ། །གསོལ་བ་པས་སོ་ཞེས་པ་
ཡིན་ཏེ་གསོལ་བའི་ལས་ཀྱིས་དེ་ལ་གཏོད་ཅིག་པའོ། །འདིས་འཁྲུ་བ་དང་དྲུབ་པ་དང་གཙོ་བོ་ཐོག་མར་བརྩམ་ཞེས་པ་དང་། གཉིས་གསུམ་བྱ་ཞེས་པ་དང་། ཟིན་པ་རྙེད་པ་ཉིད་ཀྱིས་སྲུབས་ཁམ་གཉིས་སམ་གསུམ་དྲུབ་ཅེས་པ་ནི་བྱས་ཟིན་པ་ཞིག་རྙེད་ན་འདི་ལྟར་གྱིས་ཤིག་པའོ། །མནོད་པ་དང་ཉིད་ཀྱིས་བྱེད་
པ་དང་ཟིན་ཀ་རྣམས་སུ་གདིང་། འདིང་། བཏིང་ངོ་ཞེས་གྲངས་བཞིན་དུ་སེམས་བསྐྱེད་པར་བྱ་ཞེས་པ་ནི་དང་པོ་དགེ་འདུན་ལས་ནོད་པ་ན་ནི་གདིང་། བདག་ལག་དར་ཏེ་བྱེད་ན་ནི་འདིང་ཟིན་ཀར་ནི་གདིང་ངོ་ཞེས་པར་སེམས་སྐྱེད་ཅིག་པའོ། །དང་པོ་ཉམས་ཀྱང་མི་འགྲུབ་པ་མ་ཡིན་ཞེས་པ་ནི་དང་པོ་ནོད་པའི་ཚེ་འདི་སྙམ་
དུ་སེམས་བསྐྱེད་པ་དེ་ཉམས་སུ་ཟིན་ཀྱང་གདིང་བའི་དོན་མི་འགྲུབ་པ་ནི་མེད་པར་སྟོན་པའོ། །ཚེ་དང་ལྡན་པ་དག་སང་བདག་གིས་གཏན་པ་འདིང་བར་འཚལ་གྱིས་ཁྱེད་ཅག་གིས་སོ་སོའི་ཆོས་གོས་དབྱུང་བ་ལྟར་མཛོད་ཅིག་ཅེས་ཚོགས་པ་ལ་བསྙད་ཅེས་པ་ནི་སང་འདིང་བའི་དོ་ནུབ་ལྟ་བུ་དགེ་འདུན་ཚོགས་
པ་ལ་འདི་སྐད་དུ་སྙོད་ཅིག་པའོ། །འདུ་བར་གཏོགས་པའི་ཞལ་ཏ་བྱ་ཞེས་པ་ནི་དགེ་འདུན་འདུ་བའི་ཞལ་ཏ་འང་གདིང་བ་པ་དེས་གྱིས་ཤིག་པའོ། །དྲི་དང་མེ་ཏོག་གིས་མཆོད་ཅིང་བསུང་ཅན་གྱིས་བཏུལ་བས་གཏུལ་ཏེ་སློ་མ་གཞིའི་སྟེང་དུ་དུ་མ་ན་ཡང་ཅིག་ཅར་དུ་བཞག་ལ་ཁྱེར་ནས་རྒན་རབས་
ཀྱི་མདུན་དུ་བཞག་སྟེ་འདིང་བར་བྱ་ཞེས་པ་ནི་གདིང་བའི་ཚེ་ཐབས་འདི་ལྟར་གྱིས་ཤིག་པའོ། །ཚེས་གཅིག་ལའོ་ཞེས་པ་ནི་དེ་ལྟར་གདིང་བའི་ཚེས་གཅིག་ལ་གྱིས་ཤིག་པའོ། །ཟླ་ཚིགས་གང་གི་ཚེས་གཅིག་ཅེ་ན། སྟོན་གྱིའོ་ཞེས་པ་ཡིན་ཏེ་སྟོན་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ལ་གྱིས་ཤིག་
Vol. 164 · folio 192b
པའོ། །གསུམ་བརྗོད་ཅེས་པ་ནི་གདང་བའི་སྔགས་ལན་གསུམ་དུ་བརྗོད་ཅིག་པའོ། །བརྗོད་པའི་ཚིག་ཇི་སྐད་དུ་བྱ་ཞེ་ན། གདིང་ངོ་ཞེས་པ་ཡིན་ཏེ་བཙུན་པའི་དགེ་འདུན་གསོན་ཅིག་ཆོས་གོས་འདི་དགེ་འདུན་གྱིས་གཏན་བར་བསྐོས་པ་ལས་བདག་གཏན་པ་འདིང་བ་པ་མིང་འདི་ཞེས་བགྱི་བས་ཆོས་གོས་འདི་ལ་
དགེ་འདུན་གྱི་གཏན་པ་གདིང་ངོ་ཞེས་གྱིས་ཤིག་པའོ། །དགེ་སློང་རེ་རེའི་མདུན་དུ་དགེ་འདུན་ལ་གདིང་ངོ་ཞེས་བསྙད་ཅེས་པ་ནི་དགེ་སློང་རེ་རེའི་མདུན་དུ་གཏན་པ་བཏིང་ཟིན་པའི་ཚིག་འདི་སྐད་དུ་གྱིས་ཤིག་པའོ། །དེ་ལ་ཚིག་འདི་ལྟ་སྟེ་ཚེ་དང་ལྡན་པ་དགོངས་ཤིག །ཆོས་གོས་འདི་ལ་དགེ་འདུན་གྱིས་གཏན་པ་
གདིང་བར་བསྐོས་པ་ནི་བདག་མིང་འདི་ཞེས་བགྱི་བ་ལགས་ཏེ། ཆོས་གོས་འདི་ལ་བདག་གིས་དགེ་འདུན་གྱི་གཏན་པ་བཏིང་ངོ་ཞེས་བྱ་བའོ། །གཞན་གྱིས་དགེ་བར་བཏིང་ངོ་། །ལེགས་པར་བཏིང་ངོ་། །འདིའི་ཡོན་ཏན་དང་རྙེད་པ་ཡང་བདག་ཅག་གིའོ་ཞེས་སོ་ཞེས་པ་ནི་དགེ་སློང་གཞན་གྱིས་སྙད་འདི་སྐད་དུ་
གྱིས་ཤིག་པའོ། །དེ་ལ་རྗེས་སུ་ཡི་རང་བ་ནི་དངོས་སུ་མྱོང་བ་བཞིན་ཞེས་པ་ནི་བཏིང་བ་དེ་ལ་རྗེས་སུ་ཡི་རང་ན་ཡང་བཏིང་བའི་ལས་བྱས་པ་དང་འདྲ་བར་ཡོན་ཏན་ཐོབ་བོ། །མངོན་སུམ་དུ་གྱུར་བས་སོ་ཞེས་པ་ནི་གོང་མ་ལྟར་ཡོན་ཏན་ཐོབ་པ་ཡང་དགེ་འདུན་གྱི་ནང་དུ་འོངས་ཏེ། གཉིད་དམ་མཉམ་པར་འཇོག་པར་
བྱས་པའི་འོག་ཏུ་ཕྱིས་རྗེས་སུ་ཡི་རང་ན་གདོད་དེ་ལྟར་འགྱུར་བའོ། །འདིང་བ་པས་གདིང་བའི་རིམ་གྲོར་བྱ་བ་ནི། དུས་དུས་སུ་བསྐམ་ཞེས་པ་དང་། བསྲད་བསྐམ་སྤྲུག་པར་བྱ་ཞེས་པ་དང་། དུ་བ་དང་རྡུལ་ཅན་གྱི་ཁྱིམ་དུ་མི་གཞག་ཅེས་པ་དང་། རྒྱལ་པོའི་དེར་མ་ཡིན་ཞེས་པ་དང་། འདི་ལས་མི་
འབྲལ་ཞེས་པ་དང་། ཁྱེར་ལ་གུད་དུ་མི་འགྲོ་ཞེས་པ་དང་། སྣམ་ཕྱི་སར་མི་འཇུག་ཅེས་པ་དང་། བླ་གབ་མེད་པར་མི་འདུག་ཅེས་པ་རྣམས་ཡིན་ཏེ། ཆོས་གོས་འདིང་བ་པར་བསྐོས་པ་དེས་གདིང་བ་དེའི་ཞལ་ཏ་མིང་གིས་སྨོས་པ་འདི་དག་ལྟར་གྱིས་ཤིག་པའོ།། །།གཏན་པ་གདིང་བའི་ཆོ་ག་དེ་ལྟར་
རྒྱས་པར་བསྟན་ནས། དབྱུང་བའི་ཆོ་ག་སྟོན་པ་ནི། དབྱུང་བ་ནི་རྣམ་པ་གཉིས་ཏེ་རང་འཇིག་པ་དང་བྱས་པས་སོ་ཞེས་པ་ལ་སོགས་པ་ཡིན་ཏེ་ཆེད་དུ་མ་བྱས་པར་རང་འཇིག་པ་དང་ཆེད་དུ་བཤིག་པ་གཉིས་ཡོད་པར་སྟོན་པའོ། །དེ་ལ་རང་འཇིག་པ་ཇེ་སྟོན་པ་ནི། རང་འཇིག་པ་ནི་གཏན་པ་དང་མཚམས་
Vol. 164 · folio 193a
གཞན་དུ་སོན་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། གཏན་པ་ཁྱེར་ལ་མཚམས་གཞན་དུ་སོང་ན་རང་འཇིག་པར་འགྱུར་བའོ། །མཚམས་ཀྱི་ནང་ནའང་བྱིན་གྱིས་རློབ་པ་མེད་ན་སྐྱ་རེངས་ཤར་ནའོ་ཞེས་པ་ནི་དང་པོ་གཏན་པ་འདིང་བའི་དགེ་སློང་མཚམས་ཀྱི་ནང་ན་གཅིག་ཀྱང་མེད་པར་གྱུར་ཏེ་སྐྱ་
རེངས་ཀྱིས་ཚོད་ན་གཏན་པ་རང་འཇིག་པར་སྟོན་པའོ། །དཀྱིལ་འཁོར་དེར་གཏོགས་པ་གུད་དུ་ཆད་ནའོ་ཞེས་པ་ནི་གཏན་པ་གདིང་བའི་འཁོར་དེར་གཏོགས་པ་ལས་འཁོར་དེའི་ནང་ནས་ཆད་ཅིང་གུད་དུ་སོང་ན་ཡང་རང་འཇིག་པར་འགྱུར་བའོ། །གུད་དུ་སོང་བ་ཐམས་ཅད་ཀྱི་འཇིག་གམ་ཞེ་ན། འདིར་དེ་
ཉི་ཚེ་ཞེས་པ་ཡིན་ཏེ། སུ་གུད་སོང་བ་ཉི་ཚེའི་གཏན་པ་རང་འཇིག་པར་སྟོན་པའོ། །དེར་གཏོགས་པ་ལས་གུད་དུ་ཆད་ན་རང་འཇིག་པར་འགྱུར་བ་མ་མོ་ལས་རྣམ་པ་དྲུག་ཡོད་པར་སྟོན་ཏེ། སོང་བ་དང་ངེས་པ་དང་། རེ་ཐག་ཆད་པ་དང་། སྟོར་བ་དང་། ཟིན་པ་དང་། མཚམས་ལས་འདས་པ་རྣམས་
སོ། །དེ་ལ་སོང་བ་ནི། མཚམས་འདས་ན་འདིར་འགྱུར་ཞེས་པ་ཡིན་ཏེ་གཏན་པ་བཏིང་བའི་མཚམས་ལས་འདས་ཏེ་གུད་དུ་སོང་ན་དེར་གཏོགས་པ་ལས་ཆད་པའོ། །སོང་ངོ་ཅོག་གིས་དེ་ལྟའམ་ཞེ་ན། སླར་མི་འོང་བའི་སེམས་ཀྱིས་ནའོ་ཞེས་པ་ཡིན་ཏེ་སླར་མི་འོང་བའི་སེམས་ཡོད་ན་གདོད་གོང་མ་
ལྟར་འགྱུར་བའོ། །འདིའི་མཚམས་ཀྱི་ཕྱི་རོལ་ཏུ་སྐྱེས་ན་ཡང་ངོ་ཞེས་པ་ནི་མཚམས་ཀྱི་ཕྱི་རོལ་ཏུ་སོན་ནས་གདོད་སླར་མི་འོང་བའི་སེམས་སྐྱེས་ན་ཡང་དེར་གཏོགས་པ་ལས་ཆད་པའོ། །མཚམས་ལས་འདས་པ་དང་ཕྱི་རོལ་དུ་སླར་མི་འོང་བའི་སེམས་སྐྱེས་པ་གཉིས་ཀྱི་བྱེ་བྲག་སྟོན་པ་ནི། ཆོས་
གོས་བྱ་བའི་བསམ་པ་མེད་ན་དེའི་ཚེ་མོད་ལའོ་ཞེས་པ་ཡིན་ཏེ་ཆོས་གོས་གཏན་པ་འདི་ལ་ལྟོས་སུ་མི་རུང་གིས་བྱིན་གྱིས་བརླབ་པའི་ཆོས་གོས་གུད་དུ་བྱའོ་སྙམ་པའི་སེམས་མེད་ན་ནི་མཚམས་འདས་པ་དང་། ཕྱི་རོལ་དུ་སེམས་སྐྱེས་མ་ཐག་ཏུ་དེར་གཏོགས་པ་ལས་ཆད་པར་འགྱུར་རོ། །ཡོད་
ཀྱང་བྱ་བ་ཆད་ནའོ་ཞེས་པ་ནི་ཆོས་གོས་བྱ་བའི་སེམས་ཡོད་ན་ནམ་བྱ་བའི་སེམས་དེ་མ་ཆད་ཀྱི་བར་དུ་སླར་འོང་བའི་སེམས་མེད་དུ་ཟིན་ཀྱང་དེར་གཏོགས་པ་ལས་མི་འཆད་པར་སྟོན་པའོ། །དེ་ལ་ཕྱི་ནང་གང་དུ་ཡང་རུང་སྟེ། སླར་མི་འོང་བ་དང་། ཆོས་གོས་ཀྱི་བྱ་བ་གཉིས་ཀའི་སེམས་ཡོད་
Vol. 164 · folio 193b
ན་གཏན་པ་བྱུང་བར་གྲེག་པའོ། །སླར་མི་འོང་བའི་སེམས་དང་ཆོས་གོས་བྱ་བའི་སེམས་ཡོད་ཀྱང་བྱ་བའི་བསམ་པ་དེ་ནས་མེད་ན། སོང་བས་གཏན་པ་འཇིག་པའོ། །སླར་འཁོར་ཀྱང་ངོ་ཞེས་པ་ནི་གོང་མ་ལྟ་བུར་གྱུར་ན་སླར་འཁོར་ཀྱང་མི་ཕན་ཏེ། དེར་གཏོགས་པ་ལས་ཆད་པར་སྟོན་པའོ། །
ཡོད་ཀྱང་བྱ་བ་ཆད་པ་ལ་རྣམ་པ་གསུམ་ཡོད་པ་སྟོན་པ་ནི། རེ་ཐག་ཆད་པ་དང་། བརྩམས་ནས་ཡལ་བ་དང་། ཟིན་པ་གསུམ་ནི་བྱ་བ་དེའི་ཚུལ་ལོ་ཞེས་པ་ཡིན་ཏེ་ཆོས་གོས་བྱ་བའི་བསམ་པ་ཡོད་དུ་ཟིན་ཀྱང་རྙེད་དུ་རེ་བའི་རེ་ཐག་ཆད་པ་དང་། བྱ་བར་བརྩམས་པ་ལས་སྟོར་བ་དང་། བྱས་ཟིན་ན་དེར་
གཏོགས་པ་ལས་ཆད་པར་འགྱུར་ཏེ། མ་མོ་ལས་རེ་ཐག་ཆད་ཅེས་པ་དང་། སྟོར་ཞེས་པ་དང་། ཟིན་ཞེས་པ་འབྱུང་བ་ཡང་འདི་གསུམ་ཡིན་ནོ་ཐེ་ཚོམ་ནི་ངེས་པར་ཕྱུང་བ་བཞིན་ཞེས་པ་སླར་འོང་ངམ་མི་འོང་ཆོས་གོས་བྱའམ། མི་བྱ་སྙམ་དུ་ཐེ་ཚོམ་ཡོད་བཞིན་དུ་མཚམས་འདས་ན་ཡང་ངེས་པར་འབྱུང་
བ་དང་འདྲ་བ་སྟེ། མ་མོ་ལས་མཚམས་ཞེས་འབྱུང་བ་ཡང་འདི་ཡིན་ནོ། རང་འཇིག་པ་དེ་ལྟར་བསྟན་ནས་བྱས་པས་འཇིག་པ་ད་སྟོན་པ་ནི། ལས་ལས་གཞན་པའི་བྱ་བ་མི་སྒྲུབ། ཅེས་པ་ཡིན་ཏེ། གཏན་པ་ལ་མི་ལྟོས་པར་སེམས་བསྐྱེད་པས་ཀྱང་འབྱུང་བར་ནི་འགྱུར་མོད་ཀྱི། ལས་ཀྱིས་མི་དབྱུང་
དུ་མི་རུང་བར་སྟོན་པའོ། །དེའི་དུས་དཔྱིད་ཟླ་ར་བའོ་ཞེས་པ་ནི་གཏན་པ་དབྱུང་བའི་དུས་ཏེ་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ཡིན་བར་སྟོན་པའོ། །དེ་མ་ཐག་པའོ་ཞེས་པ་ནི་གཏན་པ་བཏིང་བའི་དཔྱིད་ཟླ་ར་བ་ལ་བྱའི། དེ་ཕྱི་དེ་ལོའི་དཔྱིད་ཟླ་ར་བ་ལ་བྱ་བ་ནི་མ་ཡིན་བར་སྟོན་པའོ། །ཉམས་ཉེས་པའི་
ཕྱིར་ནི་སྔ་རོལ་དུའང་དབྱུང་ངོ་ཞེས་པ་ཡིན་ཏེ་ཆོམ་རྐུན་གྱིས་ཐེབས་ཏེ་གོས་མེད་པའི་ཕྱིར་ནི་ཟླ་ཚིགས་འདི་བས་སྔར་ཕྱུང་ཡང་བླ་བའོ། །འདི་མ་མྱོང་བ་ནི་མ་ཐོས་ཀྱི་བར་དུ་ཡོན་ཏན་རྗེས་སུ་འཇུག་གོ་ཞེས་པ་ནི་ཡུལ་དུ་དོང་བས་གཏན་པ་ཕྱུང་བར་མ་ཐོས་ན་ནམ་ཐོས་ཀྱི་བར་དུ་གཏན་པའི་ཡོན་ཏན་ཐོབ་
པར་སྟོན་པའོ། །འདི་ནི་ཐོས་པའི་མཐས་གཏན་པ་འབྱུང་བའོ། །ཐོས་པའོ་ཅོག་གིས་འབྱུང་ངམ་ཞེ་ན། བྱ་བའི་སེམས་མེད་ནའོ་ཞེས་པ་ཡིན་ཏེ། ཆོས་གོས་བྱ་བའི་སེམས་མེད་ན་གདོད་གོང་མ་ལྟར་འགྱུར་བའོ། །བྱ་བའི་སེམས་ཡོད་ཇི་སྲིད་ཀྱི་བར་དུ་སྐྱེ་ཞེ་ན། ཡོད་ན་འཆད་
Vol. 164 · folio 194a
ཀྱི་བར་དུའོ་ཞེས་པ་ཡིན་ཏེ་ཆོས་གོས་བྱ་བའི་སེམས་ནམ་མ་ཆད་ཀྱི་བར་དུ་ཡོད་པའོ། །མ་ཕྱུང་གི་བར་དུ་ཐམས་ཅད་ལ་འདུས་ཏེ་དེའི་རྙེད་པའོ་ཅོག་མི་བགོ་ཞེས་པ་ནི་གཏན་པ་མ་བྱུང་གི་བར་དུ་དུས་དེའི་རྙེད་པར་གཏོགས་སོ་ཅོག་གོ་སྔ་ཚེགས་སུ་མ་འགོད་ཅིག་པའོ། །གཏན་པའི་
དངོས་པོའོ།། །།ད་ནི་ཞུས་པ་ལ་སོགས་པ་ལས་འབྱུང་བ་བསྡུས་ཏེ་སྟོན་པ་ལ་གོང་དུ་སྟོན་ཟླ་འབྲིང་པོ་ཚེས་བཅུ་དྲུག་ལ་གཏན་པ་གདིང་བར་བྱའོ་ཞེས་གཏན་པ་གལ་ཏེ་ན་རྒྱལ་པོའི་ཤོལ་འདུམས་ཀྱི་ཚེས་གྲངས་ཀྱིས་སྟོན་ཟླ་འབྲིང་པོ་གཞན་དུ་བསྒོ་བ་བསྩལ་བའི་ཕྱིར། གདིང་བ་ནི་ཚུལ་ནས་
འབྱུང་བ་བཞིན་ཞེས་པ་ཡིན་ཏེ་ནམ་ཚུལ་ནས་འབྱུང་བའི་རྗེས་ལ་གཏན་པ་གདིང་བར་བྱའི་ཤོལ་འདུམས་ཀྱི་ཟླ་ཚིགས་དང་མ་སྦྱོར་ཅིག་པའོ། །གསོ་སྦྱིན་ལས་མ་བསྒྱང་ཞེས་པ་ནི་གཏན་པ་གདིང་བ་གསོ་སྦྱིན་གྱི་དུས་ལ་མ་བསྒྱང་ཤིག་པའོ། །དབྱུང་བ་ཡང་ངོ་ཞེས་པ་ནི་དུས་བཞིན་དུ་དབྱུང་བ་ཡང་
རུང་དུས་མ་ཡིན་པར་དབྱུང་བ་ཡང་རུང་སྟེ། གསོ་སྦྱིན་གྱི་དུས་དང་སྦྱོར་ཅིག་པའོ། །འདི་ནི་དེའི་ཉིན་པར་ཉིད་དུའོ་ཞེས་པ་ནི་གཏན་པ་དབྱུང་བ་གསོ་སྦྱིན་གྱི་ཉིན་པར་གྱིས་ཤིག་པའོ། །ཚེས་བཅོ་ལྔ་ལ་གསོ་སྦྱིན་བྱས་ན། ཚེས་བཅུ་དྲུག་ལ་གཏན་པ་བཏིང་བའི་འོག་ཏུ་དགེ་སློང་གུད་ནས་
ཕལ་ཆེར་ལྷགས་ཏེ་དེ་དག་དགའ་བར་གསོ་སྦྱིན་བསླས་ན་ཇི་ལྟར་འགྱུར་ཞེ་ན། གསོ་སྦྱིན་བསླས་ན་ཕྱུང་བར་གྱུར་ཞེས་པ་ཡིན་ཏེ་གསོ་སྦྱིན་གྱི་དུས་མ་ངེས་པར་གྱུར་ན་བསླས་ནས། ཚེས་བཅུ་དྲུག་ཀྱང་ཟླ་ལ་མི་རུང་བར་མངོན་བས་གཏན་པ་བཏིང་བ་རང་འཇིག་གོ། །དེ་ལྟ་བས་ན་གཏན་པ་
གདིང་བ་ཡང་སློས་ལ་གྱིས་ཤིག་པའོ། །བཏིང་ནས་བྱེད་ན་འདིར་སོ་སོར་གྱུར་ཞེས་པ་ནི་གཏན་པ་བཏིང་བའི་འོག་ཏུ་དགེ་འདུན་སྡེར་ཆད་ཅིང་སོ་སོར་བྱེ་ན་གཏན་པ་ཡང་ཐ་དད་དུ་འགྱུར་ཏེ། སྡེ་གཅིག་གིས་ཕྱུང་བས་སྡེ་གཅིག་གི་ཕྱུང་བར་མི་འགྱུར་བའོ། །ཆོས་སྨྲ་བ་ཡོད་ན་
དེའི་གདིང་བའོ་ཞེས་པ་ནི་ཆོས་སྨྲ་བ་དང་། ཆོས་མ་ཡིན་པ་སྨྲ་བ་སྡེ་གཉིས་ཀྱིས་གཏན་པ་བཏིང་ན། ཆོས་སྨྲ་བ་རྣམས་ཀྱིས་གཏན་བའི་གདིང་བར་འགྱུར་གྱི། ཆོས་སྨྲ་བ་མ་ཡིན་པ་རྣམས་ཀྱིར་མི་འགྱུར་བས་ན། གཏན་པ་བསྲུང་བའི་རིམ་གྲོ་ཡང་ཆོས་སྨྲ་བ་རྣམས་ཀྱིས་བྱའོ། །
Vol. 164 · folio 194b
འདིར་གཞན་གྱིས་བཏིང་ཡང་གཞན་གྱི་རྙེད་པ་འདི་དག་ལས་སོ་ཞེས་པ་ནི་ཆོས་སྨྲ་བ་མ་ཡིན་བ་རྣམས་ཀྱིས་གཏན་པ་བཏིང་དུ་ཟིན་ཀྱང་ཡུན་འདི་སྲིད་ཀྱི་བར་དུ་གནས་འདི་ན་འཁོད་པ་རྣམས་ལ་ཡོན་འདི་དབུལ་ལོ་ཞེས་གནས་ཀྱི་རྙེད་པར་གྱུར་པ་རྣམས་ཆོས་སྨྲ་བ་དབང་བར་སྟོན་པའོ། །ཐ་མལ་པའི་
གནས་སུ་བཀར་བ་དགག་མི་སྐྱེ་ཞེས་པ་ནི་དགེ་སློང་ཐ་མལ་བ་རྣམས་ཀྱི་སར་ཆད་པས་ཆོད་ཅིང་བཀར་བས་གཏན་པ་བཏིང་དུ་ཟིན་ཀྱང་བཏིང་བར་མི་འགྱུར་བའོ། །བསམ་པ་བཞག་ན་བཏིང་བའོ་ཞེས་པ་ནི་འདི་ནི་བདག་ཅག་གི་གཏན་པ་བཏིང་བའོ། །འདི་རྙེད་པ་དང་། ཡོན་ཏན་ཡང་བདག་ཅག་
གིའོ་ཞེས་སེམས་ཀྱི་ཆེད་དུ་དམིགས་ཤིང་གཏད་ན་གདོད་གཏན་པ་བཏིང་བའི་དོན་དུ་འགྱུར་བའོ། །དད་པ་ཕུལ་བའི་དབང་གིས་ན་ལྷག་མ་རྣམས་དང་ལྷན་ཅིག་ཏུ་བྱ་བ་བྱས་པར་འགྱུར་རོ་ཞེས་པ་ནི་གཏན་པ་འདིང་བའི་ཚེ་ཁོ་ན་ངོས་ནི་མེད་ཀྱི། དད་པས་ཕུལ་ན་ཡང་དགེ་འདུན་དང་ལྷན་ཅིག་ཏུ་བྱས་
ཤིང་ལས་སུ་རུང་བར་སྟོན་པའོ། །དེས་བཏང་ན་ཕྱུང་བའོ་ཞེས་པ་ནི་གཏན་པ་མི་དགོས་ཤིང་གཏན་པའི་ཡོན་ཏན་ལ་མི་རེ་བ་སེམས་ཐག་བཅད་ན་གཏན་པ་འབྱུང་བར་འགྱུར་བའོ། །དེ་ལྟ་བས་ན་དད་པ་མ་ཕུལ་ཞིང་གཉིད་དང་མཉམ་པར་འཇོག་ན་བཀང་དུ་ཟིན་ཀྱང་མ་ཐོས་ཀྱི་བར་དུ་བཏིང་བ་དང་ཕྱུང་བར་མི་འགྱུར་
རོ་ཞེས་པ་ནི་གོང་མ་ལྟར་ཆེད་དུ་བསམ་པ་བརྩན་པའི་ཕྱིར་གྲལ་དུ་བཀོད་དེ། དགེ་འདུན་གྱི་ནང་དུ་འོངས་སུ་ཟིན་ཀྱང་གཉིད་དང་མཉམ་པར་འཇོག་པ་ལྟ་བུ་ལ་སོགས་པར་གྱུར་ན། མ་ཐོས་ཀྱི་བར་དུ་བཏིང་བར་ཡང་མི་འགྱུར་ཕྱུང་བར་ཡང་མི་འགྱུར་བའོ། །བཏིང་བའི་མཚམས་གཅིག་ན་གནས་ཐ་དད་
པར་འཁོད་ཀྱང་དེ་འཁོད་པའོ་ཞེས་པ་ནི་གཙུག་ལག་ཁང་ཁ་ཐ་དད་དུ་ཟིན་ཀྱང་དབྱར་ཚུལ་དུ་འཇུག་པའི་ཚེ་ཐམས་ཅད་ཀྱི་ཕྱིར་མཚམས་གཅིག་ཏུ་བྱས་ན་གཏན་པ་བཏིང་བའི་ཚེ་ཡང་གཙུག་ལག་ཁང་དུ་མའི་གཏན་པ་ཅིག་ཅར་དུ་བཏིང་དུ་རུང་བར་སྟོན་པའོ། །འདི་འདིང་བའི་ཚེ་ན་ཡང་དེའི་གནས་སོ་
ཞེས་པ་ནི་གོང་མ་ལྟར་དབྱར་ཚུལ་དུ་འཇུག་པ་ནས་ཕྱི་མཚམས་གཅིག་ཏུ་བྱས་པ་ནི་མེད་ཀྱི་གཏན་པ་གདིང་བའི་ཚེ། ཐམས་ཅད་ཀྱི་ཕྱི་མཚམས་གཅིག་ཏུ་བྱས་ན་ཡང་གཙུག་ལག་ཁང་དེ་དག་ཀུན་གཏན་པ་དེའི་གནས་སུ་འགྱུར་བའོ། །བཏིང་ནས་མཚམས་ཐ་དད་དུ་བྱས་ན་གང་ཡང་དེའི་
Vol. 164 · folio 195a
གནས་སོ་ཞེས་པ་ནི་གཏན་པ་བཏིང་ཟིན་པའི་འོག་ཏུ་མཚམས་སོ་སོར་ཆད་ན་ཡང་གཏན་པ་འབྱུང་བར་མི་འགྱུར་ཞིང་། མཚམས་སོ་སོར་ཆད་པ་ཀུན་ཀྱང་གཏན་པ་དེའི་གནས་ཡིན་པར་སྟོན་པའོ། །འདི་ལྟར་ཐ་དད་དུ་གྱུར་ན་འབྱུང་བ་ཡང་གནས་སོ་སོར་རོ་ཞེས་པ་ནི་གོང་མ་ལྟར་ཐ་དད་
དུ་གྱུར་ན་འབྱུང་བའི་ཚེ་ཡང་སོ་སོར་འབྱུང་དགོས་པའི་ཕྱིར་གནས་གཅིག་པས་དུས་དང་དུས་མ་ཡིན་བར་ཕྱུང་ན། གནས་གཞན་པ་རྣམས་ཀྱི་ཕྱུང་བར་མི་འགྱུར་བའི་ཕྱིར་དེའི་བསྲུང་བ་ཡང་གུད་ནས་བཏང་བའམ་གཏན་པ་ཉིད་གནས་གཞན་དུ་བླང་དགོས་པའོ། །བྱེ་ན་ཕྱོགས་ཀྱང་སོ་སོར་རོ་ཞེས་པ་ནི་
མཚམས་གཅིག་ན་འཁོད་པ་ལས་ཕྱོགས་སོ་སོར་ཆད་ན་ཡང་གཏན་པ་སོ་སོ་ནས་དབྱུང་དགོས་པར་སྟོན་པའོ། །མ་བཏིང་བས་ཕྱུང་བ་ཡང་མ་ཕྱུང་བ་མ་ཡིན་ཞེས་པ་གཏན་པ་འདི་བཏིང་བ་ལ་མ་གཏོགས་པ་གཞན་གྱིས་གཏན་པ་ཕྱུང་ན་ཡང་གཏན་པ་ཕྱུང་བར་མི་འགྱུར་བ་མེད་པའོ། །མ་གྱུར་ཀྱང་
མི་འཆད་པ་མ་ཡིན་ཞེས་པ་ནི་གནས་གཅིག་ན་དགེ་སློང་གཅིག་པུ་ཞིག་འདུག་པའི་གཏན་པ་བཏིང་བའི་དོན་རོགས་དགེ་སློང་འགྲོན་པ་གཞན་གྱིས་བྱས་ཏེ། གཏན་པ་བཏིང་ན་སྡེར་མ་ལངས་ཤིག་གཏན་པ་བཏིང་བར་མི་འགྱུར་བ་མེད་པར་སྟོན་པའོ། །མ་བཏིང་བས་མ་ཕྱུང་བ་མ་ཡིན་ཞེས་པ་ནི་གཏན་
བ་འབྱིན་པའི་ཚེ་ཡང་གཏན་པ་གདིང་བ་ལ་མ་གཏོགས་པ་གཞན་གྱིས་བཏང་སྟེ་ཕྱུང་ན་དེར་དགེ་འདུན་མི་ཚང་བ་མེད་པའོ། །གཏན་པ་བྲུབས་ན་སྦྱར་མ་མེད་པར་གྲོང་དུ་འཇུག་པ་ལ་སོགས་པ་སུམ་མདོར་འདུག་པའི་བར་དུ་ཉེས་མེད་ཅེས་པ་ནི་གཏན་པ་བཏིང་ན་སྦྱར་མ་མེད་པར་གྲོང་དུ་འཇུག་པ་ལ་
སོགས་པ་ལམ་པོ་ཆེའི་སུམ་མདོར་འདུག་ཏུ་ཟིན་ཀྱང་ཉེས་མེད་པར་སྟོན་པའོ། །གཏན་པའི་དངོས་པོ་ཞུས་པ་ལ་སོགས་པར་གཏོགས་པའོ། །གཏན་པའི་དངོས་པོ་རྫོགས་སོ།། །།གོས་ཀྱི་དངོས་པོ་བསྡུས་ཏེ་སྟོན་པ་ནི། མཚོན་གྱིས་མ་དྲས་པའི་གོས་མི་བགོ་ཞེས་པ་ལ་
སོགས་པ་ཡིན་ཏེ། ཁ་ཚར་མ་བཅད་མཚོན་གྱིས་མ་དྲས་ན་ཁྱིམ་པའི་གོས་སུ་འགྱུར་བས་ན་དགག་པའི་ཕྱིར་རོ། །དྲས་ཤིང་དྲུབས་པའི་ཆོས་གོས་ལ་བྱིན་གྱིས་བརླབས་ཞེས་པ་ནི་འདི་ལྟ་བུའི་ཆོས་གོས་གསུམ་ལ་བྱིན་གྱིས་རློབས་ཤིག་པའོ། །ཇི་ལྟ་བུ་དྲུབས་ཤེ་ན། ཚལ་
Vol. 164 · folio 195b
བུ་དབུས་ནས་ལྷག་མ་དང་མཉམ་པ་འདབ་ངོས་སྤེལ་ཏེ་གཞན་གྱི་འོག་ཏུ་བསྲུལ་ཅིང་མཐའ་བསྐོར་བའོ་ཞེས་པ་ཡིན་ཏེ། ཚལ་བུ་དབུས་ནས་ཁ་སོ་སོར་གྱེས་ལ་ཚལ་བུ་ལྷག་མ་རྣམས་དང་། ཞེང་ཚད་མཉམ་ཞིང་ཚལ་བུ་ཕྱེད་དུ་བགོ་བའི་ཐོག་མ་རྩེ་སྤྲོད་དུ་མི་བྱ་བར་སྤེལ་ཏེ། ཚལ་བུ་གཞན་གྱི་འོག་
འོག་ཏུ་བསྲུལ་བ་དང་། ཐ་མ་ཡང་ཁོར་ཡུག་ཏུ་ཚལ་བུའི་ཚད་ཀྱིས་བསྐོར་བའོ། བྱིན་གྱིས་བརླབ་པའི་གོས་གང་ཞེ་ན། སྟོད་གཡོགས་དང་སྨད་གཡོགས་དང་སྦྱར་མའོ་ཞེས་པ་ཡིན་ཏེ། སྨད་དུ་བགོ་བ་དང་། སྟོད་དུ་བགོ་བ་དང་། དུམ་བུར་ལྷག་པའི་སྦྱར་མ་དང་གསུམ་ལ་བྱིན་གྱིས་རློབས་
ཤིག་པའོ། །དགེ་སློང་མའི་ལྷག་མར་བྱིན་གྱིས་བརླབ་པ་སྟོན་པ་ནི། གོང་ལུགས་དང་རྔུལ་གཟན་ཡང་ངོ་ཞེས་པ་དང་། དགེ་སློང་མའི་སྟེ་ཇི་ལྟར་ཡང་རུང་ཞེས་པ་ཡིན་ཏེ་གོང་མ་གསུམ་གྱི་སྟེང་དུ་འདི་གཉིས་ཀྱིས་བསྣན་ཏེ་ལྔ་ལ་བྱིན་གྱིས་རློབས་ཤིག་པ་དང་། གོང་ལུགས་དང་རྔུལ་གཟན་
དྲས་ཤིང་དྲུབས་པ་ཡང་རུང་བའོ། །ཡོད་པར་གྱུར་ན་བསྙད་པ་ཡང་ངོ་ཞེས་པ་ནི་དྲས་ཤིང་དྲུབས་པ་བརྙས་ཏེ་རྙེད་ན་ཡང་། དེ་ལ་བྱིན་གྱིས་རློབས་ཤིག་པའོ། །དྲས་ཤིང་དྲུབས་པ་བརྙན་པོར་མ་རྙེད་ན། ཐ་མལ་པ་ལ་ཡང་བྱིན་གྱིས་རློབས་ཤིག་པའོ། །འདི་དག་མེད་པར་སྐྱ་རེངས་ཤར་བར་མི་བྱ་
ཞེས་པ་ནི་དྲས་པའམ་མ་དྲས་པ་ལ་བྱིན་གྱིས་མ་བརླབས་པར་སྐྱ་རེངས་ཀྱིས་ཆོད་ན་ཉེས་བྱས་སུ་འགྱུར་བའོ། །གཞན་མ་རྙེད་ན་ཡང་ཁ་དོག་མ་བསྒྱུར་བ་ལ་ཡང་བྱིན་གྱིས་བརླབས་ཞེས་པ་ནི་གོང་དུ་སྨོས་པ་ལྟ་བུ་མ་རྙེད་ན་ཁ་དོག་བསྒྱུར་བའི་དཀར་པོ་ལ་ཡང་བྱིན་གྱིས་རློབས་ཤིག་པའོ། །མ་དྲུབས་
པ་ལ་ཡང་ངོ་ཞེས་པ་ནི་དྲུབས་པ་མ་རྙེད་ན་མ་དྲུབས་པ་ལ་ཡང་བྱིན་གྱིས་རློབས་ཤིག་པའོ། །འདིར་ཡོད་ན་ཤར་བུས་གླན་ཞེས་པ་ནི་ཤར་བུའམ་ཚལ་བུ་གུད་ནས་རྙེད་ན་མ་དྲུབས་པའི་ཐང་བ་དེ་ལ་བླ་ཐབས་སུ་གློན་ཅིག་པའོ། །ཁྱིམ་པའི་རྣམ་པ་ཡང་ངོ་ཞེས་པ་ནི་མ་བཙོས་མ་དྲུབས་པ་ཁྱིམ་
པའི་གོས་ལྟ་བུ་ལ་ཡང་བྱིན་གྱིས་རློབས་ཤིག་པའོ། །ཕྱིང་པ་ལ་བ། བེའུ་རས་ལ་བ་སྟུག་པོ་སྲབ་མོ་རྣམས་མ་དྲས་པ་ཡང་ཤར་བུས་གླན་ཏེ། དྲུབས་པ་ཡང་ངོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་མ་དྲས་པ་ལ་ཤར་བུས་བླ་ཐབས་སུ་གླན་པ་བྱིན་གྱིས་རློབས་ཤིག་པའོ། །འོག་ནས་
Vol. 164 · folio 196a
སྤུ་ཅན་བྱིན་གྱིས་མ་བརླབས་ཞེས་འབྱུང་བས་ན། ལ་བ་དང་བེའུ་རས་ནི་སྤུ་བྲེག་པ་ལ་བྱིན་གྱིས་རློབས་ཤིག་པའོ། །མལ་སྟན་མི་གཙང་བས་རེག་ན་དེའི་མོད་ལ་བཀྲུ་ཞེས་པ་ནི་འདི་ལྟར་གྱུར་ན་མ་བཤོལ་བར་མོད་ལ་ཁྲུས་ཤིག་པ་སྟེ། དགེ་འདུན་གྱི་ཡང་རུང་གང་ཟག་
གི་ཡང་རུང་བའོ། །དགེ་འདུན་གྱི་ཁྲིའུ་དང་། ཁྲི་ངན་པ་མ་ཡིན་ན་འདུག་པའི་བར་དུ་དེ་མ་ཡིན་པའི་གདིང་བ་མེད་པར་མི་བྱ་བ་དང་། རྔུལ་གཟན་མེད་པར་ཡང་བགོ་བ་ཡང་མི་བྱ་ཞེས་པ་ནི་ཁྲི་སྟན་ངན་པ་རབ་མ་ཡིན་ན་དེ་ལ་གང་ཟག་གི་གདིང་བ་མེད་པར་འདུག་པ་ཡང་མི་བྱ་ན། །ཉལ་
བ་ལྟ་ཅི་སྨོས་པ་དང་། ཉིད་ཀྱི་རྔུལ་གཟན་མེད་པར་མལ་གོས་སུ་བགོ་བ་ཡང་མ་སྤྱོད་ཅིག་པའོ། །རི་མོ་ཕལ་ཆེར་མ་ཉམས་པ་ཐམས་ཅད་མ་ཡིན་ཞེས་པ་ནི་མལ་སྟན་རི་མོ་ཅན་ཞིག་ལ་རི་མོ་ཕལ་ཆེར་བྱེད་དམ། ཉམས་པ་མ་ཡིན། གང་ཟག་གམ། དགེ་འདུན་སུའི་ཡང་རུང་སྟེ།
དེ་ལ་གདིང་བ་མེད་པར་མ་སྤྱོད་ཅིག་པའོ། །ཁྲལ་ཀ་དང་དྲི་མ་ཅན་ཡང་མ་ཡིན་ཞེས་པ་ནི་གདིང་བ་ཁྲལ་ཀོག་གམ་དྲི་མ་ཅན་གྱིས་ཀྱང་མ་བྱེད་ཅིག་པའོ། །གདིང་བ་བཅང་ཞེས་པ་དང་། སྟུག་ན་ཅིག་རྐྱང་དགེ་ཞེས་པ་དང་། སྲབ་ན་ཉིས་རིམ་དུའོ་ཞེས་པ་དང་། ཁྲ་བོ་ནི་མི་རུང་ཞེས་པ་དང་། འདིར་འདབ་ངོས་
བྱ་ཞེས་པ་དང་། འཕོངས་ཀྱི་སུམ་ཆར་རོ་ཞེས་པ་དང་། རྐྱང་པ་ལ་བྱིན་གྱིས་མི་བརླབ་ཅེས་པ་ནི་གདིང་བའི་ཚུལ་འདི་དག་ལྟར་གྱིས་ཤིག་པ་སྟེ། འཕོངས་ལོགས་ཀྱི་སུམ་ཆར་ཚལ་བུ་ཕྲེད་དུ་འགྲོ་བས་མ་གླན་པར་བྱིན་གྱིས་བརླབ་ཏུ་མི་རུང་བའོ། །དེ་ཡོད་ན་གཡན་པ་བགབ་པ་
བཅང་ཞེས་པ་དང་། དེ་ནི་ཞག་ལྔའམ་དྲུག་ཅིང་བཀྲུ་ཞེས་པ་ནི་གཡན་བ་འམ་ཤུ་བ་ཡོད་ན་དེའི་དགབ་པ་ཆོངས་ཤིག་པ་དང་། ཞག་ཚིགས་འདི་ཙམ་ཞིང་ཁྲུས་ཤིག་པའོ། །སྲིན་བལ་དང་བལ་དང་། ཟར་མ་དང་། ཤ་ན་ཀའི་རུང་ཞེས་པ་ནི་རྒྱུ་འདི་དག་ལས་བྱས་པ་ནི་བྱིན་
གྱིས་བརླབ་པ་དང་། ལྷག་པའི་གོས་སུ་རུང་བར་སྟོན་པའོ། །མ་བཏགས་པ་དང་གསོ་མའི་མ་ཡིན་ཞེས་པ་ནི་བྱང་གི་སྒྲ་མི་སྙན་ནམ། ལྷའི་གོས་ལྟ་བུ་རྒྱུ་སྤུན་མེད་པ་དང་། གསོ་མ་ལས་བྱས་པ་ནི་དགེ་སློང་གི་གོས་སུ་མི་རུང་བའོ། །སྐྲ་ལས་བྱས་པ་དང་། གཅེར་བུ་
Vol. 164 · folio 196b
དང་། འུག་གཤོག་གི་དམ་མི་བླང་ཞེས་པ་དང་། འདིར་སྦོམ་པོའོ་ཞེས་པ་ནི་མུ་སྟེགས་པའི་མཚན་མའི་དམ་མི་བཅའ་ཞེས་བྱ་བ་ནི་མིང་གིས་སྨོས་པ་འདི་གསུམ་ཡིན་ཏེ། འདི་གསུམ་སྔ་ནས་དམ་བཅས་ཤིང་སེལ་ཏམ། བཅང་ན་མི་རུང་བ་དང་། སྦོམ་པོར་འགྱུར་བའོ། །གཞན་
ཡང་འདི་དག་ལྟར་བྱེད་པའོ་ཞེས་པ་ནི་གོང་མ་གསུམ་སྔ་ནས་དམ་མ་བཅས་པར་སྲེལ་བ་དང་། གཞན་ཡང་མུ་སྟེགས་པའི་མཚན་མ་སྲེལ་ན་ཉེས་བྱས་སུ་འགྱུར་བའོ། །དེ་ཡང་དག་ཅིང་འགྲོལ་བར་མི་སེམས་ནའོ། །སྐྲ་འབལ་བ་དང་། འདབ་མ་གྱོན་པ་དང་། རི་དགས་ཀྱི་སྟོད་གཡོགས་
དང་། སྨད་གཡོགས་ཀྱིས་དྲོད་འཛིན་པ་དང་། གསོ་རས་ཤོག་པོ་དང་། ཡན་ལག་གི་སྦུབས་དང་། སྔོན་པོ་ཤ་དག་གྱོན་པ་དང་། ཁ་ཚར་རིང་པོ་དང་། ཁ་ཚར་ལུ་གུ་རྒྱུད་དང་། སྟོད་ཀོར་རམ་རྒྱ་མོའི་ནུ་གབ་ལྟ་བུ་ལ་བྱ། སྟོད་གབ་དང་། གཙུག་ཏོར་དང་ཐོད་དང་། ར་ཕྱར་དང་།
རྔ་བལ་གྱི་ལ་བ་དང་། མུ་སྟེགས་པའི་མཚན་མ་ཡང་ངོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་དང་། གཞན་ཡང་མུ་སྟེགས་པའི་མཚན་མར་གཏོགས་སོ་ཅོག་སྲེལ་དུ་མི་རུང་བར་སྟོན་པའོ། །ཕུལ་སའི་འདབ་མ་གང་བ་འཚལ་ལམ། མང་མེའི་ཁལ་པ་ཙམ་ན་ཡང་མཉམ་པར་བགོ་ཞེས་པ་ནི་ཁ་ཟས་
སམ་གོས་ཀྱི་རྙེད་པ་ཞིག་ཡོད་ན་འདི་དག་ཙམ་གྱི་ཚོད་དུ་ཡང་བསྲེལ་ལ་སྤར་སྤར་བགོས་ཤིག་པའོ། །ལ་བའམ་དེ་དང་འདྲ་བའི་འཆོས་ཏེའོ་ཞེས་པ་དང་། མི་གཤེག་ཅེས་པ་ནི་ལ་བའམ་དྲེའུ་རྔོག་གམ། ཟ་འུག་ལ་སོགས་པ་ཡང་གཤགས་ནས་ནོར་དུ་མི་རུང་བ་ནི་མ་གཤགས་པར་ཚོངས་ལ་
བགོས་ཤིག་པའོ། །རྙེད་པ་བགོ་བར་བྱ་བ་ནི་ལྔ་སྟེ་ཞེས་པ་དང་། དེ་རྙེད་པ་འགོད་ཀྱི་ཁྱེད་ཅག་འདུ་བར་གྱིས་ཤིག་ཅེས་དགེ་འདུན་ལ་བསྙད་ཅེས་པ་དང་། གཎྜཱི་བརྡུངས་ཚུལ་ཤིང་བྲིམ་པ་དང་སྐལ་ཤས་བྲིམ་ཞེས་པ་ནི་བགོ་བ་རྣམ་པ་ལྔ་ཡོད་པ་མིང་གིས་སྨོས་པ་འདི་རྣམས་ཡིན་བར་སྟོན་
པའོ། །འགོད་པའི་མཇུག་ཚུན་ཆད་དུ་འོངས་ན་དབང་ཞེས་པ་དང་། ཟིན་ན་མ་ཡིན་ཞེས་པ་ནི་དགེ་འདུན་གྱི་རྙེད་པ་གཉུག་མའམ་ཁ་ཅིག་དབང་བར་ངེས་པ་མ་ཡིན་པའི་སྤྱིར་རྙེད་པ་ལྟ་བུ་ནི་འགོད་པའི་མཇུག་སླེབས་ན་དབང་བ་དང་བགོས་ཟིན་ན་མི་དབང་བར་སྟོན་པའོ། །ངན་ངོན་
Vol. 164 · folio 197a
གྱི་རྙེད་པ་ཡང་དེ་དག་ལྟའོ་ཞེས་པ་ནི་ཆུང་ཤས་སམ་ངན་ངོན་གྱི་རྙེད་པ་ཞིག་ན་ཡང་བགོ་བའི་ཐབས་གོང་མ་ལྟར་གྱིས་ཤིག་པའོ། །གུད་དུ་སོང་ན་ཡང་རྙེད་པ་དེ་ལ་གཏོགས་ཏེ་མི་འོས་པ་མ་ཡིན་ཞེས་པ་དང་། དེ་ལྟ་བས་ན་འགྲོ་ཁར་ནོད་དུ་གཞུག་ཅེས་པ་དང་། ཁས་བླངས་
ནས་མ་མནོས་ན་འདའ་ཞེས་པ་ནི་དབྱར་ཚུལ་དུ་ཞུགས་པ་ལ་སོགས་པ་རྙེད་པ་ནར་མའམ། བླ་ཐབས་ཀྱང་རུང་སྟེ་མ་མནོས་པར་གུད་དུ་སོང་ན་དེ་ལ་མི་དབང་བ་མེད་པས་འགྲོ་ཁར་ནོད་དུ་གཞུག་ཅིང་ནོད་དུ་བཅུག་པས་མ་མནོས་ན་སྐྱིན་ཀྲིན་དོས་ཤིག་པའོ། །པ་ན་ལྔ་ཡན་ཆད་ནི་ངན་
ངོན་གྱི་རྙེད་པའོ་ཞེས་པ་ནི་པ་ན་ལྔ་ཡན་ཆད་རྙེད་པར་གཏོགས་པས་ན་དེ་ཙམ་ཡན་ཆད་ནོས་ཤིག་པའོ། །མ་མནོས་ན་སྐྱིན་ཀྲིན་མི་བདའ་བའོ། །མ་བཅོལ་བར་མི་མནོད་ཅེས་པ་དང་། མཁན་པོ་དང་སློབ་དཔོན་གྱིས་ནི་མནོད་ཅེས་པ་དང་། ཡིད་གཅུགས་པའི་ཕྱིར་ཡང་ངོ་ཞེས་པ་དང་།
མལ་སྟན་ཡང་དེ་བཞིན་ཞེས་པ་དང་ཟས་ཀྱང་དེ་ཞེས་པ་རྣམས་ནི་མཁན་པོ་དང་སློབ་དཔོན་གྱི་ཉེ་གནས་དང་སློབ་མའི་ཕྱིར་མནོད་པ་དང་ཡིད་གཅུགས་པའི་ཕྱིར་མནོད་པ་མ་གཏོགས་པར་མ་བཅོལ་བ་དང་། ཉེ་མགོན་དུ་སྟན་ཆ་དང་ཟས་ཡན་ཆད་ཀྱང་མ་ནོད་ཅིག་པའོ། །གཞན་གྱི་
ཕྱིར་ནོད་ན་ཕ་རོལ་ཤེས་པར་བྱ་ཞེས་པ་དང་མི་འཐོབ་པ་དེའི་ནང་དུ་མི་གཅེན་ཅེས་གཞན་གྱི་ཕྱིར་ནོད་ན་གཞོག་དཔང་ཚུགས་ཤིག་པ་དང་། བསྙེན་དགའ་ལྟ་བུར་མ་གཉར་བར་ཟས་ཟོས་ཤིང་གོས་ཁྱེར་བ་ལྟ་བུ་མི་གཏོགས་པའི་ནང་དུ་གཅེན་ཅིང་རྙེད་པ་མ་ལེན་ཅིག་པའོ། །འོས་
ན་གཅིག་ལ་ཡང་བ་དང་ཤིན་ཏུ་མང་མོ་ཞིག་རྙེད་ན་ཡང་མི་དབང་བ་གཞུག་པའི་རྒྱུ་མ་ཡིན་ཞེས་པ་ནི་དགེ་སློང་གཅིག་ལ་དགེ་འདུན་གྱི་རྙེད་པ་ཕལ་ཆེར་ཕུལ་ན་གཅིག་པུས་ཁྱེར་བ་ཡང་བླ་བ་དང་། དགེ་འདུན་ཕལ་པོ་ཆེའི་རྙེད་པ་རྒན་ཞུགས་གཉིས་ལ་ཕུལ་བ་དག །དགེ་འདུན་
གཞན་ཡང་གཉར་དགོས་པར་སེམས་པ་བཅོམ་ལྡན་འདས་ཀྱིས་གཉར་མི་དགོས་ཤིང་གཉིས་པོ་དབང་བར་གསུངས་པ་ལྟ་བུ་ཡིན་ཏེ། མང་མོ་ཞིག་ལ་ཕུལ་ཡང་དེ་ན་འཁོད་པ་རྣམས་དབང་གི་གུད་ནས་གཉེར་ཞིང་བགོ་བཤའ་མི་དགོས་པའོ། །བྱེ་ནས་ཆོས་མ་ཡིན་པའི་
Vol. 164 · folio 197b
ཕྱོགས་སུ་གྱུར་ན་དགེ་འདུན་གྱི་རྙེད་པ་མི་དབང་ཞེས་པ་ནི་དགེ་འདུན་སྡེར་ཆད་ཅིང་བྱེ་བ་ལས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་ན་དགེ་འདུན་གྱི་རྙེད་པ་ལས་མི་དབང་བར་སྟོན་པའོ། །ཕལ་ཆེར་གནས་པ་ནི་དུས་དེའི་རྙེད་པའི་གནས་སོ་ཞེས་པ་ནི་དབྱར་ཚུལ་དུ་ཞུགས་པ་ལྟ་བུ་ཡུན་རིང་དུ་འདུག་
འདུག་ན་དུས་དེའི་རྙེད་ཤས་དབང་བར་སྟོན་པའོ། །བབས་པར་གྱུར་པ་དང་ཤི་བ་ཡང་ངོ་ཞེས་པ་ནི་ཕལ་ཆེར་བབས་ཤིང་ཤིར་ཟིན་ཀྱང་རྙེད་ཤས་དབང་བའོ། །དེ་ལ་ཤི་བ་དབང་བ་ནི་ཤི་བའི་ཡོ་བྱད་གར་འགོད་པར་འགྲོ་བའོ། །རྙེད་པ་རྣམ་པར་གཞག་པ་ནི་ངེས་པར་བྱས་པ་ཇི་བཞིན་ཞེས་
པ་ནི་ཡོན་བདག་གིས་བགོ་བ་དང་མི་བགོ་བའམ། དབང་བ་དང་མི་དབང་བའམ། དུས་དང་དུས་མ་ཡིན་བར་བྱས་པ་ཇི་ལྟ་བ་བཞིན་དུ་བརྩན་བར་གྱིས་ཤིག་པའོ། །འཐོབ་པ་དག་གིས་ཀྱང་ངོ་ཞེས་པ་ནི་འཐོབ་པའམ་ལེན་པ་རྣམས་ཀྱིས་ཡོན་བདག་དང་ཁྱིམ་གྱི་བཟའ་སྐལ་ཇི་ལྟར་དགོས་
པ་བཞིན་དུ་བརྩན་བར་སྟོན་པ་སྟེ། ཡོན་བདག་གཅིག་གིས་གནས་གཅིག་ཏུ་ཕྱོགས་གཉིས་ཀའི་དགེ་འདུན་གཉར་ཏེ། ཡོན་ཕུལ་ན་ཡང་གང་གི་རིགས་སུ་གཏོགས་པ་དེ་དག་དབང་བའོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། མཐའ་དག་ལ་བྱིན་ཡང་ངོ་ཞེས་པ་ཡིན་ཏེ་སྡེ་གཉིས་པོ་ཀུན་ལ་བྱིན་ཟིན་
གྱིས་ཀྱང་ནང་ཁྲིམས་(གྱིས་‚ཀྱིས་)རིས་བརྩན་པའི་ཕྱིར་རོ། །དགེ་འདུན་མ་ངེས་པ་ནི་ལས་ཀྱི་མཚམས་ཀྱིས་གཅོད་དོ་ཞེས་པ་ནི་དགེ་འདུན་འདི་དག་ལ་ཕུལ་ལོ་ཞེས་ངེས་པར་ཕྱེ་བ་ནི་མེད་ཀྱི་སྤྱིར་ཕུལ་བ་ལྟ་བུ་ལས་ཀྱི་མཚམས་ཀྱི་ནང་དུ་འོངས་སོ་ཅོག་དབང་བའོ། །འདིར་གཅིག་ལ་སོགས་
པ་དེའོ་ཞེས་པ་ནི་དགེ་སློང་གཅིག་གམ་གསུམ་མན་ཆད་ཚུལ་དུ་ཞུགས་པ་ལ་ཡོན་བདག་གིས་དགེ་འདུན་གྱི་ཡོན་དུ་ཕུལ་ན་དགེ་འདུན་དུ་མ་ཚང་ཡང་དེ་དག་དགེ་འདུན་དང་འདྲ་བར་དབང་བའོ། །ཆོས་ཀྱི་རྙེད་པ་ནི་དེ་སྨྲ་བ་དབང་བའོ་ཞེས་པ་ནི་བཤད་པའི་ཆོས་ཀྱི་དབང་དུ་ཕུལ་བ་ནི་ཆོས་སྨྲ་བ་
དབང་བར་སྟོན་པའོ། །འདིར་ཞལ་ནས་གསུངས་པའི་ཚིགས་བཅད་གཅིག་འཛིན་པ་ཙམ་ཡང་ཆོས་སྨྲ་བར་གཏོགས་པའོ། །གཞན་འདུག་ན་མཚན་ཐ་དད་པ་ཤི་བའི་ཡོ་བྱད་མི་དབང་ཞེས་པ་ནི་གཞན་ཏེ། མཚན་མཐུན་པ་ཡོད་ན་མཚན་ཐ་དད་པས་ཤི་བའི་ཡོ་བྱད་མི་འཐོབ་པའོ། །བཀར་
Vol. 164 · folio 198a
བ་ཡང་དེ་བཞིན་ཞེས་པ་ནི་བཀར་བས་ཀྱང་དགེ་སློང་ཐ་མལ་པ་ཤི་བའི་ཡོ་བྱད་མི་འཐོབ་པའོ། །མི་འདུག་ན་ཡང་ངོ་ཞེས་པ་ནི་ཤི་བའི་དྲུང་ན་དགེ་སློང་ཐ་མལ་པ་མེད་དུ་ཟིན་ཀྱང་བཀར་བས་ཡོ་བྱད་མི་འཐོབ་པའོ། །སེམས་ཀྱིས་མི་ལྡོག་པའི་རྒྱུས་ནའོ་ཞེས་པ་ནི་གོང་མ་ལྟར་བཀར་བ་མི་དབང་བ་
ཡང་རང་གིས་ཉེས་པའི་མཚན་མ་མི་གཏོང་ན་གདོད་དེ་ལྟར་འགྱུར་བའོ། །དེའི་འདི་ཁྱེར་བ་ལ་ནི་འདི་ཐ་མི་དད་ཅེས་པ་ནི་བཀར་བའི་དགེ་སློང་ཤི་ན་དེའི་ཡོ་བྱད་ནི་ཐ་མལ་པ་དང་བཀར་བ་གཉི་ག་དབང་བའོ། །ཐ་དད་པའི་ནི་ཐ་དད་པའོ་ཞེས་པ་ནི་ཆོས་ཡིན་བ་དང་མ་ཡིན་པའི་ཕྱོགས་ཐ་དད་པ་ཤི་བའི་ཡོ་བྱད་ནི་སོ་སོར་
དབང་བའོ། །རབ་ཏུ་བྱུང་བའི་ཚངས་པ་མཚུངས་པར་སྤྱོད་པ་ལས་གཞན་དེ་མི་དབང་ཞེས་པ་ནི་རབ་ཏུ་བྱུང་བ་ཤི་བའི་ཡོ་བྱད་ཚངས་པ་མཚུངས་པར་སྤྱོད་པ་དབང་གི་རྒྱལ་པོ་དང་ཞང་བློན་ལ་སོགས་གཞན་མི་དབང་བའོ། །གསོལ་བའམ་དང་པོ་དང་ཐ་མ་བྱིན་གྱིས་བརླབས་ན་ཕྱིན་པས་མ་ཡིན་དགེ་འདུན་གྱིས་
གསོལ་བའི་བྱིན་གྱིས་བརླབས་པའམ། དང་པོ་དང་ཐ་མ་བྱིན་གྱིས་བརླབས་པའི་ཆོ་ག་བྱས་པའི་འོག་ཏུ་འགའ་ཞིག་དེར་འོངས་ན་ཤི་བའི་ཡོ་བྱད་མི་དབང་བའོ། །དེ་ལ་དང་པོ་དང་ཐ་མ་བྱིན་གྱིས་བརླབས་པ་ཇི་ལྟ་བུ་ཡིན་པར་སྟོན་པའོ། །དགེ་འདུན་ལས་རྒན་བ་དང་གཞོན་བ་ལ་གང་ཅི་ཡང་རུང་བ་བྱིན་ན་དེའོ་
ཞེས་པ་ཡིན་ཏེ་གྲལ་གྱི་དང་པོ་དང་ཐ་མལ་པ་ལ་ཁབ་སྐུད་ཡན་ཆད་ཇི་ཡང་རུང་བ་བྱིན་ན་དང་པོ་དང་ཐ་མ་བྱིན་གྱིས་བརླབས་པ་ཞེས་བྱ་བར་སྟོན་པའོ། །བྱིན་གྱིས་བརླབ་པ་གང་ན་བ་མཚམས་དེ་འདིར་གཏོགས་པ་བྱིན་གྱིས་བརླབ་པར་བྱ་ཞེས་པ་ནི་ཤི་བའི་ཡོ་བྱད་གང་ན་བ་འདུག་པ་དེའི་དགེ་འདུན་གྱིས་
བདག་ཅག་དབང་བར་བྱིན་གྱིས་བརླབ་པར་བྱའོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། འདིར་ཤི་བའི་གནས་རྒྱུ་མ་ཡིན་ཞེས་པ་ཡིན་ཏེ། གར་ཤི་བའི་གནས་མི་བརྩན་གྱི་ནོར་གང་ན་འདུག་པ་བརྩན་བའི་ཕྱིར་རོ། །མཚམས་ཀྱི་བར་མ་དོ་ན་འདུག་པ་ནི་ལུས་སམ་གཞན་པས་ཇི་རྙེད་ཡོག་པ་དེ་དག་གིས་
གཏོགས་སོ་ཞེས་པ་ནི་མཚམས་སུ་མ་ཞིག་ན་བར་མ་དོ་ན་འདུག་ན་རོ་ཉིད་དམ། རོ་དེ་དང་འབྲལ་བའི་སྟན་ནམ། སྣོད་ཡན་ཆད་ཀྱི་མཚམས་ཇི་རྙེད་དུ་ཁེབས་ཤིང་ཡོག་པ་དེ་དག་དབང་བའོ། །ནོར་གྱི་གཟུགས་བརྙན་གར་སོང་བ་ཡོ་བྱད་ཀྱང་དེ་འདིར་གཏོགས་སོ་ཞེས་པ་ནི་ཤི་བའི་ནོར་རབ་ཏུ་བྱུང་
Vol. 164 · folio 198b
བའམ། ཁྱིམ་པ་གང་ལ་བཞག་པའི་མི་དེ་གར་སོང་བར་ནོར་ཡང་དེ་དག་གི་ཡིན་བར་སྟོན་བའོ། །དེ་ལྟ་བས་ན། གུད་ནས་འདུག་པ་གཟུགས་བརྙན་ལ་བྱིན་གྱིས་བརླབ་ཅེས་པ་ཡིན་ཏེ། ནོར་གང་ལ་འདུག་ཀྱང་རུང་གིས། ནོར་གཏམས་པའི་མི་དེ་བྱིན་གྱིས་བརླབས་ན་ནོར་ཡང་དེ་དག་དབང་བའོ། །སྐུར་པ་ནི་
ལེན་པས་མ་སྤངས་ན་དེའི་འོ་ཞེས་པ་ནི་ཕ་རོལ་པོ་འགའ་ཞིག་ལ་ཚུལ་ནོར་བསྐུར་བ། ཕ་རོལ་པོའི་ལེན་པ་དེས་ངས་མི་འདོད་དོ་ཞེའམ། སླར་ཁྱེར་ཅིག་ཅེས་པ་སྤངས་པར་ཤི་ན་དེའི་ནོར་ཡིན་པའོ། །སྤངས་ན་སྐུར་བ་པོའིའོ་ཞེས་པ་ནི་ལེན་པ་པོ་དེས་མི་འདོད་དོ་ཞེའམ་སླར་ཁྱེར་ཅིག་ཅེས་སྤངས་ན་
སྐུར་སྐུར་བའི་རྫས་ཡིན་པར་སྟོན་པའོ། །དེས་ནི་སྤངས་ཀྱང་ངོ་ཞེས་པ་ནི་དང་པོ་སྐུར་སྐུར་བའི་མི་དེས་ཀྱང་མ་བླངས་ཏེ་ཡང་བསྐྱར་ཞིང་སླར་བསྐུར་བའི་འོག་ཏུ་བསྐུར་བ་དང་ལེན་བ་གཉི་ག་ཤི་ན་སྐུར་སྐུར་བ་དེའི་རྫས་ཡིན་བར་སྟོན་པའོ། །མཚམས་ཀྱི་ནང་པར་འདུ་ཤེས་ཏེ་ཉིད་ཅེས་བྱིན་གྱིས་
བརླབས་པ་ནི་མཚམས་ཀྱི་ཕྱི་རོལ་དུ་ཡང་མི་སྐྱེ་ཞེས་པ་ནི་མཚམས་ཀྱི་ཕྱི་རོལ་ནང་པར་འདུ་ཤེས་ཏེ་བྱིན་གྱིས་བརླབ་པ་མི་སྐྱེ་བའོ། །འབྱུང་བ་དང་ཆོ་ག་བྱ་བ་དང་། ཆོས་བསྒྲགས་པ་དང་། སྦྱིན་པ་བཤད་པ་རྣམས་མ་བྱས་ན་བྱིན་གྱིས་མ་བརླབས་ཞེས་པ་ནི་མིང་གིས་བསྔོས་པ་འདི་རྣམས་མ་བྱས་པར་བྱིན་
གྱིས་རློབ་པའི་ཡེ་རྔམ་སྔན་ཚོགས་སུ་མ་བྱེད་ཅིག་པའོ། །དེ་ལ་དབྱུང་བ་ཞེས་པ་ནི་རུས་བུ་ཕྱི་རོལ་དུ་དབྱུང་བའོ། །ཆོ་ག་ཞེས་པ་ནི་བསྲེགས་པ་ལ་སོགས་པའོ། །ལྷུང་བཟེད་དང་ཆོས་གོས་ཁྱིམ་པའི་དེར་ལུས་པ་ནི་ཁྱིམ་བདག་གིས་གར་བྱིན་བ་དེ་དབང་ངོ་ཞེས་པ་ནི་དགེ་སློང་ཁྱིམ་པའི་དེར་ཤི་ན་ལྷུང་
བཟེད་ལ་སོགས་པ་ཡོ་བྱད་རྣམས་ཁྱིམ་པ་དེས་སུ་ལ་བྱིན་བ་དེ་དབང་བའོ། །ཇི་ནས་ཀྱང་འོས་ཤིང་དེས་བྲལ་ནའོ་ཞེས་པ་ནི་གོང་མ་ལྟར་ཁྱིམ་པས་སུ་བྱིན་བ་དབང་བ་ཡང་མཚན་མཐུན་ཞིང་ཐ་མལ་བ་ཞིག་སྟེ་སྦྱིན་པར་འོས་པའོ། །ལྷུང་བཟེད་ལ་སོགས་པ་ཡོ་བྱད་དེས་བྲེལ་བ་ཞིག་ན་གདོད་གོང་མ་ལྟར་
འགྱུར་བའོ། །ཁྱིམ་པས་སུ་ལ་ཡང་མ་བྱིན་ན་སུ་དབང་ཞེ་ན། མ་བྱིན་ན་སློང་བའོ་ཞེས་པ་ཡིན་ཏེ། ཁྱིམ་པས་མ་བྱིན་ན་སུས་བསླངས་པ་དེ་དབང་བར་སྟོན་པའོ། །གཉིས་ལ་སོགས་པས་བསླངས་སུ་མཚུངས་ན་སུ་དབང་ཞེ་ན། རིམ་གྱིས་ན་སྔ་མ་ཞེས་པ་ཡིན་ཏེ། སྔ་ཕྱིར་བསླངས་ན་གང་ཁ་སྔ་བ་དེ་དབང་
Vol. 164 · folio 199a
བའོ། །ཤི་བའི་ནོར་དེའི་གཞི་འཛིན་པ་ཡེ་མེད་དམ། ཡོད་དུ་ཟིན་གྱིས་ཀྱང་གང་ཟག་འགའ་ལ་དམིགས་ཀྱིས་བསྔོས་པ་མེད་དེ་སུས་ཁྱེར་ཡང་རུང་བར་བྱས་པ་ཞིག་ན་སུ་དབང་ཞེ་ན། མེད་དམ་དམིགས་ཀྱིས་བཏང་བ་མ་ཡིན་ན་སོན་པའོ་ཞེས་པ་ཡིན་ཏེ་གཞི་འཛིན་པའི་མི་མེད་དམ། དམིགས་
ཀྱིས་བཏང་བ་མེད་ན་སུ་དེར་འོངས་པ་དབང་བའོ། །དུ་མ་ཞིག་སྔ་ཕྱིར་འོངས་ན་སུ་དབང་ཞེ་ན། རིམ་གྱིས་པ་ཡང་དེ་བཞིན་ཞེས་པ་ཡིན་ཏེ། སློང་བ་ལ་ཁ་སྔ་བརྩན་པ་བཞིན་དུ་འདིར་ཡང་སུ་སྔར་ཕྱིན་པ་དབང་བའོ། །ཆགས་ཉེན་ཡོད་པར་འགྱུར་ན་ཇི་ཙམ་ཆགས་པ་ཤི་བའི་ཡོ་བྱད་ལས་བཅལ་ཞེས་པ་དང་། བགོས་
ཀྱང་ངོ་ཤི་བ་ལ་གཞན་གྱི་ཆགས་ཉེན་ཡོད་ན་བགོས་ཟིན་ཀྱང་དེའི་ཡོ་བྱད་ལས་བུ་ལོན་གཅོལ་ཅིག་པའོ། །བླང་བའམ་བཅལ་བ་དེང་འཐམས་པ་བཞིན་དུ་བྱའི་གཞན་དུ་མ་ཡིན་ཞེས་པ་ནི་ཐ་ག་པ་ལས་རས་ཀྱི་རིན་མ་ལེན་པར་དངོས་སུ་ལོང་ཤིག་ཅེས་པ་དང་། འཚོང་བའི་བེའུ་རས་ཀྱི་རིན་དུ་མ་བྱིན་གྱིས་སླར་བྱིན་བ་ལྟ་བུ་མ་
བྱེད་ཅིག་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་བཞིན་དུ་ཤི་བའི་ནོར་གཞན་ལས་བླང་བ་འམ་གཞན་ལས་གཅལ་ཡང་གཤིན་ཉིད་དང་ཇི་ལྟར་འཐམས་པ་བཞིན་དུ་གྱིས་ཤིག་པའོ། །འདིའི་བུ་ལོན་ནི་ཚངས་པ་མཚུངས་པར་སྤྱོད་པ་གཞན་ལ་མ་ཡིན་ཞེས་པ་ནི་ཤི་བ་ལ་ཆགས་པའི་བུ་ལོན་ཁོ་ན་ཉིད་ཀྱི་ཡོ་བྱད་ཀྱིས་
མ་ཁྱེད་ན་ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱིས་གཞལ་བའོ། །ལས་སར་པ་པ་ལ་དཀོན་མཆོག་གི་དཀོར་ལས་ན་ཇི་རྙེད་ལས་དེ་རྙེད་མཉམ་བར་བཅལ་ཞེས་པ་ནི་ལས་སར་པ་པས་དཀོན་མཆོག་གི་ཁྱེར་བ་ལས་དེ་ཤི་བའི་འོག་ཏུ་དཀོར་བསྲེས་ཏེ། དཀོན་མཆོག་གང་གང་སྐུ་སྐལ་ཇི་སྙེད་ཡོད་པ་སོ་སོར་
དབྱེར་མི་མངོན་ན། དཀོན་མཆོག་གསུམ་གྱི་སྐུ་སྐལ་ཆ་གསུམ་དུ་མཉམ་པར་ཕྱེ་ལ་སྩོབས་ཤིག་པའོ། །ནད་གཡོག་ཡོད་ན་ཡོ་བྱད་དྲུག་ཆ་དབང་བའི་ཕྱིར་བྱིན་གྱིས་མི་རློབ། ཅེས་པ་དང་། བར་དང་འབྲིང་དང་ཐ་མ་ལས་སོ་ཞེས་པ་དང་། དུ་མ་ཞིག་ན་ཡང་དེ་ལ་ཐུན་མོང་ངོ་ཞེས་པ་ནི་ཤི་བའི་ཡོ་བྱད་ལས་
རབ་གཉིས་འབྲིང་གཉིས་ཐ་མ་གཉིས་ཏེ་དྲུག་ནད་གཡོག་(ཡོང་‚ཡོད་)ན་དེ་དབང་བས་དགེ་འདུན་བྱིན་གྱིས་རློབ་ཏུ་མི་དབང་བ་དང་ནད་གཡོག་དུ་མ་ཞིག་འཁོད་ན་དེ་དྲུག་དང་དབང་དུ་ཟད་པའོ། །དེའི་ཕྱིར་སོང་བ་ལ་ནད་པ་ཤི་ན་སྦྱིན་ཞེས་པ་ནི་དོན་ཆེད་ཀྱི་ཕྱིར་དགེ་སློང་འགའ་ཞིག་གུད་དུ་སོང་བའི་འོག་
Vol. 164 · folio 199b
ཏུ་ནད་གཡོག་གི་ཡོ་བྱད་དྲུག་ལས་དབང་བར་སྟོན་པའོ། །མི་འོས་པ་ལ་ཤི་བའི་རྫས་དེ་མ་ཡིན་ཞེས་པ་ནི་ཁྱིམ་པའམ་དགེ་སློང་མ་ལྟ་བུ་ནད་གཡོག་བྱེད་ན་ཤི་བའི་ཡོ་བྱད་ལས་དབང་བ་མེད་པའོ། །ཚུལ་གཞན་དུ་ཞུགས་པ་ལ་མི་སྦྱིན་པ་མ་ཡིན་ཞེས་པ་ནི་ནད་གཡོག་བྱེད་ན་ཚུལ་གཞན་དུ་ཞུགས་
པ་ཞིག་ཡིན་དུ་ཟིན་ཀྱང་ཡོ་བྱད་དྲུག་ལས་མི་སྦྱིན་པའོ། །འདི་བསྙེན་པར་རྫོགས་པ་ཡང་ཐམས་ཅད་དབང་ཞེས་པ་ནི་འོག་ནས་སུམ་ཆ་སུམ་གཉིས་སུ་འགོད་པ་ཞིག་འབྱུང་བ་ལྟ་བུ་ནི་མ་ཡིན་གྱི་ཤི་བའི་ཡོ་བྱད་ལ་དགེ་འདུན་ཡན་ཆད་དབང་བར་མཚུངས་པར་སྟོན་པའོ། །ནད་པས་སྦྱིན་པར་སྨྲས་པ་བཞིན་དུ་
བྱ་ཞེས་པ་ནི་ནད་པས་སོ་སོར་སྦྱིན་པར་བྱས་ཤིང་སྤགས་པ་ལས་ལག་ཏུ་མ་སོན་པ་རྣམས་ཕྱི་མའི་རྣམས་ཀྱིས་སོ་སོའི་ལག་ཏུ་སོན་པར་བྱིན་ཅིག་པའོ། །འཆི་བ་ན་ཡང་བདག་གིར་བསྒྲུབས་པའི་ནོར་ནི་མི་དབང་ཞེས་པ་ནི་ང་ཤི་དང་ནོར་འདི་དག་འདི་དང་འདི་ལ་ཁ་བྱིན་ཅིག་ཅེས་ཁ་ཆེམས་བཞག་པ་ལྟ་བུ་ནི་མ་ཤི་
བའི་ཚེ་བྱིན་པ་མ་ཡིན་པས། གཤིན་གྱི་ཁ་ཆེམས་མི་བརྩན་བར་སྟོན་པའོ། །ཁྱིམ་པ་ནི་དབང་ཞེས་པ་ནི་ཁྱིམ་པ་དེ་སྐད་དུ་ཟེར་པའི་ཁ་ཆེམས་ནི་ཁྱིམ་པ་སླར་སྟོན་པའི་ཕྱིར་བརྩན་པར་སྟོན་པའོ། །ཁྱིམ་པ་ལས་བསྔོས་ཏེ་ཤི་ན་བུ་སྨད་ཇི་བདེར་བྱ་ཞེས་པ་དང་། གླང་པོ་རྔ་མོ་བོང་བུ་དྲིའུ་གོ་ཆ་རྣམས་ནི་རྒྱལ་
པོ་ལ་དབུལ་ཞེས་པ་དང་། གསེར་དངུལ་དང་། གཞན་ཡང་བྱས་པ་དང་། མ་བྱས་ནི་གསུམ་ལའོ་ཞེས་པ་དང་། རིན་པོ་ཆེ་ཡང་ངོ་ཞེས་པ་ནི་ཁྱིམ་པ་སློད་པོ་ཆེ་འཆི་ཀར་བུ་སྨད་ལ་སོགས་པའོ། །གཞི་སློད་ཐམས་ཅད་དཀོན་མཆོག་གསུམ་ལ་ཕུལ་ནས་སོ་སོར་བགོ་ཞིང་གསོ་བའི་ཐབས་འདི་དག་ལྟར་
གྱིས་ཤིག་པའོ། །དེ་ལ་བྱས་པ་དང་མ་བྱས་ཞེས་པ་ནི་བརྡུངས་སུ་བྱས་པ་དང་མ་བྱས་པའོ། །གལ་ཏེ་དེ་ལས་གཞན་ཡོད་ན་དེ་དག་གི་ཤས་སམ་ལྷག་པའམ་གལ་ཏེ་མུ་ཏིག་ཤ་དག་ན་དེ་ཉིད་སངས་རྒྱས་ལའོ་ཞེས་པ་ནི་མུ་ཏིག་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་པར་ཡོད་ན་རིན་པོ་ཆེ་གཞན་གྱིས་མུ་ཏིག་བླུ་བ་
དང་། གཞན་པས་མུ་ཏིག་པ་ལ་ཆེའམ་མུ་ཏིག་ཤ་དག་ལས་གཞན་མེད་ན། རིལ་གྱིས་སངས་རྒྱས་ལ་ཕུལ་ཅིག་པའོ། །ཚོན་ཆེན་པོ་ཡང་ངོ་ཞེས་པ་མཚལ་དང་ཏིང་ཤིན་ལ་སོགས་པ་ཚོན་པོ་ཡང་སངས་རྒྱས་ལ་ཕུལ་ཅིག་པའོ། །བཏགས་ལ་འདིས་དྲི་གཙང་བྱུག་པར་དབུལ་ཞེས་པ་ནི། མུ་ཏིག་དང་
Vol. 164 · folio 200a
ཚོན་ཆེན་པོ་དེ་དག་བཏགས་ལ་དྲི་གཙང་ཁང་གི་སྐྱང་ནུལ་གྱིས་ཤིག་པའོ། །དེ་མ་ཡིན་པ་ནི་སངས་རྒྱས་ཀྱི་སྐུ་གཟུགས་དང་དྲི་གཙང་ཁང་དང་མཆོད་རྟེན་གྱི་ཡོ་བྱད་དུ་བྱ་ཞེས་པ་ནི་གོང་དུ་སྨོས་པ་མ་ཡིན་པའི་རིན་པོ་ཆེ་ལ་སོགས་པ་ཡོ་བྱད་གཞན་སངས་རྒྱས་ཀྱི་སྐུ་སྐལ་དུ་ཐོབ་པ་ནི་མིང་གིས་སྨོས་པ་
འདི་དག་གི་ཡོ་བྱད་དུ་གྱིས་ཤིག་པའོ། །ཆོས་ཀྱི་ནི་སངས་རྒྱས་ཀྱི་བཀའ་བྲི་བ་དང་སེང་གེའི་སྟན་དུའོ་ཞེས་པ་ནི་ཆོས་ཀྱི་སྐུ་སྐལ་དུ་མངའ་བ་རྣམས་མིང་གིས་སྨོས་པ་འདི་དག་ལྟ་བུའི་ཡོ་བྱད་དུ་གྱིས་ཤིག་པའོ། །ཐེག་པ་ནི་སྐུ་གཟུགས་ལའོ་ཞེས་པ་ནི་རྟ་དང་བཞོན་པ་ལྟ་སྐུ་གཟུགས་ཀྱི་བཞོན་པར་གྱིས་ཤིག་
པའོ། །རྒྱལ་མཚན་དང་དེའི་སྨྱིག་མ་དང་དེའི་ཤིང་རྣམས་ནི་དེའི་ཡོ་བྱད་དུའོ་ཞེས་པ་ནི་རྒྱལ་མཚན་དང་རྒྱལ་མཚན་གྱི་ཤིང་དང་། སྨྱིག་མ་ཡང་རྒྱལ་མཚན་གྱི་ཡོ་བྱད་དུ་གྱིས་ཤིག་པའོ། །གཞན་དང་མཚོན་ཆ་རྣམས་ནི་དགེ་འདུན་ལའོ་ཞེས་པ་ནི་རྒྱལ་མཚན་གྱི་ཤིང་མ་ཡིན་པའི་ཡོལ་ཤིང་དང་། ཁར་
གསིལ་གྱི་ཡུ་བ་ལ་སོགས་པ་གཞན་དང་དེའི་མཚོན་རྣམས་ནི་དགེ་འདུན་གྱིར་གྱིས་ཤིག་པའོ། །དེ་དག་ཁར་གསིལ་དང་ཁབ་དང་གྲིར་བརྡུངས་ལ་བྲིམ་ཞེས་པ་ནི་རལ་གྲི་ལ་སོགས་པ་དེའི་མཚོན་མིང་གིས་སྨོས་པ་འདི་དག་ལྟ་བུར་གྱིས་ལ་དགེ་འདུན་ལ་བྲིམས་ཤིག་པའོ། །དགེ་འདུན་གྱི་གཞན་
ནི་བཞག་བ་དང་བགོ་བ་དང་བཟའ་བ་རྣམས་གར་རིགས་པར་བྱ་ཞེས་པ་ནི་གོང་དུ་སྨོས་པ་ལ་མ་གཏོགས་པའི་ཡོ་བྱད་དགེ་འདུན་མངའ་བ་གཞན་ནི་གཞག་པའམ་བགོ་བའམ་བཟའ་བ་གར་རིགས་པར་གྱིས་ཤིག་པའོ། །གར་རིགས་པར་བྱ་བའི་ཡོ་བྱད་ཉིད་གང་ཞེ་ན། ཞིང་ཁྱིམ་ཚོང་ཁང་མལ་སྟན་
ལྕགས་མགར་དང་། ཁར་བ་མཁན་དང་འདྲེག་མཁན་དང་། རྫ་མཁན་དང་ཤིང་མཁན་དང་སེ་བ་པ་རྣམས་ཀྱི་ལག་ཆ་དང་། བྲན་ཕོ་སྨོས་ལས་མི་བཤོལ་ལས་པ། བ་ལང་། ཆུ་གླང་ར་ལུག་སྨན་སངས་རྒྱས་ཀྱི་གཙུག་ལག་གི་གླེགས་བམ་མྱུར་དུ་མི་འགྲུབ་པའི་དཔང་རྒྱ་རྣམས་ནི་དང་པོ་
འདིར་འོས་སོ་ཞེས་པ་དང་། རས་རས་ཆེན་བེའུ་རས་མཆིལ་ལྷམ་ལྷམ་ཏིལ་མར་གྱི་སྣོད་བྱ་མ་བུམ་ཀུན་འདེ་གཞན་གྱི་གླེགས་བམ། དཔང་རྒྱ་ཚོན་རྣམས་ནི་གཉི་ག་ལ་འདིར་འོས་ཞེས་པ་དང་། འབྲས། ཏིལ། ནས། བལ་སྲན་སེར་པོ། བལ་སྲན་ནག་པོ། འབྲས་བལ། ཟས་སྐོམ་
Vol. 164 · folio 200b
རྣམས་ནི་གསུམ་པའིའོ་ཞེས་པ་རྣམས་ཡིན་ཏེ། དེ་ལ་ཞིང་ཞེས་པ་ནས་མྱུར་དུ་མི་འགྲུབ་པའི་དཔང་རྒྱ་ཞེས་པའི་བར་དུ་སྨོས་པ་རྣམས་ནི་བཞག་པར་སྟོན་པ་དང་། རས་ཞེས་ཚོན་ཆེན་པོའི་བར་དུ་སྨོས་པ་རྣམས་ནི་བགོ་བ་ཡིན་པར་སྟོན་པ་དང་། འབྲས་ཞེས་པ་ནས། ཟས་སྐོམ་ཞེས་པའི་བར་དུ་
སྨོས་པ་རྣམས་ནི་བཟའ་བ་ཡིན་བར་སྟོན་པའོ། །དེ་ལ་གླེགས་བམ་ཞེས་པ་ནི་སངས་རྒྱས་ཀྱི་གླེགས་བམ་ལས་གཞན་པ་མུ་སྟེགས་ཀྱི་གླེགས་བམ་མོ། །དཔང་རྒྱ་ཞེས་པ་ནི་དཔང་རྒྱ་མྱུར་དུ་མི་འགྲུབ་པ་ལས་གཞན་པ་སྟེ། མྱུར་དུ་འགྲུབ་པའི་དཔང་རྒྱའོ། ཚོན་གཞན་ཞེས་པ་ནི་ཚོན་ཆེན་
པོ་ལས་གཞན་པའོ། །གོས་ཀྱི་དངོས་པོའོ།། །།ད་ནི་ཕྲན་ཚེགས་ལ་སོགས་པ་ལས་འབྱུང་བ་བསྡུས་ཏེ་སྟོན་པ་ནི། དཀྱིལ་འཁོར་དང་དཀྱིལ་འཁོར་ཕྱེད་དུ་མཉམ་བར་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ་ཆོས་གོས་ཀྱི་དཀྱིལ་འཁོར་དང་། དཀྱིལ་འཁོར་ཕྱེད་དུ་བྱ་བ་རྣམས་ཚད་མཉམ་ཞིང་
ཆེ་ཆུང་མེད་པར་གྱིས་ཤིག་པའོ། །བཅལ་བའི་ཕྱིར་ཚད་དེ་ཙམ་གྱི་ཤིང་བཅང་ཞེས་པ་ནི་ཕྱེད་དང་རངས་པར་བྱ་བ་བཅལ་བའི་ཆེག་ཤིང་གྱིས་ཤིག་པའོ། །འདབ་མ་ངོས་ཀྱང་ཞེས་པ་དང་། དེའི་ཚད་ཀྱི་ཆེག་ཤིང་བཅང་ངོ་ཞེས་པ་ནི་འདབ་མ་ངོས་ཀྱང་ཆེ་ཆུང་མེད་པར་བྱ་བ་དང་དེའི་ཆེག་ཤིང་
གྱིས་ཤིག་པའོ། །མཆོག་གི་མཐའ་ནི་སོར་བཞིའོ་ཞེས་པ་དང་། བྱ་རོག་གི་མཐོ་ཡང་ངོ་ཞེས་པ་ནི་འདབ་ངོས་ཀྱི་ཞིང་ཚད་ཆེ་བ་ནི་སོར་བཞི་བྱ་བའམ། བྱ་རོག་གི་མཐོའི་ཚད་གྱིས་ཤིག་པའོ། །ཆུང་ངུ་ནི་སོར་གཉིས་སམ། ཕྱེད་དང་གསུམ་མམ། མཐོ་བོ་ངོས་སོ་ཞེས་པ་ནི་འདབ་ངོས་ཀྱི་ཞེང་ཚད་
ཆུང་རབ་ཏུ་བྱ་ན་ཡང་མིང་གིས་སྨོས་པ་འདི་ཙམ་དུ་གྱིས་ཤིག་པའོ། །ཆོས་གོས་ས་ལ་མི་བརྒྱང་ཞེས་པ་དང་། དེའི་ཕྱིར་གཏན་པ་བྱ་ཞེས་པ་དང་། ཤིང་ངམ་སྨྱིག་མ་ལས་སོ་ཞེས་པ་དང་། གྲུ་བཞིར་རོ་ཞེས་པ་དང་། བརྟོད་པའི་ཕྱིར་སྐུད་པའི་གསང་བུ་ག་གདོད་པ་དེའི་ཞེས་པ་དང་། ཆོས་གོས་ཇི་
ཙམ་བར་རོ་ཞེས་པ་ནི་ཆོས་གོས་ས་ལ་མི་བརྒྱང་བའི་ཕྱིར་གཏན་པ་གྱིས་ཤིག་པ་དང་། གཏན་པའི་རྒྱུ་ཞིང་ངམ་སྨྱུག་མ་ལས་ཆོས་གོས་ཀྱི་ཚད་གྲུ་བཞིར་གྱིས་ལ། བརྒྱང་པའི་སྐུད་གཟུངས་ཀྱི་མཐའ་བུ་གུས་སྐོར་ཅིག་པའོ། །དྲ་གྲིས་དྲ་ཞེས་པ་དང་། འདི་བཅང་ཞེས་པ་དང་། བྱ་རོག་གི་མཆུ་ལྟ་
Vol. 164 · folio 201a
བུའམ། བྱ་གག་གི་གཤོག་པ་ལྟ་བུར་རོ་ཞེས་པ་དང་། ལྕགས་ལས་གཞན་པ་མ་ཡིན་ཞེས་པ་དང་། ཡུ་བ་འཚེར་བའམ། ཚོན་སྣ་ཚོགས་ལས་བྱས་པ་མ་ཡིན་ཞེས་པ་དང་། སོར་དྲུག་ལས་ལྷག་པ་མ་ཡིན་ཞེས་པ་དང་། བརྒྱད་ལས་མ་ཡིན་ཞེས་པ་དང་། འདི་སོར་བཞི་ལས་ཆུང་ན་མི་དགོས་
པའི་ཕྱིར་རོ་ཞེས་པ་རྣམས་ནི་ཆོས་གོས་དེ་འདྲ་བར་དགོས་པའི་གྲི་དབྱིབས་དང་ཆེ་ཆུང་གི་ཚད་ལ་སོགས་པ་མིང་གིས་སྨོས་པ་འདི་དག་ལྟར་གྱིས་ལ་ཆོངས་ཤིག་པའོ། །ལྕི་བས་བྱུགས་པའི་སྟེང་དུ་དྲུབ་ཞེས་པ་དང་། ལྕི་བ་མེད་ན་བྱུགས་ཤིང་བཏབ་ནས་སོ་ཞེས་པ་ནི་ཆོས་གོས་དྲུབ་པའི་ས་གཞི་བྱི་བདར་འདི་དག་ལྟར་
གྱིས་ཤིག་པའོ། །འདི་དྲུབ་ཞེས་པ་དང་། ཁབ་ཀྱིས་ཀྱང་ངོ་ཞེས་པ་དང་། འདི་བཅང་ཞེས་པ་དང་། ར་གན་དང་ཟངས་དང་ལྕགས་ལས་གཞན་མ་ཡིན་ཞེས་པ་དང་། ཟངས་དང་། ལྕགས་རྣོན་པོ་ལས་ཞེས་ཁ་ཅིག་གོ་ཞེས་པ་ནི་ཆོས་གོས་བདག་ཉིད་ཀྱིས་དྲུབ་པ་དང་། སྨྱིག་ཚལ་གྱི་ཁབ་དང་བྱ་སྒྲོ་ལ་
སོགས་པ་གཞན་གྱིས་མ་ཡིན་གྱི། མིང་གིས་སྨོས་པ་འདི་དག་གི་རྒྱུ་ལས་བྱས་པའི་ཁབ་གྱིས་ལ་དེས་དྲུབས་ཤིག་པའོ། །འདི་ཁབ་རལ་སྦུ་གུ་འམ་ཁུ་ཚུར་ལྟ་བུར་བཅང་ཞེས་པ་དང་འདི་ངོ་ཚ་མི་ཤེས་པ་དང་ཚུལ་ལྟོས་པ་མི་བྱ་ཞེས་པ་དང་། གྲི་དང་ཁབ་བཙས་མི་ཟོས་པར་ར་ད་སྤྲ་ཚིལ་གྱིས་བྱུགས་པར་
བཞག་ཅེས་པ་ནི་ཁབ་རལ་གྱི་དབྱིབས་དང་། དེ་མི་སྟོར་ཅིང་བཙས་མི་ཁྱེར་བའི་རིམ་གྲོ་འདི་དག་ལྟར་གྱིས་ཤིག་པའོ། །མི་ལྟུང་བར་ཆོས་གོས་ལ་སྒྲོག་མཁར་དང་སྒྲོ་ག་བྱ་ཞེས་པ་དང་། མདུད་པ་ཡང་ངོ་ཞེས་པ་ནི་ཆོས་གོས་ཀྱི་སྒྲོ་ག་འདི་དག་ལྟར་གྱིས་ཤིག་པའོ། །གོས་བཅོས་པ་དང་མ་བཅོས་པ་བཙོ་
བླག་མཁན་ལ་འཁྲུར་མི་གཞུག་ཅེས་པ་དང་། དེ་ལྟར་བདག་གི་མ་ཡིན་ཞེས་པ་དང་། འདིའི་གཞི་ལ་མ་ཡིན་ཞེས་པ་དང་། ཤིང་ལེབ་མ་ཡིན་ཞེས་པ་ནི་ཆོས་གོས་ལ་ཇི་ལྟ་བུ་ཡང་རུང་སྟེ། བཙོ་བླག་མཁན་ལ་འཁྲུར་མི་གཞུག་པ་དང་བདག་གིས་ཀྱང་དེ་དག་འཁྲུ་བ་བཞིན་དུ་མི་བྱ་བ་དང་། དེའི་
ས་གཞི་དང་དེའི་ཤིང་གཏུན་ལ་ཡང་མ་སྤྱོད་ཅིག་པའོ། །དེ་ལ་མི་བཅོལ་ན་སུས་བྱ་ཞེ་ན། རྫ་མ་འཇམ་པོར་བཀྲུ་ཞེས་པ་དང་། ཆུ་དྲོད་ལ་བབ་པས་སོ་ཞེས་པ་དང་། ལག་པ་གཉིས་དལ་བུས་བཟློག་ཅེས་པ་དང་། མི་ནུས་ན་རྐང་པ་གཉིས་ཀྱིས་སོ་ཞེས་པ་ཡིན་ཏེ་བདག་ཉིད་ཀྱིས་བཀྲུ་བའི་ཐབས་འདི་
Vol. 164 · folio 201b
དག་ལྟར་གྱིས་ཤིག་པའོ། །ཁྱིམ་པ་དེ་ལྟར་འཁྲུར་བཅུག་པ་ནི་རུང་ཞེས་པ་དང་། འདི་གཞན་དུ་སྤྱོད་པ་བསྲུང་ཞེས་པ་ནི་གོང་དུ་སྨོས་པ་ལྟ་བུར་བྱས་ནས། ཁྱིམ་པ་འཁྲུར་བཅུག་ཀྱང་བླ་བ་དང་དེའི་སྤྱན་ཡང་ཟླ་ལ་གྱིས་ཤིག་པའོ། །ཕྱག་དར་ཁྲོད་པ་ཤིན་ཏུ་བཀྲུས། བཙེམས་བཅོས་ལ་
བཅང་ཞེས་པ་ཕྱག་དར་ཁྲོད་པ་ལས་གོས་སུ་བྱེད་ན་མིང་གིས་སྨོས་པའི་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །ཆོས་གོས་མི་གཙང་བ་རེག་པ་མ་ཡིན་ཞེས་པ་ནི་མི་གཙང་བ་རེག་པའི་ཆོས་གོས་མ་བསྲེལ་ཅིག་པའོ། །ལེགས་པར་བྱ་ན་ཚོན་ཞིབ་ཏུ་བརྡུངས་ལ་གྲིབ་ངར་དུ་བསྐམ་ཞེས་པ་ནི་ཤིང་
ཤུན་ལ་སོགས་པའི་ཚོན་བཟང་པོར་བྱ་བའི་དཔྱང་འདི་དག་ལྟར་གྱིས་ཤིག་པའོ། །ཆོས་གོས་མེད་པར་བསྐོན་ཞེས་པ་དང་། གསུམ་གྱི་བར་དུ་ན་བཟང་ངོ་ཞེས་པ་དང་། དེ་ལྟ་བས་ཕལ་ཆེར་འདོད་པས་ལན་གསུམ་གྱི་བར་དུ་བླང་ཞེས་པ་དང་། རབས་ཀྱི་ངན་ཏེ་ཞེས་པ་དང་། དེ་ལྟ་བས་ན་སོ་སོར་གཞག་ཅེས་
པ་དང་། འདི་དང་པོའོ་ཞེས་པ་ལ་སོགས་བྲི་ཞེས་པ་རྣམས་ནི་ཆོས་གོས་མེད་པར་ཚོན་ཇེ་བསྐོལ་བ་དང་ལན་གསུམ་གྱི་བར་དུ་བསླས་ནས་ཁ་དོག་བཟང་པོར་འགྱུར་བ་དང་། གོས་བཟང་ངན་ཕལ་ཆེར་བཙོང་ཚོན་ན་རབས་གསུམ་དུ་ཕྱེ་ལ་དེའི་སྣོད་ལ་ཡང་བཟང་ངན་གྱི་མཚན་མ་ཡི་གེར་བྲིས་ཤིག་པའོ། །ཐོག་མ་ན་
དང་པོའི་རྐྱེན་ཏོ་ཞེས་པ་ནི་ཚོན་དང་པོར་བླངས་པའི་ནང་དུ་གོས་ཀྱང་བཟང་པོ་ཆུག་ཤིག་པའོ། །ཆོས་གོས་ལེགས་པར་བསུག་ཅེས་པ་དང་། དེ་བས་ན་ཕྱུང་ལ་གཞོང་ཁུང་རན་པར་གཞུག་ཅེས་པ་དང་། མངས་ན་དྲུགས་སོ་ཞེས་པ་དང་། ཉུངས་ན་བྲིའོ་ཞེས་པ་དང་། དེ་བས་ན་རན་པར་བྱའོ་ཞེས་པ་ནི་ཆོས་གོས་ཚོན་
དུ་བཙོ་བ་ལེགས་པར་བསུག་པའི་ཕྱིར། འཚོད་པའི་སྣོད་ནས་ཕྱུང་ལ་གཞང་ཁུང་ཁུ་བ་རན་ཚམ་གྱི་ནང་དུ་སུག་ཤིག་པའོ། །དེ་ལ་ཁུ་བ་མང་ཉུང་དུ་གྱུར་ན་མི་རུང་བ་ནི་མིང་གིས་སྨོས་པ་རྣམས་ཡིན་ནོ། །བྲེང་ལ་བསྐམས་ན་དགེ་ཞེས་པ་དང་། བརྒྱངས་ཏེའོ་ཞེས་པ་དང་། མཐའ་ནས་བཟུང་ཞེས་པ་དང་། སྤང་གིས་
སོ་ཞེས་པ་དང་། མི་བཅགས་ན་རྩྭ་གཅལ་གདིང་ཞེས་པ་དང་། ཚོན་ཕྱོགས་གཅིག་ཏུ་མི་འདྲེ་བར་ཡང་བསྣོར་ཡང་བསྣོར་བྱ་ཞེས་པ་ནི་ཚོན་གྱི་ལས་ཟིན་ནས་བསྐམ་པའི་དཔྱད་ན་ཐག་པའི་བྲེང་ལ་ཤིང་བུའི་ལྕང་གིས་གཟུང་ཞིང་བརྒྱང་བ་དང་། ཚོན་ཕྱོགས་གཅིག་ཏུ་མི་འདྲེ་བར་ཡན་མན་གྱི་ཁ་ཡང་བསྣོར་ཡང་བསྣོར་དུ་བྱ་
Vol. 164 · folio 202a
བ་དང་། དབང་གིས་མི་ཐུབ་ན་རྩྭ་གཅལ་གྱི་སྟེང་དུ་སྐོམས་ཤིག་པའོ། །ཚོན་སར་པར་སར་པ་བཅུག་ན་དགེ་ཞེས་པ་དང་། རྙིང་པར་རྙིང་པའོ་ཞེས་པ་དང་། གསར་པ་རྣམས་ནི་ཉི་མ་ལ་བསྐམ་ཞེས་པ་དང་། རྙིང་པ་ནི་གྲིབ་མ་ལའོ་ཞེས་པ་ནི་གོས་གསར་རྙིང་དང་ཚོན་གསར་རྙིང་དུ་སྦྱར་བ་དང་།
གསར་རྙིང་གི་རྐྱེན་ལས་ཉིན་གྲིབ་ལ་བསྐམ་པའི་ཚུལ་འདི་དག་ལྟར་གྱིས་ཤིག་པའོ། །འདི་མི་འབྲི་བར་ཕྱི་དེ་ཉིན་ཆུར་བསུག་ཅེས་པ་ནི་ཚོན་མི་དབྲི་ཞིང་ཁོང་སྙོམས་པར་འདོད་ན་ཕྱི་དེ་ཉིན་པར་ཆུར་སུག་ཤིག་པའོ། །དགར་དང་འཆག་སར་ཚོན་གྱི་ལས་མི་བྱ་ཞེས་པ་དང་། གཙུག་ལག་ཁང་དུ་མ་ཡིན་ཞེས་པ་དང་།
དེའི་ཁང་ཏོག་ཏུ་བྱ་ཞེས་པ་དང་། སྣམ་ཕྱི་སའི་ཐན་ཀོར་དུ་མ་ཡིན་ཞེས་པ་དང་། དེའི་ཕྱོགས་བྱུགས་པར་བྱ་ཞེས་པ་དང་། རྡོ་ཐལ་གྱིས་བྱུགས་པ་ཞིག་ན་བཀྲུ་ཞེས་པ་དང་། བརྩམས་ནས་གལ་ཏེ་རླུང་དང་ཆར་འོང་ན་ཁྱམས་སུ་བྱ་ཞེས་པ་དང་། བྱ་བ་ཟིན་ནས་དེའི་ཕྱོགས་བསྐུ་ཞེས་པ་དང་། ལྕི་བའམ་
སས་སོ་ཞེས་པ་རྣམས་ནི་ཚོན་གྱི་ལས་གང་གང་དུ་བྱ་བ་དང་མི་བྱ་བ་དང་། དང་པོ་བྱེད་པར་ཕྱག་པ་དང་། ཕྱིས་ཟིན་ནས་བྱུག་ཅིང་བསྐུ་བ་ལ་སོགས་པ་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །རུང་བར་མ་གྲུབ་པར་བརྡུངས་པ་དང་ཤིན་ཏུ་བརྡུངས་པའི་གོས་སྤྱད་ཅིང་བགོ་བར་མི་བྱ་ཞེས་པ་དང་འདི་བྱི་བདར་
ཉམས་ན་རུང་བའོ་ཞེས་པ་དང་། ཆུར་བསྒྲེས་ན་དེའོ་ཞེས་པ་དང་། བ་མོས་བརླན་ཏེ་ལག་པས་ཕུར་ན་ཉམས་པའོ་ཞེས་པ་རྣམས་ནི་བརྡུངས་ཤིང་ལེགས་པར་བརྡུངས་པའི་གོས་འཚེར་བ་པ་ཆུར་བསྒྲེ་བའམ། བ་མོ་ལ་བརླན་ནས། ཕུར་ཅིང་བསུབས་ཏེ། འཚེར་བའི་བྱི་བདར་ཉམས་པར་མ་གྱུར་གྱི་བར་
དུ་མ་སྤྱོད་ཅིག་པའོ། །ཤམ་ཐབས་ཀྱི་སྟེང་དུ་སྐ་རགས་བཅིངས་ཞེས་པ་དང་། ལེབ་མའམ་རྒྱ་ཅང་ངམ། ལྕག་པོད་དམ། ཤུར་བུས་ཀྱང་ངོ་ཞེས་པ་ནི་ཤམ་ཐབས་ཀྱི་སྟེང་དུ་མིང་གིས་སྨོས་པའི་སྐ་རགས་དེ་དག་གང་ཡང་རུང་བས་ཆིངས་ཤིག་པའོ། །ཕྲེང་ཚོགས་དང་། ཁ་སུམ་དང་། གྲུ་ཆད་
དང་། གསེར་ཐག་རྣམས་རྒྱན་མ་ཡིན་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ཀྱང་རྒྱན་ཡིན་པའི་ཕྱིར་མ་ཐོགས་ཤིག་པའོ། །དེའི་ཕྲེང་ཚོགས་ཞེས་པ་ནི་མགུལ་དུ་གདགས་པ་སྟེ། གསེར་གྱི་ཕྲེང་བ་གསུམ་མམ། བཞི་ཞིང་སྐབས་སྐབས་ནོར་བུ་སྣ་ཚོགས་བཅུག་པའོ། །ལྷག་མ་གསུམ་ནི་སྐ་རགས་
Vol. 164 · folio 202b
ཏེ། དེ་ལ་ཁ་སུམ་ཞེས་པ་ནི་གསེར་ལས་དཔང་རྒྱན་ལྟ་བུར་བྱས་པ་སྦྲེང་བའི་སྐབས་སྐབས་སུ་དྲིལ་བུ་བཙུད་པའོ། །གྲུ་ཆད་ཅེས་པ་ནི་གསེར་གྱི་པོ་གུ་གྲུ་གསུམ་པར་བྱས་པའོ། །གསེར་ཐག་ཞེས་པ་ནི་དངོས། དེ་སྣ་ཚོགས་ཀྱང་དེ་བཞིན་ཞེས་པ་ནི་རྩྭ་ལས་བྱས་པ་ཡན་ཆད་གང་ཡང་རུང་རྒྱན་དུ་གྱུར་པའོ། །
གཞི་མེད་པའི་ས་ལ་ཆོས་གོས་མི་བཞག་ཅེས་པ་དང་། མི་གཙང་བའི་ཕྱོགས་སུ་མ་ཡིན་ཞེས་པ་དང་། ཐབས་ཡོད་ན་ཁུར་ལྕི་བས་མི་མནན་ཅེས་པ་དང་། བསྣོར་ཞིང་བསྒོ་བར་མི་བྱ་ཞེས་པ་ནི་ཆོས་གོས་རིམ་གྲོ་མིང་གིས་སྨོས་པ་འདི་དག་ལྟར་གྱིས་ཤིག་པའོ། །དེ་ལ་བསྣོར་ཞིང་གྱོན་པ་ནི་སྟོད་གཡོགས་ཀྱི་
གོར་སྨད་གཡོགས་གྱོན་པའམ། སྨད་གཡོགས་ཀྱི་གོར་སྟོད་གཡོགས་གྱོན་པ་ལྟ་བུའོ། །བཤང་གཅི་དང་མི་གཙང་བའི་ལས་བྱེད་པའི་ཚེ་སྟོད་གཡོགས་བགོ་བར་མི་བྱ་ཞེས་པ་དང་། འདི་ལ་མི་ཉལ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་བྱེད་པའི་ཚེ་སྟོད་གཡོགས་མ་གྱོན་ཅིག་པའོ། །བསོད་སྙོམས་སྤྱོད་པ་
དང་ཟ་བ་དང་མཆོད་རྟེན་ལ་ཕྱག་འཚལ་བ་དང་། གིང་གོང་བྱེད་པ་དང་། དགེ་འདུན་འདུས་པ་དང་། ལུང་དང་ཆོས་ཉན་པ་རྣམས་མྱོང་བ་མ་གཏོགས་པར་ལས་གཞན་གྱི་ཚེ་སྦྱར་མ་མ་ཡིན་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་གི་ཚེ་མ་གཏོགས་པར་སྐབས་གཞན་དུ་སྦྱར་མ་མ་གྱོན་ཅིག་པའོ། །འདི་ལ་མི་
འདུག་མི་ཉལ་ཞེས་པ་དང་། འདི་མི་རྫི་ཞེས་པ་དང་། འདིས་གང་ཡང་བསྐུར་བ་མི་བྱ་ཞེས་པ་དང་། ལུས་ལ་རེག་པར་མི་སྤྱད་ཅེས་པ་དང་། འདི་མཆན་གུང་གཡས་པའི་དུགས་ཀྱིས་མ་རུངས་པར་འགྱུར་རོ་ཞེས་པ་དང་། དེ་ལྟར་མི་འགྱུར་བར་དེའི་ཐད་ཀར་གླན་པར་བྱ་ཞེས་པ་དང་། ཁྲུ་ཕྱེད་དང་
དོ་དང་མཐོའོ་ཞེས་པ་དང་། ངོས་གཉིས་ཀ་སྐུད་ནན་གྱིས་རྩིང་པོར་མནན་ཅེས་པ་དང་། འདི་དུས་དུས་སུ་བཀྲུ་ཞིང་བཙོའོ་ཞེས་པ་དང་། དེ་ནི་བཙག་གིས་སོ་ཞེས་པ་རྣམས་ནི་ཆོས་གོས་སྦྱར་མ་བརྫི་བ་ལ་སོགས་པའི་རིམ་གྲོ་དང་མཆན་ཁུང་གི་དུགས་ཀྱིས་མི་འཕྲོགས་པར་གཟན་བྱ་བའི་ཐབས་འདི་དག་ལྟར་
གྱིས་ཤིས་པའོ། །གདོང་ཕྱིས་བཅང་ཞེས་པ་དང་། ལུས་ལ་འཛག་ན་ལུས་ཕྱི་བའོ་ཞེས་པ་དང་། འདི་ཆོས་གོས་ཀྱི་ནང་ལོགས་སུ་བགོ་ཞེས་པ་དང་། འབྱར་ན་སྔ་བའི་ཆུའམ། ས་ཚིག་པ་དང་བསྲེས་པའི་ཆུས་སྤང་ཞིང་བགས་ཀྱིས་དགོགས་ཞེས་པ་དང་། རྣག་དང་ཁྲག་ཀྱང་ངོ་ཞེས་པ་དང་། འདི་ནི་དུས་
Vol. 164 · folio 203a
དུས་སུ་འཁྲུ་བ་དང་བསྐམ་པ་དང་བཙོའོ་ཞེས་པ་དང་། དེ་ནི་བཙག་གིས་ན་དགེ་ཞེས་པ་ནི་གདོང་ཕྱིས་བཅང་བ་དང་ལུས་ལ་མཛེའི་ཤུ་བ་ཡོད་ན་དེའི་གཟན་ཆོས་གོས་ཀྱི་ནང་ལོག་སུ་བགོ་ཞིང་འབྱར་ན་མིང་གིས་སྨོས་པ་འདི་དག་གིས་དགོགས་པའི་ཚུལ་ལ་སོགས་པ་འདི་དག་ལྟར་གྱིས་
ཤིག་པའོ། །ཆོས་གོས་གར་བབ་བབ་ཏུ་མི་བཞག་ཅེས་པ་དང་། དེའི་ཕྱིར་སྨྱིག་གདང་བྱ་ཞེས་པ་དང་། དེའི་བུ་གའི་སྦུགས་སོ་ཞེས་པ་དང་། གཙུག་ལག་ཁང་བྱེད་པ་ནས་སོ་ཞེས་པ་དང་། བྱས་ནས་བུ་ག་མི་གདོད་ཅེས་པ་དང་། གཙུག་ལག་ཁང་གི་དཔེར་ཟད་ཀྱི་ཁང་བཞག་ཀྱང་དེ་བཞིན་
ཞེས་པ་དང་། ལྕུག་མ་དང་ཐག་སྲད་ཀྱིས་ཀྱང་འདི་འགྲུབ་ཅེས་པ་རྣམས་ནི་ཆོས་གོས་བབ་བབ་ཏུ་མི་གཞག་པའི་ཕྱིར་གཙུག་ལག་ཁང་དང་པོ་རྩིག་པ་ནས་གདང་གི་བུ་གའི་སྦུགས་བྱའི་འཕྲལ་ལ་མི་གདོད་པ་དང་ལྕུག་མའམ་ཐག་སྲད་ཀྱིས་གདང་ཡང་གྱིས་ཤིག་པའོ། །གོས་ཀྱི་ཚས་ནི་གཏུར་བཟང་
པོ་ཞེས་པ་དང་། དེ་བྱ་ཞེས་པ་དང་། གསུམ་ཕྱེད་དང་གཉིས་ཉིས་བལྟབ་ཏུ་བྱས་པ་དྲུབ་ཅེས་པ་དང་། ཁ་དབུས་སུ་གདོང་ཞེས་པ་དང་། འདི་ལ་སྒྲོ་ག་གདགས་ཞེས་པ་དང་། སྲད་བུས་སོ་ཞེས་པ་དང་། གཞན་གྱིས་བཅིངས་ཞེས་པ་དང་། རྟག་ཏུ་སྤྱོད་པ་སྟེང་དུ་བཞག་ཞེས་པ་རྣམས་ནི་ཆོས་
གོས་ཀྱི་ཚས་སུ་གཏུར་བཟང་གིས། གཏུར་གྱི་ཐབས་འདི་དག་ལྟར་གྱིས་ཤིག་པ་དང་རྟག་ཏུ་སྤྱོད་པའི་གོས་གཏུར་གྱི་ཁ་ལོགས་སུ་ཞོག་ཤིག་པར་སྟོན་པ་དེ་ལ་གཞན་གྱིས་བཅིངས་ཞེས་པ་ནི་གཏུར་གྱི་ཁ་ཡ་གཅིག་ལ་སྒྲོ་ག་གདགས་ཤིང་། ཡ་གཅིག་གི་བུ་ག་ནས་རྒྱུས་ཤིག་པ་སྟེ། མདོར་ན་སྒྲོ་
བ་བརྒྱུ་བའི་ཐབས་སུ་གྱིས་ཤིག །སང་འགྲོ་བ་ནས་བླ་མ་ལ་ཞུ་ཞིང་སྟེར་ན་འགྲོ་ཞེས་པ་དང་། རང་གི་གནས་ཆག་ལ་སོགས་པ་བྱས་ཏེའོ་ཞེས་པ་དང་། ལམ་དུ་འགྲོ་བ་ན་ཆོས་ཀྱི་གཏམ་མམ་འཕགས་པའི་མི་སྨྲ་བས་སོ་ཞེས་པ་དང་། ངལ་བསོ་བའི་གནས་སུ་ནི་ཞལ་ནས་གསུངས་པའི་
ཚིགས་བཅད་བཀླག་གོ་ཞེས་པ་དང་། ཆུ་ལེན་པ་ན་ཡང་ངོ་ཞེས་པ་དང་། གང་གི་ཆུ་ཡིན་པ་དེའི་ཕྱིར་རོ་ཞེས་པ་དང་། གཞན་ཡང་ལྷའོ་ཞེས་པ་དང་། དགོངས་མལ་དུ་རྒྱུད་གསུམ་ཞེས་པ་རྣམས་ནི་དང་པོ་གུད་དུ་འགྲོ་བ་ནས་བླ་མ་ལ་ཞུ་བ་དང་། ལམ་དུ་ཞུགས་ན་ཆུ་བཅུ་པ་ཡན་ཆད་ཐབས་མིང་
Vol. 164 · folio 203b
གིས་སྨོས་པ་འདི་དག་ལྟར་གྱིས་ཤིག་པའོ། །གསང་ཐག་བཅང་ཞེས་པ་དང་། དེའི་ཚད་ནི་བརྒྱ་ནས་བརྒྱ་ལྔ་བཅུའི་བར་དུའོ་ཞེས་པ་དང་ཡུལ་གྱི་རྐྱེན་དུའོ་ཞེས་ཁ་ཅིག་ཅེས་པ་དང་། འབབ་ཆུ་དཀོན་པར་འདི་མེད་པར་ཡུལ་རྒྱུ་བ་མི་སྤྱད་ཅེས་པ་ནི་ཡུལ་རྒྱུ་བའི་ཚེ་ཆུ་དོང་ནས་བཅུ་བའི་ཆ་སྤྱད་
གསང་ཐག་བསྐུར་བ་དང་། འབབ་ཆུ་དཀོན་པར་འདི་མེད་དུ་མི་རུང་བར་སྟོན་པའོ། །འགྲོན་བས་ཆོས་གོས་སྤྲུགས་བཀྲུས་སམ་རྐང་ལག་བཀྲུས། ལག་ན་ཆུ་ཁྱེར། ལམ་གྱི་བྱི་བདར་བྱས། ཆོས་གོས་གསུམ་བགོས་ཏེ་ཞི་བའི་སྤྱོད་ལམ་གྱིས་གཙུག་ལག་ཁང་དུ་འཇུག་ཅེས་པ་ནི་དགེ་སློང་འགྲོན་པ་
གཙུག་ལག་ཁང་དུ་ཕྱིན་ཀར་མིང་གིས་སྨོས་པ་འདི་དག་ལྟར་གྱིས་ཤིག་པའོ། །རྒན་རབས་བཞི་ལ་ཕྱག་བྱས་ཏེ་བསྡད་ཅེས་པ་དང་། སྒྲ་བསྐྱུངས་མཛེས་པར་བྱས་ཤིན་ཏུ་བསྡམས་པའི་སྤྱོད་ལམ་གྱིས་ཐ་མལ་པའི་ཕྱོགས་སུའོ་ཞེས་པ་ནི་གཙུག་ལག་ཁང་དུ་ཕྱིན་པའི་ཚེ་རྒན་རབས་ལ་ཕྱག་བྱ་བ་དང་།
འདྲུལ་བའམ་སྣང་ཡལ་གྱི་སར་སྤྱོད་ལམ་འདི་ལྟར་གྱིས་ལ་སྡོད་ཅིག་པའོ། །རྒྱུས་ཤེས་པས་འདི་ངལ་བས་སོ་ཞེས་པ་དང་། རྒྱུས་མི་ཤེས་པས་ངལ་བསོར་མི་གཞུག་ཅེས་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་ན་ཡང་ངོ་ཞེས་པ་ནི་དགེ་སློང་གུད་ནས་འོངས་པ་དེའི་གནས་དང་མཁན་པོ་ལ་སོགས་པའི་
རྒྱུས་ཤེས་པས་བྲང་དུ་གཉར་ཅིང་ངལ་བསོར་གཞུག་པ་དང་། རྒྱུས་མི་ཤེས་ན་ཚངས་པ་མཚུངས་པར་སྤྱོད་པ་ཡིན་དུ་ཟིན་ཀྱང་བྲང་དུ་གཉར་ཅིང་ངལ་བསོར་གཞུག་པ་མ་བྱེད་ཅིག་པའོ། །སྒོ་ཆོད་ཅིག་སློང་དང་མ་སྦྱིན་ཅིག །ཁྱེར་བ་ཟློག་ཤིག་ཅེས་བསྒོ་སྟེ་མནོས་པ་དང་ངའི་གྲོགས་སོ་ཞེས་པ་ལ་སོགས་
པས་ཡིད་ཆེས་པའི་དངོས་པོར་བསྒྲུབ་པ་ལས་སྟོར་ན་འཇལ་དུ་གཞུག་ཅེས་པ་ནི་དགེ་སློང་གུད་ནས་འོངས་པ་དེ་ལ་གཏན་ཚིགས་འདི་དག་སྐད་དུ་བསྒོ་ཞིང་བྲང་བསྲུངས་སུ་བཅུག་པ་ལས་སྟོར་བ་དང་། དགེ་སློང་གུད་ནས་འོངས་པའི་རྒྱུས་ཤེས་པ་སྐད་དུ་གྲོགས་གཅིག་གིས་གཉེར་ཏེ་བྲང་དུ་བཞག་པ་
ལས། བྲང་ཟླ་ཅིག་ཤོས་པའི་རྫས་སྟོར་ན་དེའི་སྐྱིན་ཀྲིན་དགེ་སློང་གུད་ནས་འོངས་པ་གཉེར་གཉེར་བའི་བྲང་ཟླ་ལ་ངོས་ཤིག་པའོ། །ཕ་རོལ་གྱིས་མི་ཤེས་ཤིང་བྱེ་བྲག་འགོ་བར་གྱུར་པའི་མངོན་རྟགས་ལ་བརྟེན་ཞེས་པ་ནི་ཆོས་གོས་ལ་སོགས་པ་བདག་གི་ཡོ་བྱད་གང་ཡང་རུང་བ་ལ་གཞན་གྱིས་
Vol. 164 · folio 204a
རྒྱུས་མི་ཤེས་པའི་སྒོ་མཚན་ཐོབ་ཤིག་པ་དང་། ཕ་རོལ་གྱི་རྫས་ཤིག་རྙེད་ན་ཡང་དེ་ལ་གཞན་གྱིས་མི་ཤེས་པའི་མངོན་རྟགས་ཟུང་ཤིག་པའོ། །བྱིན་པ་ལས་ལྟུང་ནའོ་ཞེས་པ་དང་། གལ་ཏེ་མ་བླངས་པར་ལྟུང་ནའོ་ཞེས་པ་དང་། འདིར་དྲིས་ལ་བག་དང་ལྡན་པས་
བསྒྲུབས་ཏེ་བྱ་ཞེས་པ་ནི་རྫས་ཕ་རོལ་གྱི་ལག་ཏུ་བྱིན་པའི་ཚེ་དེའི་ལག་ཏུ་མ་སོན་པར་བཏང་ནས་ལྷུང་ཞིང་ཆག་པར་གྱུར་ན་སྦྱིན་པ་དེ་ལ་དབབ་པ་དང་། ཕ་རོལ་སྦྱིན་པའི་ཚེ་ཟིན་ནས་གཏམ་བླངས་སམ་ཞེས་ལ་གདོད་བྱིན་ཅིག་པའོ། །བརྙས་པ་མི་གཙང་བ་ལ་སོགས་པས་མ་རུང་བར་གྱུར་པ་བཀྲུ་བ་
ལ་སོགས་པ་བྱས་ཀྱང་སེམས་མ་རངས་ན་རིན་སྦྱིན། བརྙས་པའི་རྫས་འདི་ལྟར་མ་རུང་བར་གྱུར་པ་བྱི་བདར་བྱས་ཀྱང་དེའི་བདག་པོ་མི་མགུ་བ་ཙམ་གྱི་ཚོད་ན་རིན་བྱིན་ཅིག་པའོ། །གུད་ནས་འོངས་པའི་ཞར་ལ་སླ་ཐབས་སུ་བསླབ་པ་རྣམས་དེ་ལྟར་བསྟན་ནས། རྒྱུས་ཤེས་པས་ངལ་བསོ་ཞེས་
སྨོས་པའི་ཐབས་ཇི་ལྟར་བྱ་བའི་དཀྱུས་ཉིད་སྟོན་པ་ནི། ལྷུང་བཟེད་དང་ཆོས་གོས་བླང་། སྟན་གདིང་རྐང་པ་བཀྲུར་གཞུག་པ་ཆུས་ཀྱང་ངོ་། །ཕྱག་བྱ། བདེ་བར་སྤྱད་དམ་དྲི་ཅི་ནུས་ཀྱིས་མགུ་བར་བྱ། རྐྱེན་དང་སྦྱར་ཏེ་མལ་སྟན་སྦྱིན། དགེ་འདུན་གྱི་གནས་བརྟན་དང་སྤྲད། དེས་འདིར་གནས་འཆར་
གཞུག །རྒན་པ་ཞིག་ན་འདི་ལ་མལ་སྟན་ཕུལ་ཅིག་དེའི་རྫི་ལ་བསྒོ། །མལ་སྟན་བབ་ཆོལ་དུ་མི་བརྙ་ཞེས་པ་ནི་གུད་ནས་འོང་བ་ལ་གཞི་བས་མདོང་སོལ་ཇི་ལྟར་བྱ་བ་དང་། དེ་གནས་བརྟན་དང་སྤྲད་ཅིང་གནས་བརྟན་གྱིས་མདོང་སོལ་ཇི་ལྟར་བྱ་བ་དང་། དེ་ཉིད་ཀྱིས་མལ་སྟན་བབ་བབ་ཏུ་མི་བརྙ་བ་ལ་སོགས་པར་སྟོན་
པའོ། །གོས་ཀྱི་ཐ་མ་མ་བྲེགས་ན་གླན་ཅིང་ཆ་ག་བྱ་ཞེས་པ་དང་། དེ་སྐུད་ཁམ་རྩིང་པོར་བྱ་ཞིང་གཟུང་ཞེས་པ་དང་། དུར་ཁྲོད་ཀྱི་གོས་བླ་གབ་མེད་པར་ཤིང་ལ་སོགས་པའི་སྟེང་དུ་ཞག་བདུན་ནམ་བརྒྱད་དམ་ལྔའམ་དྲུག་ཅེས་ཀྱང་ཁ་ཅིག་ཟེར་ཏེ་བསྩངས་ལ་བཀྲུས་ཤིང་སྤྱད་ཞེས་པ་དང་། ང་ནི་དུར་ཁྲོད་པའོ་ཞེས་
སྨོས་ལ་འབོད་ན་གཙུག་ལག་ཁང་ངམ་ཁྱིམ་དུ་འཇུག་ཅེས་པ་དང་། སྤྱད་པ་ཡང་བདག་གིར་བྱ་བ་མ་བཏང་བ་ལ་དུར་ཁྲོད་པས་སྤྱད་པར་བྱ་ཞེས་པ་དང་། དགེ་འདུན་གྱི་མལ་སྟན་མི་སྤྱད་ཅེས་པ་དང་། མཆོད་རྟེན་ལས་འདོམ་གང་ཙམ་གྱི་འགྱེད་ཅེས་པ་རྣམས་ནི་དགེ་སློང་གོས་རྙིངས་ཤིང་ཐ་མ་ཟེགས་ན་ལྷན་པ་གདབ་
Vol. 164 · folio 204b
ཅིང་ཆ་ག་བྱ་བ་དང་། དུར་ཁྲོད་པའི་གོས་བླང་ན་ཐབས་ཇི་ལྟར་བྱ་བ་དང་། བདག་དུར་ཁྲོད་པ་ཡིན་ནོ་ཞེས་སྙད་ལ་འབོད་ན་གདོད་གཙུག་ལག་ཁང་ངམ་ཁྱིམ་པའི་ཁྱིམ་དུ་འགྲོ་བ་དང་། ཁོང་ཡེ་བོར་བ་མ་ཡིན་པའི་སྟན་ལ་ཞུ་ཞིང་འདུག་པར་བྱ་བ་ལ་སོགས་པ་དུར་ཁྲོད་པའི་ཆོ་གར་སྟོན་པ་རྣམས་སོ། །སྦྲང་ཡབ་བཅང་
ཞེས་པ་ནི་བལ་ལམ་ཤི་ནའམ། ཤིང་བལ་ལམ། འདབ་མ་ཤོག་ཚམ་གྱིས་སོ་ཞེས་པ་དང་། གླང་པོ་རྟ་བ་ལང་གི་རྔ་མ་ལ་སོགས་པ་ལ་བྱས་པ་མ་ཡིན་ཞེས་པ་དང་། བསེ་དང་ཚོན་སྣ་ཚོགས་ཀྱིས་བྱུགས་པའི་ཡུ་བ་གང་ཟག་གིས་ཐམས་ཅད་དུ་མ་ཡིན་ཞེས་པ་རྔ་མའི་སྦྲང་ཡབ་དང་ཡུ་བ་ཚོན་ཅན་མ་ཡིན་པའི་སྦྲང་
ཡབ་བལ་ལ་སོགས་པ་ལས་བྱས་པ་ཆོངས་ཤིག་པའོ། །སྦྲང་ཁང་ཡང་ངོ་ཞེས་པ་དང་། སྟེང་དུ་རས་བརྒྱང་ཞེས་པ་དང་། ཤིང་ལ་གདགས་ཞེས་པ་དང་། ཁྲུ་བཞི་དང་གཉིས་སོ་ཞེས་པ་དང་། རས་ཆེན་གྱིས་བསྐོར་ཞེས་པ་དང་། ཁྲུ་བཅུ་གཉིས་པས་སོ་ཞེས་པ་དང་། སྦྱར་ཞེས་པ་དང་། མ་མཐའ་ཡང་
མལ་ཆ་དང་སྦྱར་ཞེས་པ་དང་། སྒོ་གྲྭར་གདོད་ཞེས་པ་རྣམས་ནི་སྦྲང་བུས་འཚེ་ན་སྦྲང་ཁང་གི་ཐབས་འདི་དག་ལྟར་གྱིས་ཤིག་པ་སྟེ། དེ་ལ་སྟེང་དུ་རས་བརྒྱང་ཞེས་པ་ནི་དེའི་སྟེང་དུ་རས་ཀྱིས་ཁོབ་ཤིག་པའོ། །ཤིང་ལ་གདགས་ཞེས་པ་ནི་དེ་ཉིད་ཤིང་ལ་རྒྱོངས་ཤིག་པའོ། །ཁྲུ་བཞི་དང་དོ་ཞེས་པ་ནི་དེའི་སྲིད་ཁྲུ་བཞི་
ཞེང་དུ་ཁྲུ་དོ་གྱིས་ཤིག་པའོ། །རས་ཆེན་གྱིས་བསྐོར་བ་དང་། ཁྲུ་བཅུ་གཉིས་ཞེས་པ་ནི་ཁང་བུ་དེ་ངོས་བཞི་རས་ཆེན་ཁྲུ་བཅུ་གཉིས་པས་བསྐོར་པའོ། །སྦྱར་ཞེས་པ་དང་། མ་མཐའ་ཡང་མལ་ཆ་དང་སྦྱར་ཞེས་པ་ནི་རས་ཆེན་དེའི་ཡང་མཐའ་སྟེང་གཡོགས་དང་སྦྱར་བ་དང་། མ་མཐའ་མལ་ཆ་དང་སྦྱར་
བར་བྱ་བའོ། །སྒོ་གྲ་གདོད་ཅེས་པ་ནི་སྔས་དང་སྒོ་བྱང་སྟད་དུ་མ་བབ་པར་གྱིས་ཤིག་པའོ། །ཚ་བའི་གཉེན་པོར་གཡབ་པར་བྱ་ཞེས་པ་དང་། བསིལ་ཡབ་བཅང་ཞེས་པ་དང་། བཏགས་པ་ལའམ། ཏ་ལའི་ཕོན་གྱིས་སོ་ཞེས་པ་དང་། ཚོན་སྣ་ཚོགས་ཀྱིས་མ་ཡིན་ཞེས་པ་དང་། དགེ་འདུན་གྱི་
གཞན་ཡང་ངོ་ཞེས་པ་དང་། ནོར་བུའི་རྔ་ཡབ་རྙེད་ན་མཆོད་རྟེན་ལ་དབུལ་ཞེས་པ་དང་། ཉན་ཐོས་ལ་ཡང་ངོ་ཞེས་པ་ནི་ཚ་བའི་གཉེན་པོར་བསིལ་ཡབ་རི་མོ་ཅན་མ་ཡིན་པ་བྱ་བ་དང་། དགེ་འདུན་གྱིས་ནི་ཇི་ལྟ་བུ་ཡང་བཅང་དུ་རུང་བ་དང་། ནོར་བུས་སྤྲས་པ་ལྟ་བུའི་བཟང་པོ་ཞིག་རྙེད་ན་མཆོད་རྟེན་ལ་ཕུལ་
Vol. 164 · folio 205a
ཅིག་པའོ། །མལ་སྟན་དང་སྔས་དང་གོར་བུ་བཅང་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ཆོངས་ཤིག་པའོ། །བུ་སྨད་རྙེད་ན་སྦྱིན་བདག་གིས་དབང་དུ་བྱ་ཞེས་པ་དང་། (ལྡུ་‚ལྔུ་)ན་ཇི་འདོད་ཙམ་དུ་ལྔུར་གཞུག་ཅེས་པ་དང་། སླར་འབུལ་ན་ཡང་རུང་ཞེས་པ་ནི་ཡོན་བདག་གིས་ཇི་དགའ་
བར་བྱ་ཞིང་(ལྡུ་‚ལྔུ་)ན་ཡང་ཡོན་བདག་གི་རིན་ཅི་དཔགས་སུ་བྱ་བ་དང་། གཞན་ཡང་ཕུལ་ཞིང་(ལྡུ་‚ལྔུ་)བའོ་ཅོག་མི་རུང་བ་མེད་པར་སྟོན་པའོ། །ཤིང་ལ་ཕུལ་བ་གལ་ཏེ་རྒྱན་ཞིག་ན་ཡོ་ལང་གཡོས་པའི་རྒྱན་དུ་བཞག་ཅེས་པ་ནི་གྲིབ་ཤིང་ལ་སོགས་པ་ཤིང་ལ་ཕུལ་བའི་རྫས་རྒྱན་དུ་རུང་བའམ། རྒྱན་ཞིག་ཡིན་ན་ཡོ་
ལང་གཡོས་པའི་ཤིང་གི་རྒྱན་བྱ་བའི་ཕྱིར་ཞོག་ཤིག་པའོ། །གལ་ཏེ་གནས་ཁང་གི་རྩིག་པ་ལ་ནི་བྲི་བའི་ཕྱིར་རོ་ཞེས་པ་ནི་གནས་ཁང་གི་རྩིག་པ་ལ་ཕུལ་བ་ཞིག་ན་དེའི་རི་མོ་བྲི་བའི་རྒྱུར་གྱིས་ཤིག་པའོ། །གལ་ཏེ་མ་ཡིན་ན་ཀ་བ་དང་ལས་སར་པའིའོ་ཞེས་པ་ནི་གནས་ཁང་གི་རྩིག་པ་མ་ཡིན་པའི་
རྩིག་པ་གཞན་ལ་ཕུལ་བ་ཞིག་ན་ཀ་བའམ་བཅོས་ལེགས་ཀྱི་རྒྱུར་ཞོག་ཤིག་པའོ། །ས་ཞེས་པ་ནི་འོག་ནས་འབྱུང་བ་ཐམས་ཅད་དང་སྦྱར་བར་སྟོན་པའོ། །མེ་གང་གིར་ན་སྦར་བར་བྱ་ཞེས་པ་ནི་མེ་ཁང་གི་སར་ཕུལ་ན་སྣང་བར་སྒྱུར་ཅིག་པའོ། །སྣུམ་པའི་རྙེད་པའམ་ཞེས་པ་ནི་མེ་ཁང་གི་སར་ཕུལ་བ་ཡང་
སྣུམ་གྱི་རྙེད་པར་གྱིས་ཤིག་པའོ། །ནད་པའི་རུང་བའི་སར་སྨན་དུ་བཞག་ཅེས་པ་ནི་སྨན་བཞག་པའི་གནས་སུ་ཕུལ་ན་སྨན་དུ་གྱིས་ཤིག་པའོ། །ཚང་བང་གིར་ན་ཟས་སུ་བྱ་ཞེས་པ་ནི་ཚང་བང་སར་ཕུལ་ན་ཟས་སུ་གྱིས་ཤིག་པའོ། །གྲུ་ཚང་དུ་ན་བཏུང་བར་རོ་ཞེས་པ་ནི་གྲུ་ཚང་དུ་ཕུལ་ན། སྐོམ་དུ་གྱིས་ཤིག་
པའོ། །བསྲོ་གང་དུ་ན་སྲོ་བར་རོ་ཞེས་པ་དང་། སྣུམ་པའི་རྙེད་པའི་རྙེད་པའམ་ཞེས་པ་ནི་བསྲོ་གང་དུ་ཕུལ་ན་བསྲོ་བའམ། སྣུམ་གྱི་རྙེད་པར་གྱིས་ཤིག་པའོ། །བཀད་ས་དང་འདུན་ཚར་ན་སྣུམ་གྱི་རྙེད་པར་རོ་ཞེས་པ་དང་། རབས་བྲི་བའམ་ཞེས་པ་ནི་བཀད་ས་དང་། འདུན་སར་ཕུལ་བ་ལྟ་བུ་སྣུམ་གྱི་
རྙེད་པའམ། བྱང་ཆུབ་སེམས་དཔའི་རབས་གྱིས་ཤིག་པའོ། །དགར་དང་འཆག་ས་དང་སྒོ་ཁང་དང་། ཆགས་ཁྱམས་སུ་ན་བགོ་ཞེས་པ་དང་། མཐོངས་ཀྱང་ངོ་ཞེས་པ་དང་། འདི་ལྟ་བུའི་ཕྱོགས་བཞི་དགེ་འདུན་གྱིར་གཞག་གོ་ཞེས་ཀྱང་ཁ་ཅིག་ཅེས་པ་ནི་དགར་ལ་སོགས་པར་ཕུལ་བ་ནི་བགོ་བ་དང་
Vol. 164 · folio 205b
མཐོངས་སུ་ཕུལ་བ་ཡང་བགོ་བའོ། །སློབ་དཔོན་ཁ་ཅིག་ནི་མཐོངས་སུ་ཕུལ་བ་ཕྱོགས་བཞིའི་དགེ་འདུན་གྱིར་བཞག་གི་བགོ་བ་མ་ཡིན་ནོ་ཞེས་འཆད་པ་ཡང་ཡོད་པར་སྟོན་པའོ། །དཀོན་མཆོག་གི་ཕྱིར་བསླང་བ་རུང་ཞེས་པ་དང་། བསྒྲགས་པ་ཡང་ངོ་ཞེས་པ་དང་། ལེན་པའོ་ཞེས་པ་དང་། སྣང་བར་བྱ་བའི་ཕྱིར་
འཁོར་ལོ་བྱ་ཞེས་པ་དང་། ཚ་བ་དང་། རླུང་དང་། ཆར་པས་མི་བརྫི་བར་ཁང་པ་རྩེག་མ་སྒོ་བཞི་པ་བྱ་ཞེས་པ་དང་། ཡོ་ལང་གི་རྗེས་ལ་འཁོད་ལ་བཏུལ་ཞེས་པ་ནི་དཀོན་མཆོག་གི་ཕྱིར་ཡོན་བདག་ལ་ཆེད་དུ་ཡང་བསླང་ཞིང་། ཤིང་རྟའི་སྟེང་དུ་ཡོན་བདག་གི་ཇི་ཕུལ་བ་སྒྲོགས་ཤིང་སྤྱོམས་པའི་ཡོ་ལང་དང་
རླུང་དང་ཆར་པ་འོངས་ན་ཁང་པ་རྩེག་མ་ལ་སོགས་པའི་ཡོ་ལང་ལན་ཀར་གྱིས་ཤིག་པ་དང་། ཡོ་ལང་བྲིམ་པའི་རྗེས་ལ་རྟུལ་ཅིག་པའོ། །དཀོར་བས་རྙེད་པ་སྦ་ཞེས་པ་ནི་དགེ་འདུན་གྱི་རྙེད་པ་འདི་སྦོས་ཤིག་པའོ། །སྟོན་པ་མཆོད་པའི་ཚེ་གཉིས་ལ་མ་ཕྱེ་བར་ཕུལ་ན་དགེ་འདུན་གྱི་སྟེ་དགེ་སློང་མ་མི་ཆུད་
ཅེས་པ་ནི་སྟོན་པ་མཆོད་པའི་ཚེ་ཡོན་བདག་གིས་གཉི་ག་ལ་དབུལ་བར་གཉིས་ཀྱིས་མ་ཕྱེ་བ་ལྟ་བུ་ནི་དགེ་སློང་ཕ་ཉི་ཚེ་དབང་གི་དགེ་སློང་མ་མི་དབང་བའོ། །འདིར་གཅིག་ཏུ་བསྡོམས་པའི་ཚེ་འཁོར་ལོ་གུད་བཙུགས་ན་ཉེས་པ་སྦོམ་པོའོ་ཞེས་པ་ནི་དགེ་འདུན་སྡེ་གཉིས་འདུས་ཏེ། སྟོན་པ་མཆོད་པ་བྱེད་
པའི་ཚེ། དགེ་སློང་མས་ལོགས་ཞིག་ཏུ་འཁོར་ལོ་བཙུགས་ཤིང་མཆོད་པར་བྱས་ན་སྦོམ་པོར་འགྱུར་བའོ། །འགོད་པའི་དཀོར་པས་བགོ་ཞེས་པ་ནི་མཆོད་པའི་ཚེ་རྙེད་པའི་ཡོན་ཀྱང་དཀོར་པས་བགོས་ཤིག་པའོ། །འདི་བསྒོ་ཞེས་པ་དང་། བཙོང་བར་འོས་པ་བཙོང་ཞེས་པ་དང་དགེ་འདུན་
འདུས་པས་ཞེས་པ་དང་། བསྐྱོད་ཅིང་ངོ་ཞེས་པ་དང་། འདིས་དེར་འདུ་བར་གཏོགས་པའི་ཞལ་ཏ་བྱ་ཞེས་པ་ནི་དཀོར་བས་བསྒོ་ཞིང་དེས་དགེ་འདུན་འདུ་བའི་ཞལ་ཏ་ལ་སོགས་པ་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །དགེ་འདུན་གྱི་གནས་བརྟན་གྱིས་རིན་ཐང་བཅད་ཅེས་པ་དང་། བར་མའོ་
ཞེས་པ་དང་། དེ་ལ་མི་དབབ་ཅེས་པ་ནི་དགེ་འདུན་གྱིས་རྙེད་པ་བཙོང་ན། རིན་ཐང་གནས་བརྟན་གྱིས་དང་པོ་ཉིད་དུ་བར་མའི་ཆ་བཟུང་ཞིང་བཅད་པ་དང་། གནས་བརྟན་ཉིད་ལ་ཉོར་གཞུག་པའི་ཁྲིན་མི་དབབ་པའོ། །ཕྱིས་མི་སྐྱེ་བར་ངེས་ན་དབབ་ཅེས་པ་དང་། མི་ཉོ་བས་མི་སྐྱེད་ཅེས་པ་ནི་དགེ་འདུན་
Vol. 164 · folio 206a
ཀུན་གྱི་ཁ་བྲིམས་ཏེ། བསྐུགས་སུ་ཟིན་གྱིས་ཀྱང་དེ་ལས་ལྷག་པའི་སྐྱེད་མ་བྱང་སྟེ། སྐྱེད་པའི་རེ་ཐག་ནས་སུ། རིན་ཐང་ཆེར་འདེབས་པའི་སྟེང་དུ་ཕོག་ཤིག་པ་དང་། མི་ཉོ་བར་འདྲེན་ཀྱང་རིན་ཐང་མ་སྐྱེད་ཅིག་པའོ། །བུད་མེད་མ་ཡིན་ཞེས་པ་དང་། རིན་མ་བཅལ་བར་མི་སྤྱད་ཅེས་པ་དང་།
བཅོས་པ་ཡང་ངོ་ཞེས་པ་ནི་བུད་མེད་ཀྱི་རིན་ཐང་མ་སྐྱེད་ཅིག་པ་དང་། ཉེས་པའི་རིན་ཐང་མ་འཁོར་བར་བཅོས་ཤིང་སྤྱོད་པ་མ་བྱེད་ཅིག་པའོ། །ལེན་པ་ཕལ་ཆེ་ན་བཅུ་ཚོམས་ལ་སོགས་པར་བཅད་ལ་བགོ་ཞེས་པ་དང་། ནོད་པ་སྡེར་བཅད་དེ་བྱིན་པ་ལས་མ་བགོས་པ་འགའ་ཤི་ན་སྡེ་དེའི་ཤས་སུ་གཏོགས་སོ་ཞེས་པ་ནི་ཡོན་
འགོད་པའི་ཚེ་བཅུ་ཚོམས་ལ་སོགས་སྡེ་སྡེར་བཅད་ཅིང་བགོ་བ་དང་། སྡེར་བགོས་པའི་ནང་ནས་འགའ་ཤི་ན། དེའི་སྐལ་ཤས་བཅུ་པོ་རྣམས་ཀྱི་ཁོངས་སུ་གཏོགས་པར་སྟོན་པའོ། །མྱ་ངན་ལས་འདའ་བའི་བསམ་པས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་དང་ལྡན་ན་གོས་བརྒྱ་སྟོང་པ་དང་། རོ་བརྒྱ་བའི་ཟས་དང་། རྩེག་
མ་ལྔ་བརྒྱ་པ་ཡང་འོས་སོ་ཞེས་པ་དང་། དགེ་འདུན་གྱི་རྫས་ཀྱང་ངོ་ཞེས་པ་དང་། མི་སློབ་པ་ནམ་ཆད་ཀྱི་ཞེས་པ་དང་། སོ་སོའི་སྐྱེ་བོ་ན་ཡང་ངོ་ཞེས་པ་ནི་མྱ་ངན་ལས་འདའ་བའི་བསམ་པས་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་དང་ལྡན་ན་སོ་སོའི་སྐྱེ་བོ་ཡིན་དུ་ཟིན་གྱིས་ཀྱང་མི་སློབ་པ་མན་ཆད་ཀྱི་དགེ་འདུན་གྱི་དཀོར་དང་གོས་ཀཱར་
ཥཱ་པ་ཎ་བརྒྱ་སྟོང་རི་བ་དང་། ཟས་རོ་བརྒྱ་པ་དང་མི་ལྔ་བརྒྱ་ཤོང་བའི་ཁང་པ་རྩེག་མའམ། ནེ་ཙོའི་ཐོད་པ་ལྔ་བརྒྱ་པའི་ཁང་པ་རྩེག་མ་ཡང་སྤྱོད་དུ་འོས་པར་སྟོན་པའོ། །ཚུལ་ཁྲིམས་ཞིག་པ་ནི་མ་ཡིན་ཞེས་པ་ནི་ཚུལ་ཁྲིམས་ངན་པའམ། ཚུལ་ཁྲིམས་ཞིག་པ་ནི་གོང་དུ་སྨོས་པ་རྣམས་ལ་སྤྱོད་དུ་མི་དབང་བའོ། །ལེ་ལོ་
ཅན་གྱིས་ལེན་ཅིང་འཚོ་བ་ནི་བུ་ལོན་དུ་འགྱུར་རོ་ཞེས་པ་ནི་ཚུལ་ཁྲིམས་མ་ཞིག་ཏུ་ཟིན་ཀྱང་ཀློག་ཅིང་འདོན་པ་ལ་སོགས་པ་དགེ་བ་ལ་མི་བརྩོན་ན་ཡོན་བདག་གི་བླངས་པའོ་ཅོག་གཉེར་དང་བུ་ལོན་དུ་འགྱུར་བའོ། །མཚམས་ཀྱི་ནང་དུ་གང་ཟག་གི་གཙུག་ལག་ཁང་དང་དེའི་རྙེད་པས་འཚོ་ཡང་དགེ་འདུན་གྱི་རྙེད་པ་འོས་སོ་ཞེས་
པ་ནི་གཙུག་ལག་ཁང་གི་ནང་དགེ་སློང་གི་གནས་དང་། དེའི་རྙེད་པ་ཁུད་པར་སྤྱོད་དུ་ཟིན་ཀྱང་དགེ་འདུན་གྱི་རྙེད་པ་ལས་དབང་བའོ། །གནས་ཁང་ཉེས་པ་ཡང་ངོ་ཞེས་པ་དང་། འདིར་སུ་བཀླག་ཅེས་པ་ནི་གནས་ཁང་གུད་པར་སྤྱོད་ཀྱང་གོང་མ་དང་འདྲ་བ་དང་། གཙུག་ལག་ཁང་ངམ་གནས་ཁང་འདི་ལྟ་བུ་དགེ་སློང་
Vol. 164 · folio 206b
གཅིག་གི་ཆང་ཁྱུར་གཏན་དུ་མ་སྦྱིན་པར་རེས་སུ་ཀློག་ཤིག་པའོ། །ལྷུང་བཟེད། ལྷུང་བཟེད་ཆུང་ངུ། ཕོར་བུ། བུམ་བུ་ཀྱོག་པོ་དང་། བྲི་གབ་སེན་རེགས་གཟར་བུ་ཐལ་ཕྱགས་སྟ་རེ་སླང་། ཁ་ཕྱིས་རྣམས་ལྕགས་ཀྱི་སྣོད་ཅིག་ན་བགོ་ཞེས་པ་དང་། ཁམ་པའི་སྣོད་ལ་ལྷུང་བཟེད་ལྷུང་བཟེད་ཆུང་ངུ་། བཙོ་བ་བུམ་པ་
བུམ་བུ་གུ་ན་འདེ་ཆུ་ར་རྣམས་ཀྱང་ངོ་ཞེས་པ་དང་། རིན་པོ་ཆེ་མན་ཆད་ལྕགས་ཡན་ཆད་ཀྱི་ཁྲི་ཡང་ངོ་ཞེས་པ་དང་། བསྒྱུར་ཏེའོ་ཞེས་པ་དང་། ཤིང་གི་མ་ཡིན་ཞེས་པ་དང་། ཚོན་སྣ་ལྔ་ལས་གཞན་ཡང་ངོ་ཞེས་པ་དང་། མ་བཅོས་ནའོ་ཞེས་པ་དང་། བཙོ་ན་བཙོ་བར་འོས་པ་འཚེང་དུ་གཞུག་ཅེས་པ་དང་། དགེ་འདུན་
གྱི་གང་ཡིན་པའོ་ཞེས་པ་རྣམས་ནི་གཞན་གྱིས་ཡོན་དུ་ཕུལ་ན་མི་གཞག་པར་སྤར་སྤར་དུ་བགོས་ཤིག་པ་སྟེ། དེ་ལ་ཤིང་གི་ཁྲི་མ་ཡིན་ན། ལྕགས་ཡན་ཆད་རིན་པོ་ཆེ་མན་ཆད་ཀྱི་ཁྲི་ནི་བསྒྱུར་ཏེ་རིན་བགོ་བ་དང་། ཚོན་སྣ་ལྔ་མ་ཡིན་པ་ནི་མ་བཙོས་ན་བགོ་བ་དང་། བཙོས་ན་དགེ་འདུན་རྫས་དེའི་གཞུག་པར་བྱ་བ་རྣམས་སོ། །
མི་བཙོ་བ་ནི་ཀུན་དགའ་དག་གཙུག་ལག་ཁང་དང་དེའི་དངོས་པོ་མལ་སྟན་ནོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་མི་བཙོང་ཞིང་མི་བགོ་བར་སྟོན་པའོ། །གཏར་མི་གཞུག་ཅེས་པ་ནི་ཀུན་དགའ་དང་གཙུག་ལག་ཁང་ལ་སོགས་པ་གོང་དུ་སྨོས་པ་རྣམས་གཏར་མ་གཞུག་ཤིག་པའོ། །བྱིན་གྱིས་མི་བརླབ་པ་ཡང་ངོ་ཞེས་པ་ནི་
ཚོན་ཆེན་སྤོར་བ་ཚོས་པའི་གོས་སུ་བྱིན་གྱིས་མ་རློབ་ཤིག་པའོ། །ཕ་མ་ལ་གོས་དང་ཟས་བསྟབ་ཅེས་པ་དང་། ལྷུང་བཟེད་དང་ཆོས་གོས་ལས་རྙེད་པ་ལྷག་པ་མེད་ན་བསླང་ཞེས་པ་དང་། མ་གྲུབ་ན་བཟའ་བའི་ཕྱེད་ཀྱང་སྦྱིན་ཞེས་པ་ནི་ཕ་མ་ལ་ཟས་དང་གོས་སྟོབས་ཤིག་པ་དང་། མེད་ན་གཞན་ལས་སློངས་ཤིག་པ་དང་།
བསླངས་ཏེ་ཡང་མ་རྙེད་ན་ཟས་ལས་ཀྱང་ཕྱེད་ཆོད་དེ་བྱིན་ཅིག་པའོ། །ཕྲན་ཚེགས་ལ་སོགས་པ་གོས་ཀྱི་དངོས་པོར་གཏོགས་སོ། །ཕྲན་ཚེགས་དང་ཞུས་པ་ལས་འབྱུང་བ་བསྡུས་ཏེ་སྟོན་པ་ནི། བྱེ་བྲག་ཤེས་པར་བྱ་བའི་ཕྱིར་གོས་ལ་མཚན་མ་གདབ་ཅེས་པ་ནི་མི་འདྲ་བ་བྱེ་བྲག་མི་ཕྱེད་པའི་མཚན་མ་གོས་ལ་ཐོབ་
ཤིག་པའོ། །དེ་ལ་གདབ་པར་བྱ་ཞེས་པ་དང་། སྣག་ཚའི་ཐིག་ལེ་ནི་དེའོ་ཞེས་པ་ནི་གོས་ལ་སྣག་ཚའི་ཐིག་ལེ་གཅིག་གམ་གཉིས་བྱས་ན། དེ་ལ་མཚན་མ་བཏབ་པ་ཡིན་པར་སྟོན་པའོ། །སྦྱང་བ་ཡང་ངོ་ཞེས་པ་ནི་བེའུ་རས་ལྟ་བུ་ལྕི་བ་བྲེང་ལ་སྦྱང་བ་དང་། ལྕང་གིས་མི་ཐུབ་ན་སྲད་བུའི་འོང་ང་ལས་
Vol. 164 · folio 207a
བཙུད་ལ་འོར་ཅིག་པའོ། །ཁ་ཚར་དང་མཐའ་ཚར་གྱི་གོར་ཆ་ག་བྱ་ཞེས་པ་ནི་ཁ་ཚར་དང་མཐའ་ཚར་བཅད་པའི་རྗེས་ལ་ཆ་ག་གྱིས་ཤིག་པའོ། །སྦྱར་མ་མ་ཡིན་པ་ནི་དྲས་ཏེ་བྱིན་གྱིས་བརླབ་པར་ངེས་པ་མེད་ཅེས་པ་ནི་སྦྱར་མ་མ་ཡིན་པའི་ཆོས་གོས་གཞན་མ་དྲར་མི་རུང་བར་ངེས་པ་མེད་དེ་ཆོས་
གོས་སྦྱར་མ་ཡང་རྐྱེན་གྱིས་ཐེབས་ན་མ་དྲས་པ་ལ་བྱིན་གྱིས་བརླབ་དགོས་པས་ནའོ། །དེ་དང་འདྲ་བའི་རྐྱེན་མེད་པར་འདི་མ་དྲས་པ་དང་། གྲོང་དང་ཁྱིམ་དུ་འཇུག་ཅིང་འདུག་པར་མི་བྱ་ཞེས་པ་དང་། མུ་སྟེགས་པའི་གནས་སུ་ཡང་དེ་བཞིན་ཞེས་པ་ནི་ཆོས་གོས་བསྐུར་དུ་མི་རུང་བའི་རྐྱེན་གྱིས་མ་ཐེབས་ན་མ་དྲས་པས་
ཆོས་གོས་གྱོན་ལ་མིང་གིས་སྨོས་པའི་གནས་འདི་རྣམས་སུ་འགྲོ་བའམ་འདུག་པར་མ་བྱེད་ཅིག་པའོ། །ཡོད་ན་མི་འདུག་ཅེས་པ་ནི་མུ་སྟེགས་པའི་གནས་སུ་འོངས་པའི་ཚེ་མུ་སྟེགས་པ་ཡོད་ན་དེའི་ཐད་དུས་ལ་འདུག་ཤིག་པའོ། །སྤུ་ཅན་ལ་ཆོས་གོས་གསུམ་དུ་བྱིན་གྱིས་མི་བརླབ་ཅེས་པ་དང་། དེ་བགོས་ཏེ་
ཟས་མི་བཟའ་ཞེས་པ་ནི་སྤུ་ཡོད་པའི་གོས་ལ་འདི་དག་ལྟར་མ་བྱེད་ཅིག་པའོ། །སེང་རས་བདག་གིར་བྱ་ཞེས་པ་དང་། འདི་ནི་རྣམ་པ་བཞིའོ་ཞེས་པ་དང་། བལ་གྱི་དང་ཟར་མའི་དང་དུ་གུ་ལའི་དང་ཤིང་བལ་གྱི་རྣམས་སོ་ཞེས་པ་དང་། གཞན་ཡང་རས་ཀྱི་རྣམ་པ་དང་ཕྲུག་ལ་སོགས་པ་ཡང་བ་རྣམས་སོ་ཞེས་པ་
དང་། ལ་བ་ཡང་ངོ་ཞེས་པའི་སེང་རས་མིང་གིས་སྨོས་པ་འདི་དག་ལྟ་བུ་དང་། གཞན་ཡང་རས་ཀྱི་རྣམ་པ་ལ་སོགས་པ་ཡང་བའི་གོས་ནི་ཆོངས་ཤིག་པའོ། །འཚེ་བ་མ་ཡིན་ན་བཟློག་ཅིང་མི་བགོ་ཞེས་པ་དང་། འདི་བཞིན་དུ་བགོས་ཏེ་མི་བཅག་ཅེས་པ་ནི་ཤིག་ཟ་བ་ལ་སོགས་པའི་རྐྱེན་གྱིས་བཏབ་པ་མ་ཡིན་ན་སྤུ་
ཅན་ཕྱིར་སློག་ཏུ་མ་བྱེད་ཅིག་པ་དང་། ཕྱི་ཟློག་བྱས་ན་ཡང་དེ་གྱོན་ལ་ཕན་ཚུན་དུ་མ་འགྲོ་ཤིག་པའོ། །ཨརྱ་ནའི་ལ་བ་དང་བེའུ་རས་དང་དྲེའུ་རྔོག་ཁྲ་བོ་རྣམས་གང་ཟག་ཉིད་ཀྱིར་བྱ་ཞིང་མི་སྤྱོད་ཅེས་པ་དང་། འཆག་སར་དྲེའུ་བཏིང་བ་ནི་སྡོམ་པར་བྱ་ཞེས་པ་དང་། རྟག་པར་གཅིག་ཚུགས་སུ་མི་བཅག་
ཅེས་པ་དང་། ནུས་ན་བཅོས་པ་ནི་བཙེམ་པ་དང་མནན་པ་དང་གླན་པར་བྱ་ཞེས་པ་རྣམས་ནི་ཨརྱ་ནའི་ལ་བ་ལ་སོགས་པ་མིང་གིས་སྨོས་པ་རྣམས་གང་ཟག་ཉིད་ཀྱིར་བྱ་བ་དང་། འཆག་སར་དྲེའུ་རྔོག་ལྟ་བུ་ཁྲ་བོ་བཏིང་ན་སྡོམ་པར་བྱ་ཞིང་སྤྱོད་པ་དང་། བཙེམ་པའི་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །
Vol. 164 · folio 207b
དེ་ལ་ཨརྱ་ན་ཞེས་པ་ནི་པར་གྱི་ལ་བ་བཟང་པོ་བེའུ་རས་ཞེས་པ་ནི་སྤུ་རིང་པོའི་བེའུ་རས་ལ་བྱའོ། །མ་ནུས་ན་ལྕི་བ་དང་སས་བཅག་ས་དེ་བསྐུ་ཞེས་པ་ནི་རྙིང་པ་སྟེ་གོང་མ་ལྟར་གླན་ཅིང་བཙེམ་དུ་ཡང་མི་རུང་ན། དེས་བཅག་ས་སྐྱང་ནུལ་དུ་བསྐུ་བའི་ཆེད་དུ་གྱིས་ཤིག་པའོ་ཞེས་པ་དང་། སྦྱིན་བདག་ལ་ཡིད་
བརྟན་ཏེའོ་ཞེས་པ་ནི་གོང་མ་ལྟ་བུ་ལ་བ་སྤུ་རིང་པོ་མ་ཡིན་པ་ནི་སྦྱིན་བདག་ལ་ཡིད་བརྟན་ཏེ་བཅང་བའོ། །ཤམ་ཐབས་ཀྱི་འཐེབ་དང་རྔུལ་གཟན་གྱི་འཐེབ་ཞེས་པ་དང་། ཡོ་བྱད་ཀྱི་གོས་ཀྱང་ངོ་ཞེས་པ་དང་། འདི་ནི་དཀར་བ་དང་ཁ་ཚར་དང་མཐའ་ཚར་ཡོད་ཀྱང་ཉེས་མེད་ཅེས་པ་དང་། དགེ་འདུན་གྱི་ཡང་ངོ་
ཞེས་པ་འདི་ཤམ་ཐབས་ལ་སོགས་པའི་འཐེབ་དང་། སྨན་ཟོང་ལ་སོགས་པའི་གོས་བཅང་བ་དང་། དེ་དག་དང་། དགེ་འདུན་གྱི་དཀར་ཞིང་ཁ་ཚར་མ་བཅད་ཀྱང་བླ་བའོ། །གནང་བའི་གོས་རྣམས་དེ་དག་ཉིད་དུ་བྱིན་དུ་བརླབ་ཅིང་བཅད་ཞེས་པ་ནི་བཅོམ་ལྡན་འདས་ཀྱིས་གནང་བའི་ཡོ་བྱད་བཅུ་གསུམ་དེ་
དག་སོ་སོའི་མིང་(ངང་‚དང་)ཚུལ་བཞིན་དུ་བྱིན་གྱིས་རློབས་ཤིག་པའོ། །རུང་བར་བྱས་ན་གཞན་དུ་མ་ཡང་བཅང་ཞེས་པ་དང་། སེམས་མི་བརྟན་པ་ལ་རུང་བར་མི་བྱ་ཞེས་པ་དང་། བསྙེན་པར་མ་རྫོགས་པ་ལ་མ་ཡིན་ཞེས་པ་དང་། མངོན་དུ་མ་ཡིན་ཞེས་པ་ནི་རུང་བའི་ཆོ་ག་བྱས་ན་ཡོ་བྱད་བཅུ་གསུམ་དུ་མ་ཟད་
ཀྱི་ཕལ་པོ་ཆེ་དུ་མ་བཅངས་ཀྱང་ཉེས་མེད་པ་དང་། རུང་བར་བྱས་པ་སེམས་མི་བརྟན་པ་ལ་སོགས་པ་སྨྱོན་པ་ལ་མི་བྱ་བ་དང་། བསྙེན་པར་མ་རྫོགས་པ་དང་དེའི་མངོན་སུམ་དུ་རུང་བར་མ་བྱེད་ཅིག་པའོ། །ཡུལ་གུད་ན་འདུག་ཀྱང་རུང་བ་མི་འཇིག་ཅེས་པ་དང་། ཤི་ན་འཇིག་ཅེས་པ་དང་། ཤེས་ནའོ་ཞེས་
པ་ནི་སུའི་མིང་གིས་རུང་བར་བྱས་པ་དེ་ཤི་བར་མ་ཤེས་ཀྱི་བར་དུ་ཡུལ་གུད་ན་འདུག་ཀྱང་མི་འཇིག་པའོ། །འདི་རུང་བར་བྱེད་པ་བདག་པོའོ་ཞེས་པ་དང་། སྤངས་པ་བདག་གིར་མི་བྱ་ཞེས་པ་ནི་རུང་བར་བྱེད་པ་ཉིད་བདག་པོ་ཡིན་པ་དང་། སུ་ལ་སྤངས་པ་དེ་ཡོ་ལང་དུ་མ་བསྐུར་ཅིག་པའོ། །དགེ་སློང་ལ་སྤང་ཞེས་
པ་དང་། དགེ་འདུན་མ་ཡིན་ཞེས་པ་དང་། མི་མཁས་པ་ལ་མ་ཡིན་ཞེས་པ་དང་། མ་བྱིན་ན་བླང་ཞེས་པ་དང་། མཐུས་ཀྱང་བླང་ཞེས་པ་རྣམས་ནི་སུ་ལ་སྤང་བར་བྱ་བ་དང་། སུ་ལ་མི་སྤང་བ་དང་སྤངས་ནས་མི་སྟེར་ན་བླང་བའི་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །གོས་ལ་བསུང་གིས་གོས་ན་བཀྲུས་ཏེ་
Vol. 164 · folio 208a
བགོ་ཞེས་པ་དང་། ཕྱེ་མས་ན་སྤྲུག་ཅེས་པ་དང་། སྣུམ་གྱིས་ན་འདག་པས་སོ་ཞེས་པ་རྣམས་ནི་གོས་ལ་ཙན་དན་ལ་སོགས་པ་བསུང་གིས་གོས་སམ་ཕྱེ་མས་རེག་གམ་སྣུམ་གྱིས་ཕོག་ན་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །ཆར་འབབ་ན་བླ་གབ་མེད་པར་དགེ་འདུན་གྱི་མ་ཡིན་ཞེས་
པ་དང་། བཀྲུ་བ་དང་། ཚོན་དང་ལྷུང་བཟེད་ཀྱི་ལས་དང་ཤིང་གཤེག་པ་ལ་སོགས་པའི་ཚེ་མ་ཡིན་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་ལྟ་བུའི་ཚེ་དགེ་འདུན་གྱི་གོས་མ་གྱོན་ཅིག་པའོ། །ཅིག་ཅར་ཞེས་གཏམས་པ་ཟླ་མེད་པ་ལ་བྱིན་པ་ནི་ཡང་དག་པའི་གྲངས་སོ་ཞེས་པ་ནི་ཁ་ཅིག་གིས་བདག་ལ་རྫས་གཏམས་ལ་
ངེད་ཅག་ཅིག་ཅར་དུ་མ་ལྷགས་དང་། འགའ་ལེན་པ་མ་སྦྱིན་ཅིག་ཅེས་མི་ཟེར་ན་དེའི་ནང་ནས་འགའ་ལེན་དུ་འོངས་པ་ལ་སྦྱིན་པ་ནི་གཏན་ལ་ཕེབས་ཤིང་ཉེས་མེད་པར་སྟོན་པའོ། །མ་གཏམས་པ་དང་འགྲོགས་ན་མ་ཡིན་ཞེས་པ་ནི་དང་པོ་འདོམས་པ་ལ་མ་གཏོགས་པ་དང་འགྲོགས་ཏེ་ལྷགས་པའི་ཚེ་ནི་མ་སྦྱིན་
ཅིག་པའོ། །དེ་ཉིད་ཀྱི་ཁྱིམ་མམ་གཉེན་ལས་བླངས་པ་མ་ཡིན་ན་སྨྱོན་པ་ལས་མི་བླང་ཞེས་པ་ནི་བརྐུས་པའི་སྣོལ་དུ་འགྱུར་བའི་ཕྱིར་སྨྱོན་པ་ལས་བབ་བབ་ཏུ་མ་ལེན་ཅིག་པའོ། །སྤངས་པའི་བུ་ལས་བླང་ཞེས་པ་ནི་ཕས་སྤངས་པའི་བུ་ལས་ནོར་ཁྱེར་བ་ནི་ཉེས་མེད་པའོ། །དུར་ཁྲོད་ནས་སླར་འཁོར་བ་
ཡང་ངོ་ཞེས་པ་དང་། །འདི་སླར་སློང་ན་སྦྱིན་ཞེས་པ་དང་། ཡང་རྙེད་ན་བླང་ཞེས་པ་ནི་དུར་ཁྲོད་ཀྱི་གོས་བྱིན་ན་བླངས་པ་དང་། སླར་འདོད་ན་སྦྱིན་པ་དང་། ཡང་འབུལ་ན་བླང་བའོ། །བུ་རམ་ཤིང་ལས་གཞན་པའི་ཟས་སུ་བྱིན་པ་དང་། མཆོད་རྟེན་གྱི་དང་། གཏན་དང་། འཁོད་ཅིང་སྤྱོད་
པ་དང་། ནད་པའི་རུང་བ་རྣམས་ཉིད་ཀྱིར་མི་བགོ་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་བདག་གི་ནོར་དུ་བྱ་བར་མ་འགོད་ཅིག་པའོ། །དེ་ལ་རྩ་བ་དང་འབྲས་བུ་དང་། བུ་རམ་ཤིང་ལས་གཞན་པའི་ཟས་ནི་ནས་འབྲས་ལ་སོགས་པའི་འབྲུའི་བག་གོ། །མཆོད་རྟེན་གྱི་ཞེས་པ་ནི་མཆོད་རྟེན་ལ་
ཕུལ་བའོ། །གཏན་དང་ཞེས་པ་ནི་འབྲོག་ཞིང་དང་རྐང་འགྲོས་ལ་སོགས་པའོ། །འཁོད་ཅིང་སྤྱོད་པ་ཞེས་པ་ནི་གནས་ཁང་ངམ། ཡོ་བྱད་ལ་སོགས་པའི་རྙེད་པ་ཁུད་པར་ཡོད་པའོ། །ནད་པའི་རུང་བ་ཞེས་པ་ནི་ཨ་རུ་ར་ལ་སོགས་པ་སྨན་གྱི་ཡོ་བྱད་དོ། །དབྱར་གྱི་མཚམས་སུ་ན་རྙེད་པར་
Vol. 164 · folio 208b
གཏོགས་ཞེས་པ་ནི་དགེ་འདུན་གྱིས་བླ་ཐབས་སུ་རྙེད་པ་ལ་དབྱར་གྱི་མཚམས་ཀྱི་ནང་དུ་འོངས་པ་ཡང་དབང་བར་སྟོན་པའོ། །དབྱར་བཅད་པ་མི་འོས་པ་མ་ཡིན་ཞེས་པ་དང་། བཀར་བ་མ་ཡིན་ཞེས་པ་ནི་བཀར་བ་མ་ཡིན་ན་དབྱར་བཅད་པ་ཡང་རྙེད་པ་ལས་དབང་བའོ། །རྫས་ཀྱིས་མནན་ཏེ་གནས་པ་ནི་གཅིག་
གིས་ཤས་སོ་ཞེས་པ་དང་། གནོན་པ་འདི་ཉིད་ཀྱི་སྐལ་བའོ་ཞེས་པ་ནི་གཙུག་ལག་ཁང་དུ་མའི་མཚམས་རྫས་ཀྱིས་མནན་ཏེ་དབྱར་ཚུལ་དུ་འཇུག་པའི་ལས་བྱས་ན་གཙུག་ལག་ཁང་སོ་སོའི་དགེ་སློང་གཅིག་གིས་སྐལ་ཤས་སུ་བསྡུས་ལ་ཡེ་རྔམ་བྱེད་པ་དེ་ལ་བྱིན་ཅིག་པའོ། །གཞན་དུ་ཚུལ་དུ་མར་ཞུགས་ན་
ཡུན་རིང་དུ་གནས་པ་བརྩན་ནོ་ཞེས་པ་ནི་གཙུག་ལག་ཁང་དུ་མའི་ཁ་བརྒྱུས་ཏེ་ཚུལ་དུ་ཞུགས་ན་གང་དུ་ཡུན་རིང་དུ་འདུག་པ་དེ་ཅི་ཆེ་ནས་རྙེད་པ་བྱིན་ཅིག་པའོ། །དགེ་ཚུལ་དང་དགེ་ཚུལ་མ་ནི་རྙེད་པའི་སུམ་ཆ་དབྲི་ཞེས་པ་དང་། ཟས་ནི་མཉམ་མོ་ཞེས་པ་དང་། བསྙེན་པར་རྫོགས་པར་འདོད་པ་དང་དགེ་སློབ་
མ་ཡང་ངོ་ཞེས་པ་ནི་དགེ་ཚུལ་གཉིས་ནི་རྙེད་པ་ནར་མ་ལ་དགེ་སློང་གི་སྐལ་ཤས་ལས་སུམ་ཆས་བསྐྱུངས་པ་དང་། ཟས་ལ་ཐང་མཉམ་པ་དང་། བསྙེན་པར་རྫོགས་པར་འདོད་པ་དང་། དགེ་སློབ་མ་ནི་ཟས་དང་རྙེད་པ་གཉི་ག་ལས་ཐང་མཉམ་པའོ། །དགེ་སློང་དང་དགེ་སློང་མའི་སྐལ་ཤས་
བགོ་བ་ནི་དགེ་འདུན་དུ་མ་ཡིན་གྱི་གང་ཟག་ཏུའོ་ཞེས་པ་ནི་ཡོན་བདག་གིས་སྡེ་གཉིས་ཀྱི་སྐལ་ཤས་སོ་སོར་མ་བགོས་ཏེ། གཉིས་ཀ་ལ་སྤྱིར་ཕུལ་ན་ཕོས་མོས་ཀྱི་གྲངས་ལས་བགོའི། སྡེ་གཉིས་དགའ་བར་ཕྱེད་ཤས་སུ་མ་འགོད་ཅིག་པའོ། །མཆོད་སྟོན་རྗེས་ལ་མ་ངེས་པར་རྙེད་པ་ནི་དགེ་སློང་མ་
བདག་གིས་ཀྱང་ཟོས་པས་ན་དེར་མི་གཏོགས་པ་མ་ཡིན་ཞེས་པ་ནི་མཆོད་སྟོན་བྱས་པའི་འོག་ཏུ་ཕོས་མོས་མ་ཕྱེ་བར་ཡོན་ཕུལ་བ་ནི་དགེ་སློང་མས་ཀྱང་ཟན་ཟོས་པ་ན་ཡོན་སྐལ་བྱིན་ཅིག་པའོ། །དགེ་སློང་ཕ་སྟན་ཆུ་བསོད་སྙོམས་ལ་དགེ་སློང་མའི་ཐུ་བོ་མ་ཡིན་ཞེས་པ་ནི་འདི་དག་གི་ཚེ་དགེ་སློང་མའི་ཐུ་བོ་དགེ་སློང་ཡིན་
པས་ན་སྟན་དང་ལག་ཆུ་ལ་སོགས་པ་སྔར་དགེ་སློང་གིས་ལོང་ཤིག་པའོ། །དགེ་སློང་མ་དག་བཀད་པའི་ཚེ་རྒན་རབས་ཀྱི་སྟན་གཞག་ཅེས་པ་ནི་གོང་མ་ལྟར་གྱུར་པས་ན། དགེ་སློང་མ་དྲོ་ཟ་བའི་ཚེ་དགེ་སློང་ཕ་གུད་ནས་འོངས་པའི་སྟ་གོན་དུ་གྲལ་གྱི་ཐོག་མར་གོ་སྟོང་པར་ཞོག་ཤིག་པའོ། །དགེ་སློང་དང་
Vol. 164 · folio 209a
ལྷན་ཅིག་པ་ལས་དེ་དག་གིས་མ་ནུས་ན་དགེ་སློང་མས་སྦྱིན་པ་བཤད་པར་བྱ་ཞེས་པ་ནི་མཆོད་སྟོན་གྱི་ཚེ་དགེ་སློང་ཕས་སྦྱིན་པ་བཤད་པ་འདོན་མ་ནུས་ན་དགེ་སློང་མས་གྱིས་ཤིག་པའོ། །ཁ་ཟས་འབྲིམ་པ་མངོན་དུ་ལྷགས་ན་སྙོམས་པར་བྲིམས་ཤིག་ཅེས་གནས་བརྟན་གྱིས་ཐོག་མར་བགོ་ཞེས་པ་
དང་། བལྟས་ཏེ་འཁོར་མང་ལ་ཟས་ཉུང་ན་ཅི་རན་དུ་གྱིས་ཤིག་ཅེས་དེས་ཐོག་མ་ནས་བསྒོ་ཞེས་པ་དང་། དེ་ལ་ཐར་མ་ཡིན་ཆུབ་པར་གྱིས་ཤིག་ཅེས་སོ་ཞེས་པ་ནི་གནས་བརྟན་གྱིས་འབྲིམ་པ་ལ་སྙོམས་པར་གྱིས་ཤིག་ཅེས་བསྒོ་བ་དང་། ཟས་མང་ཉུང་གི་དྲོད་ཟུང་ཤིག་པའོ། །སམ་པྲབ་ཏ་ཞེས་རྒན་རབས་ལ་དང་
པོ་ཉིད་དུ་མ་བསྙད་པར་མི་བླང་ཞེས་པ་ནི་འདི་སྐད་ཚིག་དང་པོ་ཉིད་དུ་མ་སྨོས་ཀྱི་བར་དུ་ཟས་མ་ལེན་ཅིག་པའོ། །གཉེར་བའི་རྐྱེན་དུ་ཟས་བཤམས་པ་ལས་གཞན་ལྷགས་ན་དེ་དག་གི་ཕྱིར་བསྒོ་ཞེས་པ་ནི་ཡོན་བདག་གིས་སྔར་གྲངས་དང་སྦྱར་ཏེ་སྤྱན་དྲངས་པ་ལས་གུད་ནས་བླ་ཐབས་སུ་ལྷགས་པ་ཡོད་ན་ཡོན་
བདག་ལ་སྦྲན་ཅིང་སྐད་སྦྱོར་ཅིག་པའོ། །དགེ་སློང་ཆོས་གོས་གསུམ་བྱིན་དུ་མི་གཞུག་ཅེས་པ་དང་། དགེ་འདུན་གྱིས་འདི་སོས་དང་སླར་སྦྱིན་ནོ་ཞེས་པ་བསམ་པ་གཞན་གྱིས་མི་བླང་ཞེས་པ་ནི་དགེ་སློང་ནད་པ་ཆོས་གོས་གསུམ་འབུལ་དུ་མི་གཞུག་པ་དང་། གལ་ཏེ་ནད་པ་ཉིད་ཀྱིས་ཕུལ་ན་དགེ་འདུན་
གྱིས་ཐབས་འདི་ལྟར་གྱིས་ཤིག་པའོ། །ཤི་ན་སྟོད་གཡོགས་སྨད་གཡོགས་དང་བཅས་ཏེ་བསྐྱལ་ཞེས་པ་དང་། འབྲིང་གིས་སོ་ཞེས་པ་དང་། ལྷག་པར་མ་ཡིན་ཞེས་པ་ནི་ཤི་བའི་རུས་བུ་གཅེར་བུར་མི་དོར་བར་སྟོད་གཡོགས་དང་སྨད་གཡོགས་འབྲིང་པོས་གཡོགས་ཤིང་བསྐྱལ་གྱི་དེ་ལས་
ལྷག་པས་ཀྱང་མ་ཡིན་པར་སྟོན་པའོ། །ཞུས་པ་དང་བཅས་པའི་ཕྲན་ཚེགས་ལ་སོགས་པ་གོས་ཀྱི་དངོས་པོར་གཏོགས་པའོ། །གོས་ཀྱི་དངོས་པོ་རྫོགས་སོ།། །།གོས་ཀྱི་དངོས་པོ་དེ་ལྟར་བསྟན་ནས། ཁོལ་ལྤགས་དངོས་པོ་ད་སྟོན་པ་ནི། ཡུལ་དབུས་ཀྱི་མཚམས་ནི་ཞེས་པ་ལ་
སོགས་པ་ཡིན་ཏེ་ཡུལ་མཐའ་ཁོབ་ཏུ་ནི་ཁོལ་ལྤགས་སྤྱོད་དུ་གནང་བ་ལ་དབུས་དང་མཐའི་ཚད་ཇེ་སྟོན་པའོ། །དེ་ལ་ཤར་ཕྱོགས་ཀྱི་མཚམས་ནི། ཤར་ཕྱོགས་ཀྱི་སྤུ་འདྲ་བར་དྷ་ན་འི་མདུན་དུ་ཕུ་འདྲ་ཀ་ཚ་ཞེས་བྱ་བའི་ཚལ་ལོ་ཞེས་པ་ཡིན་ནོ། །ལྷོ་ཕྱོགས་ཀྱི་མཚམས་ནི། འདི་ལྷོ་ཕྱོགས་
Vol. 164 · folio 209b
ནི་ཤ་ར་པ་ཏེ་ཞེས་བྱ་བ་དེའི་མིང་གི་ཆུ་ཀླུང་ངོ་ཞེས་པ་ཡིན་ནོ། །ནུབ་ཕྱོགས་ཀྱི་མཚམས་ནི། བྲམ་ཟེའི་གྲོང་སྠུ་ན་དང་། ཨུ་པ་སྠུ་ནའོ་ཞེས་པ་ཡིན་ནོ། །བྱང་ཕྱོགས་ཀྱི་མཚམས་ནི་རི་ཨུ་ཤི་རའོ་ཞེས་པ་ཡིན་ནོ། །མཐའ་འཁོབ་ཏུ་ལྷམ་བཅང་ཞེས་པ་ནི་ས་མཚམས་གོང་དུ་སྨོས་པ་ལས་མ་
གཏོགས་པའི་མཐའ་འཁོབ་ཏུ་ལྷམ་ཆོངས་ཤིག་པའོ། །མལ་སྟན་སྦ་བའི་ཕྱིར་ཡང་ངོ་ཞེས་པ་ནི་དགེ་འདུན་གྱི་གཟིམས་ཆ་ལ་བག་བྱ་བའི་ཕྱིར་ནི་ཡུལ་དབུས་སུ་ཡང་ལྷམ་ཆོངས་ཤིག་པའོ། །ཆིག་རྐྱང་ངོ་ཞེས་པ་དང་། ལྷན་པ་གདབ་ཅིང་བཅོས་ཞེས་པ་དང་། རིམ་པ་གཞན་གྱིས་མ་
ཡིན་ཞེས་པ་ནི་མཆིལ་ཅིག་རྐྱང་པར་བྱ་བ་དང་། རྡོལ་ན་ལྷན་པ་ཉིས་རིམ་དུ་མ་བྱེད་པར་འབྲོང་མིག་དུ་ཀློན་ཅིག་པའོ། །ཁྱིམ་པས་གོམ་པ་བདུན་ཡན་ཆད་སྤྱད་ན་རིམ་པ་མང་པོ་ཡང་ངོ་ཞེས་པ་ནི་ཁྱིམ་པས་ཇི་ཙམ་དུ་སྤྱད་ན་མཆིལ་རིམ་པ་མང་པོར་བྱས་པའི་ལྷམ་ཡང་ཆོངས་ཤིག་པའོ། །རུང་
བ་ཙམ་གྱི་ཕྱིར་དེའི་ཆེད་དུ་བླངས་པ་ནི་མི་རུང་བ་བླངས་པ་མ་ཡིན་ཞེས་པ་ནི་དགེ་སློང་གཅིག་ལ་ཁྱིམ་པས་ལྷམ་རིམ་པ་མང་པོ་བྱིན་པ་ཆིག་རྐྱང་དུ་བྱ་བའི་ཕྱིར་ཁྱེར་བ་བཞིན་དུ་མི་རུང་བའམ། མ་གནང་བར་རུང་བཅོས་པའི་ཕྱིར་ཁྱེར་བ་ནི་ཉེས་མེད་པའོ། །རི་མོ་ཅན་མ་ཡིན་ཞེས་པ་དང་། ལུག་རུ་ལྟ་བུ་
མ་ཡིན་ཞེས་པ་དང་ཨ་ཤྭ་ཐ་དང་ཀ་ར་ཝཱི་རའི་འདབ་མ་ལྟ་བུ་མ་ཡིན་ཞེས་པ་དང་། གསེར་དངུལ་གྱིས་སྤྲས་པ་མ་ཡིན་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ལྟ་བུར་བྱས་པ་ནི་མ་བསྲེལ་ཅིག་པ་སྟེ། དེ་ལ་ལུག་རུ་ལྟ་བུ་ཞེས་པ་ནི་སོར་མོ་གཞུག་པའི་འོ་ང་ལུག་རུའི་གཉེར་མ་ལྟ་བུ་མ་བྱེད་ཅིག་པའོ། །ཨ་ཤྭཏྠ་
དང་ཀ་ར་བཱི་རའི་འདབ་མ་ཞེས་པ་ནི་ཤིང་འདི་དག་གི་ལོ་མ་ལྟ་བུར་ཤིང་ལོའི་སྲུབས་རིས་མ་བྱེད་ཅིག་པའོ། །ཙིག་ཙིག་མ་ཡིན་ཞེས་པ་དང་། ཀྲིག་ཀྲིག་མ་ཡིན་ཞེས་པ་དང་། ཙིར་ཙིར་མ་ཡིན་ཞེས་པ་དང་། ཤོག་ཤོག་མ་ཡིན་ཞེས་པ་དང་། གཞན་ཡང་དྲེགས་པར་འགྱུར་བ་མ་ཡིན་ཞེས་པ་ནི་
སྒྲ་འདི་སྐད་དུ་འབྱུང་བ་དང་། གཞན་ཡང་དྲེགས་ཤིང་སྙེམས་པ་སྐྱེ་བའི་ལས་ནི་མ་བྱེད་ཅིག་པའོ། །བྲེང་ནན་གྱིས་མི་རུང་བ་མ་ཡིན་ཞེས་པ་དང་། རྩེ་མོ་དང་རྟིང་སྐྱབས་ཆིག་རྐྱང་དུ་བྱས་པ་བཅང་ཞེས་པ་དང་། ལ་ལ་མ་བུ་ཟ་ཡང་ངོ་ཞེས་པ་དང་། ལྷམ་ཡུ་རྡུམ་ཡང་ངོ་ཞེས་པ་དང་། ཆབ་
Vol. 164 · folio 210a
བྲོམ་ཆགས་པའི་ཡུལ་དུ་ཞྭ་དང་ལྷམ་ཡང་ངོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ལྟ་བུ་ནི་མི་རུང་བ་མེད་པར་སྟོན་པ་སྟེ། དེ་ལ་བྲེང་ནན་ཞེས་པ་ནི་བོལ་གྱི་སྟེང་དུ་བྲེང་བུའམ་སྐུང་བའི་ནན་ཕྱེད་དུ་གཏང་བའོ། །རྩེ་མོ་དང་རྟི་བསྐྱབས་ཞེས་པ་ནི་སོར་མོ་དང་རྟིང་པའི་ཐད་ཀར་གཟན་ཆིག་རྐྱང་
གིས་གླན་པའོ། །ལ་ལ་མ་བུ་ཟ་ནི་ཀླུའི་རྒྱལ་པོ་ཨ་པ་ལ་ལ་མཽད་གལ་ཡ་ནས་གདུལ་བའི་ཚེ་ལ་ལ་མ་བུ་སྐྱུགས་པས་རྩི་ཤིང་ཀུན་སྐམ་པའི་རྔུ་བ་རྐང་པ་ལ་གཟན་པའི་སྐྱབས་ལྷམ་ཆོངས་ཤིག་པར་གསུངས་སོ། །བླ་མའི་ཐད་དུ་ལྷམ་མི་བགོ་ཞེས་པ་ནི་རྐོ་ལོང་དུ་འགྱུར་པའི་ཕྱིར་རོ། །སེང་གེ་སྟག་
གཟིག་གླང་པོ་ཅང་ཤེས་རྣམས་ཀྱི་ཡན་ལག་ཅུང་ཟད་ཀྱང་ལུས་ལ་མི་བཅང་ཞེས་པ་དང་། གླང་པོ་ཕལ་དང་རྟ་གཡོན་ཅན་དང་དེ་དག་ལས་གཞན་པའི་གཅན་གཟན་མ་རུངས་པ་ཡང་དེར་གཏོགས་སོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་གི་རས་རོས་ལུས་ལ་མ་འཆང་ཤིག་པའོ། །ལྷམ་མི་བརྔབ་ཅེས་
པ་དང་། ར་ད་ཆུར་བརླན་པས་རྡུལ་མེད་པའི་ཕྱི་ཞེས་པ་དང་། འདི་བཅང་ཞེས་པ་ནི་ལྷམ་ར་ད་ཆུས་བརླན་པས་རྡུལ་ཕྱི་བར་མི་གདབ་པ་དང་། དེ་ལྟར་ཕྱི་བའི་ར་ད་ཆོངས་ཤིག་པའོ། །འདི་དྲུག་ཅེས་པ་དང་། མི་མཛེས་པའི་དངོས་པོ་བྱེད་པ་ནི་ཕྱོགས་དབེན་པར་རོ་ཞེས་པ་དང་། དེའི་ཆེད་
དུ་རྒྱུ་སྨྱུང་བཅང་ཞེས་པ་དང་། དྲ་གྲི་མ་ཡིན་ཞེས་པ་ནི་ལྷམ་དེ་རལ་ན་དབེན་པར་དྲུབ་པ་དང་དྲ་གྲི་མ་གཏོགས་པའི་སྤྱད་གཞན་ཆོངས་ཤིག་པའོ། །གྲོང་དང་སྣམ་ཕྱིས་མ་གཏོགས་པར་ཤིང་ལྷམ་མི་བགོ་ཞེས་པ་དང་། སྨྱུག་ཚལ་དང་མུན་ཛ་དང་། སི་རི་དང་འཇག་མའི་མ་ཡིན་ཞེས་པ་
དང་། སྲད་བུའི་ཡང་ངོ་ཞེས་པ་དང་། དྲེག་ཆེན་མ་ཡིན་ནའོ་ཞེས་པ་ནི་གྲོང་དང་བཤང་པར་འགྲོ་བ་མ་གཏོགས་པ་ཤིང་ལྷམ་མི་བགོ་བ་དང་སྨྱུག་ཚལ་ལ་སོགས་པའི་ལྷམ་མ་བྱེད་ཅིག་པ་དང་། དྲེག་མེད་ན་སྐུད་པ་ལས་བྱས་པའི་ལྷམ་མ་གྱོན་ཅིག་པའོ། །ཁྱིམ་པ་དེར་གཞན་མེད་ན་པགས་པ་
ལ་འདུག་པར་བྱ་ཞེས་པ་དང་། འདིར་དེ་ལྟ་བུའི་རྐྱེན་གྱིས་ནའང་མི་ཞལ་བ་ཡང་ངོ་ཞེས་པ་ནི་ཁྱིམ་པ་དེར་འོངས་ལ་སྟན་མེད་ན་ཁོལ་ལྤགས་ཀྱི་སྟན་ལ་ཡང་འདུག་ཤིག་པའོ། མིག་གི་ཆེད་དུ་དོམ་ལྤགས་བཅང་ཞེས་པ་དང་། རྐང་པའི་གནས་སུ་གདིང་ཞེས་པ་དང་། སངས་རྒྱས་ཀྱི་དྲི་གཙང་
Vol. 164 · folio 210b
ཁང་གི་སྒོར་རོ་ཞེས་པ་ནི་མིག་ལ་ཕན་པའི་ཕྱིར་དོམ་སྟན་བཅང་པ་དང་། སངས་རྒྱས་ཀྱི་དྲི་གཙང་ཁང་གི་སྒོར་རྐང་པའི་གཅལ་དུ་ཐིང་ཤིག་པའོ། །ལྷམ་དུ་བགོ་ཞེས་པ་དང་། རླུང་ཡོད་པས་ཉལ་བ་དང་འདུག་པར་བྱ། འདི་གཞང་འབྲུམ་མོ་ཅོག་ལ་དབེན་ཞེས་པ་དང་། འདི་སྤུ་ལ་རེག་ན་ཕན་
པར་ཤེས་པར་བྱ་ཞེས་པ་དང་། ལྷམ་མཆིལ་མང་པོ་ཡང་ངོ་ཞེས་པ་དང་། དུ་མའི་སྟེང་དུ་རིམ་པ་ཆིག་རྐྱང་ངོ་ཞེས་པ་ནི་དོམ་ལྤགས་དེ་ལས་མིང་གིས་སྨོས་པ་འདི་དག་ལྟར་གྱིས་ཤིག་པའོ། །ཨ་ས་མ་ཀ་ར་ན་ཏ་ཀ་མ་གཏོགས་པར་པགས་པ་མི་བཅང་ཅེས་པ་དང་། སེང་གེ་ལ་སོགས་པའི་མ་ཡིན་
ཞེས་པ་དང་། གང་གི་པགས་པ་མི་རུང་བ་དེའི་རྒྱུས་པ་རུས་པ་མཆེ་བ་ཤ་ཚིལ་རྣམས་ཀྱང་ངོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ལྟ་བུ་མ་འཆང་ཤིག་པའོ། །རྐྱལ་པ་བཅང་ཞེས་པ་དང་། སྒྱུར་བའམ་སྐྱ་བོ་ཡང་ངོ་ཞེས་པ་དང་། རི་མོ་ཅན་མ་ཡིན་ཞེས་པ་ནི་རི་མོ་ཁྲ་བོ་ཅན་མ་ཡིན་ན་བཀུས་པ་དང་སྐྱ་བོ་ཐ་མལ་
པའི་རྐྱལ་པ་ནི་ཆོངས་ཤིག་པའོ། །རྐྱལ་མི་ཤེས་པ་དང་སྟ་གོན་མ་བྱས་པར་འཇིང་ཟབ་མོར་མི་འཇུག་ཅེས་པ་དང་། ཕྱོགས་དབེན་པར་རྐྱལ་བསླབ་ཅེས་པ་དང་། རྐྱལ་བ་ན་ཁྱུ་མཆོག་མ་གཏོགས་པར་བ་ལ་མི་ལྟོས་ཞེས་པ་དང་། གླང་པོ་རྟ་ཆུ་ཀླུང་གཡོག་ལ་ལྟོས་ཞེས་པ་ནི་རྐྱལ་མི་ཤེས་པར་འཇིང་དུ་མ་
འགྲོ་ཤིག་པ་དང་། ཕྱོགས་དབེན་པར་རྒྱལ་བསླབ་ཅིང་མིང་གིས་སྨོས་པ་འདི་དག་ལ་འཇུས་ཏེ་རྒལ་བར་གྱིས་ཤིག་པའོ། །པགས་པའི་དངོས་པོའོ།། །།པགས་པའི་དངོས་པོ་དེ་ལྟར་བསྟན་ནས་སྨན་གྱི་དངོས་པོ་བསྡུས་ཏེ་སྟོན་པ་ནི། སྨན་ལ་བསྟེན་པར་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ་སྨན་གྱིས་
ཤིག་པའོ། །འདི་ནི་རྣམ་པ་བཞིའོ་ཞེས་པ་ནི་དུས་ཀྱི་སྨན་དང་། ཐུན་གྱི་སྨན་དང་། བདུན་པའི་སྨན་དང་། ཚེ་གཅིག་གི་སྨན་དང་རྣམ་པ་བཞི་ཡོད་པར་སྟོན་པའོ། །དང་པོ་མ་གཏོགས་པ་ནི་ནད་པའིའོ་ཞེས་པ་ནི་དུས་ཀྱི་སྨན་མ་གཏོགས་པའི་ལྷག་མ་གསུམ་ནི་ནད་པའི་སྨན་ཡིན་པར་སྟོན་པའོ། །
ནད་པ་དང་ནད་པ་མ་ཡིན་པ་ཐམས་ཅད་ཀྱིར་སྟོན་པ་ནི་བུ་རམ་ཡང་ངོ་ཞེས་པ་ཡན་ཆད་ཡིན་ཏེ་ཚོ་ཚ་དང་། མོ་ཚ་དང་། ཀོ་ལ་དང་། ཨ་ཤྭཏྠ་དང་། ཨུ་དུམ་བཱ་ར་དང་། བ་རུ་ཤ་ཀ་དང་། རྒུན་འབྲུམ་དང་། ཁརྫུ་རའི་སྐོམ་རྣམས་ནི་ཐམས་ཅད་ཀྱིའོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་གི་སྐོམ་
Vol. 164 · folio 211a
ཐམས་ཅད་ཀྱིས་དུས་དང་དུས་མ་ཡིན་པར་བཏུང་དུ་རུང་བར་སྟོན་པའོ། །དགུན་ཚྭ་ཙ་དང་། ཞོ་ཀུ་ཆུར་ཀུ། རྩབ་མོ་རྣམས་ཆུས་བསླད་པ་དང་། ཚགས་ཀྱིས་བཙགས་ཏེ་བཞིན་སྣང་བར་གདང་ལ་ཁ་དོག་འདབ་མའི་མདོག་འདྲ་ན་དེ་བཞིན་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་གི་སྐོམ་
གདང་ཁྱད་འདི་ཙམ་དུ་བཙགས་ན་གོང་མ་དང་འདྲ་བར་སྟོན་པའོ། །དེ་ལྟར་མ་གྱུར་པའི་སྔ་རོལ་དུ་ནི་བསྙེན་པར་རྫོགས་པའམ་མཚན་མཐུན་པས་རེག་པར་བྱ་བའི་མི་རིགས་སོ་ཞེས་པ་ནི་གདང་ཁྱད་གོང་མ་ཙམ་དུ་མ་གྱུར་ཅིང་མ་བསླད་པའི་ཚེ་ནི་མཚན་མཐུན་པའི་བསྙེན་པར་རྫོགས་པས་རེག་པར་མ་བྱེད་ཅིག་
པའོ། །ཨ་རུ་ར་ལ་སོགས་པ་ཡང་ངོ་ཞེས་པ་ནི་ཨ་རུ་ར་དང་དང་སྐྱུ་རུ་ར་དང་བ་རུ་ར་དང་། ན་ལེ་ཤམ་དང་། པི་པི་ལིང་ལྔ་ཡང་ཐམས་ཅད་ཀྱིས་བཟར་རུང་བར་སྟོན་པའོ། །བུ་རམ་ཡང་ངོ་ཞེས་པ་ནི་བུ་རམ་བྱིན་གྱིས་བརླབས་པ་ཡང་གོང་མ་ལྟར་འདྲ་བའོ། །ལམ་བགྲོད་པ་དང་ཁང་སྐྱོང་དང་། ལས་སར་པས་བྱིན་
གྱིས་བརླབས་པ་འདི་ནད་པ་བཞིན་དུ་བཟར་རུང་ཞེས་པ་དང་། ཟན་བཅད་པས་འདི་དང་དུས་མ་ཡིན་པའི་བཟའ་བ་ཡང་ངོ་ཞེས་པ་ནི་བུ་རམ་བྱིན་གྱིས་བརླབས་པ་མིང་གིས་སྨོས་པ་འདི་རྣམས་ཀྱིས་ནད་པ་དང་འདྲ་བར་བཟར་རུང་བ་དང་། སྨྱུང་བས་ཀྱང་དེ་བཟར་རུང་ཞིང་དུས་མ་ཡིན་པའི་ཟས་སྦྲང་རྩི་ལ་
སོགས་པ་ཡང་བཟར་རུང་བའོ། །སྐོམ་ནི་ཐུན་གྱིའོ་ཞེས་པ་དང་། གདང་ནའོ་ཞེས་པ་ནི་ཐུན་གྱི་སྨན་སྐོམ་གདང་བ་ཡིན་པར་སྟོན་པའོ། །རྫས་དེ་དེར་མ་གྱུར་ལ་གལ་ཏེ་དུས་ཀྱི་ན་བསྙེན་པར་མ་རྫོགས་པར་མཉེ་ཞིང་ཚགས་ཀྱིས་བཙག་གོ་ཞེས་པ་ནི་དགུན་ལྟ་བུ་དུས་ཀྱི་སྨན་ལས་བཀྲུ་ཞིང་བཙགས་
པ་གདང་བར་མ་གྱུར་བར་དུ་བསྙེན་པར་མ་རྫོགས་པས་མཉེ་ཞིང་བཙགས་པ་ལ་སོགས་པའི་ལས་གྱིས་ཤིག་པའོ། །དེ་དག་ལས་གཞན་པ་སེའུ་དང་མ་ཏུ་ལུང་འབྲུ་ལ་སོགས་པའི་རྫས་ཀྱང་ངོ་ཞེས་པ་ནི་སེའུ་དང་མ་ཏུ་ལུང་ག་ལ་སོགས་པ་གཞན་ལས་འཚག་ཅིང་འཁྲུ་ན་ཡང་ཐབས་
གོང་མ་ལྟར་གྱིས་ཤིག་པའོ། །དུས་ཀྱི་ནི་ཐུན་གྱི་མཐའི་བར་དུའོ། །ཞེས་པ་ནི་དགུན་ཆུ་ལྟ་བུ་ལ་སོགས་པ་དུས་ཀྱི་རྫས་ལས་ཐུན་གྱི་སྨན་དུ་བྱས་པ་ནི་ཐུན་གྱི་དུས་མ་ཟད་ཀྱི་བར་དུ་བྱིན་གྱིས་རློབས་ཤིག་བའོ། །གཞན་གྱིས་ནི་གང་དེའི་ཡུན་དུའོ་ཞེས་པ་ནི་བུ་རམ་ལྟ་བུ་ལ་སོགས་པ་བདུན་པ་ལས་བྱས་པ་དང་།
Vol. 164 · folio 211b
ཨ་རུ་ར་ལ་སོགས་པ་རྩེ་གཅིག་པ་ལས་བྱས་པ་ཡང་དེ་དག་སོ་སོའམ་ཡུན་གྱི་བར་དུ་བྱིན་གྱིས་རློབས་ཤིག་པའོ། །འདི་ལ་ཡང་འཆད་པ་ཁ་མི་མཐུན་པ་ནི། དེ་ནི་མ་གྱུར་པ་བྱའི་ནམ་གྱུར་པ་ནི་དེའི་ཞེས་ཁ་ཅིག་ཅེས་པ་ནི་གོང་མ་སྐད་དུ་བྱ་བ་ཡང་སྐོམ་གྱི་དངོས་པོ་དེ་གདང་བ་ལ་སོགས་པའི་རང་བཞིན་ལས་མ་
གྱུར་ན་ཐུན་གྱི་མཐས་དྲོད་གཟུང་གི །གདང་བ་ལ་སོགས་པའི་རང་བཞིན་ལས་གྱུར་ན་ཐུན་གྱི་མཐས་དྲོད་གཟུང་དུ་མི་རུང་སྟེ། ནམ་གྱུར་པ་ཉིད་ཀྱིས་མཐས་དྲོད་གཟུང་དགོས་སོ་ཞེས་སློབ་དཔོན་ཁ་ཅིག་འཆད་པར་སྟོན་པའོ། །གྱ་ཚོམ་གྱི་དུས་ལ་བརྟེན་པ་དེ་མི་གཅིག་སྟེ། སྐྱེ་བར་མི་ཐུབ་ཅིང་བྱིན་གྱིས་མ་
བརླབས་པར་གྱུར་ལ་ཐ་མལ་པས་འགྱུར་བའི་དྲོད་མི་ཟིན་པའི་ཕྱིར་རོ་ཞེས་པ་ནི་སློབ་དཔོན་གོང་མས་བྱ་བ་དེ་མི་རུང་ཞིང་སུན་འབྱིན་པར་སྟོན་པ་ནི་ཐུན་གྱི་མཐས་དྲོད་མི་གཟུང་གི་སྐོམ་དེ་ཉིད་ནམ་འགྱུར་བས་དྲོད་གཟུང་དུ་ཟིན་ན་དེ་ལྟར་སྔོན་ཚོགས་སུ་འགྱུར་སླ་བ་ལ་ཐུན་གྱི་བར་དུ་ཞེས་བྱིན་གྱིས་བརླབ་དུ་མི་རུང་བ་
དང་། ནམ་འགྱུར་བའི་བར་དུ་བྱིན་གྱིས་བརླབ་པ་ནི་ནམ་འགྱུར་བའི་དྲོད་སྐྱེ་བོ་ཐ་མལ་པ་སུས་ཀྱང་མི་ཟིན་པས་ན་བྱིན་གྱིས་བརླབ་ཅེས་བྱ་བ་ཉིད་མི་དགོས་པའི་སྐྱོན་དུ་འབྱུང་བར་འགལ་བས་ན་གོང་མ་སྐད་དུ་བྱ་བ་དེ་མི་རུང་ངོ་། །ཁུ་བ་དང་ཕྱེ་མའི་སྐོམ་ཡང་འདིར་གཏོགས་ཞེས་པ་ནི་བུ་རམ་ཤིང་གི་
ཁུ་བ་ལ་སོགས་པ་དང་། ཕྱེ་མའི་སྐོམ་འོག་ནས་འབྱུང་བ་ལྟ་བུ་དག་ཀྱང་ཐུན་གྱི་སྨན་འདིའི་ནང་དུ་གཏོགས་པར་སྟོན་པའོ། །སེའུ་བྱི་རའི་གདང་བ་ཡང་ངོ་ཞེས་པ་དང་། རྩ་བ་ལ་སོགས་པའི་སྨན་པ་ཀྲུས་པའི་སྐྱུར་པོ་ནི་དེའི་ཞེས་པ་ནི་སེའུ་བྱི་རའི་སྐོམ་གདང་བ་ཡང་ཐུན་གྱི་སྨན་ཡིན་པ་
དང་། རྩ་བ་ལ་སོགས་པ་ལ་བཀུས་པའི་སྐྱུར་པོ་སེའུ་བྱིར་ཞེས་བྱ་བ་ཡིན་པར་སྟོན་པའོ། །ཐུན་གྱི་སྨན་དེ་ལྟར་བསྟན་ནས། བདུན་པའི་སྨན་ད་སྟོན་པ་ནི། མར་འབྲུ་མར་སྦྲང་རྩི་བུ་རམ་དག་ནི་ཞག་བདུན་པའོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་དག་ཞག་བདུན་པའི་སྨན་ཡིན་པར་
སྟོན་པའོ། །བུ་རམ་གྱི་སྒྲོན་བུ་ཁ་འདའ། ཤ་ཁ་ར་ལ་སོགས་པ་ཐམས་ཅད་བུ་རམ་གྱི་ཁོངས་སུ་གཏོགས་སོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་བུ་རམ་གྱི་ཁོངས་སུ་གཏོགས་པར་སྟོན་པའོ། །སུ་དྷ་ནི་མར་དུ་འོ་ཞེས་པ་ནི་ལྷའི་ཟས་སུ་དྷ་ཞེས་བྱ་བ་ཡང་མར་གྱི་ཁོངས་སུ་བསྡུའོ། །
Vol. 164 · folio 212a
ཚིལ་བཞུན་པ་ཚགས་པ་ནི་འབྲུ་མར་དུའོ་ཞེས་པ་ནི་ཚིལ་བཞུན་གྱི་དངས་མ་ནི་འབྲུ་མར་གྱི་ཁོངས་སུ་བསྡུ་བར་སྟོན་པའོ། །དེ་གང་གི་ཚིལ་ཞེ་ན། ཉ། སྦྲུལ་དཀར། རི་བོང་། དོམ། ཕག་རྣམས་ཀྱིའོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་རྣམས་ཀྱི་ཚིལ་ལ་བྱའོ། །དེ་དག་
ཅི་ལ་ཕན་ཞེ་ན། འདི་ནི་ཕལ་ཆེར་ནད་པ་མཁོའོ་ཞེས་པ་ཡིན་ཏེ་ནད་པ་ལ་ཕལ་ཆེར་དགོས་པའོ། །སོས་ནས་འདི་དག་ནད་པའི་ཕྱིར་སློང་ན་སྦྱིན་ཞེས་པ་དང་། མེད་ན་བྲང་དུའོ་ཞེས་པ་དང་གདུས་པ་དང་བསྐུ་བ་ཡང་ངོ་ཞེས་པ་ནི་བདག་པོས་ན་འདི་དག་ནད་པས་བྱིན་པའམ་སྨན་ཁང་དུ་སྦ་བ་དང་
གདུས་ཤིང་བསྐུ་བའི་སྨན་ཀྱང་དེ་བཞིན་དུ་གྱིས་ཤིག་པའོ། །བདུན་པའི་སྨན་དེ་ལྟར་བསྟན་ནས་ནམ་འཚོ་བའི་སྨན་སྟོན་པ་ནི། རྩ་བ་སྡོང་བུ་འདབ་མ་མེ་ཏོག་འབྲས་བུ་ཟས་ཀྱི་གོ་མི་ཆོད་པ་ནི་ནམ་འཚོའི་འོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་དག་ནམ་འཚོ་བའི་སྨན་ཡིན་པར་སྟོན་པའོ། །དེ་ནི་
འདི་ལྟ་སྟེ་མུ་ལྟ། ཤུ་དག །སྐྱེར་རྩ། སྒེའུ་གཤེར། བོང་ང་རྣམས་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་རྩ་བའི་སྨན་ཡིན་པར་སྟོན་པ་དང་། ཙན་དན། ཚ་བྱི་ཀ །ཤུག་པ། གུ་རུ་ཚི། ཐང་ཤིང་། སྐྱེར་པ་རྣམས་ཞེས་པ་ནི་སྡོང་བུའི་སྨན་ཡིན་པར་སྟོན་པའོ། །བ་ཤ་ཀ །ཀོ་ཤ་ཀ་ཏི། པ་ཏོ་ལ།
ནིམ་པ། འདབ་མ་བདུན་པའི་སྨན་དང་ཞེས་པ་ནི་འདབ་མའི་སྨན་ཡིན་པར་སྟོན་པའོ། །བ་ཤ་ཀ་མའི་མ། བ་དྭ་ཏ་ཀི །ན་ག་པད་མའི་ཟེ་བ་རྣམས་ཀྱི་མེ་ཏོག་དང་ཞེས་པ་ནི་མེ་ཏོག་གི་སྨན་ཡིན་པར་སྟོན་པའོ། །ཨ་རུ་ར། སྐྱུ་རུ་ར། བ་རུ་ར། ན་ལེ་ཤམ། པི་པི་ལིང་རྣམས་སོ་ཞེས་པ་ནི་འབྲས་བུའི་
སྨན་ཡིན་པར་སྟོན་པའོ། །ཤིང་ཀུའོ་ཞེས་པ་དང་། དེ་འདི་ལྟ་སྟེ་ཤིང་ཀུན། སརྫ་ར་ས། རྒྱ་སྐྱེགས། སྤྲ་ཚིལ། ལྟ་པ་ཀ་ར་རྣམས་སོ་ཞེས་པ་ནི་ཤིང་ཁུ་ཡང་ཚེ་གཅིག་གི་སྨན་ཡིན་པ་དང་། ཤིང་ཁུར་གཏོགས་པ་གང་ཡིན་པ་རྣམས་སྟོན་པའོ། །ལྟ་པ་ག་ར་པ་ཞེས་བྱ་བ་ནི་གོང་དུ་སྨོས་པ་ལ་མ་
གཏོགས་པའི་ཤིང་ཁུ་སྤྱིའི་མིང་ངོ་། །ཐལ་བའོ་ཞེས་པ་དང་། དེ་ནི་འདི་ལྟ་སྟེ། ཏིལ་པ་ལ་ཤ། སྭརྫིཀ་ནས་ག་མ། བ་ཤ་ཀ །ཏལ་པ་ལ་རྣམས་སོ་ཞེས་པ་ནི་མིང་གིས་སྨོས་པ་རྣམས་ཀྱི་ཐལ་བ་ཡང་ཚེ་གཅིག་གི་སྨན་ཡིན་པའོ། །ཚ་བོ་ཞེས་པ་དང་། དེ་ནི་འདི་ལྟ་སྟེ་ཙེ་ཚ་ལན་ཚྭ། ཚྭ་ནག་
Vol. 164 · folio 212b
རྒྱ་མཚོའི་ཚ་རོ་མ་ཁ་རྣམས་སོ་ཞེས་པ་ནི་མིང་གིས་སྨོས་པའི་ཚ་འདི་རྣམས་ཀྱང་ཚེ་གཅིག་གི་སྨན་དུ་གཏོགས་པའོ། །གདུས་པའོ་ཞེས་པ་དང་། དེ་ནི་འདི་ལྟ་སྟེ་ཨམླ། ནིམ་པ། ཀོ་ཤམ་པ། ཤྲི་ཤ། འཛམ་བུ་རྣམས་སོ་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་ཀྱིས་གདུས་པ་ཡང་ཚེ་གཅིག་གི་
སྨན་དུ་གཏོགས་པའོ། །འདོད་ཕྱིར་དུ་སྦྱིན་ཞེས་པ་ནི་གདུས་པའི་སྨན་དེ་ཅོག་དྲོད་ཀྱིས་ཟུང་ཤིག་པའོ། །བཀྲུས་ནས་བསྟེན་ཞེས་པ་ནི་ཁྲུས་བྱས་པའི་འོག་ཏུ་ཡང་གདུས་པའི་སྨན་གྱིས་སྣོན་ཅིག་པའོ། །མ་མཉེས་པར་ལན་ཅིག་བཀྲུ་ཞེས་པ་ནི་ལུས་མ་མཉེས་པའི་སྔ་རོལ་དུ་གདུས་པའི་སྨན་འདིས་
རེས་གཅིག་ཤོལ་ཤིག་པའོ། །བསྔ་བའི་དཔྱད་ནི་དེ་ལྟ་བུའོ་ཞེས་པ་ནི་བསྔ་བའི་དཔྱད་གོང་དུ་སྨོས་པ་དེ་རྣམས་ལྟ་བུ་ཡིན་པར་སྟོན་པའོ། །ཟས་ངན་སྨན་དུ་བསྡུ་བར་མི་གཏོགས་པ་མ་ཡིན་ཞེས་པ་ནི་ཟས་ངན་པ་ཡང་སྨན་དུ་བསྡུ་བར་སྟོན་པའོ། །འདི་ནི་ནམ་འཚོ་བའིའོ་ཞེས་པ་ནི་གོང་དུ་
སྨོས་ཏེ་ཡང་ཚེ་གཅིག་གི་སྨན་ཡིན་པའོ། །ཟས་ངན་པ་དེ་ཡང་གང་ཞེ་ན། བེའུ་ཞོས་ཆོག་པའི་བཤང་གཅི་ནི་དེའོ་ཞེས་པ་ནི་བེའུ་ཞོ་ལས་གཞན་མི་བཏུང་བའི་བཤང་གཅི་ཟས་ངན་གྱི་སྨན་ཡིན་པ་དང་། དེ་དུག་ལ་ཕན་པར་སྟོན་པའོ། །ཐལ་བ་ཡང་ངོ་ཞེས་པ་དང་། ཁ་ན་ཚ་
ན་དང་ཀ་ཕྱི་ཏ་ལ་དང་ཨ་ཤྭཏྠ་དང་ཨུ་དུམ་བཱ་ར་དང་། ནྱ་གྲོ་དྷ་རྣམས་ཀྱིའོ་ཞེས་པ་དང་། དེ་ཞེས་པ་ནི་ཐལ་བ་ཡང་དུག་གི་སྨན་ཡིན་ཞིང་། ཤིང་གང་གང་གི་ཐལ་བ་ཡིན་པ་རྣམས་མིང་གིས་སྨོས་པའོ། །སོར་བཞིའི་འོག་ནས་བླངས་པའི་ས་བཟང་ཞེས་པ་ནི་ས་འདི་ལྟ་བུ་ཡང་དུག་
ལ་ཕན་པར་སྟོན་པའོ། །འདི་དད་པའི་དགེ་བསྙེན་ལས་བླང་ཞེས་པ་དང་། དེ་ལས་བྱིན་ལེན་བྱ་ཞེས་པ་དང་། དེས་བླང་ཞེས་པ་ནི་ཟས་ངན་པའི་སྨན་དེ་དག་དད་པའི་དགེ་བསྙེན་ལེན་དུ་གཞུག་ཅིང་དེ་ལས་བྱིན་ལེན་བྱའོ། །ཤ་རྗེན་གྱི་རྩི་ཡང་ངོ་ཞེས་པ་དང་། ཐམས་ཅད་ཤ་འཚོང་བ་
ལས་བླང་ཞེས་པ་དང་། འདི་བྱ་ཞེས་པ་རྣམས་ནི་ཤ་རྗེན་པ་དགེ་བསྙེན་ལེན་དུ་གཞུག་རྗེན་ཆོས་ཀུན་ཀྱང་ཤན་པ་ལས་བླང་བ་དང་འདི་དག་གིས་སྨན་གྱིས་ཤིག་པའོ། །དུས་མ་ཡིན་པར་ནས་ཀྱི་སྨན་དགོས་ན་དེའི་ཕྱིར་བ་ལང་རྒས་པའི་བཤང་བའི་ནས་ཀྱིས་བྱའི་གཞན་མི་
Vol. 164 · folio 213a
བཟའ་ཞེས་པ་ནི་དུས་མ་ཡིན་པར་ནས་ཀྱི་སྨན་དགོས་ལ་དེས་བཤངས་པའི་ནས་ཀྱིས་སློན་པ་ཙམ་གྱི་ཚོད་ན་གཞན་གྱིས་མ་བྱེད་ཅིག་པའོ། །གལ་ཏེ་སྐྱོ་མ་ནི་ཚགས་ཀྱིས་བཙགས་པ་ལས་གཞན་མ་ཡིན་ཞེས་པ་ནི་དུས་མ་ཡིན་པ་སྐྱོ་མའི་སྨན་དགོས་ལ་
ཚགས་ཀྱིས་བཙགས་པ་ཙམ་གྱིས་སློན་ན་སྐྱོ་མ་གཞན་མ་བྱེད་ཅིག་པའོ། །གལ་ཏེ་ཤ་རྩིན་ཀོ་ཀས་བཤངས་པ་ལས་གཞན་མ་ཡིན་ཞེས་པ་ནི་གལ་ཏེ་དུས་མ་ཡིན་པར་ཤ་དགོས་ལ་དྲོ་མོའི་སྟོ་ནས་ཁམ་ཚད་དུ་བྱུང་བས་སློན་ནས་ཐ་མལ་པ་གཞན་གྱིས་མ་བྱེད་ཅིག་པའོ། །
གལ་ཏེ་ཁུ་བ་ནས་ཚགས་ཀྱིས་བཙགས་པས་ལས་གཞན་མ་ཡིན་ཞེས་པ་ནི་དུས་མ་ཡིན་པར་ཁུ་བའི་སྨན་དགོས་ལ་བཙགས་པའི་དངས་མས་སློན་པ་ཙམ་གྱི་ཚོད་ན་གཞན་མ་བྱེད་ཅིག་པའོ། །གཞན་དང་འདྲེས་པ་ནི་དེ་སྤྱོད་དུ་ཡོད་ནའོ་ཞེས་པ་ནི་ཐུན་གྱི་སྨན་དང་དུས་ཀྱི་སྨན་ལྟ་བུར་འདྲེས་ལ།
དུས་ཀྱི་སྨན་མངོན་པར་ཡོད་ལ་ཟོས་ན་དུས་ཀྱི་སྨན་ཟོས་པའི་ཉེས་པར་འགྱུར་བའོ། །དེ་ལྟ་བས་ན་དེ་དང་འདྲེས་པའོ་ཚིག་སྔ་མ་འཇུག་ཅེས་པ་ནི་གོང་མ་ལྟ་བས་ན་དུས་དང་ཐུན་གྱིས་འདྲེས་ན་ཐུན་གྱི་ཚེ་སྤྱད་པ་དང་། ཐུན་གྱི་དང་བདུན་པར་བསྲེས་ན་ཡང་ཐུན་གྱི་ཚེ་སྤྱད་པ་དང་། བདུན་
པ་དང་ཚེ་གཅིག་པར་འདྲེས་ན་ཡང་བདུན་པར་སྤྱོད་ཅིག་པའོ། །བགོ་གཞན་དུ་མ་གྱུར་སྔོན་གྱི་སོ་ལས་མ་ཡིན་ཞེས་པ་ནི་དུས་ཀྱི་དང་ཐུན་གྱི་ལ་སོགས་པར་འདྲེས་ལ་དེ་དག་གི་ནད་དབྱར་ཡོད་ཅིང་སོ་སོའི་ངོ་བོར་མངོན་ན་མ་འདྲེས་པའི་སོ་ན་འདུན་པ་བཞིན་པར་སྟོན་པའོ། །དེ་ལྟ་བས་ན་གཞན་ལས་
ཕྱེ་བ་ནི་ཉིད་ཀྱི་ཆོ་གར་མི་འགྱུར་བ་མ་ཡིན་ཞེས་པ་ནི་གོང་མ་ལྟ་བས་སོ་སོར་ཕྱེ་བ་རྣམས་སོ་སོ་གང་གིས་བྱིན་གྱིས་བརླབས་པ་བཞིན་དུ་མི་རུང་བ་མེད་པའོ། །ཕྱེའམ་འབྲས་བུ་འདྲེས་པར་གྱུར་པ་ནི་སྒྲོན་བུར་བཀྲུར་ཡོད་ན་འདིར་བུ་རམ་ཉིད་ཀྱི་གྲངས་སོ་ཞེས་པ་ནི་བུ་རམ་ཕྱེའམ་འབྲས་བུ་འདྲེས་པ་
སོ་སོར་ཕྱེར་ཟིན་གྱིས་ཀྱང་ཉིད་ཀྱི་དངོས་པོ་སྒྲོན་བུར་ཡོད་ན་བུ་རམ་ཉིད་ཀྱིས་དངོས་སུ་འགྲོ་བའོ། །འདིར་བུ་རམ་གྱི་ལྷད་ནི་བུ་རམ་དུ་བསྒྲུབ་པོ་ཞེས་པ་ནི་དང་པོ་བུ་རམ་དུ་བསོར་བའི་ཕྲད་བག་ཕྱེ་ལ་སོགས་པ་དེའི་ནང་ན་ཡོད་དུ་ཟིན་ཀྱང་བུ་རམ་ཉིད་ཡིན་པར་སྟོན་པའོ། །བྱིན་གྱིས་བརླབས་ན་བཞག་
Vol. 164 · folio 213b
པར་མི་འགྱུར་ཞེས་པ་ནི་ཐུན་གྱི་ལ་སོགས་པར་བྱིན་གྱིས་བརླབས་ན་བཞག་པའི་ཉེས་པར་མི་འགྱུར་བའོ། །ནད་པའི་ཕྱིར་སྤྱད་པ་ཉིད་ཀྱི་དུས་ཀྱི་བར་དུ་བྱིན་གྱིས་བརླབ་ཅེས་པ་ནི་བྱིན་གྱིས་བརླབ་པ་ཡང་ནད་པའི་ཆེད་དུ་ཐུན་ཏམ་བདུན་པའི་ལ་སོགས་པ་སོ་སོར་གར་དགོས་པའི་རུས་བཞིན་དུ་བྱིན་གྱིས་རློབས་
ཤིག་པའོ། །སྔ་དྲོ་ཞེས་པ་དང་། བྱིན་ལེན་བྱས་ལ་ཞེས་པ་ནི་བྱིན་གྱིས་བརླབས་པ་ཡང་བྱིན་ལེན་བྱས་ལ་སྔ་དྲོ་བྱིན་གྱིས་རློབས་ཤིག་པའོ། །བྱིན་ལེན་མ་བྱས་ཤིང་བཞག་པ་དང་མི་འགལ་བར་བསྲུང་ཞེས་པ་ནི་བྱིན་གྱིས་བརླབས་པ་དེ་བྱིན་ལེན་མ་བྱས་པ་དང་། བཞག་པ་ལ་སོགས་པ་དང་། མི་འབག་
པར་རིམ་གྲོ་གྱིས་ཤིག་པའོ། །དེ་ལྟ་བས་ན་ལག་བཀྲུས་ཏེའོ་ཞེས་པ་ནི་གོང་མ་ལྟར་རིམ་གྲོ་བྱ་དགོས་པས་ན་དང་བྱིན་ལེན་བྱེད་པའི་ཚེ་ན་ཡང་ཁ་ལག་ཁྲུས་ཤིག་པའོ། །ཐུག་ཐུབ་ཏུ་བླངས་པ་བཞག་པ་བྱིན་ལེན་མ་བྱས་པ། ནང་དུ་ལུས་པ་བཙོས་པ། དགེ་སློང་གིས་བཙོས་པ་རྣམས་ལ་བྱིན་གྱིས་
བརླབ་པ་མི་བྱ་སྟེ་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་ལ་བྱིན་གྱིས་བརླབས་སུ་ཟིན་ཀྱང་བྱིན་གྱིས་རློབ་པར་མི་འགྱུར་རོ། །མདངས་གྱུར་ན་བཞག་པའོ་ཞེས་པ་ནི་ཐུན་གྱི་སྨན་ལ་སོགས་པ་བྱིན་གྱིས་བརླབས་པ་ལས་རོ་དང་ཁ་དོག་གྱུར་པ་སྤྱད་ན་བཞག་པ་ཟོས་པའི་ཉེས་པར་འགྱུར་བའོ། །བྱིན་
གྱིས་བརླབས་པ་འོག་མ་དང་འདྲེས་པ་མི་བཟའ་ཞེས་པ་ནི་ཐུན་གྱི་དང་དུས་ཀྱིར་འདྲེས་ན་དུས་ཀྱིར་བཟའ་བ་དང་བདུན་པ་དང་ཐུན་གྱིར་འདྲེས་ན་ཐུན་གྱིར་མ་ཟ་ཤིག་པ་ལྟ་བུའོ། །སྨན་གྱི་རིམ་པ་ནི་དཔེར་ཟད་ཞེས་པ་ནི་དུས་དང་ཐུན་བདུན་པ་དང་ཚེ་གཅིག་པའི་རིམ་པ་བཞི་བསྟན་པ་ནི་གླེང་གཞི་ཙམ་
དུ་ཟད་ཀྱི་ཆོ་ག་གཞན་ཡང་ཡོད་པར་སྟོན་པའོ། །མིག་རྩ་བྱ་ཞེས་པ་དང་། སྨན་གྱི་ཆེད་མ་ཡིན་པར་མ་ཡིན་ཞེས་པ་ནི་མིག་བསྐུ་བ་སྨན་གྱི་ཆེད་མ་ཡིན་པར་མ་ཉུག་ཤིག་པའོ། །འདིའི་སྣོད་ནི་རྐྱེན་དུའོ་ཞེས་པ་དང་། ཁུ་བའི་མིག་རྩི་ནི་ཟ་མ་ཏོག་དུའོ་ཞེས་པ་དང་། རི་ལུའི་མིག་རྩི་ནི་སྒྱེའུར་རོ། །
མེ་ཏོག་ཤུན་པ་ཕྱེ་མའི་མིག་རྩི་རྣམས་ནི་དོང་བུར་རོ་ཞེས་པ་ནི་འདིའི་སྣོད་མིང་གིས་སྨོས་པ་འདི་དག་བཞིན་དུ་གྱིས་ཤིག་པའོ། །ཐུར་མ་བཅང་ཞེས་པ་དང་། ཟངས་དང་ལྕགས་ཀྱི་དགེ་ཞེས་པ་དང་། སྦྲང་བུ་ལས་སོ་ཞེས་པ་ནི་མིག་རྩི་བྱུག་པའི་ཆ་སྤྱད་ཟངས་སམ་ལྕགས་ཀྱི་ཐུར་མ་གྱིས་
Vol. 164 · folio 214a
ཤིག་པའོ། །ནད་པས་སྨན་བཞག་པའི་སྣོད་ཁ་མངས་བཅང་ཞེས་པ་དང་། མེད་ན་བཅེར་བའམ་ཐུམ་པོར་བྱས་ཏེ་སྦ་ཞེས་པ་སྨན་བཞག་པའི་ཁ་མངས་ཁ་གབ་ཆན་གྱིས་ཤིག་པ་དང་། དེར་མི་ཤོང་ངམ་དེ་མེད་ན་སྒྱེའུ་ཤར་བུར་བྱས་པ་བཅེར་བའམ་ཐུམ་པོར་གྱིས་ཤིག་པའོ། །
སྦས་པ་དེ་མི་བརླན་པར་དུས་དུས་སུ་བསྲད་ཅེས་པ་དང་། གྲིབ་དར་ལའོ་ཞེས་པ་དང་། དྲགས་ན་མཐུ་འབྲི་ཞེས་པ་ནི་འདི་དག་གི་སྐམ་བསྲད་ཉི་མ་ལ་བྱས་ན་མཐུ་འབྲི་བའི་ཕྱིར་གྲིབ་དར་ལ་གྱིས་ཤིག་པའོ། །མ་རུང་བར་འགྱུར་བ་ཙམ་གྱི་ཚོད་ན་ཉིད་ཀྱིས་བརྟུལ་ཞེས་པ་དང་། བསྙེན་
པར་མ་རྫོགས་པ་ནའོ་ཞེས་པ་ནི་སྐམ་བསྲད་དུ་བཏིང་བ་ལས་ཆར་པ་ལ་སོགས་པ་འོང་ལ་བསྙེན་པར་མ་རྫོགས་པ་མེད་ན་ཉིད་ཀྱིས་ལག་དར་ཏེ་ལོང་ཤིག་པའོ། །སྨན་ཕོར་བཅང་ཞེས་པ་དང་། སྨན་གཟར་ཡང་ངོ་ཞེས་པ་དང་། བརྣང་ལ་འཕུལ་བའི་འཐུང་སྣོད་ཅེས་པ་རྣམས་ནི་ནད་
པས་སྨན་གྱི་ཆ་སྤྱད་མིང་གིས་སྨོས་པ་འདི་དག་ལྟ་བུ་ཆོངས་ཤིག་པའོ། །ནད་པས་ལན་ཚྭ་ཞེས་པ་དང་། འདིའི་ཚ་སྟེགས་རུ་སྦུབ་དགེ་ཞེས་པ་དང་། ལྕི་བར་བཙོས་པའོ་ཞེས་པ་དང་། དེ་མིད་མིད་པས་ཉེས་པར་མི་འགྱུར་བའི་ཕྱིར་ཁ་གབ་བྱ་ཞེས་པ་དང་། དེ་ཉིད་ལས་
བྱས་པའོ་ཞེས་པ་ནི་ནད་པས་ཚྭ་བཅང་བའི་སྣོད་རྭ་ལྕི་བར་བཙོས་པ་ལས་བྱ་བ་དང་ཁ་གབ་ཡང་རྭ་ཉིད་ལ་བྱས་པ་ཆོངས་ཤིག་པའོ། །བསུང་གིས་བསྒོས་པས་སོ་ཞེས་པ་དང་། ཆུ་བསྲི་བའི་ཕྱིར་ལྕགས་ཀྱི་ཐུ་ལུམ་ཞེས་པ་དང་། ཐམས་ཅད་ལ་མཁོའོ་ཞེས་པ་དང་། དེ་དབྱུང་བའི་ཕྱིར་
ལྕགས་ཐག་གིས་གདགས་ཞེས་པ་དང་། བསྲེག་པའི་ཚེ་ལྕི་བ་བཅེར་བས་གནན་ཞེས་པ་དང་། ཟས་ཀྱིས་རེག་པ་སྲེག་ན་གནས་མེད་ཅེས་པ་དང་། རུང་བའི་ནི་དང་པོར་བསྲོ་ཞེས་པ་དང་། སྤྱད་པས་ནི་ཕྱིས་སོ་ཞེས་པ་ནད་པས་ནི་བསུང་ཅན་གྱི་འཇིམ་པའི་གོང་བུ་བཅང་བ་དང་། ཆུ་བསྲོ་
བའི་ལྕགས་ཀྱི་གོང་བུ་ཐབས་འདི་དག་ལྟར་བྱས་པ་ཆོངས་ལ་རུང་བའི་ཆུ་ནི་སྔར་བསྲོ། །སྤྱད་པའི་ཆུ་ནི་ཕྱིས་བསྲོ་ཤིག་པའོ། །མས་གསོ་བ་བྱ་ཞེས་པ་དང་། གཞན་གྱིས་སློན་པར་ནུས་ལ་འདི་བྱས་ན་སྦོམ་པོའོ་ཞེས་པ་དང་། ཟངས་སམ་ཁར་སྦྲམ་གྱི་སྦུ་བུ་དགེ་ཞེས་པ་དང་། ལྕགས་
Vol. 164 · folio 214b
ཀྱི་ནི་མ་ཡིན་ཞེས་པ་ནི་མས་བཏང་བའི་སྨན་བྱ་བ་དང་། དཔྱད་གཞན་གྱིས་འཚོ་བ་ཙམ་གྱི་ཚོད་ལ་འདི་བྱས་ན་སྦོམ་པོར་འགྱུར་བ་དང་། སྨན་དེ་བཏང་བའི་གཅེའུ་ལྕགས་ལས་མི་བྱའི། ཟངས་སམ་ཁར་བ་ལས་གྱིས་ཤིག་པའོ། །བཙོན་གྱིས་གསོ་བ་ཡང་དེ་བཞིན་ཞེས་པ་དང་། གཏར་
ཀ་གདབ་པ་ལས་གཞན་གདོང་ལ་མ་ཡིན་ཞེས་པ་ནི་གཞན་གྱིས་འཚོ་བ་ཙམ་གྱི་ཚོད་ལ་གཏར་ཀ་བྱས་ན་སྦོམ་པོར་འགྱུར་བ་དང་། གཏར་ཀ་མ་ཡིན་པ་གདོང་ལ་མ་འདེབས་ཤིག་པའོ། །གཞང་འབྲུམ་མི་བཅད་ཅེས་པ་དང་། མཚོན་ལས་གཞན་པས་ཀྱང་མ་ཡིན་ཞེས་པ་དང་། འདི་ནི་
སྨན་དང་སྔགས་ཀྱིས་གསོ་བའོ་ཞེས་པ་ནི་གཞང་འབྲུམ་སྨན་དང་སྔགས་ཀྱིས་གསོའོ། །སྔང་བ་གསོར་མི་གཞུག་དགེ་སློང་ལ་མ་དད་ཅིང་མི་བསྒྲུངས་པ་སྨན་དང་གཏར་ཀ་བྱེད་དུ་མ་གཞུག་ཤིག་པའོ། །གསོ་བའི་ཕྱིར་ནུབ་མོ་བཟའ་བ་མི་མཛེས་པ་མེད་ཅེས་པ་དང་། འདིར་བྱིན་ལེན་མ་
བྱས་པ་དང་བཞག་པ་མི་རུང་བར་མ་དོགས་ཤིག་ཅེས་པ་ནི་ནད་པ་ཕྱི་དྲོའི་ཟས་དང་མིང་གིས་སྨོས་པ་འདི་དག་བྱས་ཀྱང་ཉེས་མེད་པའོ། །གསོ་བའི་ཕྱིར་ཁལ་བའི་དུ་བ་བཏང་ཞེས་པ་དང་། འདི་ནི་གཅེའུས་བསྒྲུབ་ཅེས་པ་དང་། ལྕགས་ལས་བྱ་ཞེས་པ་དང་། མི་རྣོ་མི་རྩུབ་པ་ལས་
སོར་བཅུ་གཉིས་ན་དགེ་ཞེས་པ་དང་། མར་རམ་བུ་རམ་གྱིས་བྱུགས་ལ་སྣོད་དུ་གཞུག་ཅེས་པ་དང་། དེ་ནི་གླང་པོའམ་གོས་གདང་ལ་གཟར་ཞེས་པ་དང་། བཀྲུ་བའི་ཕྱིར་མེར་གཞུག་ཅེས་པ་ནི་སྣར་ཁལ་པའི་དུ་བ་བཏང་བའི་གཅེའུ་ལྕགས་ལས་ཚད་འདི་ཙམ་དུ་གྱིས་ལ་སྦ་ཞིང་བཀྲུ་
བའི་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །མཚུལ་བའི་ལས་བྱ་ཞེས་པ་དང་། འདི་ནི་སྣར་བླུགས་པས་འགྲུབ་ཞེས་པ་དང་། བཅུ་གཉིས་པ་ནི་སྣོན་ན་དགེའོ་ཞེས་པ་དང་། འདི་བྱ་ཞེས་པ་ནི་སྨན་སྣར་བླུགས་པའི་ཕྱིར་སྣོད་མི་རྣོ་བ་བཅུ་གཉིས་གྱིས་ཤིག་པའོ། །ཤ་རྗེན་པ་
རྩིར་བསྟེན་ཞེས་པ་དང་། དེ་ཟ་མི་ནུས་ན་ཐབས་ཀྱིས་སོ་ཞེས་པ་དང་། མིག་ལེབ་མས་དགབ་ཅེས་པ་དང་། མི་ཚོར་བར་བསུང་གིས་ཁ་བླང་ཞེས་པ་དང་། ཡིད་དུ་འཐད་པའི་བཟའ་བཅའ་མདུན་དུ་བཞག་ལ་ཤན་མེད་པར་བྱས་ཏེ་དགྲོལ་ཞེས་པ་ནི་ཤ་རྗེན་རྩི་ལ་ཟ་མི་ནུས་ན་མིག་
Vol. 164 · folio 215a
དགབ་པ་ལ་སོགས་པའི་ཐབས་འདི་ལྟར་གྱིས་ཤིག་པའོ། །འདི་ལས་གཞན་པའི་ཕྱིར་ན་སྦོམ་པོའོ་ཞེས་པ་ནི་སྨན་གྱི་ཆེད་མ་ཡིན་པར་སྔགས་པ་གཞན་གྱི་ཕྱིར་ཤ་ཆེན་ཟ་ན་སྦོམ་པོའོ། །མི་ཤ་ནི་ཐམས་ཅད་དུའོ་ཞེས་པ་ནི་ཤ་མིའི་ཤ་ནི་ན་བ་དང་། མི་ན་བ་
ལ་སོགས་པ་གང་གི་ཕྱིར་ཟོས་ཀྱང་སྦོམ་པོར་འགྱུར་བའོ། །ཕྱིར་བྱས་པར་ཤེས་ན་མི་བཟའ་ཞེས་པ་ནི་ཁྱིམ་པས་བདག་གི་ཕྱིར་སྲོག་བཅད་དེ་ཤ་བྱིན་པར་འཕྲིགས་ན་མ་ཟ་ཤིག་པའོ། །སྟག་གི་གོད་པ་མ་ཡིན་ཞེས་པ་ནི་སྟག་གི་ལྷག་མ་ལ་རེ་བ་ཡོད་པའི་ཕྱིར་དེའི་གོད་ཡིན་པར་ཤེས་
ན་མ་ཟ་ཤིག་པའོ། །གླང་པོ་རྟ་ཀླུ་མ་ཡིན་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་ཀྱི་ཤ་ཡང་མ་ཟ་ཤིག་པའོ། །སེན་མོ་གཅིག་པ། ཝ། སྤྲ། ཤིང་ཏེ། ཁྭ། བྱ་རྒོད། བྱ་གར། ཁྱི། འོལ་བ། འུག་པ་གཞན་ཡང་རོ་ཟའི་བྱ། འབའ་ཀ། ཛ་དུ་ཀ། ཨུ་པ་ལཱ་ཐཱ། སྲིན་བུ་སྡིག་
སྦུར་རྣམས་ཀྱི་མ་ཡིན་ཞེས་པ་ནི་འདི་རྣམས་ཀྱི་ཤ་མ་ཟ་ཤིག་པའོ། །བཀག་པ་མ་ཡིན་ནམ་ཞེས་སྦྱིན་པས་བྱེད་པ་ལ་དྲི་ཞེས་པ་དང་། དུ་མ་ན་དང་པོས་སོ་ཞེས་པ་དང་། དེས་མ་ཡིན་ན་འོག་མས་སོ་ཞེས་པ་ནི་ཤ་འབྲིམ་པ་ལ་བདག་ཅག་གིས་བཟར་མི་རུང་བའི་བག་མི་ཤ་ལ་
སོགས་པ་མ་ཡིན་ནམ་ཞེས་གྲལ་གྱི་དང་པོ་ན་འདུག་པའམ་འོག་མ་རྣམས་གང་ཡང་རུང་བས་དྲིས་ཤིག་པའོ། །བ་གླང་དང་། མིའི་འོ་མ་མི་བཏུང་ཞེས་པ་ནི་འདི་དག་གི་འོ་མ་མ་འཐུང་ཤིག་པའོ། །མི་བཟའ་བས་བསགས་པ་དང་། རྨ་བསྐུ་བ་དང་རྣར་བླུགས་ཤིང་མིག་
སྐུད་པ་ནི་ཉེས་མེད་ཅེས་པ་ནི་བཟའ་བའི་མི་རིགས་པ་གོང་དུ་སྨོས་པ་རྣམས་ཀྱིས་འཕགས་པ་བསྐུ་བ་ལ་སོགས་པ་འདི་དག་ལྟར་བྱས་པ་ནི་ཉེས་མེད་པའོ། །ནད་པས་ཆང་མར་རམ་འབྲུ་མར་དང་བསྲེས་པ་འཐུང་ཞེས་པ་ནི་ནད་པས་ཆང་འདི་དང་བསྲེས་པ་ཙམ་འཐུང་བའོ། །ར་མི་རོ་ན་
ཉེས་མེད་ཅེས་པ་དང་། འདི་ནི་བསྐོལ་ན་འགྲུབ་ཅེས་པ་ནི་ཆང་མ་ཡིན་ནམ་ར་རོ་བར་མི་འགྱུར་ན་ནི་འཐུངས་ཀྱང་ཉེས་མེད་པ་དང་། དེ་ཡང་སྐོལ་ན་ཆང་མ་ཡིན་པ་དང་། ར་མི་རོ་བར་སྟོན་པའོ། །འདིར་ཚིགས་མས་བཏབ་ལ་ས་རུམ་དུ་བཅུག་ཚར་འགྱུར་ཞེས་པ་ནི། ཚར་བྱ་
Vol. 164 · folio 215b
བའི་དཔྱད་འདི་ལྟར་གྱིས་ཤིག་པའོ། །རྒུན་ཆང་ནི་བསྐོལ་ན་ར་རོ་བར་མི་འགྱུར་རོ་ཞེས་པ་ནི། འདི་ལྟར་བྱས་ན་ར་རོ་བར་མི་འགྱུར་བ་སྟེ་དངོས་སུ་ནི་དྲོ་བ་ཇ་ཡིན་པའོ། །སོ་སོར་མ་ཕྱེ་ན་ཡོད་པ་མ་ཡིན་ཞེས་པ་ནི་ཏིལ་དང་ཏིལ་མར་ལྟ་བུ་སོ་སོར་མ་ཕྱེ་ན་མར་ཡོད་པ་ཉིད་དུ་མི་བསྒྲུབ་
པའོ། །དེ་ལྟ་བས་ན་ཏིལ་བྱིན་ལེན་བྱས་པས་ཏིལ་མར་ཡང་བྱིན་ལེན་བྱས་པར་མི་འགྱུར་བའོ། །བག་ཆགས་པར་གྱུར་ན་ཡོད་པའོ་ཞེས་པ་ནི་ཆང་ངམ་རྗེན་ཤ་མི་རུང་བ་ལ་སོགས་པ་དང་འབགས་ན་འབགས་པ་ཙམ་ཡང་དངོས་སུ་ཡོད་པ་དང་འདྲ་བར་སྟོན་པའོ། །དངོས་སུ་ནི་རུང་བའི་ནང་དུ་
བཙོས་པའི་ཆ་སྤྱད་ལྟ་བུ། ཆང་གི་དྲིས་ཁ་བླངས་པའི་སྡོང་བུ་འདབ་མ་མེ་ཏོག །འབྲས་བུའི་སྨན་སྐམ་པོ། ཕྱེ་མར་བྱས་པའི་ཆུ། ཆང་དད་སེལ་བར་འཐུང་ཞེས་པ་དང་། ཆང་ཡོད་པའི་སྣོད་དུ་འདི་སྦྱང་ཞིང་ཁ་བླང་ཞེས་པ་དང་། དེ་ལྟ་བས་ན་སྦོ་བ་མེད་ཅིང་འགྲིབས་ནས་མ་རེག་པར་བསྲུང་
ཞེས་པ་ནི་ཆང་དད་ཆེ་ན་རྩ་བ་ལ་སོགས་པའི་ཕྱེ་མའི་ཐུམ་པོར་བྱས་ལ་ཆང་གི་སྣོད་སྦོ་བ་མེད་ཅིང་འགྲིབས་པའི་ནང་དུ་ཆང་ཉིད་ལ་མ་རེག་པར་དྲིས་ཁ་བླངས་པའི་ཆུ་འཐུངས་ཤིག་པའོ། །དུས་མ་ཡིན་པའི་སྐོམ་དང་ཟས་རོ་ཡལ་བར་འགྱུར་བ་ཡང་དེ་བཞིན་ཞེས་པ་ནི་དུས་མ་ཡིན་པའི་སྐོམ་རོ་འགྱུར་
བའི་ཟས་གཞན་དང་མི་འདྲ་བ་ལ་སོགས་པ་བསྲུང་བའི་རིམ་གྲོ་གོང་མ་བཞིན་དུ་གྱིས་ཤིག་པའོ། །གཙང་སྦྲ་བྱས་ན་དགེ་ཞེས་པ་དང་། དེ་ལྟ་བས་རས་ཁེའུ་གཙང་མས་བཅག་ཅེས་པ་ནི་རྩ་བ་ལ་སོགས་པ་ཆང་གིས་ཁས་བླང་བ་དེ་ཡང་ཐབས་འདི་ལྟར་གཙང་སྦྲ་གྱིས་ཤིག་པའོ། །ནད་
པ་ལ་ཆང་རྩྭ་མཆོག་གིས་ཀྱང་མི་བཏུང་ཞེས་པ་དང་། དགེ་བསྙེན་ཡན་ཆད་ཀྱིས་ཀུན་ལ་མི་སྦྱིན་ཞེས་པ་ནི་ནད་པས་ཀྱང་ཆང་འདི་ཙམ་གྱི་ཚོད་ཀྱང་མི་འཐུང་བ་དང་། དགེ་བསྙེན་ཡན་ཆད་ཀྱིས་ཆང་སུ་ལ་ཡང་མ་སྦྱིན་ཅིག་པའོ། །རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ན་གསོལ་བའི་ཆེད་མ་གཏོགས་
པར་ཐམས་ཅད་དུའང་ལྷག་མའོ་ཞེས་པ་ནི་བཅས་པའི་ཁ་ན་མ་ཐོ་བའོ་ཅོག་གསོལ་བའི་ཆེད་མ་གཏོགས་ཞེས་ཀུན་ཀྱང་ཚིག་གི་འཕྲོ་ལས་པ་ཤ་དག་ཏུ་སྟོན་པའོ། །སྒོག་སྐྱ་བཙོང་རྒྱ་སྒོག་རྣམས་མི་བཟའ་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་མ་ཟ་ཤིག་པའོ། །ཐམས་ཅད་ཀྱིས་ཡེ་
Vol. 164 · folio 216a
བཟར་མི་རུང་ངམ་ཞེ་ན། ནད་པས་ནི་དབེན་པར་རོ། །ཟོས་ཟིན་པའི་འོག་ཏུ་སྒོག་སྐྱ་ནི་ཞག་བདུན། བཙོང་ནི་ཞག་གསུམ། རྒྱ་སྒོག་ནི་ཞག་གཅིག་ལས་ལྷག་པར་གཙུག་ལག་ཁང་དུ་མི་སྤྱད་ཅེས་པ་ཡིན་ཏེ། ནད་པའི་ཕྱིར་དབེན་པར་ཟོས་ནས་ཟོས་ཟིན་པའི་འོག་ཏུ་བཅང་
བའི་ཞག་གྲངས་འདི་དག་ལྟར་གྱིས་ཤིག་པའོ། །མལ་སྟན་མ་ཡིན་ཞེས་པ་དང་། གཅི་བའི་སར་མ་ཡིན་ཞེས་པ་དང་། བཤང་ཁུང་དུ་མ་ཡིན་ཞེས་པ་དང་། དགེ་འདུན་གྱི་དབུས་སུ་མི་འཇུག་ཅེས་པ་དང་། མཆོད་རྟེན་གྱི་ཉེ་འཁོར་དུ་མ་ཡིན་ཞེས་པ་དང་། འདི་ནི་འདོམ་གང་གི་
ཚད་དོ་ཞེས་པ་དང་། ཁྱིམ་པ་ལ་ཆོས་མི་བཤད་ཅེས་པ་དང་། ཁྱིམ་དུ་མི་འགྲོ་ཞེས་པ་དང་། སྐྱེ་བོས་གང་བའི་ཕྱོགས་སུ་མ་ཡིན་ཞེས་པ་དང་། མཇུག་ཏུ་བཀྲུ་ཞེས་པ་ནི་སྒོག་པ་ཟོས་པའི་ཚེ་མལ་སྟན་མི་སྤྱད་པ་ལ་སོགས་པ་འདི་ལྟར་མ་བྱེད་ཅིག་པ་དང་། བཅང་བའི་ཞག་གྲངས་
ཚང་བའི་མཇུག་དུ་ཡང་ཁྲུས་གྱིས་ཤིག་པའོ། །གོས་ལ་དྲི་ཡོད་པ་བསྩལ་ཞེས་པ་དང་། བཀྲུ་ཞིང་འདུག་པ་གཉི་ག་ཞེས་པ་ནི་གོས་ལ་སྒོག་པའི་དྲིས་རེག་ན་བཀྲུ་བ་དང་ཕོག་ལྟ་བུ་དྲི་ཞིམ་པོས་བདུག་པ་གྱིས་ཤིག་པའོ། །རྫིང་གི་བར་དུ་མུ་གེ་ནའོ་ཞེས་པ་ནི་འོག་ནས་རྫིང་ཞེས་སྨོས་པ་ཡན་
ཆད་མུ་གེ་བྱུང་ན་གདོད་དེ་དག་ལྟར་འགྱུར་བར་བྱིན་གྱིས་བརླབས་ན་བཙོས་པ་དང་། གཞག་པ་ཕྱི་རོལ་བཞིན་ཞེས་པ་ནི་རུང་བའི་ཁང་པ་བྱིན་གྱིས་བརླབས་ན་དགེ་སློང་ག་ལ་འདུག་པའི་གནས་ནས་འདོམ་གང་ཕན་ཆད་དུ་བཞག་ཅིང་བཙོས་པ་དང་འདྲེས་ཏེ་ཉེས་པ་མེད་པར་སྟོན་པའོ། །བྱིན་
གྱིས་བརླབ་ཅེས་པ་ནི་དེ་ལྟ་བས་རུང་བའི་ཁང་པ་ཆེད་དུ་བྱིན་གྱིས་རློབས་ཤིག་པའོ། །ཤིང་དྲུང་གླང་པོ་བྲེས་མུ་སྟེགས་པའི་གནས་རྒྱལ་པོའི་ཕོ་བྲང་། དགེ་སློང་མའི་དབྱར་མོ་ཐང་གཙུག་ལག་ཁང་གི་དག་ར། སྒོ་ཁང་། ཁྱམས་བསྲོ་གང་། འདུན་ཁང་རྣམས་སུ་མ་ཡིན་ཞེས་པ་ནི་རུང་བའི་ཁང་
པར་བྱིན་གྱིས་བརླབ་པ་ཡང་མིང་གིས་སྨོས་པའི་གནས་འདི་རྣམས་སུ་མ་བྱེད་ཅིག་པའོ། །བླ་གབ་མེད་པ། མཆོད་རྟེན་གྱི་དངོས་པོ། །ཁྱིམ་བདག་གི་དངོས་པོ་རྣམས་སུ་མ་ཡིན་ཞེས་ཁ་ཅིག་ཅེས་པ་ནི་སློབ་དཔོན་ཁ་ཅིག་ནི་མིང་གིས་སྨོས་པའི་གནས་འདི་རྣམས་སུ་བྱིན་གྱིས་བརླབ་ཏུ་མི་རུང་བར་སྟོན་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words