འདུལ་བ་ཚིག་ལེའུར་བྱས་པ

Sanskrit title (Tibetan script, as in the text) བི་ན་ཡ་ཀཱ་རི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 166 · folio 1b

༄༅༅། །རྒྱ་གར་སྐད་དུ། བི་ན་ཡ་ཀཱ་རི་ཀཱ། བོད་སྐད་དུ། འདུལ་བ་ཚིག་ལེའུར་བྱས་པ། བམ་པོ་དང་པོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འཕགས་པ་ཉན་ཐོས་

དང་རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གིས་ཉིད་ཀྱི་དབུ་ཡང་རིན་ཆེན་འོད་འཕྲོ་ལྟ་བུ་དང་། །རབ་རྒྱས་པདྨ་གསེར་མདོག་དང་འདྲའི་བཙུན་མོ་རྣམས་ཀྱང་བྱིན། །མ་ལུས་

དོན་གཉེར་རབ་དགར་མཛད་ནས་བྱང་ཆུབ་མཆོག་བརྙེས་པ། །ཆོས་འདུལ་ཞི་བའི་དོན་དུ་སྟོན་མཛད་དེ་ལ་ཕྱག་འཚལ་ལོ། །གང་ཐོབ་ངན་འགྲོའི་འཇིགས་པ་རྣམས་ལས་ངེས་པར་སྒྲོལ་འགྱུར་

ཞིང་། །སྲིད་པའི་འཆིང་བ་མཐའ་དག་བཅད་ནས་མྱ་ངན་འདས་གྱུར་པ། །འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་ཀུན་ལས་སྒྲོལ་བ་ཡི། །གཟིངས་གྱུར་གཅིག་པུ་བདེ་གཤེགས་ཀྱིས་

བསྟན་ཆོས་དེ་ལ་ཡང་འདུད། །གང་ཡང་ཡོན་ཏན་ཀུན་ལྡན་ཡོན་གནས་དམ་པར་གང་གྱུར་པས། །ཅུང་ཟད་ཕུལ་ཡང་འབྲས་བུ་རྒྱ་ཆེན་ཤིན་ཏུ་འཕེལ་འགྱུར་བ། །བདག་ཉིད་ཀུན་གྱིས་ཕྱག་

Vol. 166 · folio 2a

འོས་བདེ་བར་གཤེགས་པས་རབ་ཏུ་བསྔགས། །གང་ཟག་བརྒྱད་མཆོག་ལེགས་སྤྱོད་ཀྱིས་བརྒྱན་འཕགས་ཚོགས་རྣམས་ལའང་འདུད། །གང་གིས་འདུལ་བ་བསྟན་པ་དང་། །གང་གི་གང་ཞིག་

འདུལ་བ་ཐོབ། །མ་དུལ་སྤངས་ནས་འདུལ་དབང་གྱུར། །འདུལ་བ་ལ་ནི་ཡང་དག་གནས། །ཆོས་དང་འཕགས་པའི་ཚོགས་བཅས་ཀྱི། །སྟོན་པ་དེ་ལ་ཕྱག་འཚལ་ནས། །གདུལ་བྱ་རྣམས་ནི་གདུལ་བའི་ཕྱིར། །

འདུལ་བ་ལས་བརྩམས་ཅུང་ཟད་བརྗོད། །ལེ་ལོ་ཅན་དང་བློ་དམན་དག །གཞུང་མངས་རྣམས་ཀྱིས་འཇིགས་པ་ནི། །ལེགས་གསུངས་འདུལ་བའི་རྒྱ་མཚོ་ལ། །ཡོན་ཏན་ལྡན་ཡང་འདོད་མི་བྱེད། །དེ་ཕྱིར་དེ་དག་གཞུག་དོན་

དུ། །སྐྱོ་མེད་འགྲོ་བའི་ཆེ་བ་ཡི། །ཚིག་ལེར་བྱས་པའི་ཐེམ་སྐས་ཀྱིས། །རྟག་ཏུ་མུ་སྟེགས་སྟོན་བྱེད་བཞིན། །རབ་བསྔགས་ནོར་གྱིས་ཕུན་ཚོགས་ཤིང་། །ལྷ་ཡི་ཁང་བཟངས་དམ་པར་སྐྱེ། །ཏིང་ངེ་འཛིན་དང་ངེས་

འབྱུང་འཐོབ། །ཚུལ་ཁྲིམས་འདི་ནི་འབྲས་བུ་ཆེ། །དེ་ལ་འདིར་ནི་རྣམ་ཀུན་དུ། །འདུལ་བ་མིན་པས་དག་པ་མེད། །ཇི་ལྟར་ཆུ་མེད་འདག་ཆལ་གྱིས། །མཉེས་ཀྱང་དྲི་མ་མི་འདག་བཞིན། །ཇི་ལྟར་ཟླ་བ་མེད་པ་ཡི། །

Vol. 166 · folio 2b

མཚན་མོ་དག་ནི་མཛེས་མ་ཡིན། །དེ་བཞིན་ཚུལ་ཁྲིམས་མི་གནས་པའི། །རབ་བྱུང་རྒྱལ་བའི་བསྟན་མི་མཛེས། །དེ་ཕྱིར་སྙོམ་ལས་སྤངས་ནས་ནི། །བྱ་དང་བྱ་མིན་ཤེས་ནུས་ཕྱིར། །ཚུལ་ཁྲིམས་ཀྱིས་ནི་བརྒྱན་འདོད་པས། །འདུལ་ལ་འབད་པས་གནས་པར་བྱ། །གང་ཕྱིར་འདུལ་

བ་ཤེས་གྱུར་ཅིང་། །གུས་པར་བྱེད་པའི་དགེ་སློང་ནི། །རང་ཉིད་ཡིད་ཆེས་གནས་གྱུར་པས། །གདམས་ངག་རྗེས་བསྟན་སྟོན་པ་ཡིན། །དེ་ཡང་འཁོར་རྣམ་བཞི་པོ་ཡིས། །ཤིན་ཏུ་གུས་བཅས་མདུན་བདར་ཞིང་། །འདས་དང་མ་བྱོན་ད་ལྟར་གྱི། །སངས་རྒྱས་རྣམས་ཀྱི་གཅེས་མཛོད་

འཛིན། །སྐྱེས་ཆེན་རྣམས་ལ་ཕན་ཕྱིར་ཡང་། །དམ་པའི་ཆོས་ལ་ལེགས་གནས་བརྩོན། །འདི་ཡི་རང་གི་ཚུལ་ཁྲིམས་ཀྱི། །ཕུང་པོ་ལེགས་བསྲུངས་ཉམས་པ་མེད། །གཞན་གང་འགྱོད་པ་དང་བཅས་པ། །ཐམས་ཅད་དེ་ཡི་རྗེས་སུ་འབྲང་། །དོན་རྣམས་རྣམ་པར་ངེས་

པ་ཡང་། །ཕུལ་ཕྱིན་མཁས་པ་ཐོབ་པ་ཡིན། །ཆོས་རིག་ཆོས་དང་བཅས་པ་ཡིས། །ཕ་རོལ་རྒོལ་བ་ཕམ་པར་བྱེད། །གཙུག་ལག་ཁང་དུའང་གཞན་མི་འགྲན། །དགེ་འདུན་དབུས་ན་འཇིགས་པ་མེད། །དེ་ཕྱིར་ཕྱོགས་ཀྱི་སྒྲོན་མ་སྟེ། །འོད་གསལ་རབ་ཏུ་སྣང་བར་བྱེད། །

གང་དུ་འདུལ་བ་མཁས་གནས་པ། །དེ་རུ་ང་ནི་སྙིང་ལས་ཆུང་། །དེ་ལྟར་དཔག་མེད་རྣམ་པ་ཡིས། །ཐུབ་པས་འདུལ་བའི་ཕན་ཡོན་གསུངས། །དེ་བས་གུས་པ་དང་བཅས་པས། །ཆོས་འདུལ་གཟུང་ཕྱིར་བརྩོན་པར་བྱ། །ལོ་བཅུ་ཡང་དག་རྫོགས་པ་ཡི། །དགེ་སློང་ཀུན་སྡོམ་བདག་

ཉིད་ཅན། །གསལ་ཞིང་ཀུན་སྤྱོད་རིག་པ་ཡིས། །རབ་བྱུང་དང་ནི་བསྙེན་རྫོགས་བྱ། །སོ་སོར་ཐར་དང་རྣམ་འབྱེད་དོན། །མཁས་ཤིང་དགེ་བས་སྦྱིན་བྱ་སྟེ། །གཞན་ལ་རྗེས་སུ་སྟོན་པ་ཡི། །མཐུ་ལྡན་ཞུ་གནས་བཅའ་བའི་འོས། །སྟོན་པའི་གསུང་ནི་མ་འཁྲུགས་པའི། །བྱིས་པས་

མདོ་ཙམ་བཀླགས་པ་ཡིས། །གསལ་བར་ཤེས་པ་མ་ཡིན་པས། །རྣམ་པར་ཕྱེ་སྟེ་རྟོགས་པར་བྱ། །སོ་སོར་ཐར་དང་རྣམ་འབྱེད་ནི། །གང་འདིར་ཤིན་ཏུ་མི་མཁས་ལོ། །དྲུག་ཅུ་ལོན་ཡང་བྱིས་པ་སྟེ། །དེ་ནི་གཞན་ལ་བརྟེན་པས་གནས། །སློབ་དཔོན་དེ་ལས་རྒན་ཡང་ནི། །གཞོན་

Vol. 166 · folio 3a

ནུས་ཇི་བཞིན་ངེས་བརྟེན་ཏེ། །གསར་བུ་ཡིན་ཕྱིར་ཕྱག་མི་བྱ། །གཞན་ནི་ཐམས་ཅད་བྱིས་པས་བཞིན། །ཕམ་པ་བྱུང་དང་བུ་ལོན་ཆགས། །ནད་པ་རབ་ཏུ་དབྱུང་མི་བྱ། །བྲན་དང་རྒྱལ་པོས་བཀྲབས་པར་གྲགས། །ཆོམ་རྐུན་རྒྱལ་མཚན་འཆང་བ་མིན། །སྨད་

པའི་རིགས་དང་ཡན་ལག་མེད། །སྒུལ་གྱོལ་ལག་སོར་སྦྲུལ་འདྲ་དང་། །སྨད་འཁྱལ་ལག་རྡུམ་འཐེང་པོ་དང་། །སྣ་ལེབ་དང་ནི་སྣ་རིངས་མིན། །གཞོན་ཆེས་པ་དང་རྒན་ཆེས་དང་། །ཧ་ཅང་བོང་རིང་ཧ་ཅང་ཐུང་། །ཡན་ལག་མི་མིན་རྣམ་པ་ཅན། །ཧ་ཅང་མགུལ་རིངས་མཇིང་ནུབ་མིན། །

བུད་མེད་ལམ་དང་ཁུར་གྱིས་དུབ། །མགོ་རིང་མགོ་ཐུང་མགོ་ཆུང་དང་། །སོ་ནི་ཤིན་ཏུ་ཕྱིར་གྱེད་དང་། །མིག་ཡོན་དང་ནི་ལྟ་སྟངས་འཇིགས། །དམར་དང་སེར་དང་སྔོ་ཆེས་དང་། །ཆུ་བུར་རྣམ་པ་ལྟ་བུའི་མིག །རབ་ཏུ་བྱུང་བ་བཀག་པ་སྟེ། །སྤྲུལ་པ་ལ་སོགས་དེ་བཞིན་ནོ། །སྤང་

བར་བྱ་བ་མདོར་བསྡུ་ན། །མདོག་དང་དབྱིབས་ལ་སྐྱོན་ཆགས་དང་། །མ་རུངས་རིགས་ཏེ་རྣམ་པ་གསུམ། །འཁོར་གྱུར་ཀུན་ནས་སྨོད་པའོ། །མདོག་སྐྱོན་དམར་སྐྱ་ལ་སོགས་ཏེ། །དབྱིབས་སྐྱོན་བཞིན་ངན་ལ་སོགས་ཡིན། །བོང་བུ་ལ་སོགས་རྣ་དང་མགོ། །སྐྲ་དང་རྣ་བ་མེད་ཉིད་སྤང་། །

གླང་པོ་རྟ་དང་སྤྲི་སྣ་འདྲ། །སྣ་མེད་པ་དང་མིག་གཅིག་དང་། །མིག་མེད་བ་ལང་ལ་སོགས་ཀྱི། །སོ་འདྲ་གང་ཡང་སོ་མེད་པའོ། །རིགས་ནི་གཤེད་མ་སྨྱིག་མ་མཁན། །གཡུང་པོ་ལ་སོགས་རྣམ་པར་སྤང་། །ཤིང་རྟ་མཁན་ལ་སོགས་པ་དང་། །བསྟན་བཅོས་ལས་ནི་གང་བཀག་པ། །དེ་

བཞིན་གསལ་ཤིང་མཁན་སོགས་དང་། །ཆང་འཚོང་ལ་སོགས་གང་ཡིན་པ། །རང་བཞིན་དམན་གྱུར་དེ་དག་ལ། །རྣམ་པ་ཀུན་དུ་བསླབ་མི་སྦྱིན། །དེ་དག་དགེ་རྒྱུན་མེད་མིན་ཞིང་། །ཐར་པའང་མི་འདོད་མ་ཡིན་མོད། །གཅིག་ཏུ་བསྟན་ལ་སྐྱེ་བོ་ཡིས། །ཐོས་ན་སྐྱོན་དུ་ལྟ་ཕྱིར་བཀག །བསམ་

དང་རྗེས་ཀྱི་བསམ་ཤེས་ཤིང་། །མངོན་ཤེས་ཏིང་འཛིན་ཐོབ་པ་ནི། །མཐུ་ཡིས་འཇིག་རྟེན་ཚིམ་བྱེད་ཕྱིར། །རབ་ཏུ་འབྱིན་ན་ཉེས་པ་མེད། །ཇི་སྐད་བསྟན་སྐྱོན་རྣམས་བྲལ་ཞིང་། །དགེ་བ་དོན་དུ་གཉེར་རྣམས་ལ། །བར་ཆད་མཐའ་དག་དྲིས་ནས་ནི། །མགོ་ནས་རྐང་པའི་བར་དུ་བརྟག །ཞག་

Vol. 166 · folio 3b

བརྒྱད་ལ་སོགས་བཟུང་ནས་ཀྱང་། །ཇི་སྲིད་བར་དུ་ལེགས་པར་བརྟག །གང་ཞིག་སྔོན་དུ་ཡོངས་བརྟགས་ནས། །ཉི་མ་གཅིག་ཀྱང་གཞག་མི་བྱ། །ཐོག་མར་སྐྱབས་གསུམ་བྱིན་ནས་ནི། །བསླབ་གཞི་ལྔ་པོ་དག་ཀྱང་ངོ་། །དཀར་པོའི་གོས་ནི་འཛིན་བཞིན་ལ། །ཚོགས་ཀྱི་ནང་དུ་མཁྱེན་

པར་གསོལ། །དགེ་འདུན་རྩེ་གཅིག་རྗེས་གནང་ཚེ། །རབ་བྱུང་ཆོ་ག་སྔོན་འགྲོ་བས། །སློབ་དཔོན་རྣམ་པར་མཁས་པ་ཡིས། །ཡན་ལག་བཅུ་ཡི་སྡོམ་འཛིན་གཞུག །དེ་ལྟར་དགེ་ཚུལ་བྱས་མ་ཐག །འདི་ནི་ཁྱིམ་པ་ཐམས་ཅད་ཀྱིས། །ཕྱག་བྱེད་སྨོན་པར་འགྱུར་བ་སྟེ། །གང་ཕྱིར་ཁྱིམ་གྱི་

འཆིང་གྲོལ་ཕྱིར། །ཚུལ་ངན་རབ་རིབ་མུན་བསལ་ཏེ། །ངུར་སྨྲིག་གོས་ནི་འཛིན་པ་ཡིས། །ཉི་མ་ཤར་ལྟར་ལྷང་ངེར་ནི། །ཕུལ་ཕྱིན་དེ་ནི་ཤིན་ཏུ་མཛེས། །སུམ་ཅུ་རྩ་གསུམ་ཡོངས་འདུའི་ཤིང་། །ས་བརྟོལ་ལོ་འདབ་རྙིང་པ་བཞིན། །སྡིག་པ་ཀུན་ལས་ལྡོག་དོན་དུ། །འདི་ཡི་བསྙེན་རྫོགས་

དེ་བཞིན་ནོ། །ཡུལ་དབུས་སུ་ནི་དགེ་སློང་རྣམས། །བཅུ་ལས་ཉུང་དུ་མི་རུང་སྟེ། །མཐའ་འཁོབ་ཏུ་ནི་བསྙེན་རྫོགས་ཕྱིར། །ལྔ་ལ་སོགས་པས་འདོད་པ་ཡིན། །ལི་ཁ་ར་ན་ཚང་ཚིང་ནགས། །ལི་ཁར་ཤིང་འཕེལ་ཤར་ཕྱོགས་ཉིད། །ཨུ་ཤི་ར་ཞེས་བརྗོད་པ་ཡི། །རི་བོ་མུན་པ་ཅན་ནི་བྱང་། །

ཀ་བ་ཉེ་བའི་ཀ་བ་ཡི། །གྲོང་ཁྱེར་ནུབ་ན་གནས་པ་ཡིན། །གྲོང་ཁྱེར་འདམ་བུ་ཅན་གྱི་གྲོང་། །ཆུ་ཀླུང་འདམ་བུ་ཅན་ནི་ལྷོ། །འདི་དག་གི་ནི་བར་རྣམས་ལ། །ཡུལ་དབུས་སུ་ནི་ཤེས་བྱ་སྟེ། །ཕྱི་རོལ་མཐའ་འཁོབ་ཅེས་བྱར་ནི། །མཐའ་ཡས་མཁྱེན་པས་གསུངས་པ་ཡིན། །ཚུལ་ཁྲིམས་ཕུན་སུམ་

ཚོགས་པ་ཡི། །དགེ་སློང་གིས་བསྙེན་རྫོགས་གསུངས་ཀྱི། །དུང་གི་སྒྲ་དང་ཁོང་རུལ་དང་། །འབྲས་ཀྱི་ནང་གི་སྲིན་བུས་མིན། །གལ་ཏེ་བཞི་ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་ན་ནི། །བསྙེན་རྫོགས་མ་སྨད་གྱུར་པ་སྟེ། །ལྷ་ཡིས་ཀྱང་ནི་ཕྱག་བྱར་འོས། །དགེ་འདུན་ཚང་དང་

མཚམས་ཕྱིར་མིན། །ལས་མཁན་ཚུལ་ཁྲིམས་ལྡན་པ་དང་། །ལས་དག་པ་དང་བར་ཆད་མེད། །བསྙེན་པར་རྫོགས་པའི་རྒྱུ་ཡིན་ནོ། །གང་ཕྱིར་བསྙེན་པར་རྫོགས་པ་ནི། །གཞན་ཡང་བྱེ་བྲག་སྨྲ་བས་བརྗོད། །ཇི་ལྟར་གནས་པ་མཁྱེན་པས་ན། །འདྲེན་པ་རང་རྒྱལ་རང་བྱུང་གིའོ། །

Vol. 166 · folio 4a

འཕགས་པ་ཀཽཎྜི་ནྱ་སོགས། །ལྔ་སྡེ་རྣམས་ནི་ངེས་པ་ལས། །གང་ཞིག་སློབ་མ་བཟང་སྡེ་རྣམས། །ཐམས་ཅད་སྐྱབས་སུ་འགྲོ་བས་ཐོབ། །ཕོ་ཉ་ཡིས་ནི་མཆོད་སྦྱིན་མ། །ཚུར་ཤོག་དགེ་སློང་ཞེས་བྱས་ཀྱང་། །སྟོན་པར་ཁས་བླངས་པ་ལས་ནི། །དགེ་སློང་

འོད་སྲུངས་བདག་ཉིད་ཆེ། །དྲི་བས་མཉེས་པ་ཉིད་ཀྱིས་ནི། །སློབ་མ་ལེགས་སྦྱིན་དེ་བཞིན་ནོ། །དབུས་དང་མཐའ་འཁོབ་པ་དག་ལ། །བསྙེན་རྫོགས་ཡང་དག་བསྟན་པ་ནི། །བཅུ་དང་ལྔ་ཡི་ཚོགས་ཀྱིས་སམ། །དེ་བས་ལྷག་པས་ཀྱང་ནི་རུང་། །དེ་བཞིན་འཁོར་ཚོགས་བཅས་པ་ཡི། །གཽ་

ཏ་མ་ལྕི་ཆོས་ཀྱིས། །དེ་ལས་གཞན་ནི་ཅི་རིགས་པར། །ལས་ནི་སྔོན་འགྲོ་བྱ་བ་སྟེ། །བསྙེན་པར་རྫོགས་ལ་སྔར་གྱི་ནི། །ཉེས་པར་གྲགས་པ་མེད་པ་ཡིན། །དགུན་དུས་དང་ནི་སོ་ག་ཉིད། །དབྱར་དང་ཐུང་ངུ་དེ་བཞིན་དུ། །རིང་པོའི་མིང་ཅན་དུ་ཡང་ཤེས། །འདི་དག་དུས་ནི་རྣམ་

པ་ལྔ། །ལྷུང་བཟེད་སྣམ་སྦྱར་གྲིབ་ཚོད་དང་། །དེ་བཞིན་དབྱར་ནི་ཚུལ་འཇུག་དག །རྟག་ཏུ་བདག་གི་དྲན་བྱས་ཏེ། །གཞན་དུ་དེ་ལ་ཉེས་བྱས་འགྱུར། །དགེ་སློང་རྣམས་ལས་འདི་བསྙེན་རྫོགས། །དེ་ལ་ཟླ་ཕྱེད་གདམས་ངག་གསོལ། །དགེ་སློང་བཅས་གནས་དབྱར་གནས་ནས། །ཚོགས་

གཉིས་དང་ནི་དགག་དབྱེ་བྱ། །ཚུལ་འཆལ་དགེ་སློང་མིན་པར་ནི། །མི་གླེང་ཁྲོ་བ་ཉིད་ཀྱང་ངོ་། །ལྕི་བའི་ཆོས་ལས་འདས་པ་ནི། །ཟླ་ཕྱེད་ཚོགས་གཉིས་མགུ་བྱས་ཏེ། །བསྙེན་པར་རྫོགས་པ་གསར་བུ་ལས། །དགེ་སློང་མ་ཡི་ཕྱག་བྱའོ། །ལྕི་བའི་ཆོས་བརྒྱད་འདི་དག་ནི། །དགེ་སློང་མ་ལ་

གསུངས་པ་ཡིན། །བུད་མེད་སྐྱེས་པའི་རྣམ་པ་དང་། །སྐྱེས་པ་བུད་མེད་རྣམ་པ་དང་། །མཁན་པོ་གཏན་མེད་ཉིད་དང་ནི། །མཁན་པོ་ཁྱིམ་པའི་རྟགས་སོགས་ཉིད། །གང་ཡང་སྐལ་ལྡན་རྐུན་པོ་དང་། །ཡན་ལག་བཅད་སོགས་ཁོང་ཆུད་དང་། །དེ་ཡང་བསྙེན་པར་རྫོགས་འགྱུར་མོད། །དགེ་

སློང་འགལ་ཚབས་ཅན་དུ་འགྱུར། །མི་འདོད་བསྙེན་པར་རྫོགས་མི་བྱ། །གང་གི་ལོ་ནི་མི་ཤེས་ན། །དེ་ཡི་མཚན་ནི་བརྟག་བྱ་སྟེ། །དེས་ནི་ན་ཚོད་མངོན་གསལ་འགྱུར། །གང་འདི་ཉི་ཤུ་མ་རྫོགས་པའི། །ལོ་ཡིས་དགེ་སློང་བྱས་ན་ནི། །ཟླ་ཤོལ་མངལ་གྱི་ཟླ་རྣམས་ཀྱིས། །མཁས་པ་

Vol. 166 · folio 4b

ཡི་ནི་དགང་བར་བྱ། །གལ་ཏེ་དེ་ལྟ་ན་ཡང་འདི། །ལོ་ནི་ཉི་ཤུ་མ་ཚང་ན། །དགེ་ཚུལ་ཉིད་དུ་གནས་འགྱུར་ཏེ། །དེ་ནི་བསྙེན་པར་རྫོགས་མིན་ཉིད། །ལོ་ནི་གཅིག་གམ་གཉིས་དག་ན། །གལ་ཏེ་དྲན་པ་རྙེད་གྱུར་ན། །འདི་ཡི་ལོ་ནི་ཚང་བ་ཡིས། །བསྙེན་པར་རྫོགས་པ་ཉིད་ཡིན་ནོ། །འོན་པས་ཀྱང་ནི་གོ་གྱུར་ན། །ལས་

བརྗོད་པ་ནི་མ་ཐོས་ཀྱང་། །འདི་ལ་བསྙེན་རྫོགས་ཡོད་པ་སྟེ། །ཚུལ་ཁྲིམས་ལྡན་ལ་ཉེས་པ་མེད། །བསྙེན་པར་རྫོགས་པར་བྱས་ནས་དེ། །གལ་ཏེ་མཚན་ནི་གྱུར་པ་ན། །འདི་ནི་བསྙེན་རྫོགས་ཁོ་ན་སྟེ། །དགེ་སློང་མ་ཡི་འཁོར་ནང་བཞག །མཁན་པོ་མཚན་ནི་གྱུར་པ་ན། །གལ་ཏེ་གསོལ་བ་ཐོས་ན་ནི། །བསྙེན་པར་རྫོགས་པ་ཁོ་ན་སྟེ། །ལས་བྱེད་པ་

ལའང་ཉེས་པ་མེད། །ལས་བྱེད་པ་ནི་མཚན་གྱུར་ན། །གལ་ཏེ་ལས་བརྗོད་ཐོས་ན་འདིར། །མཁན་པོ་ལ་ནི་ཉེས་བྱས་ཏེ། །ལས་བྱེད་རྣམས་ལ་སྐྱོན་ཡོད་མིན། །ལས་བྱེད་ནམ་མཁའ་ལ་གནས་ཏེ། །ས་ལ་འདུག་ལ་བྱེད་གྱུར་ན། །བསྙེན་པར་རྫོགས་པ་རྒྱང་རིང་སྟེ། །ཚུལ་ཁྲིམས་འཆལ་པས་མཐོ་རིས་བཞིན། །ཇི་ལྟར་མི་ཡི་བདག་

པོ་ཡི། །གཞོན་ནུ་རིགས་རྒྱུད་འཕེལ་ཕྱིར་བསྲུང་། །དེ་བཞིན་སྟོན་པའི་བསྟན་པ་དག །འཕེལ་ཕྱིར་དགེ་ཚུལ་རྣམས་ཀྱང་བསྲུང་། །ཤིང་སྡོང་མཐོ་ལ་དགེ་ཚུལ་ནི། །བླ་མའི་བཀའ་ཡིས་འཛེགས་པ་ལས། །ཤིང་ཆག་ནས་ནི་ལྷུང་བའི་ཚེ། །དེ་ལ་འདི་དག་གསུངས་པ་ཡིན། །གང་ཕྱིར་འདི་ནི་

རབ་བྱུང་བ། །བསྟན་ལ་ཐུགས་རྗེའི་བདག་ཉིད་ཀྱིས། །བྱ་རོག་སྐྲོད་ནུས་གྱུར་ལྟ་ན། །ལོ་བདུན་པ་ཡང་རྗེས་སུ་གནང་། །རབ་བྱུང་དང་ནི་བསྙེན་རྫོགས་ལ། །ལྷུང་བཟེད་ཅན་མིན་མི་དྲང་སྟེ། །བསོད་སྙོམས་རྒྱུ་བ་རྣམས་ལ་ནི། །དེ་ཚེ་སྣོད་དོན་གཉེར་བས་འཐོབ། །གནས་བརྟན་ཉེ་དགས་

གང་གི་ཚེ། །དགེ་ཚུལ་བྲུ་བས་ཉེན་པ་ན། །ལྷུང་བཟེད་མེད་པར་ལྷུང་བཟེད་དོན། །གཞན་སོང་སྟོན་མོའི་བར་དུ་ཐོབ། །བླངས་ནས་ཀྱང་ནི་ལྷུང་བཟེད་སོགས། །བློ་བཟངས་ཀྱིས་ནི་སྦྱིན་པར་བྱ། །རབ་བྱུང་བསྙེན་རྫོགས་དག་ཀྱང་རུང་། །བྲམ་ཟེ་བཞིན་དུ་སླར་མི་འགྲོ། །བསྙེན་པར་མ་རྫོགས་

གོང་དུ་ནི། །ངེས་པར་གནས་རྣམས་མི་བརྗོད་དེ། །ཐོས་ནས་འདི་ནི་བྱ་དཀའ་ཞེས། །བྲམ་ཟེ་སླར་ཡང་ཁྱིམ་དུ་སོང་། །དགེ་སློང་རྣམས་ཀྱི་ལས་གཅིག་གིས། །བཞི་ནི་བསྙེན་པར་རྫོགས་མི་བྱ། །ཚོགས་དག་ལ་ནི་ཚོགས་གཉིས་ཀྱིས། །ལས་ནི་གང་དུའང་ཅུང་ཟད་མེད། །གཉིས་སམ་

Vol. 166 · folio 5a

གསུམ་པོ་དག་ཀྱང་རུང་། །དུས་གཅིག་ལ་ནི་བསྙེན་རྫོགས་ན། །ན་ཚོད་བྱེ་བྲག་ཡོད་གྱུར་ཀྱང་། །རྒན་པོ་མེད་ཅིང་གསར་བུ་མེད། །ཕན་ཚུན་ཕྱག་ཀྱང་ཡོད་མིན་ཏེ། །རྙེད་པ་གྲལ་རིམས་བཞིན་དུའོ། །སྐུལ་བྱེད་དབང་གིས་དེ་དག་ལ། །ལས་བཅོལ་བ་ནི་རིམ་པས་

སོ། །མཚམས་མེད་ལྔ་ནི་བྱས་པ་དང་། །རྐུ་ཐབས་གནས་དང་སྤྲུལ་པ་དང་། །མུ་སྟེགས་ཅན་ཞུགས་འོན་དང་ལྐུགས། །འཁྲུགས་དང་དེ་བཞིན་ཕས་ཕམ་བྱུང་། །དགེ་སློང་མ་ནི་སུན་ཕྱུང་དང་། །མ་ནིང་ལ་སོགས་གནས་མི་བྱ། །ཚྭ་སྒོའི་ཞིང་ལྟར་དེ་དག་ལ། །ཚུལ་ཁྲིམས་ས་བོན་

སྐྱེ་བ་མེད། །དེ་བཞིན་གཞན་ཡང་བག་མེད་ལོང་། །བསྡིགས་པ་ལ་སོགས་ལས་རྣམས་ཀྱིས། །སྨད་དོ་བླང་བར་བྱ་བ་ནི། །སེམས་ནི་དུལ་བར་གྱུར་ན་ཡིན། །མདོ་སྡེ་འདུལ་བ་མངོན་པ་རྣམས། །མཁས་ཤིང་གྲགས་དང་ལྡན་པ་དང་། །བསོད་ནམས་ཆེན་པོ་ལ་སོགས་ནི། །བསྐྲད་

ཅིང་བཀར་བར་འོས་པ་མིན། །གང་ཕྱིར་འདི་དག་མུ་སྟེགས་ཀྱི། །རི་དགས་སྐྲག་བྱེད་སེང་གེའི་བུ། །འདི་དག་ཁྱིམ་པར་གྱུར་ན་ཡང་། །སྟོན་པའི་བློ་ཡིས་རབ་དད་བསྐྱེད། །འདི་དག་རྣམས་ཀྱིས་གཙུག་ལག་ཁང་། །མཛེས་བྱེད་ཁྱུ་མཆོག་སྒྲ་སྒྲོགས་ཤིང་། །དེ་བས་འདི་དག་སྨད་ན་ནི། །

རང་གི་བསྟན་པ་སྨད་པ་ཡིན། །ཀུན་ནས་ཉོན་མོངས་སྐྱེས་ན་དེ། །མ་རུངས་གདོན་གྱིས་རྣམ་རྨོངས་པས། །བྱ་མིན་བྱེད་པ་ཁོ་ན་སྟེ། །འཇིག་རྟེན་པས་ནི་སྨོད་པར་འགྱུར། །འཐབ་ཀྲོལ་ཅན་དང་ཁྱིམ་སུན་འབྱིན། །གསུམ་པ་ཚུལ་ཁྲིམས་འཆལ་པ་སྟེ། །ལས་ནི་བྱེད་པ་ན་ཡང་འདི། །

གལ་ཏེ་འགྱུར་བ་རྟེན་བྱེད་ན། །འབད་པས་གཎྜཱི་བརྡུང་བྱས་ནས། །དགེ་འདུན་གྱིས་ནི་བསྐྲད་པར་བྱ། །ཀ་བ་ལ་ནི་འཇུས་ཀྱང་བཅད། །སྒོ་སྐྱེས་ལ་འཇུས་དེ་བཞིན་ནོ། །ཡང་ན་དགེ་འདུན་ཐམས་ཅད་ཀྱིས། །སླར་ཡང་གསོ་བའི་འདུ་བྱེད་བྱ། །གང་ཡང་དགེ་འདུན་དེ་དག་ལས། །དཔུང་བྱེད་

ཡན་ལག་འབྱིན་བྱ་སྟེ། །མིན་ན་དེ་འདྲའི་དགེ་སློང་གི །རྟགས་སུན་འབྱིན་པ་བཞག་མི་རུང་། །ནན་ཏན་གྱིས་ནི་བསྐྲད་བྱ་སྟེ། །འཐབ་དང་རྩོད་པ་མེད་པར་བྱ། །དེ་ཡི་གནས་པ་ཅིར་འགྱུར་ན། །རོ་དང་འདྲ་བ་ཁོ་ནར་གསུངས། །དགེ་སློང་ཤེས་སྐྱོན་དྲི་མ་ཅན། །དགེ་སློང་ཚོགས་ཀྱིས་

Vol. 166 · folio 5b

ཆད་བྱིན་ལ། །དགེ་སློང་མས་ནི་གུས་བསྟན་ཕྱིར། །སྔོན་དུ་ལྡང་གི་ཕྱག་མི་བྱ། །དགེ་བསྙེན་གསོང་པོར་སྨྲ་མི་བྱ། །ཁྱིམ་པས་བསོད་སྙོམས་སྦྱིན་བྱ་སྟེ། །འཕགས་པའི་ཚོགས་ནི་མཉེས་པ་ན། །བྱ་བ་ཐམས་ཅད་སྔོན་བཞིན་ནོ། །འཁྱུད་ཆགས་ཕྲག་དོག་ནད་དང་སྐྱེས། །

ཟླ་ཕྱེད་ཅེས་བྱ་མ་ནིང་ལྔ། །འདི་དག་རེ་རེའི་མཚན་ཉིད་ནི། །རྟོགས་པའི་དོན་དུ་བརྗོད་པར་བྱ། །གང་ལ་གཞན་གྱིས་མནན་པ་ན། །འཁྲིག་ཕྱིར་སེམས་ལ་འདོད་ཆགས་ནི། །རྣམ་རྒྱས་དེ་ནི་བློ་ལྡན་གྱིས། །འཁྱུད་དང་མ་ནིང་ཤེས་པར་བྱ། །གཞན་གྱི་མཚན་ནི་མཐོང་བ་ལས། །

རང་ལ་འདོད་སྐྱེ་ཕྲག་དོག་གྲགས། །མཚོན་ནམ་ནད་ཀྱིས་རྟགས་ཉམས་པ། །དེ་ནི་ནད་ཀྱི་མ་ནིང་བརྗོད། །གང་སྐྱེས་ཉིད་ནས་མཚན་མ་ནི། །གཉིས་ཀ་མེད་པ་སྐྱེས་ནས་ཡིན། །ཟླ་ཕྱེད་བུད་མེད་ཟླ་ཕྱེད་ནི། །སྐྱེས་གྱུར་ཟླ་ཕྱེད་མ་ནིང་བརྗོད། །འདིར་ནི་སོགས་ཀྱི་སྒྲ་མེད་ཀྱང་། །ཟླ་སོགས་མ་ནིང་

གྲུབ་པ་ཡིན། །གང་ཞིག་གྲོང་གི་ཆོས་དག་གི །ནུས་མེད་དེ་ནི་ཟ་མ་སྟེ། །མཚན་མ་གཉིས་ཀ་དོད་པ་ནི། །མཚན་གཉིས་པར་ནི་འདོད་པ་ཡིན། །མུ་སྟེགས་ལོག་ལྟས་བསྒོས་པ་ཡི། །ཡིད་ཅན་དེ་ནི་མུ་སྟེགས་འདོད། །མུ་སྟེགས་ཆོས་ཀྱི་ལོངས་སྤྱོད་གང་། །དེ་ནི་མུ་སྟེགས་ཅན་

ཞུགས་པའོ། །དགེ་ཚུལ་གང་ཡང་བརྫུན་པ་ཡིས། །རང་གི་རྟགས་ནི་བཟུང་ནས་ཀྱང་། །དགེ་སློང་ཉིད་དུ་རབ་ཤེས་བྱེད། །དེ་ནི་རྐུ་ཐབས་གནས་པར་འདོད། །ཕྱོགས་ལས་གཞན་གྱི་ཕྱོགས་དག་ནི། །ཐ་དད་ཚོགས་ལ་ཡང་དག་བརྟེན། །གང་ཞིག་ཚོགས་ཀྱིས་ཆད་པ་བྱིན། །དེ་ནི་ཐ་

དད་གནས་པར་འདོད། །ཕས་ཕམ་དག་ལ་ལོག་པར་ལྟ། །དགེ་སློང་མ་སོགས་སུན་འབྱིན་དང་། །བདེན་དང་དཀོན་མཆོག་གསུམ་གྱི་ནི། །སྔགས་མིན་སྒྲོགས་པའི་དགེ་ཚུལ་ཉིད། །སྐྱོན་ཅན་བཅུ་པོ་འདི་དག་ནི། །ཆད་པའི་ལས་ཀྱིས་བཀར་བར་བྱ། །ཕྱུང་ནས་སླར་ཡང་མི་གཞུག་སྟེ། །

ཇི་བཞིན་བཤགས་ན་སྐལ་བ་བཞིན། །དགེ་སློང་ཕམ་པ་མ་བྱུང་ན། །ཆོ་ག་བཞིན་དུ་བསླབ་ཕུལ་ནས། །སོང་ནའང་སྐལ་ལྡན་སླར་ཡང་ནི། །བསྙེན་རྫོགས་དགའ་སྟོན་ཆེན་པོ་བྱ། །སྡོམ་གཏོང་རང་བཞིན་གནས་པ་ཡི། །བརྡ་ཕྲད་མི་ཡི་དྲུང་དག་ཏུ། །བདག་གིས་གང་བཟུང་བསླབ་པ་ནི། །

Vol. 166 · folio 6a

གཏོང་ངོ་ཞེས་སོགས་ཚིག་རྣམས་འབུལ། །བསྙེན་པར་རྫོགས་པའི་རྗེས་ཐོགས་ལ། །ཕས་ཕམ་རྣམས་ནི་བརྗོད་པར་བྱ། །རྟོགས་ལྡན་བློ་ནི་དེ་དག་ལས། །འདའ་བར་བྱེད་པ་མ་ཡིན་ནོ། །མི་འཆབ་པ་ཡི་སེམས་ཀྱིས་ནི། །གལ་ཏེ་བྱུང་ན་གཅིག་ལའང་མཐོལ། །

ཆུང་ངུ་ལའང་འཇིག་པའི་ཕྱིར། །དེ་ལ་ཕས་ཕམ་མི་འབྱུང་ངོ་། །བརྟུལ་ཞུགས་ཅན་གྱིས་བླ་མ་པས། །སྔར་ཉིད་མལ་ནས་ལངས་ནས་ནི། །སོ་ཤིང་བཅས་ནས་དེ་འོག་ཏུ། །སྟོན་པ་ལ་ནི་ཕྱག་བྱའོ། །དེ་ནས་རབ་གུས་བསྐྱེད་པ་ཡིས། །བླ་མ་ལ་ནི་ཕྱག་བྱ་སྟེ། །དེ་ནི་དེ་ལ་གདམས་

ངག་སོགས། །ཆོ་ག་བཞིན་དུ་ཕན་འདོགས་ཡིན། །དེ་ལ་ཁམས་བདེ་སོགས་དྲིས་ནས། །རབ་ཏུ་འབད་པས་དེ་ཡི་ནི། །གནས་ཁང་ཆག་ཆག་ཡང་དག་གདབ། །ཉེར་སྤྱོད་ས་ཡང་སྦྱང་བར་བྱ། །སྟོན་པ་ལ་ནི་མཎྜལ་དང་། །མཆོད་རྟེན་ལ་ཡང་བསྐོར་བ་བྱ། །བརྟུལ་ཞུགས་རྒན་

ལ་ཕྱག་བྱས་ནས། །དེ་ཡི་ནུས་པ་ཇི་བཞིན་དུ། །བསམ་གཏན་ཀློག་པའི་ལས་དག་གིས། །ལུས་ལ་སྙིང་པོ་བླང་བར་བྱ། །ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི། །བསམ་པ་ནམ་ཡང་མི་བྱའོ། །སོ་ཤིང་དུས་དང་མཐུན་པའི་ཆུ། །འདུག་སྟན་ལ་སོགས་བསྟབས་པར་བྱ། །སྨན་

དང་རྙེད་དཀའ་ཞིམ་པའི་ཟས། །འབྲས་བུ་སོགས་ཀྱང་དེ་བཞིན་ནོ། །ལྷུང་བཟེད་ལ་སོགས་བཀྲུ་བ་ཡིས། །གུས་པས་བླ་མའི་ཉེ་གནས་བྱ། །བླ་མ་རྣམ་པར་མཛངས་པས་ཀྱང་། །ཐམས་ཅད་དུ་ནི་ཚོད་རིག་བྱ། །ཚུལ་ཁྲིམས་འཆལ་ལ་ཞེ་སྡང་དང་། །ཕྱག་ཀྱང་ནམ་ཡང་མི་

བྱ་སྟེ། །དེ་དང་ལོངས་སྤྱོད་ཀྱང་མ་ཡིན། །འདི་ནི་རོ་བསྲེགས་མགལ་དུམ་བཞིན། །ཁྱིམ་པ་སྡོམ་ལ་གནས་ཀྱང་ནི། །དགེ་ཚུལ་གྱི་ནི་ཕྱག་མི་བྱ། །འདོད་ཅན་ཁྱིམ་གྱི་ཆོས་རྣམས་ལ། །དགེ་སློང་གིས་ལྟ་སྨོས་ཅི་དགོས། །དེ་བཞིན་ཁྱིམ་པ་སྡོམ་ལྡན་ཡང་། །སྡོམ་བརྩོན་ཀུན་

གྱིས་ཕྱག་མི་རུང་། །ཀུན་ནས་མ་བསྡམས་དེ་དག་ལ། །ཕྱག་ལེན་དབང་ནི་ཡོད་མ་ཡིན། །སྲིད་པ་ཐ་མ་པ་ལ་ནི། །རིགས་པས་རྣམ་དཔྱད་མི་འཐད་དེ། །མི་བརྟན་འཁོར་བར་འཁོར་བཞིན་པའི། །སེམས་ཅན་རྣམས་ལ་སྔ་མ་བཞིན། །གཞན་ཡང་ཕྱག་བྱ་མིན་མང་སྟེ། །

Vol. 166 · folio 6b

སྤོ་དང་བསྐྲད་པ་ལ་སོགས་པའོ། །དགེ་སློང་གིས་རྟགས་ཕྱག་བྱ་བ། །སངས་རྒྱས་དང་ནི་སྡོམ་པས་རྒན། །མི་སློབ་པ་ནི་བདག་པོར་སྤྱོད། །སློབ་པ་བྱིན་པ་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ལྷག་མ་ལེ་ལོས་བཅོམ་པ་

ཡི། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། །ཁྲིམས་འཆལ་རྣམས་ནི་ནང་དུ་ཡང་། །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །བཤང་ཁང་དང་ནི་ཉེ་བ་རུ། །སྣ་ཚོགས་གཏམ་ནི་མི་བྱ་སྟེ། །ཀློག་དང་ཁ་ཏོན་ལ་སོགས་དང་། །ཚོན་གྱི་ལས་ཀྱང་ཁྱད་པར་དུའོ། །བཤང་ཁང་དང་ནི་གཅི་བའི་

གནས། །ཐ་དད་དུ་ནི་བྱ་བར་གསུངས། །ཆུ་འདོར་ཚེ་ན་གཅི་ཁང་དུ། །སྒྲ་བརྡ་བྱས་ནས་འཇུག་པར་བྱ། །དེ་ཡི་ཁང་པར་གྲོས་སོགས་མིན། །དལ་བུ་དལ་བུས་སྒྲ་མེད་པར། །རླུང་དང་བཤང་བ་གཅི་བ་རྣམས། །དོར་བྱས་ནན་གྱིས་མི་བསྡམ་མོ། །སྔོན་དུ་འཇམ་པོ་གང་རུང་གིས། །འོག་

གི་སྒོ་ནི་ཕྱིས་ནས་ཀྱང་། །དེ་ནས་ལན་གཉིས་ལན་གསུམ་དུ། །ས་ཡིས་དག་པར་བཀྲུ་བར་བྱ། །ལག་པ་གཡོན་པར་འཇམ་པ་ཡི། །ས་ཡི་ཕུང་པོ་བདུན་བྱ་སྟེ། །གཉིས་ཀར་ཡང་ནི་བདུན་པོ་ཉིད། །སོ་སོར་ཐ་དད་དུ་ནི་བཞག །ཐོག་མར་ཤཱ་རིའི་བུ་ལ་འདི། །བསླབ་བཅས་

གཞན་དུ་ཉེས་བྱས་འགྱུར། །དེ་ནས་ལག་པའང་འབད་པ་ཡིས། །ཆུ་མང་པོས་ནི་རབ་ཏུ་བཀྲུ། །ལག་ངར་བྱིན་པ་ཕྱིས་ནས་ནི། །སླར་ཡང་ལག་པ་དག་ནི་བཀྲུ། །ལག་གདོང་རྐང་པ་དག་དང་ནི། །ཕྱི་རོལ་དག་བྱར་གསུངས་པ་ཡིན། །དྲི་ཡི་བྱུག་པ་སྤངས་པ་ཡི། །གཙང་སྦྲ་སེམས་

ནི་སྦྱང་བ་ཡིན། །འདི་འདྲའི་བྱུག་མཆོག་ཡོད་པ་ལ། །སྟོང་ཕྲག་ས་ཡིས་ཅི་ཞིག་བྱ། །རྫོགས་སངས་རྒྱས་ཀྱིས་ནང་གི་ནི། །གཙང་སྦྲ་དོན་དམ་དག་པ་ཉིད། །ལུས་དང་ངག་དང་ཡིད་དག་གིས། །སྡིག་པ་སྤོང་བར་གསུངས་པ་ཡིན། །སོ་ཤིང་བྱེད་དང་བཤང་བ་དང་། །གཅི་བ་འདོར་དང་

ཆུ་འཐུང་དང་། །མཚམས་ནང་རྟེན་ལ་ཕྱག་འཚལ་བ། །བླ་མ་དག་ལ་ཞུ་མི་དགོས། །གང་དུ་སྐབས་དང་མཐུན་པ་ཡི། །ར་བ་རྩིག་པ་རྟ་བབས་ནས། །འདོམ་ནི་བཞི་བཅུ་རྩ་དགུའི་བར། །ནང་གི་མཚམས་སུ་ཤེས་པར་བྱ། །སྡོམ་པ་ལྷག་མ་མེད་གཅོད་དང་། །དགེ་འདུན་ལྷག་

Vol. 166 · folio 7a

མས་དེ་ལྡང་དང་། །དེ་བཞིན་གང་ཟག་ལྷག་མ་ཅན། །ལྟུང་བ་རྣམ་པ་གསུམ་དུ་གྲགས། །དང་པོར་ཕས་ཕམ་གསུངས་པ་ནི། །བཞི་ཡིན་ཤིན་ཏུ་ལྕི་བའི་ཕྱིར། །འདི་དག་གང་རུང་བྱུང་ན་ནི། །དགེ་སློང་རྣམ་པར་ཉམས་པ་ཡིན། །སྟོན་ཀའི་ཆུ་བཞིན་དྲི་མེད་པར། །

སྟོན་པའི་བསྟན་པ་བཅུ་གཉིས་ལོར། །ལྟུང་བ་མེད་པར་ལེགས་གནས་ཏེ། །ཉོན་མོངས་སྤོང་བར་བྱེད་པ་ཡིན། །དེ་ནས་བཟང་སྦྱིན་བུ་ཡི་ཕྱིར། །ཆུང་མ་ལ་ནི་འཁྲིག་པ་སྤྱད། །དགེ་སློང་དགོན་པ་པ་ཡིས་ཀྱང་། །སྤྲ་མོ་ལ་ཞུགས་ཀུན་མཁྱེན་གྱིས། །འདི་སྐད་སྨད་པ་མཛད་དེ་ཁྱེད། །

འདོད་ཆགས་ལ་སོགས་ཞི་བྱའི་ཕྱིར། །ང་ཡིས་ཆོས་རྣམས་བསྟན་པ་ལ། །འདི་ལྟར་སྡིག་པའི་ལས་ལ་ཆགས། །དེ་ནས་ཕན་ཡོན་བཅུ་གཟིགས་ཤིང་། །སློབ་མ་རྣམས་ལ་ཕན་བཞེད་པས། །བསླབ་པའི་གཞི་ནི་བཅའ་བ་དག །ཐུགས་རྗེའི་བདག་ཉིད་ཅན་གྱིས་མཛད། །མཆིལ་

མ་གཅི་དང་བཤང་བ་ཡི། །ལམ་དུ་ཆགས་ཅན་ཞུགས་ན་ནི། །གསོ་བྱར་མི་རུང་བདུག་པ་ཡི། །ཕས་ཕམ་སྦྲུལ་གྱིས་དགེ་སློང་ཟིན། །ཁ་ཤུན་སོ་དང་པགས་པ་ལས། །ནོར་བུ་འདས་ན་ཕས་ཕམ་སྟེ། །ཕྱི་རོལ་ཆར་ནི་ཅི་རིགས་པར། །སྦོམ་པོའམ་དགེ་འདུན་ལྷག་མའོ། །གང་ཕྱིར་སྟོབས་

ཀྱིས་མནན་ནས་ཀྱང་། །བརྟུལ་ཞུགས་ཅན་གྱིས་གྲོང་ཆོས་ཀྱི། །བདེ་བསྟེན་དེ་ཡང་ཕས་ཕམ་གསུངས། །ཉམས་པ་དང་ནི་རྨ་ཡི་སྒོར། །རབ་ཞུགས་སྦོམ་པོར་ཤེས་པར་བྱ། །མི་ཤེས་བྱིས་པ་ཆུང་ངུ་གང་། །བསྟེན་མི་བཟོད་ལ་སྤྱད་པ་ཡང་། །ཅུང་ཟད་ཟིན་དང་ཤས་ཆེར་ཟིན། །སྐྲངས་

དང་རུལ་ཏེ་ཉམས་པའོ། །གང་ཞིག་གཉི་ག་རྣལ་དུ་གནས། །སྐྱོན་མེད་དེ་ནི་མ་ཉམས་པའོ། །ཐམས་ཅད་དུ་ནི་རྨ་ཡི་སྒོ། །གསུམ་པོ་ཉམས་པ་ལ་ཡང་ནི། །གང་ཞིག་དེ་ལ་ཞུགས་པ་ན། །སྦོམ་པོ་ཡིན་ནོ་མཐར་ཐུག་མིན། །ནང་དུ་མ་ཆུད་པ་དང་ནི། །ལས་སུ་མི་རུང་བས་ཀྱང་ནི། །

འཁྲིག་པ་སྤྱོད་པར་བྱེད་པ་ལ། །སྦོམ་པོ་ཉིད་དུ་གྲགས་པ་ཡིན། །མོ་མཚན་མཚམས་དང་མ་འབྱོར་དང་། །འཇིགས་པས་བུད་མེད་འདོར་བཞིན་དང་། །ཡང་ན་ངོ་ཚ་ཡིས་ཀྱང་འདོར། །མི་འདོར་གྱུར་ཀྱང་ཉམས་པ་དང་། །གང་ཡང་བྱིས་པ་འདོད་པ་ཡི། །ལོངས་སྤྱོད་མི་ཤེས་མི་རུང་

Vol. 166 · folio 7b

ལ། །དེ་ལྟར་བསྟན་ན་ཐམས་ཅད་དུ། །སྦོམ་པོའི་ཁ་ན་མ་ཐོ་བཅས། །ཆུང་ངུ་འབྲིང་སོགས་དབྱེ་བ་ཡིས། །འདུས་བྱས་ཐམས་ཅད་ཐ་དད་དེ། །དེ་ཡི་ལྟུང་བ་ངེས་པ་ཡི། །དབྱེ་བ་གྲུབ་པར་ཐེ་ཚོམ་མེད། །བུ་ག་གཞན་དང་ལུས་ཀྱི་ནི། །བུ་ག་བྲལ་ནས་དེ་དག་ཏུ། །ལུས་སྐྱེས་

འཇུག་པར་བྱེད་ན་ཡང་། །སྡོམ་བརྩོན་ལ་ནི་སྦོམ་པོར་བརྗོད། །བྱིས་པ་ཆུང་ལ་ཞུགས་པ་ཡི། །དགེ་སློང་ཕམ་པར་ཡོང་མི་བརྟག །ནུ་མ་མཆུ་དང་ཤ་མཚམས་བཞིན། །ཉེས་སྤྱོད་རྒྱས་པར་མི་འགྱུར་དམན། །མཆེ་བ་རྣོ་མངས་གདུག་པ་ཡི། །སྦྲུལ་གྱི་ཁར་ནི་ཆུད་པ་བླ། །ལུས་བདེ་

བསྟན་པའི་རྨ་ལ་ནི། །ལུས་སྐྱེས་འཇུག་པ་ཇི་ལྟར་རུང་། །སྦྲུལ་གདུག་གིས་ནི་རེག་གྱུར་ཀྱང་། །སྐྱེ་བ་གཅིག་ཉིད་འཆི་འགྱུར་གྱི། །ཁྲིམས་འཆལ་སྐྱེ་བ་བརྒྱུད་ན་ནི། །སྟོང་ཕྲག་སྡུག་བསྔལ་མི་བཟད་འཐོབ། །ལྕི་དང་ཤིན་ཏུ་ལྕི་བ་ཉིད། །ཡང་དང་ཤིན་ཏུ་ཡང་བ་སྟེ། །ཕས་ཕམ་

པས་ནི་བསླང་བ་ཡི། །སྦོམ་པོ་རྣམ་པ་བཞི་ཡིན་ནོ། །སྐྲག་པར་མི་བྱེད་ལྕི་བ་སྟེ། །གཞན་གྱིས་དེ་ལ་འབད་པ་ཡིས། །བཟློག་ཀྱང་མི་ཉན་རབ་ལྕིར་ཤེས། །གཞན་ལ་ཁྲེལ་ཡོད་ཡང་བ་སྟེ། །རང་ཉིད་ངོ་ཚས་ཤིན་ཏུ་ཡང་། །བསམ་པའི་དབྱེ་བས་འགྱུར་བ་ཡིན། །དེ་བཞིན་

དགེ་འདུན་ལྷག་མ་ཡིས། །ཀུན་བསླང་སྦོམ་པོ་རྣམ་པ་བཞི། །དགེ་སློང་ཉིད་དང་དེ་མ་ཉམས། །མ་ཉམས་པ་ཡི་ལམ་དག་ཏུ། །བཅུག་རེག་རོ་ནི་མྱོང་བ་དང་། །གང་ཕྱིར་སེམས་ནི་རང་བཞིན་གནས། །རང་གི་ཁང་པ་བརྩིག་པའི་ཕྱིར། །རྒྱལ་པོ་མ་སྐྱེས་དགྲ་ཡི་ཤིང་། །དགེ་སློང་ནོར་ཅན་

གྱིས་བརྐུས་ཏེ། །དེ་བརྟེན་འདི་དག་ཀུན་བསླང་བཅས། །མ་འཁྲུལ་གནས་ནས་སྤོ་བྱེད་ཅིང་། །གཞན་ནོར་བརྐུ་སེམས་མཐུ་ཡིས་སམ། །འཇབ་བུ་ཡིས་ཀྱང་དེ་ལ་མཐར། །མི་ལས་མ་ཤ་ལྔ་ཚང་བརྐུས། །མ་ཤ་མ་ག་དྷཱ་པ་སྟེ། །དེ་ལས་ལྷག་པ་མཁས་པས་ཤེས། །དངོས་པོ་བསྐྱོད་

པས་སྦོམ་པོ་སྟེ། །སྦྱོར་བ་ལ་ནི་ཉེས་བྱས་སོ། །ས་གཞི་འཇམ་ཞིང་མཉམ་པ་ལ། །བསྐྱོད་ཀྱང་མཐར་ནི་མི་འགྱུར་ཏེ། །ས་ཕྱོགས་གྲུམ་གས་ལ་སོགས་པ། །མཐོན་དམན་ཅན་ལ་རབ་ཏུ་བསྐྱེད། །ཞེ་སྡང་གི་ནི་རྒྱ་ལ་སོགས། །ཆུད་སོན་བྱེད་པ་སྦོམ་པོ་ཡིན། །སེམས་ཅན་རྣམས་ནི་དགྲོལ་

Vol. 166 · folio 8a

དོན་དུ། །བསོད་ནམས་འདོད་པས་བཤགས་བྱའོ། །གང་གི་ཡུལ་ནི་དེ་ཡི་དུས། །གང་གི་ཚད་ཀྱི་འགྲོན་བུ་ནི། །དེ་ཡི་བཞི་ཆ་བརྐུས་པ་གང་། །དགེ་སློང་ལ་ནི་ཕམ་པར་འགྱུར། །ས་གཞི་རྩོད་བཅས་རྣམ་པ་གཉིས། །རིགས་དང་རྒྱལ་པོའི་རིགས་ཀྱིས་ཏེ། །གཉི་ག་

ལ་ཡང་དགེ་སློང་ནི། །རྒྱལ་ན་ལྟུང་བ་སྦོམ་པོར་བརྗོད། །ཁྱིམ་པས་གལ་ཏེ་སྦྱོར་བཏང་ན། །གཉིས་ཀར་ཡང་ནི་ཕས་ཕམ་ཉིད། །ཕས་ཕམ་མེ་ཡིས་བསྲེགས་པ་ཡི། །ཤིང་ཚིག་ལྟ་བུར་སྡོམ་བརྩོན་འགྱུར། །ནོར་བུ་མུ་ཏིག་ལ་སོགས་ནོར། །སྔགས་ཀྱིས་བཀུག་ནས་རྐུ་བ་ན། །མཐོང་

བ་ཙམ་གྱིས་དེ་ལས་འདིར། །ལྟུང་བའི་མཐར་ནི་འགྱུར་བ་ཡིན། །བདག་གི་ལོ་ཏོག་ཕུན་ཚོགས་བྱ། །གཞན་ལ་མིན་ཞེས་སྲེད་པ་ཡིས། །རང་སར་ཆུ་ནི་འདྲེན་བྱེད་ཅིང་། །ཚན་གྱིས་འཇིག་པར་བྱེད་ཀྱང་རུང་། །རང་གི་ལོ་ཏོག་ཕུན་ཚོགས་ཤིང་། །གཞན་གྱི་ལོ་ཏོག་ཉམས་པ་ན། །

ལོ་ཏོག་རིན་ནི་ཤེས་བྱས་ནས། །སྦོམ་པོའམ་ཕས་ཕམ་ཅི་རིགས་བརྟག །སྡིག་པ་ཀུན་ལས་ལྡོག་ཕྱིར་དང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ནམ་ཡང་གཞན་གྱི་འཚོ་བ་ནི། །དགེ་སློང་གིས་ནི་དབྲོག་མི་བྱ། །རྐུན་པོས་སློབ་མ་ཕྲོགས་པའམ། །གསེར་སོགས་སྟོབས་ཀྱིས་མི་བསླང་

སྟེ། །གཞུང་ལུགས་ཇི་བཞིན་མ་བསྒྲུབས་ན། །མ་རུངས་ལྟུང་བ་དག་དང་བཅས། །ཆོས་བཤད་པ་འམ་ཕྱེད་རིན་ནམ། །རིན་ནི་ཚང་བ་ཡིས་ཀྱང་རུང་། །བླང་བྱ་རྐུན་མ་རྒྱལ་པོ་ལ། །ཕུལ་ན་ལྟུང་བ་སྦོམ་པོར་འགྱུར། །སློབ་མ་ཉིད་ཕྱིར་མཐུན་བཙལ་ནས། །དགེ་ཚུལ་དགེ་སློང་གིས་ཕྲོགས་ན། །

འཁོར་དབྱེ་བ་ཡི་ཀུན་བསླང་ཕྱིར། །སྦོམ་པོའི་བློ་ཅན་སྦོམ་པོས་རེག །དགེ་སློང་གིས་ནི་ཤོ་གམ་སོགས། །རང་ངམ་གཞན་གྱི་ལག་གིས་ཕྲོགས། །དངོས་པོ་བརྟག་པར་བྱ་བ་སྟེ། །ལྟུང་བ་ངེས་པར་བསྟེན་པར་འགྱུར། །རྒྱལ་པོ་ལ་སོགས་དབང་བ་ཡི། །ཆུ་འགྲམ་གྲུ་བཙས་ལས་བྱུང་བ། །

མ་བྱིན་ལམ་གང་ནས་སོང་ན། །རང་ངམ་གཞན་གྱི་ལག་ཉིད་ཀྱིས། །དེ་ནི་དེ་ཡི་ཕྲོགས་འདྲ་སྟེ། །ལྟུང་བ་རྣམ་པར་དཔྱད་པ་ན། །མ་ཤ་ལྔ་ཡི་རིན་གྱིས་ནི། །མཐར་འགྱུར་གཞན་དུ་མ་ཡིན་ནོ། །སངས་རྒྱས་ཆོས་དང་འཕགས་ཚོགས་སམ། །ཕ་ཕྱིར་གང་ཞིག་བསམས་པ་ཡི། །བསྔགས་

Vol. 166 · folio 8b

པ་དེ་ལ་བརྗོད་པས་སམ། །ཕྱི་ནས་བརྟུལ་ཞུགས་ཅན་གྱིས་བགྱིར། །མང་པོ་རི་བའི་དངོས་པོ་གཅིག །རུང་བའི་ཆོས་གོས་ཁྱེར་བ་བཞིན། །དེས་ནི་སྦ་བར་མི་བྱ་སྟེ། །ངེས་པར་ལྟུང་བ་མེད་པར་འདོད། །གཞན་ཡང་ཤོ་གམ་ལ་འདའ་བར། །ཁ་ཚར་བཅད་པ་ལ་སོགས་སམ། །ཆུ་

ཡིས་བསྙུགས་ནས་ཀྱང་ནི་རུང་། །ཐུགས་རྗེའི་བདག་ཉིད་ཅན་གྱིས་གནང་། །གང་གིས་ཆོས་གོས་ལ་སོགས་པ། །འདོད་པས་དང་དུ་ལེན་པ་ནི། །འགྱོད་པས་བཏང་ཡང་དེ་ལ་ནི། །ལྟུང་བ་སྦོམ་པོར་ཤེས་པར་བྱ། །རི་ལ་འཛེག་གམ་གྲུ་བརྒལ་ཚེ། །ཕན་ཚུན་སོ་སོར་གོ་བྱས་ནས། །

ལྷུང་བཟེད་ལ་སོགས་སྣོད་བསྐུར་ཏེ། །བག་ཡོད་རྟག་ཏུ་དྲན་པ་ཡིས། །འདི་ནི་བཟུང་ངམ་བཏང་ངོ་ཞེས། །སྨྲས་ཐོས་གལ་ཏེ་བརླག་གྱུར་ན། །དེ་རིན་ངེས་པར་སྦྱིན་པ་ལ། །འདིར་ནི་རྣམ་དཔྱད་མི་དགོས་སོ། །ཅི་ཏེ་མ་བོས་ཟན་ཟ་ན། །དགེ་སློང་ལ་ནི་ཉེས་བྱས་ཏེ། །འདི་ནི་སྡེ་

ལྡན་ལྷག་མ་ལའང་། །ཉེས་བྱས་ཉིད་དུ་རབ་ཏུ་གྲགས། །རྒྱལ་པོས་བྱིན་དང་རྐུན་པོས་བྱིན། །ལས་བྱེད་དག་གིས་མ་དྲིས་བྱིན། །གཞན་དང་འབྲེལ་པར་འདུ་ཤེས་ན། །སྦྱིན་པོ་དེ་ལས་མི་བླང་ངོ་། །གཞན་དང་འབྲེལ་པ་ཕམ་པ་ཡིན། །སྟེར་བར་རྣམ་པར་ཤེས་ན་ནི། །འདོད་

པ་མི་མཐུན་མི་བླང་སྟེ། །མི་ཤེས་ན་ནི་ངེས་པ་མེད། །སྦྱིན་བདག་ངེས་པར་རྣམ་དཔྱད་ནས། །དེ་ཕྱིར་གཙོ་བོ་མ་ཡིན་ན། །དེ་ལས་བླང་བར་མི་རིགས་ཏེ། །དེ་ནི་སྦྱིན་པོར་མི་འདོད་དོ། །གལ་ཏེ་དགེ་འདུན་སོགས་ཀྱི་ནོར། །རང་གི་གཉེན་ནམ་གཞན་གྱིས་ཀྱང་། །སྟེར་ན་ནོར་མེད་ནད་པ་

ཡིས། །སླར་ཡང་བསབ་པར་འདོད་པས་བླང་། །གལ་ཏེ་ཤི་ན་ཉེས་མེད་དེ། །གསོན་ན་གང་ཡང་རུང་བ་ནི། །བླངས་ནས་ཀྱང་ནི་ཅི་ནུས་ཀྱིས། །དེ་ཡི་དཀོར་ནི་བསབ་པར་བྱ། །བ་ལང་ལ་སོགས་ལོངས་སྤྱོད་མཆོག །གྲོང་ལ་སོགས་པར་ལོངས་སྤྱོད་པ། །འདི་དག་དགེ་འདུན་ལ་ནི་

གནང་། །གང་ཟག་ལ་ནི་བཀག་པ་ཡིན། །ལོངས་སྤྱོད་ཞིང་དང་གྲང་དང་རྟ། །བ་ལང་མ་ཧེ་ར་ལུག་རྣམས། །འདུལ་བར་ལོངས་སྤྱོད་མཆོག་ཉིད་དུ། །དེ་ཉིད་རིག་པས་གསུངས་པ་ཡིན། །དངོས་པོ་རྣམ་པ་ལྔ་པོ་ནི། །ཤེས་རབ་ཅན་གྱིས་མི་བཅང་ཞིང་། །མི་གཙང་མི་བགོ་

Vol. 166 · folio 9a

ཐམས་ཅད་དུ། །དེ་བཞིན་ཁས་ཀྱང་མི་བླང་ངོ་། །སྐྱེད་མོས་ཚལ་དང་གཙུག་ལག་ཁང་། །དེ་ཡི་དངོས་དང་མལ་སྟན་རྣམས། །ཚུལ་ལྡན་རྣམས་ཀྱིས་སྦྱིན་བདག་གི། །བསོད་ནམས་སྤེལ་ཕྱིར་བསྲུང་བར་བྱ། །ལྷ་ཁང་སྐྱེད་ཚལ་ཀུན་དགའ་ར། །གཙུག་ལག་

ཁང་ནི་གཅིག་ཏུ་འདོད། །དེ་དག་དངོས་པོ་གནས་ཁང་ཡིན། །མལ་སྟན་དག་ནི་གྲགས་པར་ཟད། །གཙུག་ལག་ཁང་སྟེང་གནས་པ་ཡི། །བསྒོ་བ་གང་དུ་གསལ་བར་ཐོས། །བཀའ་བསྒོ་བ་ནི་བྱེད་པ་ཡིས། །དེ་ལ་ངེས་པར་འཇུག་པར་བྱ། །ལས་ཀྱི་བྱ་བ་བྱེད་པའི་ཚེ། །ཟས་དང་གོས་ཀྱི་

རྗེས་སུ་བཟུང་། །ནད་པ་ལ་ནི་རྗེས་སུ་གནང་། །ལས་ནི་མི་ནུས་པ་ལ་ཡང་། །བརྡེག་དང་འཚོག་དང་སྐྱོ་བ་དག །འཕགས་པའི་ཆོས་དང་འགལ་བ་ཡིན། །བསད་དང་བཅིང་དང་ཉོན་མོངས་བྱེད། །འཕགས་པས་དེ་ཕྱིར་རྣམ་པར་སྤང་། །ཅི་རིགས་མཆོག་གིས་གསུངས་པ་དང་། །

རིགས་ཀྱི་ཆོས་ལྡན་གྱིས་བསྟན་པའི། །ཡུལ་ཆོས་ལྡན་པའི་ཆད་པ་ནི། །དགེ་འདུན་གྱིས་ནི་དང་དུ་བླང་། །རྒྱལ་པོ་ལ་སོགས་ཡོངས་བཏང་བའི། །རང་སྐལ་བསོད་ནམས་གྱིས་རྙེད་ན། །ཡོངས་སུ་ལོངས་སྤྱོད་ཉེས་མེད་དེ། །དེ་དག་སྔར་བསྟན་བཞིན་དུ་གནས། །འདྲེན་པས་དངོས་

པོ་ཐམས་ཅད་ཀྱིས། །ཐ་སྙད་རང་གིས་མ་གསུངས་ཏེ། །དགེ་སློང་མ་འམ་དགེ་ཚུལ་དག །ངེས་པའི་ཞལ་ཏ་བ་ཡིས་བལྟ། །སྟོན་པའི་ཆོས་ལས་འདས་ནས་ནི། །སྲེད་ལྡན་གང་ཞིག་ཆད་པས་གཅོད། །དེ་ནི་བསླབ་པ་ཉམས་པ་སྟེ། །མ་རིག་སྒྲིབ་གཡོགས་གྱིས་བསྐྱེད་པའོ། །

ཡང་དག་ལྟ་དང་གཞན་ཐོབ་ཀྱི། །ལོག་ལྟ་ཅན་དང་ཚུལ་ཁྲིམས་མེད། །དེ་ལ་རབ་ཏུ་བྱིན་ན་ནི། །དད་པས་བྱིན་པའི་འབྲས་བུ་མེད། །གང་ཡང་འཚོ་བའི་ཚད་ཙམ་ཞིག །ཁེངས་ལས་ལྷག་དང་བརྟུལ་ཞུགས་ཅན། །སྟོན་མོ་དག་ལས་ལེན་བྱེད་ན། །དེས་ནི་རྣམ་པར་ཉམས་པར་བྱས། །

ཇི་ཙམ་གང་གིས་ཆོག་གྱུར་པ། །དེ་ཙམ་སྟོན་མོ་ལས་ནི་བླང་། །ལྷག་མ་ཁམ་གཅིག་ལེན་བྱེད་ཀྱང་། །བསམས་བཞིན་ཡིན་ན་ཉམས་པ་ཉིད། །ཕ་མའམ་ནད་པ་ལ་སོགས་ལ། །སྦྱིན་པར་བྱེད་པ་བཀག་པ་མེད། །སྦྱིན་བདག་དག་གིས་མ་སྤགས་པར། །ནམ་ཡང་གཞན་ལ་སྦྱིན་

Vol. 166 · folio 9b

མི་བྱ། །གང་དུ་འཆག་པ་ལ་སོགས་ཚེ། །གྲི་ཁབ་ལ་སོགས་རྙེད་གྱུར་ན། །གཙུག་ལག་ཁང་སྐྱོང་དག་ལ་གཏད། །ལུང་བཞིན་དེ་ཡིས་གོ་བར་བྱ། །དགེ་འདུན་དབུས་སུ་ཞག་གསུམ་བར། །དེ་ཡིས་དེ་དག་བསྟེན་པར་བྱ། །སུ་ཡང་ངོ་ལེན་མེད་ན་ནི། །ཅི་བདེ་བར་ནི་ཚོགས་ལ་དབུལ། །

དགོས་པའི་ཚེ་ན་ལས་རྣམས་བྱ། །བསོད་ནམས་བསགས་པས་ལས་བྱ་ཡི། །རྙེད་པའི་དོན་དུ་དགེ་སློང་གིས། །ལས་ནི་ནམ་ཡང་མི་བྱའོ། །ཡིད་ཆེས་གྱུར་ལ་རང་གི་བློས། །ཇི་སྲིད་དུ་ནི་ངེས་པ་ཡིས། །འཇོག་པ་ལ་ནི་ཉེས་མེད་དེ། །དབང་པོ་གཞན་ནི་བཞག་ནས་སོ། །གང་ཕྱིར་

དམན་དང་འབྲིང་དང་མཆོག །གྲོགས་པོ་གསུམ་ནི་རྣམ་དཔྱད་ནས། །ཡིད་ཆེས་བརྟན་པོ་ཉིད་ལ་བཅའི། །ངེས་པར་སེམས་མི་བརྟན་ལ་མིན། །ཤིན་ཏུ་མཆོག་ལ་མཆོག་ཉིད་དེ། །འབྲིང་ལ་འབྲིང་པོ་ཐ་མ་ལ། །ཐ་མ་ཉིད་དེ་དམན་ལ་ཆུང་། །ཡིད་ཆེས་རྣམ་པ་གསུམ་དུ་འདོད། །ནད་

པ་ལ་ནི་དྲིས་ནས་སྨན། །ཕན་པའི་ཆེད་དུ་སྦྱིན་བྱ་སྟེ། །རང་གི་ཡིད་ཆེས་ཀྱིས་ཀྱང་རུང་། །ཏིལ་སྣོད་དགེ་སློང་མ་བཞིན་མིན། །མི་དང་གཞན་ནོར་རྐུ་སེམས་ཀྱིས། །སྦྱོར་བ་གཅིག་ལ་ཚང་ན་ནི། །མདོར་ན་བསླབ་པ་ཉམས་པ་སྟེ། །ཕས་ཕམ་པ་ཡི་རྒྱུ་ཡིན་ནོ། །དགེ་སློང་མི་གཙང་ཡིད་

བྱུང་གང་། །རི་དགས་དབྱུག་ཐོགས་ཞེས་པས་བསད། །བསོད་ནམས་ཐོབ་དང་ལྷུང་བཟེད་སོགས། །འདོད་པ་དེ་བསྟེན་བཀག་པ་ཡིན། །ཡང་དག་བསམ་པ་མ་འཁྲུལ་པས། །རང་ངམ་གཞན་གྱིས་ཕ་རོལ་བསད། །མི་ལ་འཆི་བའི་བསྔགས་པ་དག །བརྗོད་གྲུབ་དེས་ཀྱང་མཐར་

འགྱུར་རོ། །དེ་འཆིའི་ཐབས་ནི་ཚིག་གིས་སམ། །སྦྱོར་བ་རྣམས་ཀྱིས་མངོན་བསྔགས་ཤིང་། །སེམས་ནི་རྗེས་སུ་ཡི་རང་ན། །སྦོམ་པོའོ་མེ་ཡིས་ནགས་བསྲེག་དང་། །མི་ཡི་ཡན་ལག་གཅོད་པ་དང་། །དེ་ཡི་ཤ་ནི་ཟ་ཡང་ངོ་། །ནད་པ་ལ་ནི་ནད་གཡོག་དག །ཕན་ཕྱིར་བྱིས་པ་ལེགས་པར་

བསྒོ། །མཁས་པའམ་གནས་བརྟན་དག་ལ་ཡང་། །སྨན་ནི་ཡོངས་སུ་དྲིས་ནས་སུ། །ནད་པ་དག་ལ་ཕན་བློས་སྦྱིན། །གཞན་དུ་འགལ་ཚབས་ཅན་དུ་འགྱུར། །གང་གི་ནད་ལ་ཅི་འདྲ་བའི། །ཡོ་བྱད་ནད་པ་དག་ལ་གཞག། །བརྟགས་པ་ཟ་བ་ལ་སོགས་ཀྱང་། །རྗེས་སུ་བརྩེ་བས་ཉེས་པ་

Vol. 166 · folio 10a

མེད། །དགེ་འདུན་ཀུན་གྱི་ནད་པ་ནི། །བལྟ་ཕྱིར་བརྩོན་བྱར་བཀའ་སྩལ་ཏེ། །ཐམས་ཅད་དུ་ནི་རིམ་པ་བཞིན། །འདུག་ནས་ཀྱང་ནི་བལྟ་བྱ་སྟེ། །ནད་པའི་ནད་གཡོག་དག་གིས་ཀྱང་། །འབད་པས་འདུག་པའི་དོན་དུ་ནི། །གུས་པས་རྟག་ཏུ་སྟན་རྣམས་ནི། །ངེས་པར་ཉེ་བར་

བསྟབ་པར་བྱ། །གལ་ཏེ་ནད་པ་ནུས་མེད་པས། །སྐྱོ་བར་གྱུར་པ་དེ་ལྟ་ན། །དེ་ལ་འདིར་ནི་རེ་མོས་ཀྱིས། །ཡང་དག་བསྒོ་བར་བརྟག་པ་ཉིད། །ནད་པའི་མདུན་དུ་གང་ཞིག་གིས། །ཐོས་སམ་ཚོར་བར་དེ་ཡི་སེམས། །འཆི་བའི་འདུན་པ་སྐྱེ་འགྱུར་བ། །དེ་འདྲའི་ཆོས་བཤད་མི་བྱའོ། །

ཀྱེ་མ་ཁྱོད་ཀྱིས་སྦྱིན་པ་བྱིན། །ཚུལ་ཁྲིམས་ཀྱང་ནི་མ་ཉམས་བསྲུངས། །དཀོན་མཆོག་གསུམ་ལ་གུས་བྱས་ཏེ། །མྱ་ངན་འདས་པ་མདུན་ན་གནས། །ཁྱོད་ནི་ལུས་དང་བྲལ་མ་ཐག །ལྷ་ཡི་ཁང་བཟངས་ཐག་མི་རིང་། །སྲོག་དང་བྲལ་ན་མྱུར་དུ་ནི། །མྱ་ངན་འདས་པ་ལག་ན་

གནས། །དེ་སྐད་གང་སྨྲའི་དགེ་སློང་ནི། །མི་ཟད་ལྟུང་བ་དག་དང་བཅས། །དེ་བས་ཁྱོད་ནི་ནང་བྲལ་ནས། །ཡུན་རིང་ཆོས་སྤྱོད་འཚོ་བར་ཤོག །ཆོས་སྤྱོད་ཇི་སྲིད་གསོན་ན་ནི། །དེ་སྲིད་བསོད་ནམས་ཚོགས་ཆེན་པོ། །རྫོགས་པར་འགྱུར་ཞེས་བརྗོད་པར་བྱ། །ནད་ཀྱིས་གདུངས་ལ་སྨན་

དག་དང་། །མཁས་པས་གདམས་ངག་སྦྱིན་བྱ་ཞེས། །གནས་དང་གནས་མིན་མཁྱེན་པས་གསུངས། །སྐྲ་ཅན་འཚོང་ན་སྦོམ་པོ་ཡིན། །ལྷུང་བཟེད་སོགས་ཆགས་གཞན་དག་ལ། །གདོལ་པ་བཞིན་དུ་བརྩེ་མེད་པར། །གང་ཞིག་འདོད་སེམས་སྐྱེད་བྱེད་པ། །དེ་ལ་ཉེས་བྱས་ཉིད་

དུ་རིག །བཞད་གད་རྒོད་བག་ཆེད་དུ་ཡང་། །ག་ག་ཚིལ་ནི་མི་བྱ་སྟེ། །སྔོན་ནི་གཞོན་ནུ་བཅུ་བདུན་སྡེས། །དགེ་སློང་གཡའ་བསྒགས་ཤི་བས་བཅས། །མཆོད་རྟེན་ལ་སོགས་ལས་བྱེད་པས། །ཁྱིམ་པ་མེད་ཚེ་ལྕི་བའི་ཁུར། །མི་ཁྱེར་མི་གཞུག་ཤིང་མཁན་ནི། །ཤིང་བཏེག་ཤི་བ་

ལ་རྟེན་བཀག །སོ་ཕག་གས་པོ་ལ་སོགས་པ། །བརྡ་མ་སྤྲད་པར་སྦྱིན་མི་བྱ། །ཉི་མ་ཟད་པར་དགེ་སློང་གིས། །གླ་མི་བཞིན་དུ་ལས་མི་བྱ། །ལས་ཀྱི་ཞལ་ཏ་བློ་ལྡན་གྱིས། །དེ་དག་ལ་ནི་གོ་བྱས་ནས། །དེ་རྣམས་ལས་དུབ་སྤང་བའི་ཕྱིར། །ཁྱེ་སུས་བཟའ་བཏུང་གིས་ཚིམ་བྱ། །

Vol. 166 · folio 10b

གཙུག་ལག་ཁང་ནི་བསྲུང་བའི་ཕྱིར། །བརྩོན་པར་ཡང་ནི་རྗེས་སུ་གནང་། །སེམས་ཅན་དག་ལ་ལྟོས་མེད་པར། །མ་བསམས་དབྱུག་སོགས་མི་འཕང་ངོ་། །ཁྲུ་བཅུའི་ནང་རོལ་སྤྱོད་ཡུལ་དུ། །རྡོ་བ་ལ་སོགས་དོར་བར་རུང་། །བསླབ་པ་རྗེས་དྲན་བསྐྱེད་པ་ཡིས། །ནང་གི་བདག་ཉིད་

ཉམས་མི་འགྱུར། །གཙུག་ལག་ཁང་གི་ལས་བྱེད་ལ། །མཚན་མོ་ཆོས་སྒྲོགས་གནས་དག་ཏུ། །སྒོ་སོགས་བསྡམས་པར་བྱས་སམ་ཞེས། །གནས་བརྟན་གྱིས་ནི་དྲི་བར་བྱ། །གཙུག་ལག་ཁང་འཇོམས་བཟློག་པའི་ཕྱིར། །གང་ལ་བཅིང་བ་བརྟག་བྱ་བར། །བཅིང་བ་སྔར་ནི་བརྗོད་པ་

ཡིས། །གཙུག་ལག་ཁང་ནི་བསྲུང་བར་བྱ། །འཁྲུལ་གཏན་སྟེང་གཟེར་འོག་འཇུག་དང་། །སྒོ་ལྕགས་ལྡེ་མིག་ཀྱོག་པོ་དང་། །གཙུག་ལག་ཁང་གནས་དེ་དག་ལ། །ཞལ་ཏ་བ་ཡིས་ཅི་རིགས་སྦྱིན། །གཅིག་དང་གཉིས་དང་གསུམ་སོགས་ཀྱིས། །ཐ་དད་བཅིང་བ་གཞུག་བྱས་ཏེ། །

ཐམས་ཅད་གཞུག་པར་འོས་ན་ཡང་། །རྟོག་པ་པོ་ཡིས་ཐམས་ཅད་གཞུག །སྟོན་པའི་བསྟན་ལ་གུས་པ་ཡི། །དགེ་སློང་ལུས་དུབ་ཐང་ཆད་དག །ལམ་དུ་དགེ་སློང་རྣམས་ཀྱིས་ནི། །ཕ་བཞིན་བསྒྲུབ་པར་མི་བྱའོ། །སྔོན་བྱུང་ཕ་རྒན་དལ་འགྲོ་ལ། །དུས་ཡོལ་གྱུར་པའི་འཇིགས་པ་ཡིས། །

བུ་ཡིས་ཕུལ་བས་ལམ་དུ་དེ། །དུབ་ནས་འཆི་བའི་དུས་བྱས་སོ། །མུ་གེའི་དུས་ཤིག་དགེ་སློང་རྣམས། །མི་སྲིད་བླ་མའི་ཡོན་ཏན་རྣམས། །ཕན་ཚུན་བསྒྲགས་ཏེ་གོ་བྱས་རྒྱུས། །འཚོ་བ་བྱས་ཚེ་བཀག་པ་མཛད། །ཁྱད་པར་གྱུར་པའི་རྟོགས་པ་རྣམས། །མ་ཐོབ་པར་ནི་ཐོབ་བོ་ཞེས། །

མངོན་པའི་ང་རྒྱལ་མེད་སྨྲ་ན། །སྡོམ་བརྩོན་མཐའ་ཡི་ལྟུང་བ་འཐོབ། །མི་ཆོས་བླ་མའི་ཡོན་ཏན་འདིར། །བསམ་གཏན་རྣམས་དང་གཟུགས་མེད་སོགས། །མཐོང་ཟད་ཕུལ་ཕྱིན་མྱ་ངན་འདས། །འཕགས་པའི་ལམ་གྱི་ཐོབ་སྨྲའ་། །མཁས་པས་ཁྱད་པར་རྟོགས་པའི་དོན། །གང་

གསུངས་འབྲས་བུ་བཞི་པོ་དང་། །སྡུག་བསྔལ་ལ་སོགས་ཡུལ་ཤེས་པ། །བདེན་པ་བཞི་པོ་མཐོང་ཞེས་དང་། །བསམ་གཏན་ཞེས་བརྗོད་བཞི་པོ་ཡི། །དེ་ལ་རེག་པས་གནས་པ་དང་། །སྡུག་བསྔལ་ལ་སོགས་བདག་གིས་ཤེས། །ལྷ་ལ་སོགས་པ་བདག་གིས་མཐོང་། །ལྷ་ཀླུ་

Vol. 166 · folio 11a

གནོད་སྦྱིན་དྲི་ཟ་སོགས། །མཐོང་ངོ་བདག་གིས་གཏམ་ཡང་བྱས། །དེ་དག་ཀྱང་ནི་བདག་ལ་སྨྲ། །ཞེས་སྨྲ་དགེ་སློང་མཐར་འགྱུར་རོ། །ལྷ་ཡི་སྐད་ནི་བདག་གིས་ཐོས། །དེ་ནི་མཚན་མོ་བདག་དྲུང་འོངས། །དེ་བཞིན་གནོད་སྦྱིན་སོགས་ཀྱང་སྟེ། །རང་བཞིན་

གྱིས་ནི་ཕམ་པར་འདོད། །དེ་དག་ཀུན་ལ་ཤེས་བྱ་བ། །སྦོམ་པོ་ཤ་ཟ་མཐོང་སོགས་ཏེ། །འདི་ན་གང་ཞིག་ལྷ་སོགས་དག། །མཐོང་བ་ཡོད་ཅེས་སྨྲ་ན་ཡང་། །རྣམ་རྣགས་མི་རྟག་འདུ་ཤེས་སོགས། །འབྲས་བུ་མངོན་ཤེས་རབ་སྟོན་ན། །མི་འདོད་ན་ཡང་མཐའ་ཡི་ནི། །མཚོན་

ཆས་མགོ་བཅད་ཐོབ་པར་འགྱུར། །གང་ཞིག་འདི་ན་དགེ་སློང་གང་། །རྡུལ་ཁྲོད་ཤ་ཟ་མཐོང་བ་ཡོད། །བདག་ཅེས་སྨྲ་བར་མི་བྱེད་ཀྱང་། །དེ་སྐད་བརྗོད་ན་ཉེས་བྱས་སོ། །ལྟུང་བ་འཆབ་དང་རེག་པ་དང་། །ལུས་བཀན་བག་མེད་ཕྱོགས་བྱེད་ཉིད། །དེ་བཞིན་དགེ་སློང་ཕས་

ཕམ་བཞིས། །དགེ་སློང་མ་ཡི་རྩ་བ་འཇིག །རྒྱལ་དང་ཕམ་དང་དེ་བཞིན་དུ། །ཆར་འབབ་མཚན་ནི་འགྱུར་བ་སོགས། །དགོངས་སུ་གསོལ་ཞེས་བརྗོད་བྱ་སྟེ། །གཞན་དུ་འགལ་ཚབས་ཅན་དུ་འགྱུར། །དགེ་སློང་སེར་སྐྱས་འོད་སྲུངས་ཀྱི། །བསྟན་ལ་ངག་རྩུབ་བརྫུན་

སྨྲས་པས། །ཆུ་སྲིན་བཅོ་བརྒྱད་གདོང་སྐྱེས་བཅས། །ཉོན་མོངས་དགྲ་ཕམ་ཁས་བླངས་ནས། །ཉོན་མོངས་དག་གིས་ཕམ་བྱས་ན། །དེ་ཕྱིར་ཕས་ཕམ་གྱུར་པ་སྟེ། །ཁྲིམས་དྲལ་ཞེས་ནི་ངེས་པར་བརྗོད། །ཕས་ཕམ་པ་ཡི་ཆོས་དག་ཏུ། །གང་གསུངས་མ་ལུས་བརྗོད་ནས་ནི། །རིམ་པ་

ཇི་བཞིན་དགེ་འདུན་གྱི། །ལྷག་མ་རྣམས་ནི་བརྗོད་པར་བྱ། །རྨ་སྒོ་གསུམ་ནི་མ་གཏོགས་པར། །ཤེས་ལུས་རང་བཞིན་ཡན་ལག་གིས། །བསམས་བཞིན་ཁུ་བ་འབྱིན་པ་ནི། །དགེ་འདུན་གྱི་ནི་ལྷག་མས་རེག །སླ་དང་སྐ་བ་ཉིད་དང་དམར། །སེར་པོ་དང་ནི་སྔོན་པོ་སྟེ། །ཁུ་བ་རྣམ་པ་

ལྔར་བསྟན་པ། ཕྱི་མ་འཁོར་ལོས་སྒྱུར་རྒྱལ་གྱིས། །དེ་ཡི་བུ་ནི་སྔོན་པོ་སྟེ། །དེ་ཡི་འོག་ཏུ་སེར་པོ་ཡིན། །དམར་པོ་དེ་ཡི་བློན་པོ་སྟེ། །སྐ་བ་དབང་པོ་སྨིན་པ་ཉིད། །བུད་མེད་ཀྱིས་དུབ་དབང་པོ་དག །མ་སྨིན་པ་ཡི་སླ་བར་ཤེས། །ཐམས་ཅད་དུ་ཡང་དགེ་འདུན་གྱིས། །དག་བྱ་ལྷག་མའི་

Vol. 166 · folio 11b

ལྟུང་བ་ཉིད། །ཤེས་བཞིན་རྩིག་ཁུང་བུམ་པ་ཡི། །སྦུབས་སོགས་དུ་བ་འབྱིན་བ་ནི། །སྦོམ་པོ་ཡིས་ནི་བཅོམ་པ་སྟེ། །ཕ་བོང་སྦོམ་པོས་སྣད་པ་བཞིན། །བརྩམས་ཏེ་ཁུ་བ་མ་ཕྱིན་ནམ། །ཆགས་པས་དབང་པོ་འཇལ་བྱེད་དམ། །གར་བསྒྱུར་མཁའ་ལ་བསྐྱེད་པས་སམ། །མཉེ་བཤུད་

ཀྱིས་ནི་ཕྱུང་ན་ཡང་། །རྫི་ལྡོག་ཆུ་རྒྱུན་བཟློག་ཕྱོགས་སུ། །གཏོད་པ་ལ་ཡང་དེ་བཞིན་འདོད། །རྫི་ཕྱོགས་རྒྱུན་ཕྱོགས་མཐུན་གཏོད་པས། །ཉེས་བྱས་འགྱུར་བར་གསུངས་པ་ཡིན། །ཆུ་བསྟི་བ་ནི་མཐོང་སོགས་ལ། །ཆགས་པའི་སེམས་དང་ལྡན་ཡང་ངོ་། །ཆགས་པས་དོན་ཉམས་རྩ་བ་

སྟེ། །དེ་བས་རྟག་ཏུ་སྤང་བར་བྱ། །ཛེ་ཏའི་ཤིང་སོགས་རེག་པས་སམ། །བརླ་སོགས་དག་ལ་བཤུད་པ་ལ། །དེར་ནི་ཁུ་བ་བྱུང་ཡང་སྟེ། །རྨི་ལམ་ན་ནི་ཉེས་མེད་ཆའོ། །དགེ་སློང་ཚོགས་ལ་ཆོས་ལྷག་པར། །རྒྱས་པར་ཡང་དག་བཤད་པ་རྣམས། །དགེ་ཚུལ་ལ་ནི་ཐམས་ཅད་དུ། །

ཉེས་བྱས་ངེས་པར་ཤེས་པར་བྱ། །མཐའ་ལས་བྱུང་བའི་ཉོན་མོངས་ངན། །ཀུན་སློང་ངེས་པར་བཤགས་བྱ་སྟེ། །སྦོམ་པོ་ལྕི་བ་ཚོགས་པ་ལ། །ཡང་བའི་མིང་ཅན་བཞིར་བརྗོད་དོ། །དགེ་འདུན་ལྷག་མ་ལས་བྱུང་བའི། །ལྕི་བ་ལྔ་ལ་ཡང་བ་བཞིས། །དགེ་འདུན་ལྷག་མ་ཚོགས་ལ་

སྟེ། །ལྷག་མ་གང་ཟག་གཅིག་ལའང་རུང་། །སྔར་ནི་ལྟུང་བ་བྱུང་བ་ཡིས། །ལྟུང་བ་མཐུན་སྣང་ལ་མི་འདོད། །དྲི་མས་དྲི་མ་རྣམ་དག་པ། །གང་དུ་ཡང་ནི་རུང་མ་ཡིན། །གང་ལ་དགེ་འདུན་ལྷག་མས་གོས། །ཇི་སྲིད་ངེས་པར་འཆབ་བྱེད་པ། །དེ་སྲིད་དེ་ནི་དག་བྱའི་ཕྱིར། །སྤོ་བ་དག་ལ་

ངེས་པར་བཞག །དགེ་འདུན་ལྷག་མ་གང་བྱུང་བ། །ཇི་སྲིད་དེ་ནི་རྗེས་བཟུང་མིན། །དེ་སྲིད་དེ་ལ་སྤོ་བ་ཡི། །ཆོ་ག་ཡོངས་སུ་དག་ཕྱིར་བྱ། །མཚན་མོ་དང་ནི་སེམས་སྦྱོར་ལས། །འཆབ་པ་ཡང་ནི་རྣམ་པ་གཉིས། །ཤིན་ཏུ་མི་རུང་འདིར་སེམས་པས། །སེམས་ཀྱི་མིང་དུ་ཤེས་པར་

བྱ། །འདིར་ནི་སྤོ་བ་ལ་གནས་ཏེ། །གལ་ཏེ་ཉོན་མོངས་ཀྱིས་ཕམ་པས། །རྨོངས་པས་སླར་ཡང་ལྟུང་སྤྱོད་ན། །སླར་ཡང་དངོས་གཞིའི་སྤོ་བ་ནི། །གཞན་དག་ཀྱང་ནི་སྦྱིན་བྱ་སྟེ། །འདུལ་བ་ལེགས་ཤེས་གང་དག་གིས། །ལན་གསུམ་བར་དུ་དེ་ལ་སྦྱིན། །སྙིང་རྗེའི་ཞིང་ནི་དེ་འདྲ་ལ། །

Vol. 166 · folio 12a

ཉོན་མོངས་དབང་གིས་འཇུག་ཤེས་པས། །ངོ་ཚའི་ཁུར་ནི་ཆེན་པོ་ཡིས། །བརྒྱ་ལམ་ཞིག་ན་འདུད་པར་འགྱུར། །དེ་ལྟ་ན་ཡང་མི་དགེ་ལས། །གལ་ཏེ་མི་ལྡོག་པ་ཉིད་ན། །དེ་ནི་མདོ་བཞིན་དོར་བྱ་སྟེ། །ཇི་སྲིད་སྐྱོ་བར་གྱུར་གྱི་བར། །ཡིད་ནི་ཡང་དག་སྐྱོ་གྱུར་ཅིང་། །ཕྱིར་

བཅོས་དོན་དུ་གཉེར་བ་ན། །ཚོགས་ཀྱིས་དབྱུང་བར་འདོད་པ་ཡིས། །མགུ་བ་སྤྱོད་པ་དེ་ལ་སྦྱིན། །མགུ་བའི་ཆུ་ཡིས་རྣམ་བཀྲུས་ནས། །དྲི་མ་ལྷག་མ་དག་བྱའི་ཕྱིར། །གང་དུ་དགེ་སློང་ཉི་ཤུ་ཡིས། །དེ་ནི་ངེས་པར་དབྱུང་བར་བྱ། །དེ་ལ་དགེ་འདུན་གཙོ་བོ་སྟེ། །བསམ་པ་མཁྱེན་པའི་

དགེ་འདུན་ཡིན། །དགེ་འདུན་གྱིས་ནི་རྗེས་གནང་ན། །ལས་ཀྱི་བྱ་བ་བྱེད་པར་རུང་། །དགེ་འདུན་ནང་དུ་དེ་ཡི་ལས། །བྱ་ཕྱིར་དེ་ཡི་རིགས་པ་ཡིས། །ཚོགས་ལས་ལྡང་ངོ་དེ་ཡི་ཕྱིར། །དགེ་འདུན་ལྷག་མ་ཞེས་བྱར་བརྗོད། །གལ་ཏེ་བྱིན་རླབས་མགུ་བས་ཀྱང་། །གནས་པའི་ཚེ་ན་ཤི་གྱུར་ན། །

དབྱུང་བ་མ་བྱས་ན་ཡང་ནི། །ངེས་པར་མཐོ་རིས་དག་ཏུ་སྐྱེ། །རང་གི་ལས་ཀྱིས་ཅོ་དྲིས་པས། །ངན་འགྲོ་དག་ཏུ་མི་སྐྱེ་མོད། །འོན་ཀྱང་སྙིང་རྗེའི་བདག་ཅན་གྱིས། །བཏང་སྙོམས་མི་བྱ་རྗེས་སུ་བཟུང་། །གང་ཞིག་མིང་ནི་གྲགས་ཆེན་དང་། །མདོ་སྡེ་ལ་སོགས་མང་དུ་ཐོས། །དེ་དག་

གཅིག་གི་མདུན་དུ་ཡང་། །བཤགས་པས་དག་པར་ངེས་པར་རུང་། །བསམ་པ་ཡང་ནི་ཆེ་བ་དང་། །དེ་བཞིན་ངོ་ཚས་བཅབས་པ་ཡང་། །དེ་ཡི་སྤོ་བར་ཡོངས་བརྟགས་བྱེད། །དེ་ཡི་སྒོ་ནས་ཆོ་ག་བཞིན། །དེ་ནི་མཐོལ་བ་ལན་གསུམ་ཡིན། །ནད་ཀྱིས་ཆད་པ་ཉིད་དང་ནི། །གོས་ཀྱིས་

དཀྲིས་དང་ཉམས་པའི་སྒོར། །བྱེད་ན་ལྟུང་བ་ཆེ་སྤངས་ནས། །སྦོམ་པོའི་ལྟུང་བས་འཇོམས་པར་འགྱུར། །རྐང་པ་ནས་ནི་སྤྱི་བོའི་བར། །ཆགས་བཅས་བུད་མེད་ཡན་ལག་ལ། །གོས་ཀྱིས་མ་ཆོད་རེག་ན་ལྟུང་། །ཆོད་པ་ལ་རེག་སྦོམ་པོ་ཉིད། །ཤིང་རྟ་གྲུ་སོགས་ལ་འཇུག་དང་། །

འཕུལ་བ་དང་ནི་འཐེན་པ་དང་། །བར་བཅས་བར་མེད་པ་ལ་ནི། །རེག་པ་བདག་བྱེད་སྔར་བཞིན་དེས། །བུད་མེད་ཀྱིས་ཚུར་དགེ་སློང་ལ། །རེག་ཅིང་ཆགས་སེམས་བདག་བྱེད་ན། །འདིར་ཡང་སྔར་བཞིན་ཐམས་ཅད་དུ། །འདྲེན་པ་ལ་སོགས་བྱེད་ཀྱང་ངོ་། །འཁྲིག་པའི་བསམ་པས་

Vol. 166 · folio 12b

འདི་དག་ལ། །གཉེན་པོ་སྟོབས་ཆུང་བྱེད་ན་ནི། །དེ་ལ་ཕས་ཕམ་ཀྱིས་བསླང་བའི། །སྦོམ་པོ་ཡི་ནི་ལྟུང་བར་འགྱུར། །འདི་དག་བུད་མེད་བསྟེན་བཟོད་དེ། །གཞན་དུ་སྦོམ་པོའི་མིང་ཅན་ཡིན། །སྐྱེས་པའམ་མ་ནིང་ལ་སོགས་སམ། །དུད་འགྲོ་མོ་ལ་ཉེས་བྱས་ཡིན། །དགེ་སློང་གང་

ཞིག་བུད་མེད་ལ། །རྩེ་ཕྱིར་ཡང་ནི་སྨད་ཚིག་སྨྲ། །དགེ་སློང་གཟུགས་བརྙན་ཉིད་ཡིན་ཏེ། །དེ་ཡང་དགེ་འདུན་ལྷག་མ་ཡིན། །འགའ་ཞིག་རྨ་ཡི་སྒོ་གསུམ་པོ། །ལེགས་པར་འདོད་ལ་ཤིན་ཏུ་འཇམ། །ཡང་ན་དེ་དག་ལེགས་པར་ནི། །མ་དོད་དགའ་བ་མི་སྐྱེད་གནས། །འདི་དང་འདི་ནི་

ཁྱོད་ལ་སྦྱིན། །གང་ཁྱོད་ཁྱོ་ནི་ནོར་ལྡན་ཏེ། །གང་འདིར་ཁྱོད་དང་ལྷན་ཅིག་ཏུ། །བདེ་མྱོང་དེ་ནི་རྙེད་པ་ཆེ། །དེ་ལ་སོགས་པའི་འཁྲིག་ཚིག་དག །གང་བརྗོད་དག་འདུན་ལྷག་མའོ། །འཁྲིག་དངོས་སྒྲ་ནི་མི་བརྗོད་ན། །སྦོམ་པོ་ཡི་ནི་ལྟུང་བར་གསུངས། །བུད་མེད་ངོ་ཚ་ལས་འདས་

ཚིག །ཚུལ་སྨྲའང་དེ་ལ་ཅི་རིགས་ཉིད། །གང་ཞིག་འཁྲིག་པའི་ཚིག་གྱུར་པ། །དེ་ནི་སྨྲ་བར་མི་བྱའོ། །སྨྱོས་པ་དང་ནི་སེམས་འཁྲུགས་དང་། །སྨྲ་མི་ཤེས་དང་ལས་དང་པོ། །ཚོར་བས་གཟིར་ལ་བརྗོད་ངན་གྱི། །ལྟུང་བ་དག་ནི་མི་འབྱུང་ངོ་།། །།བམ་པོ་གཉིས་པ།

རང་ཉིད་བསྔགས་པའི་བྱེ་བྲག་དག །འཁྲིག་པ་དོན་གཉེར་བུད་མེད་ཀྱི། །མདུན་དུ་རང་ཉིད་ཀྱིས་བསྔགས་ན། །ལྷག་མའོ་དགེ་འདུན་གྱི་ཟད་བྱེད། །ལོངས་སྤྱོད་འདི་ཡིས་ཉེར་གནས་ན། །མཆོག་དང་ཕུལ་སོགས་ངེས་བསྟན་པ། །སྲིང་མོ་བསྙེན་བཀུར་མཆོག་ཚིག་སྨྲ། །གསོལ་

བ་ལ་སོགས་ལས་ཀྱིས་ནི། །ཚུལ་ཁྲིམས་ལྡན་པར་གང་བཤད་པ། །ཚུལ་ཁྲིམས་ཕུང་པོར་ཡང་དག་ལྡན། །དགེ་བའི་ཆོས་ཅན་ཉིད་ཀྱིས་ན། །ཏིང་འཛིན་ཕུང་པོར་ཡང་དག་ལྡན། །ཚངས་པར་སྤྱོད་པ་ངེས་བརྗོད་པས། །ཤེས་རབ་ཕུང་པོར་ཡང་དག་ལྡན། །འཁྲིག་པའི་

ཚིག་ཅེས་བྱ་བ་འདིར། །གཉིས་ཀྱིས་གཉིས་སྤྲད་སྦྱོར་བ་ཡིན། །འདི་དག་ནང་ནས་ཚིག་གཅིག་ཀྱང་། །སྡོམ་བརྩོན་ཆགས་པའི་སེམས་ཀྱིས་ནི། །བརྡ་སྤྲད་བུད་མེད་ལ་སྨྲ་ན། །ལྟུང་བ་ཡིན་ལ་དཔྱད་མི་དགོས། །འཁྲིག་པ་གསལ་བར་བྱེད་པའི་ཚིག །གལ་ཏེ་བུད་མེད་ཀྱང་ནི་སྨྲ། །

Vol. 166 · folio 13a

གང་འདིར་ཚངས་པར་སྤྱོད་རྣམས་ལ། །འཁྲིག་པ་ལོངས་སྤྱོད་མཆོག་ཅེས་དང་། །ཁྱེད་ལྟའི་ཚུལ་ཁྲིམས་ལྡན་པ་ནི། །རྟག་ཏུ་དགེ་བའི་ཆོས་ཅན་དེ། །ཡོན་གནས་ཁྱད་པར་འཕགས་པ་དག །རྩོད་པའི་དུས་ན་རྙེད་པར་དཀའ། །དེ་ལ་སོགས་བརྗོད་དགེ་སློང་

གང་། །དགའ་བས་དང་དུ་ལེན་བྱེད་ཅིང་། །ལེན་གྱི་ཚིག་ཀྱང་སྨྲ་བྱེད་ན། །དགེ་འདུན་ལྷག་མར་གསུངས་པ་ཡིན། །ད་ལྟ་བུ་དང་འཁྲིག་སྤྱད་ན། །བུད་མེད་རྣམས་ཀྱང་འབྲས་བུ་ཆེ། །འཁྲིག་པས་དངོས་ནི་མི་བརྗོད་ཀྱང་། །གང་དེ་སྦོམ་པོའི་མིང་ཅན་ནོ། །དེ་བཞིན་འཁྲིག་པའི་ཆོས་ཀྱིས་

ནི། །དགེ་སློང་ཞེས་སོགས་སྔ་མ་བཞིན། །ད་ལྟ་བུ་ཞེས་མི་བརྗོད་ན། །འདི་ཡང་སྦོམ་པོ་ཉིད་དུ་གསུངས། །བུད་མེད་ཀྱིས་ཀྱང་དེ་བཞིན་དུ། །འཁྲིག་པའི་ཚིག་དངོས་དོར་གནས་ཀྱང་། །ཁྱེད་ལྟ་བུ་ཞེས་མི་བརྗོད་ན། །དེ་བཞིན་གཉི་ག་སྦོམ་པོ་ཡིན། །བསྟེན་མི་ཤེས་ལ་འཁྲིག་ཚིག་

དངོས། །བརྗོད་ན་སྦོམ་པོ་ལས་ནི་དམན། །དེ་ལྟ་བུ་ཞེས་བྱ་བའི་སྒྲ། །མེད་པ་ལ་ཡང་ཉེས་བྱས་འདོད། །ཐམས་ཅད་དུ་ཡང་སྡོམ་བརྩོན་ནི། །ཆགས་ཅན་ལ་ནི་ལྟུང་བར་འགྱུར། །འདིར་ནི་ཆགས་ཅན་ཞེས་གསུངས་གང་། །སེམས་ནི་ཆགས་པ་དང་འབྲེལ་ཉིད། །གང་བསྟེན་བཟོད་ལ་ལྟུང་

བ་སྟེ། །བསྟེན་མི་བཟོད་ལ་སྦོམ་པོ་ཡིན། །སྐྱེས་པ་མ་ནིང་ལ་སོགས་དང་། །དུད་འགྲོ་མོ་ལ་ཉེས་བྱས་ཉིད། །རང་ངམ་གཞན་བྱེད་འཇུག་ཀྱང་རུང་། །བུད་མེད་སྐྱེས་པ་ཕྲད་ན་ནི། །དགེ་འདུན་ལྷག་མའི་རལ་གྲི་ཡིས། །རང་གི་མགོ་ནི་གཅོད་པར་བྱེད། །ཆུ་ཚིགས་བྱིན་སོགས་མདོར་

བསྡུ་ན། །ཆུང་མ་རྣམ་པ་བདུན་དུ་བརྗོད། །མཛའ་ན་མོ་བཅུ་དེ་དག་གི །མཚན་ཉིད་ཡང་དག་བཤད་པར་བྱ། །ཆུ་ཡིས་རབ་ཏུ་བྱིན་པ་ཡི། །དོན་ལ་དེ་མིང་རབ་ཏུ་བཏགས། །བུད་མེད་གང་ཞིག་ནོར་གྱིས་ཉོས། །རིན་ཆས་ཉོས་ཞེས་དེ་ལ་རིག །རྒྱལ་པོའི་རྒྱལ་མཚན་དང་ནི་མགོས། །

ཕྲོགས་པ་བཙན་ཕྲོགས་ཞེས་སུ་བརྗོད། །ངས་ཁྱོད་ཉེ་གནས་བྱའོ་ཞེས། །ཟེར་བ་དང་སམ་འདུས་པ་ཡིན། །ཟས་དང་གོས་ཀྱི་རྒྱུ་མཚན་གྱིས། །ཞུགས་པ་གོས་ཟས་ཀྱིས་འཚོ་ཡིན། །གང་ཁྱོད་ནོར་དང་ང་ཡི་ནོར། །དེ་ཡི་མཉམ་སྲོག་འཚོ་བྱ་ཞེས། །དེ་སྐད་བརྗོད་ནས་ཞུགས་པ་གང་། །

Vol. 166 · folio 13b

ཁ་དུམ་པ་ཞེས་བྱ་བའོ། །སྐད་ཅིག་ཙམ་ཞིག་རྟག་ཏུ་མིན། །དེ་ལ་ཐང་འགའ་འཕྲད་ཅེས་བྱ། །རྣམ་པ་བདུན་པོ་འདི་དག་ནི། །སླར་ཡང་སོ་སོའི་དབྱེ་བར་འདོད། །འཐབས་པའི་མདོ་དང་འཐབས་པའི་འོག །དུམ་པ་བཅད་པ་རྣམ་པ་གསུམ། །རྡེའུ་གསུམ་ནི་གཏོར་བ་དང་། །ཆུང་མ་མ་ཡིན་པར་

ནི་བསྒྲགས། །ཆོ་ག་རབ་ཏུ་གཏང་བ་དང་། །དེ་བཞིན་དྲིལ་བུ་བསྒྲགས་པའོ། །དང་པོ་རྣམ་པ་གསུམ་པོ་ལ། །བྱེ་བ་ཉེ་བར་སྡུམ་བྱེད་ན། །གཅིག་གཉིས་གསུམ་ལ་རིམ་པ་བཞིན། །ཉེས་བྱས་སོགས་པར་འགྱུར་བ་ཡིན། །བཞི་པ་དང་ནི་ལྔ་པ་གཉིས། །དྲུག་སྟེ་གསུམ་ལ་སྦོམ་པོ་ཡིན། །

བདུན་པ་བསྡུམས་བྱས་བརྟུལ་ཞུགས་ཅན། །དགེ་འདུན་གྱི་ནི་ལྷག་མ་ཐོབ། །འདི་རུ་མཛའ་མོར་འདོད་པ་ནི། །ཁྱོ་ནི་ཤིའམ་གཞན་སོང་ཚེ། །མ་ཡི་འབད་པས་བསྲུངས་པ་ནི། །མ་ཡིས་བསྲུངས་ཞེས་བརྗོད་པ་ཡིན། །དེ་བཞིན་ཕ་དང་གྱོས་སྒྱུག་དང་། །ཕ་དང་མ་ཡི་རང་རིག་སྐྱེས། །དེས་བསྲུངས་

དེ་ནི་སླར་ཡང་ནི། །ཉེ་དུས་བསྲུངས་ཞེས་བརྗོད་པ་ཡིན། །ཕ་དང་ཁྱོ་ནི་མེད་པ་ན། །མིང་པོས་ཡོངས་སུ་བསྲུངས་པའམ། །ཕུ་མོ་ནུ་མོ་ཡིས་ཀྱང་བསྲུངས། །སྤུན་ཟླས་བསྲུངས་ཞེས་བརྗོད་པ་ཡིན། །བྲམ་ཟེ་མོ་འམ་རྗེ་རིགས་མོས། །བསྲུངས་པ་རིགས་ཀྱིས་བསྲུངས་པ་ཡིན། །བད་ས་ལའམ་

ཀོ་ས་ལའི། །རྒྱུད་ཀྱིས་བསྲུངས་པ་རུས་ཆགས་བསྲུངས། །ཆོས་སྤྱོད་བརྟུལ་ཞུགས་ཅན་དག་གི །འཁྲུག་མེད་མར་ནི་ཤེས་བྱ་སྟེ། །རྣམ་པ་བཅུ་པོ་འདི་དག་ནི། །མཛའ་ན་མོ་ཞེས་ཤེས་པར་བྱ། །གང་འདིར་མཛའ་ན་མོར་གསུངས་དང་། །བཞི་པ་ལ་སོགས་ཆུང་མ་རྣམས། །ཐམས་ཅད་དུ་ནི་སྡུམ་

བྱེད་པ། །དགེ་འདུན་ལྷག་མར་ངེས་པར་བསྟན། །ཁྱེའུ་འམ་ནི་བུ་མོ་འདི། །ཅི་ཡི་ཕྱིར་ན་ཁྱིམ་མི་བྱེད། །དེ་སྐད་ལ་སོགས་སྨྲ་བ་ཡི། །དགེ་སློང་གིས་ནི་ཉེས་བྱས་འཐོབ། །རང་གི་དོན་དུ་ཁང་པ་ནི། །གསོལ་བ་ལ་སོགས་ལས་ཀྱི་ནི། །ཆེད་སོགས་ཡོན་ཏན་ལྡན་པར་བྱ། །གཞན་དུ་

དགེ་འདུན་ལྷག་མར་འགྱུར། །གང་དུ་ཉམ་ང་མེད་སྤྱོད་པ། །སྤྱོད་ལམ་རྣམ་བཞི་རུང་བ་ནི། །འདུག་དང་འཆག་དང་ཉལ་བར་གྲགས། །བཞི་པ་ལངས་པ་ཉིད་ཡིན་ནོ། །ཆུར་ནི་བདེ་བར་གཤེགས་པ་ཡི། །མཐོ་ནི་བཅུ་དང་གཉིས་ཡིན་ནོ། །ཞེང་དུ་དེ་ཉིད་བདུན་ཡིན་ཏེ། །དེ་དག་དེ་ཡི་ཚད་

Vol. 166 · folio 14a

དུ་གསུངས། །བདེ་བར་གཤེགས་པའི་མཐོ་ཡི་ཚད། །གང་གསུངས་མཁས་པས་ཤེས་པར་བྱ། །འབྲིང་ཚད་མི་ཡི་ཁྲུ་དག་ནི། །ཕྱེད་དང་གཉིས་ནི་ཡོད་པ་ཡིན། །འབྲིང་ཚད་སྐྱེས་བུ་ཡི་ནི་ཁྲུ། །བཅོ་བརྒྱད་ཆུར་ནི་ཡོད་པ་ཡིན། །ཞེང་དུ་ཕྱེད་དང་བཅུ་གཅིག་ནི། །

ཁང་པའི་ཚད་དུ་གསུངས་པ་ཡིན། །སྦྲུལ་དང་སྡིག་པ་ཏྲེ་བུ་ཀ། །ཏྲེ་ལ་ཏ་སོགས་ཀྱིས་མི་རུང་། །རྩོད་བཅས་ལམ་དང་ཤིང་དྲུང་དང་། །ལྷ་རྟེན་རྒྱལ་པོའི་ཕོ་བྲང་མཐའ། །ཆུ་དང་གཡང་ས་ཁྲོན་པའི་དྲུང་། །བརྩམ་དུ་རུང་བ་མ་ཡིན་ནོ། །སྐྱོན་ནི་འདི་དག་མེད་པ་རུ། །རིགས་པ་ཡི་ནི་ཁང་

པ་བྱ། །བཀའ་ཡིས་མ་གནང་བ་དག་དང་། །གཞི་མི་རུང་དང་བརྩམ་མི་རུང་། །མ་བརྟན་རྩོད་པ་དང་བཅས་སུ། །བྱེད་ན་དགེ་སློང་སྦོམ་ལྟུང་ཐོབ། །སྐྱོན་ཀུན་གྱིས་ནི་རབ་སྨད་པར། །དགེ་འདུན་ལྷག་མར་གྱུར་པ་སྟེ། །སྐྱོན་རྣམས་ཀུན་དང་བྲལ་བ་ཡི། །ས་གཞིར་རྗེས་སུ་བསྔགས་

པ་ཉིད། །ལས་དང་པོ་དང་དེ་བཞིན་སྨྱོས། །འཁྲུགས་དང་ནད་ཀྱིས་གདུངས་པ་ཡིས། །བྱེད་ཀྱང་འདི་ལས་འབྱུང་བ་ཡི། །ལྟུང་བ་ཡོད་པ་མ་ཡིན་ནོ། །གཙུག་ལག་ཁང་ནི་བདག་བཅས་ལའང་། །ཚད་དང་ཆོ་ག་འདི་ཉིད་དེ། །ཆེན་པོ་ཉིད་ཀྱི་ཚད་དུ་ནི། །ནོར་གྱིས་འདིར་ནི་ཤེས་པར་

བྱ། །གཞི་མེད་པའམ་བག་ཙམ་གྱིས། །སྡོམ་བརྩོན་ཉམས་པར་འདོད་ཕྱིར་ནི། །ཕས་ཕམ་པ་ཡིས་སྨད་ན་ནི། །གཉིས་ཀ་དགེ་འདུན་ལྷག་མར་ཤེས། །གང་ཞིག་ཅུང་ཟད་བདེན་པར་སྨྲ། །འདི་ནི་བག་ཙམ་ཡང་དག་གྲགས། །རྒྱུ་མཚན་མེད་པ་གཞི་མེད་ཡིན། །བག་ཙམ་ཉིད་

རབ་བསྟན་པ་ནི། །རབ་དང་བློ་ལྡན་དགེ་སློང་མ། །ཨུཏྤལ་མདོག་ཅན་ཞེས་བྱ་བྱུང་། །རྫིང་བུ་རབ་ཞི་ཞེས་པའི་འགྲམ། །གྱད་ནོར་ཅན་ཡོང་ཉེ་བར་འོངས། །དེ་དང་ཧ་ཅང་མི་རིང་བར། །ས་ལས་སྐྱེས་དང་མཛའ་བོ་གནས། །དེར་ནི་ཆུ་འཐུངས་འོངས་པ་ཡི། །རི་དྭགས་རི་དྭགས་མོ་སྤྱོད་

མཐོང་། །དེ་མཐོང་ས་ལས་སྐྱེས་ཀྱིས་ནི། །མཛའ་བོས་མཛའ་བཤེས་ལ་དྲིས་པ། །མི་ཚངས་སྤྱོད་དང་དགེ་སློང་དང་། །དགེ་སློང་མ་ཡང་མཐོང་ངམ་ཅི། །དེ་ཡིས་མཐོང་ངོ་ཞེས་སྨྲས་ཏེ། །བག་ཙམ་འདི་ཙམ་ལས་བྱུང་བས། །གྱད་ནོར་བདག་གིས་བརླག་བྱ་ཞེས། །དེ་ཡིས་ཁྲོས་ནས་སྨྲས་

Vol. 166 · folio 14b

པར་ཟད། །དེ་ལ་སོགས་པས་ཀུན་བསླང་བའི། །བག་ཙམ་གྱིས་ནི་བྱེ་བྲག་དག །ཡིད་གཅུགས་དམན་པ་དག་གིས་ནི། །དྲན་པར་བྱ་ཕྱིར་གསུངས་པ་ཡིན། །བཞམས་ཏེ་བསྒོ་སོགས་ཆོ་ག་ཡིས། །ལན་གསུམ་བར་དུ་བཟློག་ན་ཡང་། །མི་ཉན་དགེ་འདུན་མཐུན་འབྱེད་ན། །དགེ་འདུན་གྱི་ནི་

ལྷག་མ་ཐོབ། །གསོལ་བ་མ་གཏོགས་བཟློག་པའི་ཚིག །བཞམས་ཏེ་བསྒོ་བ་ཞེས་བྱ་སྟེ། །ཚེ་ལྡན་ཁྱོད་འདིར་མཆོག་གཅིག་ལ། །འདི་མ་བྱེད་ཅེས་རྒྱས་པར་ནི། །གཞམས་ཏེ་བསྒོ་བས་མི་གཏོང་ན། །ལས་ཀྱིས་དེ་ལ་བཀའ་བསྒོ་བྱ། །དེ་ནས་གསོལ་དང་བཞི་ལས་ཏེ། །བྱིས་གང་དེ་ཡི་

གྲོགས་བྱེད་པ། །མཆོག་གཅིག་བསམ་པ་གཅིག་པ་ལས། །དབྱེ་བ་རྣམ་པ་གཉིས་སུ་གནས། །ཐ་དད་དབྱེ་བ་ཡང་ནི་འདིར། །རྣམ་པ་བཅུ་བཞི་དག་ཏུ་བཞེད། །ཆོས་ལ་ཆོས་མ་ཡིན་བརྗོད་དང་། །ཆོས་མིན་ལ་ཡང་ཆོས་སུ་བརྗོད། །འདུལ་བ་དང་ནི་འདུལ་མིན་ཉིད། །བཞི་པོ་དེ་ལ་

སོགས་པ་བརྗོད། །འདི་ལ་དབང་བྱེད་མཁས་པ་ཡིས། །འགྱེད་པ་དང་ནི་མི་གདམས་དང་། །ལྟུང་བ་དང་ནི་བྱ་བ་སྟེ། །རྣམ་པ་བཞིར་ནི་ཤེས་པར་བྱ། །སྣ་ཚོགས་རྩོད་དང་ཚོགས་པ་མེད། །དགེ་འདུན་བསམ་པ་ཐ་དད་པའི། །རྐྱེན་ལ་སོགས་པས་འབྱུང་བ་སྟེ། །རྩོད་པ་ཡི་ནི་དབང་བྱས་

བརྗོད། །ཀུན་ནས་ཉོན་མོངས་པས་ལྟུང་བ། །ཕན་ཚུན་དུ་ནི་མི་གདམས་པ། །དེ་ནི་རྩོད་པ་ལས་བྱུང་བ། །མི་གདམས་པ་ཞེས་བྱ་བར་གྲགས། །ལུས་དང་ངག་ཡིད་ཀྱིས་ཕྱེ་བ། །དེ་ལྟར་ཐ་དད་གཅིག་དང་ནི། །རྣམ་པ་གཉིས་དང་རྣམ་པ་གསུམ། །ལྟུང་བ་ཕྱོགས་ཙམ་བརྗོད་པ་ཡིན། །ཁྱིམ་

གཅིག་དགེ་སློང་བུད་མེད་དང་། །གལ་ཏེ་མི་ཤེས་ལྷན་ཅིག་ཉལ། །ནུབ་གསུམ་བསྙེན་པར་མ་རྫོགས་དང་། །གནས་གཅིག་འདི་ནི་ལུས་ཀྱིའོ། །བུད་མེད་དག་ལ་རྐང་པ་ནི། །ལྔའམ་དྲུག་གིས་ཆོས་སྟོན་ན། །མ་བསམས་པར་ནི་ལྷག་པའི་ཚིག །སྨྲས་པ་ལ་ནི་ངག་གིར་བརྗོད། །

གསོ་སྦྱོང་དུས་ཚེ་དྲིས་ན་ཡང་། །སྐྱོན་ཡོད་སྨྲ་བར་མི་བྱེད་ན། །དེ་ལ་ཡིད་ཀྱི་ལྟུང་བ་ནི། །ཉེས་བྱས་ཉིད་དུ་མཁས་པས་རྟོགས། །ལུས་དང་ཡིད་གཉིས་འབྲེལ་པ་ནི། །ཡང་དག་བསམས་ནས་སྲོག་གཅོད་དང་། །མ་བྱིན་ལེན་དང་ཆང་འཐུང་སོགས། །བརྟེན་པ་ཉིད་ལའང་འདོད་

Vol. 166 · folio 15a

པ་ཡིན། །ཡང་དག་བསམས་ནས་ལྔ་དང་ནི། །དྲུག་ཙམ་སྨྲས་པ་ལྷག་པར་བརྗོད། །ངག་དང་ཡིད་ལས་གྱུར་པ་དེ། །བརྫུན་སྨྲ་སོགས་ལའང་འདོད་པ་ཡིན། །བརྡེག་ཅེས་ཀུན་ནས་བསམས་ནས་ནི། །བརྗོད་དེ་ལུས་ཅན་ལ་བརྡེག་ན། །འདི་ནི་ལུས་དང་ངག་

ཡིད་ཀྱི། །བྱ་བ་རྣམ་པ་གསུམ་པ་ཅན། །དགེ་སློང་ལ་ནི་མི་དགེ་བས། །ལྟུང་བར་འགྱུར་གྱི་སེམས་དག་ན། །མཆོད་རྟེན་སྐུ་ལ་སྐྱེས་པ་ཡི། །རྩྭ་སྔོན་གཅོད་པར་བྱེད་བཞིན་དུ། །ཇི་ལྟར་དགེ་བའི་སེམས་ཀྱིས་ནི། །སྟོན་པ་ལ་ནི་མཆོད་འདོད་པས། །མེ་ཏོག་ཕྲེང་བ་སྤེལ་བའི་ཕྱིར། །

འཐོག་པ་དེ་ལ་དེ་ཙམ་མིན། །མ་བསམས་ཐུབ་པའི་བསླབ་པའམ། །དགེ་འདུན་ནང་ཁྲིམས་དྲལ་གྱུར་ན། །ལུང་མ་བསྟན་པར་གསུངས་པ་སྟེ། །ལྟུང་མེད་དགེ་བ་ནམ་ཡང་མིན། །ཡང་དག་བསམས་ནས་འདས་ན་ནི། །མི་དགེ་བ་ཉིད་ཁོ་ནར་འགྱུར། །འདི་ནི་རྗེས་སུ་མ་གནང་

ཡང་། །སྐབས་འོངས་ཞར་ལ་བརྗོད་པ་ཡིན། །དེ་ལྟར་རྣམ་པ་དུ་མ་ཡི། །ལྟུང་བ་སོ་སོའི་སྒོ་ནས་འདིར། །རྩོད་པའི་དབང་དུ་བྱས་པ་ཡི། །ལྟུང་བ་འདི་ནི་མཁས་པས་གསུངས། །གསོལ་བ་ལ་སོགས་ལས་འདི་དག །རུང་བ་མིན་ཞེས་སྨྲ་བ་རྣམས། །རྩོད་པ་དང་ནི་འཐབ་མོ་ཡང་། །

བྱ་བའི་ཡང་ནི་རྒྱུ་རུ་འདོད། །དགེ་འདུན་འབྱེད་པར་གང་བརྩོན་པའི། །བློ་ཆུང་གིས་ནི་ཉེས་བྱས་ཐོབ། །བཞམས་ཏེ་བསྒོས་ཀྱང་མི་གཏོང་ན། །ཉེས་བྱས་ཉིད་དུ་རྣམ་པར་གཞག །དང་པོ་ཉིད་དུ་གསོལ་བའི་ལས། །བརྗོད་ཚེ་མི་གཏོང་སྦོམ་པོ་ཉིད། །བརྗོད་པ་གཉིས་ལའང་དེ་ཡིན་ཏེ། །མཐར་

ནི་དགེ་འདུན་ལྷག་མ་ཉིད། །སྔ་མའི་བརྗོད་པ་གཉིས་ལ་ནི། །སྦོམ་པོའོ་དེ་རྗེས་དེ་ལ་ནི། །གསུམ་པ་དགེ་འདུན་ལྷག་མ་སྟེ། །དེ་ལྟར་འདི་ནི་ལེགས་པར་བརྟག །གང་ཡང་དེ་རྗེས་འབྲང་བ་ཡི། །དགེ་སློང་སྡིག་ཏོ་ཅན་རྣམས་ཀྱང་། །བཞམས་ཏེ་བསྒོ་སོགས་ཆོ་ག་ཡི། །སྔར་བཞིན་འདི་དག་

ཀུན་ལའང་འགྱུར། །ཁྱིམ་སུན་འབྱིན་པ་ཡིས་ནི་གཞན། །སུན་འབྱིན་པ་ནི་རྣམ་གཉིས་གསུངས། །གཅིག་ནི་འགྲོགས་པས་ཡིན་ཏེ་གཞན། །གཉིས་པ་ཡང་ནི་ལོངས་སྤྱོད་ཀྱིས། །འགྲོགས་པ་བུད་མེད་ལྷན་ཅིག་ཏུ། །རྩེ་འཇོ་འཕྱར་གཡེང་ལ་སོགས་བསྟེན། །ལོངས་སྤྱོད་མེ་ཏོག་

Vol. 166 · folio 15b

འབྲས་བུ་དང་། །བཟའ་བཏུང་ལ་སོགས་ལྷན་ཅིག་བྱེད། །མིག་རྣ་ཡིད་སོགས་ཤེས་པ་ཡི། །མཐོང་བ་ལ་སོགས་རྣམ་གསུམ་འདོད། །བཞམས་བསྒོ་ལ་སོགས་རིམ་བྱས་ཀྱང་། །མི་གཏོང་སྔར་བཞིན་ཉེས་སོགས་ལྟ། །བཀའ་བློ་མི་བདེ་བས་ཀྱང་ནི། །དགེ་འདུན་ལྷག་མའི་ལྟུང་བར་

བསྟན། །བཀའ་བློ་མི་བདེ་ཕན་རྣམས་ལ། །བརྗོད་རུང་མ་ཡིན་ཚིག་སྨྲའོ། །ཕས་ཕམ་ལ་སོགས་གང་ཞིག་བསླབ། །དེ་ནི་བསླབ་པའི་གཞི་ཞེས་བྱ། །ཉར་བསྟན་འདུལ་བར་གང་གསུངས་པ། །འདི་ལ་ཆོས་ལྡན་དགེ་སློང་རྣམས། །གང་ཞིག་སྟོན་པའི་བཀའ་ལ་གཏོགས། །ཆོས་མཐུན་

རྣམས་ཀྱིས་ངེས་པར་བསྒོ། །བཞམས་ཏེ་བསྒོ་བ་ལ་སོགས་ལ། །མི་གཏོང་སྔར་བཞིན་ཉེས་བྱ་སོགས། །བཅུ་གསུམ་འདི་དག་དགེ་འདུན་ལས། །ལྡང་ཕྱིར་དགེ་འདུན་ལྷག་མའོ། །ཕྱི་མ་བཞི་ནི་གསུམ་གྱིས་ཏེ། །སྔ་མ་དགུ་ནི་ཅིག་ཅར་དུ། །མཚོན་པ་ཙམ་དུ་སྦྱར་བ་ཡིས། །དགེ་

འདུན་ལྷག་མར་ངེས་པར་བསྟན། །མ་ངེས་པ་ཡི་ཆོས་གཉིས་ནི། །འདུལ་བ་ལས་གསུངས་རབ་ཏུ་བརྗོད། །དགེ་སློང་འཆར་ཀས་སྦེང་མ་དང་། །ལྷན་ཅིག་ཉེར་གནས་རེག་པ་ལས། །མགོན་པོས་དགེ་འདུན་ཚོགས་དབུས་སུ། །མ་ངེས་དང་པོའི་ཆོས་བཅས་མཛད། །དབེན་གནས་དགེ་

སློང་གཅིག་པུ་ཞིག །བུད་མེད་གཅིག་དང་འདུག་བྱེད་ན། །འདོད་བསྟེན་རུང་ངམ་མི་རུང་ཡང་། །མ་ངེས་གཉིས་པོའི་ཆོས་སུ་བརྗོད། །གང་དུ་གཞན་མེད་འདི་དབེན་ཏེ། །སྐྱབས་ཡོད་ཀྱིས་ཀྱང་རྣམ་པ་ནི། །རྩིག་པ་རིབ་མ་མུན་པ་དང་། །ཡོལ་བ་ཐིབས་པོ་ཞེས་བྱ་ལྔ། །གནས་སུ་

འགྲོ་དང་འདུག་པའམ། །ཉལ་བ་ལ་སོགས་གང་བྱས་ཀྱང་། །དད་པ་ཅན་གྱིས་ཚིག་གིས་ནི། །དགེ་སློང་དེ་ནི་ལྡང་བར་འོས། །ཡང་ན་དེ་དག་འགྲོ་ལ་སོགས། །ཅུང་ཟད་ཙམ་ཡང་མ་གཏོགས་ན། །དེ་ཡི་ངོ་བོ་ཤེས་བྱའི་ཕྱིར། །གསོལ་བའི་ཆོ་ག་སྔོན་འགྲོས་བྱིན། །རབ་ཏུ་བྱུང་

དང་བསྙེན་རྫོགས་དང་། །དེ་ཡིས་གཞན་ལ་ནམ་ཡང་ནི། །གནས་བཅའ་བ་ཡང་མི་སྦྱིན་ཏེ། །གཞན་དང་ལྷན་ཅིག་འཆག་པའང་མིན། །འདུག་སྟན་ལ་སོགས་གཅིག་མི་བྱ། །དེ་ལ་ཆང་འདི་མ་ཤིའི་བར། །བཏུང་བ་ཡོངས་སུ་མ་ཆོད་ཕྱིར། །འདི་དག་མ་ངེས་ཆོས་ཞེས་བརྗོད། །དེ་

Vol. 166 · folio 16a

ལྟར་མ་ངེས་ཆོས་གསུངས་ནས། །དེ་ལས་ཇི་ལྟར་ལྡང་བ་དང་། །གང་ཟག་ལྷག་མ་མང་པོ་ཡི། །མདུན་དུ་རབ་གནས་མཆོག་གིས་སོ། །ཞག་བཅུ་འདས་པར་དགེ་སློང་གིས། །ཆོས་གོས་མ་བརྟགས་འཆང་ན་ནི། །སྤང་བའི་ལྟུང་བྱེད་ས་རྡུལ་གྱིས། །མགོ་བོ་

གཡོགས་པར་བྱེད་པ་ཡིན། །ཆོས་གོས་དྲུབས་དང་ཚོན་བསྒྱུར་བ། །ཆོས་གོས་ཟིན་པར་གྱུར་པ་ན། །ཆོས་གོས་འཛིན་པར་ཁས་ལེན་པ། །འདིར་ནི་བློ་ཡིས་ཁས་བླང་ངོ་། །མུ་བཞི་ཅན་ལ་འདིར་བརྟག་པ། །སྲ་བརྐྱང་དབྱུང་བ་བྱས་ནས་ནི། །ཆོས་གོས་མ་ཟིན་པར་ནི་མིན། །དེ་ལ་སོགས་

པས་རྣམ་པར་གཞག །བལ་གོས་ཤ་ན་ཉི་འོག་དང་། །རས་གོས་དང་ནི་ཟར་མ་དང་། །ཀོ་ཏམ་པ་དང་དུ་གུ་ལ། །ཆོས་གོས་རྒྱུ་ནི་རྣམ་པ་བདུན། །སྤང་བར་འོས་པ་མི་སྤོང་དང་། །ལྟུང་བ་བཤགས་པར་མི་བྱེད་ན། །གལ་ཏེ་ཕྲན་ཚེགས་དེ་འདྲ་ཡང་། །ནུབ་གཅིག་བྲལ་བར་མི་བྱེད་

པ། །རིགས་ཚིགས་གསུམ་པོ་འདི་ལས་ནི། །གཅིག་མ་ཚང་བར་མ་ཡིན་ཏེ། །འདི་དག་མ་ལུས་བྱས་ན་ནི། །ལྟུང་བ་མེད་པར་གསུངས་པ་ཡིན། །གང་ཡང་ལྷུང་བཟེད་དྲ་བ་སོགས། །ཉེ་བར་བསགས་ནས་དེར་ཡང་ནི། །དེ་ཚེ་གཞན་སྐྱེལ་བཤགས་མི་བྱེད། །སྤང་བྱའི་ལྟུང་བ་

ཉིད་དུ་འགྱུར། །གང་འདིར་ཟད་བྱེད་ལྟུང་བ་ནི། །ངེས་པར་སྤངས་ནས་བཤགས་བྱ་སྟེ། །གང་ཕྱིར་གང་གིས་ངན་སོང་དུ། །ལྟུང་ཕྱིར་ལྟུང་བའི་མིང་དུ་བཏགས། །ཆོས་གོས་གསུམ་གྱི་གནས་བྱ་སྟེ། །ཕྱི་རོལ་འདི་དག་མེད་པར་མིན། །གཞན་དུ་དགེ་སློང་ཉེས་བྱས་འགྱུར། །དགེ་འདུན་གྱིས་

གནས་མ་གཏོགས་སོ། །གནས་གཅིག་གཉིས་དང་མང་པོ་ཡིས། །གྲོང་ནི་འོབས་ཀྱིས་བསྐོར་བ་དང་། །རྩིག་པ་རིབ་མའི་ཁོངས་སུ་ཆུད། །ཉེར་སྤྱོད་གཅིག་དང་ཐ་དད་པའོ། །ཉེར་སྤྱོད་སྤོང་བ་སྐྱེད་མོས་ཚལ། །ལྷ་ཡི་གནས་ལ་སོགས་པའོ། །འདི་ལ་ཐུན་མོང་གཅིག་ཉིད་དེ། །ཐ་དད་སྣ་

ཚོགས་ཉེར་སྤྱོད་ཉིད། །རྒྱུན་སྲང་གཅིག་ནི་བཏོད་པ་དག །གནས་གཅིག་པ་ཞེས་བརྗོད་བྱ་སྟེ། །གདོལ་པ་རི་ཁྲོད་པ་ལ་སོགས། །རིགས་གཅིག་པ་ཡི་གནས་བཞིན་ནོ། །རིགས་གཉིས་གང་དུ་བྲམ་ཟེ་དང་། །གདོལ་བ་གནས་པ་གནས་གཉིས་བརྗོད། །སྣ་ཚོགས་རྒྱུན་སྲང་བཏོད་པ་

Vol. 166 · folio 16b

ལ། །མང་པོ་བར་ནི་རབ་ཏུ་གྲགས། །ཉེར་སྤྱོད་ནང་གི་མ་ལུས་དང་། །དེ་ཡི་ཕྱི་རོལ་འདོམ་གང་ཡིན། །ཁྱིམ་བྱ་འཕུར་ཆགས་ཙམ་དག་གམ། །གང་དུ་འཐག་འཚེད་ལ་སོགས་ཚད། །རིགས་དང་ཚོང་ཁང་ཚོང་འདུས་དང་། །ཁང་ཐོག་གཡུལ་ས་མུ་སྟེགས་གནས། །གྲུ་དང་ཤིང་ལྗོན་

ཤིང་རྟ་དང་། །ཀུན་དགའ་ར་གཅིག་སྣ་ཚོགས་སྤྱོད། །སྤུན་རྣམས་མ་ཕྱེ་བ་དང་ནི། །སྐྱེས་བུ་གཅིག་གི་ཡང་ནི་རུང་། །ཇི་ལྟར་རིགས་པར་གསུངས་ཉིད་ཀྱིས། །དེ་ཡི་ཉེར་སྤྱོད་གཅིག་པ་ཡིན། །འདི་ཡི་ཉེར་སྤྱོད་སྔ་མ་ལྟར། །ཉེར་སྤྱོད་སྣ་ཚོགས་པ་ཡང་ནི། །གང་དུ་འདི་དག་གི་ནི་སྒོ། །

ཐ་དད་པའམ་ཐུན་མོང་བརྗོད། །མང་པོ་ཡང་ནི་རིགས་བཞིན་དུ། །ཚོང་ཁང་ལ་སོགས་འདོད་པ་ཡིན། །ཉེར་སྤྱོད་ཚུལ་ནི་མ་ལུས་པ། །གཅིག་དང་སྣ་ཚོགས་དག་ཏུ་དབྱེ། །ཉེར་སྤྱོད་གཅིག་དང་སྣ་ཚོགས་སུ། །མུ་སྟེགས་ལྟ་བས་ཕྱེ་བ་སྟེ། །གང་དུ་ཕྱི་རོལ་སྤྱོད་པ་ཡིས། །གནས་པ་

གཡང་གཞི་ཅན་ལ་སོགས། །འཁོར་ལོས་སྤྱོད་པ་ལ་སོགས་ཁྱིམ། །ཐུན་མོང་སྔགས་ཀྱི་ཁྱིམ་ཀུན་ཏེ། །གང་དུ་ཕྱི་རོལ་རྔ་ཟླུམ་དང་། །གླིང་བུ་ལ་སོགས་འགྲེམས་པའོ། །ཕན་ཚུན་ཡལ་ག་མ་བྲལ་ན། །ཤིང་སྡོང་ཀུན་སྤྱོད་གཅིག་ཡིན་ཏེ། །ཕྱི་རོལ་ཉེ་འཁོར་ཕྱེད་གྲིབ་པམ། །གང་

དུ་ཐིགས་པས་སླེབས་པའོ། །གང་དུ་ཉེར་སྤྱོད་གཅིག་པ་དེར། །ཆོས་གོས་གསུམ་ནི་ཉེར་བཞག་ནས། །གཞན་དུ་དགེ་སློང་ཉལ་གྱུར་ཀྱང་། །ལྟུང་བ་བསྐྱེད་པར་འགྱུར་མ་ཡིན། །ལྷ་རྟེན་དག་ལ་སོགས་པ་ཡི། །ཐུན་མོང་སྒོ་དྲུག་དག་ཏུ་གོས། །སྦས་ནས་གཞན་དུ་འདུག་ན་ཡང་། །

ཟད་བྱེད་ལྟུང་བར་ལྡན་མ་ཡིན། །འདོམ་ནི་བཞི་བཅུ་རྩ་དགུའི་བར། །ཆོས་གོས་གསུམ་དང་བཞི་གཅིག་ཏུ། །ཉེར་སྤྱོད་དག་ཏུ་སོང་བ་ན། །འདུག་འགྲེང་འབྲལ་བ་མ་ཡིན་ནོ། །ཆོས་གོས་ཡང་དག་ཡོད་ན་ཡང་། །གཞན་དག་བསྒྲུབ་པར་འདོད་པ་ཡིས། །བྱིན་གྱིས་མ་བརླབས་མ་

བརྟགས་པར། །ཟླ་བ་ལས་ལྷག་གཞན་མི་བྱ། །སྨིན་དྲུག་ནས་ནི་ཁྲ་ཡི་བར། །དུས་ཀྱི་གོས་ནི་རྣམ་པར་སྤྱད། །དེ་ལས་གང་ལྷག་དུས་མིན་ཏེ། །ཉེ་དུ་སོགས་ལ་ཡིད་བརྟན་བྱ། །དུར་ཁྲོད་པ་དང་མི་ཤེས་དང་། །ཤེས་པ་ཉིད་ཀྱིས་ཆོས་གོས་དང་། །སོང་དང་སོང་བ་མ་ཡིན་དང་། །

Vol. 166 · folio 17a

ཕྱག་དར་ཁྲོད་ནི་ལྔ་པ་ཡིན། །དུར་ཁྲོད་པ་ནི་དུར་ཁྲོད་སྤྱོད། །སྦྱིན་པོ་མི་ཤེས་ཤེས་པ་ཉིད། །སོང་བ་རོ་ཡི་གོས་ལ་སོགས། །ཕྱག་དར་ཁྲོད་ནི་བོར་བའོ། །རྡུལ་གྱིས་སྦགས་དང་དགོན་པ་དང་། །སྲང་བོར་མེ་ཡིས་ཚིག་པ་དང་། །མི་གཙང་གིས་གོས་ཕྱག་དར་

ཁྲོད། །རྣམ་པ་ལྔར་ནི་ཤེས་པར་བྱ། །མེ་ཡིས་ཚིག་དང་ཆུ་ལ་བོར། །དེ་བཞིན་ཕ་མས་བྱིན་པ་ཉིད། །བྱི་བའི་སོ་ཡིས་འཆོས་པ་དང་། །དེ་བཞིན་བེའུས་ཟོས་པའོ། །གསར་པ་དང་ནི་ལོངས་སྤྱོད་བཟོད། །ཆོས་གོས་རྣམ་པ་གཉིས་སུ་འདོད། །དེ་ཡི་ཆོ་ག་ཇི་སྐད་བཤད། །དེ་བཞིན་

འདིར་ནི་མངོན་པར་བརྗོད། །གསར་པའི་གོས་ལ་འདི་བྱ་སྟེ། །ཐོག་མར་སྣམ་སྦྱར་ཉིས་རིམ་དྲུབ། །དེ་བཞིན་དུ་ནི་གདིང་བ་སྟེ། །ཆོས་གོས་གཞན་ལ་ནམ་ཡང་མིན། །ཟླ་བ་བཞི་སོགས་ལོངས་སྤྱད་པའི། །གོས་དེ་སྡོམ་བརྩོན་གྱིས་རྟོགས་ན། །སྣམ་སྦྱར་ལ་ནི་བཞི་རིམ་སྟེ། གཞན་

དག་ལ་ནི་ཉིས་རིམ་བྱ། །དེ་ལས་ལྷག་པ་མི་སྦྱར་ཏེ། །རིམ་པ་དེ་ལ་སྦྱར་བྱ་ཡང་། །བཟོ་འཕྲོར་གྱུར་ཏེ་བཞག་པ་ནི། །ཞག་བཅུའི་བར་དུ་རུང་བ་ཡིན། །སྣམ་སྦྱར་རྣམས་ཀྱི་ཚལ་བུ་ནི། །སྣྲལ་ཞི་བྱའོ་དགུ་ཚོགས་དགུ། །སྣམ་ཕྲན་ཉི་ཤུ་རྩ་ལྔའི་བར། །དེ་དག་དབྱེ་བ་ངེས་

པར་བསྟན། །གླེགས་བུ་ཕྱེད་དང་གསུམ་པ་གསུམ། །གསུམ་ནི་གླེགས་བུ་ཕྱེད་དང་བཞི། །ཐ་མ་གསུམ་གསུམ་གླེགས་བུ་ནི། །ཕྱེད་དང་ལྔ་པར་བྱ་བ་ཡིན། །སྡེ་ཚན་གསུམ་པོ་འདི་དག་གིས། །སྣམ་སྦྱར་ཞེས་བྱར་གསུངས་པ་སྟེ། །དེ་དག་ཚད་ནི་ངེས་བསྟན་པ། །དང་པོ་ཁྲུ་ནི་

ལྔ་དང་གསུམ། །ཐ་མ་ཕྱེད་དང་གསུམ་དང་ལྔ། །དེ་གཉིས་བར་ནི་བར་མ་ཡིན། །དེ་བཞིན་བླ་གོས་ཉིད་ང་སྟེ། །ལྔ་དང་གསུམ་པར་གསུངས་པ་ཡིན། །གཉིས་ལྔ་གཉིས་ནི་བཞི་པ་དང་། །ལྔ་པ་ཡང་ནི་མཐང་གོས་ཡིན། །གལ་ཏེ་དེ་དག་མ་འབྱོར་ན། །རྗེས་བཟུང་དོན་དུ་འཁོར་

གསུམ་ཁེབས། །སྤྱིར་ན་རང་བཞིན་ཚད་རྣམས་ལ། །ཁྲུ་ཡི་ཚད་དུ་གཞག་པ་ཡིན། །ཤིན་ཏུ་རིང་དང་ཐུང་བ་ལ། །ལུས་ཀྱི་ཚད་དུ་འདོད་པ་ཡིན། །དང་པོ་ཐ་མ་དག་དང་དབུས། །ཚལ་བུའི་སྒོ་ནི་གསུམ་དུ་བརྗོད། །དེ་ཡི་སོར་ནི་བཞི་དང་གཉིས། །དེ་ཡི་བར་མ་རིམ་པ་བཞིན། །ཁྲུ་ཡི་ཚད་

Vol. 166 · folio 17b

ལས་ཆུང་བ་ལ། །བྱིན་རླབས་ཡིད་བརྟན་མི་དགོས་སོ། །སྤུ་ཅན་ལ་ཡང་དེ་བཞིན་ཏེ། །དེ་གྱོན་གྲོང་དུ་འཇུག་མི་བྱ། །དགེ་འདུན་ལྷན་ཅིག་ཟན་མི་ཟ། །མཆོད་རྟེན་ལ་ཡང་ཕྱག་མི་བྱ། །འདི་ནི་སྦྱིན་བདག་གིའོ་ཞེས། །ཡོངས་སུ་བརྟགས་ནས་བཅད་པར་བྱ། །མ་དྲས་ཆོས་གོས་གྱོན་ནས་

ནི། །གྲོང་དུ་འཇུག་པར་མི་བྱ་སྟེ། །འཇུག་ན་ངེས་པར་དགེ་སློང་དག །ཉེས་བྱས་འགྱུར་ཏེ་མེད་མ་གཏོགས། །མི་མཐུན་བྱེད་དང་འཁྲུག་ལོང་ཅན། །མུ་ཅོར་སྨྲ་དང་གཏུམ་པོ་དང་། །འགྲོ་བར་འདོད་དང་འགྲོ་བ་ལ། །མཁས་པས་ཡིད་བརྟན་ཕྱིར་མི་གཞག །གལ་ཏེ་ཡིད་ཆེས་དགེ་སློང་

ཞིག །ཆུ་ཡི་ཕ་རོལ་གནས་ན་ཡང་། །དེ་ཕྱིར་དེ་ལ་ཆོས་གོས་ཀྱི། །ཡིད་བརྟན་བྱ་བར་གསུངས་པ་ཡིན། །གཞན་དེར་གནས་པའི་དགེ་སློང་དག །ཤི་བར་ཤེས་ན་ཆོས་གོས་ནི། །སླར་ཡང་དགེ་སློང་གཞན་ཞིག་གི །མིང་གི་ཡིད་བརྟན་བྱ་བ་ཡིན། །ཆོས་གོས་ཡིད་བརྟན་བྱ་བ་

འདིར། །མི་རྟག་ལ་མིན་མངོན་སུམ་མིན། །དེ་བཞིན་དགེ་ཚུལ་རྣམས་ལ་ཡང་། །ཆོས་གོས་ཡིད་བརྟན་བྱ་བ་མིན། །གང་དག་གཞན་གྱིས་གཏད་ནས་ནི། །ཆོས་གོས་བྱིན་གྱིས་བརླབ་པ་ན། །ད་ཤི་ན་ཡང་དགེ་སློང་ངེས། །དགེ་འདུན་ལ་ནི་དབུལ་བར་བྱ། །ཆོས་གོས་གང་བརྟགས་དེ་ཡི་

མཐར། །སྣག་ཚ་ལ་སོགས་ཐིག་ལེ་བྱ། །བྱེ་བྲག་བདག་གི་མཚན་མ་ཡང་། །ཁྱད་པར་རྟོགས་པར་བྱ་བ་ཉིད། །བར་མ་ལས་ནི་ཡོ་བྱད་དྲུག །དེ་ཉིད་ནད་གཡོག་ལ་ཕྱིན་ནས། །ཤི་བའི་ཡོ་བྱད་ལྷག་མ་ནི། །དགེ་འདུན་བསོད་ནམས་འགྲུབ་ཕྱིར་བགོ། །ཆོས་གོས་དྲས་པ་གསུམ་དང་

ནི། །རྔུལ་གཟན་ཤམ་ཐབས་གཉིས་གཉིས་ཏེ། །གཡན་པ་དགབ་དང་གདིང་བ་དང་། །རས་ཆེན་དང་ནི་སྐྲ་བཟེད་དང་། །གདོང་དང་ལག་པ་ཕྱི་བ་སྟེ། །འདི་དག་བཅུ་གསུམ་དབྱེ་བར་འདོད། །ཆོས་གོས་ལྷག་སོགས་ཡོ་བྱད་རྣམས། །འཚོ་བའི་ཡོ་བྱད་བཅུ་གསུམ་པོ། །དགེ་སློང་ཆོས་གོས་

རྣམས་ལ་ནི། །འཆང་བའི་ཚུལ་ནི་འདི་ཡིན་ཏེ། །ངེས་པར་བྱིན་གྱིས་བརླབ་པ་དང་། །དེ་ལས་གཞན་པ་ཡིད་བརྟན་བྱ། །རྔུལ་གཟན་མཐང་གོས་མེད་པར་ནི། །ཆོས་གོས་ཆེན་པོ་ལོངས་མི་སྤྱོད། །གང་ཕྱིར་ལོངས་སྤྱོད་ཤེས་པ་ཡིས། །ཕལ་བ་ཡང་ནི་བགོ་བར་བྱ། །ཁ་བསྒྱུར་འོས་པ་ཁ་

Vol. 166 · folio 18a

བསྒྱུར་ཞིང་། །དྲུབ་པར་འོས་པ་དྲུབ་པ་དང་། །བྱིན་རླབས་འོས་པ་བྱིན་གྱིས་བརླབ། །བརྟག་པར་འོས་པ་ཡིད་བརྟན་བྱ། །སྔོན་པོ་བཙག་དང་ངུར་སྨྲིག་རྩི། །འདི་དག་རུང་བའི་ཚོན་གསུམ་སྟེ། །ཚོན་ཆེན་དག་གི་ཆོས་གོས་ནི། །ཁ་བསྒྱུར་བྱེད་པ་བཀག་པ་ཡིན། །རྒྱ་

སྐྱེགས་ལེ་བརྒན་རྩི་དང་བཙོད། །རྨ་ཤིང་རྩི་དང་མཐིང་ཤིང་མཚལ། །སིནྡུ་ར་དང་གུར་གུམ་སྟེ། །འདི་དག་ཚོན་ཆེན་བརྒྱད་དུ་འདོད། །སེང་བ་ཕྲུག་དང་ཕྱིང་པ་དང་། །ལ་བ་ཤིན་ཏུ་མཐུག་པོ་དག །འདི་དག་ཆོས་གོས་འདོད་པ་ཡིས། །དྲ་བར་བྱ་བ་མ་ཡིན་ནོ། །སྤུ་ཅན་རྣམ་པར་སྤངས་ནས་

ནི། །བརྟུལ་ཞུགས་ཅན་གྱི་ནང་ཤུན་བྱ། །གདིང་བ་ལ་ནི་དྲ་མི་དགོས། །རྟག་ཏུ་འབྲལ་བ་ཡང་ནི་མེད། །སྣམ་སྦྱར་ངེས་པར་དྲས་ཏེ་བཅང་། །གཞན་དག་མ་ངེས་གང་གི་ཕྱིར། །འདོད་ཆུང་རང་གི་ཆོས་གོས་ཀྱི། །ལས་ཀྱིས་སྐྱོ་བ་སྐྱེད་ཕྱིར་རོ། །ལྔ་པ་ཤམ་ཐབས་གྱོན་ནས་ནི། །བྱ་བ་མཐའ་དག་

བྱེད་པར་རུང་། །བླ་གོས་ས་ཕྱོགས་གཙང་མར་ནི། །ལས་ཡོངས་བྱེད་ན་བཀག་པ་མེད། །སྣམ་སྦྱར་དགེ་སློང་འདུས་པ་དང་། །ཟས་དང་མཆོད་རྟེན་ཕྱག་བྱེད་དང་། །གྲོང་སོགས་འཇུག་ལ་བགོ་བྱ་ཡི། །གཞན་དག་ཏུ་ནི་བཀག་པ་ཡིན། །ལ་བ་ཕྲུག་དང་ཕྱིང་བ་དང་། །རྔ་མོའི་ལ་བ་དག་དང་

ནི། །ཆོས་གོས་ཉིས་རིམ་གྱོན་པ་ནི། །མི་གཙང་ཕྱོགས་སུ་བཀག་པ་ཡིན། །མ་གཡོགས་གནས་མལ་མི་རུང་ཕྱིར། །གཞན་མེད་བླ་གོས་བཞི་བལྟབ་ཏུ། །བྱས་ཏེ་བཏིང་ནས་དྲན་ལྡན་པས། །ལྡང་བ་ཡང་ཞིང་ཉལ་བར་བྱ། །གཞན་དུ་ཆོས་གོས་མ་ཁྱེར་བར། །གནས་ན་གཞན་

གྱི་དཀར་པོའམ། །དྲས་པ་མ་ཡིན་ན་ཡང་རུང་། །བྱིན་གྱིས་བརླབ་པར་བྱ་བ་ཉིད། །ཟས་ལ་ནད་པ་མ་གཏོགས་པར། །གོས་གཅིག་པ་ནི་བཀག་པ་ཡིན། །སྡོམ་བརྩོན་བགོ་བ་མེད་པར་ནི། །ཁྲུས་བྱེད་བཀག་གོ་མེད་ན་རུང་། །མང་པོས་བླངས་ན་ལ་བ་སོགས། །གཅིག་རྙེད་པ་ནི་ཀུན་གྱིས་

སྤྱད། །རྗེས་སུ་གནང་བ་མ་གཏོགས་པར། །གཅིག་པུས་བདག་གིར་མི་བྱའོ། །ཁ་མ་བསྒྱུར་བར་ཉིན་མོ་ནི། །ཕྱི་རོལ་ངུར་སྨྲིག་ངེས་པར་གཡོགས། །དགེ་འདུན་གོས་ནི་དྲན་བཞིན་དུ། །གཉིས་ཀ་ནས་གཡོགས་སྤྱད་པར་བྱ། །ལ་བའི་སྤུ་ནི་ཕྱིར་བསྟན་ནས། །གྱོན་ཏེ་བཅག་པར་མི་

Vol. 166 · folio 18b

བྱའོ། །སྲིན་སོགས་འཇིགས་པས་འདུག་པ་དང་། །ཉལ་བ་རྗེས་སུ་གནང་བ་ཉིད། །དགེ་འདུན་རྣམས་ལ་བེའུ་ཕྲུག་རེ། །རྗེས་སུ་གནང་ངོ་གང་ཟག་ལའང་། །པར་སིག་ལ་བ་དགེ་འདུན་ལ། །ལ་བ་གཞན་ནི་གང་ཟག་ལའང་། །རྗེས་གནང་ཀུན་ཀྱང་ལ་བ་སྟེ། །འོན་ཀྱང་པར་སིག་ཡུལ་ནས་

བྱུང་། །དེ་ནི་པར་སིག་ལ་བའོ། །སྨད་གཡོགས་བསྡམས་པའི་དོན་དུ་ནི། །སྐ་རགས་ཀྱང་ནི་རུང་བ་ཡིན། །ལྟེབ་མ་དང་ནི་ཤུར་བུ་ཉིད། །གསུམ་པ་ཤུར་བུ་ཕྲེའུ་ཉིད། །རང་གི་བཟང་པོ་གང་གྱུར་པ། །ཐམས་ཅད་དགེ་འདུན་ཉིད་ཕྱིར་སྤྱད། །གདིང་གཡོགས་དག་ནི་མེད་པར་ཡང་། །

ནམ་ཡང་མལ་སྟན་ལོངས་མི་སྤྱད། །དག་པར་བྱ་ཕྱིར་ཤམ་ཐབས་ནི། །བཙོ་བླག་མཁན་ལ་འཁྲུར་མི་གཞུག །བརྩེ་ལྡན་རང་ངམ་གཞན་གྱིས་ཀྱང་། །སྣོད་ཀྱི་ནང་དུ་དལ་བུས་བཀྲུ། །བཙོ་བླག་མཁན་གྱིས་བརྩེ་མེད་པར། །གོས་དག་དྲག་ཏུ་སྤྲུགས་བརྡབས་ན། །ཚགས་སྲན་ཟད་

པར་བྱེད་པའི་ཕྱིར། །བསྟན་བཅོས་ལས་ནི་རབ་ཏུ་བཀག །ཚུལ་ལྡན་ཇི་སྲིད་ལེགས་པར་ནི། །ཆོས་གོས་ལ་སོགས་ལོངས་སྤྱོད་པ། །དེ་སྲིད་རྒྱུན་མི་འཆད་པར་ནི། །སྦྱིན་བདག་རྣམས་ཀྱི་བསོད་ནམས་འཕེལ། །བསྲུང་བའི་དོན་དུ་སྐྲ་བཟེད་ནི། །ཞེང་དུ་ཁྲུ་ནི་ཕྱེད་དང་གཉིས། །སྲིད་དུ་ཁྲུ་ནི་

གསུམ་ཡིན་ཏེ། །ལྷག་པ་བརྟག་པར་མི་བྱའོ། །གལ་ཏེ་ཆོས་གོས་འཚེར་བག་ཅན། །གཞན་ལས་དགེ་སློང་གིས་རྙེད་ན། །འཚེར་བག་ཆུ་ཡིས་ཉམས་བྱས་ནས། །ཡོངས་སུ་སྤྱད་དོ་གཞན་དུ་མིན། །འཚེར་བག་དང་བཅས་འཇམ་པོ་ཡི། །ཆོས་གོས་བཅང་བར་མི་བྱ་སྟེ། །འཆང་བར་

བྱེད་ན་དེ་དག་ལ། །ངེས་པར་འགལ་ཚབས་ཅན་དུ་འགྱུར། །མཛེས་མས་ཆོས་གོས་འཚེར་བག་ཅན། །མཛེས་དགའ་ལ་ནི་ནན་གྱིས་བྱིན། །དེ་ལ་ཀུན་ནས་ཆགས་སྐྱེས་པས། །དེ་ཕྱིར་བསྟན་བཅོས་ཆེ་ལས་བཀག །གང་དེས་ཡོངས་སུ་ལོངས་སྤྱད་པར། །བཟོད་པའི་གོས་གཞན་ཡོད་མིན་ན། །

རྔུལ་གྱིས་འཇིགས་པས་སྣམ་སྦྱར་ལ། །རྔུལ་གཟན་བལྟབས་ནས་བཅང་བྱ་སྟེ། །ཞེང་དུ་མཐོ་གང་སྲིད་དུ་ཁྲུ། །ཕྱེད་དང་དོ་ལས་ལྷག་མི་བྱ། །སྣམ་སྦྱར་ཡོངས་སུ་སྲུང་བྱེད་པ། །བཙག་ཡུག་རྣམས་ཀྱིས་ཁ་བསྒྱུར་བྱ། །ཁྱད་པར་དུ་ཡང་བླ་གོས་ཀྱི། །ཐ་མ་ཡོངས་སུ་ཟེགས་པ་ན། །

Vol. 166 · folio 19a

སྨྱུང་ཚེམས་ལ་སོགས་ཡང་དག་སྒྲུབ། །ཁབ་ཀྱི་ལས་ཀྱང་རྗེས་སུ་གནང་། །ཕྱག་དར་ཁྲོད་ལ་དགའ་ཆེས་པས། །བསམས་ནས་དྲལ་བར་མི་བྱ་སྟེ། །ནམ་ཡང་ཆོས་གོས་དོན་དུ་ཡང་། །རྨ་མེད་རོ་ལས་མི་བླང་ངོ་། །སྲིན་བུ་སོགས་ཀྱིས་རྨ་གཏོད་ཀྱང་། །རང་

གནས་ཞག་བདུན་བཞག་ནས་ནི། །དུར་ཁྲོད་པ་ཡི་དགེ་སློང་གིས། །བཀྲུས་ཏེ་ཁ་བསྒྱུར་བཅང་བར་བྱ། །དགེ་འདུན་གྱི་ནི་མལ་ཆ་དང་། །སྟན་ནི་དེ་ལ་བཀག་པ་ཡིན། །དགེ་སློང་ཁྱིམ་དུ་མི་འཇུག་སྟེ། །སྒོ་དྲུང་བསོད་སྙོམས་བླང་བར་བྱ། །སྟན་སོགས་འདུག་པར་འབོད་པ་ན། །དུར་

ཁྲོད་པ་ཞེས་གོ་བྱས་ནས། །གནང་ཕྱིར་ཁྱིམ་དུ་ཞུགས་ནས་ནི། །སྟན་ལ་འདུག་པ་ལ་སོགས་བྱ། །མཆོད་རྟེན་དག་ལ་ཕྱག་བྱེད་ཚེ། །འདོམ་གང་ནང་དུ་དོར་བྱས་ཏེ། །ཉ་དང་ཤ་སོགས་མི་བཟའ་ཞིང་། །དེར་ནི་གནས་ཁང་བརྩིག་མི་བྱ། །ཁ་མ་བསྒྱུར་དང་ཁ་ཚར་ཅན། །བེའུ་རས་

སོགས་དགེ་འདུན་རུང་། །ཚོན་ཅན་རྒྱལ་བྱེད་ཚལ་ཕུལ་བས། །དེས་ན་བེའུ་རས་སོགས་བཀག །སྤང་བར་བྱ་བའི་དངོས་གང་རུང་། །དེ་ནི་དགེ་འདུན་ལ་མིན་ཏེ། །གང་གཞན་ཕྱིས་ནི་སྟེར་བ་ཡི། །གཞུང་ལུགས་ཤེས་པ་དག་ལ་སྤང་། །མི་ཤེས་བཞིན་དུ་ཆགས་བཅས་གང་། །

སྤངས་ནས་ཟློག་པར་མི་བྱེད་ཅིང་། །ལེགས་བསྒོ་བྱས་ཀྱང་མི་སྟེར་ན། །དེ་ལ་སྟོབས་ཀྱིས་དབོག་པར་བྱ། །འཆར་ཀའི་ཁུ་བའི་ཐིགས་པ་གང་། །གོས་ལ་བབས་མཐོང་སྦེད་མ་ཡི། །ཆགས་ཁྱེར་བུ་ཡི་རྒྱུར་གྱུར་པས། །དེ་ཡིས་ཀུན་བསླང་འདི་རབ་བཅས། །དགེ་སློང་གང་ཞིག་ཉེ་དུ་

མིན། །དགེ་སློང་མ་ལ་གོས་འཁྲུ་དང་། །འཚེད་དང་འཆག་པར་བྱེད་པ་ནི། །ངེས་པར་ལྟུང་བ་དང་ནི་ལྡན། །འཁྲུ་བ་ལ་སོགས་བྱེད་འཇུག་ན། །གཅིག་གིས་ཀྱང་ནི་ཉེ་བར་འཇོམས། །ཐེ་ཚོམ་ཟ་ན་ཉེ་དུ་ལའང་། །ཉེས་བྱས་དྲི་མར་ཡོངས་སུ་བསྒྲགས། །ཕ་དང་མ་དང་མ་ཡི་ཕ། །ཉེ་བར་

བཟུང་སྟེ་བདུན་བརྒྱུད་ནི། །མཁྱེན་ཆེན་གྱིས་ནི་ཉེ་དུར་གསུངས། །དེ་ལས་གཞན་ནི་གཉེན་མི་ཉིད། །ཚོས་ཁུ་དངས་མ་ལ་སོགས་པ། །རེ་རེ་ལ་ཡང་འོག་གཞི་གདིང་། །བསླབ་པའི་གཞི་ནི་ཉམས་བྱེད་པས། །དགེ་སློང་ལ་ནི་ལྟུང་བར་འགྱུར། །དགེ་སློང་གང་ཞིག་ཉེ་དུ་མིན། །དགེ་སློང་མ་

Vol. 166 · folio 19b

ལས་བསམས་བཞིན་དུ། །ཆོས་གོས་གང་རུང་ལེན་བྱེད་ན། །དེ་ཡི་བསླབ་གཞི་ཉམས་པར་བྱས། །འདི་ལ་སླར་སྦྱིན་དབྲོག་མི་བྱ། །བརྗེ་བ་ལ་ནི་ཉེས་པ་མེད། །ཇི་སྟེ་བརྗེ་ན་མཉམ་པོས་སམ། །དགེ་སློང་མ་ཡི་འདོད་པ་བཞིན། །རྒྱ་ཆེན་ནོར་ལྡན་དགེ་སློང་མས། །གལ་ཏེ་འབུལ་ན་ཉེས་

པ་མེད། །དེ་བཞིན་ལེགས་གསུངས་བསྙེན་རྫོགས་བྱེད། །བོར་རླག་གྱུར་དང་དབུས་ཡང་ངོ་། །དགེ་སློང་ཆོས་གོས་གསུམ་ཡོད་པས། །ཉེ་དུ་མ་ཡིན་ཁྱིམ་བདག་དང་། །དེ་ཡི་བདག་མོ་ལས་ཀྱང་རུང་། །ཆོས་གོས་ནམ་ཡང་མི་བླང་ངོ་། །

ཀུན་དུ་སྐྱེས་པ་ཁྱིམ་བདག་སྟེ། །དེ་ཡི་བདག་མོར་བུད་མེད་བརྗོད། །བོར་རླག་བྱུང་སོགས་སློང་བ་ནི། །འདི་ལ་ཉེས་པ་མེད་པར་བརྗོད། །དབུལ་པོ་ལ་ནི་བསླངས་པ་ཡིས། །ཁ་ཚར་ལ་སོགས་ཐོབ་པ་དང་། །གར་མཁན་ལ་སོགས་པ་ཡི་གོས། །

བཟང་པོ་ལ་ཡང་ཉེས་པ་མེད། །ཆོས་གོས་ཕྲོགས་པ་ལ་སོགས་ཀྱིས། །མང་པོ་རྙེད་པར་གྱུར་ན་ཡང་། །དྲན་པས་སྟོད་གཡོགས་སྨད་གཡོགས་ལས། །ལྷག་པར་བླང་བར་མི་བྱའོ། །ཁྲུ་ནི་བཅུ་གཉིས་སྟོད་གཡོགས་གོས། །སྨད་གཡོགས་ཡང་ནི་བདུན་དང་གཉིས། །

རེ་ཞིག་འདི་ནི་འཇིག་རྟེན་པའི། །སྟོད་གཡོགས་སྨད་གཡོགས་ཞེས་སུ་གསུངས། །ཁྲུ་ནི་ལྔ་གསུམ་སྣམ་སྦྱར་ཏེ། །ཉིས་རིམ་སྟོད་གཡོགས་དག་ཀྱང་ངོ་། །ཁྲུ་ནི་ལྔ་དང་གཉིས་པོ་དག། །རེ་ཞིག་བསྟན་པའི་སྨད་གཡོགས་སོ། །བསླངས་ནས་དངོས་པོ་ལྷག་པ་དག །གལ་ཏེ་ག་ཤེད་

ནས་ནི་རྙེད། །དེ་ནི་གོ་བྱས་བཟློག་བྱས་ཏེ། །རྗེས་སུ་གནང་ན་བླང་བར་བྱ། །ཁྱིམ་བདག་མོ་འམ་ཁྱིམ་བདག་གིས། །གོས་ཀྱི་རིན་ནི་སྤགས་ན་དེར། །དགེ་སློང་རྣམ་པར་རྟོག་བཞིན་དུ། །སློང་ན་དེ་ནི་ལྟུང་དང་བཅས། །སྔར་བཞིན་ཉེ་དུ་མིན་ཞེས་བྱ། །ཆོས་གོས་རྣམ་པ་བདུན་པོ་

དག །ཡོངས་སུ་སྤྱད་པར་བཟོད་པ་ཡིས། །གོས་དེ་རུང་བ་ཞེས་བྱའོ། །རིན་སྤགས་པ་ཞེས་བྱ་བ་ནི། །གསེར་ལ་སོགས་པ་མ་སྨོས་ཤིང་། །མགྲོན་དུ་མ་བོས་ཞེས་པ་སྟེ། །བརྟག་བཏུང་དྲན་པར་བརྗོད་པའོ། །ལྔ་དང་བཅུ་པའི་རིན་དག་གིས། །ཉོས་ལ་བྱིན་ཞེས་རྗོད་བྱེད་ཅིང་། །

Vol. 166 · folio 20a

སྔོན་པོ་སོགས་ཀྱི་ཁ་དོག་སྟེ། །ཁྲུ་ཡི་ཚད་ཀྱིས་ཁྲུ་ཉིད་དོ། །རིན་ལ་སོགས་པ་གསུམ་དག་གིས། །སློང་བའི་ཚེ་ན་ཉེས་བྱས་ཏེ། །ཐོབ་ན་སྤང་བའི་ལྟུང་བར་འགྱུར། །མ་བསླངས་ན་ནི་མ་ཡིན་ནོ། །ཆོས་གོས་ཕྲོགས་པ་ལ་སོགས་པས། །གང་ཡང་རུང་

བ་བླང་བྱ་སྟེ། །དགེ་སློང་རྟགས་ཀྱིས་ལུས་ལ་འདིར། །མ་གཡོགས་ནམ་ཡང་མཛེས་མ་ཡིན། །སོ་སོར་དཔག་པ་ལ་ཡང་ནི། །ཐམས་ཅད་སྔར་བཞིན་ཁོ་ན་སྟེ། །ཇི་ལྟར་བྱས་པས་ལྟུང་བ་དང་། །ལྟུང་བ་མེད་པ་ཡང་ནི་གྲགས། །བདག་ཅག་མི་རུང་གནས་བརྗོད་ནས། །ཕོ་ཉ་ལས་

ནི་རིན་མི་བླང་། །ལེགས་སྦྱིན་ཆོས་གོས་བདག་ཅག་རུང་། །ཞལ་ཏ་ཕོ་ཉ་དེ་ལ་བརྗོད། །དེ་ཡིས་གང་ཚེ་ཆོས་གོས་རིན། །ཞལ་ཏ་བྱེད་ལ་གཏད་པ་ན། །དགེ་སློང་ཆོས་གོས་དོན་གཉེར་དེས། །ལན་དྲུག་བར་དུ་དྲན་པར་བྱ། །དེར་ནི་མངོན་པར་གྲུབ་ན་ནི། །དེར་ནི་བླང་བར་རུང་བ་ཉིད། །

དེ་ལས་ལྷག་པར་བརྩོན་བྱེད་ན། །ལྟུང་བའི་ཚང་ཚིང་ནང་དུ་ལྟུང་། །འདི་ལ་ལན་དྲུག་བསྐུལ་ནས་ནི། །རང་ཉིད་འོངས་ནས་སྟེར་བྱེད་ན། །དགེ་སློང་གིས་ནི་འདི་སྐད་བརྗོད། །བདག་གིས་འདི་སྤངས་དགོས་པ་མེད། །དེ་ལྟ་ན་ཡང་གལ་ཏེ་དེ། །ཤིན་ཏུ་ཕྱག་སོགས་སྔོན་འགྲོ་བས། །སྟེར་ན་

དགེ་སློང་ལེན་པ་ལ། །ལྟུང་བ་མེད་པར་གསུངས་པ་ཡིན། །བུད་མེད་དང་ནི་རྒྱལ་སྲིད་ལ། །དབང་བསྐུར་གྱུར་ཏམ་བྲམ་ཟེའམ། །རྒྱལ་པོའི་གནང་ཆེན་པ་ལ་གཏོགས། །བློན་པོའམ་དམག་དཔོན་ལ་སོགས་འདོད། །འདུག་ས་ཚོང་ཁང་ཆུ་གནས་དང་། །འབོད་གནས་དང་ནི་ཁྱིམ་གནས་སོ། །

ཚོང་ཁང་གང་དུ་ཉོ་ཚོང་བྱེད། །ཆུ་གནས་ཆུ་སྣོད་སྦེད་པའི་ས། །འབོད་གནས་འབྲེག་མཁན་དག་དང་ནི། །རྫ་མཁན་ལ་སོགས་མིང་ཅན་གྱིའོ། །ཁྱིམ་གནས་ཁྱིམ་དུ་རབ་བརྗོད་པ། །འདི་དག་འབོད་གནས་བཞིར་གསུངས་སོ། །ཚུར་སྤྱོན་ལེགས་པར་བྱོན་ནམ་ཁྱོད། །གདན་འདི་ལ་ཡང་

བཞུགས་ནས་ནི། །ཕྱག་ཞབས་ལེགས་པར་བཀྲ་བ་དང་། །བཟའ་དང་བཏུང་བ་དགྱེས་བཞིན་གསོལ། །ལན་དྲུག་བསྐུལ་པའི་སྒོ་དེར་ཡང་། །མ་ཐོགས་པར་ནི་རྗོད་བྱེད་ན། །ལྟུང་མེད་ཐོགས་ནས་རྗོད་བྱེད་པ། །ལྟུང་བར་འགྱུར་བ་ཁོ་ནའོ། །གལ་ཏེ་ཕོ་ཉ་མི་མ་ཡིན། །སྦྱིན་བདག་དང་

Vol. 166 · folio 20b

ནི་གཉིས་པའང་། །སྡོམ་བརྩོན་ཉེར་བྱས་གསུམ་གྱི་ནི། །དབྱུག་པ་རྣམས་ཀྱིས་མགོ་བོ་འཇོམས། །སྦྱིན་བདག་མི་ཡིན་ཕོ་ཉ་དང་། །ཞལ་ཏ་པ་ནི་མི་མིན་ན། །ཉེས་བྱས་གཉིས་སོ་ཞལ་ཏ་ཙམ། །མི་མ་ཡིན་ན་ཉེས་བྱས་གཅིག །གང་དུ་སྦྱིན་བདག་ཕོ་ཉ་དང་། །ཞལ་ཏ་པ་ཡང་མི་ཡིན་ན། །

དེ་ནི་ངེས་པར་ལྟུང་བྱེད་བསྐྱེད། །ཁྲིམས་ལྡན་ངན་སོང་གསུམ་དུ་འཕེན། །དགེ་སློང་གང་ཞིག་ཕན་བྱེད་པས། །དགེ་སློང་གང་ལ་ཆོས་གོས་བསྐུར། །དེ་ཉིད་ལ་ནི་ཡིད་བརྟན་པས། །ཡོངས་སུ་སྤྱོད་པ་ཉེས་པ་མེད། །གང་དེར་ཤི་ན་ཆོས་གོས་ནི། །གསལ་པོར་དེ་ཡི་འགྱུར་བ་ཡིན། །མ་

ཐོབ་པ་ལས་སྤང་བ་དག །གཉིས་ཀ་ལ་ཡང་མེད་པ་སྟེ། །སྔ་མས་ཡོངས་སུ་བཏང་བ་དང་། །གཞན་གྱིས་བདག་གིར་དེ་མ་བྱས། །དེ་ལ་ཞག་བཅུ་འདས་ན་ཡང་། །གཉི་ག་ལ་ཡང་ལྟུང་བ་མེད། །གང་ཡང་དགེ་སློང་སྲིན་བལ་གྱིས། །གསར་པའི་སྟན་དག་བྱེད་ན་ནི། །དེ་ལ་ལྟུང་བའོ་དེ་ཡང་

གཉིས། །གཡོགས་པ་དང་ནི་བླིངས་པའོ། །བྱིན་པར་གྱུར་དང་དེ་བཞིན་དུ། །ལོངས་སྤྱད་པ་ལ་ཉེས་མེད་དོ། །སྦྱིན་བདག་བསོད་ནམས་འདོད་པའི་ཕྱིར། །དགེ་སློང་གིས་ནི་བླང་བར་བྱ། །ལུག་བལ་ནག་པོ་འབའ་ཞིག་གིས། །གསར་པའི་སྟན་ནི་མི་བྱ་སྟེ། །དེ་ཚོལ་བ་ཡི་སྡུག་བསྔལ་

གྱིས། །ཀློག་དང་ཁ་དོན་ཉམས་པར་བྱེད། །དཀར་ནག་དང་ནི་འཁོབ་བལ་གྱི། །ཆ་གཉིས་ཆ་གཅིག་བསྲེས་ནས་ནི། །བླིངས་པ་ངེས་པར་བྱེད་ན་ནི། །སྟན་དེས་ལྟུང་བ་མེད་པ་ཡིན། །ནག་པོ་རང་བཞིན་གྱིས་གནག་ཉིད། །མགྲིན་པ་རྒྱབ་དང་གློ་གཉིས་དཀར། །སྤྱི་བོ་ལྟོ་དང་ཚེའུ་

འགབ། །འཁོབ་བལ་དཀར་ནག་ཞེས་སུ་བརྗོད། །དཀར་ནག་འཁོབ་བལ་དཀར་པོ་ནི། །སྲང་ཕྱེད་ཙམ་གྱིས་ཉུང་བ་ཞིག །བྱས་ནས་གསར་པ་རྩོམ་བྱེད་ན། །དེ་ལ་ལྟུང་བར་ཐེ་ཚོམ་མེད། །དེ་ལས་གཞན་པ་མ་རྙེད་ན། །ནག་པོས་ཀྱང་ནི་བྱ་བ་ཡིན། །གཞན་ལས་རབ་ཏུ་ཐོབ་

པ་ནི། །ཅི་བདེ་བར་ཡང་ཡོངས་སུ་སྤྱོད། །ལོ་དྲུག་བར་དུ་ནན་ཏན་གྱིས། །བྱས་པའི་སྟན་དེ་བཅང་བར་བྱ། །ལོ་དྲུག་ཚུ་རོལ་དེ་བྱས་ལྟུང་། །ཉེས་མེད་ཚོགས་ཀྱིས་གནང་བ་ཡིན། །ལོ་གཅིག་ལ་ཡང་གཉིས་པ་དག །གལ་ཏེ་དགེ་སློང་རྩོམ་བྱེད་ན། །རྩོམ་ལ་ཉེས་བྱས་གཅིག་ཡིན་ཏེ། །

Vol. 166 · folio 21a

ཡོངས་སུ་རྫོགས་ལ་དངོས་གཞིར་གཞག །དེ་བཞིན་གཉིས་གསུམ་བཞི་དང་ལྔར། །བརྩམས་པ་ལ་ཡང་ཉེས་བྱས་འཐོབ། །ལོ་དྲུག་བར་དུ་ཞུགས་གྱུར་ནས། །རྩོམ་པ་ལ་ནི་ཉེས་པ་མེད། །གདིང་བ་གསར་པ་བྱེད་པ་ན། །རྙིང་པ་ལ་ཡང་ངེས་པར་མཐའ། །

ཁ་དོག་ངན་པར་བྱེད་འདོད་པས། །བདེ་བར་གཤེགས་པའི་མཐོ་གང་གླན། །གལ་ཏེ་མཐོ་གང་ཚད་དེ་ལས། །བསམས་བཞིན་ཅུང་ཟད་ཙམ་སྤྱོད་ཀྱང་། །དེ་སྐབས་ལྟུང་བའི་དབྱུག་པ་ཡིས། །མགོ་བོ་གཅོག་པར་བྱེད་པ་ཡིན། །གལ་ཏེ་ཤིན་ཏུ་ཟེགས་པའམ། །སྤྱད་མི་བཟོད་ཅིང་

དེངས་པ་ན། །དེ་ཙམ་ཉིད་དམ་ཆུང་བ་གང་། །གློན་པ་ལ་ནི་ཉེས་པ་མེད། །སྡོམ་བརྩོན་རང་གིས་བལ་དག་ནི། །དཔག་ཚད་གསུམ་ལས་ལྷག་མི་འཁུར། །ཉུང་དུ་ཞྭ་ལ་སོགས་པའི་ཕྱིར། །མངོན་པར་ཁྱེར་ཡང་ཉེས་པ་མེད། །གྲོང་ལས་རྒྱང་གྲགས་ཕྱེད་དུ་ཡང་། །སྡོམ་

བརྩོན་ཁུར་ན་ཉེས་བྱས་ཏེ། །གྲོང་ཁྱེར་ནས་ནི་གྲོང་ཁྱེར་དུ། །རྒྱང་གྲགས་གཅིག་ཁུར་ལྟུང་བ་ཡིན། །དགེ་སློང་གང་ཞིག་དགེ་སློང་མ། །ཉེ་དུ་མིན་ལ་བལ་དག་ནི། །རྨེལ་བ་ལ་སོགས་བྱེད་འཇུག་ན། །དེ་ཡང་བསླབ་ལས་ཉམས་ལྡན་འགྱུར། །རྨེལ་བ་ལ་སོགས་རེ་རེས་ཀྱང་། །མཐའ་

དག་གིས་ཀྱང་ཀུན་ནས་བསྐྱེད། །སྡོམ་བརྩོན་ལྟུང་བ་དང་བཅས་ན། །ཉེས་བྱེད་བཞིན་དུ་འོག་ཏུ་འགྲོ། །བཅོམ་ལྡན་བརྩེ་བས་དགེ་སློང་དག །ས་ལེ་སྦྲམ་ལེན་བཀག་པ་ཡིན། །ཆོས་གོས་ལམ་རྒྱགས་ནད་པ་ཡི། །སྨན་གྱི་རྒྱུར་ནི་མ་གཏོགས་སོ། །གསེར་དངུལ་མུ་ཏིག་ནོར་བུ་དང་། །

མུ་སལ་གར་བྷ་གཡས་སུ་འཁྱིལ། །དམར་དང་ཤང་ཀ་ཤེ་ལ་དང་། །བྱི་རུ་ལ་སོགས་རེག་ན་ལྟུང་། །ཐུབ་པའི་དགེ་སློང་དོན་ཉུང་དང་། །བྱ་བ་ཉུང་བ་མཛེས་པ་སྟེ། །མང་པོས་དབེན་པ་དང་ནི་དགའ། །ཉུང་དུ་ཙམ་ཞིག་བཅང་བར་བྱ། །སྡོམ་བརྩོན་གང་ཞིག་ནོར་ལྡན་པས། །སྐྱེད་ཀྱི་དོན་

དུ་གཏོང་བྱེད་ན། །སྐྱེད་ཐོབ་ལྟུང་བའི་རྡོ་རྗེ་ཡིས། །བདག་ཉིད་འཇོམས་པར་བྱེད་པ་ཡིན། །སྦྱོར་བ་དང་ནི་རབ་སྦྱོར་དང་། །བསྒྲུབ་དང་བརྗེ་བ་དེ་བཞིན་དེ། །བྱེད་པ་མི་བྱེད་ཞེས་བྱ་དང་། །མངོན་མཚན་ཅན་གྱི་རྣམ་པ་བཞི། །ཤིང་རྟ་ལ་སོགས་སྣོད་འགྲེམས་ཤིང་། །ཡུལ་ཕྱོགས་ཟོང་ནི་འདྲི་

Vol. 166 · folio 21b

བྱེད་པ། །གྲགས་པོ་དག་ནི་འཚོལ་བྱེད་པ། །འདི་དག་སྦྱོར་བར་འདོད་པ་ཡིན། །རབ་སྦྱོར་བདུན་སྡེ་ལ་སོགས་པའི། །སྐྱེད་ཕྱིར་ནོར་ནི་གཏོང་བྱེད་པས། །དབང་པོ་གྲོ་ག་སྣག་ཚ་དང་། །སྨྱུ་གུ་ཚོལ་བ་དག་ལ་འདོད། །འདོད་པས་རྙེད་ལ་ཆགས་པ་ཡི། །ཉིས་འགྱུར་ལ་སོགས་སྤེལ་བའི་ཕྱིར། །

གྲོ་ག་ལ་སོགས་སྒྲུབ་བྱེད་པ། །དེ་ནི་བསྒྲུབ་པར་གསུངས་པ་ཡིན། །ནོར་བུ་མུ་ཏིག་བྱི་རུ་སོགས། །རྫས་རྣམས་ཡོངས་སུ་བརྗེ་བ་ན། །སྣག་ཚ་གྲོ་ག་ལ་སོགས་ཚོལ། །དེ་ནི་བརྗེ་བར་ཡོངས་སུ་གྲགས། །སྐྱེད་མ་ཐོབ་ཀྱི་བར་དུ་འདིར། །ཉེས་བྱས་དྲི་མར་ཡོངས་སུ་གྲགས། །གང་ཚེ་

སྐྱེད་ཐོབ་དེ་ཉིད་ཚེ། །གསལ་པོར་ལྟུང་བ་ཉིད་དུ་གྲགས། །བྱེད་པ་མངོན་མཚན་ཅན་ལ་སོགས། །གཏོང་བར་བརྗོད་དོ་མི་བྱེད་པ། །སླར་ཡང་གསེར་སོགས་མི་གཏོང་བའོ། །ཆོ་ག་འདི་ཡང་སྔར་བཞིན་ཏེ། །དཀོན་མཆོག་གསུམ་གྱི་ཆེད་དུ་ནི། །རྙེད་པ་འདོད་པས་སྦྱོར་བ་དག །འཇིག་

རྟེན་སྤྱོད་པས་གཞན་མིན་བརྟག །རིགས་ལྡན་ཞལ་ཏ་ལ་རུང་སྟེ། །རྒྱལ་པོ་དང་ནི་རྒྱལ་པོའི་འཁོར། །སྦྱིན་བདག་རྣམས་ཀྱི་དྲུང་དུ་ནི། །ནམ་ཡང་སྦྱོར་བ་མི་བྱའོ། །འདི་དག་རྣམས་ལས་རྙེད་མེད་དམ། །འོན་ཏེ་དཀའ་བས་རྙེད་ཀྱང་རུང་། །ཁྱེར་ནས་མི་སྟེར་གཏའ་མི་བླང་། །ཁྱེར་

ཡང་སྟར་ནུས་དེ་ལྟ་མིན། །ཉོ་བྱེད་ཤེས་རབ་ཅན་མེད་ན། །གང་ཉོ་འདོད་པའི་དགེ་སློང་གིས། །རྫས་རྣམས་རྗེས་སུ་བརྟགས་ནས་ནི། །ངེས་པར་ལན་གསུམ་བར་དུ་བརྗོད། །རྙེད་པའི་དོན་དུ་མི་བཙོང་ཞིང་། །ནམ་ཡང་ཉོ་ན་ལྟུང་བ་ཉིད། །དགོས་པ་རྗེས་འབྲེལ་དོར་བྱས་པས། །

ཉོ་ཚོང་ལ་ནི་ཉེས་མེད་དེ། །སངས་རྒྱས་ཆོས་དང་དགེ་འདུན་ཕྱིར། །འཇིག་རྟེན་ཆོས་ལུགས་རྗེས་འབྲང་བའི། །ཞལ་ཏ་པ་ཡིས་ཉོ་ཚོང་བྱ། །གཞན་དུ་གཞན་གྱི་མ་ཡིན་ནོ། །མཆོད་ཕྱིར་གུས་པས་རྟག་ཏུ་ནི། །གཙུག་ལག་ཁང་དུ་ཚོང་བྱེད་ན། །དེ་ལ་སྐྱེད་དང་བཅས་སྦྱིན་ཏེ། །སྦྱིན་

བདག་དད་པ་སྐྱེད་ཕྱིར་རོ། །སོ་བ་ཏིལ་དང་མུད་ག་སོགས། །སྲོག་ཆགས་དང་བཅས་མ་བརྟགས་པ། །བསིལ་གྲིབ་ཀྱི་ནི་ས་ཕྱོགས་སུ། །དེ་ནི་རབ་ཏུ་བཀྲམ་སྟེ་བཞག །དེ་ལྟ་ན་ཡང་དེ་ནས་དེ། །གལ་ཏེ་བྲལ་བར་མ་གྱུར་ན། །དེ་ཚེ་སླར་ཡང་གནས་ཁང་དུ། །བཞག་ནས་སྒོ་

Vol. 166 · folio 22a

ནི་རྟག་ཏུ་བསྡམས། །ཞག་བཅུ་ལས་འདས་ལྷུང་བཟེད་ནི། །བརྟུལ་ཞུགས་ཅན་གྱིས་བཅང་མི་བྱ། །ལྕགས་དང་ས་ལས་བྱས་རང་བཞིན། །ལྷུང་བཟེད་རྣམ་པ་གཉིས་སུ་བརྗོད། །ཚད་ལྡན་ཆུང་ངམ་ཆེན་པོ་ནི། །བསྙེན་པར་རྫོགས་པའི་དོན་ཕྱིར་ཡང་། །

མང་པོ་ཡིན་ན་ཡང་ནི་རུང་། །འཆང་བ་ལ་ནི་སྨད་པ་མེད། །ལྷན་པ་གཅིག་གཉིས་གསུམ་དང་བཞིས། །ལྷུང་བཟེད་གཞན་དག་བསླང་མི་རུང་། །དགེ་བའི་སེམས་ཀྱིས་བག་ཡོད་པར། །རིན་གྱིས་ཉོས་ལ་ཉེས་པ་མེད། །སྡོམ་བརྩོན་མི་བརྟན་ལྡན་པས་ནི། །ལྷུང་བཟེད་བུག་རྡོལ་

གླན་མི་བྱ། །རྒྱ་སྐྱེགས་ཚིག་མ་ཚོན་མོ་སྟེང་། །སྤྲ་ཚིལ་བུ་རམ་སས་མ་ཡིན། །བརྟན་པོ་ལྷན་རིངས་གང་བརྗོད་དང་། །ཕྱེ་མ་ཡང་ན་ལྷན་པ་ཉིད། །ཐམ་ཕྲན་དང་ནི་ལྷན་ཐབས་ཉིད། །དེ་བཞིན་ཆུ་སྲིན་སོ་ཡང་ངོ་། །ཆོས་ཀྱིས་ཡོངས་སུ་བརྗེ་བ་ལ། །ཉེས་པ་མེད་དོ་གཞན་དུ་

སླར། །སློང་བའི་ཚེ་ན་ཉེས་བྱས་ཏེ། །ཐོབ་པ་ན་ནི་སྤང་བར་འགྱུར། །གྲུབ་ན་དགེ་བས་ལྷུང་བཟེད་དེ། །དགེ་འདུན་ལ་ནི་བྲིམ་པར་བྱ། །དེ་ཡང་ལྷུང་བཟེད་ཐ་མ་ནི། །དེ་ཡི་ལུང་བཞིན་དུ་ནི་བཅོང་། །བྲེ་ཆུང་དོ་ཟན་ཚོད་མར་བཅས། །བླུགས་ནས་བཞག་པ་དེ་ལ་ནི། །ལག་

པས་བཀན་ཚེ་མི་རེག་པ། །དེ་ནི་ཆེན་པོའི་ཚད་དུ་བརྗོད། །བྲེ་ཆུང་གང་ཟན་ཚོད་མར་བཅས། །ཤོང་བ་ཆུང་ངུར་རབ་ཏུ་གྲགས། །འདི་དག་གཉིས་ཀྱི་བར་དག་ནི། །འབྲིང་པོར་བརྗོད་དེ་ལྷུང་བཟེད་གསུམ། །གང་ཞིག་ལྷུང་བཟེད་གས་དང་རྡོལ། །དེ་ནི་གུས་པས་གླན་པར་བྱ། །དེ་བྱེད་པ་

ཡང་ཚོག་ཆས་ཀྱང་། །དགེ་འདུན་གནས་ཁང་གཞག་པར་བྱ། །འགྲོ་ན་ལྷུང་བཟེད་བཅས་ཡིན་ཏེ། །གལ་ཏེ་ལྷུང་བཟེད་མེད་ཉིད་དམ། །གཞན་དུ་རྐུན་པོས་འཇིགས་པའམ། །སླར་ལོག་འདོད་པ་ཡིན་ན་རུང་། །ཐགས་མཁན་ཉེ་དུ་མ་ཡིན་ལ། །གླ་རྔན་མེད་པར་འཐག་འཇུག་ན། །

ལྟུང་བཅས་ལྟུང་བ་མེད་པ་ནི། །ཉེ་དུ་ཡིན་ནམ་གླ་བྱིན་ནའོ། །ངེས་པར་དགེ་སློང་ཆེད་དུ་ནི། །ཁྱིམ་བདག་ཆོས་གོས་འཐག་འཇུག་ན། །དེ་ཡིས་དེར་སོང་ཐགས་མཁན་ལ། །སྙན་ཚིག་བསྔགས་ཏེ་གྲུབ་ན་ལྟུང་། །ཞེང་ཆེ་ཐར་ཚགས་བཟང་སོགས་དོན། །བསོད་སྙོམས་ཀྱིས་ནི་འདོད་མི་

Vol. 166 · folio 22b

བསྐྱེད། །དེ་ལྟར་བྱེད་ན་སྡོམ་བརྩོན་ལ། །ཐོབ་པའི་ཚེ་ན་སྤང་བར་འགྱུར། །ཞེང་ཆེ་བ་ནི་ཚད་ཆེན་ཏེ། །མཉེན་འགྱུར་འཇམ་པོ་ཞེས་བྱའོ། །ཐར་གྱིས་ཞག་པ་འཇུར་མདུད་མེད། །ཚགས་ཐར་བཟང་བ་དམ་པ་ཡིན། །བསོད་སྙོམས་ཀྱང་ནི་འདིར་ཤེས་བྱ། །བཟའ་སོགས་ལྷ་ཡི་རིགས་ལས་

བྱུང་། །སྟོན་མོ་ལྷ་ཡི་རིགས་དག་ནི། །དེ་ཡི་རྒྱགས་སུ་རྣམ་པར་ཤེས། །ཆོས་གོས་དགེ་སློང་ལ་བྱིན་ནས། །གཞན་དུ་ཁྲོ་དང་ཆགས་པ་ཡིས། །དེ་ཕྲོགས་ན་ནི་ཉེས་བྱས་ཏེ། །ཕན་པར་འདོད་པས་ཉེས་མེད་དོ། །ལུས་ཀྱི་རབ་གཡོ་ལུས་ཀྱིས་ནི། །བྱེད་པའོ་ངག་གི་གཡོ་བ་ཡང་། །བརྗོད་

པ་ཡིས་ནི་འཕྲོག་བྱེད་ན། །གཉིས་སམ་གཅིག་གིས་ཀྱང་ནི་རུང་། །ཇི་སྲིད་ཆོས་གོས་གྲ་ཡང་ནི། །ལུས་དང་བྲལ་བར་མ་གྱུར་པ། །དེ་སྲིད་ཉེས་བྱས་ཙམ་ཡིན་ཏེ། །བྲལ་ན་སྤང་བའི་ལྟུང་བ་ཡིན། །དབྱར་ནི་དབྱར་གྱི་རྙེད་པ་ཉིད། །རབ་ཏུ་འགྱེད་པར་བྱེད་ན་ནི། །ཉེས་བྱས་འདི་ནི་འདས་

ནས་སམ། །དེ་མ་ཡིན་ལ་མ་ཡིན་ནོ། །དབྱར་གང་བདག་གིར་བྱེད་མི་འདོད། །ཆོས་གོས་སྦེད་པ་མེད་པར་ནི། །ཆོས་གོས་གཏད་པ་ལས་བྱུང་བའམ། །དབྱིག་ལ་སོགས་པ་རུང་བ་ཡིན། །འཆི་ཕྱིར་དང་ནི་འཆི་བས་གཏད། །ནད་པས་ནད་པ་ཉིད་ཕྱིར་རོ། །འགྲོ་བར་ཆས་པས་གང་

བྱིན་པ། །འདི་དག་གཏད་པ་ལས་བྱུང་ལྔ། །མཐའ་ཡི་ཞག་བཅུའི་ནང་དུ་ནི། །བགོས་ཀྱང་རུང་བ་ཉིད་ཡིན་ཏེ། །སྦྱིན་པའི་དུས་ལས་འདས་པར་ནི། །ནམ་ཡང་བཅངས་ན་དངོས་གཞིའོ། །ཆོས་གོས་བྱིན་པའི་དུས་གང་ནི། །མཁས་པས་ཡང་དག་བསྟན་པ་འདིར། །དགག་དབྱེ་བྱ་བའི་

ནང་རོལ་དུ། །ཞག་བཅུའོ་དེ་ལས་ལྷག་པ་མིན། །འདིར་བདག་རང་གི་ལག་ཉིད་ཀྱིས། །རབ་ཏུ་དབུལ་ཞེས་སྦྱིན་བདག་ལ། །གལ་ཏེ་འཇོག་པར་བྱེད་ན་ནི། །ནམ་ཡང་དགེ་སློང་སྐྱོན་ཡོད་མིན། །དགག་དབྱེའི་དུས་ཀྱི་རྙེད་པ་གང་། །ཐམས་ཅད་དབྱར་གནས་གང་དེ་དབང་། །གང་ཞིག་

དབྱར་གནས་མ་བཅས་པའམ། །གང་དང་ལྷན་ཅིག་དགག་དབྱེ་བྱས། །འཇིགས་བཅས་དགོན་པར་གནས་པ་ཡིས། །ཆོས་གོས་གསུམ་པོ་དག་ལས་ནི། །གཅིག་ནི་ཁྱིམ་དུ་བཞག་བྱ་སྟེ། །བག་ཡོད་དགེ་བ་འདོད་པས་སོ། །དགོས་པའི་ཆེད་དུ་གཞན་དུ་ནི། །ཞག་དྲུག་འདས་ཀྱང་

Vol. 166 · folio 23a

ཉེས་མེད་དེ། །དེར་ཡང་མཚམས་གཅིག་ཆོས་གོས་ཀྱིས། །བདུན་པའི་སྐྱ་རེངས་ཤར་ན་ལྟུང་། །དབྱར་གྱི་ནང་དུ་ཟླ་ཤོལ་ཐོབ། །དབྱར་གནས་ཕྱི་མར་རབ་ཏུ་གྲགས། །འཇིགས་བཅས་ཞེས་བརྗོད་གང་དུ་འདིར། །ངེས་པར་རྐུན་པོའི་འཇིགས་བཅས་འདོད། །སེང་གེ་

སྟག་སོགས་འཇིགས་པ་ནི། །དོགས་བཅས་འདོད་པར་ཤེས་པར་བྱ། །ཤ་སྦྲང་ལ་སོགས་འཇིགས་པ་དག །འཇིགས་པ་ཐ་དད་ཡིན་པར་གསུངས། །སོ་གའི་ཟླ་བ་ལྷག་མ་ལ། །ཁྲུས་དོན་ལུས་རབ་སྦ་བའི་ཕྱིར། །དབྱར་གོས་རས་ཆེན་མིང་ཅན་གྱི། །ཆོས་གོས་བརྟུལ་ཞུགས་

ཅན་གྱིས་བཙལ། །འདི་ནི་དབྱར་ཟླ་གསུམ་དག་ལས། །ཟླ་ཕྱེད་བར་དུ་བཅང་བྱ་སྟེ། །སྔ་བར་ཚོལ་ལམ་ལྷག་པར་ནི། །འཆང་བ་ལ་ཡང་ལྟུང་བར་འདོད། །དགག་དབྱེའི་དུས་ཀྱི་གོས་བཟང་བ། །སྲ་བརྐྱང་གདིང་བའི་དོན་དུ་ནི། །ཚོགས་ལ་གསོལ་བ་སྔོན་འགྲོ་བས། །ལས་བྱེད་

པ་ལ་ཡང་དག་བསྒོ། །ཚོགས་ཀྱིས་ཡང་དག་གནང་ནས་ནི། །འཕགས་པའི་ཚོགས་ཀྱིས་གུས་བྱེད་ལ། །གསོལ་བ་རྐྱང་པ་ཉིད་ཀྱིས་གཏང་། །དེ་ཡིས་ཇི་ལྟར་རིགས་པར་ནི། །ཁ་བསྒྱུར་ལ་སོགས་བྱས་ནས་ནི། །སོང་ནས་ཚོགས་ཀྱི་དབུས་སུ་ཞུ། །དེ་ནས་ཆོ་ག་བཞིན་དུ་འདིར། །

གདིང་བྱ་སྲ་བརྐྱང་བཏིང་བ་ཡི། །དགེ་སློང་རྣམས་ལ་ཕན་ཡོན་མང་། །ཕན་བཞེད་སྟོན་པས་ཡང་དག་གསུངས། །ཞག་བཅུ་ཟླ་བ་ངེས་པ་དང་། །མ་བརྟགས་པར་ནི་འཆང་བ་དང་། །སྣམ་སྦྱར་མེད་པར་གྲོང་སོགས་འཇུག །ཡང་ཡང་ཟ་བ་ཉིད་དང་ནི། །འདུས་ཤིང་ཟ་བ་ཉེས་པ་མེད། །

བསྒོ་བ་མ་བྱས་པར་ཡང་འགྲོ། །སྨིན་དྲུག་དང་ནི་ཁྲ་ཡི་བར། །སྲ་བརྐྱང་གདིང་བ་དུས་སུ་གསུངས། །མགུ་བ་སྤྱད་དང་མགུ་བ་བྱས། །སྤོ་བ་དང་ནི་དེ་ལས་ལངས། །དབྱར་མ་རྫོགས་དང་དབྱར་བྲལ་དང་། །དབྱར་ནི་ཕྱི་མར་གནས་དེ་བཞིན། །ལྐོག་ཏུ་གྱུར་པའི་དགེ་ཚུལ་དང་། །བསླབ་

པ་སྤྱོད་པར་བྱེད་པ་སྟེ། །འདི་དག་ལ་ནི་ཕན་ཡོན་མེད། །རྙེད་པ་ཁོ་ན་མ་བཀག་གོ། །ལྟ་དང་ཚུལ་ཁྲིམས་དྲི་མ་ཅན། །གང་ཞིག་དགེ་འདུན་གྱིས་རབ་སྤངས། །ཆོས་མ་ཡིན་པའི་ཕྱོགས་ལྷུང་དང་། །དེ་བཞིན་གཞན་དུ་དབྱར་གནས་ཏེ། །ལྔ་པོ་འདི་ལ་རྙེད་པ་དང་། །ཕན་ཡོན་

Vol. 166 · folio 23b

ཡང་ནི་མེད་པར་གསུངས། །འདིར་ནི་བཟང་དང་མཁས་ཀུན་ལ། །ཡོན་ཏན་དང་ནི་རྙེད་པ་ཡོད། །དགེ་འདུན་ལ་བསྔོས་རྙེད་པ་གང་། །བརྟུལ་ཞུགས་ཅན་དག་དབང་བྱེད་ན། །སྤོང་བའི་ལྟུང་བྱེད་ལྕགས་ཚན་གྱིས། །སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར། །རྙེད་པ་གོས་དང་དབྱིག་

ལ་སོགས། །བཟའ་བ་ལ་སོགས་ཟང་ཟིང་ཡང་། །གཉིས་ཀའང་བསྔོས་པར་བསྒྱུར་བ་ནི། །རབ་ཏུ་བཀག་པ་གསུངས་པ་ཡིན། །ཚོགས་ཀྱི་གཞན་ལ་གཞན་གྱི་དེར། །རྙེད་པ་ཕན་ཚུན་སྒྱུར་བྱེད་ན། །ཉེས་བྱས་དང་ནི་ཡང་དག་ལྡན། །དངོས་གཞི་རུ་ནི་མི་བརྟག་གོ། །དགེ་འདུན་མཐུན་

པ་ཉིད་ཀྱི་ནི། །དགེ་འདུན་གཞན་ལ་བསྔོས་པ་ཡི། །རྙེད་པ་བདག་གིར་སློང་བྱེད་ན། །ཐོབ་པའི་ཚེ་ན་སྤོང་བར་འགྱུར། །གང་ཟག་སྐུ་གཟུགས་མཆོད་རྟེན་དང་། །དུད་འགྲོ་རྩྭ་དང་ནམ་མཁའ་ལ། །བཞག་སོགས་ས་ལ་ཀ་བ་སྟེ། །ཁང་བཟངས་སོགས་ལ་ཉེས་བྱས་ཡིན།། །།

བམ་པོ་གསུམ་པ། དང་པོར་བྱིན་ལེན་བྱས་ནས་ནི། །མར་སོགས་དགེ་སློང་བྱིན་གྱིས་བརླབས། །རང་གིས་བླངས་ནས་སྤྱད་བྱ་སྟེ། །ཞག་བདུན་དེ་ལས་ལྷག་པར་མིན། །སྡོམ་བརྩོན་དེ་དོན་ལ་མཁས་པ། །སྤང་བར་འོས་པ་སྤངས་ནས་ནི། །དེ་ནས་ལྟུང་དེ་ལས་ལྡང་ཕྱིར། །ནུབ་ཀྱིས་ཆོད་ནས་

བཤགས་པ་བྱ། །མཁས་པས་བསྐུལ་བ་བྱས་ནས་ནི། །གཉིས་པ་ལ་ནི་བླང་བར་བྱ། །ཇི་ལྟར་གསུངས་པའི་བརྟག་པ་དག །མི་བྱེད་པ་ལས་ལྟུང་བར་འགྱུར། །ལྟུང་བ་བཅོས་པའི་དོན་དུ་ནི། །བདག་གི་དོན་དུ་ཆོས་གོས་སོགས། །ཅུང་ཟད་ཙམ་ཡང་དེ་དག་གིས། །གཞན་ལས་བླང་བར་

མི་བྱའོ། །ལྟུང་འདི་སྤང་བར་མ་བྱས་ན། །གཞན་དུ་གྲོལ་བར་འགྱུར་བ་མིན། །སྤང་བར་ཡང་ནི་ཤེས་བྱ་ལ། །ཆོས་གོས་ལ་སོགས་སྤང་བར་བརྗོད། །སྤང་བའི་ལྟུང་བྱེད་སུམ་ཅུ་པོ། །བསླབ་བྱ་དང་བཅས་བཤད་ནས་ནི། །དེ་རྗེས་ལྟུང་བྱེད་འབའ་ཞིག་པ། །དགུ་བཅུ་རབ་ཏུ་གསལ་བར་བྱ། །རྒྱལ་

པོའི་ཁབ་ཏུ་བཅོམ་ལྡན་འདས། །བལྟ་འདོད་ཁྱིམ་པ་མང་རྣམས་ཀྱིས། །བཅོམ་ལྡན་འདས་ཉིད་གང་ན་ཞེས། །སྒྲ་གཅན་འཛིན་ལ་དྲིས་པ་དང་། །གཞན་ན་བཅོམ་ལྡན་བཞུགས་བཞིན་དུ། །གཞན་དུ་ཉེ་བར་བསྟན་ལས་བཅས། །དེ་ཕྱིར་མདོ་ལས་གསུངས་པ་གང་། །སྟོན་པས་ཚིགས་བཅད་

Vol. 166 · folio 24a

གཉིས་འདི་གསུངས། །ཆོས་གཅིག་ལས་འདས་གང་ཡིན་པ། །ལུས་ཅན་བརྫུན་དུ་སྨྲ་བ་སྟེ། །འཇིག་རྟེན་ཕ་རོལ་སྤངས་པ་ཡིན། །འདི་ཡིས་སྡིག་པ་མི་བྱ་མེད། །ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །ཚུལ་འཆལ་ཡང་དག་

མི་སྡོམ་པས། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །བསླབ་པའི་གཞི་ནི་བསྒྲུབ་པའི་ཕྱིར། །ངེས་པར་བརྫུན་ཚིག་བཀག་པ་སྟེ། །ལག་བརྒྱུད་སྨྲ་བའི་ཁྱུ་མཆོག་ནས། །བརྩམས་ཏེ་བརྫུན་དུ་སྨྲ་རྣམས་ལ། །ཤེས་བཞིན་དུ་ནི་བརྫུན་སྨྲ་བའི། །དགེ་སློང་ལ་ནི་ལྟུང་བྱེད་བརྗོད། །བརྫུན་ཚིག་

རྣམ་པ་དགུ་ཡིན་ཏེ། །རྣམ་པ་གཉིས་ཀྱི་བར་དུ་བརྗོད། །སྡོམ་བརྩོན་དག་ལ་དྲུངས་འབྱིན་ཆོས། །ཕས་ཕམ་ལ་སོགས་རྣམ་པ་ལྔ། །ཚུལ་ཁྲིམས་ལྟ་བ་ཆོ་ག་དང་། །འཚོ་བ་ཡི་ནི་སྨྲ་བ་དགུ། །མཐོང་སོགས་རྣམ་པ་གསུམ་ཡིན་ཏེ། །དེ་དག་གིས་ནི་སྨྲ་བ་ལ། །བརྫུན་ཚིག་རྣམ་པ་བརྒྱད་

ཅེས་འདོད། །ཚུལ་ཁྲིམས་ལྟ་སྤྱོད་ཆོ་ག་འཚོ། །མཐོང་དང་ཐོས་དང་དོགས་པ་ཡིས། །སྡོམ་བརྩོན་བརྫུན་དུ་སྨྲ་བ་ལ། །གང་ཡང་རྣམ་པ་བདུན་ཉིད་བརྗོད། །སྨྲ་འགྱུར་དེ་བཞིན་སྨྲ་བ་དང་། །སྨྲས་པ་ཞེས་བྱ་ཚིག་གསུམ་དང་། །མཐོང་བ་ལ་སོགས་ཚིག་གསུམ་སྟེ། །བརྫུན་དུ་སྨྲ་བ་དྲུག་

ཏུ་བརྗོད། །དེ་ལྟར་རེ་རེ་དོར་བ་ཡིས། །ཚིག་གིས་འདིར་ནི་ཤེས་བྱ་བ། །བརྫུན་ཚིག་རབ་ཏུ་ཤེས་པ་ལ། །བརྗོད་ནས་གོ་བ་རྣམ་པ་གཉིས། །སླར་ཡང་ཕས་ཕམ་ལ་སོགས་ལྔས། །ཕས་ཕམ་འགྱུར་བར་ཤེས་བྱ་སྟེ། །ཕས་ཕམ་གནས་སུ་གང་བརྗོད་པའི། །སྔར་སྨྲས་མཐའ་ནི་ཕས་

ཕམ་ཉིད། །གཞན་ལ་ནམ་ཡང་མི་བཞེད་དོ། །དགེ་འདུན་ལྷག་མར་འགྱུར་བ་ནི། །བག་ཙམ་གྱིས་སམ་རྩ་བས་སྐུར། །ཆོས་ལ་ཆོས་མིན་ལ་སོགས་དེས། །གང་ཞིག་དགེ་འདུན་དབུས་སྨྲ་ན། །དེ་ལ་སྦོམ་པོར་འགྱུར་བ་ཡི། །བརྫུན་ཚིག་ཅེས་ནི་རྣམ་པར་གཞག །གསོ་སྦྱོང་དུས་

ཀྱི་ལས་དག་ལ། །འདི་ལ་དག་གམ་ཞེས་བརྗོད་ཚེ། །ཁ་རོག་ཉེས་པ་སྦེད་བྱེད་ན། །ཉེས་བྱས་དྲི་མར་འགྱུར་བར་བརྗོད། །དེ་ལྟར་དེ་དག་གང་བསྟན་པ། །བརྫུན་གྱི་ཚིག་ནི་རྣམ་པ་བཞིས། །དེ་ལས་གཞན་པ་ལྟུང་བྱེད་དུ། །འགྱུར་བའི་བརྫུན་ཚིག་ཅེས་བྱར་བསྟན། །མ་མཐོང་སོགས་

Vol. 166 · folio 24b

ལ་མཐོང་སོགས་དང་། །མཐོང་སོགས་ལའང་དེ་ལས་བཟློག །ཤེས་བཞིན་དུ་ནི་སྨྲ་བྱེད་ན། །དོན་རིག་པ་ན་ལྟུང་བྱེད་འདོད། །དུད་འགྲོ་ལ་ཡང་རྭ་ཆག་སོགས། །སྐྱོན་ནས་ཚིག་ཏུ་སྨྲས་པ་ན། །སེམས་ཞུམ་ལས་བྱེད་མི་བརྩོན་ན། །ཤེས་ལྡན་མི་རྣམས་སྨོས་ཅི་དགོས། །དེ་ཕྱིར་

སེམས་ཅན་ཐམས་ཅད་ལ། །ཕན་བཞེད་བཅོམ་ལྡན་འདས་ཀྱིས་བཀག །མི་རྣམས་ལ་ནི་སྐྱོན་བརྗོད་པས། །དགེ་སློང་ལ་ནི་ལྟུང་བྱེད་ཡིན། །སྐྱོན་བརྗོད་བསམ་པའི་དགེ་སློང་གིས། །ཁྱོད་ནི་བྲམ་ཟེ་རབ་བྱུང་ཞེས། །བྲམ་ཟེ་ལ་ནི་རིགས་དྲིས་ན། །དེ་ལ་ཉེས་བྱས་ལྟུང་བར་འགྱུར། །དེ་འདྲའི་

སེམས་ཀྱིས་རྒྱལ་རིགས་ལའང་། །སྨྲ་བྱེད་ཉེས་བྱས་ཁོ་ན་སྟེ། །དེ་བཞིན་རྗེ་རིགས་དམངས་དག་ལ། །སྨྲ་བྱེད་སྡོམ་བརྩོན་ལྟུང་བྱེད་ཡིན། །ཐགས་མཁན་ལྷ་རྟེན་ལྷ་མཁན་དང་། །ཤིང་མཁན་ཚེམ་བུ་སྨྱིག་མ་མཁན། །དེ་ལ་སོགས་པའི་རིགས་རྣམས་ཀྱིས། །ཡོངས་སུ་སྨྲ་ན་ལྟུང་བྱེད་

བརྗོད། །རྫ་མཁན་དང་ནི་མགར་བ་དང་། །བྲན་དང་ཀོ་ལྤགས་མཁན་དང་ནི། །བྱ་ཤོར་ཉ་བ་རྔོན་པ་དང་། །གཏུམ་པོ་སོགས་བརྗོད་ཉམས་པར་འགྱུར། །ཁྱོད་ནི་བྲམ་ཟེ་ཡིན་ཏེ་དེའི། །རིགས་ཀྱི་བྱ་བ་གཙང་སྦྲ་སོགས། །བསླབ་བྱ་ཁྱོད་ལ་དགེ་སློང་གིས། །ཅི་བྱ་ཞེ་ནའང་ཉེས་བྱས་ཉིད། །ཁྱོད་

ནི་རྒྱལ་རིགས་ཁྱོད་ཀྱི་ལས། །མཚོན་ཆའི་རིགས་པ་མདུང་དང་ནི། །མདའ་སོགས་སློབས་ཤིག་ཅེས་སྨྲ་ན། །གང་ཡིན་དེ་ལ་ཉེས་བྱས་སོ། །དེ་བཞིན་རྗེ་རིགས་དམངས་རིགས་ཀྱི། །ལས་ལ་ངེས་པར་སྦྱར་ཡང་ངོ་། །ཐགས་མཁན་སྨྱིག་མ་མཁན་སོགས་ལ། །ལྟུང་བྱེད་ཀྱི་ནི་ལྟུང་བར་བརྗོད། །

མཆོད་སྦྱིན་དང་ནི་གདོལ་པ་སོགས། །ཁྱོད་ཀྱིས་རང་ལས་བྱོས་ཤིག་ཅེས། །སྨྲ་ཡང་མི་མཁས་དེ་དག་ལ། །སྔ་མ་བཞིན་དུ་ཉེས་བྱས་ཡིན། །འཐང་པོ་ཞར་བ་ལག་རྡུམ་དང་། །སྒུར་པོ་མི་ཐུང་ལོང་དང་འོན། །ཞེས་སྨྲ་ན་ཡང་ལྟུང་བྱེད་ཀྱི། །མེ་ཡི་ནང་དུ་སྲེག་པ་འཐོབ། །ཁྱོད་ནི་མཛེ་ཅན་

ཁྲག་ནད་སྐྱུག །ཉམ་ཆུང་གཡན་པ་འོག་གྲོལ་དང་། །དེ་ལ་སོགས་བརྗོད་ངན་ཚིག་རྣམས། །སྡོམ་བརྩོན་ལ་ནི་ལྟུང་བྱེད་འདོད། །ཁྱོད་ནི་མ་དག་ལྷུང་བས་བཅོམ། །གདུག་པ་དང་བཅས་འགྱོད་པ་ཅན། །ཁྱོད་ནི་ཁྲོ་བས་སེམས་བསྲེགས་པ། །ཞེས་སྨྲས་སོགས་ལའང་དེ་ཉིད་དོ། །

Vol. 166 · folio 25a

དགེ་སློང་སྐྱོན་བརྗོད་བསམ་པ་ཡིས། །བོང་བུ་སོགས་ཀྱིས་གཤེ་བྱེད་ཅིང་། །རྒྱ་གད་ལ་སོགས་ཀུན་ལྡང་བས། །སྤྱོ་ན་ལྟུང་བྱེད་ཀྱིས་རེག་འགྱུར། །དེ་ལྟར་རིགས་དང་བཟོ་དང་ནི། །ལས་རྣམས་དང་ནི་རྟགས་དང་ནད། །ལྟུང་དང་ཁྲོ་བ་ལ་སོགས་པའི། །ཚིག་གིས་

སྨྲ་བར་མི་བྱའོ། །ཐེ་ཚོམ་བསལ་བའི་དོན་དུ་ནི། །སངས་རྒྱས་གདུང་ནི་གང་ཡིན་པ། །རྒྱལ་རིགས་ལས་གང་རབ་བྱུང་བ། །ཞེས་སོགས་སྨྲ་ལ་ཉེས་པ་མེད། །དགེ་སློང་ཕྲ་མ་སྨྲ་ན་ཡང་། །ལྟུང་བ་འདི་ཉིད་ཡང་དག་ལྡན། །ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་ཚིག་ཡིན་

ཏེ། །དཔེར་ན་འབྲེག་མཁན་གྱོལ་པོ་ཁྱོད། །དེ་སྐད་སུ་ཞིག་སྨྲ་ཞེ་ན། །སྨྲས་པ་དགའ་བྱེད་ཀྱིས་སྨྲ་ཞེས། །འདི་ནི་ཕྱོགས་ཙམ་བསྟན་པ་སྟེ། །འདིར་ཡང་ཐམས་ཅད་སྔ་མ་བཞིན། །རིགས་དང་བཟོ་སོགས་སྨྲས་པ་ལས། །ཉེས་བྱས་ལ་སོགས་ཤེས་བྱ་སྟེ། །བློ་ལྡན་གྱིས་ནི་སྤང་བར་བྱ། །

དགེ་འདུན་མཆོག་གཅིག་པ་ཡིས་ནི། །གང་ཞིག་མཐུན་པར་གྱུར་པ་ན། །ལས་ལ་སྐྱོ་སྔོགས་བྱེད་པ་དེས། །ཟད་བྱེད་ལྟུང་བ་ཐོབ་པར་འགྱུར། །མཆོག་གཅིག་བསམ་པ་གཅིག་པ་ཡིས། །ཆོས་བཞིན་ཆོ་ག་བཞིན་དུ་ནི། །འགྱེད་པ་ལ་སོགས་རྣམ་བཞི་ཡི། །དབང་བྱས་བསྟན་པ་

དེ་དག་གི །ལས་ལ་སྐྱོ་སྔོགས་ཞེས་བྱ་བ། །འདི་ལ་ལེགས་ཞེས་བརྗོད་པ་ཡི། །རྫོགས་ན་ཐེ་ཚོམ་གྱིས་ཀྱང་ནི། །སྐྱོ་སྔོགས་བྱེད་ན་ལྟུང་བར་བཅས། །བྱས་སམ་འོན་ཏེ་མ་བྱས་ཞེས། །ཐེ་ཚོམ་གྱིས་ཀྱང་སྐྱོ་སྔོགས་ན། །ཉེས་བྱས་འགྱུར་ཏེ་དེ་ལ་ནི། །ཅིག་ཤོས་མིན་ཞེས་མཁས་པས་

གསུངས། །གཞན་དག་གི་ནི་དབང་བྱས་ལ། །གཞན་གྱི་དབང་བྱས་འདུ་ཤེས་སམ། །རྫོགས་ལ་མ་རྫོགས་ཞེས་པ་ལ། །ལྟུང་བའི་ཚུལ་ནི་སྔར་བཞིན་ནོ། །གཉུག་མར་གནས་དང་ལས་བྱེད་དང་། །འདུན་པ་ཕུལ་དང་ལྟ་བ་སྨྲ། །གློ་བུར་བ་སྟེ་འདི་དག་ནི། །གང་ཟག་ལྔ་ཞེས་ཡོངས་སུ་

གྲགས། །ཐོག་མཐའ་དབུས་སུ་གང་རིག་དེ། །གཉུག་མར་གནས་པ་ཞེས་བྱའོ། །ལས་ཀྱི་དབང་དུ་བྱས་པ་ལས། །གང་ཞིག་དེ་བྱེད་དེ་ལས་བྱེད། །དེར་ནི་གང་ཞིག་འདུན་པ་ཕུལ། །དེ་ནི་འདུན་པ་ཕུལ་བའོ། །ལྟ་བ་སྨྲ་བ་ཞེས་བྱ་གང་། །གང་དག་དགེ་འདུན་དབུས་སུ་ནི། །ཞུ་ཚེ་

Vol. 166 · folio 25b

བདག་གིས་འདི་ལྟར་མཐོང་། །འདི་ལྟར་མིན་ཞེས་སྨྲ་བའོ། །ཐོག་མཐའ་དབུས་སུ་མི་ཤེས་པ། །དེ་ནི་གློ་བུར་འོངས་པར་འདོད། །དང་པོ་རྣམ་པ་གསུམ་པོ་ཡིས། །ལས་ལ་རྩོད་ན་ལྟུང་བྱེད་དེ། །དམ་པའི་ལས་ལ་རྩོད་པ་ལ། །ཐ་མ་གཉིས་ཀྱིས་ཉེས་བྱས་སོ། །ཚིག་ལྔའམ་དྲུག་ལས་

ཕར་ལྷག་པར། །རིག་པའི་སྐྱེས་པ་མེད་པར་ནི། །བུད་མེད་དག་ལ་ཆོས་སྟོན་ན། །ལྟུང་བྱེད་སྐྱོན་དུ་འགྱུར་བ་ཡིན། །མཐའ་དག་གཟུགས་ནི་མི་རྟག་ཅིང་། །དེ་བཞིན་ཚོར་དང་འདུ་ཤེས་དང་། །འདུ་བྱེད་དང་ནི་རྣམ་པར་ཤེས། །མཁས་པས་ཚིག་ལྔར་ངེས་རྟོགས་བྱ། །མིག་དང་རྣ་བ་སྣ་

དང་ལྕེ། །ལུས་དང་ཡིད་ཀྱང་མི་རྟག་ཅེས། །ཚིག་དྲུག་བརྗོད་པ་འདི་ཡིན་པར། །མཁས་པ་རྣམས་ཀྱིས་གསུངས་པ་ཡིན། །ཚིག་ལྔ་བསྟན་པར་བྱའོ་ཞེས། །ཤེས་བཞིན་ཚིག་དྲུག་རྗོད་བྱེད་ན། །ལྟུང་བའོ་དེ་བཞིན་དྲུག་པ་ཡང་། །བདུན་པ་རྗེས་སུ་སྟོན་ནའོ། །འབྲེལ་མེད་སྨྲ་བ་ཉེས་

མེད་དེ། །ཤིན་ཏུ་སྨྲ་བ་མྱུར་ཡང་ངོ་། །དྲིས་ལན་མཁན་གྱི་བུད་མེད་ནི། །རིགས་ལྡན་ལ་སྟོན་ཉེས་པ་མེད། །བསྙེན་པར་མ་རྫོགས་པ་དང་ཚིག །མཉམ་པོར་ཆོས་བརྗོད་པ་ལས་ལྟུང་། །རྗེས་སུ་འབྲང་ལ་ཉེས་མེད་དེ། །འདོན་དང་ཁ་ཏོན་སྦྱོང་བ་ལའང་། །གནས་ངན་ལེན་དང་ལྡན་

པའི་ཚིག །ཚོགས་ཀྱིས་གནང་མེད་བརྗོད་མི་བྱ། །དེ་ཡང་ཕས་ཕམ་པ་དང་ནི། །དགེ་འདུན་ལྷག་མའི་གནས་ངན་ལེན། །ཡང་དག་བླ་མར་གྱུར་པའི་ཆོས། །བསྙེན་པར་མ་རྫོགས་གང་ཟག་ལ། །སྡོམ་བརྩོན་གང་ཞིག་སྨྲ་བྱེད་ན། །འདི་ལ་ཡང་ནི་ལྟུང་བྱེད་འགྱུར། །འདིར་ནི་སྒྲིབ་པ་རྣམ་

པ་ལྔ། །མི་རྣམས་ཀྱི་ནི་ཆོས་སུ་ཐོས། །དེ་ཟད་བླ་མའི་ཆོས་སུ་འདོད། །བསམ་གཏན་རྣམས་ནི་བླ་མའོ། །མ་གནང་བར་ནི་དགེ་འདུན་གྱི། །གང་ཟག་དག་ལ་སྟེར་བྱེད་ཅེས། །བྱིན་ནས་རྩོད་པ་རྩོམ་ན་ནི། །སྡོམ་བརྩོན་དེ་ཡང་ཟད་ལྟུང་འགྱུར། །ཟླ་བ་ཕྱེད་ཕྱེད་གསོ་སྦྱོང་དུས། །སོ་སོར་ཐར་

པ་འདོན་པའི་ཚེ། །གང་ཞིག་ཁྱད་གསོད་དེ་ལ་ཡང་། །ཟད་བྱེད་ལྟུང་བར་འདོད་པ་ཡིན། །ཕྲ་ཞིང་ཕྲ་བ་འདི་དག་འདིར། །ཉེར་བསྟན་དགོས་པ་ཅི་ཞིག་ཡོད། །གང་དག་ཉོན་མོངས་དབང་གིས་ནི། །བསླབ་པ་ཁྱད་གསོད་འདི་སྐད་སྨྲ། །རྩིས་ཀྱི་ཕྱིར་དང་ཁྱད་གསོད་ཕྱིར། །བསྲེག་ཕྱིར་ཡོངས་

Vol. 166 · folio 26a

སུ་གདུང་བའི་ཕྱིར། །དེ་བཞིན་རྨ་འགེགས་དོན་དུ་ཞེས། །ཚིག་འདིར་རེ་རེས་ཟད་པ་སྟེ། །ཕྲན་ཚེགས་ལུང་སོགས་ལས་གསུངས་པ། །ཇི་སྲིད་འདུལ་བ་དང་འབྲེལ་བས། །དེར་ནི་དགེ་སློང་ཁྱད་གསོད་ན། །དེ་ཉིད་ལྟུང་བ་དང་བཅས་འགྱུར། །དགེ་སློང་རང་ངམ་

གཞན་གྱིས་ཀྱང་། །ས་བོན་ཚོགས་ནི་མ་ལུས་དང་། །འབྱུང་པོའི་གནས་ནི་འཇིག་བྱེད་ན། །གསལ་པོར་ལྟུང་བྱེད་དུ་ནི་འདོད། །གང་ཞིག་རྩ་བའི་ངོ་བོར་སྐྱེ། །དེ་ནི་རྩ་བའི་ས་བོན་ཏེ། །ཡུངས་དང་སྒེའུ་གཤེར་གླ་སྒང་སོགས། །སྡོང་བུའི་ས་བོན་དེ་ཡང་ནི། །ས་གང་ལ་ནི་ལེགས་

བཙུགས་པས། །སླར་ཡང་སྡོང་བུ་སྐྱེ་བ་སྟེ། །ནྱ་གྲོ་དྷ་དང་ཨུ་དུམ་བཱར། །ཨ་ཤོད་ཀ་ར་བཱི་ར་སོགས། །གང་ཞིག་བཅད་པའི་རྩེ་མོ་ཡང་། །འཕེལ་ཞིང་སྐྱེ་བར་འགྱུར་བ་གང་། །ཀ་ཤི་བུར་ཤིང་འདམ་བུ་སྨྱིག། །དེ་དག་ཐོག་དགུའི་མིང་ཅན་ཡིན། །བཀས་པས་སྐྱེ་བ་བཀས་པ་

ཡིན། །ས་བོན་ཇི་ལྟ་བུ་ཞེ་ན། །ཨ་ཛ་ཀ་དང་སམ་བུ་དང་། །ཛམ་བྷ་རི་དང་ཡན་ཛི་ཀ །ས་བོན་ས་བོན་ཏིལ་མུད་ག །གང་གཞན་དེ་འདྲའི་ས་བོན་ཡང་། །འབྱུང་པོའི་སྒྲ་གཅན་སེམས་ཅན་གྱི། །རིགས་ཀུན་ལ་ནི་ངེས་པར་བརྗོད། །འབུ་སྲིན་ཕྱེ་མ་ལེབ་ལ་སོགས། །དེ་ཡི་གནས་

ནི་ཤིང་སོགས་གྲགས། །དེ་ལ་དེར་འདུ་ཤེས་པས་སམ། །ཐེ་ཚོམ་གྱིས་ཀྱང་གཅོད་ནའོ། །དེ་ལྟར་ས་བོན་རྩྭ་སྔོན་དག །དེ་འཇོམས་ན་ནི་ལྟུང་བར་འདོད། །ས་བོན་གཞན་ལ་གཞན་འདུ་ཤེས། །ཐེ་ཚོམ་གྱིས་ཀྱང་ལྟུང་བར་འདོད། །གཏུན་དུ་ས་བོན་རྣམ་པ་ལྔ། །བླུགས་ནས་ཉམས་པར་

བྱའོ་ཞེས། །དགེ་སློང་ལྷུར་ལེན་ཉམས་ན་ནི། །ལྟུང་བྱེད་ལྔ་ཉིད་འདོད་པ་ཡིན། །མ་ཉམས་ན་ནི་དེ་དག་ལ། །ཉེས་བྱས་ཀྱང་ནི་རྣམ་པ་ལྔ། །མེར་འཇུག་ན་ཡང་ཚུལ་དེ་ཉིད། །ཁུ་ཚན་ལ་སོགས་པར་ཡང་རུང་། །སེམས་དེ་ལྟ་བུས་རྩྭ་སྔོན་ལ། །འཆག་པར་བྱེད་པ་དག་ཀྱང་ངོ་། །ཉམས་

ན་དགེ་སློང་ལྟུང་བྱེད་དེ། །མ་ཉམས་ན་ནི་ཉེས་བྱས་སོ། །ཤིང་དང་རེ་ལྡེ་ལ་སོགས་པ། །སྔོ་སར་ལ་ནི་འདྲུད་པ་དང་། །ཁུ་ཚན་ཐུག་པ་ལ་སོགས་པ། །འབོད་པ་ལ་ཡང་འདོད་པ་ཡིན། །སྦྱོར་བ་གཅིག་ཉིད་ཀྱིས་ཀྱང་འདིར། །ཤིང་གཅིག་གཅོད་པར་བྱེད་པ་ན། །དེ་ལ་ཉེས་

Vol. 166 · folio 26b

བྱས་གཅིག་དང་ནི། །ཟད་བྱེད་ལྟུང་བྱེད་གཅིག་ཡིན་ནོ། །སྦྱོར་བ་ཡང་ནི་གཉིས་དག་གིས། །སྡོམ་བརྩོན་ཤིང་སོགས་གཅིག་གཅོད་ན། །ཉེས་བྱས་གཉིས་དང་ལྟུང་བྱེད་གཅིག། །དེ་ལྟར་སྦྱོར་བ་ཇི་སྙེད་པ། །དེ་སྙེད་དུ་ནི་ཉེས་བྱས་འདོད། །རྫས་ཀྱི་ཚད་ཀྱི་དབྱེ་བ་ཡིས། །ཟད་བྱེད་

ལྟུང་བྱེད་ཐ་དད་འདོད། །འདབ་སྔོན་མེ་ཏོག་འབྲས་བུ་དང་། །ཁ་འབུས་པ་དང་རྩ་བ་ཉིད། །སྡོང་བུ་དང་ནི་ཆུ་བ་གཅོད། །ཉ་ལྕིབས་འདོན་ཡང་ལྟུང་བྱེད་ཉིད། །ཤུན་པ་དང་ནི་འདབ་སྐྱ་དང་། །མཚོ་སྐྱེས་དག་ནི་རྒྱས་པ་ཉིད། །གཅོད་པ་ལ་ནི་ཉེས་བྱས་གསུངས། །འདི་དག་མདོར་

བསྡུས་ཚུལ་ཡིན་ནོ། །སོ་ཤིང་རྩ་བ་ཤུན་པ་དང་། །འདབ་མ་མེ་ཏོག་སོགས་འདོད་ན། །བསླང་བྱ་རི་ལས་ཆོད་དང་ཤོགས། །ཞེས་སོགས་ཚིག་ནི་སྤངས་ནས་སོ། །སྦྲང་ཚད་དང་ནི་ཤ་བལ་ཉིད། །ཤ་མོ་འབུ་སྲིན་ཚང་དེ་བཞིན། །བྱ་ཚང་དང་ནི་སྤེང་ཤ་དང་། །པ་རྒྱ་ཡང་ནི་དབྱུང་མི་བྱ། །

རུང་བས་གཅོད་དང་འདོན་པ་ལ། །ཐམས་ཅད་དུ་ཡང་ཉེས་སྤྱོད་མིན། །འདི་དག་ཤེས་པར་གྱིས་ཤིག་ཅེས། །བརྗོད་ན་འདི་ནི་རུང་བ་ཡིན། །གསར་པའི་ལས་ལ་ལས་བྱེད་ཀྱིས། །ཤིང་གི་ལྷ་ལ་གསོལ་བཏབ་ཅིང་། །གཏོར་མ་མེ་ཏོག་ལ་སོགས་པས། །ཆོ་ག་བཞིན་དུ་

མཆོད་ནས་བྱ། །རྒྱུད་ཆགས་གསུམ་པ་འདོན་བྱས་ནས། །དམ་ཆོས་ཉན་པ་སྦྱིན་བྱས་སྟེ། །དེ་ལ་ལས་ལམ་བཅུ་པོ་ནི། །དགེ་དང་མི་དགེ་བརྗོད་པར་བྱ། །དགེ་བས་འབྲས་བུ་བདེ་སྟེར་ཏེ། །ཅིག་ཤོས་ཀྱིས་ནི་ངན་སོང་ཡིན། །སེར་སྣའི་སྐྱོན་དང་བཅས་དག་ལ། །

སྦྱིན་པའི་ཡོན་ཏན་ལེགས་བརྗོད་བྱ། །གང་ཞིག་དགའ་ཚལ་ལ་སོགས་སུ། །ལྷ་མོའི་ཚོགས་དང་ལྷ་རྣམས་ཀྱིས། །རྩེད་འཇོ་ཡུན་རིངས་བདེ་མྱོང་བ། །དེ་ནི་སྦྱིན་པའི་འབྲས་བུར་གསུངས། །བཀྲེས་དང་སྐོམ་སོགས་མེ་དག་གིས། །ལུས་རིང་ལྕེ་མགྲིན་སྐམས་པ་ཡི། །སྐལ་

ངན་འཁོར་བྱེད་ཡི་དྭགས་གང་། །མི་ཡི་གཟུགས་འདྲ་སྡུག་བསྔལ་ཅན། །དེ་ནི་ཐོག་མེད་སྲིད་པ་ཡི། །བག་ཆགས་ཀུན་ཁྱབ་མཐུ་ལྡན་པས། །མཆོག་ཏུ་དོན་མེད་འགྱུར་བ་སྟེ། །སེར་སྣའི་འཚེ་བ་ཡིན་པར་འདོད། །ཁྲག་འཇག་པ་ལ་སོགས་པ་ཡིས། །ཞག་བདུན་རྣམ་འགྱུར་མི་སྟོན་ན། །

Vol. 166 · folio 27a

ཚུལ་འདི་ལེགས་པར་རིག་ནས་ནི། །ཤིང་ཆེན་གཅོད་པ་ལ་སོགས་བྱ། །དགེ་སློང་ལ་ནི་འཕྱ་བ་དང་། །གཞོགས་འཕྱས་ཀྱང་ནི་རྣམ་པ་མང་། །བྱེད་ནའང་ལྟུང་བ་སྔར་ཇི་བཞིན། །འདིར་ཡང་ལྟུང་བ་ཁོ་ནར་བརྗོད། །འདི་དག་འཕྱ་བ་ཉིད་དབང་བྱས། །དགེ་སློང་

གཞོགས་འཕྱས་མཁན་ཡང་འདིར། །གསོལ་བའི་ལས་ནི་སྔོན་འགྲོ་བས། །དགེ་འདུན་གྱིས་གང་བསྐོས་པ་ཡི། །གུས་པས་ལས་ནི་ངེས་ལྡན་པ། །དེ་ལ་དགེ་སློང་གང་ཞིག་འཕྱ། །ཁྲོ་སེམས་ལྡན་ན་ལྟུང་བྱེད་དོ། །ཅིག་ཤོས་ཉིད་ནི་ཉེས་བྱས་ཉིད། །གཙུག་ལག་ཁང་གཏོང་ཟས་དང་

ནི། །འོ་ཐུག་འབྲས་བུ་འགྱེད་པ་དང་། །ཕྱི་དེ་ཉིན་པར་ཡང་ནི་རུང་། །ཕྲན་ཚེགས་དག་ནི་འདྲིམ་པ་དང་། །སྣོད་སྤྱད་འདྲུབ་དང་སྲ་བརྐྱང་གི །ཆོས་གོས་དག་ནི་སྦེད་པ་དང་། །ཆོས་གོས་རྣམས་ནི་འགྱེད་པ་དང་། །དབྱར་གྱི་རས་ཆེན་སྦེད་པ་དང་། །ཁང་སྐྱོང་དེ་ཡི་མངག་གཞུག་དང་། །

དེ་བཞིན་སྡེར་སྤྱད་ཞལ་ཏ་བ། །རྩོད་པ་འགེགས་དང་ཆུ་འདྲིམ་དང་། །བྱ་རོག་ལ་སོགས་སྐྲོད་པ་དང་། །མལ་སྟན་འདུག་སྟན་སྟོབས་པ་དང་། །ཟས་འདུན་འཇིག་རྟེན་བཟློག་པ་དང་། །གསོལ་དང་གཉིས་ཀྱི་ལས་གང་ཡིན། །འདི་དག་དགེ་འདུན་གྱིས་ནི་བསྐོ། །གང་ཕྱིར་དང་པོ་བཅུ་

གཉིས་ལ། །འཕྱ་དང་གཞོགས་འཕྱས་གྱིས་ལྟུང་འགྱུར། །གཞོགས་འཕྱས་བརྩེ་བ་མེད་པའི་ཚིག །འཕྱ་བ་ཕ་རོལ་ལ་སྨོད་པའོ། །བསྒོ་བ་རྣ་གཟོན་ལྟུང་བའོ། །བསྒོ་བ་ཞེས་བྱ་དྲི་བར་བརྗོད། །རྣ་ལ་གཟོན་པ་ངན་སོང་ཀྱིས། །ངེས་པས་ལན་གཞན་སྨྲ་བའོ། །གཞན་དྲིས་པ་

ན་གཞན་དུ་ནི། །གཞན་གདུང་བྱ་ཕྱིར་སྨྲ་ཡང་ཡིན། །གཞན་དུ་གསད་བྱའི་གང་ཟག་ནི། །དགྲ་བོས་དྲིས་ཚེ་འདི་སྐད་དུ། །ནམ་མཁའ་འམ་སོར་མོ་བདག་མཐོང་གི །དམ་པའི་དོན་དུ་སེམས་ཅན་མིན། །ཞེས་ནི་ཁ་ནས་བསླུ་ཚིག་དག །བརྗོད་པ་ལ་ནི་བཀག་པ་མེད། །རྣ་ལ་གཟོན་

པའི་བསམ་པ་ཡིས། །དྲིས་ཚེ་སྡོམ་བརྩོན་མི་སྨྲ་འདུག །ཉེས་བྱས་ཀྱིས་ནི་ངན་སོང་དུ། །སྡུག་བསྔལ་མཐར་ནི་སྨྲ་བར་འདོད། །དགེ་འདུན་མལ་སྟན་ཁྲིའུ་སོགས། །བླ་གབ་མེད་པར་བོར་ནས་ཀྱང་། །གཞན་ལ་མ་བཅོལ་བར་ཡང་ནི། །འགྲོ་ན་ཟད་བྱེད་ལྟུང་བ་འཐོབ། །བརྟུལ་

Vol. 166 · folio 27b

ཞུགས་ཅན་ནི་འགྲོ་བ་ན། །ཇི་སྲིད་ཁྲིའུ་ལ་སོགས་པའི། །ཕྱི་ཡི་མཚམས་ནི་མ་འདས་པ། །དེ་སྲིད་དུ་ནི་ཉེས་བྱས་སོ། །སླར་ལོག་ཚེ་ན་མ་ཉམས་ན། །ཉེས་བྱས་དང་ནི་ལྡན་འགྱུར་ཏེ། །ཇི་སྟེ་ཕན་ཚུན་གྱུར་ན་ནི། །དེ་ལ་ཟད་བྱེད་ལྟུང་བྱེད་དོ། །མེ་དང་རླུང་དང་ཆར་པ་ཡི། །དབྱེ་

བས་ཕན་ཚུན་གསུམ་དུ་གསུངས། །རིམ་པ་གཉིས་པར་ཚིག་ན་ནི། །མེ་ཡི་ཕན་ཚུན་ཞེས་བྱའོ། །རིམ་པ་གཉིས་དག་བཟློག་ན་ནི། །རླུང་གི་ཕན་ཕུན་ཉིད་ཅེས་བྱ། །ཆར་པ་ཞེས་བྱ་ཆར་ཆུ་ཡིས། །རིམ་པ་གཉིས་པར་ཕིགས་ན་ཡིན། །གཙུག་ལག་ཁང་དུ་ཞུགས་པ་ན། །

མེ་ལ་སོགས་པའི་ཕན་ཕུན་ལ། །ཉེས་བྱས་ལ་སོགས་རྣམ་གཞན་དག །སྔ་མ་བཞིན་དུ་ཡང་དག་བཤད། །ལམ་དུ་རབ་ཞུགས་དེ་ལྟའི་གཞི། །གལ་ཏེ་དྲན་པར་གྱུར་ན་དེའི། །མོད་ལ་བྱིས་པའི་རང་བཞིན་ཞེས། །བདག་ཉིད་ལ་ནི་ཡང་དག་སྨད། །དེ་ཡིས་ཇི་སྲིད་དགེ་སློང་

གཞན། །མཐོང་ནས་ཉེ་བར་སོང་ནས་ནི། །གནས་མལ་མལ་སྟན་སྦ་བའི་ཕྱིར། །གུས་པ་སྔོན་འགྲོས་གསོལ་བ་གདབ། །གལ་ཏེ་དེ་ཡིས་ཐོས་ནས་ཀྱང་། །དེ་དག་སྦ་བཏུལ་མི་བྱེད་ན། །དེ་ཡང་ལྟུང་བྱེད་མདའ་ཡིས་ནི། །ཕོག་པའི་སྡུག་བསྔལ་ཉམས་མྱོང་འགྱུར། །ཁྱིམ་

པས་མགྲོན་དུ་བོས་པའི་ཚེ། །འདུག་སྟན་ལ་སོགས་གཡར་བ་ན། །དེ་ཚུལ་དག་གམ་ཁྱིམ་པ་ཡིས། །བཀུར་བར་བྱ་ཡིས་རང་གིས་མིན། །གཙུག་ལག་ཁང་དུ་ཁྱིམ་པ་དག །ཟན་ཟའི་ཚེ་ན་རྫོགས་ཀྱི་བར། །འདུག་སྟན་སྦྱིན་བྱ་དེ་དག་ལ། །རང་དོན་མ་ཉམས་པ་ཡིས་བསྲུང་། །

ནད་པ་དང་ནི་ནད་གཡོགས་དག། །རྒན་པོར་གྱུར་དང་ཚུལ་ཁྲིམས་འཆལ། །ནད་བཅས་བསྙེན་པར་མ་རྫོགས་ལ། །ནམ་ཡང་ཡིད་བརྟན་མི་བྱའོ། །སྟན་གཅིག་ལ་ནི་འདུག་པ་ན། །གསར་བུས་དེ་དག་བརྟུལ་བྱ་ཞིང་། །གཉི་ག་གསར་བུ་ཡིན་ན་ནི། །སྟན་གང་ཕྱི་ནས་དོང་པས་

ཡིན། །དམ་པའི་ཆོས་ཉན་ལ་སོགས་དུས། །གནས་བརྟན་མཁྲང་མི་ཚུགས་པ་ཡིས། །གང་དུ་འདུག་དེར་འདུག་སྟན་ནི། །གཞག་བྱ་འགྱེལ་བ་ཉིད་ཕྱིར་ཡང་། །དེ་ཕྱིར་མཁྱེན་མཆོག་བཅོམ་ལྡན་གྱི། །བསྙེན་བཀུར་ཆོ་ག་ཐམས་ཅད་ནི། །གཉི་ག་ལ་ཡང་ཕན་འདོད་པས། །

Vol. 166 · folio 28a

བླ་མ་ལ་བརྟེན་བྱ་བར་གསུངས། །རིངས་པའི་རྐྱེན་ནི་བྱུང་བ་ན། །རྩིག་པའི་དྲུང་ངམ་ཤིང་དྲུང་དུ། །བཞག་པ་ལ་ནི་ཉེས་མེད་དེ། །གློ་བུར་ཟས་ནི་གཅད་མི་བྱ། །གང་དུ་སོང་ནས་མི་ལྟ་བའི། །ཇི་སྲིད་ཆོས་གོས་ཉེ་འཁོར་ནི། །སྔར་གསུངས་དེ་སྲིད་མལ་

སྟན་གྱིའང་། །ཤིན་ཏུ་བདེ་བ་སྒྲུབ་བྱེད་པའི། །རིན་ཆེན་ཆོས་ནི་སྟོན་པ་ན། །སྟོན་པའི་བཀའ་ནི་མཆོད་བྱས་པས། །སྟན་མཐོ་མཛེས་ལ་འདུག་པར་བྱ། །གྲུ་བཞི་རབ་མཉམ་བདེ་བའི་སྟན། །རྒྱབ་རྟེན་རྐང་རྟེན་སྐས་དང་བཅས། །ཆུན་འཕྱང་བླ་རེས་ལེགས་བཀོད་པའི། །སེང་གེའི་

ཁྲི་ཡང་བཅང་བར་བྱ། །ནོར་ཡོད་དེ་ཚེ་རྗེས་གནང་ཕྱིར། །འདུས་བྱས་མི་རྟག་ཡིད་ཆེས་པས། །རིན་ཆེན་ཀུན་གྱིས་མཛེས་པར་ནི། །ལེགས་བྱས་དེ་ལ་འདུག་བྱ་ཉིད། །དེ་ལྟར་ཡིད་ལ་བྱེད་པ་དང་། །སྦྱིན་བདག་ལ་ཡང་ཕན་པའི་ཕྱིར། །སྡོམ་བརྩོན་རིན་ཆེན་སྣ་ཚོགས་ཀྱིས། །མཛེས་

པའི་ཁྲི་ལ་འདུག་པར་བྱ། །གནོད་སྦྱིན་གནས་དང་ཀླུ་ཡི་ཡུལ། །ལྷ་མིན་ལྷ་ཡུལ་སྐྱོན་མེད་དེ། །གང་འདི་དེ་དག་བསོད་ནམས་ལས། །ལེགས་གྲུབ་ཕྱིར་ཞེས་ཐུབ་པས་གསུངས། །དགེ་འདུན་གཙུག་ལག་ཁང་དག་ཏུ། །སྡོམ་བརྩོན་རྩྭ་སོགས་བཏིང་ནས་ནི། །མ་བསྡུས་མ་བཅོལ་

གྱི་ནར་ཡང་། །རྐྱེན་མེད་འགྲོ་བར་བྱེད་ན་ལྟུང་། །མལ་སྟན་གྱི་ནི་རིགས་པ་ཡིས། །རྗེས་ལ་བསྟན་པ་འདི་ལ་ཡང་། །འདུལ་བའི་ཆོ་ག་ལ་མཁས་པས། །ངེས་པར་ལྟུང་བ་ཉིད་དུ་བཤད། །གཙུག་ལག་ཁང་དུ་ཐོབ་པ་ཡང་། །ཆུ་ཡི་ནང་དུ་དོར་ནས་སམ། །ཁྱིམ་གཞན་དུ་ཡང་མི་བརྟུལ་

ལམ། །ཅི་གར་མ་བརྟུལ་ཉེས་བྱས་སོ། །བསམ་གཏན་པ་ཡི་འཆག་པའི་ས། །ཁྲུ་ནི་བཅོ་བརྒྱད་དག་ཏུ་བྱ། །ཁ་ཏོན་པ་ཡི་ཁྲུ་བཅུ་གཉིས། །རྩུབ་ན་པར་ཐང་ལ་སོགས་གདིང་། །གཞན་དུ་ནད་བསྐྱེད་འགྱུར་བ་སྟེ། །ས་གཞི་དག་ཏུ་གདིང་བར་བྱ། །བག་ཡོད་ཤེས་བཞིན་དང་

བཅས་བཅག །ཟླ་བ་ཕྱེད་ཅིང་སྐྱང་ནུལ་བྱ། །དགེ་འདུན་གཙུག་ལག་ཁང་ནས་ནི། །སྡང་བས་དགེ་སློང་ཕྱིར་སྐྲོད་ན། །དགེ་སློང་ལ་ནི་ལྟུང་བྱེད་གསུངས། །དེ་འདྲའི་རྐྱེན་ཅན་མ་གཏོགས་སོ། །གལ་ཏེ་རང་མིན་དགེ་སློང་གཞན། །སྡང་བཅས་སྐྲོད་དུ་འཇུག་ན་ཡང་། །དེ་དག་

Vol. 166 · folio 28b

གཉི་ག་ལ་ཡང་ནི། །ལྟུང་བྱེད་ཁོ་ནར་གསུངས་པ་ཡིན། །དགེ་ཚུལ་ལ་སོགས་རྣམས་ཀྱིས་ཀྱང་། །སྡོམ་བརྩོན་སྐྲོད་དུ་འཇུག་བྱེད་ན། །དགེ་སློང་ལ་ནི་ལྟུང་བྱེད་དེ། །དེ་དག་ལ་ནི་འགལ་ཚབས་ཅན། །ཁ་ཟས་ངན་དང་བཟང་པོས་སམ། །གྲང་དང་དྲོ་སོགས་ཀྱིས་ཀྱང་རུང་། །

དགེ་སློང་ལ་ནི་ཐོ་འཚམས་ན། །ལྟུང་བྱེད་ཁོ་ནར་འགྱུར་བ་ཡིན། །བསྙེན་བཀུར་བ་དང་ཁྲུས་ཁང་དང་། །ཁང་པའི་སྒོ་མོ་ཉིད་དང་ནི། །གནས་ཁང་མཛོད་དང་ཁང་བཟངས་སུ། །དགེ་སློང་ཉིད་ལ་གཏད་ནས་ནི། །འདུག་སྟན་གནས་དང་གནས་མལ་ལ། །དགེ་སློང་སྔ་ནས་གནས་པ་

ལ། །འཚེ་བ་ཕྱིས་གནོན་ལྟུང་བྱེད་ཡིན། །གཙུག་ལག་ཁང་སྟེང་གནས་སུ་ནི། །སྤང་ལེབ་སོགས་ཀྱིས་ཕུབ་པ་ལ། །འདུག་པར་བྱ་སྟེ་ཁྲི་ཁང་དག །འབྱུང་བ་ལ་ནི་ལྟུང་བྱེད་འདོད། །དེ་བཞིན་ལེགས་པར་གནས་བཅས་དང་། །རྩ་བ་འབྱུང་བ་ཞེས་བྱ་གང་། །གཙུག་ལག་ཁང་

གི་སྟེང་གི་ཐོག །ཤིན་ཏུ་མཁྲང་པ་མ་ཡིན་ལ། །མནན་པས་རྩ་བ་ཕྱིར་འབྱུང་བའོ། །རྐང་རྟེན་བྱས་པ་ཉིད་དང་ནི། །བཀན་ཏེ་བཞག་ནས་འདུག་པ་ལ། །འདིར་ནི་བཀག་པ་ཡོད་མིན་ཏེ། །ཉལ་བ་ལ་ཡང་ཚུལ་འདི་ཉིད། །ལྕགས་ཀྱི་གཟེར་བུས་བསྡམས་པ་དང་། །རྩ་བ་བརྟན་པོ་

དག་ལ་ཡང་། །བལ་བ་ཛ་སོགས་བཅིངས་ཀྱང་རུང་། །ཕུར་བུ་ལྟ་བུ་བཀག་པ་ཡིན། །སྲོག་ཆགས་བཅས་པའི་ཆུ་ཡིས་ནི། །རྩྭ་ཤིང་སོགས་ལ་འདེབས་བྱེད་དམ། །འདེབས་སུ་འཇུག་པ་ཉིད་ཀྱང་རུང་། །སྡོམ་བརྩོན་ལ་ནི་ལྟུང་བྱེད་ཡིན། །སྲོག་ཆགས་བཅས་ལ་དེར་འདུ་ཤེས། །ཐེ་

ཚོམ་གྱིས་ཀྱང་སྡོམ་ཅན་ལྟུང་། །མེད་པར་འདུ་ཤེས་ཉེས་མེད་དེ། །ཐེ་ཚོམ་གྱིས་ཀྱང་ཉེས་བྱས་ཉིད། །བུམ་པ་དཔྱང་ཐག་བཅས་པར་ནི། །སློང་ལ་སྟེར་བྱེད་ཉེས་པ་མེད། །རྙོག་པ་ཀ་ཏ་ཀ་སོགས་ཀྱིས། །དངས་པར་བྱས་ཏེ་བརྟག་པར་བྱ། །རྙོག་པ་ཉིད་དངས་བྱད་བཞིན་གྱི། །གཟུགས་

བརྙན་གང་དུ་ལྟར་ཡོད་ཚང་། །དེ་ནི་འབད་པས་བཙགས་ནས་ནི། །ཤིན་ཏུ་དག་པས་ཆུ་བཏུང་ངོ་། །ཁྲོན་པ་བཀོད་མས་རྣམ་དག་དང་། །ཞབས་ཚགས་ཅན་སོགས་དམ་པོ་དང་། །དགེ་འདུན་དགེ་སློང་གིས་དག་པ། །རུང་བའི་ཆུ་ལྔ་ཡང་དག་གཟུང་། །རིལ་ཚགས་ཞེས་བྱའི་

Vol. 166 · folio 29a

རྣམ་པ་དང་། །དེ་བཞིན་གྲོལ་བར་བྱེད་པའི་རས། །གྲུ་གསུམ་པ་དང་ཞབས་ཚགས་ཏེ། །བུམ་ཚགས་གཅེའུ་ཅན་དང་ལྔ། །ཇི་སྲིད་དག་པར་ངེས་པའི་བར། །རྩེ་གཅིག་པ་ཡི་རྒྱུན་དུ་ནི། །འབད་པས་ཆུ་རྣམས་ཡོངས་བརྟག་སྟེ། །འོན་ཀྱང་བླ་འོག་ཡང་

ཡང་མིན། །མ་ག་དྷཱ་པའི་སྨྱུག་མས་གང་། །བ་ལང་དྲུག་པའི་ཤིང་རྟ་ནི། །ཡོངས་སུ་འཁོར་བའི་དུས་གང་གི། །ཚད་དེར་ཆུ་དེ་ཡོངས་སུ་བརྟག །སྣོད་ཀྱི་སྐྱོན་ལ་སོགས་པ་ཡིས། །གལ་ཏེ་ཐེ་ཚོམ་འགྱོད་སྐྱེས་ན། །དེ་ནི་སླར་ཡང་བརྟག་བྱ་སྟེ། །ཐེ་ཚོམ་མེད་པར་ཡོངས་སུ་

སྤྱད། །རྒྱང་གྲགས་ལྔ་ཡི་བར་དག་ཏུ། །སོང་ནས་ཕྱིན་པ་དེ་ན་ནི། །གྲོལ་བྱེད་རས་ལ་སོགས་པ་ཡི། །ཆུ་ཚགས་ཡོད་པ་ཡིན་ན་འགྲོ། །སླར་ལོག་པ་ཡི་བསམ་པ་ཡིས། །དཔག་ཚད་ཕྱེད་འགྲོ་ཉེས་མེད་དེ། །དོན་མཐུན་ལ་ནི་ཡིད་བརྟན་པས། །ཤིན་ཏུ་རྒྱང་རིང་སོང་ཡང་ངོ་། །

ཆུ་བོའི་རྒྱུན་བཞིན་འགྲོ་བ་ལ། །བརྟགས་པའི་ཆུ་འཐུང་ཉེས་པ་མེད། །ཆུ་གཞན་དང་ནི་མ་འདྲེས་ན། །རྒྱང་གྲགས་རེ་རེར་བརྟག་པར་བྱ། །རྒྱུན་ལས་བཟློག་ཕྱོགས་འགྲོ་བ་ཡིས། །འཇུག་ངོགས་རེ་རེར་བརྟག་པར་བྱ། །ཆུ་གཞན་དང་ནི་འདྲེས་པ་ལའང་། །སྔར་བསྟན་ཚུལ་འདི་ཉིད་ཤེས་

བྱ། །ཁྲོན་པ་ལ་སོགས་ཆུ་བླངས་ནས། །ཆུ་དེ་གང་གི་ཡིན་པ་དང་། །དེ་ཡི་ལྷག་པའི་ལྷ་ཡི་ཕྱིར། །བདེ་གཤེགས་ཀྱིས་གསུངས་ཚིགས་བཅད་འདོན། །བུམ་པའི་ཁ་ནི་བཟློག་པ་ཡིས། །ནམ་ཡང་ཆུ་བཏུང་མི་བྱ་སྟེ། །ལོ་མ་ལ་སོགས་མ་རྙེད་ན། །དབེན་པར་འཐུང་ལ་ཉེས་པ་

མེད། །རིལ་ཚགས་ལ་སོགས་ཁ་དག་ནི། །འདབ་མ་སོགས་ཀྱིས་ངེས་པར་དགབ། །ཆུ་འཐུངས་དེ་རྗེས་བུམ་པ་སོགས། །མ་བཀབ་ཡལ་དོར་ཉེས་བྱས་ཡིན། །བུམ་པ་ལ་སོགས་དྲི་མ་ནི། །རབ་ཏུ་འབད་པས་བཀྲུ་བར་བྱ། །བསྐམ་འོས་དུས་ན་ཇི་སྲིད་དུ། །རུང་བའི་དོན་དུ་ཉེ་བར་

བསྐམ། །ཁྱིམ་པས་ཁྱིམ་པ་ཉིད་ལ་སྟེ། །དགེ་ཚུལ་གྱིས་ནི་མི་རུང་ངོ་། །དགེ་སློང་གིས་ནི་ཁྱིམ་པ་དང་། །དགེ་ཚུལ་གཞན་ལ་རུང་བ་ཡིན། །དགེ་སློང་དེ་ཡིས་རྣམ་བརྟགས་པ། །གང་ཕྱིར་ཁྱིམ་པ་ལ་ཡང་རུང་། །དགེ་སློང་ཡང་དག་གནས་པས་བརྟག །གཞན་དུ་བསླབ་ལ་གཡེལ་

Vol. 166 · folio 29b

བས་མིན། །ཁྲོན་པ་རྫིང་བུ་ལ་སོགས་པའི། །ཆུ་རྣམས་ཟས་སོགས་དྲི་མ་ཅན། །ཐེ་ཚོམ་མེད་པར་བཙགས་ནས་ནི། །དེ་ཡིས་རྟོག་པ་དེ་མེད་བྱ། །ཁྱིམ་པ་རྣམས་ཀྱིས་ཁྲོན་པ་སོགས། །ཡོངས་སུ་བརྟགས་པས་དག་པ་ཡིན། །དེ་ཡི་གནས་སྐབས་ཤེས་ནས་ནི། །དུས་མ་ཡིན་པར་ཡང་

ནི་རུང་། །བ་ལང་ལྷས་ལ་སོགས་པར་ནི། །དགེ་སློང་སོང་ཚེ་ཆུ་མེད་དམ། །ཉུང་ན་ཞོ་ག་ཆུའམ་ནི། །འོ་མ་སོགས་ཀྱིས་རྐང་བཀྲུར་རུང་། །བཤང་བ་ཆང་དང་གཅི་བ་ཡི། །སྣོད་དག་རྣམ་པར་སྤང་བར་བྱ། །མར་ཁུ་ལ་སོགས་པ་ཡི་སྣོད། །མེ་དང་ཆུ་ཡིས་ཡོངས་སུ་སྤྱད། །ཉ་དང་རུས་

སྦལ་གྱིས་བལྡགས་པའི། །གཤེར་གྱི་དྲི་མ་སྤང་བའི་ཕྱིར། །རུང་བའི་ཆུ་ནི་སྐོམ་པ་ལ། །དུས་མ་ཡིན་པར་ཡང་ནི་སྤྱད། །བུད་མེད་དག་ལ་དགེ་སློང་གིས། །ཆུ་སོགས་བླུད་པར་འདོད་པ་ན། །རྒྱུན་གྱིས་སྦྱིན་པར་མི་བྱ་སྟེ། །ཀུན་ནས་ཆགས་སེམས་ཀྱིས་ཀྱང་མིན། །སྒོ་ལེབ་ངོས་ཁུང་

དག་དང་ནི། །སྨད་དུ་ཆུ་ཁུང་བཏོད་པ་དང་། །སྐར་ཁུང་འབབ་སྟེགས་བཅས་པ་ཡི། །གཙུག་ལག་ཁང་ཆེན་བྱ་བ་ཡིན། །ཆར་དང་རླུང་ནི་བཟློག་པའི་ཕྱིར། །སྟེང་ནས་མནན་པར་བྱ་བ་ནི། །རྩྭ་བཅས་འཇིམ་པའི་གོང་བུ་དག །གཉིས་སམ་གསུམ་གྱི་བར་དུའོ། །དེ་ལས་ལྷག་

པར་གང་འཇོག་པ། །ངེས་པར་ལྟུང་བྱེད་འགྱུར་བ་ཡིན། །སོ་ཕག་རྡོ་བ་དག་གིས་སམ། །ཐམས་ཅད་ཤིང་བྱེད་ཉེས་པ་མེད། །ཚུལ་ཁྲིམས་ལྡན་དང་ཐོས་པ་འཛིན། །གནས་བརྟན་རྒྱལ་ཚབས་ལྟ་བུ་དང་། །ཕུན་ཚོགས་ཚིག་ལྡན་ལུས་ཀྱིས་ནི། །དགེ་སློང་མ་ནི་སུན་མ་ཕྱུང་། །ཆོས་

ལྔ་འདི་དང་ལྡན་པ་ལ། །དགེ་འདུན་གྱིས་ནི་བསྐོས་པ་དག །དགེ་སློང་མ་ལ་འདོམས་པ་སྟེ། །གཞན་དུ་ལྟུང་བ་ཉིད་ཡིན་ནོ། །མདོ་སྡེ་འདུལ་བ་ཆོས་མངོན་དང་། །འབྲེལ་པའི་དོན་ནི་རབ་སྟོན་པ། །གདམས་པ་ཡིན་པར་འདྲེན་པ་ཡིས། །རྩོད་པ་མེད་པར་གསུངས་པ་ཡིན། །

གནས་བརྟན་གྱིས་ནི་བསྟན་པའི་ཚིག །འཕགས་པའི་ཚོགས་ཀྱིས་བཞེད་པ་ནི། །སླར་ཡང་གདམས་པ་གཞན་འདི་ནི། །གཉིས་པར་ཡང་ནི་གསུངས་པ་ཡིན། །དགེ་སློང་མ་ཡི་དགེ་འདུན་ཁྱེད། །ཐམས་ཅད་ཡོངས་སུ་དག་གམ་དྲི། །ཁྱེད་ལ་རྗེས་སུ་སྟོན་པ་ནི། །དགེ་སློང་

Vol. 166 · folio 30a

སུ་ཡང་སྤྲོ་བ་མེད། །ངན་སོང་གསུམ་འགྲོ་འཇིགས་བྱེད་པས། །ཇི་ལྟར་བསླབས་པ་མི་འཁྲུགས་པ། །ཐུབ་པའི་བསྟན་ལ་རྟག་ཏུ་ནི། བག་ཡོད་སྒྲུབས་ཤིག་སྲིང་མོ་རྣམས། །གདུལ་བྱའི་འགྲོ་ལ་རྗེས་བརྩེ་བས། །འདུལ་བ་གང་དེ་རྒྱལ་སྲིད་བརྗོད། །དེ་

ལྟར་འདི་ནི་ལེགས་པ་སྟེ། །དགེ་སློང་རྒྱལ་པོ་ཞེས་བྱའོ། །རེ་ཤིག་གདམས་པར་འདོད་པ་ནི། །ཚུལ་ལྡན་རྣམས་ཀྱིས་བསྐོས་པ་ཡང་། །ཉི་མ་འཇིག་རྟེན་པ་ཡི་མིག །ཇི་སྲིད་མ་ནུབ་བར་དུའོ། །ནུབ་ལ་དེ་ནི་འདུ་ཤེས་སམ། །ཐེ་ཚོམ་གྱིས་ཀྱང་གདམས་ངག་དང་། །རྗེས་སུ་སྟོན་ན་

ཟད་པ་ཡིས། །ལྟུང་བྱེད་དང་ནི་ཡང་དག་ལྡན། །མ་ནུབ་ནུབ་པར་འདུ་ཤེས་སམ། །ཐེ་ཚོམ་གྱིས་ཀྱང་ངེས་པར་ནི། །ཉེས་བྱས་མདའ་ཡིས་ཕོག་པ་ཡི། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །སྒོ་འམ་སྒོ་དང་ཉེ་བར་ཡང་། །གལ་ཏེ་ཆར་ནི་འབབ་གྱུར་ན། །ཤིན་ཏུ་ཡུན་རིངས་

འདོམས་པ་ལ། །ནུབ་ནས་ཀྱང་ནི་ལྟུང་བ་མེད། །དགེ་སློང་མ་ཡི་མཁས་རྣམས་ཀྱི། །བླ་མ་ཅི་ནུས་བསྙེན་བཀུར་བྱ། །དེ་ཡི་སྤྲོ་དང་བསོད་ནམས་དག །སྤེལ་ཕྱིར་བླ་མ་ཡིས་ཀྱང་སྤྱད། །ཕྲག་དོག་དྲི་མས་བསྒོས་སེམས་ཀྱིས། །དེ་ལ་སྨོད་བྱེད་དགེ་སློང་ནི། །ལྟུང་བས་ཀུན་ནས་

བསླང་བ་ཡིས། །དམྱལ་མེ་སྦོར་བར་བྱེད་པ་ཡིན། །ཡང་ན་ཟང་ཟིང་འདོད་པ་ཡི། །སྲེད་པ་ཁོ་ནའི་དབང་གྱུར་པས། །གདམས་པ་བྱེད་ན་བདེན་པར་ནི། །སྨྲ་བྱེད་ཉེས་པ་ཡོད་མ་ཡིན། །ཉེ་དུ་མ་ཡིན་དགེ་སློང་མའི། །ཆོས་གོས་བྱེད་ན་ལྟུང་བྱེད་དོ། །འདི་ལ་སྟེར་ནའང་ལྟུང་བྱེད་དུ། །

རྗེས་སུ་བསྟན་པ་ཁོ་ནའོ། །དགེ་སློང་འགྲོན་ལམ་འགྲོ་བ་ན། །དགེ་སློང་མ་ཡི་གྲོགས་བྱེད་བཀག །ཆོམ་རྐུན་ལ་སོགས་འཇིགས་བཅས་པའི། །ལམ་དུ་ལྟུང་བར་མི་འདོད་དོ། །དགེ་སློང་རྣམས་ཀྱིས་དགེ་སློང་མའམ། །དགེ་སློང་ཡང་ནི་དགེ་སློང་མས། །ལམ་དུ་ན་ན་བསྐུར་བྱ་

སྟེ། །ཁུར་བྱེད་ཡེ་མེད་གྱུར་ནའོ། །དགེ་སློང་མ་ཡིས་འོངས་པ་ཡི། །ལམ་རྒྱགས་དགེ་སློང་ལ་ནི་རུང་། །དགེ་སློང་གིས་འོང་དེ་ལ་ཡང་། །རྣམ་པ་ཀུན་ཏུ་བཀག་པ་མེད། །དགེ་སློང་དགེ་སློང་མ་དང་ནི། །ལྷན་ཅིག་རྒྱུན་དང་བཟློག་ཕྱོགས་སུ། །གྲུར་འཇུག་པ་ནི་བཀག་པ་ཡིན། །

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words