འདུལ་བའི་མདོའི་འགྲེལ་པ
Sanskrit title (Tibetan script, as in the text) བི་ན་ཡ་སཱུ་ཏྲ་བྲྀཏྟི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 165 · folio 278b
མང་དང་སྲིས་མཛོད་བསྔོས་ཀྱང་རུང་རྣམ་པ་གཅིག་ཏུ་གཙུག་ལག་ཁང་གི་ནང་གི་དགེ་སློང་ཐམས་ཅད་མཚམས་ཀྱི་ཕྱི་རོལ་དུ་དང་སྟེ་སྐྱ་རེངས་བྱུང་ནས་སླར་གཙུག་ལག་ཁང་དེའི་ནང་དུ་ཞག་མ་ལོན་པར་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྔོས་ན་ཚང་མང་དང་སྲིས་མཛོད་དུ་རུང་ངོ་། །
བྱ་བ་གཞན་བརྩམས་པ་དང་ཞི་བ་དག་ལ་དེའོ། །གཙུག་ལག་ཁང་སྟོང་པར་བོར་ལ་དགེ་སློང་གུད་ནས་ལྷགས་པས་ཁང་བུ་འགོད་པ་དང་ཆུ་ལྟ་བ་ལ་སོགས་པའི་ལས་ཅིའང་མི་བྱ་བར་ཐོག་མར་ཚང་མང་དང་སྲིས་མཛོད་བསྔོའོ། །ཐམས་ཅད་དགེ་འདུན་གྱི་ལས་སོ། །ལྟག་
ཏུ་གནས་བཞིར་བསྔོར་གནང་པ་གང་ཟག་གི་འོག་ནས་འཆད་དེ། འདི་ནི་དགེ་སློང་གི་དགེ་འདུན་གྱིས་གསོལ་བ་དང་ཞུ་བ་གཉིས་ཀྱི་ལས་ཀྱིས་བསྔོ། ཐོག་མ་ནི་གང་ཟག་གི་ལས་ཀྱང་ངོ་། །བསྔོ་བ་རྣམ་བཞི་ལྟག་ཏུ་བཤད་པ་ལ་རྨང་བཙུགས་པ་དང་ཅུང་ཟད་མ་ཟིན་པའི་ཚེ་དང་
གཉིས་ནི་གང་ཟག་གཅིག་གིས་བསྔོས་ཀྱང་རུང་ངོ་། །ལས་སར་པས་སོ། །ལྟག་ཏུ་གང་ཟག་གིས་བསྔོའོ་ཞེས་བྱ་བ་ནི་གཙུག་ལག་ཁང་སློང་བའི་ལས་བྱེད་པའི་དགེ་སློང་གིས་བསྔོ་བ་ལ་བྱའོ། །ཐོག་མ་འབའ་ཞིག་གིས་སོ། །ལྟག་ཏུ་ལས་སར་པ་བས་བྱ་ཞེས་བྱ་བ་ནི་དགེ་
སློང་དེ་ཉིད་ཀྱིས་བྱ་བ་ལ་བྱའི་གཞན་གྱིས་བསྔོར་མི་རུང་ངོ་། །ལྟག་མའི་གང་ཟག་གིས་བསྔོ་བ་ནི་དགེ་འདུན་གྱི་སྤྱིར་བསྔོའོ་ཞེས་ཁར་བརྗོད་དོ། །གཉིས་པོ་ལ་དགེ་སློང་མང་པོ་དགོངས་ཏེའོ། །ལྟག་ཏུ་གང་ཟག་གཅིག་གིས་ཐོག་མའི་གནས་གཉིས་བསྔོ་བའི་ཚེ་གན་ན་དགེ་སློང་
མན་ཆད་ཡོད་ན་བཙན་པ་དགོངས་ཤིག་གནས་འདི་ནི་དགེ་འདུན་གྱི་ཚང་མང་དུ་འགྱུར་རོ་ཞེས་སྨྲས་པས་ཀྱང་བསྔོས་པར་ཆུད་དོ། །གང་ན་དགེ་འདུན་དུ་ཚང་པ་ནི་གསོལ་བ་དང་ཞུ་བས་བསྔོའོ། །མཚམས་གཅིག་ནི་གཙུག་ལག་ཁང་ཟིན་ནས་ནང་དགེ་སློང་ལྷགས་པ་ཞག་དང་ཟླ་བ་དུ་
ལོན་ཀྱང་རུང་སྟེ་དགེ་སློང་གཅིག་དང་ཡང་མ་བྲལ་ན་དགེ་འདུན་འདུས་ནས་གསོལ་བ་དང་ཞུ་བའི་ལས་ཀྱིས་ཚང་མང་སྲིས་མཛོད་བསྔོར་རུང་། ཅི་ཙམ་ན་འོངས་ཏེ་གནས་པ་དེ་ཙམ་དང་མཉམ་པར་བརྟགས་པ་བཞི་པའི་གནས་ཞེས་ཚིག་གིས་བརྗོད་ཅིང་སྨྲ། གཙུག་ལག་
Vol. 165 · folio 279a
ཁང་སྟོང་པར་བོར་བ་ལ་དགེ་སློང་གུད་ནས་ལྷགས་པས་ཚང་མང་དང་སྲིས་མཛོད་བསྔོ་བ་དང་མཚམས་གཅིག་གི་དགེ་སློང་ཐམས་ཅད་ར་བའི་ཕྱི་རོལ་དུ་སྐྱ་རེངས་བྱུང་བ་ལ་གཙུག་ལག་ཁང་དུ་ལྷགས་ཏེ་བསྔོ་བ་དང་དེ་གཉིས་ནི་གསོལ་བ་དང་ཞུ་བ་གཉིས་ཀྱི་ལས་
བརྗོད་ལ། དགེ་སློང་ཐམས་ཅད་ཀྱིས་གནས་འདིར་བྱའོ་ཞེས་བརྗོད་དོ། །འདི་དུ་མ་ལ་གཅིག་པུས་གཙུག་ལག་ཁང་གི་བྱ་བ་བྱས་ཀྱང་མི་མཛེས་པ་མ་ཡིན་ནོ། །མཚམས་ཆེན་པོ་གཅིག་གི་ནང་ནས་གཙུག་ལག་ཁང་མང་ཞིག་གི་དགེ་འདུན་གནས་གཅིག་ཏུ་འདུས་ཏེ་གཙུག་
ལག་ཁང་གཅིག་གི་ཚང་མང་དང་སྲིས་མཛོད་གསོལ་བ་དང་ཞུ་བའི་ལས་ཀྱིས་བསྔོས་ན་གཙུག་ལག་ཁང་གཞན་ཐམས་ཅད་ཀྱི་ཚང་མང་སྲིས་མཛོད་ཀྱང་བརྟགས་པར་འགྱུར་རོ། །ཐ་དད་དུ་གྱུར་པ་ལ་འདིས་བདུག་པར་བཤད། མཚམས་ཆེན་པོ་གཅིག་གི་ནང་ན་གཙུག་ལག་
ཁང་མང་ཞིག་འདུག་པའི་དགེ་སློང་གཅིག་ཏུ་འདུས་ཏེ། ལྟག་མ་ལྟར་ཚང་མང་བསྔོས་ན་ཁ་ཟས་མཚམས་ཀྱི་ནང་དུ་ཞག་ལོན་པ་དང་བཙོས་པ་གཉིས་ཀྱང་མཚམས་ཆེན་པོ་གཅིག་གི་ནང་གི་གཙུག་ལག་ཁང་ཐམས་ཅད་ཀྱིའང་དབང་ངོ་། །འདི་གཉིས་ནི་མུ་གེའི་ཚེ་མ་ཡིན་ཀྱང་
དབང་ངོ་། །འདི་མན་ཆད་ནས་འབྱུང་བ་ཁ་གཅིག་ནི་མུ་གེའི་ཚེའང་དབང་ངོ་། །དགེ་སློང་གིས་བཙོས་པ་དང་། ལོ་ཉེས་ནས་མུ་གེའི་ཚེ་ཚང་མང་བརྟགས་ཀྱང་རུང་མ་བརྟགས་ཀྱང་རུང་བདག་གིས་བཙོས་ཀྱང་རུང་གྲོགས་ཀྱིས་བཙོས་ཀྱང་རུང་བཟར་དབང་ངོ་། །བླང་བའི་བྱིན་
ལེན་སྤྱད། དགེ་སློང་གིས་སྔར་ཁ་ཟས་རེག་པ་ཕྱིས་བྱིན་ལེན་བྱས་ཏེ་ཟོས་ན་ཉེས་མེད་དོ། །ནང་པར་གྱི་ཟས་ཀྱང་ངོ་། །མུ་གེའི་ཚེ་ཡང་ཡང་ཟོས་ཀྱང་ཉེས་མེད་དོ། །ཐུག་པ་ནི་ཐམས་ཅད་དུའོ། །ཐུག་པ་ནི་ཉེས་ཀྱང་རུང་མ་ཉེས་ཀྱང་རུང་ཡང་ཡང་མི་ཆུད་དེ་འཐུང་དུ་དབང་ངོ་། །བྱིན་
བླངས་ནས་སྤངས་དང་བླངས་པ་ཡང་ངོ་། །བསོད་སྙོམས་བླངས་ཏེ་བདག་གིས་ཅི་ཆོག་ཙམ་ཞིག་ལོང་ཤིག་སྤངས་ཏེ་ལྷག་མ་མི་ཟ་བར་བསམ་པ་དེ་སླར་བླངས་ཏེ་ཟོས་ཀྱང་ཉེས་མེད་ཟ་བའི་ཚེ་ལངས་ཏེ་ཡང་འདུག་ནས་ཟོས་ཀྱང་ཉེས་མེད་དོ། །དེ་ལྷག་མ་བླངས་པར་ལྡང་བ་ཡང་ངོ་། །
Vol. 165 · folio 279b
ཟན་བཟའ་བར་ས་ལ་འདུག་སྟེ་ཟོས་ན་དེ་ཆོག་གོ་ཞེས་བྱས་ཏེ་སླར་གཏོང་བ་ལས་ཡང་སླར་འོན་ཅིག་ཅེས་བྱས་ཏེ་ཟོས་ཀྱང་རུང་ལངས་ཏེ་ཡང་སླར་འདུག་ན་ཟོས་ཀྱང་ཉེས་མེད་དོ། །མུ་གེའི་ཚེ་མགྲོན་དུ་སོང་བའི་ལྷག་མ་ཟོས་ཀྱང་དབང་སྟེ་ཉེས་མེད་དོ། །འདི་བསག་གོ། །ལོ་ཉེས་
པའི་ཚེ་བདག་ལ་ཡོན་བདག་གིས་ཟས་མང་ཞིག་མདུན་དུ་བཞག་སྟེ་བྱིན་ན་ཅི་ཡོག་ཙམ་ཟོས་ཀྱང་། ལྷག་མ་ཡང་ཁྱིའུ་དབང་ངོ་། །ཤིང་གི་དུས་པ་དེར་གསུངས་པ་ནི་འདི་ལྟ་སྟེ་རྒུན་འབྲུ་དང་བལ་པོ་སེའུ་དང་། ཁ་རྫུ་ར་དང་སྟར་ག་དང་འབའ་སྟ་མ་དང་བེའུ་འབྲུ་དང་ཐང་ཤིང་དང་འབའ་
འབྲུ་དང་སིན་ཙི་ཏི་ཀ་དག་གོ། །མིང་གིས་སྨོས་པ་འདི་རྣམས་ལོ་ཉེས་པའི་ཚེ་སྔ་དྲོ་ཡང་ཡང་ཟར་རུང་ངོ་ཞེས་བྱི་ཛ་ཡ་བར་མས་བཤད། ཕྱི་དྲོ་ཡང་བཟར་རུང་ངོ་ཞེས་བྱི་ཤུ་ཏས་བཤད། རྫིང་བུ་ཡང་ངོ་། །ལྟག་ཏུ་རྫིང་བུ་ཡན་ཆད་ལོ་ཉེས་ཀྱི་ཚེ་བཟར་རུང་ངོ་ཞེས་ཟེར་བ་ནི་འདི་ཡན་ཆད་དོ། །
དེར་གསུངས་པ་ནི་འདི་ལྟ་སྟེ་པདྨོའི་རྩ་བ་དང་འཛེར་བུ་དང་འབེ་ཏ་དང་ཨུཏྤ་ལའི་རྩ་བ་དང་པདྨོའི་ས་བོན་ནོ། །ལོ་ཉེས་ཀྱི་ཚེ་རྫིང་བུའི་ནང་ནས་སྐྱེས་པ་འདི་རྣམས་ཀྱང་བཟར་རུང་ངོ་། །སྨན་གྱི་དངོས་པོའོ། །ཕྲན་ཚེགས་ལ་སོགས་པའི་མདོ་རྫོགས་སོ།། །།རྒྱལ་པོའམ་རྒྱལ་པོའི་
ཆེད་དུ་ཁས་མི་བླང་། རྒྱལ་པོ་ཤིའམ་མེད་དེ་འབངས་ཕལ་ན་རེ་དགེ་སློང་ཁྱོད་ཀྱིས་རྒྱལ་པོའམ་རྒྱལ་ཚབ་བམ་བློན་པོ་ཆེན་པོ་གྱིས་ཤིག་ཅེས་ཟེར་ནའང་ཁས་མི་བླང་། དགེ་འདུན་གྱི་ཕྱིར་གྲོང་བླང་། དགེ་འདུན་ལ་གྲོང་ཁྱེར་དང་ཁོར་ཡུག་དང་ཁང་ཁྱིམ་འབུལ་ན་བླང་། ཞིང་ཡང་ངོ་། །
དགེ་འདུན་ལ་ཞིང་ཕུལ་ནའང་བླང་ངོ་། །དེ་ཡལ་བར་མི་དོར། ལྟག་ཏུ་གྲོང་དང་ཞིང་བྱིན་པ་ལྟ་བུ་རྨོ་བརྐོ་དང་ཞལ་ཏ་བྱ། འདིའི་ཆ་སྦྱིན། བདག་གིས་ཞིང་རྨོ་མི་ནུས་ན་ཐུན་ཤས་སུ་བཏང་། ཆ་བླང་ཤིང་ཐུན་ཤས་སུ་བཏང་བ་སླར་མི་སྟེར་ན་བླང་། བྱེད་པས་གཙུག་ལག་ཁང་དུ་བསྐུར།
ཁྱིམ་པ་ལ་ཐུན་ཤས་སུ་བཏང་བ་དགེ་སློང་ཉིད་ཀྱི་ཁུར་དུ་མི་བསྐུར་གྱི་ཁྱིམ་པ་སྐྱེད་དུ་བཞུག །བདག་གི་ཐོག་མར་རོ། །དགེ་སློང་དང་ཁྱིམ་པ་གཉིས་ཐུན་ཤས་བགོས་ན་དགེ་འདུན་དབང་བ་སྔར་ཁྱིམ་པ་སྐྱེད་དུ་གཞུག་གོ། །ཕྱིས་བྱས་ན་ཆར་པ་འོང་གིས་དོགས་པའི་ཕྱིར་རོ། །
Vol. 165 · folio 280a
བསྲུང་བའི་ཕྱིར་དགེ་སློང་བསྐོ་ཞིང་གི་ཤས་དང་གྲོང་གི་དཔྱ་བླང་བའི་ཚེ་དགེ་སློང་དཔྱ་བ་གཅིག་གཞུག །སྐྱེ་བ་དང་འགོད་པ་དང་གཉིས་ཀ་དང་གང་ཡང་རུང་བར་མི་མངོན་ན་མི་བསླང་། ཀླུས་དགོན་པར་གཙུག་ལག་ཁང་སྤྲུལ་པ་དྲུག་སྡེས་ཀླན་ཀ་
བཙལ་བ་ལས་བཅས། གཞན་དུ་ན་དྲན་པ་ཤེས་བཞིན་མདུན་དུ་བྱས་ཏེ་དེར་འཇུག་གོ། །ལྟག་མ་ལྟ་བུ་མ་ཡིན་རྒྱུ་ག་ལས་འོངས་པའང་ཤེས་ལས་ཟད་པར་འགྱུར་བའང་ཤེས་ན་རྒྱུ་ལྷག་ཆད་ཅི་ཡོད་པ་བརྩིས་ཀྱང་ཉེས་མེད། དགེ་འདུན་གྱི་ཕྱིར་གཡོག་བླང་། ཡོན་བདག་
དད་པས་དགེ་འདུན་ལ་ཡོན་དུ་གཡོག་ཕུལ་ན་བླངས་ཀྱང་ཉེས་མེད། གང་ནས་སྒྲས་གཙུག་ལག་ཁང་དུ་ཡོང་བ་དེར་ཁང་པ་བརྩིག་པར་བྱ། གཙུག་ལག་ཁང་གི་རྐྱེན་དུ་ཡོན་བདག་དད་པས་གྲོང་ཕུལ་བའམ་རྩེ་རྒོད་ལྟ་བུ་གཙུག་ལག་ཁང་གི་འདབ་ཅ་ཅོ་དང་སྒྲ་མི་ཐོས་
པ་ཙམ་གྱི་ཚོང་དུ་གནས་ཁང་བྱས་ལ་གཞག །དེ་སྟེ་ལས་བྱེད་ན་ཟས་བྱིན་པ་བྱ། རྩེ་རྒོད་དང་ལྷ་བྲན་དགེ་འདུན་གྱི་ལས་བྱེད་ན་ཟས་དང་གོས་དགེ་འདུན་གྱིས་སྦྱིན། བ་ལང་དང་མ་ཧེ་དང་ར་ལུག་དང་བལ་གླང་དང་རྟ་དང་རྔ་མོ་དང་བོང་བུ་དང་འབྲུ་རྗེན་པ་དང་སྣོད་དག་ཀྱང་ངོ་། །མིང་གིས་
སྨོས་པ་འདི་རྣམས་དགེ་འདུན་ལ་ཕུལ་ན་བླངས་ཀྱང་ཉེས་མེད། འདི་མཆོད་རྟེན་ལ་མ་བརྟགས་པ་མ་ཡིན། གྲོང་དང་ཞིང་དང་རྫས་ལ་སོགས་པ་མཆོད་རྟེན་ལ་ཡོན་དུ་ཕུལ་ན་བླངས་ཀྱང་ཉེས་མེད། ཁ་གཟར་བཅང་། ཟས་བཟའ་བའི་ཚེ་ཁ་གཟར་བཅངས་ཀྱང་ཉེས་མེད། ཚྭ་ཁུག་
ཀྱང་ངོ་། །ཚྭ་ཁུག་བཅངས་ཀྱང་ཉེས་མེད་འདི་དག་དང་ཕྱི་བཞིན་དུ་བཏུང་བའི་ཕོར་བུ་ལས་གཞན་པའི་ཁར་བའི་སྣོད་གང་ཟག་གིས་མི་བཅང་། གང་ཟག་གིས་ཁར་བའི་ཁ་གཟར་དང་ཁར་བའི་ཚྭ་ཁུག་དང་ཆུ་ལྟ་བ་དང་རྣངས་པའི་བཞིན་དུ་ཆུས་འཕུལ་བའི་སྣོད་འདི་རྣམས་བཞི་
ལས་གཞན་གང་ཟག་གིས་མི་བཅང་། ཀུན་དགའ་བ་བཅང་། གཙུག་ལག་ཁང་གི་ར་བའི་ལས་བྱེད་པའི་གཡོག་རྙེད་ན་བཅང་། མ་རྙེད་ན་གླ་བྱ་བ་ཡིན། མཚུངས་པའི་བྱིས་པ་བསྲུང་བའི་ཕྱིར་འབུལ་ན་བླང་ཁྱིམ་པ་རྟག་པར་བུ་ཤི་བས་ཕྱིས་བུ་གཅིག་བདོག་སྟེ་ཤི་ནས་དགེ་སློང་
Vol. 165 · folio 280b
གི་གཡོག་ཏུ་ཕུལ་ན་དགེ་སློང་གིས་བླངས་ལ་གཙུག་ལག་ཁང་དུ་གཞག །བུ་མོ་ན་དགེ་སློང་མའི་གཙུག་ལག་ཁང་དུ་གཞག །དེའི་མཚན་མ་མགུལ་བར་གོས་གདགས་པ་ཡིན་ནོ། །འདྲེག་གིས་མི་ཁྱེར་བར་བྱ་བའི་ཕྱིར་དགེ་སློང་གིས་ཆོས་གོས་ཀྱི་ཚལ་བུ་མགུལ་དུ་གདགས།
རྐེད་པར་ཡང་ངོ་། །ཆོས་གོས་ཀྱི་ཚལ་བུ་རྐེད་པར་བཏགས་ཀྱང་རུང་ངོ་། །སྙིང་རྗེའི་སེམས་ཀྱིས་བསྲུང་། བྱིས་པ་བདག་གི་གན་དུ་བཞག་པ་དེ་ཕྱིས་གཡོག་ཏུ་བྱ་བའམ་འདི་བཅངས་ཀྱང་བྱ་དགའ་མང་ཞིག་བྱིན་དུ་རེ་བའི་ཕྱིར་ནི་མི་བསྲུང་གི་ཕོངས་ཏེ་སྐྱབས་ཚོལ་བའི་ཕྱིར་སྙིང་རྗེས་
བརྩི་བར་བྱའོ། །དེའི་གཉེན་གྱིས་ཕུལ་ན་བླང་། བྱིས་པ་བཞག་པ་དེའི་ཕ་མའམ་གཉེན་གྱིས་སྤྱན་གཟིགས་སམ་གོས་ཤིག་དགེ་སློང་དེ་ལ་ཕུལ་ན་བླངས་ཀྱང་ཉེས་མེད། མཐར་རྔན་པ་ཡང་ངོ་། །ལྟག་མ་ལྟར་བྱིས་པ་བཞག་པ་ཕྱིས་མ་ཤི་སྟེ་སོས་ནས་དེའི་ཕྱིར་ཕ་མས་དད་དེ་ནོར་
དང་རྫས་བྱིན་ན་ལེན་དུ་གནང་ངོ་། །ངེས་དྲིན་ཤེས་པར་ཡང་ངོ་། །ལྟག་མ་ལྟར་བྱིས་པ་གསོས་པ་དེ་ཉིད་ཀྱིས་ཁྱོད་ཀྱི་ཡིན་ནོ་ཞེས་ཟེར་ཞིང་ནོར་འབུལ་ན་ལེན་དུ་དབང་ངོ་། །རྔན་པ་མི་བླང་། དགེ་སློང་གིས་བྱིས་པ་གསོས་ཏེ་མ་ཤི་བ་རྔན་པ་བྱིན་ཞེས་མི་བྱ། འབྲས་བུ་ལ་སོགས་པ་བདག་
གིར་བྱ། ཡོན་བདག་གིས་ཤིང་ཏོག་ལ་སོགས་པ་དགེ་འདུན་དང་གང་ཟག་ལ་འབུལ་ན་སུས་ཕུལ་ཀྱང་ལེན་དུ་དབང་། མར་དང་ཏིལ་དང་སྦྲང་རྩི་དང་བུ་རམ་གྱི་རྫ་མ་ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་རྫ་མ་བཀང་སྟེ་དགེ་འདུན་དང་གང་ཟག་གང་ལ་ཕུལ་ཀྱང་
ལེན་དུ་དབང་ངོ་། །དེའི་སྣོད་ཀྱང་ངོ་། །ལྟག་མ་རྣམས་ཀྱི་སྣོད་རྫ་མ་ལ་སོགས་པ་ཕུལ་ཀྱང་ལེན་དུ་དབང་ངོ་། །དེའི་གཞི་བཞག །རྫ་མའི་ཞབས་སུ་ལྕུག་སྐོར་གྱི་གཞི་གཞག་བཤང་གཅི་དང་ཆང་གི་སྣོད་དག་མི་སྤྱད། རྫ་མ་ལ་སོགས་པའི་སྣོད་བཤང་གཅིས་རེག་པའམ་ཆང་གིས་རེག་པ་ཡོན་དུ་ཕུལ་ཀྱང་མི་
བླང་། བདག་ཅག་ཡོད་ནའང་སྤང་། བཙོ་བ་དང་བསྲེག་པ་དགེ་འདུན་གྱི་ཕྱིར་བསྲུང་བ་བྱ། ཁ་ཟས་བཙོ་བ་དང་ཁུར་བ་ལ་སོགས་པ་བསྲེག་ཅིང་བཙོ་བ་ཡང་དགེ་འདུན་གྱི་ཕྱིར་དགེ་སློང་གིས་འདི་བསྲེག་འདི་ཚོས་ཞེས་བྱས་ཀྱང་བཙོས་པར་མི་ཆུད། མཁན་པོ་བྱི་ཤུ་ཏས་ནི་ཁ་ཟས་འཚེད་
Vol. 165 · folio 281a
པའི་ཚེ་དགེ་སློང་ཐོ་ངན་གཅིག་སྤྱན་དུ་གཞག་ཅེས་བཤད། ཟས་འོངས་ཀྱི་བར་དུ་ཐེལ་གྱིས་མ་བཞག་པར་འཇུག་ཅིང་མི་སྤྱོད། བསོད་སྙོམས་བླང་བའི་ཚེ་ཟས་མི་འོངས་པར་ལྷུང་བཟེད་ལག་པའི་མཐིལ་དུ་བཞག་ཅིང་མི་བསླང་ཟས་གཡོགས་པ་བཅང་། ལྷུང་
བཟེད་ཁ་བཅད་པའི་རས་བཅངས་ཀྱང་ཉེས་མེད། ཁར་བའི་སྣོད་དང་གཞི་འདི་དག་སྤྱིའི་མ་ཡིན་པར་མ་དོགས་ཤིག །ལག་ཏུ་ཁར་བའི་སྣོད་རྣམ་བཞི་ལས་གང་ཟག་སྤྱོད་དུ་མི་གནང་བ་བཞིན་དུ་དགེ་སློང་མའང་འཆང་དུ་མི་གནང་། ནད་པ་མོ་ཞྭ་བཅང་བ་མ་བརྟགས་
པར་མ་ཡིན་ནོ། །དགེ་སློང་མ་ན་བའི་ཚེ་ཞྭ་ཇི་ལྟ་བུ་རུང་བཅང་དུ་གནང་། འཁར་གསིལ་གྱི་སྒྲ་མ་བྱུང་བར་ཟས་ཀྱི་ཕྱིར་གྲོང་དུ་མི་འཇུག་གྲོང་དུ་བསོད་སྙོམས་ལེན་པའི་ཚེ་འཁར་གསིལ་གྱི་སྒྲ་མ་ཕྱུང་བར་ཟན་མི་བླང་། དེ་བཅང་། མཁར་གསིལ་བཅང་། རིགས་སུ་འཇུག་པ་ཤེས་
པར་ནན་ཏན་བྱ། གྲོང་དུ་སློང་བའི་ཚེ་ལམ་སྲང་གྱ་གྱུ་མང་དུ་འདུག་ན་ཐོག་མའི་ལམ་སྲང་མི་ནོར་བར་བསམ་ཞིང་། ཕྱི་ཤུ་ཏས་ནི་གྲོང་མང་དུ་ཡོད་ན་རིམ་གྱིས་བསོད་སྙོམས་བསླང་ཞེས་བཤད་མངོན་མཚན་བྱ་བའི་ཕྱིར་ཟས་དོར་བ་ལ་སོགས་པས་སོ། །གྲོང་དུ་འཇུག་པའི་ཚེ་དགེ་སློང་དེས་
རྒྱུས་མི་ཤེས་ཏེ་ལམ་ནོར་གྱིས་དོགས་ན་སུའི་གཙུག་ལག་ཁང་ག་ལས་གར་འདུག་པ་ཡིད་ལ་མཚན་མར་བཟུང་བ་དང་ཕྱེ་ལ་སོགས་པར་མདོ་མདོར་ག་ལས་འོངས་པར་གཏོར། བྱི་ཤུ་ཏས་ནི་གྲོང་སྟུག་པོ་ལ་ཟས་ལན་གཉིས་པ་བླངས་ཀྱིས་དོགས་པའི་ཕྱིར་མཚན་མ་གདབ་པ་ལ་བཤད།
ཆོས་ཀྱི་ཚོང་པས་འཚོ་བར་མི་བརྟག་ཆོས་བཤད་པའི་གླ་མི་བླང་བ་དང་མི་འདི་ལ་ཆོས་བཤད་ན་ཟས་དང་སྨན་དང་གོས་ལ་སོགས་པ་བྱིན་པར་རེ་བའི་ཕྱིར། དེའི་ཕྱིར་ཆོས་མི་བཤད་ཆུ་མ་གྲུ་བ་ན་ཞོ་ཁུ་དག་གིས་རྐང་པ་བཀྲུ། ཆུ་དཀོན་པའི་སར་ཆུ་མེད་དེ་ཁྱིམ་པས་ཆུར་ཁུ་ཞིག་བྱིན་ན་
དེ་འང་བརྟགས་ཏེ་རྐང་པ་བཀྲུ་འོ། །རྩྭའི་ཐུམ་པོ་ལ་འདུག་ཀྱང་རུང་དགེ་སློང་སྟན་མེད་ན་རྩྭའི་ཐུམ་པོ་ལ་འདུག་ཀྱང་ཉེས་མེད་དོ། །དབེན་པར་བླ་གབ་མེད་པས་བཞག །ལྷག་མ་ལྟར་རྩྭ་སྟན་ལ་ནུབ་མོ་ཉལ་བ་ནང་པར་ལངས་ནས་རྩྭ་སྟན་དེ་བསྡུས་ཏེ་དབེན་པར་བཞག །སྤུངས་ཏེ་ཡང་ངོ་། །
Vol. 165 · folio 281b
དགེ་སློང་མང་ན་རྩྭ་སྟན་མང་དུ་སྤུང་། རྣམ་གཅིག་ཏུ་ལྟག་མ་ལྟར་ཉལ་བ་ལས་ལངས་ན་སྤུངས་ཏེ་བཞག་ཀྱང་ཉེས་མེད། ཟིན་ནས་དོར། ནུབ་མོ་ཞག་ལོན་ནས་རྩྭ་སྟན་དེ་བསྐུར་བ་མ་ཡིན་གྱི་དོར་རོ། །ཕལ་ཆེ་ན་དུ་མར་བྱའོ། །དགེ་སློང་ཕལ་ཆེར་འདུས་ན་གྲལ་རིམ་དུ་མར་བྱས་ཀྱང་རུང་
སྟེ་འོག་ནས་འཆད་དོ། །ལྔ་བརྒྱ་བར་ཡང་ངོ་། །ལྟག་མ་ལྟར་ཉིས་སྟོང་སུམ་སྟོང་ཞིག་ཡོད་ན་ལྔ་བརྒྱ་ལྔ་བརྒྱར་ཕྲེང་བ་བྱ། རྒན་རིམས་སོ་སོ་ནས་བསོག །དགེ་སློང་མང་པོས་འདུས་ན་རྒན་པོ་རྣམས་གྲལ་ལོགས་ཤིག་ཏུ་བྱ། གཞོན་ནུའང་ལོགས་ཤིག་ཏུ་གྲལ་བྱས་ལ་རྒན་
གཞོན་གྱི་ཟས་ཀྱང་སོ་སོར་གཞག །འདྲིམ་པ་ནི་མི་བཞོད་པར་ཞལ་ཏ་བསྐོ། དགེ་སློང་གཅིག་འདྲིམ་པ་བཞོད་དམ་མི་བཞོད་པའི་སྤྱན་དུ་བཞག །ཐོག་མར་ཟས་ལ་གཏོགས་པས་བཟའ་ཐོ་ངན་དང་སྤྱན་ཕྱིས་ལས་འབྲེལ་པའི་ཕྱིར་ཟན་དགེ་འདུན་པས་སྔར་ཟོས་ཀྱང་ཉེས་མེད། རྒན་
རིམས་སུ་འཁོད་པའི་ཕྱིར་སྦྱིན་པའི་ཕྱིར་དུ་བ་མང་ན་དགེ་སློང་དག་བསྐོ། དགེ་སློང་རྒན་པོ་དང་གཞོན་ནུ་དང་དགེ་སློང་ཞིག་འདུག་ན་འདྲིམ་པ་ལ་མཉམ་པའི་ཕྱིར་སོ་སོར་བཀང་དུ་བཅུག་ལ་ཞལ་ཏ་བ་མང་དུ་བསྐོས། སོ་སོར་འདྲིམ་གཉིས་སམ་གསུམ་བོར་ནས་འདིར་དགེ་སློང་མ་ཅི་བདེར་
འཁོད་དོ། །དགེ་སློང་མ་ཚར་གཅིག་ཏུ་བཀང་ན་ལྟག་ཏུ་སྟན་རིམ་པ་གཉིས་གསུམ་བོར་ལ་འདུག་པར་བྱའོ། །བཟའ་བའི་གནས་སུ་སྒྲ་བསྐྱུངས་ཏེ་འདེང་ངོ་། །ཟས་བཟའ་བའི་ཚེ་གྲོང་དང་གཙུག་ལག་ཁང་འདྲ་སྟེ་ཅ་ཅོ་མེད་པར་སྒྲ་བསྐྱུངས་ཏེ་འདུག །རབ་ཏུ་བསྡམས་པའི་ཚུལ་
གྱིས་སོ། །ཟན་ཟ་བའི་ཚེ་ལུས་དང་ངག་དང་ཡིད་བསྡམས་ཏེ་བཟའ། མཛེས་པར་རོ། །ཟས་ཟ་བའི་སྤྱོད་ལམ་བཞིར་མཛེས་པར་བྱ། དེ་བཞིན་དུ་འཁོད་དོ། །སྟན་ལ་འདུག་པའི་ཚེ་གོང་མ་རྣམས་བཞུགས་ལ་འདུག་གོ། །བཟའ་བ་རྐང་པས་མི་བརྫི། ཁ་ཟས་ཀྱི་བག་ལ་རྐང་པས་མི་བརྫི།
ལྷུང་བཟེད་ཀྱི་གཞི་རྐང་པས་མི་བརྫི་ལྷུང་བཟེད་ཀྱི་གཞི་ཤོ་མའམ་གཞོང་པ་ལ་སོགས་པ་ཡང་རྐང་པས་མི་བརྫི། སེམས་མི་གཡེང་བར་དྲན་པ་མངོན་པར་བཞག་སྟེ་བསོད་སྙོམས་བླང་། ཟས་བྱིན་ལེན་བྱེད་པའི་ཚེ་སེམས་ཡན་མན་དུ་མི་གཏོང་བར་བསམ་པའི་རྒྱུད་བཞིན་དུ་བླང་མི་འཐོར་
Vol. 165 · folio 282a
བར་ལུས་ཀྱི་ཚད་དུའོ། །ཁ་ཟས་བླང་བའི་ཚེ་སྣོད་ལས་ཡན་མན་དུ་མི་འཐོར་བར་བྱ་བ་དང་བདག་འགྲངས་པ་ཙམ་དུ་བླང་ངོ་། །འདི་དག་ནི་མི་བསྲེ། ཟན་ཟ་བའི་ཚེ་ཕྱེ་དང་འབྲས་བུ་མི་བསྲེ་རྣམ་པ་གཅིག་ཏུ་གྲོགས་ཀྱི་ཟན་སྐལ་དང་མི་བསྲེ་བར་བླང་། མི་དཀྲུག །
བསོད་སྙོམས་ལེན་པའི་ཚེ་འོ་མ་དང་ཚོད་མ་དཀྲུགས་ཤིང་མི་སྡུག་པར་མི་བྱ། ཟན་ཟ་བའི་ཚེ་ཡང་མི་སྡུག་པར་མི་བྱ། རབ་ཏུ་དགབ། བདག་ཟན་ཟ་བའི་ཚེ་དབེན་པར་བཟའ། རྣམ་པ་གཅིག་ཏུ་གྲོགས་ཀྱི་ཟན་ལེན་པ་གཡོག་བྱས་ཏེ་བསྐུར། དུས་ལས་འདས་པར་མི་དཀྲི། གྲོགས་
ཀྱིས་ཟས་ལེན་དུ་བཅོལ་བ་དུས་མ་འདས་པར་བླང་ཞེས་བྱི་ཤུ་ཏས་བཤད། ནད་པ་དང་ནད་གཡོག་དང་དཀོར་བ་དང་ཕས་འོངས་པ་དང་ཚུས་འོངས་པ་འདི་རྣམས་ནི་ཚང་མང་ནས་དུས་ལས་སྔར་ལེན་ཅིང་བཟར་ཡང་དབང་ངོ་། །གང་ལས་སྤྱན་དྲངས་པ་ལས་དེ་ལས་གཞན་རྙེད་དེ་བདག་
གིར་བྱ་བ་མི་རིགས་པ་མེད་དོ། །ཡོན་བདག་གིས་སྔར་ཐུག་པའམ་ཚོད་མ་ལ་སྤྱན་དྲངས་པ་ལ་ཕྱིས་ལ་དུའམ་ཞིམ་དགུ་ཞིག་སྦྱར་ཏེ་གསོལ་ཀྱང་བཟར་དབང་ངོ་། །ཉེས་མེད་པ་ནི་བདག་གིས་ཟས་ཟ་བ་ལས་གཞན་ལས་བླངས་ནའོ། །བདག་གིས་ཟས་ནར་མ་ཞིག་ཟ་ཞིང་འདུག་པ་
ལ་ཡོན་བདག་གམ། གྲོགས་པོའམ་དགེ་སློང་ངམ་ཞིག་གིས་སྤྱན་གཟིགས་སམ་ཟས་ཤིག་བྱིན་ན་དེ་དང་བཅས་ཏེ་ཟོས་ན་ཉེས་མེད་དོ། །དེར་ཆུད་པ་བཞིན་དུ་གཞན་གྱིས་སྤྱན་དྲངས་ཏེ་འདུག་པ་ལས་དེས་གནང་ནས་གཞན་གྱིས་བྱིན་ནའོ། །ཡོན་བདག་གཅིག་གིས་དགེ་འདུན་སྤྱིར་
སྤྱན་དྲངས་པ་ལས་ཡོན་བདག་དེའི་གནས་ན་ཟན་བཟའ་བའི་ཚེ་སྦྱིན་བདག་གཞན་ཞིག་གིས་སྤྱན་གཟིགས་སྣ་འགའ་ཞིག་དགེ་འདུན་ལ་འདྲིམ་ཞེས་ཟེར་ན་སྔར་སྤྱན་དྲངས་པའི་ཡོན་བདག་གིས་བྲིམས་ཤིག་ཅེས་ཟེར་ན་བྲིམ་ཀྱང་ཉེས་མེད། འདྲིམ་དུ་མི་རུང་ངོ་ཞེས་ཟེར་ན་མི་བྲིམ། སྒྲའི་
སྦྱོར་བར་བསམས་པའི་དོན་གྱིས་ཚུལ་ཏེ་གྲགས་པའི་མ་ཡིན་ནོ། །ཡོན་བདག་དད་པ་ལ་ལ་ཞིག་གིས་དགེ་སློང་ལ་སངས་རྒྱས་ཁྱོད་ལ་ཡོན་འབུལ་ལོ་ཞེས་ཟེར་བའི་ཚེ་ཡིད་ལ་བདག་དགའ་བ་དང་འཚེ་བར་མ་བསམས་ན་ཡོན་བླངས་ཀྱང་ཉེས་མེད། བླངས་ཏེ་མི་བཏང་། ཡོན་ལ་སོགས་
Vol. 165 · folio 282b
པ་བྱིན་ནོ་ཅོག་ལ་དགོངས་སམ་མི་དགོངས་པ་སྔར་བརྟགས་ཏེ་བླངས་གིས་བླངས་ཟིན་ནས་སླར་མི་སྦྱིན་ནོ། །ལྟ་བ་དང་། དགེ་སློང་གིས་དགེ་བར་ལྟ་བ་ལས་ཡོན་བླངས་ཏེ་ལོག་པ་ལ་ལྟ་བ་ལ་བྱིན་ན་བདག་ལ་གཉེར་དུ་འགྱུར་བའི་ཕྱིར་ཉེས་བྱས། ཚུལ་ཁྲིམས་དང་ལྡན་པ་ལས་བླངས་
ཏེ། དགེ་སློང་གིས་ཚུལ་ཁྲིམས་དང་ལྡན་པ་ལས་ཡོན་བླངས་ཏེ་ཕས་ཕམ་པ་ལ་སོགས་ཏེ་ཚུལ་ཁྲིམས་དང་མི་ལྡན་པ་ལ་བྱིན་ན་བུ་ལོན་དུ་འགྱུར་བའི་སྟེང་དུ་ཉེས་བྱས། གཞན་རིམ་བཞིན་དུ་བྱིན་པ་དང་། མདོ་ལྟག་མའི་རིམ་པ་ལྟར་ཚུལ་ཁྲིམས་དང་ལྡན་པ་དང་དགེ་སློང་དགེ་བར་
ལྟ་བ་ལས་ཡོན་བླངས་ཏེ་ཚུལ་ཁྲིམས་དང་མི་ལྡན་པ་དང་ལོག་པར་ལྟ་བ་ལ་བྱིན་ན་དད་པའི་ཡོན་བདག་གི་བསོད་ནམས་སུ་མི་འགྱུར་བས་དགེ་སློང་ལ་བུ་ལོན་དུ་འགྱུར་བའི་སྟེང་དུ་ཉེས་བྱས་ཞེས་བཤད་དོ། །ཁམ་ལ་སོགས་པ་ཆུང་ངུ་བྱ་བ་ལས་ལྷག་པར་བླངས་ཏེ་ཟོས་ན་དད་པས་བྱིན་
པ་ཆུད་གསན་པའོ། །ཡོན་བདག་དད་པ་ལ་ལ་ཞིག་གིས་དགེ་སློང་མགྲོན་དུ་བོས་ཏེ་ཁ་ཟས་ལ་སོགས་པ་སྣ་མི་ཉུང་བ་ཞིག་འདྲིམ་ན་བདག་འགྲངས་པ་ཙམ་གྱི་ཚོད་བླང་གི་མ་འོང་པར་བླངས་ནས་ལྷག་རོལ་ལ་སོགས་པར་བྱས་ན་ཡོན་བདག་གི་ཟས་ཆུད་ཟོས་པའི་ཉེས་བྱས་ཞེས་བཤད།
བརྒྱ་ལ་ཆོག་པ་ཙམ་དུ་སྤགས་ཏེ་བླངས་པ་ལས་མ་འགྲངས་ན་ཕྱིས་བསྣན་ཏེ་ཟོས་པ་ནི་ཉེས་མེད་དོ། །ཕ་དང་མ་དང་ནད་པ་དང་རབ་ཏུ་བྱུང་བར་འདོད་པ་དང་། སྦྲུམ་པ་དང་། འདུལ་བར་འདོད་པ་དང་། ཟས་ལ་རེག་པ་དང་། ཁྱིམ་པ་ཡང་འོངས་ན་དེ་ལས་བགོ་བར་བྱ། དགེ་སློང་གིས་
དད་པའི་ཡོན་བདག་ལས་བསོད་སྙོམས་སུ་བླངས་ཏེ་མ་དད་པ་དང་ཚུལ་ཁྲིམས་ལོག་པར་ལྟ་བ་ལ་ཟན་བྱིན་ན་བུ་ལོན་དུ་གྱུར་པའི་སྟེང་དུ་ཉེས་བྱས་པ་ཡིན་ན་བདག་གིས་བསོད་སྙོམས་རན་པར་བླངས་པ་ལས་མིང་གིས་སྨོས་པ་འདི་རྣམས་ལ་བགོས་ཏེ་བྱིན་པ་ནི་ཉེས་མེད་དོ། །ཁམ་གྱི་
ཆངས་པ་བཞག །དགེ་སློང་ཟན་ཟ་བའི་ཚེ་ཟན་གྱི་ཆངས་པ་གཅིག་སྔར་བཅད་ལ་གཞག །བཟའ་བ་ནི་མི་བསྔོ། །མདོ་ལྟག་མ་ལྟར་ཟན་གྱི་ཆངས་པ་བཞག་པ་དེ་འདི་སྦྱིན་ནོ་ཞེས་གཅིག་ལ་མི་བསྔོ་ཕྱུགས་ཀྱང་སྦྱིན་མདོ་ལྟག་མ་ལྟར་ཟན་གྱི་ཆངས་པ་བཞག་པ་དེ་མདུན་དུ་མི་དང་
Vol. 165 · folio 283a
ཕྱུགས་སུ་ཕྲད་པ་ལ་སྦྱིན། བཟའ་བ་མ་ཟིན་པའི་ཕྱིར་གཞག་པ་ལས་མི་སྦྱིན། དགེ་སློང་གཞན་ལ་ཟན་ཞིག་སྦྱིན་ན་ཟན་ཁར་མ་བཅུག་པའམ་འགྲངས་པའི་འོག་ཏུ་སྦྱིན་གྱི་བདག་ཟ་བཞིན་དུ་གཞན་ལ་མི་སྦྱིན། སྤྱན་དྲངས་ཏེ་དད་པས་བྱིན་པ་མ་ཡིན། ཡོན་
བདག་དད་པ་ལ་ལ་ཞིག་གིས་སྤྱན་གཟིགས་དང་ཟས་ལ་སོགས་པ་དགེ་སློང་ཁྱོད་འབའ་ཞིག་ཟོ་ཤིག་ཅེས་ཟེར་བའི་ཚེ་བདག་འབའ་ཞིག་གིས་བཟའ་བར་ཁས་བླངས་པ་ལའང་གྲོགས་པོ་ལ་སོགས་པ་གཞན་ལ་མི་སྦྱིན། ལྷུང་བཟེད་ཀྱི་གནས་ཀྱི་ཟས་ཀྱི་ལྷག་མ་དག་ལ་ཅི་བདེ་
ཞེས་བྱའོ། །བདག་ཟས་ཟོས་པའི་ལྷག་མ་ལ་ཅི་བདེར་ཟོ་ཤིག་ཅེས་བྱས་ཏེ་འགྲོ །གནས་པ་དག་གཏོར་མ་སྦྱིན་བདག་ཟས་ཟ་བའི་ཚེ་ལྷ་ཁང་བསྲུང་བའི་ལྷ་སྲིན་ལ་སོགས་པ་ལ་གཏོར་མ་བྱིན། དེའི་རྟོག་པའི་རྗེས་སུ་སྔ་དྲོ་ལ་སོགས་པའོ། །མདོ་ལྟག་མ་ལྟར་གཙུག་ལག་ཁང་
གི་འཁོར་དུ་གཏོར་མ་གཏང་བའི་ནི་ཁ་ཅིག་སྔ་དྲོ་ཁ་ཅིག་ཕྱི་དྲོ་སྦྱིན་པ་ཡོད་པས་སྔ་དྲོ་དང་ཕྱི་དྲོ་མི་ནོར་བར་དུས་དུས་སུ་སྦྱིན། རྟོག་པ་ཐ་དད་ཐ་དད་དུའོ། །གཙུག་ལག་ཁང་གི་སྲུང་མའི་ལྷ་ལ་ཁྱིམ་པས་མཆོད་པ་ཡོད་དེ་ཁྱིམ་པས་སྔ་དྲོ་དང་ཕྱི་དྲོ་མཆོད་པ་ཡོད་པའི་དུས་བཞིན་
དུ་མཆོད་ཅིང་གཏོར་མ་སྦྱིན། གཅིག་ཆུར་མ་གྱུར་པའི་གནས་ཀྱི་ཨ་མྲ་མི་བཟའ། ཤིང་ཏོག་ཨ་མྲ་མ་སྨིན་པར་མི་བཟའ་དེ་བཞིན་དུ་ཀུ་ཤུ་དང་། ཁམ་བུ་དང་རྒུན་འབྲུ་ལ་སོགས་པའང་མ་སྨིན་པར་མི་བཟའ། རྩ་བ་དང་སྡོང་པོ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་དང་བཅའ་བ་
འབྲས་ཆན་དང་སྣ་ཚོགས་དང་ཕྱེ་དང་ཤ་དང་ཁུ་བ་དང་འོ་མ་དང་ཞོ་དང་མར་སར་དང་ཉ་ཤ་དང་ཤ་སྐམ་དག་ལ་བརྟགས་པ་མ་ཡིན། མིང་གིས་སྨོས་པ་འདི་རྣམས་ནི་བརྟགས་པ་ཡིན་ཏེ་ཟོས་ཤིང་འཐུངས་ཀྱང་ཉེས་མེད་དེ་རྣམ་པ་འདི་བཅོ་ལྔ་ལ་ཐོག་མ་ལྔ་ནི་བཅའ་བའོ། །
བར་མ་ལྔ་ནི་བཟའ་བའོ། །ཐ་མ་རྣམས་ནི་བཏུང་བ་ཡིན། སོ་མ་དང་ཡུངས་ཀར་གྱི་རྩ་བ་དང་སྡོང་པོ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པའི་ཐུག་པ་མི་འཐུང་བར་མ་དོགས་ཤིག །མིང་གིས་སྨོས་པ་འདི་རྣམས་ལས་ཐུག་པར་བྱས་པ་ཞིག་དགེ་སློང་གིས་འཐུངས་ཀྱང་བརྟགས་
Vol. 165 · folio 283b
པ་སྟེ་ཉེས་མེད། རྟའི་ཕྱིར་ཁུ་བས་སོ། །བདག་གི་ལུས་གསོ་བ་དང་བརྟས་པར་བྱ་བའི་ཕྱིར་འོ་མ་དང་ཤ་ཁུ་ལྟ་བུ་འཐུངས་ཀྱང་ཉེས་མེད། ཆུས་ཀྱང་ངོ་། །བདག་གི་ཉམས་བརྟས་པར་བྱ་བའི་ཕྱིར་ཁུ་བ་དང་འོ་མ་ལ་སོགས་པ་མེད་ན་ཕྱེ་དང་ཆུར་སྦྱར་བའི་ཟན་དང་ཐུག་པ་བཏུང་རྐྱལ་པར་
བཅུག་པ་མ་བརྟགས་པ་མ་ཡིན། རྐྱལ་པའི་ནང་དུ་ཁ་ཟས་ལ་སོགས་པ་བཅུག་པ་ཞིག་དགེ་སློང་གིས་ཟོས་ཀྱང་མ་བརྟགས་པ་མ་ཡིན་ཏེ་ཉེས་མེད། སྣོད་དུ་ཟས་བཟའ་བ་དང་བརྟག་པའོ། །ཟངས་དང་ཁར་བ་ལ་སོགས་པའི་སྣོད་སྤྱད་ཀྱི་ནང་དུ་ཟས་ཟ་བའི་ཚེ་སྨན་སྣོད་སྙམ་དུ་བསམས་
ཏེ་ཟོས་ཀྱང་ཉེས་མེད། ཤིང་གི་ཡང་ངོ་། །ཤིང་རྡོ་ལྟ་བུ་ཞིག་ལས་ཕོར་དེབ་ཏུ་བྱས་པ་བསྲེ། རྡོ་ཡང་ངོ་། །བསྲེ་བསྐུས་པ་དང་མ་བསྐུས་པ་འདྲ་སྟེ་དགེ་སློང་གིས་སྤྱད་ཅིང་བཅངས་ཀྱང་ཉེས་མེད། ཟས་སྤྱད་པ་ཡང་ངོ་། །རྡོ་ལ་སོགས་པའི་ཕོར་དེབ་ཀྱི་ནང་དུ་ཟན་ཟོས་ལ་ཟོས་པའི་འོག་ཏུ་
དག་པར་བཀྲུས་ན་ཕྱིས་ཀྱང་དེའི་ནང་དུ་བཟར་རུང་། བཀྲུ་བ་ནི་གནས་པའི་གཏོགས་པའོ། །མདོ་ལྟག་མ་ལྟར་རྡོ་དང་ཤིང་ལས་བྱས་པའི་སྣོད་སྤྱད་དུ་གཏོགས་པ་རྣམས་མཁན་པོ་ཉིད་ཀྱིས་མི་བཀྲུ་བའི་མཁན་པོ་ཟན་ཟ་བའི་སྔ་རོལ་དུ་གནས་འཆའ་བ་དང་། དགེ་སྦྱོང་ལ་སོགས་པས་
དག་པར་བཀྲུས་ཏེ་མདུན་དུ་གཞག །ཟོས་ནས་ཀྱང་ངོ་། །མཁན་པོ་ཟས་ཟོས་པའི་འོག་ཏུ་གནས་འཆའ་བ་ལ་སོགས་པས་དག་པར་བཀྲུས་ཏེ་གནས་སུ་གཞག །ཕ་རོལ་པོ་དང་ལྷན་ཅིག་ཏུ་སྣོད་གཅིག་ཏུ་མི་བཟའ། ཁྱིམ་པ་ལ་སོགས་པ་མང་ཞིང་མི་དབེན་པའི་སར་དགེ་སློང་གྲོགས་དང་
གཞོང་པ་གཅིག་གི་ནང་དུ་ཟན་མི་བཟའ། ལམ་དུ་སྣོད་མེད་ན་བཟའ། ལམ་དུ་ཞུགས་ཏེ་སྣོད་ཀྱིས་ཕོངས་ན་གཞོང་པ་གཅིག་གི་ནང་དུ་མི་གཉིས་བཟར་རུང་། དགེ་སློང་དང་ངོ་། །མདོ་ལྟག་མ་ལྟར་གཉིས་སྣོད་གཅིག་གི་ནང་དུ་བཟར་རུང་བའང་དགེ་སློང་དང་བཟར་རུང་གི་དགེ་སྦྱོང་
དང་བཟར་མི་རུང་ངོ་། །གཞན་གྱི་ལག་བཏེག་ནས་བདག་གིས་གཞུག །མདོ་ལྟག་མ་ལྟར་སྣོད་གཅིག་གི་ནང་དུ་ཟ་བའི་ཚེ་ལག་པ་འདོམ་པར་འགྱུར་བའི་ཕྱིར་ཕ་རོལ་གྱི་ལག་པ་གཏེག་ནས་བདག་གིས་གཞུག །དགེ་སྦྱོང་དང་ལྷན་ཅིག་ཏུའང་གཞན་བཞིན་དུ་མི་རུང་།
Vol. 165 · folio 284a
སྣོད་མེད་ཀྱང་དགེ་སྦྱོང་དང་ལྷན་ཅིག་མི་བཟའི་སྤགས་ཏེ་སྦྱིན། ཟན་གུད་དུ་མི་གྲུབ་ན་བྱིན་ལེན་མ་ཞིག་པར་བྱས་ཏེ་ལྷན་ཅིག་ཟོས་ཀྱང་ཉེས་མེད། བརྟག་པ་བསྒོངས་ཏེ་སྦྱིན། ལམ་དུ་ཞུགས་པའི་ཚེ་མི་ཐོགས་པར་བྱ་བའི་ཕྱིར་གཡོག་ལ་སོགས་པ་ལ་ཟན་ཟོས་
ཤིག་པར་བསྒོའོ་ཞེས་བྱི་ཛ་ཡ་བར་མས་བཤད། དགེ་སྦྱོང་ཟས་གུད་དུ་སྦྱིན་ན་མི་འབྲུལ་བར་སྦྱིན་ཞེས་བྱི་ཤུ་ཏས་བཤད། གཉེན་བསམ་པས་གསོལ་ན། ཐམས་ཅད་དུའང་དབེན་པའི་ས་ཕྱོགས་སུའོ། །གཉེན་ཞིག་གིས་ང་དང་ལྷན་ཅིག་མི་བཟའ་མི་རུང་ཞེས་དུས་ཀྱིས་བཙུས་ཏེ་
གསོལ་ན་སུས་ཀྱང་མི་མཐོང་བར་དབེན་པའི་ཕྱོགས་སུ་བཟའ། བྱིན་ལེན་མ་ཞིག་པ་དང་ཡང་བྱིན་ལེན་མ་བླངས་པ་དང་མ་འདྲེས་པར་བསྲུང་། མདོ་ལྟག་མ་ལྟར་ཁྱིམ་པ་ལ་གཉེན་ནམ་དགེ་སྦྱོང་དང་ལྷན་ཅིག་ཏུ་སྣོད་གཅིག་ཏུ་བཟའ་བའི་ཚེ་བདག་གི་ལག་པ་གཡོན་པས་སླེའུའམ་གཞོང་པའི་
མཐེ་མ་མ་ཤོར་བར་གཟུང་ལ་ལག་པ་གཡས་བྱིན་ལེན་བྱས་ཏེ་བཟའ། ལྷམ་དང་བཅས་ཏེ་མི་བཟའ། ཟན་ཟ་བའི་ཚེ་ལྷམ་མི་བགོའོ། །ནད་པས་མནན། ནད་པས་ནི་ལྷམ་ཕུད་ལ་ཟན་ཟ་བའི་ཚེ་ས་གྲང་མོ་ལ་སོགས་པས་གནོད་པར་འགྱུར་བའི་ཕྱིར་ལྷམ་རྐང་པའི་འོག་ཏུ་མནན་ཏེ་བཟའ།
སྒྲེན་མོའམ་གོས་གཅིག་པར་མ་ཡིན་སྒྲེན་མོའམ་ཁྱེད་རེངས་སུ་བྱས་ཏེ་ཟན་མི་བཟའ། ནད་པ་ལ་ནི་ལྟུང་བ་མེད་དོ། །ནད་པ་ནི་ཁྱེད་རེངས་མ་དང་སྒྲེན་མོར་ཟོས་ཀྱང་ཉེས་མེད་དོ། །གཡོག་གིས་འདི་དབེན་པར་བྱ། མདོ་ལྟག་མ་ལྟར་ནད་པ་སྒྲེན་མོ་ཟ་བའི་ཚེ་ནད་གཡོག་གིས་སྦྲའམ་གུར་ལྟ་
བུ་ཕུབ་སྟེ་སུས་ཀྱང་མི་མཐོང་བར་བྱ། ནུས་ན་རྔུལ་གཟན་ལ་གནས། ནད་པ་མི་ནུས་ན་རྔུལ་གཟན་ཙམ་གྱོན་ཏེ་ཟས་ཟོས་ཀྱང་ཉེས་མེད། ཕྱོགས་དབེན་པར་རོ། །མདོ་ལྟག་མ་ལྟར་རྔུལ་གཟན་ཙམ་གྱོན་ཀྱང་མི་ནུས་ན་ནད་གཡོག་གིས་དབེན་པར་བཞག་སྟེ་ཟན་སྦྱིན། ཟ་བའི་ཕྱིར་འདུག་
པ་ལ་འདི་དང་འོ་ན་བྱིན་ལེན་ཞེས་འདྲིམ་པ་ལ་མི་བསྒོ། མི་ན་བར་ཟན་ཟ་བའི་ཚེ་ཟས་འདི་དང་འདི་འདོད་ཅེས་འདྲིམ་པ་ལ་བསྒོ་ཞིང་མི་བསླང་། ལྟུང་བ་མེད་ན་ནད་པ་དང་འབྱོར་པ་སྟེ། ནད་པས་ནི་ཟས་གང་འདོད་པ་བསླངས་ཀྱང་ཉེས་མེད་དོ། །འདི་ལྟ་སྟེ་མི་གཞན་པ་ལ་བཅོས་པ་དང་།
Vol. 165 · folio 284b
ནད་པ་རླུང་ནད་ཆེ་བ་དང་གྲང་པའི་ནད་ལ་ཁ་ཟས་དྲོད་བག་སློང་བའང་ཉེས་མེད། མེ་དྲག་པ་ལ་གཟེན་པ་པོའོ། །ཚ་བའི་ནད་ཀྱིས་བཏབ་པ་ལ་ཁ་ཟས་གྲང་བག་བསླངས་པའང་ཉེས་མེད། ནད་པའི་འདུ་ཤེས་སུ་བདག་ནད་པ་དང་། ཟས་བཟའ་བ་སྨན་དུ་འདུ་ཤེས་པར་གཞག །ཟས་ཟ་བའི་
ཚེ་བདག་ནི་ནད་པ་ཡིན་ཟན་ནི་སྨན་ཡིན་པར་བསམས་ཏེ་བཟའ། དྲན་པ་ཡང་ངོ་། །ཟས་ཟ་བའི་ཚེ་བསམས་པའི་རྒྱུད་མ་བརྗེད་པར་བྱས་ཏེ་ཟ་བ་དང་ཐུ་ཐུ་ཧུ་ཧུ་ལ་སོགས་པ་བྱས་སམ་མ་བྱས་དྲན་པར་བྱ་སྐྱེས་པ་དང་འདྲ་བ་དང་། ཟས་བཟའ་བའི་ཚེ་མི་གཙང་བ་ལས་སྐྱེས་པར་བསམས་ཏེ་མི་
ཆགས་པར་བཟའ། འབྲས་དང་ཁ་ཟས་ལ་སོགས་པ་སྲིན་བུ་དང་སྐྲ་དང་མི་ལྤགས་འདྲ་བར་བསམས་ཏེ་མི་ཆགས་པར་བསམ། གྱུར་པ་དང་། ཁ་ཟས་ཟོས་ནས་སྨེ་བ་དང་མི་གཙང་བར་གྱུར་པར་བསམས་ཏེ་མི་ཆགས་པར་བཟའ། དགྲ་དང་། ཟས་ཀྱི་ཕྱིར་གཅིག་ལ་གཅིག་གསོད་ང་
དང་གནོད་པར་བྱེད་པས་དགྲ་དང་འདྲ་བར་བསམ། ཟག་པ་དང་། ཟས་འདི་ཟོས་ནས་སླད་རོལ་ཆེ་ཆུང་ལྟ་བུར་ཟག་སྟེ་འགྲོ་བས་མི་རྟག་པ་དང་བཙོག་པར་བསམས་ཏེ་བཟའ། རྐྱེན་དག་གིས་ཆོ་ག་དང་། ཁ་ཟས་འདི་ནི་མི་དང་ཕྱུགས་ལ་སོགས་པས་ཉོན་མོངས་པར་བརྩལ་ཞིང་རྨོས་པ་ལས་སྐྱེས་པ་
ཡིན་པས་མི་ཆགས་པ་དང་མི་གཙང་བར་བསམས་ཏེ་བཟའ། བརྩལ་བ་དང་། ལས་དང་ཉོན་མོངས་པ་སྤྱད་དེ་ཟས་རྙེད་པ་ཡིན་པས་དཀའ་བ་ལྟ་བུར་བསམས་ཏེ་བཟའ། དབང་གཞན་ལ་ལུས་པ་དང་། ཟས་ཟ་བའི་ཚེ་ཡོན་བདག་རྒྱལ་པོ་ལྟ་བུ་ཞིག་གིས་བྱེད་ནའང་ཡོན་བདག་དགའ་ན་
ནི་སྟེར། མི་དགའ་ན་ནི་མི་སྟེར། བྲམ་ཟེ་དང་ཁྱིམ་པ་ལྟ་བུ་ཞིག་ལ་སློང་བའི་ཚེའང་དགའ་ན་ནི་སྟེར། མི་དགའ་ན་ནི་མི་སྟེར་བས་དབང་གཞན་ལ་ལུས་པར་བསམས་ཏེ་བཟའ། ནད་པའི་དང་བཅས་པ་དང་། ཟས་ཟ་བའི་ཚེ་ཁ་ཟས་སྨན་དུ་འགྱུར་བ་དང་། སྨན་དུ་མི་འགྱུར་བ་གཉིས་
བསྲེས་ཏེ་ཟོས་ནའང་ནད་དུ་འགྱུར་ཁ་ཟས་སྔ་མ་མ་ཞུ་བར་ཕྱི་མ་ཟོས་ནའང་ནད་དུ་འགྱུར། ཕྱི་དྲོ་ཟས་ཟོས་ནའང་ནད་དུ་འགྱུར་བ་ཡིན་ཏེ་ཟས་འདི་ཟོས་ནས་ནད་དུ་འགྱུར་བ་ཡིན་ནོ་སྙམ་དུ་བསམས་ཏེ་བཟའ། སོ་སོར་འགྲོ་བ་རྣམས་ལ་མངོན་པར་གཞག་པ་མི་མཐུན་པར་རོ། །ཟས་ཟོས་
Vol. 165 · folio 285a
པའི་ལས་བཞི་ཆ་གཅིག་ནི་བདག་གི་ཁོང་ན་སྲིན་བུ་འདུག་པས་ཟོས་བཞི་ཆ་གཅིག་ནི་ཁོང་གི་མེས་གདུངས་བཞི་ཆ་གཅིག་ནི་ངན་སྐྱུག་ཏུ་བྱུང་། བཞི་ཆ་གཅིག་ནི་བཙག་ཏུ་གྱུར་ཏེ་ཟས་ཟ་བའི་ཚེ་འདི་ལྟར་རྣམ་བཞིར་གྱུར་པ་སོ་སོར་བསམས་ཏེ་མ་ཟོས་ན་ཉེས་བྱས།
དྲན་པ་ཉེ་བར་གཞག་པ་སྟེའོ། །བྱིན་ལེན་བྱེད་པའི་ཚེའང་གྲོང་དུ་སྨོས་པ་རྣམས་མི་གཙང་བ་དང་མི་རྟག་པར་བསམས་ཏེ་བླང་། མ་འཁྲུགས་པའི་སེམས་ཀྱིས་སོ། །ཟན་ཟ་བའི་ཚེ་སེམས་མ་འཁྲུགས་པ་དང་མི་གཡེངས་པར་བྱ་སྟེ་བཟའ། ཤེས་བཞིན་པ་དང་། ཟས་ཟ་བའི་ཚེ་
མང་པོ་བསླབ་པའི་ནང་ནས་འབྱུང་བ་ལས་འགལ་ལམ་མ་འགལ་དྲན་པར་བྱ་བ་དང་འགྲངས་པ་ལས་ལྷག་པར་མི་བླང་། སྒྲ་བསྐྱུངས་ཏེའོ། །ཟན་ཟ་བའི་ཀླག་ཆོར་དང་གད་མོ་མི་བྱ་བར་བཟའ། འདི་མི་བྱ། རྐང་ལག་དང་ཕོར་སྣོད་ལ་སོགས་པ་ཟས་ཟ་བའི་ཚེ་མི་བརྡབ། ཐུག་པ་སྒྲ་མི་
བསླང་། ཐུག་པ་འཐུང་པའི་ཚེ་ཧུབ་སྒྲ་མི་བྱ། བཀྲུམ་བཀྲུམ་སྟེ་མ་ཡིན། ཟན་ཟ་བའི་ཚེ་ཁ་ཟས་སྐམ་པོ་ཞིག་འོངས་ན་སྒྲ་བཀྲུམ་བཀྲུམ་མི་ཟེར་བར་བཟའ། སྒྲ་བྱེད་པ་ཆུ་ལ་སོགས་པས་སྤངས་ཏེའོ། །སཱུ་ཏྲ་ལྟག་མ་ལྟར་ཁ་ཟས་སྐམ་པོ་ཞིག་འོངས་ན་སྒྲར་མི་འགྱུར་བར་སྤངས་ཏེ་བཟའ།
བཟའ་བའི་ཕྱིར་བསིལ་ན་མ་ཡིན་ནོ། །རོལ་མོ་ལ་སོགས་པ་བྱེད་བཞིན་དུ་ཟས་མི་ཟ་སྟེ་སྡོད་ཅིག་ཅེས་བྱ། བཤད་པ་བྱེད་པ་ན་མ་ཡིན། དགེ་འདུན་མང་པོ་ཟས་ཟོས་ཟིན་པའི་འོག་ཏུ་གནས་བརྟན་གྱིས་སྦྱིན་པའི་བཤགས་པ་བྱེད་པའི་ཚེ་ཟན་མི་བཟའ། དེ་ཐོས་ནའོ། །སཱུ་ཏྲ་ལྟག་མ་ལྟར་
གནས་བརྟན་གྱིས་སྦྱིན་པའི་འཆགས་པ་བྱེད་པ་ཐོས་བཞིན་དུ་ཟན་མི་བཟའ། མ་ཐོས་པར་ཟོས་པ་ནི་ཉེས་མེད་དོ། །དུས་འདས་ན་ཚིགས་སུ་བཅད་པ་གཉིས་གསུམ་དུའོ། །སཱུ་ཏྲ་ལྟག་མ་ལྟར་གནས་བརྟན་ཚིགས་བཅད་ཀློག་པའི་ཚེ་ཚིགས་བཅད་ཟིན་ཟིན་དུ་བསྡང་ན་གདུགས་
ཚོད་མི་ཐུབ་པ་ཙམ་གྱི་ཚོད་ན་ཤློ་ཀ་གཉིས་གསུམ་ཙམ་བཀླག་པའི་འོག་ཏུ་ཟན་ཟོས་པ་ཉེས་མེད། ཟོས་ན་ཞལ་ནས་གསུངས་པ་བརྗོད་དོ། །དགེ་སློང་སུའང་རུང་སྟེ་ཟན་ཟོས་ཟིན་ནས་ཚིགས་བཅད་གཅིག་བྱ། སྤྱན་དྲངས་ཏེ་ཟོས་ན་སྦྱིན་པའི་བཤགས་པ་དང་ཆོས་བཤད་པ་
Vol. 165 · folio 285b
དག་བྱ། གུད་དུ་མགྲོན་དུ་བོས་ཏེ་ཟན་ཟོས་ཟིན་པའི་འོག་ཏུ་སྦྱིན་བདག་མདུན་དུ་བཞག་སྟེ་ཚིགས་བཅད་དང་ཆོས་བཤད་དག་བྱ། ཐམས་ཅད་ཟོས་པར་ཤེས་ནས་སོ། །སཱུ་ཏྲ་ལྟག་མ་ལྟར་གནས་བརྟན་གྱི་ཚིགས་བཅད་དང་ཆོས་བཤད་པ་ནི་ཟས་ཟོས་ཟིན་ནས་བྱ། བལྟ་སྟེའོ། །སཱུ་
ཏྲ་ལྟག་མ་ལྟར་གནས་བརྟན་གྱིས་སྦྱིན་པའི་བཤགས་པ་བྱ་བའི་ཚེ་ཐམས་ཅད་ཟན་ཟོས་ཟིན་ནམ་མ་ཟིན་བརྟགས་ལ་ཟིན་ན་བྱ། དུ་མའི་དང་པོས་སོ། །དགེ་སློང་མང་ཞིག་འཁོད་ཀྱང་ཚིགས་བཅད་དང་ཆོས་བཤད་པ་ནི་གྲལ་དཔོན་གྱིས་བྱ། མི་ནུས་ན་གཞན་ནུས་པ་ལ་བཅོལ། སཱུ་ཏྲ་
ལྟག་མ་ལྟར་ཚིགས་བཅད་དང་ཆོས་བཤད་ལ་སོགས་པ་གྲལ་དཔོན་གྱིས་མི་ནུས་ན་འོག་མ་ལ་བཅོལ་ཀྱང་ཉེས་མེད། དེ་སྟེ་མ་བྱས་པར་འགྲོའམ་རྐྱེན་གཅིག་གིས་ནི་དགེ་སློང་ལས་གཡོག་སྦྱིན། དགེ་འདུན་མགྲོན་དུ་བོས་པ་ལས་ཟན་ཟོས་ཀྱི་འོག་ཏུ་ཚིགས་བཅད་དབྱར་མི་སླེབས་
པར་རྐྱེན་གཅིག་གིས་འདོད་ན་གྲལ་དཔོན་ཚིགས་བཅད་བྱེད་པའི་གཡོག་བཅང་། བཅུ་ཙམ་བསྐོས་ཏེ་འདོད་ཅེས་བྱི་ཛ་ཡ་བར་མས་བཤད། གྲལ་དཔོན་གྱིས་ཚིག་སྦྱར་དུ་མི་རིངས་ཏེ། ཆོས་འཆད་པ་དང་ཚིགས་བཅད་བྱེད་པ་བསྒོ་ཏེ་འགྲོ་ཞེས་བྱི་ཤུ་ཏས་བཤད། མཐར་ན་
བཞིའོ། །སཱུ་ཏྲ་ལྟག་མ་ལྟར་གྲལ་དཔོན་གྱིས་སྦྱིན་པའི་བཤགས་པ་བྱེད་པའི་གཡོག་དགེ་སློང་བཅའ་བཅུ་ཙམ་བཞག་ཏུ་མེད་ན་དགེ་སློང་བཞི་མན་ཆད་བཞག་བྱིན་པས་ཀྱང་རྐྱེན་གཅིག་གིས་ན་ཞུས་ཏེའོ། །སཱུ་ཏྲ་ལྟག་མ་ལྟར་གནས་བརྟན་ཚིགས་བཅད་བྱེད་པ་གཡོག་ཏུ་བསྐོས་
པ་རྣམས་ཀྱང་རྐྱེན་གཅིག་བྱུང་སྟེ་རིངས་ན་དགེ་འདུན་གཞེས་ཤིག་ཅེས་ཞུས་ཏེ་རྐྱེན་སར་ཚིགས་བཅད་བྱས་ཏེ་འདོང་། སྦྱིན་པའི་བཤགས་པར་དགའ་བོ་དང་བསྙེན་དགའ་བོའི་མིང་དབྱུང་། སྦྱིན་པའི་བཤགས་པ་བྱེད་པའི་སྦྱིན་བདག་ལ་སྨོན་ལམ་བཏབ་པའི་འོག་ཏུ་དགའ་བོ་དང་
བསྙེན་དགའ་བོའི་མིང་ནས་ཕྱུང་སྟེ་ཚེ་རིང་བ་དང་བདེ་བར་ཤོག་ཤིག་ཅེས་དགེ་འདུན་གྱིས་སྨོན་ལམ་གདབ། མིད་པ་གཉིས་ཏེ་དུས་མ་ཡིན་པར་བྱུང་ན་ཐོག་མའི་གཉིས་གསུམ་པོར་ལ་ཁ་བཀྲུས་ཏེ་མིད་དོ། །ཕྱུགས་ལ་མིད་པ་གཉིས་ཡོད་དེ་ཟས་དང་ཆུ་ལ་སོགས་པ་མིད་པའང་ཐ་
Vol. 165 · folio 286a
དད་པར་ཟས་ལ་སོགས་པ་སྔར་ཟོས་ནས་མཚན་མོ་སླར་ལྡང་ངོ་། །དགེ་སློང་ལ་ལ་ཞིག་ཕྱུགས་བཞིན་དུ་ཁ་ཟས་ཟོས་པའི་འོག་ཏུ་སྐྱུག་ཅིང་སླར་ལྡང་ན་ལན་གཉིས་གསུམ་ཕྱིར་བོར་ཏེ་ཁ་བཀྲུའོ། །དེ་ཕྱིན་ཆད་མི་དོར་སླར་མིད་དོ། །འདི་ཁ་ཟས་མ་ཡིན་པ་ནི་
མ་ཡིན་ནོ། །སྐྱུག་བུ་ལྟ་བུའི་འདྲོག་ལ་ཁ་ཟས་བྱུང་ན་སླར་མིད་ཀྱི་ཕྱིར་དོར་ཏེ་ཁ་བཀྲུ། ལྟར་མིད་ན་ཉེས་བྱས། དེ་བས་ན་དུས་མ་ཡིན་པར་སྐྱུགས་པ་དང་ལངས་ནས་ནི་གཞན་གྱིས་ཀྱང་བཀྲུའོ། །སཱུ་ཏྲ་གོང་མ་ལྟར་སྐྱུག་བུའི་འདྲོག་ལ་ཁ་ཟས་འབྱུང་བ་དང་རེས་འགའ་ན་བའི་ཕྱིར་
སྐྱུགས་པ་བྱུང་བའི་འོག་ཏུ་སླར་མིད་ན་དུས་མ་ཡིན་པའི་ཟས་སུ་འགྱུར་བས་ཐམས་ཅད་ཕྱིར་བོར་ལ་ཁ་བཀྲུ། མ་བཅས་པའི་ཕྱོགས་སུ་མཆིལ་མ་མི་དོར། མཆིལ་མ་དོར་བའི་གནས་སུ་བྱས་པ་མ་ཡིན་པ་གཙུག་ལག་ཁང་ལ་སོགས་པས་བཟང་ངོ་ཅོག་ཏུ་མཆིལ་མ་མི་དོར། གཏར་
གཏར་པོ་མ་ཡིན། ས་ཐང་བུ་བཟང་པོ་གཏར་གཏར་པོར་ཕྱགས་པར་ལུད་པ་མི་དོར། དེའི་སྒྲ་ཡང་གནས་བརྟན་གྱི་མདུན་དུ་མི་བྱ། ལུད་པའི་སྒྲ་ལ་སོགས་པ་གནས་བརྟན་དང་བླ་མའི་མདུན་དུ་མི་བྱ། བཟའ་བ་མ་ཡིན། ཟན་ཟ་བའི་ཚེ་གྲོགས་པོ་ལ་སོགས་པ་སྐྱུག་བྲོ་བའི་ཕྱིར་ལུད་
པའི་སྒྲ་མི་བྱ། ཡང་ཡང་དུ་ནི་ལྷག་མ་ལའང་མ་ཡིན། གནས་བརྟན་གྱི་འོག་མའི་མདུན་དུ་ལན་འགའ་ནི་མ་གཏོགས་ཏེ་ལན་མང་དུ་ལུད་པའི་སྒྲ་མི་བྱ་ཞེས་བྱི་ཤུ་ཏས་བཤད། དགེ་སློང་གྲོགས་པོའི་མདུན་དུ་ཟས་མི་ཟ་བའི་ཚེའང་ལུད་པའི་སྒྲ་ལ་སོགས་པ་འདོད་འདོད་དུ་མི་བྱ་ཞེས་བྱི་ཛ་
ཡ་བར་མས་བཤད། མི་ནུས་ན་གཞན་དུ་འགྲོའོ། །ལུད་པ་དང་མཆིལ་མ་ལ་སོགས་པ་འདོད་འདོད་འོངས་ཏེ་དེ་དགག་ཏུ་མི་བཏུབ་ན་གནས་དབེན་པར་སོང་སྟེ་ས་མི་གཙང་བར་མཆིལ་མ་དོར། གཞན་ལ་མི་བདེ་བར་མི་བྱ། ལུད་པ་འདོར་བ་ནི་གཞན་ལ་ཆགས་པ་དང་གཞན་ལ་མི་
མཛེས་པར་མི་དོར། སྔུར་ཅིང་མི་ཉལ། གྲོགས་བསམ་གཏན་བྱེད་པ་ལ་གནོད་པའི་ཕྱིར་སྔུར་བཞིན་དུ་མི་ཉལ། བཅག་གམ་གཞན་དུ་འགྲོ །ལྟག་མ་ལྟར་སྔུར་པ་འབྱུང་བ་ནི་གན་རྐྱལ་དུ་ཉལ་ན་སྔུར་པ་འབྱུང་སྟེ་གློས་ཉལ་ན་སྔུར་བ་མི་འབྱུང་སྟེ་དེ་ལྟར་སྔུར་པ་བྱུང་ན་གྲོགས་ལ་
Vol. 165 · folio 286b
མི་གནོད་པའི་ཕྱིར་འཆག་ཏུ་འགྲོ། །དེའི་སྣོད་འོག་བ་ལང་གི་རྨིག་པ་ལྟ་བུའམ་གཞི་དང་བཅས་པའོ། །ནད་པ་གུད་དུ་འགྲོ་མི་ནུས་ན་མཆིལ་མ་དོར་བའི་གཞི་བ་ལང་གི་རྨིག་པ་ལྟ་བུའི་ཆོལ་ཟངས་བཅང་། འདི་ཉེ་བར་གཞག །ཆོལ་ཟངས་ནད་པའི་གམ་དུ་གཞག །འདིར་
གདིང་བ་སྦྱིན་ཏེ་ས་ཚིག་པའམ་བྱེ་མའམ་ཐལ་བས་སོ། །ཆོལ་ཟངས་ཀྱི་ནང་དུ་བྱེ་མའམ་ཐལ་བ་བཏིང་སྟེ་བཞག་པའི་སྟིང་དུ་མཆིལ་མ་དོར། སྦྲང་མ་དག་སྤངས་པར་ཐབས་ཀྱིས་སོ། །ཆོལ་ཟངས་ཀྱི་ནང་དུ་སྦྲང་མ་མི་འདུ་བར་བྱ་བའི་ཕྱིར་སྦྲང་ཡབ་བཅངས་ལ་བསྐྲད། དྲི་ང་བ་
མེད་པའི་ཕྱིར་དང་སྲོག་ཆགས་སུ་མི་འགྱུར་བར་བྱ་བའི་ཕྱིར་དུས་དུས་སུ་བཀྲུ་བསྐམ། ལྟག་མ་ལྟ་བུ་ཆོལ་ཟངས་མཆིལ་མའི་དྲི་མི་ཞིམ་པ་དང་སྲིན་བུར་འགྱུར་བའི་དུས་དུས་སུ་བཀྲུ་ཞིང་བསྐམ། དེའི་དུས་ཀྱི་ཕྱིར་གཞན་གཞག །ལྟག་མ་ལྟར་བཀྲུ་ཞིང་སྐམ་པའི་ཚེ་འཐེབ་གཞན་གཅིག་
བྱས་ཏེ་གཞག །མི་བྲེལ་བའི་ཕྱིར་གཙུག་ལག་ཁང་གི་གྲྭ་བཞིར་ཀ་བའི་དྲུང་དུ་མཆིལ་མའི་སྣོད་གཞག །གཙུག་ལག་ཁང་ན་དགེ་འདུན་གྱི་སྤྱིར་གྲྭ་བཞིར་མཆིལ་མའི་སྣོད་རེ་རེ་གཞག་ན་དགེ་སྦྱོང་ཡན་ཆད་གནས་བརྟན་མན་ཆད་མཆིལ་མ་དོར་བར་བྱ། ཆོལ་ཟངས་ཀྱི་གཞིའང་གཞག་བྱེ་
མས་གདིང་བའང་ལྟག་མ་དང་འདྲ། སྒྲ་དང་བཅས་པའི་རླུང་གི་ལས་མི་བྱ། མི་མང་པོ་འདུས་པའི་ནང་དུ་ཕྱེན་སྒྲ་ཆེན་པོ་མི་གཏོང་། ཤིང་དྲུང་དུ་བཤང་བ་དང་གཅི་བ་མ་ཡིན། ཤིང་གང་ཡང་རུང་ཤིང་དྲུང་དུ་བཤང་གཅི་མི་བྱ། ཐང་ལ་དེས་མཚམས་མེད་པ་ནི་མ་གཏོགས། ཐང་རྩྭ་དང་
ཤིང་ལེབ་ཤེ་དག་གིས་ཡོག་པ་ཞིག་ཡིན་ན་དབེན་པར་བཤངས་ཀྱང་ཉེས་མེད། ཚེར་མ་ཅན་ཡང་ངོ་། །ཤིང་ཚེར་མ་ཅན་གྱི་དྲུང་མི་སུའང་མི་གནས་པས་དེར་བཤངས་ཀྱང་ཉེས་མེད། ཕྱི་ས་ཀུང་བ་བྱ། གཙུག་ལག་ཁང་གི་འཁོར་དུ་བཤང་གཅི་བྱ། དེ་སྟེ་གཙུག་ལག་ཁང་གི་ནི་ནུབ་བྱང་
གི་ངོས་སུའོ། །ལྟག་མ་ལྟར་ཕྱི་ས་ཀུང་གིས་བྱ་བ་ནི་གཙུག་ལག་ཁང་གི་སྒོ་ཤར་ཕྱོགས་སུ་ལྟ་ན་ནུབ་དང་བྱང་གི་བར་དུ་བྱ། འཁྱིལ་པའམ་གཟར་བར་རོ། །བཤང་བ་ཉིད་གཞི་བཟང་པོ་ལ་བྱས་ལ་ཕྱིར་ཕྱུང་བ་ཝ་གཉིས་ཀྱི་ཁ་སྦྱར་སྦུ་བུ་ཡོད་པར་བྱས་པ་ནས་མ་དོར་རོ། །འོག་ཏུ་ཚེར་
Vol. 165 · folio 287a
མ་ཅན་གྱི་ཤིང་བསྐྱེད། བཤང་གཅི་བོར་བའི་འཁོར་དུ་སེམས་ཅན་མི་འོང་བའི་ཕྱིར་ཚེར་མ་ཅན་གྱི་ཤིང་བསྐྱེད། བུ་གུ་དང་ཉེ་བའི་སྟེང་དུ་ཤིང་ལྷམ་གཞག །བཤང་བའི་བུ་གུའི་ཁར་འདུག་པའི་ཚེ་རྐང་པ་ལ་མི་འབགས་པའི་ཕྱིར་ཤིང་ལྷམ་རེ་རེ་གཞག །རིལ་
བ་སྤྱི་བླུགས་ཀྱི་གནས་བྱ། ཕྱི་ས་ཀུང་གི་འཁོར་དུ་བཀྲུ་བའི་ཕྱིར་རོལ་པོ་གཞག་པའི་ས་བྱ། སྒོའི་མདའ་ཡབ་བྱ། བཤང་བའི་སྒོ་ཕྱེ་ནས་ཕས་མི་སྣང་བར་བྱ་བའི་མདའ་ཡབ་བྱ། སྒོའི་རེ་བཞི་སྦྱིན། ཕྱི་ས་ཁུང་གི་ཁང་བུ་ལ་སྒོའི་རེ་བཞི་བྱ། སྒོ་ལེབ་དང་ཡང་མིག་ཀྱང་ངོ་། །ཕྱི་ས་ཁུང་གི་སྒོར་
སྒོ་ལེབ་གཞུག་ཅིང་ཡང་མིག་གདགས། འཇུག་པར་འདོད་ན་སྒྲས་སོ། །འོངས་པར་མི་འཇུག །ཐོས་ན་དེར་ཞུགས་པས་ཀྱང་ངོ་། །ཕྱི་ལོགས་ནས་འོངས་པས་སྐྲ་བྱས་ན་ནང་ན་འདུག་པས་ཡོད་པར་གོ་བར་བྱ་བའི་ཕྱིར་སྒྲ་ཡང་བྱ། གོས་རབ་ཏུ་བཟུང་སྟེ་ཤེས་བཞིན་དུ་འཇུག །བཤང་གཅི་གོས་
ལ་མི་རེག་པ་དང་སེ་གོལ་གྱི་སྒྲ་བྱ་བར་དྲན་པ་མངོན་པར་གཞག །དབྱུང་དུ་འཇུག །ཕྱི་ས་བྱེད་པའི་ཚེ་ཕ་རོལ་གྱི་ཁར་མ་རེག་པར་དབུས་སུ་དོར། དལ་གྱིས་བཤང་སའི་ལྷམ་ལ་མ་རེག་པར་བྱ། བཤང་སའི་ཁན་ཤིང་ལྷམ་འདུག་པ་ལ་མི་རེག་པར་བྱ། མ་འོངས་པ་མི་བསྡད། བཤང་
གཅི་མི་བྲོ་བར་ནན་གྱིས་བཙིར་བ་མི་བྱ་བ་དང་མི་བྲོ་བར་བཤང་གཅི་སར་མི་འཇུག །བཤང་གཅི་སར་མི་འཇུག་པར་འདོང་སྒྲ་བྱ། འོངས་པར་མི་འཇུག །འོངས་པར་མི་དགག །བཤང་གཅི་འོངས་པ་ལ་མི་དགག་པར་བྱ། དེ་དང་འབྲེལ་པའི་དགོས་པ་ལས་གཞན་པ་དེ་དང་ཉེ་བར་མི་གཞག །
བཤང་གཅི་བྱ་བའི་སར་བཤང་བ་མི་བྱེད་པར་འགྲེངས་ཏེ་མི་འདུག་པ་དང་བཤང་གཅི་བཀྲུ་བ་ལས་གཞན་དེར་བཀྲུ་བཤལ་མི་བྱ། ཉིན་གཅིག་བཞིན་དུ་གཙུག་ལག་ཁང་སྐྱོང་གིས་བཀྲུ། བཤང་གཅི་སའི་ཁ་དང་འཁོར་གཙུག་ལག་ཁང་སྐྱོང་གིས་རྟག་པར་བཀྲུ། ས་དང་ལོ་མ་
གཞག་པ་ཡང་ངོ་། །རྐུབ་ཕྱི་བ་དང་བཀྲུ་བའི་ས་དང་ལོ་མ་ཡང་གཙུག་ལག་ཁང་སྐྱོང་གིས་རྟག་པར་གཞག་གོ། །ཕྱོགས་མ་ཡིན་པར་གཅི་བར་མི་བྱ། བཤང་གཅིའི་སར་བྱས་པ་མ་གཏོགས་པར་བབ་བབ་ཏུ་མི་བྱ། དུ་མར་མ་ཡིན། བཤང་གཅི་གྲངས་མང་དུ་མི་བྱ། ལྟུང་བས་
Vol. 165 · folio 287b
དོང་བརྐོ། བཤང་གཅི་དོར་བའི་སར་དོང་བརྐོ། གཟག་པའི་ཁང་བུ་བྱ། གཅིན་གཅི་བའི་གནས་ཀྱི་ས་ལོགས་ཤིག་ཏུ་བྱས་ཀྱང་རུང་། འདི་ངོས་ལའོ། །ལྟག་མའི་ས་བྱ་བ་ནི་བཤང་བའི་ངོས་ལ་བྱ། གཟུགས་པོར་རོ། །ལྟག་མ་ལྟར་ཆབ་ཁུང་དུ་བྱ་བ་ཡང་གཟུགས་པོར་བྱ། ཝ་སྦྱིན།
ལྟག་མ་ལྟར་གཟུགས་པོར་བྱ་བ་ནི་ཝ་གཟུགས། གཞན་དང་མཉམ་པར་རོ། །ལྷག་མ་ལྟར་ཕྱི་ས་ཁུང་ཆེན་པོར་འགྲོ་བར་ལ་གོས་ལ་མི་རེག་པར་སྒོ་དང་ཡང་མིག་ལ་མི་རེག་པར་བཞིན་གཅི་བའི་ཁུང་བུ་ལ་ཡང་དེ་བཞིན་དུ་བྱ། ཚད་པའི་ནད་ཀྱིས་ནི་ཁྲིའུ་བུ་གུ་ཅན་བྱའོ། །དགེ་
སློང་ནད་པ་ཡིན་ནམ་འགྲོ་མི་ནུས་ན་ཁྲིའུའི་དབུས་སུ་བུ་གུ་བཏོད་ལ་ཚད་པ་གཟག་པར་བྱ། ཁྲི་ཐག་བསྡུ། ལྟག་མ་ལྟར་གཟག་པའི་ཁྲི་ཐག་དབུས་བརྟགས་པ་ཡིན་ན་མི་རེག་པར་བྱ་བའི་ཕྱིར་ཐག་བུ་བསྡུ། མི་གྲུབ་ན་བཅད། ཁྲི་ལྟ་བུ་ཡིན་ན་དབུས་གང་དུ་དགོས་པར་ཁོ་ར་ཁོར་
ཡུག་ཏུ་དྲངས་ཏེ་གདོད། དེ་སྟེ་ན་འཁོར་དུ་ལོ་མའི་ཕུང་པོ་སྦྱིན། ཁྲིའུ་བུ་གུ་ཅན་གྱི་སྟེང་དུ་ནད་པ་ཉལ་བ་རྐུབ་ན་ན་བལ་བུའམ་ཤིང་ལོ་འཇམ་པོ་ཕ་ལོགས་ཚུ་ལོགས་སུ་གཞག །ས་མ་རུང་བར་གྱུར་པ་བསྲུང་། ཁྲིའུ་དབུས་ནས་བཤང་གཅི་བའི་འོག་གི་གཞི་མི་རུང་བར་མི་བྱ་བའི་
ཕྱིར་ཐབས་འོག་ནས་འཆད། དེ་བས་ན་འོག་ཏུ་གྱོ་མོས་སོ། །ལྟག་མ་ལྟར་ས་མི་རུང་བར་འགྱུར་བའི་ཕྱིར་ཁྲིའུའི་བུ་གུའི་ཁར་གྱོ་མོ་བཞག་སྟེ་བཤང་གཅི་དེར་བཏང་། བར་དུ་མཐོ་ན་མི་དགེ །འོག་ཏུ་གྱོ་མོ་བཞག་པ་ཁྲི་པ་དང་མི་རིག་པར་གཞག །དུས་དུས་སུ་དྲི་མི་ང་བ་ཕྱིར་
བཀྲུ་བསྐམ་ཡུངས་མར་ཚ་བས་བྱུག །གྱོ་མོ་དྲི་མི་ཞིམ་པར་འགྱུར་བའི་ཕྱིར་བཀྲུ་ཞིང་སྐམ་པ་དང་ཡུངས་མར་གྱིས་བྱུག །དེའི་དུས་ཀྱི་ཕྱིར་གཞན་གཞག །ལྟག་མ་བཀྲུ་ཞིང་བསྐམ་པའི་འཐེབ་ཅིག་གཞག །མ་གྲུབ་ན་གཞི་ལེབ་མ་གཞག །ལྟག་མ་ལྟར་གྱོ་མོ་བ་མ་རྙེད་ན་
ཤིང་ལོ་མི་ཟག་པ་བཟང་པོ་གཞག །བཤང་ས་ནས་དེའི་ཕྱིར་ཕྱི། ནའང་རུང་མི་ནའང་རུང་བཤང་ས་ནས་རྐུབ་ཕྱི། རྣོན་པོའམ་རྩ་ཐུམ་གྱིས་མ་ཡིན་ལྟག་མ་ལྟར་རྐུབ་ཕྱི་བ་རྡོའམ་ཤིང་རྣོན་པོའམ་རྩ་རྩུབ་པོས་མི་ཕྱི། རས་མ་དང་ལེབ་མ་དང་ལོ་མའི་ཕུང་པོ་དང་ཤིང་དག་གིས་དེར་དགེ །
Vol. 165 · folio 288a
མིང་གིས་སྨོས་པ་འདི་རྣམས་ཀྱིས་ན་འཇམ་ཞིང་དགེའོ། །གཉིས་སུ་སུ་དག་གིས་བཀྲུ། །ལྟག་མ་ལྟར་རྐུབ་ཕྱིས་པའི་འོག་ཏུ་ས་ལན་གཉིས་དང་ཆུ་ལན་གཉིས་ཀྱིས་བཀྲུ། སྔར་སོ་སོར་གཞག་པའི་ས་དེས་ཕྱིས་བཀྲུ་བཤང་བར་འགྲོ་བ་ནས་ཕུང་སྔར་བྱས་ལ་བཤང་ས་
པའི་འོག་ཏུ་ལག་པ་དག་པར་བཀྲུ་བའི་ས་སྤུངས་ཏེ་གཞག །དལ་གྱིས་བག་ཀྱིས་བག་ཀྱིས་ཟེར་མས་ཤིང་ལྷམ་མ་རུང་བར་མི་འགྱུར་བའི་ཕྱིར་སར་རོ། །རྐུབ་འཁྲུ་བའི་ཚེ་ཤིང་ལྷམ་ལ་མ་རེག་མ་འབགས་པར་དལ་གྱིས་བཀྲུ། གཡོན་པ་ལ་བདུན་གྱིས་སོ། །ལག་པ་གཡོན་པ་གཡས་
པས་ས་ལན་བདུན་བླུགས་ཤིང་བཀྲུ། གཉིས་ཀ་ལ་ཡང་བདུན་གྱིས་སོ། །ལག་པ་གཉིས་ཀ་ལ་ཡང་ས་ཕུང་བདུན་གྱིས་བཀྲུ། ལག་ངར་བཀྲུ། ལྟག་མ་ལྟར་ལག་པ་གཉིས་ཀར་བཀྲུས་ནས་ཆུང་ཟད་ཅིག་གིས་ལག་ངར་མན་ཆད་དག་པར་བཀྲུ། ཡང་སས་ལག་པ་གཉིས་པའོ། །
དྲུང་མོ་བཀྲུས་ནས་ཡང་ས་ཕུང་གཅིག་གིས་ལག་པ་གཉིས་ཀ་བཀྲུ། གཞན་གྱིས་རིལ་བ་སྤྱི་བླུགས་ལའོ། །དེ་ནས་ས་ཕུང་གཅིག་གིས་རིལ་བ་སྤྱི་བླུགས་དག་པར་བཀྲུ། རྐང་པ་བཀྲུ། བཤང་གཅི་བྱས་ནས་ལག་པ་བཀྲུས་པའི་འོག་ཏུ་རྐང་པ་ཡང་བཀྲུ། ཉེས་མེད་པ་ནི་ཟ་གུ་སྟེ་ཐ་
མར་ཕྱིས་མཚམས་ཏེ་འདུག་ཀྱང་ངོ་། །སྨན་རྒོད་འཐུངས་པའམ་རྟག་པར་ཚད་པ་ཟག་པ་ལ་ལན་ཅིག་ཕྱིས་ལ་ཕྱིས་སྨན་གྱི་རྗེས་ཆད་ནས་ཆུ་དྲོན་གྱིས་ཚུལ་བཞིན་དག་པར་བཀྲུ། དེ་ལས་གཞན་གྱི་ཆུ་ཡོད་ན་མ་བཀྲུས་པར་མི་འདུག །ནད་པ་མ་གཏོགས་པ་མི་ན་བར་བཤངས་པའི་
འོག་ཏུ་མ་བཀྲུས་པར་སྟན་ལ་མི་འདུག་པ་དང་བཤངས་ཏེ་ཆུ་མེད་པའི་ཡུལ་དུ་མ་བཀྲུས་ཀྱང་ཉེས་མེད། ཆུ་དང་ཕྲད་ན་ཁྲུས་ཤིག །སྨན་གྱི་དངོས་པོ་སྟེ་ཕྲན་ཚེགས་ལ་སོགས་པར་ཆུད་པའོ། །སྨན་གྱི་དངོས་པོ་རྫོགས་སོ།། །།འདི་མན་ཆད་ནི་ལས་ཀྱི་དངོས་པོ་ལ་འཆད་དེ། ཆོ་ག་ལས་
འགལ་བའི་ལས་མི་སྐྱེའོ། །དགེ་སློང་གི་ལས་བརྒྱ་རྩ་གཅིག་ལས་ཁ་ཅིག་ནི་གསོལ་བ་དང་ཞུ་བའི་ལས་གཅིག་གིས་བྱ། ཁ་ཅིག་ནི་གཉིས་ཀྱིས་བྱ། ཁ་ཅིག་ནི་གསུམ་གྱིས་བྱ་ཁ་ཅིག་ནི་བཞིས་བྱ་སྟེ་འདུལ་བ་ལས་བྱུང་བ་བཞིན་དུ་མ་བྱས་ན་ལས་སུ་མི་རུང་། མི་སྙན་པ་ཐོས་ན་མ་ཡིན་ཚུལ་
Vol. 165 · folio 288b
ནས་བྱུང་བ་དང་། ཚུལ་དུ་འཇུག་པ་དང་བསྙེན་པར་རྫོགས་པ་ལ་སོགས་པ་བྱ་བའི་ཚེ་ཁྱིམ་པ་དང་དགེ་སྦྱོང་གིས་ཐོས་ནས་ལས་སུ་རུང་སྟེ་དགེ་འདུན་ཐམས་ཅད་ཉེས་བྱས་སོ། །མི་ཆགས་པར་མི་བྱ། ལས་བརྒྱ་རྩ་གཅིག་གི་ལས་གང་བྱ་བའང་རུང་མཁན་པོ་ཤེས་པ་ལ་མ་དྲིས་པར་
ལས་བྱས་ན་ལས་སུ་ཡང་མི་རུང་ལ་དགེ་འདུན་ཡང་ཉེས་བྱས་སོ། །གསོལ་བ་དང་། ལས་བརྒྱ་རྩ་གཅིག་ལས་གསོལ་བའི་ལས་གཅིག་དང་གཉིས་དང་གསུམ་གྱིས་ལས་བྱ་བ་དང་། ཀློག་པ་དང་། ཞུ་བ་ལན་གཅིག་གམ་ལན་གཉིས་སམ་ལན་གསུམ་དང་། སོ་སོར་ཐར་པ་
འཆད་པ་དང་། ཟླ་བ་ཕྱེད་ཅིང་སོ་སོར་ཐར་པ་འཆད་པའི་ཚེ་སེང་གེའི་ཁྲི་ལ་འདུག་སྟེ་འཆད་པ་དང་། དབྱུང་བ་དེའོ། །ཚུལ་ནས་བྱུང་བ་ལ་སོགས་པ་དེ་ལྟག་ཏུ་ཆོ་ག་བཞིན་དུ་མ་བྱས་ན་ལས་མི་སྐྱེ་ཞེས་བྱ་བ་ནི་འདི་རྣམས་སོ། །ཆོས་མ་ཡིན་པར་མི་བྱ། གཙུག་ལག་ཁང་ནས་བསྐྲད་པ་
དང་ཚར་བཅད་ཅིང་བརྒྱད་པ་ལ་སོགས་ཏེ་ལས་གང་བྱའང་རུང་ཐོག་ཏུ་མ་བབ་པར་བྱས་ན་ལས་སུ་ཡང་མི་རུང་ལ་དགེ་འདུན་ཡང་ཉེས་བྱས་སོ། །ཐ་དད་དུ་མ་ཡིན། མཚམས་གཅིག་གི་ནང་ན་ལས་སུ་བྱའོ་ཅོག་དགེ་སློང་ནའང་རུང་དད་པ་མ་བླངས་པར་ལས་སུ་བྱས་ན་ལས་སུའང་མི་རུང་
ལ་དགེ་འདུན་ཀྱང་ཉེས་བྱས་སོ། །མང་པོ་མ་ཡིན། དགེ་སྦྱོང་ཡང་རུང་དགེ་སློང་ཡང་རུང་སྟེ་གསུམ་མན་ཆད་ལྷན་ཅིག་འབྱུང་དུ་རུང་གི་བཞི་ཡན་ཆད་རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པར་མི་རུང་བ་བསྐྲད་པ་དང་བརྒྱད་པ་ཡང་བཞི་ཡན་ཆད་ལ་མི་བྱ། དགེ་འདུན་དུ་མ་གྱུར་པས་མ་
ཡིན། དགེ་འདུན་བཞི་ཡན་ཆད་དུ་མ་ཚང་བས་ལས་བརྒྱ་རྩ་གཅིག་ལས་གང་བྱས་ཀྱང་ལས་སུ་མི་རུང་། དགེ་འདུན་གྱི་ལས་བྱ་ཞེས་བྱ་བ་མ་གཏོགས་པ་ནི་གང་ཟག་གིས་བྱས་ཀྱང་རུང་། དབྱུང་བ་ནི་ཉི་ཤུ་ལ་སོགས་པ་དགེ་འདུན་གྱིས་སོ། །དགེ་འདུན་གྱི་ལྷག་མ་བྱུང་བ་ནི་དགེ་སློང་
ཉི་ཤུ་ཡན་ཆད་མ་འདུས་ན་བྱུང་བར་མི་ཆུད་དོ། །བསྙེན་པར་རྫོགས་པར་ནི་བཅུ་ལ་སོགས་པའོ། །བསྙེན་པར་རྫོགས་པ་ནི་དགེ་སློང་བཅུ་ཡན་ཆད་འདུས་ཏེ་བྱའོ། །མཐའ་འཁོབ་ཏུ་མི་འགྲུབ་ན་ལྔ་པ་འདུལ་བ་འཛིན་པ་ལ་སོགས་པའོ། །ལྟག་ཏུ་ཡུལ་གྱི་དབུས་སུ་ཞེས་བསྔོས་
Vol. 165 · folio 289a
པ་དེ་ཕན་ཆད་ནི་མཐའ་འཁོབ་ཏུ་བརྩིས་ཏེ་མཐའ་འཁོབ་དེར་དགེ་སློང་འདུལ་བ་འཛིན་པ་གཅིག་དང་ལྔ་ཡན་ཆད་ཀྱིས་བྱར་རུང་སྟེ་དེ་ཡང་གཞན་མེད་ནའོ། །ལྟག་མ་ནི་བཞི་ལ་སོགས་པའོ། །ལྟག་མའི་ལས་གཉིས་མ་གཏོགས་པ་ནི་གཞན་དགེ་སློང་བཞི་ཡན་
ཆད་འདུས་པས་བྱར་རུང་ངོ་། །དགེ་སློང་མའི་ལས་དང་ནི་ཐ་དད་དོ། །དགེ་སློང་མའི་ལས་བྱ་བ་ནི་དགེ་སློང་དང་མི་མཐུན་ཏེ་འོག་ནས་འཆད། འབྱུང་བ་ནའང་དགེ་སློང་གི་དགེ་འདུན་གྱིས་སོ། །དགེ་སློང་མ་ཚུལ་ནས་འབྱུང་བའི་ཚེ་དགེ་འདུན་སྡེ་གཉིས་འཚོགས་ཏེ་བྱུང་ངོ་། །གསོ་སྦྱོང་ལ་
འདུ་བ་འབྱོར་ནས་དེས་སོ། །དགེ་སློང་མའི་གསོ་སྦྱོང་དགེ་སློང་གིས་གནང་ལ་དགེ་སློང་མའང་དགེ་འདུན་དུ་ཚང་ན་གསོ་སྦྱོང་བྱར་རུང་ངོ་། །དད་པ་དང་། གསོ་སྦྱིན་རྙེག་པར་དེ་དང་བསྒྲུབ། གནས་བརྟན་མན་ཆད་ལ་བདག་ཅག་གསོ་སྦྱོང་བགྱི་ཞེས་གསོལ་ནས་དགེ་འདུན་གྱིས་དད་པ་བྱིན་
ན་གསོ་སྦྱོང་བྱར་རུང་། མ་བྱིན་ན་མི་རུང་། དེ་ལ་གཏོགས་པ་གཉིས་ཏེ། ལྟག་མ་ལྟར་དགེ་འདུན་ལ་དགེ་སློང་མ་དད་པ་ལེན་པ་ནི་དགེ་སློང་གཉིས་འདུས་ཏེ་བླངས་ཀྱང་རུང་ངོ་། །འདི་ནུས་པ་དག་གིས་སོ། །ལྟག་མ་ལྟར་དད་པ་ལེན་པའི་དགེ་སློང་མ་ཆོས་ཤེས་པ་དང་ཚིག་གསལ་བ་དག་
གིས་བླང་ངོ་། །མེད་ན་གཅིག་གིས་ཀྱང་ངོ་། །ལྟག་མ་ལྟ་བུའི་དགེ་སློང་མ་མཁས་པ་གཉིས་མེད་ན་མཁས་པ་གཅིག་དང་མི་མཁས་པ་གཅིག་དང་གཉིས་ཀྱིས་བླང་དུ་རུང་ངོ་། །དགེ་འདུན་གྱི་དགེ་སློང་ལ་བསྒོ། གསོ་སྦྱོང་གི་ཚེ་དགེ་སློང་མ་དགེ་འདུན་ལ་དད་པ་གསོལ་དུ་འོངས་པ་དད་
པ་སྦྱིན་པའི་ཕྱིར་དགེ་འདུན་གྱིས་དགེ་སློང་གཅིག་ལས་སུ་བསྐོས་ཏེ་གནས་བརྟན་མན་ཆད་ལས་དད་པ་བླངས་ལ་སྒོར་བསྡད། སྒོ་ཕུགས་སུ་དེ་གནས། ལྟག་མ་ལྟར་དད་པ་བླངས་ནས་དགེ་སློང་མའང་དེ་ལེན་དུ་འོང་པའི་ཕྱིར་འཆག་ཅིང་བསྡད་དེ་དགེ་སློང་མ་འོངས་ན་དད་པ་བྱིན་གྱི་སོང་ཤིག་ཅེས་
བསྒོ། དད་པ་སྦྱིན་པའི་དགེ་སློང་དང་སྒོ་གང་ན་གནས་པ་འབྲོས་ན་དགེ་སློང་མས་མ་འབྲོས་པར་བཙུན་པ་ཚུར་སྤྱོན་ཞེས་བྱ། དེས་ཀྱང་འདི་ལའོ། །དགེ་སློང་མ་ལྟག་མ་ལྟར་འབྲོས་པ་ཚུར་ཤོག་ཅེས་བྱའོ། །མི་འབྲོས། ལྟག་མ་ལྟར་དགེ་སློང་ཕ་དང་དགེ་སློང་མ་གཉིས་ཀ་མི་འབྲོས། གང་བྲོས་
Vol. 165 · folio 289b
པར་ཉེས་བྱས། མི་ཤེས་ན་དད་པ་མིང་རུས་དྲི། དད་པ་སྦྱིན་པའི་དགེ་སློང་དང་དད་པ་ལེན་པའི་དགེ་སློང་མ་གཉིས་གཅིག་ལ་གཅིག་ངོ་མི་ཤེས་ན་སུའི་སློབ་མ་དང་མིང་དྲི། གཅིག་ཏུ་ན་དགེ་སློང་དད་པ་བྱིན་པའི་དགེ་སློང་གང་ཡིན་པ་གཞན་ལ་དྲི། མགུ་བར་བྱ་བ་དང་དབྱུང་བ་ལ་
གཉིས་འདུས་ཏེའོ། །དགེ་སློང་མ་དགེ་འདུན་གྱི་ལྷག་མ་བྱུང་བ་ཟླ་བ་ཕྱེད་མགུ་བ་བྱ་བ་དང་དབྱུང་བ་དགེ་འདུན་སྡེ་གཉིས་ལས་འབྱུང་ངོ་། །བསྙེན་པར་རྫོགས་པར་བྱ་བ་ཡང་ངོ་། །དགེ་སློང་མ་བསྙེན་པར་རྫོགས་པར་བྱ་བ་ཡང་དགེ་འདུན་སྡེ་གཉིས་ལས་རྫོགས་པར་བྱ། འདིར་དེ་དག་
བཅུ་གཉིས་ཏེའོ། །ཡུལ་གྱི་དབུས་སུ་དགེ་སློང་མ་བཅུ་གཉིས་ཡན་ཆད་དགེ་འདུན་དུ་བརྩིས་ཏེ་དེས་དགེ་འདུན་གྱི་ལས་བྱའོ། །སྡོམ་པ་གཉིས་དང་སྔོན་དུ་བཅས་པ་དང་། དགེ་སློང་མ་ཚངས་པ་སྦྱིན་པ་དང་དགེ་སློང་མའི་སྡོམ་པ་སྦྱིན་པ་གཉིས་ཀྱང་ཡུལ་གྱི་དབུས་སུ་དགེ་སློང་མ་བཅུ་
གཉིས་ལས་ཉུང་བས་མི་སྦྱིན་ནོ། །ཚད་མེད་པའི་འཁོར་གྱི་གནས་དང་། དགེ་སློང་མའི་གནས་བརྟན་ལ་གནས་འཆའ་བ་དང་རབ་ཏུ་འབྱུང་བ་ཡང་དགེ་འདུན་གྱིས་མ་གནང་བར་མི་རུང་བ་ཡིན་ཏེ་དགེ་འདུན་གྱི་གྲངས་ནི་དགེ་སློང་མ་བཅུ་གཉིས་ཡན་ཆད་ལ་བྱའོ། །སྡོམ་པ་སྦྱིན་པ་དགེ་
འདུན་གྱི་མཐའོ། །དགེ་སློང་མའི་གནས་བརྟན་ལོ་གཉིས་ཀྱི་བར་དུ་བཅད་དེ་སློབ་མ་དབྱུང་དུ་གནང་བའང་དགེ་སློང་མའི་དགེ་འདུན་བཅུ་གཉིས་ཡན་ཆད་ཀྱིས་གནང་ན་གདོད་དབྱུང་བར་བྱའོ། །བརྟག་པ་ནི་ལས་བྱེད་པས་མ་ནུས་ལ། དགེ་སློང་གིས་ཆིག་བྱས་པ་དེ་ཐོས་ནའོ། །ལྟག་
མ་དགེ་སློང་མས་ལས་བྱས་པའི་རྣམས་དགེ་སློང་མ་ཆོ་ག་མཁས་པ་མེད་དེ། ལས་བྱེད་མི་ནུས་ན་དགེ་སློང་མཁས་པ་གཅིག་ལ་གསོལ་ཏེ་དགེ་སློང་གིས་ལས་བྱས་ཀྱང་རུང་ངོ་། །ཁ་རོག་ཏུ་འདུག་ཅེས་པ་ཡན་ཆད་དོ། །ལྟག་ཏུ་དགེ་སློང་མའི་ལས་བྱ་བ་དགེ་སློང་གིས་ལས་བྱས་
ཟིན་པའི་འོག་ཏུ་དགེ་སློང་མ་གཅིག་གིས་བཟོད་ན་མ་སྨྲ་བར་འདུག་ཤིག་ཅེས་བྱས་པ་ཙམ་གྱིས་ཀྱང་ལས་སུ་ཆུད་དེ་རུང་ངོ་། །འཁོར་དུ་མ་འདུག་ན་མ་རྫོགས་པའོ། །བསྙེན་པར་རྫོགས་པ་ལྟ་བུ་ལས་བྱེད་པའི་ཚེ་དགེ་སློང་གཅིག་གིས་དད་པ་སྦྱིན་ཏེ་བཞིས་ལས་བྱས་ན་ནི་ལས་སུ་མི་
Vol. 165 · folio 290a
རུང་ངོ་། །གང་བྱེད་པ་ནི་མ་ཡིན་ནོ། །དགེ་འདུན་གྱི་ལས་བྱ་བ་གསུམ་བཀོད་ལ་གཅིག་གིས་བྱས་ནའང་མི་རུང་ངོ་། །གཅིག་ཏུ་དགེ་འདུན་གྱི་ལྷག་མ་ཉི་ཤུས་དབྱུང་དགོས་པ་ལ་དགེ་སློང་བཅུ་དགུ་དང་ལྷག་མ་བྱུང་བ་དང་ཉི་ཤུ་ཡོད་ཀྱང་ལས་སུ་མི་རུང་ངོ་། །དེ་བས་ན་དད་
པ་ཀུན་གཙང་བའི་ཆོ་ག་རྫོགས་པ་མེད་དོ། །དགེ་སློང་བཞིས་ལས་བྱེད་པའི་རིགས་པ་ལ་དགེ་སློང་གཅིག་གིས་དད་པ་བྱིན་ཏེ་ཁྱེད་གསུམ་གྱིས་གྱིས་ཤིག་ཅེས་བསྒོ་བའང་མི་རུང་ལ། ལྷག་མ་ཉི་ཤུ་དབྱུང་བ་ལ་གཅིག་གིས་དད་པ་བྱིན་ལ་བཅུ་དགུ་ལས་གྱིས་ཤིག་ཅེས་བྱས་ཀྱང་ལས་སུ་
མི་རུང་ངོ་། །འདི་མི་བླང་། དགེ་སློང་ལྷག་མ་བྱུང་བ་ཉི་ཤུར་ཚང་སྟེ་དགེ་སློང་གུད་ན་གཉིས་གསུམ་ཞིག་ཡོད་ན་དེའི་དད་པ་ལེན་པ་ཉི་ཤུའི་ནང་མི་གཏོང་། ཉི་ཤུ་ལས་ལྷག་ན་གཅིག་གར་ལས་དབྱུང་བར་མི་བསྒོ། ཚུལ་ནས་བྱུང་བའི་དགེ་སློང་བཞི་ཡོད་ན་གཅིག་ལས་བྱེད་པར་མི་
བསྒོ། དགེ་འདུན་དུ་མ་ཚང་ན་ལས་སུ་མི་རུང་ངོ་། །བསྙེན་པར་མ་རྫོགས་པ་དང་ཞིག་པ་དང་མཚམས་མེད་པ་བྱས་པ་དང་། སྡིག་པ་ལྟ་བ་དང་། ས་གཞན་དུ་གནས་པ་དང་། སོ་སོར་གནས་པ་དག་གིས་མ་ཡིན་ནོ། །ལྟག་མ་ལྟར་དགེ་འདུན་གྱི་གྲངས་སུ་མ་ཚང་པ་ལ་མིང་གིས་
སྨོས་པ་འདི་རྣམས་ཀྱི་དགེ་འདུན་གྱི་གྲངས་སུ་མི་བསྣན་ཏོ། །འཁྲུལ་པ་དང་བཅས་པ་ཡང་ངོ་། །ཚུལ་ཁྲིམས་དང་མི་ལྡན་པས་དགེ་འདུན་གྱི་གྲངས་མ་ཚང་བར་བསྣན་ཀྱང་དགེ་འདུན་གྱི་གྲངས་སུ་མི་ཆུད་དེ་སཱུ་ཏྲ་འོག་མ་ལས་འཆད་དོ། །སྡོམ་པར་བྱེད་པས་ཀྱང་ངོ་། །ལྟག་མ་
མན་ཆད་ཉེས་བྱས་ཡན་ཆད་གཅིག་ཡོད་ན་དགེ་འདུན་གྱི་གྲངས་སུ་བསྣན་དུ་མི་རུང་ཡིད་ལ་ཉེས་པ་ཞིག་བྱས་པའང་རུང་། བསྔོས་པས་ན་ཚང་བར་འགྱུར་རོ། །ལྟག་མ་ལྟར་ཉེས་པ་བྱུང་བ་ཅི་ཉེས་པ་དམིགས་ནས་གྲོགས་ལ་མཐོལ་ཏེ་དཔང་བཙུགས་ན་དགེ་འདུན་གྱི་གྲངས་སུ་ཆུད་དོ། །
གཅིག་ཏུ་ལྟུང་བ་སྤྱིར་བསྔོ་ནའང་རུང་། ནུས་ན་མ་ཡིན། ལྟག་མ་མན་ཆད་ཡིད་ཀྱི་ཉེས་བྱས་ཡན་ཆད་ལ་ལྷག་མ་དང་སྤངས་པ་གཉིས་ནི་བཏགས་པ་བྱས་པས་ཆོག །ལྟུང་བ་མན་ཆད་ནི་འཕྲལ་དུ་མཐོལ་ཏེ་གདོད་དགེ་འདུན་གྲལ་དུ་འཇུག་གོ། །དེའི་ཚེ་ནུབ་པ་འབའ་ཞིག་གི་ལྟུང་བ་
Vol. 165 · folio 290b
དང་སོ་སོར་མཐོལ་བ་དང་ཉེས་བྱས་པ་དང་། འཕྲལ་དུ་མཐོལ་དུ་རུང་བ་ནི་དགུ་བཅུ་ལྟུང་བ་དང་། སོ་སོར་མཐོལ་བ་དང་ཉེས་བྱས་པ་དང་མིང་གིས་སྨོས་པ་འདི་རྣམས་འཕྲལ་དུ་མཐོལ་དུ་རུང་ངོ་། །སླར་བྱ་བ་བླངས་ཡོད་ན་བཤགས་པ་ཙམ་གྱི་ཕྱིར་རོ། །ཉེས་བྱས་ཡན་ཆད་མཐོལ་བ་ནི་
བདག་གི་ཉེས་བྱས་འབྱུང་བ་དང་མི་མཐུན་པའི་དགེ་སློང་མཐོལ་ཚངས་བྱས་ཏེ་གཙང་མར་གྱུར་པའི་དགེ་སློང་ལ་མཐོལ་དུ་རུང་ངོ་། །ཅི་ལྟར་འདུ་ཤེས་པའི་བྱུང་བའི་ནན་ཏན་བྱའོ། །དགེ་སློང་གཅིག་ལ་ལས་བྱ་བའི་ཚེ་ཕམ་པ་འབྱུང་བར་ཤེས་སམ་དོགས་ན་ཕྱིར་ཕྱུང་སྟེ་བཏང་། ལྷག་མ་
ཞིག་བྱུང་ན་མཐོལ་ལམ་མ་མཐོལ་དྲིས་ཏེ་མ་མཐོལ་ན་མཐོལ་དུ་བཅུག་སྟེ་དགེ་འདུན་ནང་དུ་གཞུག །རིག་པ་ནི་བྱ་བ་དུ་མ་གཅིག་པུས་མ་རུང་བར་འགྱུར་བ་དང་མ་རུང་བར་མི་འགྱུར་བ་དང་། ལྟག་མ་ལྟར་དགེ་འདུན་གྱིས་མཐོང་བ་དང་ཐོས་པ་དང་དོགས་པ་ལས་ཕམ་པ་བྱུང་ནའང་བསྐྲད་
པའི་རིགས་སོ། །ལྷག་མ་ཞིག་བྱུང་ནའང་མཐོལ་དུ་བཅུག་ཏེ་དགེ་འདུན་ནང་དུ་གཞུག་པའི་རིགས་སོ། །ལྟུང་བ་མན་ཆད་ཀྱི་མཐོལ་ཚངས་བྱེད་དུ་བཅུག །དེ་དག་གིས་མི་བྱ། དགེ་སློང་དང་ཁྱིམ་པ་དང་ཆད་པ་བཅད་པ་དགེ་འདུན་གྱི་གྲངས་སུ་མི་གཞུག་ལྷག་མ་བྱེད་པའི་ཚེའང་བཤད།
དགེ་འདུན་གྱི་ལྷག་མའི་ཆད་པ་དང་མགུ་བ་བྱེད་པའི་ཚེ་སོ་སོར་ཐར་པ་འཆད་པའི་ཚེ་དགེ་སློང་གཞན་ཁ་ཐོན་མི་ཤེས་ན་འཆད་པ་དེ་ཁ་ཐོན་བྱེད་དུ་བཅུག་ཀྱང་ཉེས་མེད། འདི་ལས་གཞན་དུ་འདི་ཐོས་པར་བྱ། ལས་བརྒྱ་རྩ་གཅིག་ལས་སོ་སོར་ཐར་པ་འཆད་པ་དང་འབྱུང་བ་གཉིས་
ནི་ཕམ་པ་བྱུང་བ་དང་ཆད་པས་བཅད་པ་དང་སོ་སོར་གནས་པ་དང་བསྐྲད་པ་དང་འདི་བཞིས་མཉན་དུ་རུང་ངོ་། །མ་སྤངས་པ་དང་། རིགས་སུན་པ་དང་དགེ་འདུན་ལ་ཐལ་མོ་རྒོལ་བ་དང་དགེ་འདུན་ལྷག་མ་ལྟག་ཏུ་བྱེད་ཅིང་ཆད་པ་བྱེད་དུ་མི་བཏུབ་པ་ཁྱིམ་པ་དག་ཆོས་སློབ་པ་ལ་ཐལ་མོ་རྒོལ་
ཅིང་བསོད་ནམས་མེད་ཅེས་ཟེར་དང་འདི་བཞིན་ཕྱིན་ཆད་མི་བྱེད་ཅེས་ཟེར་ན་ལས་བརྒྱ་རྩ་གཅིག་ཉན་རུང་ངོ་། །མ་ལོག་པ་མ་གཏོགས་ཏེའོ། །ལྟག་མ་ལྟར་ཆད་པས་བཅད་པ་ཆད་པ་བྱེད་དུ་མ་བཏུབ་སྟེ་སོང་བ་ནི་མ་གཏོགས། སྤངས་ཀྱང་བདག་གིས་ལས་ལའོ། །ལྟག་མ་ལྟར་
Vol. 165 · folio 291a
སྤངས་པ་རྣམ་བཞི་བཟོད་པ་གསོལ། ཕྱིན་ཆད་མི་བགྱིད་ཅེས་ཁས་བླངས་ནས་དེ་རྣམས་དགྲོལ་ཞིང་བླངས་པའི་ལས་བྱ་བའི་ནང་དུ་ཆུད་པའི་ཉིད་ཀྱང་ནང་དུ་གཞུག་གོ། །ནང་དུ་དྲི་བའི་ཕྱིར་གསོལ་བ་ལ་སོགས་པ་སྟེ་བསྙེན་པར་རྫོགས་པར་བྱ་བ་ན་ཡང་ངོ་། །
དགེ་སློང་བདག་བསྙེན་པར་རྫོགས་པའི་ཚེ་ནི་ལས་དེའི་ནང་དུ་འཇུག་ཏུ་རུང་ངོ་། །མངོན་སུམ་དུ་བ་ནི་མིག་ལམ་དུ་བཞག་ལ་བསྙེན་པ་ཆུད་པར་བྱ་བ་དེ་བྱ་བས་སྒྲུབ། དགེ་སྦྱོང་ཞིག་ཉེས་པ་བྱས་ཀྱང་བར་དུ་མི་གཅོད་དོ་ཞེས་ཟེར་བ་དེ་དགེ་འདུན་མཐོང་ཙམ་དུ་མིག་རྒྱང་དུ་བཞག་སྟེ་ལས་
པའི་དགེ་སློང་གཅིག་གིས་ཁྱོད་མཚན་མ་བཏང་ངམ་མ་བཏང་ལན་གསུམ་དུ་བསྐོས་ཏེ་མཚན་མ་བཏང་ན་ནི་ལེགས། དེ་སྟེ་ཡང་མཚན་མ་མ་བཏང་ན་གདོད་བསྐྲད་དོ། །མངོན་སུམ་དུ་མི་འགྱུར་བ་ནི་གཙུག་ལག་ཁང་དང་། དགེ་སློང་དང་དགེ་སྦྱོང་ཆོས་ལོག་པ་ལ་བལྟས་ན་དེའི་ཁྱིམ་
དུ་དགེ་འདུན་འོག་ཁྲིམས་བཅས་ཏེ་མི་འདོང་བ་ནི་མི་དེ་མདུན་དུ་གཞག་སྟེ་མི་བྱའི་ལྐོག་ཏུ་བྱའོ། །དགེ་སློང་སྨྱོན་པ་དགེ་འདུན་གྱི་དད་པ་བྱིན་ན་ལས་བྱ་བའི་ཚེ་དད་པ་མ་བླངས་ཀྱང་རུང་། དད་པ་ནི་སྨྱོན་པས་མ་ཐོས་པར་བྱ། ཕྱག་མི་བྱ་བ་དང་དགེ་སློང་དགེ་སློང་མའི་
ཁྱིམ་དུ་རྟག་ཏུ་འགྲོ་བ་མ་སོང་ཤིག་པར་ལན་གསུམ་དུ་བསྒོས་ཏེ་མ་བཏུབ་ན་བསྐྲད་པ་ལ་དགེ་སློང་མས་ཕྱག་མི་བྱ་བར་བྱ་བ་ཡང་མ་ཐོས་པར་བྱ། གཏམ་མི་བྱ་བ་དང་། དགེ་སློང་དང་དགེ་སྦྱོང་དགེ་འདུན་ལ་འཐབ་མོ་རྒོལ་བ་དེ་དང་གཏམ་མི་བྱ་བར་དམ་བཅའ་བ་ཡང་དེ་མ་
ཐོས་པར་ལྐོག་ཏུ་བྱ། མི་སྤྱད་པའི་སྡོམ་པའོ། །ལྟག་མ་ལྟ་བུའི་དགེ་སློང་དང་མི་སྨྲ་བ་ནི་ཟས་དང་ཆོས་གཉིས་མི་སྤྱད་དེ་ཟས་མི་སྤྱད་པ་ནི་གྲལ་གཅིག་ལ་མི་འདུག །ཆོས་མི་སྤྱད་པ་ནི་ཚུལ་དུ་འཇུག་པ་དང་གསོ་སྦྱིན་དང་སོ་སོར་ཐར་པ་འཆད་པ་ནང་དུ་མི་གཞུག །
དེའི་ཕྱིར་མ་གསོལ་བར་ཀློག་པར་མི་བྱ། གསོལ་བ་དང་ཞུ་བའི་ལས་བྱ་བ་གསོལ་བ་དང་ཞུ་བ་གཅིག་བྱས་ལ་གཅིག་མ་བྱས་ན་ལས་སུ་མི་རུང་སྟེ་གཉིས་ཀ་བྱ་དགོས་སོ། །དེའི་མཚམས་སུ་ཆུད་ལ་ཁ་བསྐང་བ་རིགས་ན་ལུས་སམ་དད་པས་འཁོད་པར་
Vol. 165 · folio 291b
མ་ཞུགས་ནའོ། །གསོལ་བ་དང་ཞུ་བའི་ལས་གཉིས་སམ་གསུམ་གྱིས་ལས་བྱ་བ་གང་ཡང་རུང་སྟེ་ལྟག་ཏུ་སྨོས་པའི་ཚུལ་ཁྲིམས་དང་མི་ལྡན་པ་རྣམས་ནི་མ་གཏོགས་ཏེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་མཚམས་ཀྱི་ནང་ན་འདུག་ལ་དད་པ་མ་བླངས་དགེ་འདུན་ནང་
དུའང་མི་འདུས། མཚམས་ཀྱི་ཕྱི་རོལ་དུ་ཡང་མ་སོང་བར་དགེ་འདུན་གྱི་ལས་བྱས་ན་ལས་སུ་མི་རུང་ངོ་། །ལོག་པར་བརྗོད་ན་ཡང་ངོ་། །དགེ་སློང་གིས་བསྐྲད་པ་རྣམས་བདུན་གང་ཡང་རུང་སྟེ་བསྐྲད་པའི་ཚེ་ཡོན་ཏན་དང་མི་ལྡན་པའི་དགེ་སློང་དང་དགེ་སྦྱོང་ཞིག་ན་རེ་བསྐྲད་པའི་
མི་རིགས་ཞེས་ཟེར་ན་མི་བཙན་གྱི་ཡོན་ཏན་དང་ལྡན་པས་བསྐྲད་པའི་མི་རིགས་ཞེས་ཟེར་ན་ལས་སུ་མི་རུང་ངོ་། །གང་གིས་ལས་པ་དེ་ལས་གཞན་དུ་ནའོ། །ལྟག་མ་ལྟར་བསྐྲད་པའི་ལས་བྱེད་པའི་ཚེ་བསྐྲད་དེ་བཏང་བའི་དགེ་སློང་དེ་ཉིད་ན་རེ་ང་བསྐྲད་པ་མི་རིགས་ཞེས་ཟེར་
བ་ནི་མི་བཙན་གྱི་ཡོན་ཏན་དང་ལྡན་པ་ནི་བསྐྲད་དུ་མི་རུང་ཞེས་ཟེར་བའི་ཚིག་བཙན་ཏེ་མི་བསྐྲད་དོ། །དེ་སྟེ་ལོག་པ་དང་། དབྱར་ཚ་བའི་ཚེ་མེ་བུས་པ་ནི་ལོག་པའོ། །དགུན་གྲང་བའི་ཚེ་མེ་བུས་པ་ནི་མ་ལོག་པའོ། །དེ་བཞིན་དུ་འོག་མའི་རྣམས་ཀྱང་རིགས་མི་རིགས་སུ་
བྱའོ། །ཆོས་དང་། བསྐྲད་པར་མི་རིགས་པ་ནི་མི་བསྐྲད། སྤྱོད་ལམ་མ་འཁྲུལ་བ་ནི། དགེ་འདུན་ལས་བྱེད་པའི་ནང་ནས་དགེ་སློང་གཅིག་ལུས་མི་གཡོ་བར་ཁས་བསྐྲད་པར་མི་རིགས་སོ་ཞེས་ཟེར་ན་དེའི་ཚིག་ལྟར་བྱའམ་མི་བྱ་བ་ནི་འོག་ནས་འཆད་དོ། །རང་བཞིན་
དུ་གནས་པ། ལྟག་མའི་སྐད་དུ་སྨྲ་བའི་དགེ་སློང་དེའི་རང་གིས་དུལ་ཞིང་ཞི་བའི་ལས་སྨྲས་ན་དེའི་ཚིག་ལྟར་བྱ། ཚིག་ལ་རུབ་པ་སྟེ། ལྟག་མའི་སྐད་དུ་སྨྲ་བའི་དགེ་སློང་དེ་ཚིག་ཀྱལ་བ་ཅན་ནམ་ཕྲ་མ་ཅན་ཉན་པ་མ་ཡིན་གྱི་སྔོན་ཆད་སྨྲས་པའང་ཚིག་ལས་མི་འགལ་
བ་ཡིན་ན་དེའི་ཚིག་ལྟར་བྱ། མངོན་པར་མི་ཤེས་པ་དང་། དགེ་སློང་ལྟག་མ་སྐད་དུ་ཟེར་བ་དེ་ཅིའང་མི་ཤེས་པ་ཞིག་ཟེར་ན་དེའི་ཚིག་ལྟར་མི་བྱའི་སྡེ་སྣོད་གསུམ་ཤེས་པའི་ཚིག་ལྟར་བྱའོ། །ཁོན་ཆེན་མ་གཏོགས་ཏེ་ཐ་དད་པའོ། །བསྙེན་པར་རྫོགས་པར་བསྐྲད་
Vol. 165 · folio 292a
པའི་ལས་གང་བྱའང་རུང་སྟེ་དགེ་སློང་གཅིག་ན་རེ་ལས་འདི་ལྟར་བྱར་མི་རུང་ངོ་ཞེས་ཟེར་ན་དེའི་ཚིག་ལྟར་བྱས་ཏེ་ལས་སུ་མི་རུང་ངོ་། །བརྫུན་དུ་སྨྲ་བས་བཤམས་པའི་ཚིག་བཤམས་པ་མི་རུང་བའི་ཚིག་གོ། །སཱུ་ཏྲ་ལྟག་མ་ལྟར་ཚིག་ལ་རུབ་པ་ནི་དེའི་
ཚིག་ལྟར་མཉན། བརྫུན་དང་ལྟག་ཆོད་དང་ཕྲ་མ་ཟེར་བ་ལྟ་བུ་ནི་ཚིག་ལ་མི་རུབ་པའོ། །ཕྲ་མ་དང་ཚིག་ཀྱལ་པ་དང་ངག་རྩུབ་པོ་ཡང་ངོ་། །དེ་སྐད་ཟེར་བ་རྣམ་ཀྱང་ཚིག་ལ་མི་རུབ་སྟེ། འདི་སྐད་ཟེར་བའི་མི་དེའི་ཚིག་ནི་མི་མཉན་དེ་ལས་སུ་རུང་ངོ་། །རང་བཞིན་དུ་མི་གནས་
པ་ནི་འདི་དང་གཞན་དུ་མི་བྱ་བ་བྱེད་པ་མ་བྱས་པའོ། །དགེ་འདུན་གྱི་ལྷག་མ་མན་ཆད་ཉེས་བྱས་ཡན་ཆད་ལ་མི་སྲུང་ཞིང་ཡལ་བར་གཏོང་བ་ཞིག་ན་རེ་ལས་འདི་བྱར་མི་རུང་ཞེས་ཟེར་བའང་ལས་སུ་རུང་སྟེ་དེའི་ཚིག་མི་བཙན་ནོ། །སྤྱོད་ལམ་ལས་འཁྲུལ་བ་ནི་འགྲོ་བའི་སེམས་བརྟན་
ཏེ་དེ་བཏང་ནའོ། །དགེ་འདུན་འདུས་ཏེ་བསྐྲད་པ་ལ་སོགས་པའི་ལས་ཤིག་བྱེད་ན་དགེ་སློང་གཅིག་ལྟག་མ་ལྟར་ས་ལ་འདུག་སྟེ་བསྐྲད་པའི་རིགས་སོ་ཞེས་ཟེར་བ་ནི་བཙན་གྱི། ཁྲོས་ཏེ་ལངས་ནས་བསྐྲད་པའི་མི་རིགས་སོ་ཞེས་ཟེར་བ་ནི་དགེ་སློང་དེ་ཚུལ་ཁྲིམས་དང་ལྡན་
དུ་ཟིན་ཀྱང་དེའི་ཚིག་མི་བཙན་གྱི་བསྐྲད་པའི་ལས་སུ་རུང་ངོ་། །འགྲེངས་སྟེ་དེའི་ལུས་མ་གཡོས་པར་ཟེར་ན་དེའི་ཚིག་བཙན་ནོ། །ལྟ་བ་དགེ་འདུན་ལ་བཤགས། གསོ་སྦྱོང་དང་ཚུལ་ནས་འཇུག་ལ་སོགས་པ་དགེ་སློང་གཅིག་ན་རེ་ལས་འདི་བྱེད་པ་ལ་ཁོ་བོ་མ་
རུངས་སོ་ཞེས་ཟེར་ན་ལས་ཆོ་ག་བཞིན་དུ་བྱས་པ་ལ་ཟེར་ན་ཉེས་མེད་བྱི་ཤུ་ཏས་ནི་ཆོས་ལོག་པ་ལྟ་ནས་སླར་ཡང་དགེ་འདུན་ལ་བཤགས་ཞེས་བཤད། གཞན་ལ་མ་ཡིན་ལྟག་མ་ལྟར་ལས་བྱེད་པའི་སྤྱིར་ནི་མི་ཟེར་གྱི་གང་ཟག་གཅིག་ལ་ཟེར་ན་ཉེས་བྱས། བྱི་ཤུ་ཏས་
ནི་ལོག་པ་ལ་བལྟས་གང་ཟག་ལ་བཤགས་པ་མ་ཡིན་ཞེས་བཤད། བསྙེན་པར་མ་རྫོགས་པ་ལ་མ་ཡིན། ལྟག་མ་ལྟར་དགེ་འདུན་གྱི་ལས་བྱེད་པ་ལ་མ་རངས་ཞེས་ཟེར་བ་དགེ་སྦྱོང་དང་ཁྱིམ་པ་ལ་བྱས་ན་ཉེས་བྱས། བསྐྲད་པར་མི་རིགས་པ་ལ་མ་ཡིན། ལྟག་ཏུ་དགེ་འདུན་གྱི་ལས་
Vol. 165 · folio 292b
བྱ་བའི་ཚེ་དགེ་འདུན་གྱི་གྲངས་སུ་མི་ཆུད་པའི་རྣམས་ལ་ལྟག་མ་སྐད་དུ་དགེ་འདུན་གྱི་ལས་བྱེད་པ་ལ་མ་རངས་སོ་ཞེས་སྨྲ་ནའང་ཉེས་བྱས། ལྷག་མ་མེད་པ་མ་ཡིན། ཕས་ཕམ་པ་བྱུང་བ་ལ་ལྟག་མ་སྐད་དུ་བརྗོད་ནའང་ཉེས་བྱས། བསྐོས་པ་ཕྱུང་སྟེ་རབ་ཏུ་དགེ་བ་དང་རབ་ཏུ་མང་བ་བྱེད་
པ་བསྐོ། གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྐོས་པ་གང་ཡང་རུང་སྟེ་ལས་བྱེད་པར་མ་གུས་སམ་ལས་བྱེད་མི་ནུས་ན་ནུས་པ་མཁས་པ་ལས་སྔ་མ་ཕྱུང་སྟེ་དེ་བསྐོ། དུས་དང་ཡང་དང་ཡང་ངམ་གཞན་གཅད་པར་མི་བྱ། ལྷག་མ་ལྟར་གཙུག་ལག་ཁང་སྐྱོང་གི་ལྟ་བུ་ནུས་
པ་ཞིག་ན་ལོ་གཉིས་གསུམ་ཙམ་ཞིག་ཏུ་གྱིས་ཤིག་པར་མི་བསྐོའི་ཅི་ནུས་པར་གྱིས་ཤིག་ཅེས་བྱ། ལས་ནུས་པ་ཞིག་ན་ཁྱོད་ཀྱིས་ཡང་བྱར་མི་རུང་ངོ་ཞེས་དུས་བསྣུར་ཞིང་ནན་གྱིས་མི་གནན། གཞན་དུ་ནམ་དགོས་པ་ན་སྤངས་པ་སྦྱིན། གཙུག་ལག་ཁང་སྐྱོང་ལྟ་བུ་ཞིག་
ལས་ནུས་པ་ཡོད་ན་དེ་ན་རེ་ཁོ་བོ་གཞན་ལས་ཅིའང་མི་བསྒོ་ཞིང་གཡོག་དང་ཁང་བུ་སྦྱིན་ན་ལས་རྟག་ཏུ་བྱའོ་ཞེས་ཟེར་ན་གཡོག་དང་ཁང་བུ་སྦྱིན་ནོ། །བསྐོས་པ་མེད་ན་ཚུལ་ཤིང་བཟུང་ཞིང་བསྐོ། །དགེ་སློང་ཡོན་བདག་གིས་ཡོན་བྱིན་ཏེ་ནོར་འགོད་པའི་ཚེ་རྟག་པར་འགོད་
པའི་ལས་པ་དེ་མེད་ན་ནོར་སོ་སོར་མཉམ་དུ་བགོ་སྟེ་དགེ་སློང་དུ་ཡོད་པའི་མིང་བྲིས་ལ་མདུང་བྱས་ཏེ་སོ་སོར་བགོ །གང་བསྐང་དུ་མི་རིགས་པ་ཚུལ་ཤིང་འབྲིམ་པ་ལ་ཡང་ངོ་། །ལྟག་ཏུ་མདུང་སྦྱིན་པ་དགེ་སྦྱོང་དང་ཚུལ་ཁྲིམས་ལས་འགལ་བའི་རྣམས་ལས་མ་གཏོགས་
པར་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་གཅིག་གིས་གཡོག་སྦྱིན་ནོ། །མི་རིགས་པས་ཚུལ་ཤིང་འབྲིམ་པ་དབྱེན་དུ་མི་སྐྱེ། དགེ་འདུན་སྡེ་གཅིག་ལས་ཁ་ཅིག་ཆོས་ལོག་པ་ལ་བལྟས་ན། དགེ་སློང་གཅིག་གིས་ཚུལ་ཤིང་ཁྱེར་ཏེ་ཁྱེད་སུ་ལོག་པ་ལ་ཕྱོགས་པ་
ནི་ཚུལ་ཤིང་འདི་ལོང་ཤིག་ཅེས་བསྒོ་ན་ཚུལ་ཁྲིམས་དང་མི་ལྡན་པས་ཚུལ་ཤིང་བླངས་ཀྱང་མི་ཆུད་ཚུལ་དང་ལྡན་པས་ཚུལ་ཤིང་བླངས་ན་དབྱེན་དུ་འགྱུར་རོ། །ལས་ཀྱི་དངོས་པོའོ། །ལས་བསྐང་མི་བསྐང་གི་དངོས་པོ་སྟེ་རྫོགས་སོ།། །།
Vol. 165 · folio 293a
ལྷག་པར་བླགས་པ་མ་བྱས་པ་མ་ཡིན་ནོ། །གསོལ་བ་དང་ཞུ་བའི་ལས་དུས་བྱ་དགོས་པ་ལས་གྲངས་ལས་ལྷག་པར་བརྗོད་པ་ནི་ཉེས་མེད་དོ། །བྲིན་མ་བྱས་པའོ། །གསོལ་བ་དང་ཞུ་བའི་ལས་གྲངས་དུས་བྱ་བའི་རིག་པ་ནས་གྲངས་དེར་མ་ཚང་བར་ལས་བྱས་ན་ལས་སུ་
མི་རུང་ངོ་། །བྱེད་པ་ནི་སོང་ན་མ་རྫོགས་པའི་ལེའུ་དཀྲུགས་པའོ། །གསོལ་བ་དང་ཞུ་བའི་ལས་བྱ་བའི་ཕྱིར་རིགས་པ་ལས་གསོལ་བ་གཉིས་པ་དང་ཞུ་བ་གཅིག་ལས་བྱས་ཏེ། གསོལ་བ་གཅིག་བྱེད་པའི་ཚེ་གྲལ་ནས་དགེ་འདུན་ཁ་ཅིག་ལངས་ནས་དོང་ན་ལས་སུ་མི་རུང་ངོ་། །རྫོགས་
ཀྱང་དེའི་ལས་ཀྱི་དགེ་འདུན་གྱི་ཚད་དུ་འདུག་པ་མ་ལུས་ནའོ། །དགེ་འདུན་གྱི་ལྷག་མ་དབྱུང་བ་དང་བསྙེན་པར་རྫོགས་པའི་ལས་བྱེད་པ་སྔར་དགེ་འདུན་གྲངས་ཚང་ཞིང་འདུག་པ་ལས་གསོལ་བ་དང་ཞུ་བ་གཉིས་བྱས་ཏེ། ལས་མཇུག་མ་རྫོགས་པར་གྲལ་ནས་ཁ་ཅིག་དད་པ་བྱིན་ཏེ། སོང་ན་ཕྱི་མ་
དགེ་འདུན་དུ་མ་ཚང་ན་ལས་སུ་མི་རུང་ངོ་། །ལུས་ན་མ་ཡིན། དགེ་འདུན་གྱི་ལྷག་མ་དབྱུང་བ་ལྟར་དགེ་འདུན་ཉི་ཤུ་རྩ་ཞིག་འདུས་ཏེ། འདུག་པ་ལས་ལས་ཀྱི་མགོ་བརྩམས་ཏེ་མ་ཟིན་པར་གྲལ་ན་ཉི་ཤུ་ནི་ལུས་དོང་བ་རྣམས་ཀྱིས་དད་པ་མ་སྦྱིན་ནའང་ལས་སུ་མི་རུང་། ཆུར་བསྣན་ནས་དེ་སྟེ་ཡང་བྱ་བར་
འདོད་ན་དགེ་འདུན་ལ་ཚིག་གིས་ཞུ་བ་ནི་ཡང་བཙུན་པ་དག་བསྟན་དང་གསོལ་བ་བགྱིའོ་ཞེས་སོ། །ལྟག་མ་ལྟར་དགེ་འདུན་གྱི་ལྷག་མ་བྱུང་བ་ལ་དགེ་འདུན་ཉི་ཤུ་འདུས་ནས་ལས་ཀྱི་མགོ་བརྩམས་ཏེ། དགེ་སློང་གཉིས་སམ་གསུམ་ལངས་ཏེ། དོང་ནས་ཕྱི་མས་ལས་བྱས་ན་ལས་སུ་མི་རུང་སྟེ།
སྒོར་སོང་བའི་དགེ་སློང་གཉིས་སླར་འོངས་ན་གཅིག་འདི་སྐད་དུ་བརྗོད་དེ་ལས་སླར་བྱའོ། །བཙུན་པའི་རྣམས་བདག་ཅག་གིས་ལས་བྱ་བ་ནི་ལས་སུ་མ་རུང་སྟེ་ད་གདོད་སླར་བགྱིའོ་ཞེས་བྱོས་ཤིག །སྤངས་པའི་ཕྱིར་བསྒོ་བ་མ་རུང་པར་བྱ་བ་དང་། དགེ་འདུན་གྱི་དབྱེན་དང་དེའི་རྗེས་སུ་ཕྱོགས་པ་
དང་རིགས་སུན་པ་དང་ངག་དཀའ་བ་དང་། བར་དུ་གཅོད་པ་ལ་བར་དུ་མི་གཅོད་ཅེས་ཟེར་བའི་དགེ་སློང་དང་དགེ་སྦྱོང་གཉིས་དང་དགེ་འདུན་གྱིས་བསྐྲད་པའི་དགེ་སློང་སུ་ལ་ནན་དས་བསྡུས་པ་ལ་དེ་ལྟར་མ་བྱེད་ཅེས་བསྒོ་བ་དང་། དགེ་སློང་མ་ཆོས་དང་འདུལ་བ་ལ་སོགས་པ་འབུལ་ལོ་ཞེས་
Vol. 165 · folio 293b
ལྐོག་ནས་འཁྱལ་བའང་དགེ་སློང་མའི་དགེ་འདུན་གྱིས་དེ་སྐད་མ་ཟེར་ཞེས་བསྒོ་བ་དང་། དེའི་རང་བཞིན་ཚོལ་བ་དང་། དགེ་སློང་ལ་ལ་ཞིག་ལྟུང་བ་བྱུང་སྟེ་ལྔ་ལས་གང་བྱུང་གཏོལ་མེད་དེ། ཐེ་ཚོམ་ཟ་ན་གང་བྱུང་རྟོག་ཏུ་གཞུག་པའི་ཕྱིར་ཟླ་བ་འགའ་བཞག་པ་དང་། སློབ་པ་དང་། དགེ་
སློང་ངམ་དགེ་སློང་མའི་སྡོམ་པ་སྦྱིན་པ་དང་། དགེ་སློང་གིས་མི་ཚངས་པར་སྤྱོད་པ་ལས་དགའ་བར་མ་ཚོར་ཏེ་མདོ་བཞིན་དགེ་འདུན་གྱི་གམ་དུ་མཐོལ་ཏེ་སློབ་པ་སྦྱིན་པ་དང་། འདུ་བ་དང་། དགེ་འདུན་དགེ་མི་དགེ་སྡེ་གཉིས་སུ་གྱུར་པ་ལས་སླར་སྡུམ་པ་དང་། དེའི་གསོ་སྦྱོང་དང་། གསོ་
སྦྱོང་གི་ཚེ་སེང་གེའི་ཁྲི་དང་ཆག་ཆག་དང་ཕྱག་དར་བྱེད་པའི་དགེ་སློང་བསྒོ་བ་དང་། མུར་འདུག་བཅངས་པ་དང་། མུར་འདུག་རབ་ཏུ་བཅངས་པ་དང་འབྱུང་བར་འོངས་པའི་ཚེ། མུར་འདུག་གི་ཆོས་སྨད་ནས་མ་དད་པར་གྱུར་པ་ཟླ་བ་འགའ་དགེ་འདུན་གྱི་འཁོར་དུ་བཞག་ཅིང་བརྟག་པ་དང་།
དེ་ལས་གཞན་པ་དང་མགུ་བར་བྱེད་པ་དང་། དགེ་འདུན་གྱི་ལྷག་མ་བྱས་ནས་ཞག་དྲུག་ཏུ་མགུ་བ་བྱེད་དུ་གཞུག་པ་དང་མགུ་བར་བྱེད་པའི་ཚེ། དགེ་འདུན་གྱི་ལྷག་མ་བྱུང་ནས་ཆད་པ་དང་མགུ་བ་བྱེད་དུ་གཞུག་པ་དང་། རྩ་བ་ནས་བརྩམས་པ་དང་། ལྷག་མ་བཅབས་པའི་ཆད་པ་བྱེད་དུ་
གཞུག་པ་དང་བཅབས་པའི་ཆད་པ་བྱེད་པའི་ཚེ། ཁུ་བ་བྱུང་ནས་རྩ་བའི་ཆད་པ་བྱེད་དུ་གཞུག་པ་དང་། རྩ་བའི་ཆད་པ་བྱེད་པའི་ཚེ་ཁུ་བ་ཕྱུང་ནས་ཡང་རྩ་བའི་ཆད་པ་བྱེད་དུ་གཞུག་པ་དང་། དྲན་པ་དང་། དྲབ་བྱ་མ་ལྱ་པུད་ཏྲ་ལ་མ་ཏྲི་བུ་མི་ནས་བསྐུར་བའི་ཚེ་དྲབ་བྱ་མ་ལྱ་པུད་ཏྲས་མི་
དྲན་ནོ་ཞེས་གསོལ་པ་ལ་ཚངས་པ་སྦྱིན་པ་དང་། མི་གླེན་པ་ལས་འདུལ་བ་སྦྱིན་པ་དང་། དགེ་སློང་སྨྱོན་པར་གྱུར་པ་ལ་ཕྱིས་སྨྱོ་བ་བྱང་སྟེ། དགེ་འདུན་གྱི་ནང་དུ་གཞུག་པ་དང་། བསྙེན་པར་རྫོགས་པར་བྱེད་པ་དང་། བསྙེན་པར་རྫོགས་པར་བྱེད་པའི་ཚེ་དང་། མཚམས་དགྲོལ་
བ་དང་། མཚམས་ལ་སོགས་པ་དགྲོལ་བ་དང་། སྨད་པའི་ལས་དང་། དགེ་སློང་ལས་བསྐྲད་པ་རྣམ་བདུན་པོ་ལྟ་བུ་ཞིག་བྱུང་སྟེ་བསྐྲད་པ་ལས་མཚམས་མ་བཏང་བར་གྱུར་པ་དང་སྨན་པ་དང་། དབྱུང་བ་ལས་ཚིག་གསུམ་མོ། །དགེ་འདུན་གྱི་ལྷག་མ་དགེ་སློང་ཉི་ཤུས་དབྱུང་བ་དང་།
Vol. 165 · folio 294a
སྤངས་པའི་ཕྱིར་ཞེས་ཟེར་བ་ནས་ཚིག་གསུམ་པོ་ཞེས་པའི་བར་དུ་སྤྱིར་འཆད་པ་དགེ་འདུན་གྱིས་ལས་འདི་རྣམས་ལྟ་བུ་གང་བྱའང་རུང་སྟེ་སྔར་ཞུ་བ་གསུམ་གསོལ་བ་གཅིག་དང་བཞིས་བྱས་པའི་འོག་ཏུ་བྱའོ། །བཏང་བ་མ་གཏོགས་ཏེ་བདག་གི་ཕྱིར་སྔགས་བྱ་བ་
རྣམས་ཀྱང་ངོ་། །དགེ་སློང་གི་ཆོས་གོས་གསུམ་དང་དགེ་སློང་མའི་ཆོས་གོས་ལྔ་དང་གོས་ལྷག་དང་ཚུལ་གྱི་ཚེ་ཞག་བདུན་པའི་སྔགས་དང་ཚུལ་ནས་འབྱུང་འཇུག་ལ་སོགས་པ་སྟེ་བདག་གི་ཕྱིར་བསྔོ་བ་ཐམས་ཅད་སྔགས་ལན་གསུམ་བཟླས་ཏེ་གདབ་པོ། །བདག་ཟན་ཟོས་ཟིན་ནས་སེམས་
ཀྱིས་བཏང་བ་ལ་ཕྱིས་སྤྱན་གཟིགས་ལྟ་བུ་ཞིག་འོངས་ཏེ་བཟའ་དགོས་ན་ལྷག་མ་བྱས་ཏེ་བཟའ་བ་ནི་སྔགས་ལན་ཅིག་བཏབ་པས་འཚལ་ཏོ། །གང་ཟག་ཕ་རོལ་པོའི་ཕྱིར་བ་ཡང་ངོ་། །གསོ་སྦྱིན་བྱ་བ་དང་ཚུལ་ནས་འབྱུང་འཇུག་དགེ་འདུན་མང་མ་འདུས་པ་དད་པ་བླངས་ནས་སླར་འབུལ་བ་
ནི་ཚིག་ལན་ཅིག་གིས་འཚལ། གང་ཟག་ལ་འབུལ་བ་ན་ཚིག་ལན་གསུམ་བཟླས་ཏེ་སྨྲ་མདུན་དུ་ཙོག་ཙོག་པོར་འདུག་པ་ལས་ཏེ་བཏང་བ་ཡང་ངོ་། །ལྟག་མ་ལྟར་དད་པ་འབུལ་བ་དགེ་འདུན་ལ་ན་འགྲེངས་ཏེ་འབུལ་གང་ཟག་ལ་འབུལ་ན་གཉིས་ཀ་ཙོག་ཙོག་པོར་འདུག་སྟེ། ཚིག་ལན་གསུམ་
བཟླས་ཏེ་དབུལ། ཞུ་བ་ཡང་ངོ་། །ཁྱིམ་པ་ཞིག་རབ་ཏུ་བྱུང་བའི་ཚེ། གསོལ་བ་བྱེད་ཅིང་ལས་པའི་དགེ་སློང་དང་རབ་ཏུ་བྱུང་བ་གཉིས་ཀ་ཙོག་ཙོག་པོར་འདུག་པ་ལ་གསོལ་བ་དང་ཞུ་བ་དང་བར་ཆད་དྲི་བ་བྱ། བསྙེན་པར་རྫོགས་པ་ན་གསང་སྟེ་སྟོན་པའི་མ་གཏོགས་པར་ཕག་གུའི་སྟེང་
དུ་རྟིང་པས་སོ། །དགེ་སློང་བསྙེན་པར་རྫོགས་པའི་ཚེ་ཕག་གུའི་སྟེང་དུ་རྐང་པ་གཉིས་ཀྱི་རྟིང་པས་མནན་ལ་ཁྲིམས་དབོག་གོ། །དགེ་འདུན་གྱི་སྤྱན་སྔར་བར་ཆད་དྲི་བ་ནི་ཕག་གུའི་སྟེང་དུ་རྟིང་པ་མ་བཞག་ཀྱང་ཉེས་མེད་དོ། །བུད་མེད་ཀྱི་ན་བར་ཚངས་ཅན་ལ་སོགས་པའོ། །དགེ་སློང་མ་
བསྙེན་པར་རྫོགས་པའི་ཚེ་དང་ཚངས་པའི་སྡོམ་པ་ནོད་པའི་ཚེ་ཕག་གུའི་སྟེང་དུ་མི་འདུག་པར་ཤིང་བལ་ཅན་གྱི་སྟན་སྟུག་པོ་བྱས་ཏེ་འདུག་ལ་ཁྲིམས་དབོག་གོ། །རང་དབང་དང་དགེ་འདུན་གྱི་རྒན་པོས་སོ། །ཆད་པ་དང་རྩ་བའི་ཆད་པ་དང་མགུ་བ་དང་འབྱིན་པའི་ཚེ་གནས་བརྟན་གཅིག་གི་མདུན་
Vol. 165 · folio 294b
དུ་ཙོག་ཙོག་པོར་འདུག་ལ་གསོལ་བ་བྱ། གཞན་གྱི་ཕྱིར་ན་འགྲེངས་ཏེ་བཏུང་ལའོ། །ལྟག་མ་ལྟར་གསོལ་བ་བྱེད་པ་དང་། བདག་ཉིད་ཀྱིས་ཁ་ཐོན་མི་ཤེས་ན་དགེ་སློང་ཤེས་པ་གཅིག་གིས་ཁ་ཏོན་སྨྲས་ཏེ་བདག་འགྲེངས་ཏེ་སྤྱི་བོ་བཏུད་ནས་གསོལ་བ་བྱའོ། །གསང་སྟེ་སྟོན་པས་ལམ་
གྱི་མདུན་དུ་གཅིག་གོ། །བསྙེན་པར་རྫོགས་པའི་ཚེ་ལྐོག་ཏུ་བར་ཆད་དགེ་སློང་གཅིག་གིས་དྲིས་ནས་དགེ་འདུན་ནང་དུ་འདུག་ལ་གཙང་ན་ཅི་ཞིག་མཆི་ཞེས་བྱ་བ་ནི་དགེ་འདུན་ནང་དུ་འདུག་ལ་སྨྲ་བ་མ་ཡིན་གྱི་དགེ་འདུན་གྱི་འདབ་ཏུ་འགྲེངས་ཏེ་བར་ཆད་གཙང་ཞེས་སྨྲའོ། །རྫས་བསྔོ་བ་ཡང་ངོ་། །
ལྷུང་བཟེད་ལ་སོགས་པ་ཡོ་བྱད་བཅུ་གསུམ་དང་གསེར་དངུལ་ལ་སོགས་པ་དང་སྨན་དང་འདི་ཐམས་ཅད་ཀྱང་འགྲེངས་ཏེ་སྔགས་གདབ་པོ། །དེ་བཞིན་དུ་རྟོག་པའོ། །གོས་ལྷག་ཐམས་ཅད་ཀྱང་འགྲེངས་ཏེ་སྔགས་གདབ་པོ། །དེ་བླངས་ཏེ་དེ་ལྟར་རོ། །ལྷག་མའི་བསྔོ་བ་དང་བརྟག་པ་
གཉིས་ཀ་ཡང་དགེ་སློང་གཉི་ཀས་ཐ་མ་ཡ་རེ་ནས་བཟུང་སྟེ་གདབ། ལྷུང་བཟེད་དང་སྨན་ལག་པ་གཡོན་པར་བཞག་ལ་ལག་པ་གཡས་པས་བཀབ་སྟེའོ། །ལྷུང་བཟེད་དང་སྨན་ཞག་བདུན་པ་དང་ཚེ་གཅིག་པ་ཐུན་པ་ལག་པ་གཡོན་པའི་སྟེང་དུ་བཞག་ལ་གཡས་པས་བཀབ་སྟེ། དགེ་
སློང་ཕ་ལོག་པོས་ཀྱང་དེ་ལྟར་བྱས་ཏེ་ལག་པ་གཉིས་རིམ་དུ་སྦྱར་ཏེ་སྔགས་གདབ་པོ། །མི་གཟུང་བ་ནི་མདུན་དུ་གཞག་སྟེ། རིན་པོ་ཆེ་གསེར་དངུལ་ལ་སོགས་པ་རེག་ཏུ་མི་རུང་བའི་རྣམས་དགེ་སློང་གཉིས་འགྲེངས་པའི་བར་དུ་གཞག་སྟེ་ལག་པ་གཉིས་ཐུར་དུ་བརྐྱང་སྟེ་སྔགས་གདབ་པོ། །ལས་
ནི་འདུག་སྟེའོ། །ལས་བརྒྱ་རྩ་གཅིག་དགེ་འདུན་གྱིས་བྱའང་རུང་གང་ཟག་གིས་བྱའང་རུང་འདུག་སྟེའོ། །དེ་ལྟར་མ་བྱས་ན་ལས་སུ་མི་རུང་ངོ་། །དགེ་འདུན་དང་གཅིག་ལ་ཡང་མ་གནས་ན་དགེ་སློང་གང་ཟག་ལ་བསྐོ། །ལས་བརྒྱ་རྩ་གཅིག་ཏུ་མ་གཏོགས་པར་ལས་གཞན་བྱོས་ཤིག་པར་
བཀའ་སྩལ་པ་དགེ་འདུན་ནམ་གང་ཟག་འདིས་གྱིས་ཤིག་པར་གསང་བར་མ་བྱུང་བའི་རྣམས་ནི་གང་ཟག་གི་ལས་བྱའོ། །སྐྱེ་བ་ནི་མི་ཉེ་ཡང་གོས་ཡིད་བརྟག་པ་དང་བཏང་བ་དང་བསྔོས་པ་ཡང་ངོ་། །དགེ་སློང་གཅིག་དགོན་པའམ་དབེན་པ་ན་འདུག་སྟེ། གྲོགས་མེད་ན་བསྔོ་བ་དང་བརྟགས་
Vol. 165 · folio 295a
པ་དད་ཆོས་གོས་སྔགས་དབྱུང་བ་བདག་གཅིག་པུས་རུང་ངོ་། །ཆོས་གོས་གུད་ན་འདུག་པ་ཞིག་སྔགས་དབྱུང་བ་ཡང་བདག་གཅིག་པུས་རུང་ངོ་། །བསྔོ་བ་དང་བརྟག་པ་གཉིས་གུད་ན་བཞག་ལ་བདག་འདི་ན་འདུག་པས་སྔགས་གདབ་ཏུ་མི་རུང་ངོ་། །སྔ་མ་མ་བཏང་བ་མ་
ཡིན། ཆོས་གོས་གསུམ་དང་གདིང་བ་སྔ་མ་མ་ཕྱུང་བར་ཕྱི་མ་གདབ་ཏུ་མི་རུང་སྟེ་སྔ་མ་ཕྱུང་ལ་ཕྱི་མ་སྔགས་གདབ་པོ། །གཅིག་པུ་བསྔོ་ན་ངག་གིས་སྨྲས། དགེ་སློང་གཅིག་པུ་དགོན་པའམ་དབེན་པ་ན་འདུག་སྟེ། ཆོས་གོས་སྔགས་ཀྱིས་གདབ་པ་སྔར་ཡིད་ལ་བདག་གཅིག་པོ་
གྲོགས་མེད་པར་དབེན་པ་ན་འདུག་གོ་སྙམ་བསམས་ཏེ་དེའི་འོག་ཏུ་སྔགས་གདབ་པའི་ཚིག་ཁར་བརྗོད་དོ། །དེ་ཐོག་མར་བསམ་པ་བསྐྱེད། སྔགས་གདབ་པའི་ཚེ་བདག་པས་རྒན་ཀྱང་རུང་གཞོན་ཀྱང་རུང་དེ་ལ་བསྟི་སྟང་གི་ཚུལ་དུ་བདག་གི་ཆོས་གོས་ཀྱི་ཚགས་བཅོས་ཏེ་གུས་པར་བྱས་ལ་
གདབ་པོ། །དགེ་སློང་དང་འགྲོགས་ན་བླ་གབ་ཕྲག་པ་ཡ་གཅིག་ཏུ་བྱས་ཏེའོ། །ཚུལ་ནས་འབྱུང་འཇུག་དང་བརྟག་པ་དང་བསྔོ་བ་ལ་སོགས་པའི་སྔགས་གྲོགས་གཅིག་དང་གཉིས་འདུག་ལ་སྔགས་གདབ་པའི་ཚེ་བདག་པས་ན་རྒན་པ་ཞིག་ཡིན་ན་ཕྲག་པ་གཡས་པ་ཕྱུང་ལ་གུས་པའི་ཚུལ་དུ་
ལས་བྱའོ། །དེར་རིགས་པ་ལ་ཕྱག་འཚལ་ཏེ་བདག་གི་དོན་སྔགས་ནི་ཚིག་གསུམ་ནའོ། །ལྟག་མ་ལྟར་བསྟི་སྟང་བྱ་བ་ནི་གུས་པར་ཕྱག་འཚལ་ལ་བདག་གིས་བསྔོ་བ་དང་བརྟག་པ་ལ་སོགས་པ་ཚིག་ལན་གསུམ་དུ་བཟླས་ཏེ་བྱའོ། །གསང་སྟེ་སྟོན་པ་ན་ཡང་ངོ་། །བསྙེན་པར་རྫོགས་པའི་
ཚེ་ལྐོག་ཏུ་བར་ཆད་དྲི་བ་ནི་ཐོག་མར་ཕྱག་འཚལ་དུ་བཅུག་ལ་དེ་ནས་བར་ཆད་དྲི་བ་དང་བར་ཆད་དྲིས་ནས་དགེ་འདུན་ལ་ཕྱག་འཚལ་ལ་བར་ཆད་གཙང་ངོ་ཞེས་བརྗོད། བསྙེན་པར་རྫོགས་པའི་ཕྱིར་འཁོད་པ་དག་ལ་སྦྱར་མ་དང་བཅས་ཀྱང་ངོ་། །བསྙེན་པར་རྫོགས་པའི་ཚེ་མཁན་པོར་གསོལ་
བའི་འོག་ཏུ་ཆོས་གོས་གསུམ་བསྐོན་ལ་དགེ་འདུན་ལ་ཕྱག་འཚལ་དུ་གཞུག་གོ། །ཐོག་མར་གསུམ། བསྙེན་པར་རྫོགས་པའི་ཚེ་བསྙེན་པར་རྫོགས་པར་འདོད་པ་དེ་དགེ་འདུན་ཐམས་ཅད་ཕྱག་ལན་གསུམ་འཚལ་དུ་གཞུག་གོ། །དེའི་ཕྱིར་ཐལ་མོ་སྦྱར་ཏེ་ཞག་ཞུ་བ་ཡང་། ཚུལ་ནས་
Vol. 165 · folio 295b
འབྱུང་འཇུག་དང་གསོ་སྦྱིན་བྱས་པའི་ཚེ། གསོ་སྦྱིན་བྱ་ཚུར་ཤོག་ཅེས་ཚིག་དྲག་ཏུ་མི་བྱ་བར་བདག་པས་རྒན་ན་ཚིག་དལ་བ་དང་འཇམ་པས་བགྱིས། སྤྱོན་ཞེས་བྱ། དེ་སྟེ་གང་ཟག་དག་གི་ཕྱིར་གསོལ་བའི་ཚིག་ན་མཐར་ཐབས་དེ་ལྟ་བུ་ཤེས་སོ། །བདག་གིས་སྔོན་སྔགས་བཏབ་ཟིན་ནས་དྲུང་ན་
འདུག་པའི་དགེ་སློང་གིས་ཨཽ་པ་ཡི་ཀ་ཞེས་ལན་གསུམ་དུ་བྱའོ། །དེའི་རྗེས་སུ་དྲུང་ན་པོས་དགེའོ་ཞེས་སོ། །དགེ་སློང་གོས་བདག་པོས་ནི་དྲུང་ན་འདུག་པས་ཨཽ་པ་ཡི་ཀ་ཞེས་སྨྲས་པའི་རྗེས་ལས་དུ་ཞེས་ལན་གསུམ་དུ་བརྗོད་དོ། །རང་དབང་ཅན་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་
བ་མེད་པར་བྱས་པ་དྲན་པར་ནུས་ལ་བསྒོ་སྟེ་སྤྲོ་བས་སོ། །མིང་གིས་སྨོས་པ་འདི་རྣམས་དང་མི་ལྡན་པ་ལས་གང་ཟག་བཅུ་གཉིས་ཀྱི་ལས་བསྐོ། ལས་སུ་བསྐོས་པའི་ཚེ་མི་དེ་ལ་སྔར་དད་དམ་མ་དད་དྲིས་ཏེ་བསྒོ། །བྱས་ཟིན་ནས་བརྗོད། དགེ་འདུན་གྱི་ལས་གསོལ་བ་དང་ཞུ་བ་ལས་བྱའོ། །
ཅོག་བྱས་ཟིན་པའི་རྗེས་ལ་དགེ་སློང་ལས་པས་ལས་དེ་ལྟར་བགྱིས་ནས་དགེ་འདུན་སོ་སོ་ནས་ཅང་མི་གསུང་ན་བདག་གིས་ལས་དད་པར་འཛིན་ཏོ་ཞེས་སྨྲ། མཚམས་བཅད་པ་བཞིན་དུ་མཆོད་པར་ནན་ཏན་དུ་བྱ། མཚམས་བཅད་པ་གང་ཚུན་ཆད་བཅད་པའི་ཕྱི་རོལ་དུ་འདུག་སྟེ། མཚམས་
བཅད་པའི་ལས་བྱས་ན་མི་རུང་སྟེ། མཚམས་ཀྱི་ནང་དུ་འདུག་ལ་བྱའོ། །དེ་བཞིན་དུ་གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྐོས་པ་ཡང་མཚམས་ཀྱི་ནང་དུ་འདུག་ལ་བྱའོ། །འདུག་པར་བྱེད་པས་འདུག་པར་བསྒོ་སྟེ་གཎྜཱི་བརྡུངས་པ་དང་དྲིས་སྨྲོས་ཤིག་བསྒོ། །ཚུལ་ནས་འབྱུང་འཇུག་དང་གསོ་
སྦྱིན་པའི་ཚེ་ཆག་ཆག་དང་དཀྱིལ་འཁོར་དང་སྟན་གདིང་བའི་དགེ་སློང་གཅིག་བསྐོ། འདུ་བའི་ཕྱིར་གཎྜཱི་བརྡུངས་ན་དགེ་སློང་གཅིག་ཅིག་ན་རེ་གཎྜཱི་བརྡུངས་པ་ཅི་བྱ་ཞེས་དྲིས་ན་ལས་ཅི་བྱེད་པ་དེ་ལ་བསྟན། དེའི་ཕྱིར་དེས་སྟན་གདིང་། དགེ་འདུན་གྱིས་ལས་སུ་བསྐོས་པའི་དགེ་སློང་དེས་དགེ་
འདུན་གར་འདུ་བར་སྟན་གདིང་ངོ་། །བསྐོས་པ་དེ་དགོས་པའི་ཕྱིར་འདིའོ། །གང་ཟག་བཅུ་གཉིས་ཀྱི་ལས་སུ་བསྐོས་པ་རྣམས་ཅི་ནས་སུ་དགེ་འདུན་མགུ་བར་བྱ། ཐམས་ཅད་དུ་རྒན་རིམས་སོ། །བཤོས་གསོལ་བ་དང་ཡོན་འགོད་པ་དང་གྲལ་དུ་བཀོད་པ་དང་ཕྱག་འཚལ་བ་ལ་སོགས་
Vol. 165 · folio 296a
སྟེ་ཅིའང་རུང་སྟེ་གནས་བརྟན་གྱི་རིམ་པ་བཞིན་དུ་བྱ། བླང་པ་དད་པས་བླང་། ལྟག་མ་ལྟར་རྒན་རིམས་སུ་གནས་དང་རྒན་པོ་ཁ་ཅིག་ན་རེ་རྒན་པོ་མི་འདོད་དེ་འདིས་ཆོག་ཅེས་ཟེར་ན་ཅི་དགར་བྱའོ། །ལས་གདོན་མི་ཟ་བའི་སྦ་བའོ། །བསྒོ་བ་མ་བྱས་པར་ལས་མང་བ་
མི་བྱ། དགེ་འདུན་གྱི་དབྱེན་དང་རྗེས་སུ་ཕྱོགས་པ་དང་རིགས་སུན་པ་དང་ངག་དཀའ་བ་དང་ཡང་དག་པར་གཤེགས་པ་ལ་སྐུར་པ་བཏབ་པ་ནི་ཆད་པ་འདི་དང་གསོལ་བ་མ་བྱས་པར་དགེ་འདུན་གྱི་ལས་བྱ་བའི་ནང་དུ་འགྲོར་མི་དབང་ངོ་། །གསོ་སྦྱོང་དང་དབྱུང་བ་མ་གཏོགས་སོ། །ལྟག་མ་
ལྟ་བུ་དགེ་སློང་ལས་གཞན་ལ་ནི་མཚམས་མ་བཏང་ན་མི་རུང་གི་གསོ་སྦྱོང་དང་ཚུལ་ནས་འབྱུང་བ་གཉིས་ནི་བརྟགས་ཏེ་དགེ་འདུན་གྱི་ནང་དུ་འཇུག་ཏུ་རུང་ངོ་། །མཚམས་གཞན་དུ་འདུག་པ་ནི་གང་དུ་ཡང་ཡན་ལག་མ་ཡིན་ནོ། །དགེ་འདུན་གྱིས་ལས་བྱ་བའི་ཚེ་ལངས་ཏེ་ནམ་མཁའ་ལ་འཕགས་
སམ་མཚམས་ཀྱི་ཕྱི་རོལ་དུ་སོང་ངམ་པར་ཡུར་བས་ཆོད་ན་ཕྱི་ན་འདུག་པའི་དགེ་སློང་དགེ་འདུན་གྲངས་སུ་ཚང་ན་ལས་སུ་རུང་དགེ་འདུན་དུ་མ་ཚང་ན་ལས་སུ་མི་རུང་། ཞན་པ་ནི་དེར་འགྲོ་ཞིང་བཅས་ཏེ་སོང་ནའོ། །ལྷག་མ་འབྱུང་བའི་དགེ་སློང་ཉི་ཤུས་དབྱུང་དགོས་པ་ལས་དགེ་སློང་གཅིག་གམ་
གཉིས་ནམ་མཁའ་ལ་འཕགས་སམ་ཡུར་བའི་ཕ་རོལ་དུ་བརྒལ་ནས་ཕྱི་ན་གྲངས་མི་ཚང་ན་ལས་སུ་མི་རུང་། གཉིས་སུ་འདུག་པ་ནི་ཚུ་ལོགས་སུ་རྐང་པ་གཅིག་ཕ་ལོགས་སུ་རྐང་པ་གཅིག་ནའོ། །ཡུར་བ་གཅིག་གི་ཕ་རོལ་ཚུ་རོལ་ན་དགེ་འདུན་སྡེ་གཉིས་ལས་བྱེད་དེ། དགེ་སློང་གྲངས་སུ་གཅིག་
གིས་མ་ཚང་ན་དགེ་སློང་གཅིག་རྐང་པ་ཡུར་བའི་ཕ་རོལ་དུ་བཞག་ནས་རྐང་པ་ཡ་གཅིག་མཚམས་ཀྱི་ནང་དུ་ཕྱིན་ན་དགེ་འདུན་གྲངས་སུ་ཆུད་དོ། །ཐམས་ཅད་དུ་མནན་ན་ཀུན་དུ་ནན་པའོ། །མཚམས་བཞིའི་ནང་དུ་བསྙེན་པར་རྫོགས་པའི་ལས་བྱེད་པ་ལ་བཞི་ཀའི་ནང་དུ་དགེ་འདུན་གྲངས་སུ་
གཅིག་མ་ཚང་ན་མཚམས་དེ་བཞི་མདོར་ཁྲིའམ་ཤིང་ལེབ་ཀྱིས་མནན་པའི་སྟེང་དུ་དགེ་སློང་གཅིག་འདུག་ན་བཞི་ཀའི་གྲངས་ཚང་པར་འགྱུར་རོ། །དེ་ལྟར་དུ་མར་ཚུལ་དུ་ཞུགས་ཏེའོ། །ལྟག་མ་ལྟར་བཞི་མདོར་དགེ་སློང་གཅིག་འདུག་ཏེ་ཚུལ་དུ་ཞུགས་པའི་གསོལ་བ་དང་ཞུ་བའི་ལས་
Vol. 165 · folio 296b
བྱས་ན་གཙུག་ལག་ཁང་དེ་བཞི་ཀའི་དགེ་འདུན་ཚུལ་དུ་ཞུགས་པར་ཆུད་དོ། །མལ་སྟན་དུ་མ་བླངས་པའི་རིགས། །ལྟག་མ་ལྟ་བུ་གསོལ་བ་དང་། །ཞུ་བའི་ལས་བྱས་པའི་དགེ་སློང་དེ་ནི་གཙུག་ལག་ཁང་བཞིའི་ཁང་པ་དང་མལ་སྟན་གྱི་ཤས་ཀྱང་དབང་ངོ་། །དེ་གང་དུ་དགའ་བར་གནས། ལྟག་མ་
ལྟར་ཁང་པ་དང་མལ་སྟན་མང་དུ་བདོག་སྟེ། ཀུན་སྤྱད་མི་ནུས་ན་བདག་གར་དགའ་བར་འདུག་ལ་སྤྱོད་ཅིག །རྒྱལ་བའི་འགྲེལ་བར་མི་བྱེད་དོ། །སངས་རྒྱས་མཚམས་ཀྱི་ནང་ན་བཞུགས་ཏེ། དགེ་འདུན་གྱིས་བྱེད་པའི་ཚེ། སངས་རྒྱས་ལ་དད་པ་མ་བླངས་ཀྱང་ལས་སུ་རུང་ངོ་། །མི་བསྐོང་
ངོ་། །དགེ་འདུན་གྱི་ལྷག་མ་དབྱུང་བ་ལྟ་བུ་དགེ་སློང་ཉི་ཤུ་དགོས་པ་བཅུ་དགུ་ཡོད་དེ་གཅིག་གི་གྲངས་སངས་རྒྱས་སྤྱན་དྲངས་ཀྱང་དགེ་འདུན་གྱི་གྲངས་སུ་མ་གཏོགས་པ་ལས་སུ་མི་རུང་ངོ་། །ལས་བྱ་བ་ལ་ལས་མ་ཡིན་པས་མི་སྐྱེའོ། །ལས་བརྒྱ་རྩ་གཅིག་ལྟ་བུ་བྱ་བ་གསོལ་བ་དང་ཞུ་བའི་རིམ་པ་
བཞིན་དུ་མ་བྱས་ན་གཅིག་ཀྱང་ལས་སུ་མི་རུང་ངོ་། །ཁ་ཅིག་གི་སྐབས་སུ་ནི་རུང་གི་དགེ་འདུན་དང་མཁན་པོ་ལ་ཉེས་བྱས་ཞེས་ཟེར་བ་ཡང་དེ་བཞིན་གཟུང་ངོ་། །གང་གིས་མང་དུ་བྱས་པ་ནི་བྱས་པ་བཞིན་ནོ། །གསོལ་བ་གཅིག་དང་ཞུ་བ་གཅིག་ལས་བྱ་བའི་ཚེ། གསོལ་བ་ཟིན་ཞུ་བའི་ཚིག་
གསུམ་གཉིས་བརྗོད་དེ་སུམ་ཆ་མ་རྫོགས་ཀྱང་ལས་སུ་མི་རུང་ངོ་། །ལྟག་ན་མེད་པའོ། །གསོལ་བ་གཅིག་དང་ཞུ་བ་གསུམ་གྱི་ལས་བྱ་བའི་ཚེ། གསོལ་བ་དང་ཞུ་བའི་ལས་གཉིས་ནི་འདས་གཅིག་གི་སུམ་གཉིས་ནི་འདས་སུམ་ཆ་མ་འདས་ཀྱང་ལས་སུ་རུང་ངོ་། །མཚན་མས་བརྗོད་ན་ཆད་པ་མ་
ཡིན། དགེ་འདུན་གྱི་མཚམས་བཅད་པ་རྡོ་འདི་ལས་ཐུག་ཅེས་སྔར་མ་བརྗོད་པར་གསོལ་བ་དང་ཞུ་བའི་ལས་བྱས་ཀྱང་བྱས་པར་མི་ཆུད་དོ། །ཆད་པ་ལས་ཚངས་པར་སྤྱོད་པའི་གནས་སོ། །དགེ་སློང་ལྷག་མ་ཞིག་བྱུང་སྟེ། ལྟག་མའི་ལས་བྱེད་པའི་ཚེ། དགེ་འདུན་ཚུལ་ནས་འབྱུང་འཇུག་
དང་གསོ་སྦྱོང་བྱ་བའི་ཚེ་ལས་བྱེད་མི་ནུས་ན་ཆད་པ་པ་དེ་ལས་བྱས་ཀྱང་ལས་སུ་ཆུད་དོ། །དགེ་སློང་མ་ལྷག་མ་བྱུང་བ་ཡང་ལས་གཞན་ཀུན་ནི་བྱར་རུང་གིས་ཚངས་པའི་སྡོམ་པའི་ལས་བྱར་མི་རུང་ངོ་། །སྨྱོན་པ་བཤད་ན་ཡང་ངོ་། །གསོ་སྦྱིན་བྱ་བའི་ཚེ་དགེ་འདུན་གྱི་ནང་ན་སོ་སོར་ཐར་པ་ཁ་
Vol. 165 · folio 297a
ཐོན་དུ་སུས་ཀྱང་མི་ཐོན་ན་དགེ་སློང་སྨྱོན་པ་ཁ་ཐོན་དུ་ཤེས་པས་བཀླགས་ཀྱང་ཉེས་མེད། གསོལ་བ་དང་ཞིབ་ཏུ་བྱེད་པའི་ནན་ཏན་ནོ། །ཆད་པ་དང་སྤངས་པ་དང་ལྷག་མ་བྱས་པ་ལ་སོགས་པ་ལྟག་ཏུ་དགེ་འདུན་གྱི་ཁ་བསྐང་དུ་མི་ཆུད་པའི་རྣམས་ཀྱི་དགེ་འདུན་གྱི་དབྱེན་བྱེད་པའི་དགེ་འདུན་
མ་ལངས་པའི་ཁར་བསྐང་ཀྱང་དབྱེན་བྱས་པར་མི་འགྱུར་རོ། །ཡན་ལག་མ་ཡིན་པ་ནི་མཚན་མ་ཐ་དད་ནའོ། །དགེ་སློང་གི་དགེ་འདུན་གྱིས་ལས་བྱ་བའི་དགེ་འདུན་གྱི་གྲངས་མ་ཚང་པ་དགེ་སློང་མས་ཁ་བསྐང་དུ་མི་རུང་ངོ་། །དགེ་སློང་མའང་དེ་བཞིན་དུ་དགེ་སློང་གི་དགེ་འདུན་གྱི་དབྱེན་བྱེད་
པ་ལ་གྲངས་མ་ཚང་བའོ། །སྣོད་དགེ་སློང་མས་བྱས་ན་གྲོགས་སུ་མི་ཆུད་དོ། །ཏྲོག་ཏྲོག་པོས་ན་གང་ཡང་མ་ཡིན། ཀུ་རེ་དང་རྩེད་མོས་དགེ་འདུན་གྱི་དབྱེན་བྱས་ན་དབྱེན་དུ་མི་ཆུད་པ་ནི་བདག་གིས་དབྱེན་བྱས་ཀྱང་མི་བྱེད་པར་ཤེས་བཞིན་དུ་བྱས་པ་ལས་སྦོམ་པོ་སྟེ་འོག་ནས་ཀྱང་འཆད།
མི་སྐྱེ་བའི་བསམ་པས་འབྱེད་པ་དང་སྤངས་ན་སྦོམ་པོའོ། །ལྟག་མ་ལྟར་རྩེད་མོ་དང་ཀུ་རེས་དབྱེན་བྱས་ན་དབྱེན་གྱི་སྦོམ་པོའོ། །དགེ་འདུན་འདུས་ཏེ་གང་ཟག་གཅིག་ཆོས་བཞིན་དུ་ཉེས་པ་བྱུང་སྟེ། །སྤངས་པའི་རིགས་པའི་ལས་གང་ཟག་གིས་བསྐྲད་ན་སྦོམ་པོར་འགྱུར་རོ། །ཉེས་བྱས་པ་ནི་
དགེ་འདུན་དུ་མ་གྱུར་ནའོ། །དགེ་འདུན་གྱི་དབྱེན་བྱེད་པ་དགེ་སློང་བརྒྱད་ལས་བཞིར་ཕྱེ་བ་ནི་དབྱེན་དུ་འགྱུར་རོ། །དགེ་སློང་བདུན་བདག་དང་བརྒྱད་འདུག་པ་ལ་ཕྱེ་བ་ནི་གཉིས་ཀར་དགེ་འདུན་དུ་མ་ཚང་བས་ཕྱེ་ཡང་ཉེས་བྱས་སུ་འགྱུར་རོ། །སོ་སོར་གནས་པ་ལས་གཞན་དག་གྲངས་སུ་བསྐང་
པར་མི་རིགས་པས་གྲངས་བསྐང་ན་གསོལ་བའི་བརྗོད་པ་མ་ཡིན་ནོ། །དགེ་སློང་དེ་བ་དཏྟའི་སྡེ་ལྟ་བུ་ལོག་པ་ལ་ཕྱོགས་པས་ལས་བརྒྱ་རྩ་གཅིག་ལྟ་བུ་བསྙེན་པར་རྫོགས་པ་དང་ལྷག་མ་དབྱུང་བ་ལ་སོགས་པ་དགེ་འདུན་གྱི་གྲངས་སུ་མ་ཚང་པ་ལས་ཕམ་པར་འགྱུར་བའམ། མཚམས་མེད་བྱས་
པའམ་སོ་སོར་གནས་པའམ་ཆད་པས་བཅད་པ་ལྟ་བུ་ཉམས་པས་ཁ་མ་བསྐངས་ཀྱང་ལས་སུ་མི་རུང་ངོ་། །རིག་པ་ཡང་བདག་གི་དགེ་འདུན་གྱིས་མྱོང་བ་མ་གྲུབ་པར་ན་ཡང་ངོ་། །དགེ་འདུན་གྱི་ལྷག་མ་དབྱུང་བ་ལྟ་བུ་དགེ་སློང་ཉི་ཤུས་དབྱུང་བའི་རིགས་པ་ལས་ཉི་ཤུས་ཚང་ཡང་ལས་བྱེད་པའི་ཚེ་
Vol. 165 · folio 297b
གྲལ་ན་ཡུར་ཏེ་གསོལ་བ་དང་ཞུ་བའི་ལས་མ་ཐོས་ན་དགེ་འདུན་གྱི་གྲངས་མ་ཚང་བ་དང་འདྲ་སྟེ་ལས་སུ་མི་རུང་ངོ་། །གྲུབ་པ་ནི་གསོལ་བ་ཐོས་ནའོ། །ལྷག་མ་དབྱུང་བ་ལ་གཉིད་ལོག་པས་གསོལ་བ་ནི་ཐོས་ཞུ་བ་བྱ་བའི་ཚེ་མ་ཐོས་ཀྱང་གྲངས་སུ་ཆུད་དེ་ལས་སུ་རུང་ངོ་། །སྐལ་བ་ཡོད་པ་
གཟུགས་བརྙན་གྱི་ཕོ་ཉས་རབ་ཏུ་ཕྱུང་བ་ཡང་ཆོ་ག་མ་ཡིན་པ་མ་ཡིན་ནོ། །བུད་མེད་ནི་མ་ན་ཞེས་བྱ་བ་སྔ་མའི་བསོད་ནམས་ཀྱིས་དགྲ་བཅོམ་པར་འགྱུར་བ་ཞིག་ཁྱིམ་པའི་གནས་ན་འདུག་སྟེ། མཁན་པོ་ལས་ལུང་མནོས་ཏེ་ཕོ་ཉས་ཁྲིམས་ཕོག་ཀྱང་རབ་ཏུ་བྱུང་བར་གྱུར་ཏོ། །དེ་བཞིན་དུ་ཡོན་ཏན་ཡོད་
ན་དེང་སང་ཡང་ཕོ་ཉས་དབོག་ཏུ་རུང་ངོ་། །ཕྱིས་བསྙེན་པར་རྫོགས་པའི་བར་དུ་ཡང་ངོ་། །ལྟག་མ་ལྟ་བུར་རྒྱུན་དུ་འཇུག་པའམ་དགྲ་བཅོམ་པར་འཕྲལ་དུ་འགྱུར་བ་དེ་ལྟ་བུ་ཡོན་ཏན་དང་ལྡན་པ་ཕོ་ཉས་བསྙེན་པར་རྫོགས་པའི་ཁྲིམས་ཕོག་ཀྱང་འཆགས་སོ། །ཁས་མ་བླངས་ན་བྱིན་པ་མ་ཡིན་
ནོ། །རབ་ཏུ་བྱུང་བའི་ཚེ་བདག་རབ་ཏུ་འབྱུང་བར་ཅི་གནང་ཞེས་གསོལ་ནས་རབ་ཏུ་འབྱུང་བར་བརྩམས་པ་ལས་ང་རབ་ཏུ་འབྱུང་དུས་འདོད་དེ་ཞེས་ཟེར་ན་ཁྲིམས་མི་འཆགས་ཀྱིས་སྐྲོད་དེ་ཐོང་ཤིག །འདིས་གསོལ་བ་དང་ཞིག་གོ། །ལྟག་མ་ལྟར་ཁྲིམས་ནོད་དུ་མ་བཏུབ་སྟེ་སོང་པ་ཕྱིས་སླར་རབ་
ཏུ་མི་འབྱུང་དུ་མི་རུང་ཞེས་གསོལ་དུ་འོངས་ན་སྔ་མའི་ལས་ནི་ཞིག་གི་ད་གདོད་ལས་བྱས་ཏེ་དབོག་ཏུ་རུང་ངོ་། །བསྐོ་བས་བསྒོ་བ་ཐོག་མར་ནི་ཆོ་གའོ། །དགེ་འདུན་གྱི་དབྱེན་དང་རྗེས་སུ་ཕྱོགས་པ་དང་རིགས་སུན་པ་དང་ངག་དཀའ་བ་ལྟ་བུ་ཁྱོད་ཀྱིས་མཚན་མ་དེ་ཐོང་ཤིག་ཅེས་སྔར་མ་བསྒོ་བར་ལྷག་
མ་བྱས་པ་ཉེས་ཀྱིས་བསྐྲད་དོ་ཞེས་གསོལ་བ་དང་ཞུ་བའི་ལས་བྱས་པ་ནི་ལས་སུ་མི་ཆུད་དོ། །སྤངས་པའམ་འདི་བཞིན་དུའོ། །ཡང་དག་པར་གཤེགས་པས་གསུངས་པ་བར་དུ་མི་གཅོད་དོ་ཞེས་ཟེར་བ་ལ་སོགས་པ་དང་ལྷག་མ་ལྟར་མ་ཟེར་ཞེས་ལན་གསུམ་དུ་མ་བསྒོ་བར་བསྐྲད་པའི་ལས་
སུ་མི་ཆུད་དོ། །དགོངས་གཅིག་པ་ལ་སོགས་པའི་ཚིག་གཞན་གྱིས་ན་དགོངས་པ་ལས་གཙོ་བོར་རོ། །གོས་དང་གསེར་དངུལ་དང་ཚུལ་ནས་འབྱུང་འཇུག་དང་གསོ་སྦྱིན་ལ་སོགས་པ་ཆུང་ངུ་ན་མཁན་པོ་ལ་ཞུ་བ་ཡན་ཆད་ཀྱང་ངོ་། །དགོངས་ཤིག་བཙུན་པ་འམ་ཚེ་དང་ལྡན་པ་ཞེས་སྨྲ་བའི་ཚེ།
Vol. 165 · folio 298a
དགེ་སློང་དེ་སེམས་ལོགས་ཤིག་ཏུ་བསམས་ན་སྔགས་གདབ་པ་ལ་སོགས་པ་ཅི་བྱས་ཀྱང་ལས་སུ་མི་རུང་ངོ་། །དོན་གྱི་ལེའུ་རིགས་པ་ལ་བཟློག་ཀྱང་མི་སྐྱེ་བ་མ་ཡིན་ནོ། །དགེ་སློང་དུ་བསྙེན་པར་མ་རྫོགས་པའི་ཚེ། དགེ་འདུན་ལ་དགོངས་ཤིག་བཙུན་པའི་དགེ་
འདུན་མཁན་པོ་འདི་ལས་དགེ་སྦྱོང་མིང་འདི་བསྙེན་པར་རྫོགས་པར་གསོལ་ལོ་ཞེས་བྱ་བའི་རིགས་པ་ལས་ལྟག་མའི་ཚིག་མགོ་མཇུག་བཟློག་སྟེ་སྔ་ཕྱིར་སྨྲས་ཀྱང་ལས་སུ་ནི་རུང་ངོ་། །འཁྲུལ་པར་མི་བྱ། ལྟག་མ་ལྟར་ཚིག་མགོ་མཇུག་བསྣོར་ན་ཉེས་བྱས་སུ་འགྱུར་རོ། །མཚན་གཞན་ལ་
གནས་ཏེ་ཡང་ན་ཡིན་ནོ། །དགེ་སློང་མ་བསྙེན་པར་རྫོགས་པའི་ཚེ་ལས་པའི་དགེ་སློང་དགོངས་ཤིག་བཙུན་པའི་དགེ་འདུན་མཁན་པོ་འདི་ལ་དགེ་སློང་མ་འདི་བསྙེན་པར་རྫོགས་སོ་ཞེས་བྱ་བའི་རིགས་པ་ལས་མཁན་པོ་འདི་ལ་རབ་ཏུ་རྫོགས་ཞེས་བྱས་ཏེ་མིང་ནོར་ཀྱང་ལས་སུ་རུང་ངོ་། །དགེ་སློང་
དང་དགེ་སློང་མ་ལས་ལས་གཞན་དུ་བྱས་ཀྱང་མ་ཡིན། དགེ་སློང་བསྙེན་པར་རྫོགས་པའི་ཚེ། དགེ་སློང་གི་མིང་ལས་དྲངས་ཏེ་གདག་པའི་རིགས་པ་ལས་དགེ་སློབ་མའི་མིང་ལས་དྲངས་ཏེ་བཏགས་ཀྱང་ལས་སུ་རུང་ངོ་། །དགེ་སློང་མ་ལའང་དགེ་སློང་གི་མིང་ལས་དྲངས་ཏེ་བཏགས་ཀྱང་རུང་
ངོ་། །ལས་ཀྱི་དངོས་པོ་སྟེ་དྲིས་པ་ལ་སོགས་པར་ཆུད་དོ། །ལས་ཀྱི་དངོས་པོ་རྫོགས་སོ།། །།འདི་མན་ཆད་ཆད་པས་བཅད་པའི་ལས་ཀྱི་དངོས་པོ་ལ་འཆད་དེ། མ་ཞི་བའི་མཚན་མ་ཤེས་ནས་བསྐུལ་བས་དམ་བཅར་བཅུག་ནས་མངོན་སུམ་དུ་སྨད་ལས་བྱ་བ་སྦྱིན། དགེ་སློང་ཞིག་
རྟག་པར་ལྷག་མ་མན་ཆད་ཉེས་བྱས་ཡན་ཆད་གཅིག་རྟག་ཏུ་བྱེད་ཅིང་མི་མཐོལ་བར་འདུག་པ་དང་རྟག་པར་ཐབ་མོ་རྒོལ་བ་གཏོང་དུ་མ་བཏུབ་ན་མི་དེ་དགེ་འདུན་གྱི་མདུན་དུ་བཀུག་ལ་དགེ་སློང་གཅིག་རྒོལ་དུ་བཅུག་སྟེ་ཁྱེད་འདི་ཉེས་སོ་ཞེས་བརྒལ་ནས་ཉེས་པའི་དམིགས་ཅི་ལ་བཏུབ་པ་བཞིན་དུ་ཆད་པས་བཅད་
དོ། །ཤེས་པ་ཙམ་གྱིས་འདུ་བ་མ་ཡིན་པར་རོ། །ལྟག་མ་ལྟར་བདག་གིས་ཉེས་པ་བྱས་ཏེ་དགེ་འདུན་གྱིས་ཚུར་ཤོག་ཤིག་པར་བསྒོ་ནས་ཉེས་པས་གནོད་དེ་འོང་དུ་མ་བཏུབ་ན་ཅི་ལྟར་ཉེས་པ་ཞིག་བཞིན་དུ་མངོན་སུམ་དུ་མ་འོངས་ཀྱང་ཆད་པས་བཅད་དོ། །ཡན་ལག་མ་ཡིན་པ་ནི་གནོད་པ་ནི་མེད་
Vol. 165 · folio 298b
པར་དམ་བཅས་པའོ། །དགེ་སློང་གཅིག་གི་ལ་ཉེས་པ་ཡོད་པར་དགེ་འདུན་གྱིས་ཤེས་ཏེ་ཁྱེད་འདི་ཉེས་སོ་ཞེས་བསྒོ་བ་ཅིའང་མི་སྨྲ་བར་ཁ་བཙུམས་ཏེ་འདུག་པ་མི་བརྩན་གྱིས་ཅི་ཉེས་པ་དགེ་འདུན་མཁྱེན་པ་བཞིན་དུ་ཆད་པས་བཅད་དོ། །སྐབས་མ་བྱས་པ་ཡང་སྟེ། མི་རིགས་པས་ལྟག་མ་ལྟར་དགེ་
སློང་གིས་ལྷག་མ་མན་ཆད་ཉེས་བྱས་ཡན་ཆད་ཅིག་བྱས་ཏེ་དགེ་འདུན་གྱི་ནང་དུ་བཀུག་ནས་དགེ་སློང་གཅིག་རྒོལ་དུ་བཅུག་སྟེ་ཁྱེད་ལ་སྐབས་དབྱེ་བ་ཞིག་བྱས་ན་དབྱེར་མ་བཏུབ་ན་ཆད་པ་དགེ་འདུན་མཁྱེན་པ་བཞིན་གཅོད་དོ། །བསྐུལ་བ་བདག་མ་ལངས་པ་ན་བསྒོ་ཞིང་བསླང་། ལྟག་མ་ལྟར་
དགེ་འདུན་གྱིས་ནང་དུ་དགེ་སློང་ཉེས་པ་ལ་རྒོལ་ཏེ་བཅུག་པའི་དགེ་སློང་ནི་འཁོན་མེད་པ་དང་ཞེ་སྡང་དང་གཏི་མུག་མེད་པ་དང་ཁོ་ཉིད་དད་ན་གདོད་བསྐོས་ཏེ་རྒོལ་དུ་གཞུག །འདི་མན་ཆད་ཆད་པ་རྣམས་བདུན་གྱིས་བཅད་པ་ལས་སླར་ཆགས་པའི་ཆོ་ག་ལ་འཆད་རྙོག་པ་དང་དགེ་འདུན་ལ་ཚིག་
ངན་པ་ཟེར་ཞིང་རྙོག་པ་བཏང་བ་དང་། གཤེ་བ་དང་། ཁྲོས་ནས་ཚིག་ངན་པ་ཟེར་བ་བཏང་བ་དང་། དམ་བཅས་དག་དང་། ང་ལ་སུས་བསྐྲད་པ་གཅིག་ཅིང་བརྡེག་གོ་ཞེས་སེམས་པ་བཏུང་བ་དང་། རྙོག་པ་དང་ཞེས་པ་ནས་དམ་བཅའ་བ་དག་དང་ཞེས་པའི་བར་དུ་སྤྱིར་སྤངས་པ་རྣམས་
བདུན་གང་ཡང་རུང་སྟེ། མཚན་མ་འདི་རྣམས་ལྟ་བུ་ཡང་མི་བྱ་བར་སེམས་ཀྱིས་བཏབ་ནས་སླར་འཆག་ཏུ་སོང་ན་འཆག་ཏུ་གཞུག་གོ། །དགེ་འདུན་གྱི་དད་དགེ་འདུན་གྱི་རྙེད་པ་དང་། དགེ་འདུན་གྱི་སྤྱིར་ཡོན་བདག་གིས་ཡོན་ཕུལ་བ་དང་གཙུག་ལག་ཁང་ཉིད་ཀྱི་རྐྱེན་ལས་ལོ་དུས་རྟག་པར་ནོར་རྫས་
འབུལ་བ་ལ་དགེ་འདུན་གྱིས་མི་ཐོས་ཤིང་ཡོད་མེད་པར་གྱུར་ཅིག་པར་སེམས་པ་དང་། གནས་མེད་པར་སེམས་པ་དགེ་སློང་གི་གནས་དང་གཙུག་ལག་ཁང་ཡང་ཞིག་སྟེ་མེད་པར་དགའ་བ་དང་དགེ་འདུན་གྱི་དང་ཞེས་པ་ནས་སེམས་པའི་བར་དུ་སྤྱིར་རྣམ་པ་བདུན་གང་གིས་སྤངས་ཀྱང་རུང་འདི་ལྟར་
སེམས་པའི་སེམས་བཏང་ནས་འཆགས་སུ་འོང་ན་བཟོད་པར་བྱའོ། །སེམས་དེ་ལྟ་བུར་མ་བཏང་ན་མཐོལ་ཞིང་འཆགས་སུ་འོངས་ཀྱང་མི་གནང་ངོ་། །རྒྱལ་པོའི་གྲོང་དང་། རྒྱལ་པོའི་ཕྱག་རྒྱ་ཁྱེར་ཏེ་ནན་ཐུར་གྱིས་སླར་ཤོག་ཤིག་ཅེས་ཟེར་བ་དང་། ཡུལ་དཔོན་དང་། ཞང་བློན་དབང་
Vol. 165 · folio 299a
ཆེན་པོ་ལ་མཐུ་བཙལ་བ། གཉེན་དང་། གཉེན་རིགས་པ་བཟློག་སྟེ་མཐུར་བྱས་པ་དང་། གང་ཟག་ལ་བརྟེན་པ་གནས་བརྟན་ནམ་དགེ་སློང་མཐུ་ཆེ་བ་ལ་མཐུ་བཙལ་བ་དང་རྒྱལ་པོའི་ཕྱག་རྒྱ་ཞེས་ཟེར་བ་ནས་བརྟེན་པ་ཞེས་བྱ་བའི་བར་དུ་སྤྱིར་མིང་གིས་སྨོས་པ་འདི་རྣམས་ཀྱི་མཐུས་
གཙུག་ལག་ཁང་དུ་མི་གཞག་ཏུ་མི་རུང་ཞེས་ཟེར་ཞིང་མཐུ་དང་བཅས་ཏེ་འོངས་ཀྱང་ཆོས་བཞིན་དུ་མཚན་མ་མ་བཏང་ན་གཙུག་ལག་ཁང་དུ་མི་གཞག །དགེ་འདུན་ལ་མི་བརྟེན་པ་བཏང་བ་དང་། ལྟག་མ་ལྟར་སྤངས་ཏེ་བཏང་བ་ལྐོག་ན་ནི་དགེ་འདུན་འདིར་མ་ཟད་ཀྱིས་ཕྱོགས་བཅུའི་དགེ་འདུན་གར་
དགའ་བར་འགྲོའོ་ཞེས་ཟེར་ཞིང་དགེ་འདུན་གྱི་ནང་དུ་ནི་བདག་བཟོད་པ་གསོལ་ན་ཐུགས་རྗེ་ཅིར་གཟིགས་ཤེ་ན་མི་གནང་ངོ་། །ཡན་ལག་གཅིག་མི་བྱེད་པ་ན་ཁྱིམ་པ་དང་། ལྟག་མ་ལྟར་དགེ་འདུན་གྱིས་སྤངས་པའི་དགེ་སློང་ལྐོག་ན་ཁྱིམ་པའི་ཚུལ་དུ་གོས་དཀར་པོ་གྱོན་ཞིང་ཆོས་གོས་འདོར་ལ་
དགེ་འདུན་གྱི་ནང་དུ་སྔ་མའི་ནོངས་པ་བཟོད་པར་གསོལ་ཏེ་བདག་དབྱུང་དུ་ཅི་གནང་ཞེས་ཟེར་ཀྱང་བཟོད་པར་མི་བྱ་སྟེ་ཡན་ལག་གཅིག །མུར་འདུག་གི་རྒྱལ་མཚན་འཆད་པ་དང་། ལྟག་མ་ལྟར་དགེ་འདུན་གྱིས་སྤངས་པའི་དགེ་སློང་ལྐོག་ན་མུར་འདུག་གི་ཚུལ་དུ་ལུས་ལ་ཐལ་བས་བྱུགས་པ་དང་རལ་
པ་ཐོགས་པ་ལ་སོགས་པ་བྱེད་ཅིང་དགེ་འདུན་གྱི་དྲུང་དུ་བདག་སྔ་མའི་ཉེས་པ་བཟོད་པར་གསོལ་ན་ཐུགས་རྗེས་ཅིར་གཟིགས་ཞེས་ཟེར་ཀྱང་མི་གནང་ངོ་། །ཡན་ལག་གཅིག །མུར་འདུག་དང་བསྟེན་པ་དང་། ལྟག་མ་ལྟར་དགེ་འདུན་གྱིས་སྤངས་པའི་དགེ་སློང་ལྐོག་ན་མུར་འདུག་དང་ལྷན་ཅིག་
ཏུ་འཁོད་ཅིང་མུར་འདུག་གི་ཆོས་ལ་བལྟས་པ་ལས་དགེ་འདུན་གྱི་དྲུང་དུ་བདག་གི་སྔ་མའི་ནོངས་པ་བཟོད་པར་གསོལ་ཞེས་ཟེར་ཀྱང་མི་གནང་། ཆོས་མ་ཡིན་པ་སྤྱོད་པ་དང་། གོང་མ་ལྟར་སངས་རྒྱས་ཀྱི་ཆོས་བོར་ལ་མུར་འདུག་གི་ཆོས་སྤྱོད་པས་ན་ཆོས་མ་ཡིན་པ་སྤྱོད་ཅེས་བྱ་སྟེ། མུར་འདུག་དང་
བསྟེན་པ་འདི་གཉིས་ལ་ཡན་ལག་གཅིག །དགེ་སློང་གི་བསླབ་པ་ལ་མི་སློབ་པ་དང་། ལྟག་མ་ལྟར་དགེ་འདུན་གྱིས་སྤངས་པའི་དགེ་སློང་སྤང་བའི་གནས་ན་དུས་གསུམ་དགེ་བ་མི་སྤྱོད་པ་དང་། ཆུ་བརྟག་པ་ལ་སོགས་ཚུལ་ཁྲིམས་ཕྲ་མོ་ལ་ནན་ཏན་མི་བསྲུང་ཞིང་དགེ་འདུན་གྱི་དྲུང་དུ་བདག་གི་ནོངས་པ་
Vol. 165 · folio 299b
བཟོད་པར་གསོལ་ཅིང་གནང་ཞེས་གསོལ་ཀྱང་མི་གནང་སྟེ་ཡན་ལག་གཅིག །རྙིང་ཞིང་ལྟག་མ་ལྟར་དགེ་འདུན་གྱིས་སྤངས་པའི་དགེ་སློང་སྤངས་པའི་འོག་ཏུ་སྔ་མའི་ཉེས་པ་གནོང་བསྐུར་ནས་ལུས་ལ་བ་སྤུ་འགྲེང་ཞིང་རྡུལ་བྱུང་བ་ཙམ་གྱི་ཚོང་དུ་དགེ་འདུན་ལ་གསོལ་བ་དང་སྐྱོ་བ་དང་། ལྟག་མ་ལྟ་
བུ་དགེ་སློང་སྤངས་པའི་འོག་ཏུ་རབ་ཏུ་འགྱོད་ཅིང་མི་དགའ་ནས་གྲོགས་པོ་མཛའ་བ་ལ་ཕེ་འུར་ཡང་བཅོལ། དགེ་འདུན་ཐམས་ཅད་ཀྱི་ཞབས་ལས་བཟུང་སྟེ་གུས་རབ་ཏུ་གསོལ་བ་དང་། དགེ་འདུན་ལ་ངན་པར་བསྟེན་པ་དང་། ལྟག་མ་ལྟར་སྤངས་པའི་དགེ་སློང་དགེ་འདུན་གྱིས་སྤངས་པའི་
འོག་ཏུ་རབ་ཏུ་མི་དགའ་ཞིང་འགྱོད་དེ་དགེ་འདུན་ཐམས་ཅད་ཀྱི་དྲུང་དུ་འགྲེ་ལྡོག་ཅིང་སེམས་ཐག་པ་ནས་གསོལ་བ་དང་། འབྱུང་བར་འཇུག་པ་དང་། ལྟག་མ་ལྟར་སྤངས་པའི་དགེ་སློང་རྗེ་མོའམ་དབང་ཆེན་པོས་མགོ་ལ་སླ་ཙ་གཞག་པ་ཙམ་དུ་མི་དགའ་ཞིང་འདོར་འདོད་པ་བཞིན་དུ་མཚན་
མ་གང་བྱས་པའང་དེ་བཞིན་དུ་འདོར་འདོད་ཅིང་གསོལ་བ་དང་། མཉམ་པར་སྟོན་པ་དང་། ལྟག་མ་ལྟར་དགེ་འདུན་གྱིས་སྤངས་པའི་དགེ་སློང་སྔ་མའི་ཉེས་པ་བཏང་ལ་ཕྱིན་ཆད་ཡོན་ཏན་དང་ལྡན་པའི་ཅི་ལྟར་བྱེད་པ་བཞིན་དུ་བགྱིད་དོ་ཞེས་ཡི་དམ་བཅས་ཤིང་ཁར་ཡང་བརྗོད་ཅིང་གསོལ་བ་དང་།
མཚན་མ་བཏང་སྟེ་གསོལ་བ་ནས་བཟོད་པར་བྱའོ། །སྤང་བ་རྣམ་བདུན་སཱུ་ཏྲ་རྙོག་མ་ཞེས་པ་མན་ཆད་སློབ་ཅེས་བྱ་བ་ཡན་ཆད་མཚན་མ་རྣམ་པ་བརྒྱད་བཏང་ལ་བཟོད་པ་ཞེས་བྱའོ་ཞེས་བྱ་བ་ཡན་ཆད་རྙིང་ཞིང་སྐྱོ་བ་མན་ཆད་རྣམས་ལྟར་བཟོད་པ་གསོལ་ན་སྤངས་པ་ལས་སླར་བཟོད་པར་གསོལ་བ་གནང་བར་བྱའོ། །
སྤང་བ་རྣམ་བདུན་ནི་འོག་ནས་འཆད། ལས་སྦྱིན་པ་དང་། དབྱུང་བ་དང་། བསྙེན་པར་རྫོགས་པར་བྱ་བ་དང་། གཏང་བ་དང་གནང་བ་ཡང་ངོ་། །མིང་གིས་སྨོས་པ་འདི་རྣམས་བདག་འདི་ལྟར་བགྱིད་ན་དགེ་འདུན་གྱིས་གནང་བར་ཐུགས་རྗེ་ཅིར་གཟིགས་ཞེས་གསོལ་དུ་འོང་བ་ནི་གདོད་
གནང་བར་བྱའི་དགེ་འདུན་གྱིས་འདི་ལྟར་བྱར་མི་རུང་ཞེས་བྱ་སྟེ་བྱེད་དུ་མི་གཞུག་གོ། །ཐབ་མོ་བྱེད་པ་ལས་ཀྱིས་སྤྱོད། །དགེ་སློང་གཅིག་གམ་གཉིས་ཀྱང་རུང་སྟེ། དགེ་སློང་རྣམས་ལ་རྟག་པར་ཐབ་མོ་རྒོལ་བ་དེ་ཐོང་ཤིག་ཅེས་ལན་གཉིས་ལན་གསུམ་དུ་ཐབ་མོ་ཐོང་ཤིག་ཅེས་བསྒོ་སྟེ་མ་
Vol. 165 · folio 300a
བཏུབ་ན་དགེ་འདུན་རྣམས་ཀྱིས་ཚིག་གིས་སྤྱོད་སྟེ། གསོལ་བ་དང་ཞུ་བ་དང་བཞིའི་ལས་ཀྱིས་བསྐྲད་དོ། །སྤངས་པ་གཅིག་དགེ་འདུན་གྱིས་ལྟག་མའི་ལྟུང་བའི་ཕྱིར་ཕྱིར་ལ་མ་མཐོལ་ན་སྨད། དགེ་འདུན་གྱིས་ལྷག་མ་སྔ་མ་འབྱུང་ལ་མཐོལ་ཏེ་ཡང་བྱེད་ཅིང་མཐོལ་བ་ལྟ་བུ་ནི་མི་
སྨད་ཀྱི་ལྷག་མ་མང་དུ་བྱས་ཀྱང་མི་མཐོལ་བར་འདུག་ལ་མཐོལ་ཅིག་ཅེས་བསྒོ་ནའང་མི་མཐོལ་བ་ནི་སཱུ་ཏྲ་ལྟག་མ་ལྟར་སྤྱོད་དེ་དབེན་པར་གསོལ་བ་དང་ཞུ་བ་བཞིའི་ལས་ཀྱིས་བསྐྲད་དོ། །སྤང་བ་གཅིག་རིགས་སུན་པ་བསྐྲད་ཀ་ཤྭ་ཀ་དང་སུ་ག་ར་ས་ལྟ་བུ་དགེ་འདུན་གྱི་རིགས་སུན་པར་བྱེད་པའང་གསོལ་བ་དང་
ཞུ་བ་བཞིའི་ལས་ཀྱིས་བསྐྲད་དོ། །དེའི་ཕྱིར་དུ་བ་དང་སྐབས་མི་སྟེར་ཅིང་མི་བྱེད་ན་ཡང་ངོ་། །ལྟག་མ་ལྟར་རིགས་སུན་པར་བྱས་ཏེ་ཁྱེད་ཉེས་སོ་ཞེས་རྒོལ་བའི་ཚེ་སྐབས་དབྱེར་ཀྱང་མི་བཏུབ། དགེ་འདུན་ནང་འདུར་ཀྱང་མ་བཏུབ་ན་གསོལ་བ་དང་ཞུ་བ་བཞིའི་ལས་ཀྱིས་འདུག་པའི་གནས་ནས་བསྐྲད་དེ་
བཏང་ངོ་། །དེ་མ་མཐོང་ངོ་ཞེས་བསྙོན་ཀྱང་ངོ་། །ལྟག་མ་ལྟར་རིགས་སུན་པར་བྱས་པ་དགེ་སློང་དང་ཁྱིམ་པས་ཀྱང་ཤེས་བཞིན་དུ་རིགས་སུན་པ་མཐོལ་ཅིག་ཅེས་བསྒོ་ན་ངན་རིགས་སུན་པ་མ་བྱས་ཞེས་བསྙོན་ཅིང་འཆགས་སུ་མི་བཏུབ་ན་བསྐྲད་དེ་བཏང་ངོ་། །རིགས་སུན་པ་མཐོལ་ཅིག་སྤང་
ཞེས་བྱ་བ་མན་ཆད་འདི་ཡན་ཆད་གསུམ་སྤང་བ་གཅིག་ཁྱིམ་པ་ལ་ཟུག་ཟེར་ན་བརྟུལ་ནའོ། །ཁྱིམ་པ་ལ་ཐབ་མོ་རྒོལ་བ་དང་ཚིག་ངན་པ་སྤྱོད། དེ་ལྟ་བུ་མ་སྨྲ་ཤིག་ཅེས་བསྒོ་སྟེ་མ་ཉན་ན་ཟས་ཙམ་བྱིན་ལ་གཙུག་ལག་ཁང་གི་འཁོར་དུ་མཚན་མ་མ་བཏང་གི་བར་དུ་གཞག་གོ། །དེ་བཟོད་པར་བྱ་བ་
འདིའི་ལས་ཀྱི་གནས་སུ་བཟོད་པར་བྱའོ། །ལྟག་མ་ལྟར་གཙུག་ལག་ཁང་གི་འཁོར་དུ་སྤངས་ཏེ་གཞག་པ་དང་སླན་ཆད་མི་བགྱིད་དོ་ཞེས་གསོལ་ན་ལྟག་མ་སཱུ་ཏྲ་རིང་པོའི་རྩིས་མགོ་བཞིན་དུ་མཚན་མ་བཏང་ལ་གསོལ་བ་བཏབ་པའི་སྟེང་དུ་ཁྱིམ་པ་སུ་ལ་ཁ་ངན་བྱས་པ་དེ་ལ་བཟོད་པར་གསོལ་
ནས་གདོད་གནང་བར་བྱའོ། །ཁྱིམ་པ་ལ་བཟོད་པར་བྱ་ཞེས་ཟེར་བའི་སཱུ་ཏྲ་ལྟག་མ་དང་འདི་གཉིས་ལས་སྤང་བ་གཅིག །ལྟུང་བ་ཤེས་པ་དང་། དགེ་འདུན་གྱིས་ཤེས་ཀྱང་མི་མཐོལ་བར་འདུག་པ་དང་། མ་བཤགས་པ་དང་། ལྟག་མ་མན་ཆད་ཉེས་བྱས་འཆགས་སུ་མི་བཏུབ་པ་
Vol. 165 · folio 300b
དང་སྡོམ་པའི་བཤགས་པ་མ་ཡིན་པ་དང་། ལྷག་མ་མན་ཆད་སོ་སོར་མཐོལ་བ་ཡན་ཆད་ཉེས་བྱས་ཤིག་ལུས་ངག་གིས་བྱས་པ་ནི་ལྷག་མ་དང་འདྲ་བར་བྱའི་འདི་ནི་ཉེས་བྱས་ཙམ་ཡན་ཆད་གཅིག་སེམས་ཀྱིས་ལོག་པར་བསམས་པ་ནི་ལྟག་མ་ལྟར་ཆད་པ་མི་བཅད་དོ། །མ་མཐོང་ངོ་ཞེས་བསྙོན་པ་དང་
ལྟག་མ་ལྟར་ལྷག་མ་དང་ཉེས་བྱས་ཡན་ཆད་བྱས་པ་དགེ་འདུན་གྱིས་ཤེས་ཏེ་མཐོལ་ཅིག་ཅེས་བསྒོ་ན་ཉེས་བྱས་པར་ཡང་མ་མཐོང་ཡིད་ལའང་མི་དྲན་ཞེས་ཟེར་ཞིང་བསྙོན་ན་དེའང་སྤང་བར་བྱའོ། །ལྟུང་བ་ཤེས་པ་མན་ཆད་འདི་ཡན་ཆད་ལ་སྤང་བ་གཅིག །བཤགས་པ་ལ་ནན་ཏན་བྱ་བར་མི་འདོད་
པ་དང་། དགེ་འདུན་གྱི་ལྷག་མ་མན་ཆད་ཉེས་བྱས་ཡན་ཆད་གཅིག་བྱས་པ་བཞིན་དུ་མཐོལ་ཚངས་བྱེད་དུ་མི་བཏུབ་ཅིང་ཐན་ཅིང་འདུག་པ་ཡང་སྤང་བར་བྱའོ། །འདི་ལ་སྤང་བ་གཅིག །སྡིག་པ་ལ་བལྟས་པའམ་བཏང་བ་ཡང་སྤང་། ཡང་དག་པར་གཤེགས་པ་ལ་སྐུར་པ་འདེབས་ཤིང་
ཉེས་པ་བྱས་ཀྱང་བར་ཆད་དུ་མི་འགྱུར་རོ་ཞེས་ཟེར་བ་དངོས་ནི་ལྟུང་བ་ཡིན་ན་ལྟུང་བས་མི་ཆོག་གི་མཚན་མ་བཏང་ན་དེ་ཡང་སྤང་བར་བྱའོ། །ལྟག་ཏུ་སཱུ་ཏྲ་ཐབ་མོ་བྱེད་པ་ལ་ལས་ཀྱིས་སྤྱོ་ཞེས་བྱ་བ་མན་ཆད་སཱུ་ཏྲ་འདི་ཡན་ཆད་སྤང་བ་བདུན་ཡོད་དེ་འདི་རྣམས་ནི་སྤང་བ་སྟེ་གཙུག་ལག་ཁང་གི་འཁོར་དུ་
གཞག་གོ། །འདི་ལའང་སྤང་བ་གཅིག །འདི་ཉིད་ལྟུང་བ་ཤོགས་ཤིག་པའོ། །ལྟག་མ་ལྟར་སྤང་བ་རྣམ་བདུན་གང་སྤང་ཡང་རུང་སྟེ། ཐོག་མ་སྤང་བའི་ཚེ་དགེ་འདུན་གྱིས་ཁྱོད་ནམ་དུལ་བར་གྱུར་ན་འདིར་མཐོལ་དུ་ཤོགས་ཤོག་ཅེས་བསྒོ་སྟེ་བཏང་ངོ་། །དགེ་འདུན་འདི་དག་གིས་ཁྱོད་ཀྱི་སེལ་
ནུས་སོ་བརྗོད་དོ། །ལྟག་མ་ལྟར་སྤངས་ཏེ་བཏང་བ་སླར་མཐོལ་བའི་ཚེ་དང་པོ་དགེ་འདུན་གང་ཟག་གི་གནས་ན་འདུག་པའི་ཚེ་ཉེས་པ་བྱས་པ་སླར་མཐོལ་བའང་དགེ་འདུན་དེ་ཉིད་ལ་མཐོལ་ཞིང་བཟོད་པར་གསོལ་ལྟུང་བ་མི་བཅང་ལྟུང་བ་སྡེ་ལྔ་ལས་གང་ཡང་རུང་སྟེ་བྱུང་ན་མི་བཅབ་པར་མཐོལ་ལོ། །
ཆུང་ངུ་ན་མིང་ནས་ཀྱང་བརྗོད་དོ། །ལྷག་མ་བཅུ་གསུམ་ལས་གང་བྱས་ཀྱང་རུང་སྟེ་མིང་ནས་མ་ཕྱུང་བས་ཡང་ང་ལྷག་མ་ཞིག་ཡོད་དེ་ཞེས་བརྗོད་ནའང་དཔང་བཙུགས་པའི་ཚུལ་དེ་བསྔོས་པར་ཆུད་དོ། །ཅི་ལྟར་ལྕི་བ་བཞིན་དུ་ཉེས་བྱས་པ་དག་གོ། །ཉེས་བྱས་ཡན་ཆད་ལྟུང་བ་ཞིག་བྱུང་ན་ཡང་འདི་
Vol. 165 · folio 301a
ཉེས་སོ་ཞེས་མིང་ནས་མ་སྨོས་ཀྱང་ཉེས་བྱས་དང་ལྟུང་བ་སྤྱིའི་མིང་ནས་སྨོས་ཏེ་ཕ་ལོགས་ལ་བརྗོད་ནའང་བསྔོས་པར་ཆུད་དོ། །རང་བཞིན་དུ་གནས་པ་ལའོ། །ལྟག་མ་ལྟར་བསྔོ་བ་ནི་དགེ་སློང་ཕས་ཕམ་པ་མ་བྱུང་བ་གཅིག་ལ་བསྔོའོ། །གཞན་དུ་ནི་མི་ལྟ་བ་ལའོ། །དགེ་
སློང་ལོག་པར་བལྟས་པ་དང་ཡང་དག་པར་བལྟས་པ་གཉིས་སོ་སོའི་སྡེ་ལ་དཔང་བཙུགས་ཤིང་བསྔོ། །བསྙེན་པར་རྫོགས་པ་དང་བཅས་པའོ། །ལྟག་མ་ལྟར་དཔང་གཟུགས་པ་ནི་ཁྱིམ་པ་དང་དགེ་སྦྱོང་ལ་མ་ཡིན་གྱི་དགེ་སློང་གཅིག་ལ་བསྔོ་ཞིང་དཔང་གཟུགས་སོ། །མཚན་མཚུངས་པ་ལའོ། །
དགེ་སློང་ཕོའང་ཕོ་ལ་བསྔོ། མོའང་མོ་ལ་བསྔོ། འདི་ཉིད་དུ་འདི་བཞིན་དུ་ཕྱི་མ་དང་བཅས་པ་ལའོ། །དགེ་སྦྱོང་ནི་དགེ་སློང་ལ་མཐོལ་ལོ། །དགེ་སློབ་མ་དང་དགེ་སྦྱོང་མ་ནི་དགེ་སློང་མ་ལ་མཐོལ་ལོ། །ལྟག་མ་ལྟ་བུ་རང་བཞིན་ཐ་དད་མ་ཡིན་པ་དང་། བསྙེན་པར་རྫོགས་པ་དང་
མཚན་མཚུངས་པ་ལ་མཐོལ་ལོ། །འདི་ཡི་ཆོས་པ་ལན་འདི་བྱས་པའོ། །དགེ་སློང་གྲོགས་མེད་ན་དགེ་སློང་མ་ལ་བསྔོ། དགེ་སློང་མ་ལ་གྲོགས་མེད་ན་ཕོ་ལ་བསྔོ། དགེ་སྦྱོང་དང་དགེ་སྦྱོང་མ་དང་འདི་རྣམས་ལ་བསྔོར་ནི་རུང་སྟེ་ཉེས་བྱས་རེ་རེ་ཡོད་དོ། །མཚམས་གཞན་དུ་འདུག་པ་ལ་
ཡང་ངོ་། །དགེ་སློང་གྲོགས་ལ་བསྔོ་བ་གྲོགས་ནམ་མཁའ་ལ་འདུག་གམ་མཚམས་ཀྱི་ཕྱི་རོལ་ན་འདུག་པ་ལ་བདག་མཚམས་ཀྱི་ནང་ངམ་ས་ལ་འདུག་པས་བསྔོ་ན་བསྔོས་པར་ནི་ཆུད་ཀྱི་ཉེས་བྱས་སོ། །བསྒོ་བ་ལས་སྐྱེས་པ་དགེ་འདུན་ཐམས་ཅད་ལའོ། །རིགས་སུན་པ་དང་དགེ་འདུན་དབྱེན་ལ་
སོགས་པ་བཞི་ལན་གཉིས་ལན་གསུམ་དུ་བསྒོ་སྟེ་མ་བཏུབ་ནས་ལྷག་མར་འགྱུར་བ་ནི་ཉི་ཤུ་ལ་མཐོལ་བ་ཡིན། ལན་ཅིག་གམ་ལན་གཉིས་བསྒོ་ཏེ་ལྷག་མར་གྱུར་པ་ནི་དགེ་འདུན་ལ་མཐོལ་ཏེ་གྲངས་ནི་འོག་ནས་འཆད། སྨྲེ་སྔགས་འདོན་པའི་ན་ཚོགས་པ་དེའི་གནས་སུའོ། །བཞི་སོ་སོར་
མཐོལ་བ་གང་བྱུང་ཡང་རུང་སྟེ། མཚམས་གཅིག་གི་དགེ་སློང་གུད་དུ་སོང་བ་ནི་མ་གཏོགས་ཀྱི་མཚམས་གཅིག་གི་དགེ་འདུན་ཐམས་ཅད་ལ་མཐོལ། ཚེ་དང་ལྡན་པ་ཁོ་བོ་སྨད་པའི་དངོས་པོ་བྱུང་བར་མི་མཐུན་པ་སྟེ། སྨྲེ་སྔགས་འདོན་པ་མཁྱེན་པ་བགྱིའོ་ཞེས་སོ། །ལྟག་མ་ལྟར་མཐོལ་
Vol. 165 · folio 301b
བ་ནི་ཚིག་འདི་སྐད་ཅེས་བྱས་ཏེ་མཐོལ་ལོ། །དགེ་འདུན་རེ་རེའི་མདུན་དུ་ཅོག་ཙོག་པོར་འདུག་ལ་བདག་གི་ཉེས་པ་བྱས་པའི་དངོས་པོ་ཅི་ཡིན་པ་མིང་ནས་ཕྱུང་སྟེ་འདི་ཡིན་ནོ་ཞེས་མི་དགའ་ཞིང་འགྱོད་པའི་ཚུལ་ལྟ་བུས་མཐོལ་ལོ། །འདི་སྔགས་ལྟ་བུར་མ་ཡིན་ནོ། །སྔགས་ནི་ལན་གསུམ་དུ་གདབ་པ་
ཡིན་ན། འདི་ཡང་སྔགས་གདབ་པ་ནི་མ་ཡིན་གྱི་ལྟག་མ་ལྟར་བརྗོད་པའི་ཚིག་དགེ་སློང་གཅིག་གི་དྲུང་དུ་ཐལ་མོ་སྦྱར་ཏེ་གུས་པར་ཙོག་ཙོག་པོར་འདུག་སྟེ་ལན་གསུམ་མཐོལ་བས་ཚངས་སོ། །ཡིད་ཀྱི་བ་ལང་དེ་བསྡམ་པར་བྱའོ། །ཡིད་ཀྱིས་རྐུ་བ་དང་མི་ཚངས་པ་ལ་སོགས་པ་ཉེས་པ་ཞིག་བྱ་བར་
བསམས་པའི་འོག་ཏུ་ཡིད་ཀྱིས་འགྱོད་དེ་ཕྱིན་ཆད་མི་བྱ་བར་བསམས་ན་གཞན་ལ་མཐོལ་མི་དགོས་ཏེ་བྱང་བར་འགྱུར། གཞན་ནི་འདི་དང་བཅས་ཏེ་བཤགས། ལུས་ཀྱིས་ཉེས་བྱས་པ་ནི་ཡིད་ཀྱིས་མཐོལ་བས་མི་བྱང་གི་དགེ་སློང་ཕ་རོལ་པོའི་གཅིག་ལ་མཐོལ་དགོས་སོ། །གཅིག་ལའོ། །ལྟག་
མ་ལྟར་མཐོལ་བ་ནི་དགེ་སློང་གཅིག་ལ་མཐོལ་བས་ཚངས་སོ། །གཞན་ལ་མི་ལྟ་བ་དེ་ལའོ། །དགེ་སློང་ཆོས་དང་ཆོས་མ་ཡིན་པ་ལ་བལྟས་པ་ནི་སོ་སོའི་སྡེ་ལ་མཐོལ་ལོ། །ཁ་ན་མ་ཐོ་བ་ཅན་མེད་པའོ། །མཐོལ་བའི་རྣམས་དགེ་སློང་གཙང་མ་ལ་མཐོལ་ལོ། །སྡེ་ཡང་ངོ་། །ལྷག་མ་
མན་ཆད་ཉེས་བྱས་ཡན་ཆད་ཉེས་པ་ཅི་བྱུང་བ་སྡེ་སྣོལ་དུ་མཐོལ་ལོ། །མེད་ན་ལྟུང་བས་སོ། །དགེ་འདུན་ཁྱེར་ཅིག་ཐམས་ཅད་ལ་ལྟུང་བ་ཡོད་པ་ལྟ་བུ་ལས་བསྐོས་པའི་ལྟུང་བ་ཡོད་པ་ལྟ་བུ་སྡེ་གཅིག་ཀྱང་མཐོལ་དུ་རུང་ངོ་། །སྔོན་དུ་སྤངས་ཤིང་བྲལ་ན་སྤངས་པའི་འོ། །ཆོས་གོས་གསུམ་སྤངས་པའི་ལྟུང་བ་བྱུང་ན་གསུམ་ཀ་
སྤངས་ཏེ་ཞག་གཅིག་ཆོས་གོས་ཡང་མེད་པར་འདུག་ལ་ཕྱི་དེ་ཉིད་གདོད་མཐོལ་ཚངས་བྱས་ཏེ་བསྔོའོ། །གོས་ལྷག་སྤངས་པར་གྱུར་པ་ཞག་གཅིག་སྤངས་ཏེ་ཕྱི་དེ་ཉིད་མཐོལ་ཚངས་བྱས་ནས་གདོད་སླར་བླང་ངོ་། །ལྷག་མའི་སྦོམ་པོ་ལྕི་བ་ནི་དགེ་འདུན་ཐམས་ཅད་ལས་ཏེ་ལྔ་པ་ལ་སོགས་
པའོ། །དགེ་འདུན་གྱི་ལྷག་མའི་སྦོམ་པོ་ལྕི་བ་ཞིག་བྱུང་ན་དགེ་འདུན་ལྔ་ཡན་ཆད་ལ་མཐོལ་བ་ནི། མཚམས་ཀྱི་ཕྱི་རོལ་དུ་དགེ་འདུན་སྤྱན་དྲངས་ཏེ་དེ་ལ་མཐོལ་ལོ། །མ་ལུས་པ་བྱུང་ན་མང་པོ་ལ་སྟེ་མ་ཆད་པའོ། །ཕས་ཕམ་པའི་སྦོམ་པོ་ནི་མཚམས་གཅིག་གི་ནང་ནས་དགེ་སློང་མང་པོ་
Vol. 165 · folio 302a
ཞིག་འདུག་ན་དགེ་འདུན་ཐམས་ཅད་ལ་མཐོལ་ལོ། །གཙུག་ལག་ཁང་དེ་ན་དགེ་སློང་ཉུང་སྟེ་དྲུག་ཏུ་མ་ཚང་ན་དྲུག་ལས་ཉུང་བ་ལ་མཐོལ་དུ་མི་གནང་གི་གུད་དུ་སྤྱན་དྲངས་ལ་མཚམས་ཀྱི་ནང་དུ་མཐོལ་ཅིག །འདི་ཡང་བ་ན་བཞི་ལ་སོགས་པའོ། །ལྷག་མའི་སྦོམ་པོ་ཡང་བ་དགེ་
སློང་བཞི་ཡན་ཆད་ལ་མཐོལ། ཕམ་པའི་སྦོམ་པོའི་ཡང་བ་དགེ་སློང་ལྔ་ཡན་ཆད་ལ་མཐོལ་ལོ། །བྱས་པ་བཞིན་དུ་འདི་ལས་རྩོལ་བ་ལས་རྐྱེན་གྱིས་མ་གྲུབ་ཀྱང་ལས་སོ། །དགེ་སློང་གཅིག་གིས་དགེ་འདུན་གྱི་ལྷག་མའི་ཁུ་བ་བྱས་ནས་འཁོར་དེར་མཐོལ་དུ་ནི་བདག་ངོ་ཚ་སྟེ་བདག་དང་མཛའ་
བ་གཅིག་ལ་བསྔོས་ཏེ་ཡུལ་གཞན་དུ་དགེ་སློང་ཉི་ཤུ་ལས་མཐོལ་དུ་སོང་སོང་བ་ལས་མ་མཐོལ་བར་ལམ་དུ་ཤིའང་མཐོལ་བའི་སེམས་དང་ཆས་ཏེ་སོང་སོང་བས་ལྷག་མའི་སྡིག་བྱང་བར་འགྱུར་རོ། །ཉེས་བྱས་པ་བཞིན་དུ་ནི་གླེན་པས་བྱས་པ་དང་ཤེས་པའི་ལྟུང་བ་དང་དྲན་པ་དེས་ནའོ། །དགེ་སློང་
སྨྱོན་པ་གཅིག་གིས་ཕས་ཕམ་པ་དང་ལྷག་མ་ལ་སོགས་པ་ཞིག་བྱས་ནས་དེའི་འོག་ཏུ་སྨྱོན་པ་སངས་ནས་སྔ་མ་ཉེས་བྱས་པ་དྲན་ཀྱང་མི་དྲན་པའི་ཚེ་བྱས་པས་ཕམ་པ་ལ་སོགས་པར་མི་འགྱུར་གྱི་ཉེས་བྱས་ཀྱི་མཐོལ་བས་ཚངས་སོ། །མིང་དང་རུས་ལྟུང་བར་ལྡན་པས་བརྗོད། ལྷག་མའམ་ལྟུང་བ་
ཞིག་ཉེས་བྱས་ནས་མཐོལ་བའི་ཚེ། ལྟག་མ་ཞིག་ཉེས་ནའང་ལྷག་མ་ཞིག་ཉེས་བྱས་སོ་ཞེས་བྱས་ལ་ལྷག་མའི་ནང་ནས་གང་ཉེས་པའང་མིང་ནས་དབྱུང་ངོ་། །ལྟུང་བ་ཡང་དེ་དང་འདྲ་བར་བྱ། འདི་སྲིད་དུ་བཅབས་པ་དང་མ་བཅབས་པ་དང་དགེ་འདུན་གྱི་ལྷག་མ་དང་ངོ་། །བདག་གིས་
དགེ་འདུན་གྱི་ལྷག་མ་བྱས་ཏེ་མཐོལ་བའི་ཚེ། ལྟག་མ་ལྟར་གང་ཉེས་པའི་མིང་དང་རུས་དང་འདི་སྲིད་དུ་བཅབས་སོ་ཞེས་མཐོལ། དབྱུང་བས་འདི་ལས་སློང་བར་བྱེད་དོ། །དགེ་འདུན་གྱི་ལྷག་མ་ཞིག་བྱས་ན་དགེ་སློང་ཉི་ཤུས་ཕྱུང་ན་ཚངས་པར་འགྱུར་རོ། །མགུ་བར་བྱ་བ་ཉི་མ་དྲུག་ཏུ་དཔྱད་དེ་དགེ་
འདུན་ལས་བླང་ནའོ། །ལྟག་མ་ལྟར་ལྷག་མ་བྱས་པ་བཅབས་པའི་ཆད་པའང་བྱས་ནས་ཉི་མ་དྲུག་ཏུ་དགེ་འདུན་ལ་བདག་མགུ་བ་བགྱིད་ཅིང་མཆིས་སོ་ཞེས་གསོལ་ཏེ་ཞག་དྲུག་མགུ་བར་བྱས་ནས་གསོལ་ཏེ་དབྱུང་བར་བྱའོ། །དགེ་སློང་མའི་ཟླ་བ་ཕྱེད་དོ། །དགེ་སློང་མས་ལྷག་མ་བྱས་པའི་མགུ་བ་
Vol. 165 · folio 302b
དགེ་འདུན་སྡེ་གཉིས་ཟླ་བ་ཕྱེད་ཀྱི་བར་དུ་བྱའོ། །ལྕི་བའི་ཆོས་ལས་འདས་ན་འདི་སྤྱོད་པར་བྱའོ། །དགེ་སློང་མས་ལྕི་བའི་ཆོས་བརྒྱད་ལས་གང་ཡང་རུང་སྟེ་ཉེས་པར་གྱུར་ན་དགེ་འདུན་སྡེ་གཉིས་ལ་ཟླ་བ་ཕྱེད་ཀྱི་བར་དུ་ཆད་པ་བྱའོ། །ཉེས་པ་བཅབས་པ་མེད་ན་དེ་སྐྱེའོ། །དགེ་འདུན་གྱི་ལྷག་མ་བྱས་
ཏེ་ཅི་སྲིད་དུ་བཅབས་པ་ཆད་པ་མ་བྱས་ན་ཞག་དྲུག་མགུ་བ་བྱས་ཀྱང་དབྱུང་བ་མི་རུང་ངོ་། །ཆད་པས་དེ་མེད་པར་མི་འགྱུར་རོ། །ལྟག་མ་ལྟར་བཅབས་པའི་ཆད་པ་ཕྱས་ན་གདོད་དབྱུང་བར་རུང་ངོ་། །དུས་དེ་སྙེད་དུ་དགེ་འདུན་ལས་བླངས་ཏེའོ། །ལྷག་མ་བྱས་ཏེ་ཅི་སྲིད་དུ་བཅབས་པའི་ཞག་
འདི་སྙེད་ཅིག་བཅབས་སོ་ཞེས་དགེ་འདུན་ལ་གསོལ་ཏེ། དགེ་འདུན་གྱིས་བཅད་པར་གྱིས་ཤིག་པར་བཀའ་སྩལ་ནས་གདོད་ཅི་སྲིད་དུ་བཅབས་པའི་ཆད་པ་བྱའོ། །དེ་བྱེད་པ་ལས་དེ་ལྟ་བུ་དགེ་འདུན་གྱི་ལྷག་མ་བྱུང་ན་བླངས་ཤིང་བྱས་པ་ལས་ཞིག་སྟེ་དེ་བས་ན་རྩ་བ་ནས་བརྩམས་ཏེ་སྦྱིན།
དགེ་འདུན་གྱི་ལྷག་མ་ཞིག་བྱས་ནས་ཆད་པ་དང་མགུ་བ་གང་ཡང་རུང་། དགེ་འདུན་ལས་ལུང་མནོས་ཏེ་ཆད་པ་བྱེད་པའི་ཚེ་ཡང་ལྷག་མ་ཞིག་བྱས་ན་ལས་སྔ་མ་བྱས་པ་ཡང་ཞིག་དགེ་འདུན་ལས་ལུང་མནོས་པ་ཡང་མི་བརྩན་གྱི་ད་གདོད་ལུང་ཡང་གདོད་གནོད་པ་ཆད་པ་ཡང་གདོད་མགོ་
བརྩམས་ཏེ་བྱའོ། །འཇུག་པ་བཞིན་དུ་བརྩམས་པའོ། །ལྟག་མ་ལྟར་ཆད་པ་དང་མགུ་བར་བྱེད་པ་དད་པའི་སེམས་ཀྱིས་མགུ་བར་བྱེད་པ་བཞིན་དུ་ཆད་པ་སླར་མགོ་བརྩམས་པ་ལེ་ལོ་མ་བྱས་པ་མ་ཡིན་གྱི་སྔ་མ་དང་འདྲ་བས་དད་པ་བྱའོ། །དེ་བས་ན་མ་སྐྱེས་པ་དེ་དེ་ན་ཐོག་མ་སོ་སོར་བསླང་པ་
ཡང་ངོ་། །དགེ་འདུན་གྱི་ལྷག་མ་ཞིག་བྱས་ཏེ་མཐོལ་ནས་ཆད་པ་དང་མགུ་བ་བྱས་ནས་བྱུང་བའི་འོག་ཏུ་ཕྱིས་འདུལ་བ་ལས་ཐོས་ནས་སྔ་མའི་ཆད་པ་དང་མགུ་བ་དང་། ཕྱུང་བ་ཚུལ་བཞིན་དུ་མ་བྱས་པར་ཚོར་ན་སྔ་མའི་ལས་མི་རུང་གི་ད་གདོང་བྱ་དགོས་སོ། །དེ་ལས་གཞན་པ་ཡང་བྱའོ། །ལྟག་
མའི་ཆད་པ་བྱ་བ་སྔོན་ལན་ཅིག་ཀྱང་བྱས་ཟིན་པས་ད་ཡག་ཡུག་ཙམ་བྱས་པས་ཆོག་པ་ཙམ་དུ་བསམས་ཏེ་བྱར་མི་རུང་གི་སྔོན་ཇི་ལྟར་བྱས་པ་བཞིན་དུ་ནན་ཏན་བྱའོ། །དེ་བས་ན་དེའི་ཕྱིར་ཡང་གནས་པའོ། །དགེ་འདུན་གྱིས་ལྷག་མ་ཞིག་བྱས་ཏེ་ཆད་པ་དང་མགུ་བ་བྱེད་པ་ལས་ལས་མ་ཟིན་པར་ཡང་
Vol. 165 · folio 303a
ལྷག་མ་གཉིས་གསུམ་ཞིག་རིམ་པར་བྱས་ན་ནང་གི་ཐ་མ་ནས་བྱས་པ་དེ་ནས་མགོ་བཟུང་སྟེ་ལས་ཀུན་གདོད་བྱའོ། །དེ་བཅབས་པ་ལྷག་མ་དེའི་དུས་ཆུད་པར་བྱ། ལྷག་མ་ཞིག་བྱས་ནས་ཆད་པ་བྱེད་པའི་ཚེ་ཡང་ལྷག་མ་ཞིག་བྱས་ནས་ཞག་བཅུ་ཙམ་བཅབས་ཏེ་བཞག་
ནས་ཡང་ལྷག་མ་ཞིག་བྱས་ནས་མཐོལ་ན་བར་དུ་ཞག་བཅུ་ཙམ་བཅབས་པས་བསྣན་ཏེ་ཆད་པ་དེ་བཞིན་དུ་བྱའོ། །འདི་དག་ལས་ཀྱིས་སྦྱིན་ཆད་པ་དང་རྩ་བའི་ཆད་པ་དང་མགུ་བ་དང་རྩ་བའི་མགུ་བ་དང་ཡང་རྩ་བའི་མགུ་བ་དགེ་འདུན་གྱིས་གྱིས་ཤིག་པར་ཁས་བསྒོ་བ་ཙམ་གྱིས་མི་ཆོག་གི་གསོལ་བ་དང་
ཞུ་བ་བཞིས་བྱེད་དུ་གཞུག་གོ། །དབྱུང་བ་ཡང་ངོ་། །དགེ་སློང་ཉི་ཤུས་ཆད་པ་དང་མགུ་བ་བྱས་ཏེ་དབྱུང་བའི་ཚེའང་གསོལ་བ་དང་ཞུ་བ་བཞིས་བྱའོ། །འདིར་སྤྱོད་པ་ཡང་ངོ་། །དགེ་འདུན་གྱིས་ལྷག་མའི་ཁུ་བ་ཞིག་དབྱུང་བ་དང་འཛིན་པ་ལ་སོགས་ཏེ་ལྷག་མ་གང་བྱས་ཀྱང་རུང་ཡོན་བདག་དད་
པའི་ཡོན་བླངས་ཤིང་ལས་འདི་ལྟར་བྱེད་པ་ཉེས་སོ་ཞེས་སྤྱོ། གསོལ་བ་དང་ཀློག་པ་དང་པོའི་བར་དུའོ། །ལྟག་མ་ལྟར་སྤྱོ་བ་ནི་ལས་པའི་དགེ་སློང་གཅིག་གིས་གསོལ་བ་གཅིག་བྱས་ལ་དེའི་འོག་ཏུ་སྤྱོ་བར་བྱའོ། །རྩྭ་བཏིང་བ་བཞིན་དུ་བསྙིལ། དགེ་སློང་ལྷག་མ་བྱས་པ་དེ་དགེ་འདུན་
གྱི་སྤྱན་སྔར་ཁ་བུབ་དུ་བསྙིལ་ལ་སྤྱོ་བ་དང་དབྱུང་བ་གཉིས་ཀ་ལས་པའི་དགེ་སློང་གིས་བྱའོ། །དེ་ལྟར་ལས་པས་བསྒོ་ནས་དགེ་འདུན་ལ་བཟོད་དམ་མི་བཟོད་ཞུས་ཏེ་དགེ་འདུན་གིས་བཟོད་ན་བདག་གིས་ཀྱང་དེ་བཞིན་འཛིན་ཏོ་ཞེས་བྱ། བསྔགས་པ་ཡང་ངོ་། །ལྟག་མ་ལྟར་བསྙལ་བ་ལས་
བསླངས་ནས་ཁྱོད་ཀྱིས་མཐོལ་བ་དང་ཆད་པ་བྱས་པ་མ་བཅབས་པར་མཐོལ་བ་ཤིན་ཏུ་དགེ་ད་ཁྱོད་གཙང་མར་གྱུར་ཏོ་ཞེས་ཞིབ་ཏུ་བསྔགས། བརྗོད་པ་བྱས་མ་ཐག་ཏུའོ། །ལྟག་མ་ལྟར་ཡོན་ཏན་བསྔགས་པ་གོང་དུ་སྤྱོ་བ་རྣམས་ཟིན་ནས་དེ་མ་ཐག་ཏུ་བསླངས་ལ་བསྔགས་སོ། །ཕྱིར་བྱ་བའི་
དངོས་པོའོ། །ཚུལ་ཁྲིམས་ལོག་མ་ནི་དབྱུང་། དགེ་སློང་མ་ཕས་ཕམ་པ་བྱུང་ན་གཙུག་ལག་ཁང་ནས་བསྐྲད་དོ། །དེ་དགེ་འདུན་དབང་ངོ་། །ལྟག་མ་ལྟར་ཕམ་པ་བསྐྲད་པ་ནི་གང་ཟག་གིས་བསྐྲད་པར་མི་གནང་གི་དགེ་འདུན་གྱིས་བསྐྲད་དོ། །དེ་དག་གིས་དེ་ལ་མི་གཡེལ་བར་བྱ།
Vol. 165 · folio 303b
དགེ་སློང་ཕས་ཕམ་པ་བྱུང་བར་ཤེས་བཞིན་དུ་དགེ་འདུན་གྱིས་མ་བསྐྲད་ན་དགེ་འདུན་ཐམས་ཅད་ཉེས་བྱས་སུ་འགྱུར་ཏེ་གཞན་ཡང་གུད་ནས་ཉེས་བྱས་ཡན་ཆད་ཡོད་དོ། །མ་རུང་བར་གྱུར་པ་བཟོད་པར་རོ། །དགེ་སློང་དང་དགེ་སྦྱོང་ཞིག་ཉེས་པ་བྱས་ཀྱང་སངས་རྒྱས་ཀྱིས་བཤད་པ་ལ་བར་དུ་གཅོད་པར་
མི་འགྱུར་རོ་ཞེས་ཟེར་བ་དེ་བསྐྲད་དེ་བཏང་ནས་ཕྱིས་ངོ་མཚར་འགྱོད་དེ་ལུས་ཀྱི་སྤུ་ལངས་པར་མི་དགའ་སྟེ་ཕྱེ་འཁྲུད་དེ་གསོལ་དུ་འོངས་ན་བཟོད་པར་བྱའོ། །སྨད་པ་མ་བསྒོས་ན་སྨད་པ་བཟོད་པ་མི་སྐྱེ་ལྟག་ཏུ་བཤད་པ་སྨད་པ་མི་བསྐོས་ན་སྨད་པ་བཟོད་པ་མི་སྐྱེ། ལྟག་ཏུ་བཤད་པ་སྨད་པ་རྣམ་བདུན་
གྱིས་བསྐྲད་པ་སླར་མཚན་མ་བཏང་སྟེ་ལུས་སྤུ་ལངས་པ་ཙམ་དུ་དད་དེ་གསོལ་དུ་འོང་བ་དགེ་འདུན་ཐམས་ཅད་ཀྱིས་བཟོད་དེ། དགེ་སློང་གཅིག་གིས་མི་བཟོད་ཅེས་བྱས་ན་གཞན་གྱིས་བཟོད་ཀྱང་བཟོད་པར་མི་ཆུད་དོ། །སུན་པ་དེའི་གནས་སུ་མི་གཞག་པར་བྱ། དགེ་སློང་རིགས་སུན་པ་བྱས་
ནས་གང་དུ་བྱས་པའི་ཡུལ་ནས་བསྐྲད་དེ་བཏང་ངོ་། །སྤང་བ་ཐམས་ཅད་དང་མི་གནས་མི་བཟའ་སྤངས་པ་རྣམ་པ་བདུན་ལ་སོགས་པའི་དགེ་སློང་གང་ཡང་རུང་སྟེ་དེ་དང་ལྷན་ཅིག་གསོ་སྦྱིན་ལ་སོགས་པའི་ལས་དང་ཟས་ལ་སོགས་པ་ལྷན་ཅིག་མི་སྤྱད་དོ། །དེ་འདུ་ཤེས་པ་ལས་བཅབས་སོ། །ལྟག་
མ་ལྟར་སྤངས་པར་ཤེས་བཞིན་དུ་དེ་དང་ལྷན་ཅིག་ཏུ་ལས་དང་བཟའ་བ་བྱས་ན་ཉེས་བྱས་ཏེ་མི་ཤེས་པ་ནི་ཉེས་མེད་དོ། །དེ་དག་ཆོས་མ་ཡིན་པའི་སྐྱབས་ཕྱེ་བའི་དེ་དག་དང་ངོ་། །དགེ་སློང་སྡེ་གཉིས་སུ་ཆད་དེ་ཆོས་ལ་ལྟ་བའི་དགེ་སློང་ཆོས་མ་ཡིན་པ་ལ་ལྟ་བ་དང་ལས་ལྷན་ཅིག་བྱས་སམ་བཟའ་བ་ལ་
སོགས་པ་ཐབས་ཅིག་ཏུ་བྱས་ན་ཉེས་བྱས་སོ། །གཞན་དུ་མ་ཡིན། ཆོས་མ་ཡིན་པ་ལ་ལྟ་བའི་དགེ་སློང་ཆོས་མ་ཡིན་པ་ལ་ལྟ་བ་དང་ལས་ལྷན་ཅིག་བྱས་སམ་བཟའ་བ་ལ་སོགས་པ་ཐབས་ཅིག་ཏུ་བྱས་ན་ཉེས་བྱས་སོ། །གཞན་དུ་མ་ཡིན། ཆོས་མ་ཡིན་པ་ལ་ལྟ་བའི་དགེ་སློང་ཆོས་ལ་ལྟ་
བའི་གན་དུ་འོངས་ཏེ་ལས་བྱས་པ་དང་བཟའ་བ་ལྷན་ཅིག་བྱས་ཀྱང་ཉེས་མེད་དོ། །སྨད་པ་གཞན་འདི་ལ་མ་ཡིན། སྤངས་པ་རྣམ་པ་བདུན་སྤངས་པ་ལ་འཐབ་མོ་བྱེད་པ་དང་ལྷག་མ་མི་མཐོལ་བ་དང་རིགས་སུན་པ་དང་ཁྱིམ་པ་ལ་ཟུག་ཟེར་ཞིང་སྤྱོ་བ་བཞི་ནི་དགེ་འདུན་ནམ་དགེ་སློང་དང་བཟའ་ཞིང་
Vol. 165 · folio 304a
སྤྱོད་དུ་རུང་ངོ་། །བསྙོན་པ་དང་བཤགས་སུ་མི་བཏུབ་པ་དང་སྡིག་པ་ལ་ལྟ་བ་གསུམ་དང་ནི་འགྲོགས་ཤིང་བཟར་མི་རུང་ངོ་། །འདི་མཛའ་བ་ལ་གནས་པར་བྱ། སྤངས་པ་བདུན་ལས་དགེ་འདུན་ལས་གྲོགས་སུ་རུང་བ་བཞི་ཕྱི་རོལ་དུ་མི་བསྐྲད་པར་མཁན་པོ་འམ་མཛའ་བོ་གཅིག་
དང་གཅིག་དང་གནས་འཆར་གཞུག་གོ། །མཉམ་པ་མེད་པ་སྨད་པ་བྱེད་པ་དང་ཞིག་སྟེ་བསྐྲད་པའི་སྣོད་དག་སྤང་ཞིང་དོར། ཕས་ཕམ་པ་དང་སྤང་བ་བདུན་གང་གང་རུང་སྟེ། གཙུག་ལག་ཁང་ནས་བསྐྲད་པའི་ཚེ་འགྲོར་མི་བཏུབ་ན་གོས་དང་ཡོ་བྱད་ཐམས་ཅད་ར་བའི་ཕྱི་རོལ་ཏུ་ཕྱུང་སྟེ་དོར། ནན་
གྱིས་བསྐྲད། བསྐྲད་དེ་འགྲོར་མི་བཏུབ་ན་དགེ་འདུན་གྱིས་རྐང་ལག་བཞི་ནས་གཡངས་ཏེ་ཡང་སྒོར་གཞུག །འདུག་ན་བཅང་། བསྐྲད་པའི་ཚེ་ཀ་བ་ལ་འཇུས་ན་ཀ་བ་ཡང་བཅད་དེ་བསྐྲད་དོ། །རང་བཞིན་མི་ལྟུང་བ་དེ་ནས་དབྱུང་། སྒོའི་རེ་བཞི་ལྟ་བུའམ་གཅད་དུ་མི་རུང་བ་ལྟ་བུ་ཞིག་ལ་འཇུས་
ན། ས་ལ་ཕྱུང་སྟེ་བསྐྲད་དེ་བཏང་། དགེ་འདུན་གྱིས་དེ་བཅོས་ལྟག་མ་ལྟར་བསྐྲད་པས་འཇུས་ཏེ་སྒོ་དང་ཀ་བ་ལ་སོགས་པ་ཕྱུང་བ་ཡང་སླར་བཙིག་ཅིང་བཅོས་བྱེད་དུ་གཞུག་ལྟག་མ་ལྟར་བཅོས་པ་དགེ་འདུན་གྱིས་མི་ནུས་ན་ཡོན་བདག་གཅིག་ཡོད་ན་བཅོས་སུ་གཞུག །མ་གྲུབ་ན་གཙུག་
ལག་ཁང་གི་ཡིས་སོ། །ལྟག་མ་ལྟར་ཡོན་བདག་གིས་ཀྱང་ཆོས་མ་ནུས་དཀོན་མཆོག་གསུམ་གྱི་དཀོར་ལས་ཕྱུང་སྟེ་བཅོས། འཐབ་མོ་བྱེད་པ་བསྐྲད་པ་མི་གཟུང་། དགེ་སློང་དང་དགེ་སྦྱོང་རྟག་ཏུ་འཐབ་མོ་བྱེད་དེ་བསྐྲད་པར་ཆད་པ་ལ་དགེ་སློང་འགས་མི་བསྐྲད་དུ་ཅི་གནང་ཞེས་མི་གསོལ་བར་
བསྐྲད་དོ། །ཐབ་མོ་ལས་མ་ལོག་ཅིང་མ་ཞི་ན་ནན་ཏན་ལ་སྤང་། དགེ་སློང་ཞིག་འཐབ་མོ་ཞིག་རྒོལ་ཏེ་མ་བྱེད་ཅེས་བྱས་ན་བཀའ་བཞིན་དུ་འཚལ་ཞེས་ཁས་བླངས་ལ་ཕྱིས་ཀྱང་རྟག་པར་བྱེད་ན་བསྐྲད་དེ་གཏོང་ངོ་། །ཆད་པར་བྱེད་ན་ཞི་བར་བྱ་བས་སོ། །དགེ་སློང་གཉིས་ཤིག་ཆོས་ལ་རྟག་པར་
ལྟ་བའི་མུ་ལྟ་བུ་ལ་རྩོད་དེ་དབུལ་ན་ཞལ་ཅེ་བས་བཅད་ཀྱང་ཉན་དུ་མི་བཏུབ་ཅིང་རྩོད་པ་གཉིས་ཀ་བསྐྲད་དོ། །གནས་པ་ལ་གནས་ཀྱིས་ནན་ཏན་དུའོ། །ཉེ་གནས་ཀྱིས་ཉེས་པ་ཞིག་བྱུང་སྟེ། དགེ་འདུན་གྱིས་ཆད་པས་གཅད་ན་མཁན་པོས་ཆད་པ་མྱུར་དུ་གྱིས་ལ་མཐོལ་ཚངས་གྱིས་ཤིག་ཅེས་བསྒོ།
Vol. 165 · folio 304b
འཐབ་མོའི་མཚན་མ་འབུལ་བའང་སྤང་ངོ་། །དགེ་སློང་གཉིས་ཤིག་འཐབ་པ་ལ་དགེ་སློང་མངོན་པར་ནོན་ནི་མི་བྱེད་བགས་ཀྱིས་འཐབ་ཏུ་འཛུད་ན་འཛུད་པའི་དགེ་སློང་དེའང་བསྐྲད་དོ། །དགེ་སློང་མ་དང་འཁྲི་ཤིང་གནས་པ་ཡང་སྤང་ངོ་། །དགེ་སློང་ཞིག་དགེ་སློང་མའི་ཁྱིམ་དུ་རྟག་པར་འགྲོ་ཞིང་
གནས་པ་དེ་ལྟར་མ་བྱེད་ཅེས་ལན་གཉིས་ལན་གསུམ་དུ་བསྒོ་སྟེ་མ་བཏང་ན་བསྐྲད་དོ། །བསྐྲད་པ་དེ་ལ་ཕྱག་བྱ་བར་ནི་མི་རིགས་པར་དགེ་སློང་མས་བྱ། ལྟག་མ་ལྟར་དགེ་སློང་མའི་གནས་སུ་རྟག་པར་འགྲོ་བའི་དགེ་སློང་བསྐྲད་པ་དེ་ལ་དགེ་སློང་མས་ཕྱག་མི་བྱ། སྨད་པའི་མཚན་མ་གཞན་ལ་དེའི་
ཕྱིར་བས་བསམ་ན་གཞན་བྱས་ཀྱང་སྐྱེའོ། །སྨད་པ་རྣམ་པ་བདུན་ལ་ལྟག་མའི་སྨད་པའི་གཞི་ཁ་ཅིག་སྨད་པའི་ལས་བྱ་བའི་ཚེ་ལས་པའི་དགེ་སློང་གིས་སྨད་པ་དང་བསྐྲད་དོ་ཞེས་ཟེར་བའི་མིང་ནོར་ཀྱང་ལས་སུ་རུང་ངོ་། །གཞན་དུ་ནི་མི་སྐྱེའོ། །ལྟག་མ་ལྟར་མིང་ནོར་མི་ཤེས་ན་ནི་རུང་གི་ཤེས་བཞིན་
དུ་ལས་བྱས་ན་མི་རུང་ངོ་། །གཞན་དུ་ནི་མི་སྐྱེའོ། །ལྟག་མ་ལྟར་མིང་ནོར་མི་ཤེས་ན་ཞིག་གོ། །སྤངས་པ་རྣམ་བདུན་ལས་སྤང་བ་རྣམ་བཞི་གང་ཡང་རུང་སྟེ། དེ་གཅིག་གིས་འཐབ་མོ་ཞིག་བྱས་ཏེ་ཆད་པས་བཅད་པས་ལས་དེའི་ཚེ་རིགས་སུན་པ་ཞིག་བྱས་ན་སྔ་མའི་ལས་བཏང་། ལས་ཕྱི་མའི་
ལས་བྱས། གདོད་མགོ་ནས་བྱེད་དུ་གཞུག་གོ། །སྤངས་པ་ལ་མི་སྐྱེ། སྤངས་པ་རྣམས་བདུན་ལས་བསྐྲད་པ་རྣམ་གསུམ་གྱིས་བཅད་དེ་ཆད་པ་བྱེད་པའི་ཚེ་ཕྱི་མ་སྤངས་པ་གཅིག་ཡང་བྱས་ན་ལྟག་མའི་ཆད་པ་ལྟར་འབྱུང་བ་མ་ཡིན་གྱི་ཆད་པ་གཉིས་ཀ་བྱེད་དུ་གཞུག་གོ། །སྦོམ་པོར་ནི་
གྲགས་པ་དང་། བསོད་ནམས་ཆེན་པོ་དང་མདོ་སྡེ་དང་འདུལ་བ་དང་མ་ལྟ་བུ་འཛིན་པ་དང་། ཐོས་པ་དང་སྐྱབས་དང་འཁོར་མང་པའོ། །མིང་གིས་སྨོས་པ་འདི་རྣམས་ལྟ་བུ་དང་ལྡན་པ་དགེ་འདུན་གྱི་གཙུག་ལག་ཁང་ནས་བསྐྲད་ན་དགེ་འདུན་གྱི་དབྱེན་དུ་འགྱུར་རོ། །ཁྱིམ་པ་ནི་དཔེ་
སྟེ་དགེ་སློང་ལ་སོགས་པ་ལྔ་ལ་བཟུང་ཡང་སྤང་ངོ་། །ལྟག་ཏུ་ཁྱིམ་པ་ལ་ཟེར་ན་བསྐྲད་དོ་ཞེས་འབྱུང་བ་བཞིན་དུ་དགེ་སློང་རྣམ་ལྔ་ལ་ཟུར་ཟེར་ཞིང་འཐབ་མོ་རྒོལ་བའང་ལན་གཉིས་ལན་གསུམ་དུ་བསྒོ་སྟེ་མ་བཏུབ་ན་བསྐྲད་དོ། །སྨད་པ་ཅན་གྱིས་མི་སྤང་བ་མ་ཡིན། སྨོད་པ་སྣ་ཚོགས་ཀྱི་
Vol. 165 · folio 305a
དགེ་སློང་རྣམས་ལ་སྨོད་ན་ཡང་བསྐྲད་དོ། །སྨད་པའི་ལས་ལ་སྤྱིའི་མ་ཡིན་པར་མ་དོགས་ཤིག་དགེ་སློང་གིས་སྨད་པ་དང་བསྐྲད་པ་བཞིན་དུ་དགེ་སློང་མས་ཀྱང་དགེ་སློང་ལ་དེ་བཞིན་དུ་བྱའོ། །རབ་ཏུ་བྱུང་སྟེ་བསྙེན་པར་མ་རྫོགས་པ་དེ་དག་ལའང་འདི་དག་བྱའོ། །
ལྟག་ཏུ་དགེ་སློང་དང་དགེ་སློང་མ་ཉེས་ན་སྤང་བ་རྣམ་པ་བདུན་གྱིས་སྤངས་པ་བཞིན་དུ་དགེ་སྦྱོང་དང་དགེ་སློང་མ་དང་དགེ་སྦྱོང་མ་ཉེས་ནའང་སྤང་བ་རྣམ་བདུན་བཞིན་དུ་བསྐྲད་དོ། །ཁྱིམ་པ་ལ་མ་ཡིན། སྤང་བ་རྣམ་བདུན་ལྟ་བ་རྩེ་རྒོད་དང་གཡོག་ལ་ནི་མི་བསྐྲད་དོ། །དགེ་སློང་ཕ་ལ་ཕས་ཕམ་པ་
བྱུང་བར་སྐུར་ཅིང་སྨོད་དང་སྡིག་པ་ལ་ལྷུང་བཟེད་དབུབ། ཁྱིམ་པ་དགེ་སློང་མ་ཉེས་པ་ལ་ཕས་ཕམ་པར་སྐུར་བ་དང་དམོད་མོ་ཟེར་བ་དང་ཕྱར་ཀ་འདེབས་པ་ལ་སོགས་པ་ཞིག་ཟེར་ན་མི་དེའི་ཁྱིམ་དུ་ཟན་མི་བསླང་ངོ་། །ཆོས་སུ་བྱ་བས་སོ། །ལྟག་མ་ལྟར་ལྷུང་བཟེད་ཁ་དབུབ་པ་ནི་ལྷུང་བཟེད་ཉིད་
ཁས་དབུབ་པ་ལ་ནི་མ་ཡིན་གྱི་ཟན་མི་བསླང་བ་ལ་བྱའོ། །གསོལ་བས་སོ། །ལྷུང་བཟེད་ཕུལ་བའི་ཁྱིམ་དུ་ཟན་མི་བསླང་བ་ནི་གསོལ་པ་གཅིག་གིས་བྱའོ། །ལྷུང་བཟེད་ཁས་ཕུབ་པའི་ཁྱིམ་དུ་མི་འགྲོ་བའོ། །ལྷུང་བཟེད་ཁས་ཕུབ་པའི་ཁྱིམ་དུ་དམ་བཅས་པ་རྣམས་མི་འགྲོ་སྟན་ལ་མི་སྤྱད།
ལྷུང་བཟེད་ཁས་ཕུབ་པའི་ཁྱིམ་དུ་ནོར་ཏེ་ཕྱིན་ནས་སྟན་ལ་འདུག་ཅེས་ཟེར་ཀྱང་མི་འདུག །ཡོན་བཅས་པ་ལ་མ་ཡིན། ལྷུང་བཟེད་ཁས་ཕུབ་པའི་ཁྱིམ་པ་དེས་སྔོན་གཙུག་ལག་ཁང་དུ་ཁྱིམ་དང་མལ་སྟན་དང་ར་བ་དང་སྐྱེད་ཤིང་ལྟ་བུ་ཞིག་ཡོན་དུ་ཕུལ་ནའང་མི་བཟའོ། །བསོད་སྙོམས་མི་
བླང་། ལྷུང་བཟེད་ཕུལ་པའི་བསོད་སྙོམས་ཤིག་གང་བར་གཙུག་ལག་ཁང་དུ་ཁྱེར་ཏེ་འོངས་ཀྱང་མི་བླང་། ཆོས་མི་བཤད། ལྷུང་བཟེད་ཁས་ཕུབ་པ་ལ་ཆོས་མི་བཤད། གང་གི་ཕྱིར་ལས་བྱ་བ་དེར་གཏོགས་པར་ཕུབ་པའོ། །ལྷུང་བཟེད་ཁས་ཕུབ་པ་ནི་དགེ་འདུན་གང་འདུས་པ་དེས་མི་
བླང་གི་དགེ་སློང་གཞན་ནི་མ་གཏོགས་སོ། །འདི་དག་གི་ཕྱོགས་མ་ཡིན་པའི་གྲོང་དང་སྤངས་པ་ཚུན་ཆད་ལ་མི་སྐྱེའོ། །དགེ་འདུན་ཆོས་དང་ཆོས་མ་ཡིན་པ་ལ་ཕྱོགས་པ་ལས་ཆོས་ལ་ལྟ་བས་ལྷུང་བཟེད་ཁས་ཕུབ་ན་ཆོས་མ་ཡིན་པ་ལ་ལྟ་བ་མཚམས་གཅིག་ན་འདུག་ཀྱང་བསླང་དུ་
Vol. 165 · folio 305b
རུང་ངོ་། །འདི་ལ་འགས་བསྒོ། ལྟག་མ་ལྟར་ལྷུང་བཟེད་ཁས་ཕུབ་པའི་དགེ་བསྙེན་ལ་དགེ་འདུན་གྱི་ནང་ནས་ཁོ་དང་མཛའ་བ་གཅིག་དགེ་འདུན་ཚིག་སྐད་དུ་མི་བྱ་བར་བཟོད་པ་གསོལ་ཅིག་ཅེས་གདམས་ཀྱང་ཉེས་མེད། བཟོད་པར་བྱས་ནས་གསོལ་པས་དག་ན། ལྷུང་བཟེད་ཁས་ཕུབ་
པའི་དགེ་བསྙེན་དེས་ནོས་སོ་ཞེས་ཁས་ལེན་ཅིང་ཆད་པས་ཆད་པ་ལ་འཚལ་ལོ། །བཟོད་པ་གསོལ་ན་དགེ་འདུན་འདུས་ཏེ་གསོལ་བའི་ལས་བྱས་ནས་ཕྱིན་ཆད་དེའི་ཁྱིམ་དུ་བསླང་པར་བྱའོ། །བཅབས་པའི་སེམས་མ་བསྐྱེད་ན་ཐ་མའི་ཚུན་ཆད་ལྡང་ངོ་། །དགེ་སློང་གཅིག་གིས་ཕམ་པ་བྱས་
ཏེ་མི་ཚངས་པའི་ཕམ་པ་བྱས་མ་ཐག་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་དུ་འོངས་པ་དེ་ལ་ཚུལ་ཁྲིམས་འཆགས་སོ། །དེ་ལྟར་འཆགས་པ་ནི་རབ་ཏུ་ངོ་ཚ་ཞིང་འགྱོད་པའི་ཤས་ཆེ་བའི་ཕྱིར་རོ། །བསླབ་པ་སྤྱད་པས་སོ། །ལྟག་མ་ལྟར་ཚུལ་ཁྲིམས་འཆགས་པ་དེ་བསླབ་པ་དགེ་འདུན་
གྱིས་བྱིན་ནས་བསླབ་པ་བཞིན་དུ་ནི་སྦྱངས་ན་ཚུལ་ཁྲིམས་སྐྱེའོ། །དེ་འཐོབ་པའི་དགེ་འདུན་ལས་སོ། །ལྟག་མ་ལྟར་བསླབ་པ་ཐོབ་པ་ནི་དགེ་འདུན་གྱིས་བྱིན་ནས་གདོད་འཐོབ་པོ། །ལས་ཀྱིས་སྦྱིན། ལྟག་མ་ལྟར་དགེ་འདུན་གྱིས་སྦྱིན་པའང་གསོལ་བ་དང་ཞུ་བ་བཞིའི་ལས་ཀྱིས་
སྦྱིན་ནོ། །ནམ་འཚོའི་བར་དུ། ལྟག་མ་ལྟར་སློབ་མ་སྦྱིན་ཞེས་བྱ་བ་ནི་ལོ་གཅིག་གཉིས་ཤིག་སྦྱིན་པ་མ་ཡིན་གྱི་ཚེ་གཅིག་ཏུ་སྦྱིན་པ་ལ་བྱའོ། །དགེ་འདུན་གྱི་ལྷག་མ་བས་ངོ་ཚ་བ་དང་ལྡན་པ་གཅིག་གི་མདུན་ན་འདུག་གོ། །མདོ་སྡེ་དང་འདུལ་བ་དང་མ་ལྟ་བུ་དང་འཛིན་པ་དང་
གྲངས་པ་ལ་ཡང་ངོ་། །དགེ་སློང་སྡེ་སྣོད་གསུམ་གང་ཡང་རུང་ཤེས་པ་གཅིག་གིས་དགེ་འདུན་གྱིས་ལྷག་མ་བྱས་ཏེ་རབ་ཏུ་ངོ་ཚ་བའི་སེམས་ཀྱིས་ཕྱིན་ཆད་མི་བྱ་བར་ཡི་དམ་བཅས་ན་གང་ཟག་གཅིག་ལ་མཐོལ་བས་ཚངས་སོ། །བསམ་པས་ལྟུང་བ་དང་ལྡང་གི་ཆད་པས་མ་ཡིན་ནོ། །དགེ་
འདུན་གྱིས་ལྷག་མ་བྱས་ནས་ཞག་དྲུག་མགུ་བ་བྱས་པའི་ཚེ་རབ་ཏུ་ངོ་ཚ་བ་དང་ལྡན་ཞིང་གནོང་བ་བཞིན་དུ་མཐོལ་ན་ཚངས་པར་འགྱུར་རོ། །འདིར་ལྟུང་བའི་སྡེའི་མིང་དང་བྱུང་བའི་དུས་སོ། །སཱུ་ཏྲ་ལྟག་མ་ལྟར་མདོ་སྡེའམ་འདུལ་བ་འཛིན་པས་ལྷག་མ་བྱས་ནས་གང་ཟག་གཅིག་ལ་མཐོལ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words