འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན
Sanskrit title (Tibetan script, as in the text) ཨཱརྱ་མཱུ་ལ་སརྦ་ཨསྟི་བ་དི་ཤྲ་མ་ཎེ་ར་ཀཱ་རི་ཀཱ་པྲྀཏྟི་པྲ་བྷཱ་བ་ཏི
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 166 · folio 74a
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཱུ་ལ་སརྦ་ཨསྟི་བ་དི་ཤྲ་མ་ཎེ་ར་ཀཱ་རི་ཀཱ་པྲྀཏྟི་པྲ་བྷཱ་བ་ཏི། བོད་སྐད་དུ།
འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན། བམ་པོ་དང་པོ། །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་ཡོད་སྨྲ་གང་དག་རྒྱལ་འགྱུར་བ། །སྟོན་པའི་བསླབ་པ་འཛིན་བྱེད་ས་འཛིན་དབང་། །གཞན་ཞིག་སྐྱེས་འགྱུར་མེ་ཏོག་མདའ་ཅན་དཔུང་། །
རབ་ཏུ་རྒྱུ་བ་དེ་དག་བཅོམ་ཞིང་རྒྱལ། །འཕགས་པ་ཡོན་ཏན་འོད་དང་ཉེར་སྦས་དང་། །ཟླ་སྩོགས་རྣམ་བཤད་མཛད་ལ་དད་པ་ཡིས། །ཕྱག་འཚལ་དགེ་ཚུལ་ཚིག་ལེའུར་བྱས་པའི་དོན། །ཚིག་དོན་ལྡན་པ་སྤེལ་བས་ཇི་བཞིན་བཤད། །རྣམ་བཤད་མཐའ་དག་རྣམ་མང་ངེས་བརྟགས་ནས། །འདུལ་བ་རྒྱ་མཚོའི་
Vol. 166 · folio 74b
ཕ་རོལ་ཕྱིན་མེད་ཚུལ། །ཆུ་སྲིན་ན་ཀྲའི་འཇིགས་ཅན་དེ་ལས་བདག །གྲོགས་ཀྱིས་ངོ་དགར་འདོད་པའི་དད་པ་སྐྱེས། །བླ་མའི་མན་ངག་ཡང་དག་རྣམ་བཤད་པ། །དེ་དང་དེ་དག་ཐོས་ཏེ་འོན་ཀྱང་ནི། །ཟབ་མོ་རྣམ་པར་གཏན་ལ་དབབ་པ་ལ། །སོ་སོའི་སྐྱེ་བོའི་སེམས་དག་འཁྲུལ་བར་འགྱུར། །ཡོན་ཏན་
འོད་བཤད་ལམ་གྱི་རྗེས་འབྲངས་ནས། །མཁས་པས་བདག་སྨད་མི་འགྱུར་དེ་ཡི་ཕྱིར། །ཐམས་ཅད་ཡོད་སྨྲའི་བླ་མ་རྣམས་ཀྱིས་བདག །འདི་ལ་ཡང་དག་ཞུགས་པས་མྱུར་གྲུབ་མཛོད། །ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡུག་བསྔལ་སྤོང་། །འཇིག་ཚོགས་ལྟ་བ་གདོན་གྱི་རྩ་བ་འཇོམས། །དཔལ་
འབྱོར་ས་དང་མེ་ཏོག་མདའ་ཅན་འཇོམས། །སངས་རྒྱས་ལ་ནི་མགོས་གཏུགས་བཤད་པར་བྱ། །གཞི་ཐམས་ཅད་ཡོད་པར་སྨ་བའི་དགེ་ཚུལ་རྣམས་ཀྱི་ཆོ་ག་བསྡུ་བར་བཞེད་ནས། སངས་རྒྱས་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ཏེ། ངེས་པར་འབྱུང་བའི་ཚུལ་ཁྲིམས་བཤད་པར་བྱའོ། །
ཞེས་བྱ་བ་ལ་སོགས་པ་སྐབས་འབྱེད་པ་ཡིན་ནོ། །ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བ་སྟེ། ཁམས་གསུམ་ལས་ངེས་པར་ཕྱིན་པ་ཡིན་ནོ། །དེའི་རྒྱུར་གྱུར་པའི་ཚུལ་ཁྲིམས་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་སོ། །འདིས་ནི་ངེས་པར་ལེགས་པའི་རྒྱུ་ཉིད་ཡིན་པར་བསྟན་ཏོ། །ངེས་པར་ལེགས་པ་ཡང་
རྣམ་པ་གཉིས་ཏེ། ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པ་ཐ་དད་པས་སོ། །དེ་ལ་ཚུལ་ཁྲིམས་གང་གིས་ཕུང་པོ་ལྔའི་བདག་ཉིད་ཀྱི་སྡུག་བསྔལ་སྤོང་བར་བྱེད་པ་ནི་སྡུག་བསྔལ་སྤོང་བྱེད་ཅེས་བྱ་བ་སྟེ། འདིས་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་རྒྱུ་ཉིད་ཡིན་པར་བསྟན་
ཏོ། །འཇིག་ཚོགས་ལ་ལྟ་བ་ཉིད་གདོན་ཡིན་ཏེ། གསོ་བར་དཀའ་བ་ཉིད་ཡིན་པའི་ཕྱིར་རོ། །དེའི་རྩ་བ་སྟེ། ས་བོན་འཇོམས་པར་བྱེད་པ་ཡིན་པས་འཇིག་ཚོགས་ལྟ་བའི་གདོན་གྱི་རྩ་བ་འཇོམས་བྱེད་དེ། འདིས་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་རྒྱུ་ཉིད་ཡིན་པར་སྟོན་ཏེ།
དཔལ་འབྱོར་ས་ཞེས་བྱ་བ་ནི་རྟེན་ཡིན་ཏེ། མངོན་པར་མཐོ་བའི་རྒྱུ་ཡིན་པར་ཡང་བསྟན་ཏོ། །མེ་ཏོག་གི་མདའ་ཅན་འདོད་པའི་ལྷ་སྟེ། དེ་འཇོམས་པའི་རྒྱུར་གྱུར་པ་ཡིན་པའི་ཕྱིར་མེ་ཏོག་མདའ་ཅན་འཇོམས་པ་སྟེ། ལྷའི་བུའི་བདུད་ལས་རྣམ་པར་རྒྱལ་བར་བྱེད་པའི་རྒྱུ་ཡིན་ནོ། །ཞེས་བྱ་བའི་ཐ་ཚིག་གོ། །
Vol. 166 · folio 75a
འདིས་ནི་མངོན་པར་མཐོང་བ་ཡང་བསྟན་ཏོ། །ད་ནི། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་བརྫུན་བཅོས་པའི་ཆང་ལ་སོགས། །གར་སྩོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། ཕྱི་དྲོའི་ཁ་ཟས་དངུལ་ནི་སྤོང་བ་དེ། །ཉོན་མོངས་དགྲ་གཡུལ་རྒྱལ་བྱེད་ཚུལ་
ཁྲིམས་དེ། །དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས་པ་དང་། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས། །རྫོགས་པའི་བྱང་ཆུབ་དཔལ་ནོད་དབང་བསྐུར་ཡིན། །ཞེས་བྱ་བས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་རང་བཞིན་སྟོན་ཏེ། སྲོག་གཅོད་པ་ལ་སོགས་པ་རེ་རེ་ལ་ཡང་སྤོང་བར་སྦྱར་བར་བྱའོ། །
སྤོང་བ་ནི་སྤོང་བར་བྱེད་པའོ། །བཅོས་པའི་ཆང་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་སྦྱར་བའི་ཆང་བསྡུའོ། །གར་ལ་སོགས་པ་དང་། ཕྲེང་བ་ལ་སོགས་པ་དང་། མལ་མཐོན་པོ་དང་། ཆེན་པོ་དང་། ཕྱི་དྲོའི་ཁ་ཟས་ཞེས་བྱ་བར་ཚིག་དབྱེའོ། །དེ་ལ་གར་སོགས་ཞེས་བྱ་བ་ལ་སོགས་པའི་
སྒྲས་ནི་གླུ་དང་རོལ་མོའི་སྒྲ་གཉིས་གཟུང་ངོ་། །ཕྲེང་བ་ལ་སོགས་པའི་སྒྲས་ནི་སྤོས་ཉུག་པ་དང་ཁ་དོག་འཆང་བ་གཉིས་བསྡུའོ། །མལ་ཆེན་མཐོ་བ་ཞེས་བྱ་བ་ནི་དེ་ཆེན་པོ་ཡང་ཡིན་ལ། མཐོན་པོ་ཡང་ཡིན་པས་སོ། །མལ་གྱི་སྒྲ་སྤྱིར་བསྟན་པས་མལ་ཆེན་པོ་དང་མལ་མཐོན་པོ་སྟོན་ཏོ། །ཆེན་པོ་དང་
མཐོན་པོའི་སྒྲའི་ཡན་ལག་གི་སྒོ་ནས་ནི་མལ་ཞེས་སྤྱིར་བསྟན་པའི་ཁྱད་པར་དུ་འབྱེད་པ་ཡིན་ནོ། །དེའི་ཕྱིར་མལ་མཐོན་པོ་དང་། མལ་ཆེན་པོ་ཞེས་བྱ་བའི་དོན་དུ་འགྱུར་རོ། །མལ་གྱི་སྒྲ་ནི་མཚོན་པའི་དོན་ཡིན་པའི་ཕྱིར་སྟན་ཡང་བསྡུའོ། །ཕྱི་དྲོའི་ཁ་ཟས་ཞེས་བྱ་བ་ནི་ཕྱི་དྲོའི་ཁ་ཟས་ཞེས་བྱ་བའི་ཐ་ཚིག་གོ། །
ཟས་ནི་བཟའ་བ་སྟེ་མ་ནིང་གི་རྟགས་སུ་བསྟན་ཏོ། །དངུལ་རྣམས་སྤོང་བ་ཞེས་བྱ་བ་ནི་དངུལ་དང་གསེར་ལ་སོགས་པ་ལེན་པ་སྤོང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་སྲོག་གཅོད་པ་ལ་སོགས་པ་བཅུ་པོ་སྤོང་བ་གང་ཡིན་པའི་སྤོང་བ་སྟེ་ཚུལ་ཁྲིམས་ཡིན་ནོ་ཞེས་བྱ་བར་སྦྱར་བར་བྱ་སྟེ། དེ་ཡང་དགེ་ཚུལ་གྱི་སྡོམ་
པ་ཞེས་བྱ་བ་ཡིན་ནོ། །དེ་ལྟ་བུའི་སྤོང་བ་སྟེ། ཚུལ་ཁྲིམས་དེ་ནི་ཉོན་མོངས་དགྲའི་གཡུལ་ལས་རྒྱལ་བྱེད་དེ། ངེས་པར་འབྱིན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཉེ་བར་སྟོན་པར་བྱེད་པ་ཡིན་པའི་དོན་གྱིས་ཆུ་ལོན་བརྩིགས་པ་དང་འདྲ་བས་དགེ་ཚུལ་གྱིས་ནི་བརྟུལ་ཞུགས་ཀྱི་ཆུ་ལོན་བརྩིགས་པ་ཡིན་ནོ། །
Vol. 166 · folio 75b
དགེ་ཚུལ་གྱི་བརྟུལ་ཞུགས་ནི་འདིར་རབ་ཏུ་བྱུང་བ་ལ་བྱ་སྟེ། ཆོས་འདི་པ་རྣམས་ཀྱི་ཆ་བྱད་ཡིན་ནོ། །དགེ་ཚུལ་གྱི་སྡོམ་པ་ནི་སྤོང་བ་ཡིན་ཏེ། ཁྱད་པར་ནི་དེ་ཡིན་ནོ། །འཆི་བའི་མཆེ་བ་འབྱིན་པར་བྱེད་པའི་ཐབས་ཡིན་པ་ནི་འཆི་བའི་མཆེ་བ་འདོན་པའི་རྒྱུ་ཡིན་ཏེ། ཚུལ་ཁྲིམས་ལ་གནས་པ་དང་། ཐོས་པ་དང་།
བསམས་པ་དང་། བསྒོམས་པའི་རིགས་ཀྱིས་འཆི་བ་ངེས་པར་འཇོམས་པའི་ཕྱིར་རོ། །རྫོགས་པའི་བྱང་ཆུབ་ཉིད་དཔལ་ཡིན་ཏེ། ཆོས་ཀྱི་རྒྱལ་པོ་མཛད་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ཐོབ་པར་བྱ་བའི་ཕྱིར་དབང་བསྐུར་བ་ཡིན་ཏེ། དབང་སྦྱིན་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ད་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་
ཀྱི་སོ་སོའི་མཚན་ཉིད་བརྗོད་པར་བྱ་བའི་ཕྱིར་རེ་ཞིག་སྤྱིར་བཏང་བས་ནི། འདུ་ཤེས་གཙོ་ལ་དོན་གཉིས་ཇི་བཞིན་ན། །ལྟུང་རྫོགས་དོན་ཉིད་ཇི་བཞིན་མིན་ན་ཆུང་། །ཡིད་གཉིས་གྱུར་ན་ངེས་དང་འདྲ་བར་གཞག།བླངས་པའི་ཕྱོགས་མཐུན་རྣམས་ལ་ཡིད་ཀྱིར་འགྱུར། །ཞེས་བྱ་བ་སྨོས་སོ། །བསླབ་པའི་གཞི་ནི་
རྣམ་པ་གཉིས་ཏེ། འདུ་ཤེས་གཙོ་བོར་བྱ་བ་དང་། །དངོས་པོ་གཙོ་བོར་བྱ་བའོ། །དེ་ལ་འདུ་ཤེས་གཙོ་བོར་བྱ་བ་ནི་དཔེར་ན་སྲོག་གཅོད་པ་ལྟ་བུའོ། །དངོས་པོ་གཙོ་བོར་བྱ་བ་ནི་དཔེར་ན་འཁྲིག་པ་ལས་བྱུང་བ་ལྟ་བུའོ། །སྤྱིར་བཏང་བ་འདི་ནི་འདུ་ཤེས་གཙོ་བོར་བྱ་བ་རྣམས་ཀྱི་ཡིན་གྱི། དངོས་པོ་གཙོ་བོར་
བྱ་བ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་ཉིད་ཇི་བཞིན་ན་ཞེས་བྱ་བ་ནི་དོན་དེ་ཇི་ལྟ་བ་བཞིན་དུ་གལ་ཏེ་འདུ་ཤེས་ཀྱང་དེ་ཁོ་ན་ཉིད་བཞིན་དུ་གྱུར་ན། དེའི་ཚེ་ལྟུང་བ་རྫོགས་པ་ཡིན་ཏེ། དཔེར་ན་སྲོག་ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་པ་ལྟ་བུའོ། །དོན་ཉིད་ཇི་བཞིན་མིན་ན་ཆུང་
ཞེས་བྱ་བ་ནི། འདུ་ཤེས་བཞིན་དུ་གལ་ཏེ་དོན་དེ་ཁོ་ན་ལྟར་མ་ཡིན་ན་ལྟུང་བ་དེ་མ་རྫོགས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། དཔེར་ན་སྲོག་ཆགས་མེད་པ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་པ་ལྟ་བུའོ། །ཡིད་གཉིས་གྱུར་ན་ངེས་དང་འདྲ་བར་གཞག།ཅེས་བྱ་བ་ནི་ཐེ་ཚོམ་ཟ་བ་ནི་ངེས་པ་དང་འདྲ་བར་རྣམ་པར་གཞག་གོ་ཞེས་
བྱ་བའི་ཐ་ཚིག་གོ། །འདི་ལྟར་སྲོག་ཆགས་དང་བཅས་པ་ལ་ཡིད་གཉིས་སུ་གྱུར་པ་ནི་ལྟུང་བ་རྫོགས་པ་ཁོ་ན་ཡིན་ལ་སྲོག་ཆགས་མེད་པ་ལ་ཡིད་གཉིས་སུ་གྱུར་པ་ནི་རྫོགས་པ་མ་ཡིན་པར་རྣམ་པར་གཞག་གོ། །བླངས་པའི་ཕྱོགས་མཐུན་རྣམས་ལ་ཡིད་ཀྱིར་འགྱུར། །ཞེས་བྱ་བ་ལ། བླངས་ཞེས་བྱ་
Vol. 166 · folio 76a
བ་ནི་སྲོག་གཅོད་པ་སྤོང་བ་ལ་སོགས་པ་དང་། དེ་བཞིན་དུ་ཁྱིམ་པའི་རྟགས་སྤོང་བ་དང་། རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་པ་དང་། མཁན་པོར་ཁས་ལེན་པའོ། །བླངས་པའི་ཕྱོགས་དང་མཐུན་པ་ནི་དཔེར་ན་མི་ཚངས་པར་སྤྱོད་པ་སྤོང་བའི་ནི་ཁུ་བ་འབྱིན་པ་སྤོང་བ་ལ་སོགས་
བ་ལྟ་བུ་སྟེ། མ་བླངས་སུ་ཟིན་ཀྱང་བླངས་པ་དང་ཤན་འདྲ་བ་ཡིན་པས་ཕྱོགས་དང་མཐུན་པ་དེ་རྣམས་སུ་གྱུར་པ་ཁུ་བ་འབྱིན་པ་ལ་སོགས་པར་ཐལ་བ་ནི་ཕྱོགས་དང་མཐུན་པ་ཞེས་བྱའོ། །ཕྱོགས་དང་མཐུན་པ་དེ་དག་ཡོད་ན་ཡིད་ཀྱིར་འགྱུར་ཏེ། བསྡམ་པར་བྱས་པའི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་
གོ། །དེ་ལ་སྲོག་གཅོད་པའི་ཕྱོགས་དང་མཐུན་པ་ནི། དཔེར་ན་ཉེས་རྩོམ་གྱི་གཞི་མི་གཏོང་བ་དང་། རྣམ་པར་འཚེ་བ་དང་། དམག་གི་ནང་དུ་ཞུགས་པ་དང་། རྡེག་པ་དང་འགྱོད་པ་སྐྱེས་པ་དང་། བཟའ་བ་དང་། སྔངས་པར་བྱེད་པ་ལ་སོགས་པའོ། །མ་བྱིན་པར་ལེན་པའི་ཕྱོགས་དང་མཐུན་པ་ནི། །དཔེར་
ན་མ་བསྟབས་པར་སྟན་ལ་འདུག་པ་དང་། བྱིན་པ་ཁྲོས་ནས་ཕྲོགས་པ་དང་། བཞད་གད་ཀྱིས་སྦེད་པ་ལ་སོགས་པའོ། །མི་ཚངས་པར་སྤྱོད་པའི་ཕྱོགས་དང་མཐུན་པ་ནི་དཔེར་ན་ཁུ་བ་འབྱིན་པ་དང་། འཁྲིག་པ་དང་། བསྙེན་བཀུར་བསྔགས་པ་དང་། སྨྱན་ལ་སོགས་པ་སྟེ་དེ་བཞིན་དུ་དེ་རྣམས་ཀྱང་བསླབ་པའི་གཞི་
རེ་རེ་ལ་དཔེར་བརྗོད་པར་བལྟ་བར་བྱའོ། །བྱེ་བྲག་ཏུ་བཤད་པ་ལས་ནི་ཕྱོགས་དང་མཐུན་པའི་མཚན་ཉིད་འདི་སྐད་དུ། འཆང་བ་དང་ནི་འབྲལ་བ་དང་། །དེ་བཞིན་ས་ནི་རྐོ་བ་དང་། །རིན་ཆེན་རེག་དང་མེ་ལ་རེག །བཏང་ནས་ཟ་བར་བྱེད་པ་དང་། །ལྗོན་ཤིང་གཅོད་དང་ཤིང་གཅོད་དང་། །བྱིན་ལེན་མ་བྱས་ཟ་བ་
དང་། །རྩྭ་སྔོན་མི་གཙང་འདོར་བ་དང་། །དེ་བཞིན་སྩོགས་འཇོག་ཟ་བ་དང་། །ས་བོན་འཇོམས་དང་བསླབ་པའི་གཞི། །བཅུ་པོ་རྣམས་ནི་མ་གཏོགས་པ། །སོ་སོར་ཐར་པར་བསྟན་པ་དག །བླངས་པའི་ཕྱོགས་མཐུན་ཤེས་པར་བྱ། །ལྷན་ཅིག་དབྱར་ནི་གནས་པ་དང་། །གསོ་སྦྱོང་དགག་དབྱེ་
བཅས་ལ་སོགས། །བླངས་པ་ལ་བརྟེན་རྟགས་དང་ནི། །སློང་སྤྱད་ཉེར་སྤྱོད་རྒོད་པ་དང་། །འདོད་དང་གནོད་དང་འགྲོགས་པ་དང་། །མ་གུས་མི་སྦྱོང་གཞི་ལས་འབྱུང་། །ཞེས་བསྟན་ཏོ། །འདིའི་དོན་ནི་འདི་ཡིན་ཏེ། ལྷུང་བཟེད་དང་ཆོས་གོས་དག་ལྷག་པ་འཆང་བ་དང་། ཆོས་གོས་
Vol. 166 · folio 76b
དང་འབྲལ་བ་དང་། ས་རྐོ་བ་དང་། རིན་པོ་ཆེ་ལ་རེག་པ་དང་། མེ་ལ་རེག་པ་དང་། བཏང་ནས་ཟ་བ་དང་། ལྗོན་ཤིང་གཅོད་པ་དང་། ཤིང་ལ་སོགས་པ་གཅོད་པ་དང་། བྱིན་ལེན་མ་བྱས་པར་ཟ་བ་དང་། རྩྭ་སྔོན་པོ་དང་བཅས་པའི་ཕྱོགས་སུ་མི་གཙང་བ་འདོར་བ་དང་། སྩོགས་འཇོག་ཟ་བ་དང་། ས་བོན་
འཇོམས་པ་དང་། ཞེས་བྱ་བ་བཅུ་གསུམ་དང་། དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་པོ་དག་མ་གཏོག་པ་སོ་སོར་ཐར་པའི་མདོ་ལས་བསྟན་པ་གཞན་རྣམས་ནི་ཇི་ལྟར་འབྱོར་པར་དགེ་ཚུལ་གྱིས་ཡང་དག་པར་བླངས་པའི་ཕྱོགས་དང་མཐུན་པ་ཡིན་ནོ། །དེ་དག་ཀྱང་དབྱར་གནས་པར་ཁས་ལེན་པ་དང་། གསོ་
སྦྱོང་དང་དགག་དབྱེ་དང་། སྩོགས་པའི་སྒྲས་རྟགས་ཀྱི་གཞི་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་བསྡུའོ། །གཞིའི་སྒྲ་ཡང་རེ་རེ་ལ་སྦྱར་བའི་ཕྱིར་གཞི་བཅུར་འགྱུར་རོ། །དེ་ལ་རྟགས་ཀྱི་གཞི་ལས་བྱུང་བ་ནི་རབ་ཏུ་བྱུང་བའི་སྔགས་ལས་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་ཏོ་ཞེས་འབྱུང་བ་གང་ཡིན་པ་དེ་ལས་མུ་
སྟེགས་ཅན་གྱི་རྟགས་འཆང་བ་དང་། ཁྱིམ་པའི་རྟགས་འཆང་བ་དང་། དེ་བཞིན་དུ་རྫས་རུང་བ་མ་ཡིན་པ་དང་། ཚད་ལས་ཆུང་བ་དང་ལྷག་པ་དག་བྱེད་པ་དང་བྱེད་དུ་འཇུག་པ་དང་། སེན་མོའི་བྱི་དོར་མ་གནང་བ་རྣམས་བྱེད་པ་དང་། རྟགས་ཉམས་པར་བྱེད་པའི་སྐྲའི་བྱི་བྱད་དང་། མ་གནང་བའི་ཕྱོགས་རྣམས་
འབྲེག་པར་བྱེད་པ་ལ་སོགས་པ་ནི་རབ་ཏུ་བྱུང་བའི་རྟགས་ཉམས་པའི་ཕྱོགས་དང་མཐུན་པ་ཡིན་པར་བསྟན་ཏོ། །ལྷུང་བཟེད་འཆང་བ་དང་བསོད་སྙོམས་ལ་རྒྱུ་བ་ན་རྟགས་སུ་གྱུར་པ་ཉིད་ཡིན་ཏེ། དེ་ཡང་རྣམ་པ་གཞན་དང་། རྫས་གཞན་ལས་བྱས་པ་དང་། ཚད་ལས་ཆུང་བ་དང་། ལྷག་པ་དང་། སྐྱ་བོ་འཆང་
བ་ཡང་རྟགས་ཉམས་པའི་ཕྱོགས་དང་མཐུན་པ་ཡིན་པར་རིག་པར་བྱའོ། །སློང་བ་དང་སྤྱད་པའི་གཞི་ལས་བྱུང་བ་རྣམས་ནི་དངུལ་དང་གསེར་ལེན་པ་སྤོང་བ་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ཏེ། སློང་བའི་གཞི་ལས་བྱུང་བ་ནི་གོས་སློང་བ་ལ་སོགས་པའོ། །སྤྱད་ཀྱི་གཞི་ལས་བྱུང་བ་ནི་ཁབ་རལ་ལ་སོགས་པ་བྱེད་
དུ་འཇུག་པའོ། །ཉེ་བར་སྤྱོད་པའི་གཞི་ལས་བྱུང་བ་ནི་སྒོག་སྐྱ་ཟ་བ་ལ་སོགས་པ་དག་སྟེ། དུས་མ་ཡིན་པར་ཟ་བའི་ཕྱོགས་དང་མཐུན་པ་ཉིད་དོ། །རྒོད་པའི་གཞི་ལས་བྱུང་བ་ནི་རྒྱུག་པ་དང་མཆོང་བ་དང་ཆུ་ལ་རྩེ་བ་ལ་སོགས་པ་དག་སྟེ། གར་དང་གླུ་དང་རོལ་མོའི་སྒྲ་དང་། ཕྲེང་བ་དང་སྤོས་ཉུག་པ་དང་ཁ་དོག་འཆང་
Vol. 166 · folio 77a
བ་དང་། མལ་མཐོན་པོ་དང་མལ་ཆེན་པོའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །འདོད་པའི་གཞི་ལས་བྱུང་བ་ནི་ཁུ་བ་འབྱིན་པ་ལ་སོགས་པ་དང་ཁང་པ་དང་ལྷ་ཁང་དུ་གཏོགས་པ་སྟེ། དེ་ནི་རབ་ཏུ་བྱུང་བའི་ཕྱོགས་དང་མཐུན་པ་ཉིད་ཀྱང་ཡིན་ནོ། །གནོད་པའི་གཞི་ལས་བྱུང་བ་ནི་དགེ་འདུན་གྱི་
དབྱེན་ལ་སོགས་པ་ཡིན་ནོ། །འགྲོགས་པའི་གཞི་ལས་བྱུང་བ་ནི་དགེ་འདུན་གྱིས་བསྐྲད་པ་གང་ཡིན་པ་དང་འགྲོགས་པ་སྟེ། དེ་ནི་འདོད་ཆགས་དང་བྲལ་བར་འགྱུར་བ་ལས་གཡེལ་བར་གྱུར་པ་ཉིད་ཡིན་པས་ཡོངས་སུ་སྤང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ན་སྡོམ་པ་མཐའ་དག་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་
ཡིན་ནོ། །བུད་མེད་དང་ལྷན་ཅིག་ཏུ་ཉལ་བའི་བདག་ཉིད་དུ་འགྲོགས་པ་གང་ཡིན་པ་དེ་ནི་མི་ཚངས་པར་སྤྱོད་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །མ་གུས་པའི་གཞི་ལས་བྱུང་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་མ་གུས་པ་ཉིད་ཡིན་ཏེ། དེ་ཡང་རབ་ཏུ་བྱུང་བའི་སྡོམ་པ་ཉམས་པའི་ཕྱོགས་དང་
མཐུན་པ་ཉིད་ཡིན་ནོ། །གནས་ལ་མ་གུས་པ་ཉིད་ནི་སྡོམ་པ་མཐའ་དག་འཇིག་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །མཁན་པོ་ལ་མ་གུས་པ་ཉིད་ནི་མཁན་པོ་ལ་བདག་གི་མཁན་པོ་མཛད་དུ་གསོལ་ཞེས་གསོལ་བ་འདེབས་པ་སྔོན་དུ་འགྲོ་བའི་ཁས་བླངས་པ་གང་ཡིན་པ་དེ་ཉམས་པའི་ཕྱོགས་དང་མཐུན་པ་ཉིད་
ཀྱང་ཡིན་ནོ། །གང་ཟག་གཞན་ལ་མ་གུས་པ་ཉིད་ནི་མཁན་པོ་ལ་མ་གུས་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ། །མི་སྦྱོང་བའི་གཞི་ལས་བྱུང་བ་ནི་བདག་ཉིད་དག་པར་བྱ་བའི་ཕྱིར་གསོ་སྦྱོང་དང་དགག་དབྱེ་གཉིས་བྱ་བར་གསུངས་པ་སྟེ། དེ་མི་བྱེད་པ་ནི་མི་སྤྱོད་པའོ། །དགེ་ཚུལ་གྱི་དགག་དབྱེ་ལས་
གསོ་སྦྱོང་དུ་འགྱུར་བ་ཡང་ཡོད་པར་ཕྱིས་བསྟན་པར་བྱའོ། །གནས་མེད་པར་འདུག་པར་ཡང་མི་སྦྱོང་བ་ཡིན་ཏེ། དེ་ལྟར་མ་བྱས་ན་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་མི་འགྱུར་བས་དེ་རྣམས་ནི་བྱ་བ་ཁོ་ན་ཡིན་ནོ། །ཇི་སྟེ་དེའི་ཕྱོགས་དང་མཐུན་པ་རྣམས་ཡིད་ཀྱིས་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་འབྱུང་ཞེ་
ན། དགེ་ཚུལ་གྱི་སྔགས་ལས་ཡན་ལག་བཅུ་པ་འདིས་བདག་ཅེས་བསླབ་པའི་ཚད་གསུངས་པ་ལས་བསླབ་པ་བཅུ་པོ་དག་ཁོ་ན་ལས་འདས་ན་ལྟུང་བ་ཡིན་པར་གསུངས་པའི་ཕྱིར་དང་། གཞན་ལ་ནི་མ་གསུངས་པའི་ཕྱིར་ལ་གཞན་ལའང་སྐྱོན་མེད་པ་ཉིད་ནི་མ་ཡིན་ཞིང་། བླངས་པ་ལས་འདས་པ་དང་།
Vol. 166 · folio 77b
ཤན་འདྲ་བའི་ཕྱིར་དང་། ཡིད་ཀྱིས་བསྡམ་པར་བྱ་བ་ཡང་སྤྱིར་བསྟན་པའི་ངོ་བོ་ཉིད་ཡིན་པས་ཕྱོགས་དང་མཐུན་པ་རྣམས་ཡིད་ཀྱིས་བསྡམ་པར་བྱ་བ་ཡིན་ནོ་ཞེས་རྣམ་པར་གཞག་གོ། །གལ་ཏེ་ཡང་ཅིའི་ཕྱིར་ཆ་མ་ཚང་བའི་ལྟུང་བ་ཡིན་པར་མི་འདོད་ཅེ་ན། མི་འཐད་པའི་ཕྱིར་ཏེ། ཆ་མ་ཚང་བའི་ཡང་དག་པར་
བླངས་པ་ལས་འདས་པའི་ཡུལ་ཁོ་ན་ཉིད་ཡིན་ནོ། །དེ་ལ་ཆ་ཇི་སྙེད་ཅིག་གིས་འགྱུར་བར་བསྟན་པ་དེ་རྣམས་ལས་ཆ་གཅིག་མེད་པས་ཀྱང་ཆུང་བར་རྣམ་པར་གཞག་པ་ཡིན་ཏེ། དེས་ན་གཞན་ལ་ནི་ཆ་མ་ཚང་བར་མི་འགྱུར་རོ། །དེའི་ཕྱིར་བསླབ་པའི་གཞི་ལས་གཞན་བླངས་པ་དང་འདྲ་བ་རྣམས་ནི་མ་བླངས་
ཀྱིས་ཀྱང་འདས་ན་ཡིད་ཀྱིས་བསྡམ་པར་བྱ་བར་རྣམ་པར་གཞག་པ་ཡིན་གྱི་ལྟུང་བ་ནི་མ་ཡིན་ནོ། །ཁ་ན་མ་ཐོ་བ་ལྕི་བ་དང་ཡང་བ་ཉིད་དུ་འགྱུར་བ་ནི་བསམ་པའི་དབང་ལས་འགྱུར་བ་དང་། ཡུལ་གྱི་དབང་ལས་འགྱུར་བར་རྣམ་པར་གཞག་གི །ལྟུང་བའི་དབང་ལས་ནི་མ་ཡིན་ཏེ། ལྟུང་བ་ལ་ནི་བཅས་པ་
ཙམ་གྱི་རྗེས་སུ་འབྲང་བས་སོ། །དེ་ལྟར་སྤྱིར་བཏང་བ་རྣམས་བཤད་ནས། མཚན་ཉིད་རྣམས་བཤད་པར་བྱ་སྟེ། གང་ཞིག་རང་བཞིན་གནས་ལ་བསླབ་བཅས་པས། །མི་གཞན་ཡིན་ལ་མིར་ནི་འདུ་ཤེས་དང་། །གསད་པའི་བསམ་པས་འཁྲུལ་མེད་གསོད་བྱེད་ཅིང་། །མི་ཤི་རྨི་ལམ་མ་གཏོགས་དེ་
བརླག་འགྱུར། །ཚིག་གི་དོན་ནི་དགེ་ཚུལ་གང་ཞིག་རང་བཞིན་དུ་གནས་པ་དང་བསླབ་པ་མ་བཏང་བས། མི་ཕ་རོལ་ལ་མིའི་བློ་དང་གསད་པའི་བསམ་པས་འཁྲུལ་པ་མེད་པར་གསོད་ཅིང་ཕ་རོལ་པོ་དེ་ཡང་ཤི་ན་དེ་ཕམ་པར་འགྱུར་བ་ཡིན་ཏེ། རྨི་ལམ་ནི་མ་གཏོགས་སོ་ཞེས་བྱ་བ་ཡིན་ནོ། །རང་བཞིན་
གནས་ཞེས་བྱ་བ་ནི་ཐ་མལ་པར་གནས་པའོ། །འདིར་གཞུང་ནི་སྨྱོས་པ་དང་། སེམས་འཁྲུགས་པ་དང་། ཚོར་བས་གཟིར་བ་ལ་ནི་ལྟུང་བ་མེད་དོ་ཞེས་འབྱུང་བ་ཡིན་ནོ། །བསླབ་པ་བཅས་པ་ཞེས་བྱ་བ་ནི་བསླབ་པ་མ་བཏང་བ་ཡིན་ནོ། །འདིར་གཞུང་ནི་སོ་སོར་ཐར་པ་ལས་བསླབ་པ་མ་ཕུལ་བསླབ་པ་ཉམས་
པར་མ་བྱས་པར་ཞེས་གསུངས་པའི་དབང་དུ་བྱས་པའི་ཕྱིར་རོ། །ཕུལ་བ་ཞེས་བྱ་བ་ཡང་ཕུལ་བ་གསལ་བར་བྱེད་པ་གང་ཡང་རུང་བར་འགྱུར་རོ། །འདི་ལྟར་གཞུང་ནི་ཐ་ན་འདི་སྐད་དུ་བདག་ལ་ཁྱེད་ལྟ་བུའི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ནའོ་ཞེས་འབྱུང་བ་ཡིན་ནོ། །ཡང་
Vol. 166 · folio 78a
བཤད་པ། རང་བཞིན་གནས་པའི་སྡོམ་དང་ནི། །བཏང་བའི་བློ་ཡིས་བཏང་བ་ཡི། །གོ་བར་བྱེད་པ་ཐམས་ཅད་ཀྱིས། །བརྡ་ཕྲད་མི་ལ་གོ་བྱེད་ནའོ། །སློབ་དཔོན་གཞན་དག་ནི། ངག་གིས་སྡོམ་པ་ལེན་པ་ཡིན་པས། གཏོང་བ་ཡང་ཚིག་ཁོ་ནས་རིགས་སོ་ཞེས་ཟེར་བ་དེ་ནི་མི་
རིགས་ཏེ། ལུས་ཀྱི་རྣམ་པར་རིག་བྱེད་ཀྱིས་ཀྱང་སྡོམ་པ་ལེན་པའི་ཕྱིར་རོ་ཟེར་རོ། །བསླབ་པ་ཉམས་པར་མ་བྱས་ཞེས་སྨོས་པ་ནི་གཏོང་བའི་རྒྱུ་ཡིན་པར་བསྟན་པའི་ཕྱིར་རོ། །ཇི་སྟེ་བསླབ་པ་མ་ཕུལ་བ་ཞེས་བྱ་བ་ལ་སོགས་པ་ནི་དགེ་སློང་ལ་གསུངས་པ་ཡིན་ན་ཅིའི་ཕྱིར་དགེ་ཚུལ་གྱི་ཡང་ཞར་ལ་བཤད་ཅེ་ན།
དགེ་སློང་གི་སྐབས་སུ་བབ་པའི་ཕྱིར་དགེ་སློང་ཞེས་གསུངས་པས་འདི་ནི་སྤྱིར་གསུངས་པ་ཡིན་ནོ། །འདི་ལྟར་བྱེ་བྲག་ཏུ་བཤད་པ་ལས། དགེ་སློང་གང་ཞེས་བྱ་བ་འདིར་དགེ་སློང་གི་སྒྲ་ནི་གཞི་གཅིག་ལ་བྱ་བ་ཡིན་པའི་ཕྱིར་རོ། །གང་ཞེས་བྱ་བའི་སྒྲ་འདི་ནི་སྤྱིར་བསྟན་པ་ཡིན་ནོ། །དེའི་ཕྱིར་སྡེ་ལྔ་ཆར་གཟུང་
ངོ་ཞེས་བཤད་དོ། །མི་ཞེས་བྱ་བ་ནི་མིའི་འགྲོ་བ་སྟེ། བཤད་པ་ནི་འགྲོ་བའི་གཙོ་བོ་ཡིན་ནོ། །དེས་ན་འདིར་བུད་མེད་དང་། མ་ནིང་དང་མེར་མེར་པོ་ལ་སོགས་པ་དག་ཀྱང་སྨོས་པར་རིག་པར་བྱའོ། །འདིར་གཞུང་ནི་མིའམ་མིར་ཆགས་པ་ཞེས་བྱ་བར་འབྱུང་བ་ཡིན་ནོ། །མིར་ཆགས་པ་ཞེས་བྱ་བ་ནི་
མེར་མེར་པོ་དང་ནུར་ནུར་པོ་དང་། ལྟར་ལྟར་པོ་དང་མཁྲང་གྱུར་གྱི་གནས་སྐབས་རྣམས་ཡིན་ནོ། །མི་ནི་རྐ་ལག་འགྱུས་པ་དང་། བྱིས་པ་དང་། གཞོན་ནུ་དང་། དར་ལ་བབ་པ་དང་། བར་མ་དང་། རྒན་པོའི་གནས་སྐབས་རྣམས་ཡིན་ནོ། །རྣམ་པར་འབྱེད་པ་ལས་མིར་ཆགས་པ་ཞེས་བྱ་བ་ནི་གང་གིས་
མའི་མངལ་དུ་དབང་པོ་གསུམ་པོ་ལུས་དང་། སྲོག་དང་། ཡིད་ཀྱི་དབང་པོ་རྣམས་རྙེད་པའོ།། །མི་ཞེས་བྱ་བ་ནི་གང་གིས་དབང་པོ་དྲུག་པོ་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་དབང་པོ་རྣམས་རྙེད་པའོ་ཞེས་གསུངས་པའོ། །དེ་ལྟར་ན་བཙས་པའི་གནས་སྐབས་ལྔ་དང་། མངལ་གྱི་
གནས་སྐབས་ལྔ་ནི་རིས་མཐུན་པ་གཅིག་ཡིན་པར་རིག་པར་བྱའོ། །དེ་ཉིད་ཀྱི་ཕྱིར་རྩ་བའི་བྱེ་བྲག་ཏུ་བཤད་པ་ལས། འཕགས་པ་ཉེར་སྦས་ཀྱིས་མེར་མེར་པོ་བསད་ན་མཐར་འགྱུར་རོ་ཞེས་གསུངས་པ་དང་། མངལ་ཚུན་ཆད་ལོ་ཉི་ཤུ་ལོན་པ་ནི་བསྙེན་པར་རྫོགས་པར་རུང་ངོ་ཞེས་ཁུངས་གསུངས་པ་ཡིན་ཏེ།
Vol. 166 · folio 78b
མེར་མེར་པོ་ཚུན་ཆད་མིར་གདགས་སོ་ཞེས་དགོངས་པ་ཡིན་ནོ། །མི་ཞེས་ཅིའི་ཕྱིར་སྨོས་ཤེ་ན། འགྲོ་བ་གཞན་ནམ་སྤྲུལ་པ་ལ་ནི་ལྟུང་བ་ཆུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །འདིར་གཞུང་ནི་ཚེ་དང་ལྡན་པ་དག་མི་མ་ཡིན་པ་ཤིན་ཏུ་ཆེན་པོ་བསད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །སྤྲུལ་
པ་ཡང་གཞུང་ནི་གཏམ་གྱི་གཞི་ལས། གང་ཞིག་འགྲོ་བ་ཐམས་ཅད་དང་མ་འབྲེལ་ལ། མྱ་ངན་ལས་འདས་པ་ཡང་མ་ཡིན་ཞིང་། རྒྱལ་བའི་བསྟན་པ་ལ་ཡང་མི་འཇུག་པ་དེ་གང་ཞེ་ན། བཤད་པ། སྤྲུལ་པའོ། །དེ་སྲོག་དང་བྲལ་ན་ཅིར་འགྱུར་བཤད་པ། དམན་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་
ཡིན་ནོ། །ཇི་སྟེ་ཅིའི་ཕྱིར་མི་བསད་ན་མཐར་འགྱུར་ལ་ལྷ་ལ་སོགས་པ་མི་མ་ཡིན་པ་བསད་ན་ནི་སྦོམ་པོར་འགྱུར། དུད་འགྲོར་གྱུར་པ་བསད་ན་ལྟུང་བྱེད་དུ་འགྱུར་ཞེ་ན། །འདིར་འཕགས་པ་ཉེར་སྦས་ཀྱིས་གསུངས་པ་ལ་འཇིག་རྟེན་ན་མི་བསད་པ་ལ་ཤིན་ཏུ་སྐྱོ་བར་བྱས་པ་ཡིན་པའི་ཕྱིར་རོ་ཞེས་
གསུངས་སོ། །གཞན་ཡང་མི་རྣམས་ཁོ་ན་ལ་དཀོན་མཆོག་གསུམ་རྣམ་པར་འཇོག་པ་དང་། སོ་སོར་ཐར་པ་དང་། བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་གནས་ལ། མི་མ་ཡིན་པ་རྣམས་ལ་ཡང་བསམ་གཏན་དང་། ཟག་པ་མེད་པའི་སྡོམ་པ་གཉིས་གནས་ཤིང་། སོ་སོར་ཐར་པའི་སྡོམ་པ་ནི་མེད་
དོ། །དུད་འགྲོ་རྣམས་ལ་ནི་སྡོམ་པ་གསུམ་ཆར་མེད་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པས་མི་རྣམས་ནི་གཙོ་བོ་ཡིན། མི་མ་ཡིན་པ་རྣམས་ནི་འབྲིང་ཡིན། དུད་འགྲོ་རྣམས་ནི་ཐ་ཆད་ཡིན་པས་ལྟུང་བ་ཐ་དད་པར་ཁོང་དུ་ཆུད་པར་བྱའོ། །གཞན་སྨོས་པ་ཅི་དགོས་ཤེ་ན། བདག་གསོད་པ་ལྟུང་
བ་ཆུང་ངུ་ཡིན་པར་བསྟན་པ་ཡིན་ནོ། །ཞུས་པ་ལས་ཀྱང་འདི་སྐད་དུ། བཙུན་པ་དགེ་སློང་གིས་མི་ལ་མིར་འདུ་ཤེས་པས་སྲོག་དང་ཕྲལ་ན་མཐར་མི་འགྱུར་བ་ལྟ་མཆིས་སམ། བདག་ཉིད་ལ་གསོད་པར་བྱེད་ན་དམན་པ་སྦོམ་པོར་འགྱུར་བ་ཡོད་དོ་ཞེས་གསུངས་སོ། །དམན་པ་སྦོམ་པོར་ཞེས་
བྱ་བ་ནི་ཆུང་བའི་རྣམ་གྲངས་ཡིན་ཏེ། ཨུཏྤ་ལའི་ཕྲེང་བ་ལས་འདི་སྐད་ཅེས་དམན་པ་སྦོམ་པོ་ཞེས་བྱ་བའི་ཚིག་འདི་ནི་རིལ་གྱིས་མ་ཡིན་པ་དང་། གླང་པོ་ཆེའི་གཙོ་བོ་དག་མི་བུལ་མི་མགྱོགས་པར་འགྲོ་བ་ལ་སྦྱར་བ་ཡིན་ནོ་ཞེས་གསུངས་པ་ཡིན་ཏེ། རིལ་གྱིས་མ་ཡིན་པ་ནི་ཆུང་བ་ཉིད་ཡིན་ནོ་
Vol. 166 · folio 79a
ཞེས་བྱ་བའི་ཐ་ཚིག་གོ། །གང་ལ་ཉེས་པ་སྦོམ་པོར་ཞེས་འབྱུང་བ་དེར་དམན་པ་སྦོམ་པོ་ཞེས་བྱ་བའི་སྒྲ་ནི། སྦོམ་པོ་ཞེས་བྱ་བའི་སྒྲར་སྦྱར་བ་ཡིན་ནོ། །འདི་ལྟར་ཚིག་ནི་ཕྱོགས་གཅིག་ལ་ཡང་སྦྱར་བ་ཡིན་ཏེ། དཔེར་ན་འཇིགས་སྡེ་ལ་འཇིགས་པ་ཞེས་བྱ་བ་དང་། བདེན་སྨྲ་ལ་སྨྲ་བ་
ཞེས་བྱ་བ་ལྟ་བུ་ཡིན་པས་དེའི་ཕྱིར་ཉེས་པའི་སྒྲས་བྱེ་བྲག་གི་ཚིག་ཏུ་བསྡུ་ན་ཉེས་པ་སྦོམ་པོར་འགྱུར་ཏེ། འདས་པ་ཆུང་ངུ་ཞེས་བྱ་བར་འགྱུར་རོ། །བུད་མེད་ཀྱི་རྟགས་སུ་བསྟན་པ་ནི་ལྟུང་བ་ཆུང་ངུ་དང་སྦྱར་བའི་ཕྱིར་རོ། །ཅི་སྟེ་དེ་ལྟར་ན་འདས་པ་ཆུང་ངུ་ཞེས་བྱ་བ་འདས་པ་ཞེས་བྱ་བའི་ཚིག་གི་དོན་ཇི་ལྟར་འབྲེལ་
པར་འགྱུར་ཞེ་ན། སྤྱི་དང་ཁྱད་པར་གྱི་དངོས་པོ་ཉིད་ཡིན་པའི་ཕྱིར་འདི་ལ་ངེས་པ་མེད་དེ་དཔེར་ན་བ་ལང་གསོ་བར་བྱེད་ཅེས་བྱ་བ་ལྟ་བུའོ། །ལྟུང་བའི་རང་བཞིན་ཅི་ཡིན་ཞེ་ན། ལུས་ཀྱི་དང་ངག་གི་ལས་འདས་པའི་རང་བཞིན་ནོ། །ཅི་སྟེ་ཡིད་ཀྱིས་ཐལ་བའི་རང་བཞིན་ལྟུང་བ་ཅིའི་ཕྱིར་མ་ཡིན་ཞེ་ན།
ཡིད་ཀྱི་སྡོམ་པ་ལ་སོ་སོར་ཐར་པའི་སྡོམ་པ་ཉིད་མེད་པའི་ཕྱིར་རོ། །སོ་སོར་ཐར་པའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཡིན་ཏེ། ལུས་ཀྱི་རྣམ་པ་གསུམ་ངག་གི་རྣམ་པ་བཞི་ཞེས་བྱ་བར་ངེས་པའི་ཕྱིར་རོ། །གཏམ་གྱི་གཞི་ལས་ཀྱང་། ལྟུང་བ་ནི་རྣམ་པར་རིག་བྱེད་ཡིན་པར་བརྗོད་པར་བྱའོ། །
དེ་བཞིན་དུ་ལྟུང་བ་ནི་སེམས་དང་སེམས་ལས་བྱུང་བ་མ་ཡིན་ནོ་ཞེས་བརྗོད་པར་བྱའོ་ཞེས་གསུངས་པས་དེའི་ཕྱིར་རྣམ་པར་རིག་བྱེད་ཉིད་དང་། གཟུགས་ཅན་ཉིད་དུ་བསྟན་པའི་ཕྱིར་དང་། སེམས་དང་སེམས་ལས་བྱུང་བ་དག་ནི་བཀག་པའི་ཕྱིར་ཡིད་ཀྱི་བྱ་བ་ལ་ནི་ལྟུང་བ་ཉིད་མེད་དོ། །མིར་ནི་འདུ་ཤེས་
ཞེས་བྱ་བ་ནི་འགྲོ་བ་གཞན་དུ་འདུ་ཤེས་པ་ནི་མཐར་འགྱུར་བ་མེད་པར་སྟོན་ཏོ། །གསད་པའི་བསམ་པས་ཞེས་བྱ་བ་ནི་གསད་པར་བྱ་བའི་སེམས་ཀྱིས་སོ། །འདིར་གཞུང་ནི། དགེ་སློང་གིས་སྐྱེས་པ་དང་བུད་མེད་དང་མ་ནིང་དག་གསད་པའི་སེམས་ཀྱིས་ཞེས་བྱ་བ་འབྱུང་བ་ཡིན་ནོ། །འཁྲུལ་མེད་ཅེས་བྱ་
བ་ནི་འཁྲུལ་པ་ནི་དེ་མ་ཡིན་བཞིན་དུ་དེ་ཡིན་ནོ་ཞེས་ངེས་པར་བརྟགས་ནས་ནོར་བ་སྟེ། མ་འཁྲུལ་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུས་པ་ལས། མ་ལ་མ་མ་ལགས་པའི་འདུ་ཤེས་ཀྱིས་འགུམས་ན་ཅིར་འགྱུར། བཀའ་སྩལ་པ། ཉེས་པ་སྦོམ་པོའོ་ཞེས་བྱ་བ་དང་། དེ་བཞིན་དུ་མི་
Vol. 166 · folio 79b
གཉིས་འཁོད་པ་ན། དེ་ན་དེ་གསད་དོ་སྙམ་ནས་གཅིག་གསད་པའི་སེམས་ཀྱིས་གཉིས་པ་འགུམས་ན་ཅིར་འགྱུར་བཀའ་སྩལ་པ། ཉེས་པ་སྦོམ་པོའོ་ཞེས་འབྱུང་བ་ཡིན་ནོ། །འོ་ན་དགྲ་བཅོམ་པ་ལ་དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱིས་གསོད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་དེའི་དོན་
གང་ཡིན། ཅི་དགྲ་བཅོམ་པའི་ལུས་ལ་དགྲ་བཅོམ་པ་མ་ཡིན་པའི་ལུས་སུ་ནོར་བས་དགྲ་བཅོམ་པ་མ་ཡིན་པར་འདུ་ཤེས་པ་ཞེས་བྱ་བའམ། འོན་ཏེ་ལུས་གཅིག་ལ་དགྲ་བཅོམ་པ་ཉིད་ཀྱི་ཆོས་མེད་པར་ནོར་བ་ལས་འགྱུར་བ་བརྗོད་པར་བྱ་དགོས་སོ་ཞེ་ན། དེ་ནི་གཞན་གྱི་ལུས་སུ་ནོར་བ་ལས་སྦོམ་
པོ་ཡིན་ནོ་ཞེས་བཤད་དོ། །དེ་ལྟ་མ་ཡིན་ན་དགྲ་བཅོམ་པ་ཉིད་ཀྱི་ཆོས་མེད་པ་ལས་ཡིན་ན་ནི་མཚམས་མེད་པར་གྱུར་ན་མི་རུང་གིས་ཀྱང་ལུས་གཅིག་པ་ཉིད་ཡིན་པའི་ཕྱིར། ཕམ་པ་ནི་སུས་ཀྱང་བཟློག་པར་དཀའོ། །དེ་ལྟ་བས་ན་ཇི་ལྟར་མ་ལ་མ་མ་ཡིན་པའི་འདུ་ཤེས་བཞིན་དུ་དགྲ་བཅོམ་པ་ལ་
དགྲ་བཅོམ་པ་མ་ཡིན་པའི་འདུ་ཤེས་ཀྱང་དེ་ལྟ་བུར་རིག་པར་བྱའོ། །གསོད་བྱེད་ཅེས་བྱ་བ་ནི་གསོད་པར་བྱེད་པའོ། །འདིར་གཞུང་ནི། ལུས་ཀྱིས་སམ་ལུས་དང་འབྲེལ་པས་སམ་ཕྱི་རོལ་དུ་ཐལ་བས་སམ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །མི་ཤི་ཞེས་བྱ་བ་ནི་མིའི་རིགས་ཤི་བར་གྱུར་
ན་ཞེས་བྱ་བའི་ཐ་ཚིག་གོ། །དུས་ངེས་པར་མ་བཤད་པའི་ཕྱིར་དེའི་ཚེའམ་གཞན་གྱི་ཚེ་ཡང་རུང་སྟེ། སྦྱོང་བ་དེས་ཤི་ན་མཐར་འགྱུར་བར་རིག་པར་བྱའོ། །འདིར་གཞུང་ནི་དེས་དེའི་ཚེ་ཁོ་ན་ནི་མ་ཡིན་ལ། འོན་ཀྱང་དེས་དེ་ནས་ཕྱིས་གྱུར་ན་དགེ་སློང་ཕམ་པ་བྱུང་བ་ཡིན་ནོ། །དེས་དེའི་ཚེ་
ཡང་མ་ཡིན་ལ་དེས་དེ་ནས་ཕྱིས་ཀྱང་མ་ཡིན་ན་དགེ་སློང་ཉེས་པ་སྦོམ་པོ་བྱུང་བ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །འོ་ན་རྩ་བའི་བྱེ་བྲག་ཏུ་བཤད་པའི་གཞུང་དང་འགལ་ཏེ། གཅིག་གིས་ནི་ཞག་བཅུ་ཙམ་གྱིས་འཆི་བར་འགྱུར་བར་མཚོན་བསྣུན་ལ། གཉིས་པས་ནི་ཞག་དགུས་འཆི་བར་འགྱུར་བར་མཚོན་
བསྣུན་པ་ནས། བཅུ་པས་ནི་དེ་ཉིད་ཀྱི་ཉིན་པར་ཤི་བར་མཚོན་བསྣུན་ན་དེའི་ཕྱིར་དགུ་པོ་རྣམས་ཀྱིས་ནི་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པ་བཟུང་བ་ཡིན་ལ། བཅུ་པས་ནི་ཕམ་པའི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་ཡིན་པ་ཡང་བཟུང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དང་འགལ་ཏེ། འདིར་སྔ་མ་ཤོས་རྣམས་ལ་ནི་
Vol. 166 · folio 80a
སྦྱོར་བ་དེ་ཉིད་ཀྱིས་ཞེས་བྱ་བའི་དོན་དེ་མི་སྲིད་པའི་ཕྱིར་དང་། བཅུ་པ་ཤོས་ཁོ་ན་ལ་སྲིད་པའི་ཕྱིར་ལ། བཅུ་ཆར་གྱིས་ཕམ་པའི་རྣམ་པར་རིག་བྱེད་མ་ཡིན་པར་བསྡུས་སོ་ཞེས་འབྱུང་བ་དང་འགལ་བ་ཡིན་ནོ་ཞེ་ན། འགལ་བ་མེད་དེ། བཅུ་ཆར་གྱི་ཡང་སྦྱོར་བ་མཐུན་པའི་ཕྱིར་དང་འབྲས་
བུ་གཅིག་པའི་ཕྱིར་རོ། །གཞན་དག་ན་རེ་དང་པོ་ཉིད་ཀྱིས་ངེས་པར་བྱས་པའི་ཕྱིར་གཉིས་པ་ལ་སོགས་པ་ལ་ནི་ཕམ་པར་མི་རིགས་ཏེ། དང་པོ་པས་ཚེའི་ཚད་ཅི་ཡོད་པ་མེད་པར་བྱས་པ་དེ་ཁོ་ན་ལ་གཉིས་པ་ལ་སོགས་པས་བྱེད་པར་ཟད་དེ། །འདི་ལྟར་རྩ་བའི་བྱེ་བྲག་ཏུ་བཤད་པ་ཉིད་ལས་གང་གི་ཚེ་
དབུགས་རྔུབ་པ་དང་འབྱུང་བ་ཐ་མར་གྱུར་ཅིང་གནད་དང་འགལ་བའི་ཚོར་བ་ལ་གནས་པ་ན་མཚོན་བསྣུན་ཏེ་དུས་བྱས་ན་དེས་ཕམ་པའི་ལྟུང་བར་མི་འགྱུར་ཏེ། འདི་ལྟར་དེ་ནི་དེ་ཉིད་ཀྱི་ཚེ་འཆི་བས་སོ་ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། མི་བཅུ་ཆར་ཡང་སྦྱོར་བ་མཚུངས་པ་དང་འདྲ་བར་ཞུགས་པ་ཡིན་ཏེ། དེས་ན་
དེ་རྣམས་ལྟུང་བ་མཚུངས་པ་ཡིན་ནོ། །དབུགས་རྒྱུ་བ་ཐ་མར་གྱུར་པ་ནི་འཇིག་པའི་གནས་སྐབས་ཉིད་ཡིན་པའི་ཕྱིར་བྱེད་པ་དོན་མེད་པ་ཉིད་ཡིན་པས་ག་ལ་མཚུངས། བཙུན་པ་ཆོས་དགའ་ན་རེ་ནི་ཡོང་ཡེ་ཚེའི་སྐད་ཅིག་གཅིག་ལུས་པ་ལ་ཡང་གསོད་པ་གང་ཡིན་པ་དེ་ལ་མཐར་འགྱུར་ལ། གཞན་རྣམས་
ལ་ནི་སྦོམ་པོར་འགྱུར་རོ་ཞེས་ཟེར་རོ། །ཡང་གང་ཞིག་གསད་པའི་ཕྱིར་མཚོན་བཏབ་ནས་འགྱོད་པར་བྱེད། ཕྱིར་འཆོས་པར་བྱེད་ན་དེ་ལ་མཐར་མི་འགྱུར་རོ་ཞེས་འཆད་པ་ནི་དངོས་གཞིའི་ལས་ཀྱི་ལམ་འཇུག་པར་བྱེད་པའི་སེམས་པ་རྣམ་པར་སྨད་པས་ལོག་པའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་མི་སྐྱེ་བས་
སོ། །དེ་བཞིན་དུ་མདོ་ལས། འདུན་པ་བཟློག་པའི་འོག་ཏུ་ཤི་ན་རྒྱུ་མེད་པ་ཡིན་ནོ་ཞེས་འབྱུང་ངོ་། །གལ་ཏེ་དེ་ལྟ་མ་ཡིན་ན་མ་སྐྱེས་དགྲ་ལ་མཚམས་མེད་པ་འབྱུང་ངོ་ཞེས་པ་དང་འགལ་ཏེ། མ་སྐྱེས་དགྲས་གསོན་པའི་གཏམ་ཞིག་ཡོད་ན་མགུ་བའི་རྫས་སྦྱིན་པར་དམ་བཅས་པ་དང་། གཟུགས་ཅན་སྙིང་པོ་ཤིན་
དུ་བརྟད་པར་འོས་པ་རྣམས་ཀྱི་སྒྲ་ཐོས་པས་ཤི་བར་གྱུར་པའི་ཕྱིར་རོ་ཞེ་ན། འགལ་བ་མེད་དེ་དེ་དུས་ཕྱི་མར་གནས་སྐབས་མི་འདྲ་བ་ལ་སྦྱོར་བ་ནི་ཆུང་བ་ཉིད་ཡིན་པར་འདོད་པའི་ཕྱིར་རོ། །དེ་བཞིན་དུ་མདོ་ལས། སྔོན་གྱི་ཚིགས་སུ་སྦྱོར་བ་བྱས་པ་ནི་ཆུང་བ་ཉིད་ཡིན་ནོ་ཞེས་འབྱུང་སྟེ། དཔེར་ན་སྔོན་གྱི་
Vol. 166 · folio 80b
ཚིགས་ཁྱིམ་པ་ཉིད་ཡིན་ལ་སྦྱོར་བ་དེའི་དབང་གིས་དགེ་ཚུལ་ཉིད་ལ་སོགས་པའི་ཚེ། ལས་ཀྱི་ལམ་གང་ཞིག་གྲུབ་ནའོ། །དགེ་ཚུལ་ཉིད་ཀྱིས་སྦྱོར་བ་བྱས་པ་ཙམ་གྱི་དབང་གིས་བསྙེན་པར་རྫོགས་པ་ཉིད་དུ་གྲུབ་ན་ཆུང་བ་ཉིད་ཡིན་ཏེ། སྔ་མའི་ཚིགས་སུ་སྦྱོར་བ་བྱས་པའི་ལས་ཀྱི་ལམ་ཚིགས་ཕྱི་མ་
ལ་རྫོགས་ན་ཆུང་བ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཡང་གཙུག་ལག་ལས། བསྙེན་པར་མ་རྫོགས་པས་རྐུ་བ་ལ་སྦྱོར་ཞིང་། བསྙེན་པར་མ་རྫོགས་པ་ན་རྐུ་བར་བྱེད་ན་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པས་རྐུ་བ་ལ་སྦྱོར་ཞིང་བསྙེན་པར་རྫོགས་པ་ན་རྐུ་བར་བྱེད་ན་ཉེས་པ་སྦོམ་པོའོ་ཞེས་བྱ་བ་
ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལྟ་བས་ན་རབ་ཏུ་སྡང་བའི་གནས་སྐབས་ལ་སྦྱོར་བ་བྱས་པ་ནི་སྙིང་བརྩེ་བའི་གནས་སྐབས་སུ་ཡོངས་སུ་རྫོགས་ན་ཆུང་བ་ཉིད་ཡིན་པས་མ་སྐྱེས་དགྲ་ལ་མཚམས་མེད་པ་ཆུང་བ་ཉིད་བྱུང་བའི་ཕྱིར་འགལ་བ་མེད་དེ། དཔེར་ན་ཉེས་བྱས་ཆུང་ངུ་ལ་ཉེས་བྱས་ཞེས་བྱ་བ་དེ་བཞིན་དུ་
མཚམས་མེད་པ་ཆུང་ངུ་ལ་མཚམས་མེད་པ་ཉིད་ཅེས་བྱའོ། །འོ་ན་གསད་པར་བྱ་བ་ལ་མཚོན་བཏབ་ནས་དེ་དང་ལྷན་ཅིག་གམ། དེ་བས་སྔར་གསོད་པར་བྱེད་པ་ཤི་ན་དེ་ལ་ཇི་ལྟར་འགྱུར། དེ་ལ་ཡང་མཐར་མི་འགྱུར་ཏེ། གསད་པའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བའི་གནས་སྐབས་ལ་བབ་པ་ན་
རིས་མི་འདྲ་བའི་ལུས་སུ་སྐྱེས་པའི་ཕྱིར་རོ། །དེ་ལྟར་ཡང་། ལྷན་ཅིག་སྔར་ནི་ཤི་བ་ལ། །ལུས་གཞན་སྐྱེས་པས་དངོས་གཞི་མེད། །ཅེས་བསྟན་པ་ཡིན་ནོ། །དེ་བཞིན་དུ་འདུལ་བ་མདོ་ལས། ཚེ་རབས་གཞན་དུ་ལས་ཀྱི་ལམ་སྐྱོ་བ་མེད་དོ་ཞེས་འབྱུང་ངོ་། །རྨི་ལམ་མ་གཏོགས་ཞེས་བྱ་བ་ནི་རྨི་
ལམ་དུ་རྨིས་པ་བོར་ཏེ། ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན་ཞེས་འབྱུང་བ་ཡིན་ནོ། །རང་གི་མཚན་ཉིད་འཛིན་པའི་ཕྱིར་ཆོས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་པས་འདིར་ཆོས་སྨོས་པ་གང་ཡིན་པ་དེས་ན་བཅོམ་ལྡན་འདས་ཀྱིས་རྨི་ལམ་གྱི་འཁྲིག་པ་
ལས་བྱུང་བ་ལ་སོགས་པ་ལ་ནི་རང་གི་ངོ་བོ་ཉིད་མེད་པའི་ཕྱིར་ལྟུང་བ་མེད་དོ་ཞེས་གསུངས་པ་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་འདི་ཆོས་མ་ཡིན་ཡང་ཆོས་ཀྱི་སྒྲར་གསུངས་སོ་ཞེས་བསྟན་ཏོ། །འཁྲིག་པ་ནི་ཆོས་མ་ཡིན་ཡང་ཆོས་ཀྱི་སྒྲར་བསྟན་པས་རང་གི་མཚན་ཉིད་དུ་ཡོད་པའི་འཁྲིག་པ་
Vol. 166 · folio 81a
དགག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བྱེ་བྲག་ཏུ་བཤད་པ་ལས་ཀྱང་རང་གི་མཚན་ཉིད་འཛིན་པར་བྱེད་པ་ཉིད་ཡིན་པར་རབ་ཏུ་བསྟན་པའི་ཕྱིར་སོ་སོར་ཐར་པ་རྫོགས་ཀྱི་བར་དུ་ཆོས་སྨོས་པ་ཡང་དེའི་དབང་དུ་མཛད་པ་ཡིན་ནོ་ཞེས་བསྟན་ཏོ། །གཞན་ཡང་འདུལ་བ་ལས་འགྱུར་
བའི་དགོངས་པ་འདི་ནི་འདོད་པར་བྱ་བ་ཡིན་ཏེ། རྨི་ལམ་མ་གཏོགས་ཏེ་དགེ་འདུན་གྱི་ལྷག་མའོ་ཞེས་གསུངས་པའི་རྟགས་ཡོད་པའི་ཕྱིར་དང་། རྨི་ལམ་ནི་ཐ་སྙད་གདགས་སུ་མེད་པའི་ཕྱིར་རོ་ཞེས་བསྟན་ཏོ། །འོ་ན་རྨི་ལམ་ལ་དགག་པར་ཇི་ལྟར་འཐད། དགེ་སློང་དང་དགེ་སློང་མའི་སྡོམ་པ་ནི་སྤོང་བ་བདུན་
གྱི་མཚན་ཉིད་ཡིན་ལ། དགེ་ཚུལ་ལ་སོགས་པ་དག་གི་ནི་སྤོང་བ་བཞིའི་མཚན་ཉིད་ཡིན་ཞིང་། རྨི་ལམ་ན་ནི་ལུས་ཀྱི་རྣམ་པ་གསུམ་དང་། ངག་གི་རྣམ་པ་བཞི་མེད་པ་ཁོ་ན་ཡིན་ཏེ། རྨི་ལམ་ནི་ཡིད་ཀྱི་རྣམ་པར་རྟོག་པ་ཙམ་ཉིད་ཡིན་པའི་ཕྱིར་ལ། ཡིད་ཀྱི་བྱ་བ་ལ་ནི་ལྟུང་བར་ཡང་མི་འདོད་པས་སོ་ཞེ་ན། འདིར་
བཤད་པ། གང་ལ་མི་ཉལ་བའི་གནས་སྐབས་བཞིན་དུ་བྱེད་པ་དག་ལ་འཇུག་པའི་རྨི་ལམ་ཁ་ཅིག་ལ་ལུས་དང་ངག་གི་ལས་དག་ཀྱང་ཡོད་དེ། དེ་ལྟ་བུའི་རྨི་ལམ་དེའི་དབང་དུ་མཛད་ནས་རྨི་ལམ་ནི་མ་གཏོགས་སོ་ཞེས་གསུངས་པས་དེའི་ཕྱིར་ཉེས་པ་མེད་དོ། །དེ་ལྟ་ཡིན་ན་ཡང་བཤད་པར་མི་བྱ་བ་ཡིན་
ཏེ། རང་བཞིན་དུ་གནས་པ་ཞེས་བྱ་བ་ཉིད་ཀྱིས་གོ་བའི་ཕྱིར་རོ་ཞེ་ན། དེ་ཡང་བདེན་ན་འཇིག་རྟེན་པའི་ལུགས་ཀྱི་དབང་གིས་དེ་སྐད་གསུངས་པ་ཡིན་ཏེ། འདི་ལྟར་འཇིག་རྟེན་ན་ནི་རྨི་ལམ་ན་བྱེད་པའི་སྲོག་ཆགས་དག་ལ་བརྟགས་ནས་སྨྱོས་པའམ། སེམས་འཁྲུག་པའམ། ཚོར་བས་གཟིར་བ་
ཡིན་པར་མི་སེམས་སོ། །དེ་བརླག་འགྱུར་ཞེས་བྱ་བ་ནི་དགེ་ཚུལ་ལས་ཕམ་པ་ཡིན་ཏེ། ཏ་ལའི་མགོ་བཅད་པ་དང་འདྲ་བར་ཕྱིས་སྐྱེ་བའི་སྐལ་བ་མེད་པའི་ཕྱིར་རོ། །དེ་ཡང་ཕམ་པ་རྣམས་ལས་དགེ་སློང་ཇི་ལྟ་བ་བཞིན་དུ་དགེ་སློང་མ་དང་། དགེ་སློབ་མ་དང་།དགེ་ཚུལ་མ་ཡང་དེ་བཞིན་ནོ་ཞེས་
གསུངས་པ་ལས་ཁོང་དུ་ཆུད་པར་བྱའོ། །འོ་ན་འདུལ་བྱེད་ལས་སྡིག་ཅན་དགོན་པ་བས་དགེ་ཚུལ་ལ་ཁྱོད་ལ་བསྙེན་པར་མ་རྫོགས་པ་དང་། མི་ཚངས་པར་སྤྱོད་པ་བྱས་དང་། ཁོ་བོ་ལ་ཡང་ལྟུང་བར་མི་འགྱུར་རོ་ཞེས་བྲིད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་ལ་ཉེས་བྱས་
Vol. 166 · folio 81b
སུ་འགྱུར་ལ། དགེ་ཚུལ་མ་ལ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། འདི་ནི་ཉེས་པ་མེད་དེ། དགེ་ཚུལ་གྱི་ལྟུང་བ་ནི་ཐམས་ཅད་དུ་ཉེས་བྱས་ཁོ་ན་ཡིན་ནོ། །དེ་ཡང་ཡུལ་གྱི་ཁྱད་པར་ལས་ཁ་ཅིག་ཏུ་ནི་ཕམ་པར་འགྱུར་བ་ཡིན་ཏེ། དཔེར་ན་སྲོག་གཅོད་པ་ལ་
སོགས་པ་དག་ཏུའོ། །ཁ་ཅིག་ཏུ་ནི་བཤགས་པར་འགྱུར་བ་ཡིན་ཏེ། དཔེར་ན་ཆང་འཐུང་བ་ལ་སོགས་པ་དག་ཏུའོ། །ཡང་ཅིའི་ཕྱིར་བསྙེན་པར་མ་རྫོགས་པའི་ནི་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་བའི་ཆད་པ་རྣམ་པར་གཞག་ཅེ་ན། འཕགས་པ་ཉེར་སྦས་ཀྱི་ཞལ་ནས་བསྙེན་པར་རྫོགས་པ་
དང་བསྙེན་པར་མ་རྫོགས་པ་གཉིས་ཀྱི་བྱེ་བྲག་བསྟན་པའི་ཕྱིར་རོ་ཞེས་གསུངས་སོ། །འཕགས་པ་ཟླ་བའི་ནོར་བུའི་ཞལ་ནས་ནི་ཚུལ་ཁྲིམས་ཀྱི་ཐ་མར་གྱུར་པ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །འདིར་ཡང་བཤད་པ། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་
གྱུར་དང་། །དགེ་སློང་བཞིན་དུ་དགེ་ཚུལ་ཡང་། །ཕྱི་ནས་སྡོམ་སྐྱེའི་སྐལ་བ་མེད། །ཆང་འཐུང་ལ་སོགས་དྲུག་པོ་ཡི། །བཤགས་པའི་ཉེས་བྱས་མཐུན་པ་ཡིན། །ཕྱོགས་དང་མཐུན་ལས་འདས་ན་དེའི། །ཉེས་པ་སྨད་བྱ་ཡིན་པར་བཞེད། །ད་ནི་གསོད་པའི་ཡན་ལག་རྣམས་རྣམ་པར་
དབྱེ་བར་བྱའོ། །གང་གིས་གསང་སྔགས་ལ་སོགས་ཐབས་རྣམས་སམ། །གསང་པར་སྦྱོར་ལ་ཡི་རང་བས་གསོད་ན། །དེ་ཡང་མཐར་འགྱུར་གསང་པར་སྦྱོར་བ་ལས། །ཡིད་ཀྱིས་ཡི་རང་ན་ནི་ཡིད་ཀྱིར་འགྱུར། །དགེ་ཚུལ་གང་གིས་གསང་སྔགས་ལ་སོགས་པའི་ཐབས་རྣམས་ཀྱིས་
གསོད་པར་བྱེད་ན་དེ་ཡང་མཐར་འགྱུར་བ་ཡིན་ཏེ། ཕམ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐབས་རྣམས་ཞེས་བྱ་བ་མང་པོའི་ཚིག་སྨོས་པ་ནི་ཐབས་རྣམས་མང་བ་ཉིད་ཡིན་པའི་ཕྱིར་ཏེ། །དཔེར་ན་འདུལ་བྱེད་ལས་དགེ་སློང་གིས་གསད་པའི་སེམས་ཀྱིས་འཇིགས་པ་དང་བཅས་པའི་ཕྱོགས་
སུ་བཏང་ལ་དེ་ཡང་ཤི་ན་ཕམ་པར་འགྱུར་རོ་ཞེས་འབྱུང་བ་དང་། དེ་བཞིན་དུ་རྣམ་པར་འབྱེད་པ་ལས། གཡང་ས་ལ་སོགས་པ་གསུངས་པ་ལྟ་བུ་ཡིན་ནོ། །འདིར་ཡང་མིའི་ཆེད་དུ་སྦྱོར་བ་བྱས་ལ། གལ་ཏེ་མི་མ་ཡིན་པའམ། དུད་འགྲོའམ། མི་གཞན་འཆི་བར་བྱེད་ན་ཐམས་ཅད་ལ་ཡང་མི་གསད་
Vol. 166 · folio 82a
པའི་སྦྱོར་བ་དེ་ཁོ་ན་ལས་ཉེས་པ་སྦོམ་པོར་འགྱུར་བར་རིག་པར་བྱའོ། །མི་མ་ཡིན་པའམ། དུད་འགྲོའམ། མི་གཞན་འཆི་བར་བྱེད་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ལས། ལྟུང་བ་མེད་པ་མ་ཡིན་ཏེ། འདི་ལྟར་འཕགས་པ་ཉེར་སྦས་ཀྱིས་གང་ལ་སྦྱོར་བ་བྱས་པ་དེ་ཁོ་ན་ལས་ལྟུང་བར་
འགྱུར་བར་འདོད་ཀྱི་གཞན་ལས་ནི་མ་ཡིན་ནོ་ཞེས་གསུངས་པའོ། །གསོད་པར་སྦྱོར་ལ་ཡི་རང་བས། །ཞེས་བྱ་བ་ཡང་གང་གིས་གསོད་ན་ཞེས་བྱ་བ་དང་སྦྱར་ཏེ། གང་གིས་གསད་པའི་སྦྱོར་བ་ལ་མངོན་དུ་ཡི་རང་བས་གསོད་པར་བྱེད་ན་དེ་ཡང་མཐར་འགྱུར་བ་ཡིན་ནོ། །འདིར་གཞུང་ནི་ཉེ་སྡེ་ཁྱོད་ཀྱིས་
མངལ་མེད་པར་བྱས་པ་བདེན་ནམ། བཙུན་པ་མ་ལགས་སོ། །འོན་ཀྱང་བདག་གིས་རྗེས་སུ་ཡི་རང་བ་བགྱིས་སོ། །དགེ་སློང་དག་ཉེ་སྡེ་ལ་ནི་ལྟུང་བ་མེད་དེ། ཡང་དགེ་སློང་གིས་མངལ་མེད་པར་བྱ་བ་ལ་རྗེས་སུ་ཡི་རང་བར་མི་བྱའོ། །རྗེས་སུ་ཡི་རང་བར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་
བའི་བར་དུ་འབྱུང་བ་ཡིན་ནོ། །འགལ་ཆབས་ཞེས་བྱ་བའི་སྒྲ་ནི་འདས་པའི་ཚིག་ཡིན་ཏེ། འདས་པ་དང་བཅས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་འདིར་ལུས་སམ་ངག་གིས་རྗེས་སུ་ཡི་རང་བར་བྱེད་ན་ནི་མཐར་འགྱུར་བ་ཡིན་ལ། ཡིད་ཀྱིས་རྗེས་སུ་ཡི་རང་བར་བྱེད་ན་ནི་ཡིད་ཀྱི་
བྱ་བ་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར། གསད་པར་སྦྱོར་ལ། ཡིད་ཀྱིས་ཡི་རང་ན་ནི་ཡིད་ཀྱིར་འགྱུར་ཞེས་བྱ་བ་སྨོས་སོ། །ཡིད་ཀྱིས་རྗེས་སུ་ཡི་རང་བ་བྱས་ན་ཡིད་ཀྱིས་བྱས་པའི་ཉེས་བྱས་སུ་འགྱུར་ཏེ། དེ་བསྡམ་པར་བྱ་བའི་ཉེས་བྱས་ཁོ་ནར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་
ཀྱི་ཕྱིར་ཉེ་སྡེ་ལ་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ཏེ། ཡིད་ཀྱིས་དང་དུ་ལེན་པའི་བདག་ཉིད་ལ་ནི་ལྟུང་བ་རྣམ་པར་གཞག་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་འདུལ་བ་གཅིག་ལས་འཕྲོས་པ་ལས་ཀྱང་ལྟུང་བ་ནི་གཉིས་ཏེ། ལུས་ཀྱི་དང་ངག་གིའོ་ཞེས་གསུངས་པ་ཡིན་ནོ། །གཏམ་གྱི་གཞི་ལས་
ཀྱང་། སེམས་ལས་བྱུང་བ་འབའ་ཞིག་གིས་ནི་ལྟུང་བ་མེད་དོ་ཞེས་གསུངས་པ་ཡིན་ནོ། །འོ་ན་ནི་དགེ་སློང་མའི་རྣམ་པར་འབྱེད་པ་ལས། ཁྱིམ་ཐབ་མི་གནས་པའི་བུད་མེད་ཅིག་ཉོན་མོངས་པས་གཟིར་བ་ན་སྐྱེས་པ་གཞན་ཞིག་དང་ལྷན་ཅིག་འདུག་པ་ལས་དགེ་སློང་མ་ཁྱོད་ཀྱིས་མངལ་མེད་པར་བྱས་
Vol. 166 · folio 82b
པ་བདེན་ནམ། བཙུན་པ་བདག་གིས་མངལ་མ་མཆས་པར་ནི་མ་བགྱིས་སོ། །འོན་ཀྱང་བདག་གིས་དང་དུ་ནི་བླངས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ལ་བཀའ་སྩལ་པ། དགེ་སློང་མས་གནས་ཀྱི་རྣམ་པ་དེ་ལྟ་བུ་ལ་དང་དུ་བླང་བར་མི་བྱའོ། །དང་དུ་ལེན་པར་བྱེད་ན་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་
བྱ་བའི་བར་དུ་འབྱུང་བ་དང་འགལ་ལོ། །དེ་ལྟ་བས་ན་འདིར་གལ་ཏེ། ལུས་དང་ངག་གི་རང་བཞིན་གྱི་རྗེས་སུ་ཡི་རང་བ་ཡིན་ན་དེའི་ཚེ་ཕས་ཕམ་པ་ཡིན་པར་འགྱུར་རོ། །འོན་ཏེ་ཡིད་ཀྱི་རང་བཞིན་ན་ནི་དེའི་ཚེ་ཡིད་ཀྱིས་བྱས་པར་འགྱུར་བས་ཉེས་པ་སྦོམ་པོའོ་ཞེས་གསུངས་པ་དང་འགལ་ཏེ། འདིར་ཡིད་
ཀྱི་བྱ་བ་ཡིན་པར་ཡང་མི་འཐད་དེ། ཚིག་གིས་འགྲུབ་པའི་དོན་ལ་ཅང་མི་སྨྲ་བས་དང་དུ་བླངས་པས་འགྲུབ་པའི་ཕྱིར་འདིར་ཕམ་པ་ཁོ་ན་ཡིན་པར་འགྱུར་རོ་ཞེ་ན། དེ་ནི་འགལ་བ་མེད་དེ་དང་དུ་བླངས་པ་ནི་རྣམ་པ་གཉིས་ཏེ། རང་ཉིད་བྱེད་པར་སྨྲ་བ་དང་དུ་ལེན་པ་དང་། སྣང་བ་གསོལ་བ་དང་དུ་ལེན་པའོ། །
དེ་བས་ན་འདིར་དེ་ནི་རང་ཉིད་བྱེད་པར་སྨྲ་བ་ལ་དང་དུ་ལེན་པ་ཡིན་གྱི། གནང་བ་གསོལ་བ་དང་དུ་ལེན་པ་ནི་མ་ཡིན་ནོ། །བསྐོ་བ་པོ་མ་ཡིན་པའི་ཕྱིར་ཅང་མི་སྨྲ་བས་དང་དུ་ལེན་པ་གོ་བར་བྱེད་པ་ཡིན་དུ་ཟིན་ཀྱང་འདིར་ཕམ་པར་རྣམ་པར་མི་གཞག་སྟེ། སེམས་ལ་དེ་བྱེད་པ་ནི་ལེགས་ན་བདག་གིས་ནི་དེ་མི་
བྱ་ཞིང་བྱེད་དུ་ཡང་མི་གཞུག་གོ་སྙམ་དུ་སེམས་ཤིང་། གལ་ཏེ་དེས་བྱེད་དམ་མི་བྱེད་ཀྱང་རུང་བདག་ལ་འདིས་ནི་ཅི་ཞིག་བྱ་སྙམ་དུ་སེམས་པའི་ཕྱིར་ཕམ་པར་འགྱུར་བའི་སྐབས་ནི་མེད། །ཡིད་ཀྱིས་དང་དུ་བླངས་པ་ཡོད་པའི་ཕྱིར་ཡིད་ཀྱིས་རྣམ་པར་གཞག་སྟེ། འགལ་ཚབས་ཅན་གྱི་སྒྲ་དང་ཉེས་པ་
སྦོམ་པོའི་ཚིག་ཀྱང་ཉེས་པ་མང་པོ་འཕེལ་བ་ལ་ནི་ཡིད་ཀྱིས་བསྒྲུབ་པར་བྱ་བ་ཡོད་དོ། །དེ་ལྟ་བས་ན་ཉེས་པ་མང་པོའི་ཚིག་ལ་འདིར་ཉེས་པ་སྦོམ་པོ་ཞེས་བསྟན་པ་ཡིན་ཏེ། དེ་བཞིན་དུ་སྦོམ་པོའི་སྒྲ་གཞན་ལ་ཡང་མཚན་ཉིད་ཇི་ལྟ་བ་བཞིན་དུ་བརྟག་པར་བྱའོ། །དཔེར་ན་འདུལ་བྱེད་ལས་དགེ་སློང་ཡོ་བྱད་མང་པོ་
ཞིག་ན་བ་དང་། དེའི་ནད་གཡོག་གིས་ཤི་ན་དགེ་འདུན་ལ་ནོར་རྫས་བགོར་ཡོད་པས་འདི་ལ་རིམ་གྲོ་མི་བྱ་བའོ་ཞེས་བསམས་བསམས་ནས་དེས་དེའི་རིམ་གྲོ་མ་བྱས་ཏེ་ཤི་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པའི་ལྟུང་བ་ནི་མེད་དེ། ཉེས་པ་སྦོམ་པོར་
Vol. 166 · folio 83a
འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་ཡིན་ནོ། །དེ་ལྟ་བས་ན་ཉེས་པ་སྦོམ་པོ་ཞེས་བྱ་བའི་སྒྲ་ནི་རྣམ་པ་གཉིས་སུ་སྟོན་ཏེ། མིང་དུ་ཆགས་པའི་སྒྲ་དང་། ཡོན་ཏན་གྱི་སྒྲའོ། །དེ་ལ་མིང་དུ་ཆགས་པའི་སྒྲ་ནི་ཉེས་པ་ཆུང་ངུ་ཞེས་བྱ་བ་ཡིན་ནོ། །ཡོན་ཏན་གྱི་སྒྲ་ནི་ཉེས་པ་
མང་པོ་ཞེས་བྱ་བ་ཡིན་ནོ། །འོ་ན་རྣམ་པར་འབྱེད་པ་ལས། ཉེས་པ་སྦོམ་པོ་ནི་གཉིས་ཏེ་ཕམ་པ་ལས་བྱུང་བ་དང་། དགེ་འདུན་ལྷག་མ་ལས་བྱུང་བའོ་ཞེས་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། དེ་ནི་ཉེས་པ་མེད་དེ། ཉེས་པ་སྦོམ་པོ་གཉིས་ཆུང་བའི་ཚིག་ཡིན་པར་དགོངས་པའི་ཕྱིར་རོ། །དེ་བཞིན་བདག་ཉིད་དུད་
འགྲོར་མཐུན་པ་ཡི། །གཟུགས་སུ་བསྒྱུར་ནས་སེམས་ཅན་གསོད་བྱེད་ལ། །སྡོམ་བརྩོན་སྡོམ་བརྩོན་ཉིད་དུ་འདུ་ཤེས་ན། །དངོས་གཞིའོ་མིན་ན་ལྟུང་བ་ཆུང་དང་ལྡན། །བདག་ཉིད་སྨིན་ལ་སོགས་པས་སྟག་ལ་སོགས་པའི་གཟུགས་གང་ཡིན་པར་བསྒྱུར་ཏེ། མི་གསོད་པར་བྱེད་ལ། གལ་ཏེ་བདག་
དགེ་ཚུལ་ཡིན་ན་བྱ་བ་མ་ཡིན་པ་ཞིག་བྱེད་དོ་སྙམ་དུ་དགེ་སློང་གི་འདུ་ཤེས་བྱུང་ན་དེ་མཐར་འགྱུར་རོ། །གལ་ཏེ་མ་ཡིན་ན་ལྟུང་བ་ཆུང་ངུ་ཁོ་ནར་འགྱུར་རོ། །འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་བདག་ཉིད་དུད་འགྲོའི་སྐྱེ་གནས་སུ་གྱུར་པར་བསྒྱུར་ཏེ། མིའི་སྲོག་དང་ཕྲལ་ན་ཅིར་འགྱུར་ལགས།
བཀའ་སྩལ་པ། གལ་ཏེ་བདག་ནི་དགེ་སློང་ཡིན་ན་བྱ་བ་མ་ཡིན་པ་བྱེད་དོ་སྙམ་དུ་དགེ་སློང་གི་འདུ་ཤེས་བྱུང་ན་མཐར་འགྱུར་རོ། །གལ་ཏེ་དགེ་སློང་གི་འདུ་ཤེས་མ་བྱུང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །འདིར་གཞུང་ཡང་། རྨི་ལམ་བསླབ་པ་མེད་དམ་གསད་པ་ཡི། །བསམ་པ་མེད་དམ་
སྨྱོས་པས་གལ་ཏེ་གསོད། །དེ་ནི་ལྟུང་བར་མི་འགྱུར་བསྡམ་བྱ་ཡིན། །གསོད་པའི་ཡན་ལག་ལྷག་མ་མ་ཚང་ན། །ལྟུང་ཆུང་། རྨི་ལམ་མ་ཡིན་པ་ཉིད་དང་། བསླབ་པ་མ་བཏང་བ་ཉིད་དང་། གསད་པའི་བསམ་པ་ཉིད་དང་། རང་བཞིན་དུ་གནས་པ་ཉིད་ཅེས་བྱ་བ་བཞི་པོ་འདི་རྣམས་ལས་གང་ཡང་རུང་བ་
ཞིག་མ་ཚང་ན་ལྟུང་བ་མེད་དེ་བསྡམ་པར་བྱ་བར་ནི་མི་འགྱུར་རོ། །ཡན་ལག་ལྷག་མ་དྲུག་པོ་དག །འདི་ལྟ་སྟེ། མི་ཉིད་དང་། གཞན་ཉིད་དང་། དེར་འདུ་ཤེས་པ་ཉིད་དང་། མ་ནོར་བ་ཉིད་དང་། སྦྱོར་བ་ཉིད་དང་། ཤི་བ་ཉིད་དེ་གསོད་པའི་ཡན་ལག་དྲུག་པོ་དེ་རྣམས་ལས་གཅིག་ཅིག་མེད་ན་ཡང་
Vol. 166 · folio 83b
ལྟུང་བ་ཆུང་བ་ཁོ་ན་ཡིན་ཏེ། ཡན་ལག་ཐམས་ཅད་འདུས་ན་ནི་རྫོགས་པ་ཡིན་ནོ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །ཁ་ཅིག་ན་རེ་གསོད་པའི་ཡན་ལག་རྣམས་སུ་ནི་ཐེ་ཚོམ་མེད་པ་ཉིད་ཅེས་བྱ་བའི་ཚིག་གིས་ཁ་བསྐང་བར་བྱ་བ་ཡིན་ཏེ། འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་འདི་བདག་གི་
ཡིན་ནམ་མ་ཡིན་སྙམ་དུ་ཐེ་ཚོམ་འཚལ་བ་ལས་དེ་ཡང་མ་ལགས་ལ། དེ་ལ་གསོད་པར་བགྱིད་ན་ཅིར་འགྱུར་ལགས། བཀའ་སྩལ་པ། ལྟུང་བ་སྦོམ་པོར་འགྱུར་ཏེ། མཚམས་མེད་པར་ནི་མི་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ་ཞེ་ན། ཚིག་གི་ཁ་བསྐང་བར་མི་བྱ་སྟེ། འདི་ལྟར་གསད་པར་བྱ་བའམ། གསད་
པར་མི་བྱ་སྙམ་པའི་བསམ་པ་སྔར་ཡོད་ཀྱང་གསོད་པའི་ཚེ་གདོན་མི་ཟ་བར་སུ་ཡིན་པ་ཞེས་ངེས་པ་སྐྱེའོ། །དེ་ལྟ་མ་ཡིན་ན་བསད་པ་ཉིད་དུ་མི་འགྱུར་རོ། །ལས་ཐམས་ཅད་ལ་གདོན་མི་ཟ་བར་འཇུག་པའི་སེམས་པ་ནི་གསུམ་སྟེ། དཔྱོད་པ་དང་། ངེས་པ་དང་། གཡོ་བར་བྱེད་པའོ། །རེ་
ཞིག་ཐོག་མར་ནི་ཅི་བྱའམ་འོན་ཏེ་མི་བྱ་སྙམ་དུ་དཔྱོད་པ་སྐྱེའོ། །དེ་ནས་བྱའོ་ཞེས་ངེས་པ་སྐྱེའོ། །དེ་ནས་གཡོ་བར་བྱེད་པ་སྐྱེ་སྟེ། དེས་ནི་ལུས་གཡོ་བར་བྱེད་དོ། །དེ་བས་ན་དོན་དེ་ནི་དྲང་བར་བྱ་བ་ཡིན་ནོ། །འདི་ལྟར་དྲང་བར་བྱ་བ་ཡིན་ཏེ། གསད་པར་བྱའོ་ཞེས་བྱ་བ་འདིས་དངོས་གཞིའི་ལས་
ཀྱི་ལམ་དང་། ལས་ཀྱི་ལམ་གྱི་སྦྱོར་བ་བསྟན་ཏོ། །དེ་ལྟ་བས་ན་འདིར་ལས་ཀྱི་ལམ་གྱི་སྦྱོར་བའི་དབང་དུ་མཛད་ནས་ཞུས་པ་ལས་ལྟུང་བ་སྦོམ་པོར་འགྱུར་ཏེ། མཚམས་མེད་པར་མི་འགྱུར་རོ་ཞེས་གསུངས་པའི་ལན་རིགས་པ་ཡིན་ནོ། །དེ་ལྟར་བྱས་ན་འདུལ་བྱེད་ཀྱི་གཞུང་ལས་བཙུན་པ་དགེ་སློང་
གིས་མ་བསད་དམ་མི་གསད་སྙམ་དུ་ཐེ་ཚོམ་འཚལ་བ་ལས་དེ་ལ་འགུམས་པར་བགྱིད་ན་ཅིར་འགྱུར་ལགས། བཀའ་སྩལ་པ། ཕམ་པར་འགྱུར་རོ་ཞེས་འབྱུང་བ་དང་ཡང་མི་འགལ་བར་བྱས་པ་ཡིན་ནོ། །འདིར་གསོད་པའི་སྒྲས་ནི་དངོས་གཞིའི་ལས་ཀྱི་ལམ་བསྟན་ཏོ། །འོ་ན་ཡང་ལས་དང་པོ་པ་
མ་ཡིན་པ་ཡང་སྨོས་པར་བྱ་བ་ཡིན་ནོ་ཞེ་ན། སྨོས་པར་མི་བྱ་སྟེ། ད་ལྟར་ལས་དང་པོ་པ་མི་སྲིད་པའི་ཕྱིར་རོ། །འོ་ན་ལྟ་ཞིག་དེའི་ཚེ་ཡང་ལས་དང་པོ་པ་མི་སྲིད་པ་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ནི་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཐོ་རངས་ཉོན་མོངས་པའི་བདུད་བཏུལ་ནས་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་
Vol. 166 · folio 84a
དང་ཤེས་རབ་ཀྱི་ཕུང་པོ་གསུམ་ཚང་བར་བཅས་པ་དང་། རྣམ་པར་འབྱེད་པ་ལས་ཀྱང་། ད་ལྟར་ཡང་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་གཉིས་ཀྱིས་སོ་སོར་ཐར་པ་བསྟན་ཏོ་ཞེས་གསུངས་པས་ཤེ་ན། འཕགས་པ་ཉེར་སྦས་ཀྱི་ཞལ་ནས་ཆད་པ་བཅའ་བ་ལས་དགོངས་
ནས་གསུངས་པའི་ཕྱིར་རོ་ཞེས་གསུངས་ཏེ། ཆད་པ་བཅའ་བའི་རིམ་པའི་ངོ་བོ་ཁོ་ན་ཡིན་པའི་ཕྱིར་ཞེ་ན། དགེ་ཚུལ་གྱི་བསླབ་པའི་རིམ་པ་ལས་བཟློག་ནས་འདུལ་བ་ལས་རིམ་པ་གཞན་དུ་བསྟན་ཏོ། །གསོད་པ་ལས་བྱུང་བའི་ལྷག་མ་མེད་པའི་ལྟུང་བ་བཤད་ཟིན་ཏོ། །ལྷག་མ་དང་བཅས་པ་བསྟན་
པར་བྱ་སྟེ། དེ་བཤད་པ། འཁྲུལ་མེད་སྲོག་ཆགས་གསད་བསམས་པས། །རིགས་གཞན་གསད་པ་ལས་ནི་ཉེས་བྱས་འགྱུར། །མ་བརྟགས་པ་ཡི་ཆུ་བུམ་བརྙས་པ་ལས། །སྦྱིན་པར་གྱུར་ཀྱང་ཉེས་པ་མེད་པ་ཡིན། །དེ་ཁོ་ན་ཡིན་གྱི་འདྲ་བར་མ་འཁྲུལ་པ་དང་། གསང་བའི་བསམ་པ་ཁོ་
ནས་མིའི་རིགས་ལས་རིགས་གཞན་ཏེ། དུད་འགྲོ་དང་ཡི་དྭགས་ལ་སོགས་པའོ། །དེ་ལ་སྲོག་ཆགས་ཀྱི་བློས་མི་མ་ཡིན་པ་བསད་ན་ཉེས་བྱས་སུ་འགྱུར་རོ། །དེ་ལྟར་ན་འཁྲུལ་པ་མེད་པ་དང་། བསད་པའི་བསམ་པ་དང་། རིགས་གཞན་ཉིད་དང་། སྲོག་ཆགས་སུ་འདུ་ཤེས་པ་ཉིད་དང་། གསད་
པ་ཉིད་དེ། ཉེས་བྱས་ཀྱི་ཡན་ལག་ནི་ལྔ་པོ་འདི་དག་ཡིན་ནོ། །གང་ན་དེ་དག་མེད་པ་དེ་ན་ནི་ལྟུང་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་མ་བརྟགས་པའི་ཆུའི་བུམ་པ་སློང་བ་དག་ལ་བྱིན་ན་ཡང་འགལ་བར་མི་འགྱུར་རོ་ཞེས་སྟོན་པ་ཡིན་ནོ། །ཉེས་བྱས་ཀྱི་ཡན་ལག་རྣམས་ཚང་ན་ཇི་ལྟར་རིགས་པར་ལྟུང་བར་འགྱུར་
བར་རིག་པར་བྱའོ། །གང་གིས་སྲོག་ཆགས་བཅས་ཆུ་ལ་སོགས་སྤྱོད། །ཡང་ན་ཆུ་ཚན་ལ་སོགས་ལྡུགས་བྱེད་ལ། །བལྟར་ཡོད་སྐྱེ་བོ་ཤི་ན་དེ་ལ་ནི། །སྲོག་ཆགས་རེ་རེའི་ལྟུང་བ་ལྕི་བ་འབྱུང་། །གང་གིས་སྲོག་ཆགས་དང་བཅས་པའི་ཆུ་དང་རྩབ་མོ་ལ་སོགས་པ་སྤྱོད་དམ། ཁུ་བ་ཚ་བ་ལ་སོགས་
པ་དག་ལྡུགས་པར་བྱེད་ན་སྡོམ་བརྩོན་དེ་ལ་ནི་སྲོག་ཆགས་རེ་རེ་སྟེ་སྲོག་ཆགས་མིག་གིས་གཟུང་དུ་ཡོད་པ་དེ་དག་ཇི་སྙེད་ཤི་ན་དེ་སྙེད་ཁོ་ནའི་ཉེས་བྱས་དག་ཏུ་འགྱུར་རོ། །ཞུས་པ་ལས། བཙུན་པ་དགེ་སློང་གིས་སྲོག་ཆགས་དང་བཅས་པའི་ཆབ་གཞག་སྟེ་སྲོག་ཆགས་དང་བཅས་པ་གཞན་དག་སྤྱོད་
Vol. 166 · folio 84b
པར་བགྱིད་ན་ཅིར་འགྱུར་ལགས། བཀའ་སྩལ་པ། སྲོག་ཆགས་ཇི་སྙེད་སྲོག་དང་བྲལ་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པའི་བར་དུ་འབྱུང་བ་ཡིན་ནོ། །རྣམ་པར་འབྱེད་པ་ལས་ཀྱང་། སྲོག་ཆགས་དང་བཅས་པའི་ཡུར་བ་ཕོ་ན། སྲོག་ཆགས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་ལ། སྲོག་
ཆགས་ཇི་སྙེད་པ་དུས་མ་བྱས་པ་དེ་སྙེད་ཀྱི་ནི་ཉེས་བྱས་སུ་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ལྟུང་བ་དེ་དག་ལྕི་བ་ནི་སྲོག་ཆགས་གསོད་པ་ནི་ཁ་ན་མ་ཐོ་བ་དང་བཅས་པ་ཆེན་པོ་ཡིན་པའི་ཕྱིར་རོ། །བལྟར་ཡོད་ཅེས་བྱ་བ་འདི་ག་ལས་འབྱུང་ཞེ་ན། ཕྲན་ཚེགས་ལས། བཙུན་པ་ཆབ་བཙགས་པ་མ་བརྟགས་
པར་འཚལ་དུ་རུང་ངམ་ཉེ་བ་འཁོར་མི་རུང་ངོ་། །བཙུན་པ་མ་བཙགས་པ་བརྟགས་ན་འཚལ་དུ་རུང་ངམ། ཉེ་བ་འཁོར་རུང་ངོ་ཞེས་གསུངས་པ་ཡིན་ཏེ། འདི་ལྟར་ཡོད་པ་ཁོ་ན་ལ་བརྟེན་པར་བྱ་བའི་ཕྱིར་རོ། །ཡང་ཅིའི་ཕྱིར་བལྟར་ཡོད་པ་ཁོ་ན་ལ་བརྟེན་པར་བྱའི། ཆུ་ཚགས་ལ་ནི་མ་ཡིན་ཞེ་ན། སྲོག་ཆགས་
ཕྲ་མོ་ཁ་ཅིག་བལྟར་ཡོད་དུ་ཟིན་ཀྱང་ཆུ་ཚགས་ཀྱིས་གཟུང་དུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་འབྱེད་པ་ལས་ཀྱང་། སྲོག་ཆགས་དག་ནི་རྣམ་པ་གཉིས་ཏེ། གང་དག་མིག་ལ་སྣང་བར་འགྱུར་བ་དང་། གང་དག་ཆགས་ཀྱིས་གཟུང་དུ་ཡོད་པའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་མཐོང་བ་ཁོ་
ན་ལ་བརྟེན་པ་ཡིན་གྱི་ཚགས་ལ་ནི་མ་ཡིན་ནོ། །ཐ་མལ་པ་ཡི་མིག་ནི་ནད་མེད་པས། །ཆུ་མི་གཡོ་ཞིང་རྙོག་པ་མེད་ལ་བརྟག །བུམ་པ་གང་བ་བརྟག་བྱ་ཀ་ཏ་ཀ །རྣམས་ཀྱིས་ཆུ་རྡུལ་ཅན་དག་དང་བར་བྱ། །ཤའི་མིག་ཉིད་རབ་རིབ་ལ་སོགས་པས་ཉམས་པར་མ་གྱུར་པས་ཆུ་མི་གཡོ་ཞིང་རྙོག་པ་མེད་པ་
ལ་བརྟག་པར་བྱའི་ལྷའི་མིག་གིས་ནི་མ་ཡིན་ནོ། །འདིར་གཞུང་ནི་ཕྲན་ཚེགས་ལས། ཚེ་དང་ལྡན་པ་མ་འགགས་པས། ལྷའི་མིག་གིས་ཆུ་བརྟགས་ན་དེ་ན་སྲིད་པ་བར་མ་དོ་བའི་སྲོག་ཆགས་རྣམས་ཀྱིས་གང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་མིག་ནི་ཐ་སྙད་དུ་བརྗོད་དུ་མེད་པས་དེའི་
ཕྱིར་ལྷའི་མིག་གིས་ཆུ་བརྟག་པར་མི་བྱའོ། །ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །སྣོད་གང་དུ་བརྟག་པར་བྱ་བ་དེ་ནི་དོན་གྱིས་སྨོས་པར་རིག་པར་བྱའོ། །བུམ་པ་དག་ལ་ཁྱད་པར་ཡོད་དེ། དེ་ནི་གང་ལ་ཁོ་ན་ལ་བརྟག་པར་བྱའི་མ་གང་བར་ནི་མ་ཡིན་ནོ། །ཕྲན་ཚེགས་ལས་ཀྱང་། དེ་དག་བུམ་པ་མ་
Vol. 166 · folio 85a
གང་བ་ལ་རྟོག་པར་བྱེད་པ་ན་སྲོག་ཆགས་རྣམས་མི་རྟོགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུམ་པ་གང་བ་ལ་བརྟག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །གལ་ཏེ་ཆུ་དེ་རྡུལ་ཅན་ཡིན་ན་ཤིང་ཏོག་ཀ་ཏ་ཀ་ལ་སོགས་པས་དང་བར་བྱའོ། །ཀ་ཏ་ཀ་རྣམས་ཀྱིས་
ཞེས་མང་པོའི་ཚིག་ཏུ་སྨོས་པ་ནི་ནས་ཕྱེའི་ཟན་འབྲུ་མར་གྱིས་བསྐུས་པ་ལ་སོགས་པ་བསྡུ་བའི་ཕྱིར་རོ། །ཇི་སྲིད་འདི་ལ་ཡིད་ནི་དག་གྱུར་ན། །དེ་སྲིད་བརྟག་བྱ་རིང་མིན་ཐུང་ངུ་མིན། །སྟེང་དུའང་དེ་བཞིན་ཡང་དང་ཡང་དུ་མིན། །གློ་བུར་པ་ཡིས་སྲོག་ཆགས་བཅས་ཏེ་མིན། །དུས་ཇི་སྲིད་དུ་
སེམས་དག་པར་འགྱུར་བའི་དུས་དེ་སྲིད་དུ་བརྟག་པར་བྱའི་ཡུན་རིང་དུ་ཡང་མ་ཡིན་ལ། ཡུན་ཐུང་ངུ་ཡང་མ་ཡིན་ཞིང་ཡང་དང་ཡང་དུ་བརྟག་པར་མི་བྱའོ། །སྟེང་དུ་ཡང་དེ་བཞིན་ནོ། །སྦྲང་བུ་དང་སྦྲང་བུ་མཆུ་རིངས་ལ་སོགས་པ་གང་དག་ཆུའི་སྟེང་ན་འཁྱམ་པ་དེ་དག་ནི་ཆུ་ན་གནས་པ་མ་ཡིན་པས་དེ་དག་
བསལ་ཏེ། དེ་དག་དང་མཐུན་པའི་གནས་སུ་གཞག་པར་བྱའོ། །གྲོག་སྦུར་ལ་སོགས་པ་གློ་བུར་བས་ཀྱང་ཆུ་དེ་སྲོག་ཆགས་དང་བཅས་པ་ཡིན་པར་མི་བརྩིའོ། །དེ་བཞིན་ཁྲོན་པ་དག་དང་ཆུ་རའི་ཆུ། །ལན་ཅིག་བརྟགས་ནས་ཉི་མ་ཤར་བར་དུ། །ཐེ་ཚོམ་མེད་པར་སྤྱད་པར་རུང་བ་ཡིན། །དེ་ཡི་
ཉེན་འཁོར་འདོམ་གང་འཁོར་ཡུག་གོ། །ཁྲོན་པ་དང་བུམ་པ་ལ་སོགས་པའི་ཆུ་ལན་ཅིག་བརྟགས་པ་ནི་ཇི་སྲིད་དུ་ཕྱི་དེ་ཉིན་པར་གྱི་ཉི་མ་ཤར་བའི་བར་དེ་སྲིད་དུ་ཐེ་ཚོམ་མེད་པར་སྤྱད་པར་བྱ་བར་རུང་བ་ཡིན་ནོ། །དེ་ཕྱིན་ཆད་ནི་མི་རུང་ངོ་། །ཆུའི་ཆ་བརྟག་པའི་ཉེ་འཁོར་ནི་འདོམ་གང་འཁོར་ཡུག་ཡིན་པར་བཤད་དོ། །
ཁྲོན་པ་སོགས་གཙང་ཆུ་ཚགས་དམ་ལ་སོགས། །དགེ་སློང་དགེ་འདུན་དེ་བཞིན་ཡིད་ཆེས་པས། ལྔ་ཆར་རུང་བའི་ཆུ་ཡིན་བླང་བར་བྱ། །ཆུ་ཚགས་མེད་པ་དག་ཏུ་མི་བྱའོ། །ཆུ་བླང་བར་རུང་བ་ནི་ལྔར་བསྟན་ཏེ། ཁྲོན་པས་རུང་བ་དང་སྟེ། བརྟགས་པས་གཙང་བའོ། །ཆུ་ཚགས་ཀྱིས་རུང་བ་དང་སྟེ།
ཆུ་ཚགས་དམ་པོ་ནི་སྲོག་ཆགས་འཛིན་པའི་ཕྱིར་རོ། །དགེ་སློང་གིས་རུང་བ་དང་སྟེ། འདི་ནི་བསླབ་པ་འདོད་པའོ་ཞེས་དེ་ལ་ཡིད་ཆེས་པའི་ཕྱིར་རོ། །དགེ་འདུན་གྱིས་རུང་བ་དང་སྟེ། དགེ་འདུན་ནི་ཆུ་མ་བཙགས་པར་མི་སྤྱོད་པའི་ཕྱིར་རོ། །ཡིད་ཆེས་པས་རུང་བ་ནི་བཀོད་མའི་རུང་བ་དང་སྟེ། བཀོད་མ་
Vol. 166 · folio 85b
ནི་ཆུ་མིག་ཅེས་བྱ་སྟེ། དེ་ལ་སྲོག་ཆགས་མེད་དོ་སྙམ་དུ་ཡིད་ཆེས་པའི་དབང་གིས་སོ། །ཉིན་ཞག་གཅིག་རུང་བ་ཡང་ཡིད་ཆེས་པས་རུང་བ་ཉིད་ཡིན་ཏེ། བརྟགས་པ་ནི་སྲོག་ཆགས་མེད་དོ་སྙམ་དུ་ཡིད་ཆེས་པ་འཇུག་པའི་ཕྱིར་ཏེ། དེ་ནི་སྔར་ཉི་མ་ཤར་གྱི་བར་དུ་ཞེས་བྱ་བ་འདིས་བསྟན་ཏོ། །འདིར་གཞུང་ནི་
ཆུ་རུང་བ་ནི་ལྔ་དག་སྟེ། ཁྲོན་པས་རུང་བ་དང་། ཆུ་ཚགས་ཀྱིས་རུང་བ་དང་། དགེ་སློང་གིས་རུང་བ་དང་དགེ་འདུན་གྱིས་རུང་བ་དང་། ཉིན་ཞག་གཅིག་རུང་བ་དང་ཞེས་བྱ་བ་དང་། འདིར་ཡང་གཞུང་ཕྲན་ཚེགས་ལས། ལྔ་པ་བཀོད་མའི་རུང་བའོ་ཞེས་བསྟན་པ་ཡིན་ནོ། །ཆུ་ཚགས་དང་བྲལ་བ་ཉིད་དུ་
ནམ་ཡང་མི་བྱའོ།། །།བམ་པོ་གཉིས་པ། གང་ཞིག་ཆུ་ཚགས་རིལ་ཚགས་གྲུ་གསུམ་དང་། །སྤྱངས་ཚགས་རིལ་བ་ཞབས་ཚགས་ཅན་དག་གམ། །བསལ་ཆགས་དག་ཀྱང་བོར་ཏེ་འགྲོ་བྱེད་ན། །དེ་ལ་ཡིད་ཀྱིས་བྱ་བའི་ཉེས་བྱས་འགྱུར། །ཐ་ན་ཆུ་ཚགས་གཅིག་ཙམ་ཡང་ཁྱེར་ཏེ་
འགྲོ་བར་བྱའོ། །དགེ་ཚུལ་གང་ཞིག་ཆུ་ཚགས་མ་ཁྱེར་བར་འགྲོ་ན་དེ་ལ་བསྡམ་པར་བྱ་བའི་ཁ་ན་མ་ཐོ་བར་འགྱུར་རོ། །ཆུ་ཚགས་ཀྱང་རྣམ་པ་ལྔ་སྟེ། དེ་ལ་ཆུ་ཚགས་རིལ་ཚགས་ནི་ཟླུམ་པོ་ཁ་གཉིས་པའོ། །གྲུ་གསུམ་ནི་གྲྭ་གྲུ་གསུམ་ཡོད་པའོ། །སྤྱངས་ཚགས་ཞེས་བྱ་བ་ནི་ཆུ་ཚགས་ཡུ་བ་ཡོད་པའོ། །
རིལ་བ་ཞབས་ཚགས་ཅན་ནི་རིལ་བའི་ཞབས་སུ་ཚགས་བྱས་པའོ། །བསལ་ཚགས་ནི་གོས་ཀྱི་དུམ་བུའོ། །མིང་གསུམ་པོ་ནི་གོས་ཀྱི་ཐ་མ་ཞེས་བྱ་སྟེ། གོས་ཀྱི་ཐ་མ་ཉིད་ཀྱིས་ནི་བུམ་ཚགས་གཅེའུ་ཅན་ཡང་བསྟན་པར་རིག་པར་བྱའོ། །གལ་ཏེ་སོང་ན་བསལ་ཚགས་ལ་སོགས་ཡོད། །དེ་ཚེ་རྒྱང་གྲགས་
ལྔར་ནི་ཆུ་ཚགས་དག །མེད་པར་འགྲོ་བྱ་གལ་ཏེ་མེད་ན་ཡང་། །དེ་སླར་འོང་འདོད་དཔག་ཚད་ཕྱེད་འགྲོ་བྱ། །གལ་ཏེ་དེར་སོང་ན་ཆུ་ཚགས་རྙེད་ན་དེའི་ཚེ་རྒྱང་གྲགས་ལྔ་ཁོ་ནར་འགྲོ་བར་བྱའོ། །དེ་ལས་ཕན་ཆད་དུ་ནི་མ་ཡིན་ནོ། །ཇི་སྟེ་ཇི་སྙེད་ཀྱང་དེའི་ཚེ་བྱ་བ་དེ་ལྟ་བུ་ཞིག་ཡོད་ན་བརྟུལ་ཞུགས་ཅན་དེས་དེ་མ་ཐག་ཏུ་
སླར་འོང་བའི་བསམ་པས་དཔག་ཚད་ཕྱེད་ཁོ་ནར་འགྲོ་བར་བྱའི་དེ་ཕན་ཆད་དུ་ནི་མ་ཡིན་ནོ། །གཅུགས་པ་རྣམས་ཀྱི་ཚིག་གིས་ལམ་རིང་དུ། །སོང་དུ་ཟིན་ཡང་ནམ་ཡང་ཉེས་པ་མེད། །ཆུ་བོའི་འགྲམ་ནས་འགྲོ་བར་བྱེད་པ་ན། །མཐོང་བས་དག་པའི་ཆུ་འཐུངས་ཉེས་པ་མེད། །ཇི་སྟེ་འགྲོགས་བཤེས་
Vol. 166 · folio 86a
ན་རེ་ཁོ་བོས་ཁྱོད་ལ་ཆུ་ཚགས་སྦྱིན་ནོ་ཞེས་ཟེར་ན་དེའི་ཚིག་གིས་རིང་དུ་སོང་ཡང་ཉེས་པ་མེད་དོ། །གཞན་ཡང་ཆུ་ཀླུང་གི་འགྲམ་ནས་འགྲོ་བ་ན་མཐོང་བས་དག་པར་འགྱུར་བའི་ཆུ་ལ་སྤྱོད་ན་ཆུ་ཚགས་མེད་ན་ཡང་ཉེས་པ་མེད་དོ། །རྒྱུན་གྱིས་འབབ་པའི་ཆུ་རྒྱུན་མ་འདྲེས་པ། །དེར་ནི་རྒྱང་གྲགས་རེ་རེས་ལེགས་
པར་བརྟག།གཞན་དུ་འཇུག་ངོགས་རེ་རེ་ཁོ་ནར་རོ། །འདི་ནི་ཆུ་ཚགས་མེད་འགྲོའི་ཚུལ་ཡིན་ནོ། །འབབ་པར་བྱེད་པས་འབབ་པའོ། །གལ་ཏེ་ཆུ་ཀླུང་དེ་ཆུའི་རྒྱུན་གཞན་དང་མ་འདྲེས་པ་ཡིན་ན་དེར་རྒྱང་གྲགས་རེ་རེར་ཆུ་བརྟགས་ནས་སྤྱད་པར་བྱའོ། །ཆུ་རྒྱུན་ནི་འདིར་རྒྱུན་ལ་བྱའོ། །འདིར་སློབ་དཔོན་གྱི་ཞལ་ནས་རྒྱང་གྲགས་
སུ་རྗེས་སུ་འགྲོ་བ་ཞིག་ཡིན་ན་ཆུའི་ཚོགས་བརྟགས་པ་ལ་རྒྱང་གྲགས་ཞེས་སྨོས་པ་ཡིན་ནོ། །གཞན་དུ་ན་ཇི་ལྟར་ཆུའི་ཚོགས་གཞན་བརྟགས་ན་གཞན་བརྟགས་པར་ཇི་ལྟར་འགྱུར་ཞེས་གསུངས་སོ། །རྗེས་སུ་འགྲོ་བ་ཉིད་མེད་པའི་ཕྱིར་རྒྱུན་གྱི་བཟློག་ཕྱོགས་སུ་ནི་འཇུག་ངོགས་རེ་རེར་བརྟགས་ནས་སྤྱད་པར་བྱའོ་
ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །གཞན་དུ་ཞེས་བྱ་བ་ནི་ཆུ་ཀླུང་གི་རྒྱུན་འབབ་པའི་བཟློག་ཕྱོགས་དག་ཏུ་ནི་འཇུག་ངོགས་རེ་རེར་བརྟགས་ནས་སྤྱད་པར་རུང་བ་ཡིན་ནོ། །ཆོ་ག་འདི་ནི་ཆུ་ཚགས་མེད་པར་འགྲོ་བ་ལ་བསྟན་པ་ཡིན་ནོ། །སྤུ་བཅས་གོས་དང་ཉི་རིམ་དག་གིས་ནི། །སྲོག་
ཆགས་བཅས་པའི་ཆུ་ལ་ཁྲུས་བྱ་བཀག །གང་ལ་ཆུ་བས་སྲོག་ཆགས་མང་བ་དེར། །རིམ་པ་གཅིག་པུས་ཁྲུས་ནི་མི་བྱའོ། །གོས་སྤུས་གཡོགས་པ་དང་ཉི་རིམ་གྱིས་སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་བྱ་བ་བཀག་སྟེ། འདི་གཉིས་ལ་སྲོག་ཆགས་འཆགས་པ་སྲིད་པའི་
ཕྱིར་རོ། །ཇི་སྐད་དུ་གོས་ལྷན་པས་བཏབ་པ་དང་། སྤུས་ཁེབས་པ་དག་གིས་ཁྲུས་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་དེ་ཡང་བསྡུས་པ་ཡིན་ཏེ། ཉི་རིམ་བཀག་པས་གོས་ལྷན་པས་བཏབ་པ་ཡང་འདུས་པའི་ཕྱིར་ལ། སྤུ་དང་བཅས་པ་སྨོས་པས་ཀྱང་སྤུས་
ཁེབས་པ་རྣམས་སོ། །གང་ལ་ཆུ་བས་སྲོག་ཆགས་མང་བ་དེར་ནི་གོས་རིམ་པ་གཅིག་གིས་ཀྱང་ཁྲུས་མི་བྱའོ། །འདིར་གཞུང་ནི། གང་ལ་སྲོག་ཆགས་ཀྱི་བྱིངས་ནི་མངལ་ཆུ་བྱིངས་ནི་ཆུང་བ་དེར་ནི་ཁྲུས་མི་བྱའོ། །གང་ན་ཆུའི་བྱིངས་ནི་ཆེ་ལ་སྲོག་ཆགས་ཀྱི་བྱིངས་ནི་ཉུང་བ་དེར་ཁྲུས་བྱའོ་
Vol. 166 · folio 86b
ཞེས་འབྱུང་བ་ཡིན་ནོ། །དེ་ལ་ཆུ་བརྟགས་པ་ནི་ཁྱོར་བས་སོ་ཞེས་གསུངས་པ་དེ་ནི་ཉ་ཕྱིས་ལ་སོགས་པ་མཚོན་པར་བལྟ་བར་བྱའོ། །ཁྲོན་པའི་ཆུ་དག་འབྲས་ཆན་ལ་སོགས་དང་། །འདྲེས་པ་བཙགས་ནས་དེ་ནི་ཁ་ཟས་མེད། །གང་ཚེ་ཁྱིམ་པའི་བསྟི་སར་ཡོད་པའི་ཆུ། །གཙང་ན་ཕྱི་དྲོའང་ཐེ་ཚོམ་
མེད་པར་བཏུང་། །ཁྲོན་པ་ལ་སོགས་པའི་ཆུ་འབྲས་ཆན་དང་ཚོད་མ་ལ་སོགས་པ་དང་འདྲེས་པ་གང་ཡིན་པ་དེ་ནི་བཙགས་ནས་བླང་བར་བྱའོ། །སིལ་བུ་ལས། དགེ་སློང་དག་ཁྲོན་པ་ནས་ཆུ་ལེན་པ་དང་དེ་ན་དེ་རྣམས་ཀྱི་ཆུ་ཚགས་སུ་འབྲས་ཆན་གྱི་ཚིགས་མ་དང་ཁུར་བའི་དུམ་བུ་དག་ལྟུང་བ་ནས། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཟས་དེས་ཁ་ཟས་ཀྱི་བྱ་བ་བྱེད་མི་ནུས་ཀྱི་བོར་ལ་བཙག་པར་བྱའོ། །འདི་ལ་འགྱོད་པར་མི་བྱའོ། །མཚན་མོ་ཡང་བཏུང་བར་བྱ་ཞིང་། བྱ་མ་བུམ་ཡང་དགང་བར་བྱའོ་ཞེས་བྱ་བའི་བར་དུ་འབྱུང་བ་དང་། དེ་བཞིན་དུ་དགེ་སློང་གིས་དུས་སུ་ལྷུང་བཟེད་ནས་
ཁུ་བ་འཐུངས་པ་དང་། དུས་མ་ཡིན་པར་ལྷུང་བཟེད་ནས་སྐོམ་འཐུངས་པ་ན་ལྷུང་བཟེད་ལས་སྣུམ་ལངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་གི་སྣུམ་ཕོར་ལ་སྐོམ་བཏུང་བར་བྱའོ། །འདི་ལ་འགྱོད་པར་མི་བྱའོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །གང་གི་ཚེ་ཁྱིམ་པ་
རྣམས་ཀྱི་བསྟི་ས་ན་ཡོད་པའི་ཆུ་བརྟགས་པས་གཙང་བ་ཡིན་ན། དེའི་ཚེ་མཚན་མོ་ཡང་བཏུང་དུ་རུང་ངོ་། །འདིར་གཞུང་ནི་གླེང་གཞི་ལས། དགེ་སློང་དག་ལམ་དུ་འགྲོ་བར་བྱེད་ལ། དེ་ན་ཆུ་མེད་པ་དང་། འགྲོན་པ་རྣམས་ཀྱིས་ཁྱིམ་པའི་བསྟི་ས་ན་ཡོད་པའི་ཆུ་བྱིན་ན། དགེ་སློང་རྣམས་དུས་མ་ཡིན་པ་ན་
འགྱོད་པས་མི་བཏུང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གཞན་རྙེད་པ་མེད་ན་བརྟགས་ནས་བཏུང་བར་བྱ་ཞིང་བྱ་མ་བུམ་དང་རིལ་བ་དག་ཏུ་ཡང་བླུགས་པར་བྱའོ། །ཟོ་ཆུན་རྒྱུད་མོ་དང་རྐྱལ་པ་དག་ན་ཡོད་པ་ཡང་དེ་དང་འདྲ་སྟེ། དགེ་སློང་དག་ཟོ་ཆུན་རྒྱུད་མོ་ནི་གཙང་བའི་རྒྱུ་ཡིན་གྱི་བརྟགས་ན་
དུས་སམ་དུས་མ་ཡིན་པར་ཡང་བཏུང་བར་བྱ་ཞིང་འདི་ལ་འགྱོད་པར་མི་བྱའོ་ཞེས་འབྱུང་བ་ཡིན་ནོ། །འདི་ནི་དུས་མ་ཡིན་པའི་ཁ་ཟས་དང་འབྲེལ་པ་ཡིན་ཡང་ཆུའི་སྐབས་ཡིན་པའི་ཕྱིར་འདིར་བསྟན་ཏོ། །དབྱུག་གུ་གསུམ་པ་གྲུ་གསུམ་གྲྭ་སྲད་བུས། །བཏགས་ནས་ཆུ་ནི་ལེགས་པར་བཙག་པར་བྱ། །ལྕི་བ་སྐམ་པོ་གཙང་མའི་ཕྱེ་
Vol. 166 · folio 87a
མ་ཡིས། །ཆུ་ཚགས་ཤིན་ཏུ་སྲབ་ན་གདབ་པར་བྱ། །དབྱུག་གུ་གསུམ་ལས་ཆུ་ཚགས་གྲུ་གསུམ་གྱི་གྲྭའི་སྲད་བུ་བཏགས་ནས་བཙག་པར་བྱའོ། །གལ་ཏེ་སྲབ་པའི་ཕྱིར་སྲོག་ཆགས་དག་མི་འཛིན་ན་དེའི་ཚེ་ལྕི་བ་ཤིན་ཏུ་སྐམ་པོའི་ཕྱེ་མ་ཆུ་ཚགས་གྲུ་གསུམ་པོ་དེར་གདབ་པར་བྱའོ། །ཆུ་ཚགས་འཛག་པར་བྱ་ཕྱིར་
ཡང་དང་ཡང་། །སྨྱིག་མའི་ཚལ་བ་དག་གིས་བརྡབ་པར་བྱ། །སྲོག་ཆགས་སྲུང་ཕྱིར་ལྕགས་ཀྱི་ལུ་གུ་བརྒྱུད། །བཏགས་པའི་སྣོད་ནི་འོག་ཏུ་གཞག་པར་བྱ། །ཆུ་ཚགས་དེར་ལྕི་བའི་ཕྱེ་མ་བཏབ་པས་གལ་ཏེ་ཆུ་མི་འཛག་ན། དེའི་ཚེ་ཆུ་འཛག་པར་བྱ་བའི་ཕྱིར་ཡང་དང་ཡང་དུ་སྨྱིག་མའི་ཚལ་བས་
བརྡབ་པར་བྱའོ། །ཆུ་ཚགས་གྲུ་གསུམ་གྱི་འོག་ཏུ་སྲོག་ཆགས་དེ་དག་བསྲུང་བའི་ཕྱིར་སྣོད་ལ་ལྕགས་ཀྱི་ལུ་གུ་རྒྱུད་ལ་སོགས་པས་བཏགས་ནས་གཞག་པར་བྱའོ། །འོ་ན་ཕྲན་ཚེགས་ལས། ཚགས་རྟེན་སྣོད་གཉིས་ཏེ། ཟངས་ལས་བྱས་པ་དང་། ས་ལས་བྱས་པའོ། །དེ་ལ་ཟངས་ལས་
བྱས་པ་ལ་བུ་ག་བཏོད་དེ་ལུ་གུ་རྒྱུད་ཀྱིས་བུ་ག་ལ་གདགས་པར་བྱའོ། །ས་ལས་བྱས་པ་ལ་བུ་ག་བཏོང་དེ་སྲད་བུས་གདགས་པར་བྱའོ་ཞེས་གསུངས་པ་མ་ཡིན་ནམ། ད་ཇི་ལྟར་གཞན་དུ་བསྟན་ཞེ་ན། དེ་ནི་ཉེས་པ་མེད་དེ། ཇི་ཙམ་གྱིས་སྲོག་ཆགས་ཟད་པ་ཙམ་འགྲུབ་པ་དེ་ཙམ་ཞིག་འདིར་བརྗོད་
པ་མཚོན་པའི་ཕྱིར་ན། དེ་ནི་ཉེ་བར་མཚོན་པ་ཡིན་ནོ། །ཇི་སྟེ་ལུགས་ཀྱིས་ཡུལ་ན་ཁྲོན་པ་ཡོད་པ་ཞིག་ཡིན་ན། སྲོག་ཆགས་དེ་དག་བཙགས་པའི་ཆུ་ཇི་ལྟར་དབོ་བར་བྱ་ཞེ་ན། བཤད་པ། དེ་ཡི་སྲོག་ཆགས་གནོད་པ་སྤང་བའི་ཕྱིར། །སྲོགས་ཆགས་ཡོད་ཆུ་ཐར་པར་བྱེད་པའི་སྣོད། ཁ་དང་ཞབས་སུ་ཐག་པ་
གཉིས་བཏགས་པས། །སྙིང་རྗེའི་ངོར་ནི་ཁྲོན་པའི་ནང་དུ་དབོ། །སྲོག་ཆགས་དང་བཅས་པའི་ཆུ་དེ་ཐར་བར་བྱེད་པའི་སྣོད་ཀྱིས་དབོའོ། །ཇི་འདྲ་བར་བྱ་ཞེ་ན། སྲོག་ཆགས་རྣམས་ལ། གནོད་པ་མེད་པར་བྱ་བའི་ཕྱིར་བསལ་ཚགས་དེས་སམ། ཐར་བར་བྱེད་པའི་སྣོད་ལ་ཐག་པས་བཏགས་ནས་ཁྲོན་
པར་གཞུག་པར་བྱ་ཞིང་གང་བ་ནི་གཞུག་ལ། སྟོང་པ་ནི་སླར་དབྱུང་བ་དེ་ལྟ་བུར་བྱའོ་ཞེས་གསུངས་པ་ཡིན་ཏེ། འདི་ནི་བསྡུས་པ་ཡིན་ནོ། །འཕགས་པས་འཇིག་རྟེན་མདུན་དུ་རིལ་བ་དག །ཁ་ལ་བཟློག་སྟེ་གཏད་ནས་ཆུ་མི་བཏུང་། །ལོ་མ་ལ་སོགས་མི་རྙེད་དབེན་སོང་སྟེ། །སྐོམ་པའི་ཕྱིར་ནི་
Vol. 166 · folio 87b
འཐུངས་ན་ཉེས་པ་མེད། །འཕགས་པའི་ཆོས་ཀྱི་རྗེས་སུ་འབྲང་བས་ནི་ཁར་རིལ་བ་སྤྱི་བླུགས་བཟློག་ནས་ཆུ་བཏུང་བར་མི་བྱའོ། །ལོ་མ་ལ་སོགས་པ་དག་མི་རྙེད་ལ་སྐོམ་པས་གདུངས་ན་སྐྱེ་བོ་མེད་པར་སོང་སྟེ་བཏུང་བར་བྱའོ། །སིལ་བུ་ལས། དགེ་སློང་གིས་བྱ་མ་བུམ་ནས་ཆུ་འཐུངས་པ་ན། སྦྲང་བུ་མཆུ་
གསུམ་པས་ཟིན་པ་ནས་བཏུང་དུ་མེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དུ་གཞན་དག་གིས་མཐོང་ནས་མ་དད་པར་མི་འགྱུར་བའི་ཕྱོགས་དབེན་པར་འདུག་སྟེ། བྱ་མ་བུམ་ནས་བཏུང་བར་བྱའོ་ཞེས་བྱ་བ་ལ་སོགས་པའི་བར་དུ་རྒྱ་ཆེར་གསུངས་པ་ཡིན་ནོ། །དུས་དང་དུས་སུ་བུམ་པ་བསྐམ་
པར་བྱ། །ཁྲུད་ཤིང་གིས་རབ་ཏུ་བཀྲུ་བར་བྱ། །རུང་བའི་སྣོད་རྣམས་ཀྱི་ནི་ཁ་དག་ལ། །རྟག་ཏུ་བསྒྲིམས་ནས་ལོ་མ་ལ་སོགས་དགབ། །དུས་སུ་ཞེས་བྱ་བ་ནི་ཕྱིས་སོ་ཞེས་བྱ་བའི་ཐ་ཚིག་གོ། །མི་ཟད་པའི་བསྡུ་བ་ཡིན་ལ་དེའི་ཕྱིར་དུས་དང་དུས་སུ་ཞེས་བྱ་བ་ནི་དུས་དང་དུས་སུའོ། །པུ་ཤེལ་ཙི་ལ་
སོགས་པའི་ཁྲུད་ཤིང་གཙང་མས་བཀྲུ་བར་བྱའོ། །རྡུལ་མེད་པར་བྱ་བའི་ཕྱིར་ཆུའི་བུམ་པ་ལ་སོགས་པའི་ཁ་དགབ་པར་བྱའོ། །ཡང་ཆུ་ཤིན་ཏུ་གཙང་མ་དག་སྤྱད་པར་བྱའོ། །སྙིང་ནས་ལན་གཉིས་ལན་གསུམ་བཀྲུས་ནས་ནི། །ལག་པ་སྣུམ་པོར་ཡོད་ཀྱང་དག་པ་ཡིན། །རྙོག་མ་ཅན་གྱི་ཆུ་ནི་ཇི་སྲིད་དུ། །གཞན་
གྱི་གཟུགས་སྣང་བར་དུ་བསྒྲིམས་ཏེ་བཙག །གཡོ་བོར་ཏེ་དེ་སྙིང་ནས་ལན་གཉིས་ལན་གསུམ་དུ་བཀྲུས་ན། གལ་ཏེ་ལག་པ་ལ་སྣུམ་སྣང་དུ་ཟིན་ཀྱང་དེ་དག་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །འདིར་གཞུང་ནི། སྙིང་ནས་ལན་གཉིས་ལན་གསུམ་དྲུད་པར་བྱའོ་ཞེས་འབྱུང་བ་ཡིན་ནོ། །གལ་
ཏེ་སྣོད་དང་འབྲེལ་པར་འདི་བསྟན་དུ་ཟིན་ཀྱང་འོན་ཀྱང་འདི་སྤྱིར་བསྟན་པར་ཁོང་དུ་ཆུད་པར་བྱ་སྟེ། ཐམས་ཅད་ལ་དག་པར་བྱ་བར་མཚུངས་པའི་ཕྱིར་རོ། །ཆུ་གང་ཤིན་ཏུ་རྙོག་པ་ཅན་དུ་གྱུར་པ་དེ་ནི་རབ་ཏུ་བསྒྲིམས་ཏེ་བཅག་པར་བྱའོ། །འདིར་གཞུང་ནི། དགེ་སློང་རྣམས་ལམ་དུ་འགྲོ་བ་ན་ཆུ་ཤིན་ཏུ་རྙོག་
པ་ཅན་དུ་གྱུར་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལ་བཞིན་གྱི་གཟུགས་མི་སྣང་བ་དེ་ནི་བྱིན་ལེན་བྱས་ནས་བཏུང་བར་བྱའོ། །གང་ལ་སྣང་བ་དེ་ནི་དེ་ཁོ་ན་བཞིན་དུ་བཏུང་བར་བྱའོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །འོ་ན་དགེ་ཚུལ་རྣམས་ལ་བྱིན་ལེན་མ་བྱས་ན་ཉེས་པ་མེད་
Vol. 166 · folio 88a
བ་ཉིད་མ་ཡིན་ནམ། འདིར་ཇི་ལྟར་བསྟན་ཞེ་ན། བླ་མའི་ཆེད་དུ་བླངས་ན་ཆུ་ཚགས་ཀྱིས་གཟུང་དུ་མེད་པའི་རྡུལ་དག་ཡོད་ན་ཡང་ཉེས་པ་མེད་དོ་ཞེས་བསྟན་པའི་ཕྱིར་འདི་བསྟན་པ་ཡིན་ནོ། །ཁྲོན་པ་ལ་སོགས་རྣམས་ནས་ཆུ་བླངས་ནས། །ཁྲོན་པ་ལ་སོགས་བྱེད་དེའི་ཆུ་
ལྷ་ལ། །སྦྱིན་པའི་རབས་མཐུན་ཚིགས་བཅད་གདོན་པར་བྱ། །འཐུང་དང་ཁྲུས་བྱེད་པ་ནའང་དེ་བཞིན་བརྗོད། །ཁྲོན་པ་ལ་སོགས་པ་རྣམས་ནས་ཆུ་བླངས་ནས། ཁྲོན་པ་ལ་སོགས་པ་བྱེད་པ་དང་། དེའི་ཆུ་ལྷ་རྣམས་ལ་སྦྱིན་པའི་རབས་དང་མཐུན་པའི་ཚིགས་བཅད་གདོན་པར་བྱའོ། །འཐུང་བ་དང་
ཁྲུས་བྱེད་པ་ན་ཡང་དེ་བཞིན་དུ་བྱ་སྟེ། ཁྲོན་པ་ལ་སོགས་པ་རྣམས་ནས་ཆུ་བླངས་ནས་ཁྲོན་པ་ལ་སོགས་པ་བྱེད་པ་དང་། དེའི་ཆུའི་ལྷ་རྣམས་ཀྱི་ཕྱིར་གཙུག་ལག་གི་ཚིགས་སུ་བཅད་པ་གདོན་པར་བྱའོ། །མུད་ག་ལ་སོགས་འབྲུ་ལ་སྲོག་ཆགས་ཡོད། །དེ་ནི་བདེ་དང་བསིལ་བར་དགྲམ་པར་བྱ། །འོན་
ཀྱང་དེ་ནས་སྲོག་ཆགས་མི་འབྲལ་ན། །འོན་ཀྱང་གནས་ཁང་ནང་དུ་བཅུག་སྟེ་གཞག།གལ་ཏེ་སྲན་མུད་ག་ལ་སོགས་པ་ལ་སྲོག་ཆགས་རྣམས་ཡོད་པར་གྱུར་ན། དེའི་ཚེ་བསིལ་བའི་ཕྱོགས་སུ་བཀྲམ་སྟེ་གཞག་པར་བྱའོ། །གལ་ཏེ་འོན་ཀྱང་སྲོག་ཆགས་རྣམས་བྲལ་བར་མ་གྱུར་ན་འོན་ཀྱང་གནས་ཁང་དུ་
བཅུག་སྟེ་གཞག་པར་བྱའོ། །ཤིག་རྣམས་དལ་གྱིས་རས་མར་བཞག་ནས་ནི། །རྩིག་པ་ལ་སོགས་བུ་ག་རྣམས་སུ་གཞུག །རྩྭ་ཤིག་དག་ཀྱང་དེ་བཞིན་བསིལ་བའི་ས། །རྩྭ་སྔོན་བཅས་པའི་ཕྱོགས་སུ་དོར་བར་བྱ། །ཤིག་རྣམས་ནི་དལ་གྱིས་བླངས་ཏེ་རས་མ་དག་ཏུ་བཞག་ནས་རྩིག་པ་
ལ་སོགས་པའི་བུ་ག་དག་ཏུ་གཞུག་པར་བྱའོ། །སྲོག་ཆགས་མ་གུ་ཏ་ག་དག་ནི་བསིལ་བའི་རྩྭ་སྔོན་པོ་དང་བཅས་པའི་ཕྱོགས་སུ་གཏང་བར་བྱའོ། །གདུག་པ་ལ་སོགས་ཉོན་མོངས་བྱེད་པ་གཞན། །རང་གི་སྤྱོད་ཡུལ་དག་ཏུ་གཏང་བར་འོས། །སྦྲུལ་དང་བྱི་བ་ལ་སོགས་པ་ཉོན་མོངས་པ་བསྐྱེད་
པ་གཞན་རྣམས་ཀྱང་ཐབས་ཀྱིས་བཟུང་སྟེ། རང་གི་ཡུལ་ཁོ་ནར་གཏང་བར་འོས་པ་ཡིན་ནོ། །མཐར་འགྱུར་དེ་ནི་ཉེས་བྱས་ལྷན་ཅིག་བསྟན། །དེ་ནས་སྲོག་གཅོད་ཕྱོགས་མཐུན་བཤད་པར་བྱ། །མཐར་འགྱུར་བ་དེ་ནི་ཉེས་བྱས་དང་ལྷན་ཅིག་ཏུ་བསྟན་ཟིན་ཏོ། །ཞར་ལ་དེའི་ཕྱོགས་དང་
Vol. 166 · folio 88b
མཐུན་པ་དག་ཀྱང་བསྟན་ཟིན་ན། གཙོར་ནི་མ་ཡིན་པས་དེའི་ཕྱིར་ད་ནི་སྲོག་གཅོད་པའི་ཕྱོགས་དང་མཐུན་པ་བཤད་པར་བྱའོ། །ཡང་དེ་དག་གང་ཞེ་ན། བཤད་པ། དཔེར་ན་ནད་པ་དག་ལ་དུག་མཚོན་སྦྱིན། །སྐོམ་ལ་སོགས་པ་མི་འཕྲོད་སྦྱིན་པ་སྟེ། །རྒན་པོ་མཁས་དང་སྨན་པ་དག་ལ་ཡང་། །དྲིས་
ནས་ནད་པ་དག་ལ་སྨན་དག་སྦྱིན། །ནད་པ་ལ་དུག་གམ་མཚོན་དག་གྱ་ཚོམ་དུ་སྦྱིན་པར་མི་བྱའོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་ཞིག་ཡུན་རིང་པོར་ནད་ཀྱིས་ཉོན་མོངས་ནས། དེ་བདག་གི་སྲོག་འདི་འདྲ་བས་ཅི་ཞིག་བྱ་སྙམ་དུ་སེམས་ཤིང་དེ་དགེ་སློང་འགྲོགས་བཤེས་ཀྱི་གན་དུ་སོང་སྟེ། འདི་སྐད་ཅེས་
བདག་ལ་མཚོན་བྱིན་ཅེས་སྨྲས་པ་ན། དེས་མཚོན་གྱིས་མགུལ་པ་བཅད་དེ་ཤི་ནས་དུས་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྟུང་བ་ནི་མེད་དོ། །ཕྱིས་དགེ་སློང་གིས་གྱ་ཚོམ་དུ་མཚོན་སྦྱིན་པར་མི་བྱའོ། །དུག་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །ལྟུང་བ་མེད་དོ་ཞེས་བྱ་བ་འདི་
ཡང་སེམས་དག་པ་ལ་བསྟན་པ་ཡིན་ནོ་གཞན་དུ་ན་ནི་མཐའི་ཡན་ལག་རྣམས་ཚང་བའི་ཕྱིར་ཕམ་པར་འགྱུར་རོ། །མི་འཕྲོད་ཅེས་བྱ་བ་ནི་ལྟུང་བ་ལ་སོགས་པ་མི་ཕན་པ་སྦྱིན་པའོ། །འདིར་གཞུང་ནི། དགེ་སློང་ཞིག་ན་ནས་དེས་ཁ་ཟས་འཕྲོད་པ་དག་མི་རྙེད་པ་དང་། དེའི་རིམ་གྲོ་བས་མི་འཕྲོད་པ་ཞིག་བྱིན་ཏེ་ཤི་བ་ནས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པའི་ལྟུང་བ་ནི་མེད་དེ། དམན་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །རྒན་པོ་མཁས་དང་སྨན་པ་དག་ལ་ཡང་། །དྲིས་ནས་ཞེས་བྱ་བ་ནི་འདིར་རྣམ་པར་འབྱེད་པ་ལས། ཡང་དགེ་སློང་གིས་རང་གི་བློས་ནད་པ་ལ་སྨན་སྦྱིན་པར་མི་བྱའོ། །སྨན་པ་
ལ་དྲི་བར་བྱའོ། །སྨན་པ་མེད་ན་ཡང་སྨན་པ་ལས་རབ་ཏུ་བྱུང་བ་ལ་དྲི་བར་བྱའོ། །སྨན་པ་ལས་རབ་ཏུ་བྱུང་བ་མེད་ན་ཡང་སྨན་པས་བཀོལ་བ་ལ་དྲི་བར་བྱའོ། །སྨན་པས་བཀོལ་བ་མེད་ན་ནད་ཀྱིས་ཉོན་མོངས་པ་དག་ལ་དྲི་བར་བྱའོ། །དེ་དག་ཀྱང་མེད་ན་གནས་བརྟན་གནས་བརྟན་རྣམས་ལ་དྲི་བར་བྱའོ་ཞེས་
འབྱུང་བ་ཡིན་ནོ། །དེ་ཡི་རིམ་གྲོ་པ་ནི་གླེན་མི་བསྐོ། །མེད་པར་གྱུར་ན་ལེགས་པར་བསྒོ་སྟེ་བསྐོ། །གང་གིས་དེ་ཡི་སེམས་ནི་འཆིར་གནས་པ། །དེ་འདྲའི་ཆོས་རྣམས་ནད་པ་ལ་མི་བཤད། །རྣམ་པར་འབྱེད་པ་ལས་ཀྱང་དགེ་སློང་གིས་རིམ་གྲོ་པ་མི་མཁས་པ་གཞག་པར་མི་བྱའོ། །གལ་ཏེ་དེ་ལྟ་བུའི་
Vol. 166 · folio 89a
རྐྱེན་ཞིག་བྱུང་ན་བསྒོ་སྟེ་གཞག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །བསྒོ་བ་ནི་འདིར་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །གང་གིས་ནད་པ་འཆི་བར་བྱ་བའི་ཕྱིར་སྤྲོ་བ་དེ་ལྟ་བུའི་ཆོས་ནད་པ་ལ་བཤད་པར་མི་བྱའོ། །རྣམ་པར་འབྱེད་པ་ལས། དགེ་སློང་གིས་གང་མཐོང་ན་
ནད་པ་འཆི་བར་སེམས་པ་དེ་ལྟ་བུའི་ཆོས་ནད་པ་ལ་བཤད་པར་མི་བྱའོ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །འདིར་སྤྱིར་དགག་པར་བཞེད་པའི་ཕྱིར་ནད་པ་སྨོས་པ་ནི་མཚོན་པར་ཟད་དོ། །འོ་ན་རྣམ་པར་འབྱེད་པ་ལས། བཅོམ་ལྡན་འདས་ཀྱིས་ཆོས་
བསྟན་པ་ཐོས་ནས། དགེ་སློང་དག་ལུས་རྣག་ཅན་དེས་འཛེམ་ནས་བདག་ཉིད་སྲོག་དང་འབྲལ་བར་བྱེད་ཅེས་བྱ་བ་ལ་སོགས་པ་འདི་ཇི་ལྟར་གྲང་ཞེ་ན། འདི་ལ་འགལ་བ་མེད་དེ། དེ་རྣམས་ནི་ཆོས་བསྟན་པས་ངོམས་པ་མ་ཡིན་གྱི། འོན་ཀྱང་མྱོང་བར་འགྱུར་བས་ངེས་པའི་ལས་ཀྱིས་སོ། །བཅོམ་ལྡན་
འདས་ཀྱིས་ལས་བཟློག་དཀའ་བར་གཟིགས་ནས་མི་སྡུག་པ་བསྟན་པས་དེ་རྣམས་ཀྱིས་ཐར་པའི་ས་བོན་བརྟས་པར་མཛད་དོ། །དེ་ལ་ཇི་སྲིད་ཡུན་རིངས་ཆོས་སྤྱོད་འཚོ། །དེ་སྲིད་དུ་ནི་དགེ་བའི་རྒྱུན་འཕེལ་བས། །སོས་པར་ཤོག་ཤིག་ཡུན་རིངས་གསོན་པར་ཤོག །ནད་འཇིགས་ལས་ཐར་
བདེ་བར་ཤོག་ཅེས་བརྗོད། །ནད་པ་དེ་ལ་ཚེ་དང་ལྡན་པ་ཆོས་ལ་གནས་པ་ནི་ཇི་སྲིད་དུ་ཡུན་རིང་དུ་འཚོ་བ་དེ་སྲིད་དུ་དགེ་བ་རྒྱུད་ལ་རྒྱས་པར་འགྱུར་གྱི་སོས་པར་ཤོག་ཤིག།ཡུན་རིང་དུ་གསོན་པར་ཤོག་ཤིག།དུས་ཐམས་ཅད་དུ་ནད་ལས་ཐར་ཏེ་བདེ་བར་ཤོག་ཤིག་ཅེས་བརྗོད་པར་བྱའོ། །གལ་ཏེ་ནད་པ་
ན་རེ་སྤོ་བྱས་ན། །བདག་ནི་འཆི་འགྱུར་ཟེར་ན་དེ་མི་བྱ། །གདོལ་བ་བཞིན་དུ་ལྷུང་བཟེད་ལ་སོགས་ཕྱིར། །སྙིང་བརྩེ་མེད་པར་ཆགས་པའི་སེམས་མི་བྱ། །གལ་ཏེ་ནད་པ་ན་རེ་སྤོས་ན་བདག་འཆི་བར་འགྱུར་རོ་ཞེས་ཟེར་ན་དེ་སྤོ་བར་མི་བྱའོ། །འདིར་ཁུངས་ནི་འདུལ་བྱེད་ལས། དགེ་སློང་ནད་པ་ཞིག་སྟན་ལ་
འདུག་པ་དང་། དེའི་རིམ་གྲོ་པས་སྨྲས་པ། ཚེ་དང་ལྡན་པ་ལོངས་ཤིག །དེས་སྨྲས་པ། བདག་ཤི་ན་མི་རུང་གི་མ་བསླང་ཤིག།ཚེ་དང་ལྡན་པ་ལོངས་ཤིག །ལངས་པ་དང་ཤི་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པའི་ལྟུང་བ་ནི་མེད་དེ། དམན་པ་སྦོམ་པ་
Vol. 166 · folio 89b
པོར་འགྱུར་རོ་ཞེས་གསུངས་པའི་བར་དུ་འབྱུང་བ་ཡིན་ནོ། །གདོལ་པ་དང་འདྲ་བར་ལྷུང་བཟེད་ལ་སོགས་པའི་ཆེད་དུ་ཆགས་པའི་སེམས་བསྐྱེད་པར་མི་བྱའོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། དགེ་སློང་གིས་གདོལ་པ་དང་འདྲ་བར་ཆོས་གོས་ཀྱི་ཕྱིར་དེ་ལྟ་བུའི་སེམས་སྐྱེད་པར་བྱེད་ན་འགལ་ཚབས་ཅན་དུ་
འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །གཞན་ཡང་། གང་ཚེ་ཉེས་པའི་གཞི་དག་བྱེད་པ་དང་། །ནན་གྱིས་གཞན་གྱི་ཁྲི་དང་ཁྲིའུ་ལ་འདུག །རྡེག་པར་བྱེད་དམ་ཡང་ན་གཟས་པ་དང་། རྣམ་པར་འཚེ་དང་འཇིགས་པ་ལ་སོགས་བྱེད། །ཁྲོས་པས་བརྟུལ་ཞུགས་ཅན་ལ་ཟན་མེད་བྱེད། ངལ་ལ་འཕུལ་
ལམ་རྒྱལ་ལ་ཆོམ་རྐུན་འབུལ། །བསམས་བཞིན་དུ་ནི་འགྱོད་པའི་ཚུལ་དག་བྱེད། །འཚིར་དང་གཡའ་སྒོག་ལ་སོགས་ནགས་མེས་གཏོང་། །འབྲས་ནི་མ་སྨིན་པར་ཡང་བརྟོལ་བྱེད་དང་། །ཡན་ལག་གཅོད་དམ་དེ་བཞིན་འབིགས་ཀྱང་རུང་། །དེ་ཡི་ཚེ་ཡང་ཕྱོགས་མཐུན་དེ་ལྟར་འདིར། །ཐམས་
ཅད་སྲོག་གཅོད་མཐུན་པའི་ཕྱོགས་ཙམ་ཡིན། །ཉེས་པ་འཐབ་མོ་དང་མཚང་འབྲུ་བ་ལ་སོགས་པའི་ཉོན་མོངས་པ་དག་གཞི་གང་དག་ལས་སྐྱེས་པ་དེ་དག་ནི་ཉེས་པའི་གཞི་དག་སྟེ། གང་གི་ཚེ་གཏོང་བར་མི་བྱེད་ན་དེའི་ཚེ་ཡང་ཕྱོགས་མཐུན་ཞེས་བྱ་བ་འདི་དང་སྦྱར་བར་བྱའོ། །དེ་བཞིན་དུ་གལ་
ཏེ་གཞན་དག་གི་ཁྲི་དང་ཁྲིའུ་དག་ལ་ནན་གྱིས་འདུག་པ་དང་། གལ་ཏེ་རྡེག་པར་བྱེད་པ་དང་། གལ་ཏེ་གཟས་པར་བྱེད་པ་དང་། གལ་ཏེ་རྣམ་པར་འཚེ་བར་བྱེད་པ་དང་། གལ་ཏེ་གནོད་སྦྱིན་བ་གུ་ལ་ཡིན་ནོ་ཞེས་བྱ་བས་འཇིགས་པར་བྱེད་པ་དང་། གལ་ཏེ་ཁྲོས་པས་བརྟུལ་ཞུགས་ཅན་ལ་ཟན་མེད་པར་བྱེད་
ན་དེའི་ཚེ་ཡང་ཕྱོགས་དང་མཐུན་པ་ཉིད་དོ་ཞེས་རེ་རེ་ལ་སྦྱར་བར་བྱའོ། །འདི་ལ་ཟན་ཡོད་པ་མ་ཡིན་པས་ཟན་མེད་པ་སྟེ། །ཟན་གཅོད་པར་བྱེད་ན་ཞེས་བྱ་བའི་ཐ་ཚིག་གོ། །ཕན་པར་འདོད་པས་ནི་ཉེས་པ་མེད་པ་ཉིད་བསྟན་པའི་ཕྱིར་ཁྲོས་པས་ཞེས་བྱ་བ་སྨོས་པ་ཡིན་ནོ། །གཞན་ཡང་ངལ་བ་ལ་འཕུལ་བ་དང་།
གལ་ཏེ་རྒྱལ་ནི་རྒྱལ་པོ་སྟེ། རྒྱལ་པོ་ལ་ཆོམ་རྐུན་པ་འབུལ་བར་བྱེད་པ་དང་། བསམས་བཞིན་དུ་ནི་བློ་སྔོན་དུ་བཏང་བའོ། །གལ་ཏེ་ཁྱོད་ནི་བསྙེན་པར་རྫོགས་པ་མ་ཡིན་ནོ། །ཁྱོད་ཀྱི་མཁན་པོ་ཡང་ཚུལ་ཁྲིམས་འཆལ་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་འགྱོད་པའི་གནས་དག་བརྗོད་པ་དང་། གལ་ཏེ་
Vol. 166 · folio 90a
འཚིར་བར་བྱེད་པ་དང་། གལ་ཏེ་གཡའ་སྒོག་པར་བྱེད་པ་དང་ཞེས་འཚིར་བ་དང་གཡའ་སྒོག་པར་ཡང་བྱེད་ཅེས་བྱ་བ་འདི་དང་སྦྱར་བར་བྱའོ། །གལ་ཏེ་ནགས་སུ་མེས་གཏོང་བར་བྱེད་པ་དང་། གལ་ཏེ་འབྲས་མ་སྨིན་པ་བརྟོལ་བར་བྱེད་པ་དང་། གལ་ཏེ་ཡན་ལག་གཅོད་པར་བྱེད་པ་
དང་། གལ་ཏེ་ཡན་ལག་འབིགས་བར་བྱེད་ན་དེའི་ཚེ་ཡང་ཕྱོགས་དང་མཐུན་པ་ཉིད་ཡིན་པར་རིག་པར་བྱའོ། །ནན་འཚིར་བའི་གཞུང་ནི་འདུལ་བྱེད་ལས། དགེ་སློང་རྣམས་ཀྱིས་དགེ་སློང་དགོན་པ་པ་ཞིག་བོས་ཏེ། དགོན་པ་པ་ཁྱིམ་བདག་དེ་དགེ་འདུན་དབྱར་གནས་པ་ལ་གོས་དག་ད་ལྟར་མི་འབུལ་ལ་ཁྱོད་ཀྱང་ཁྱིམ་
དེར་འགྲོ་བས་ཁྱོད་ཀྱིས་བཟློག་པ་ཡིན་སྙམ་ཞེས་དྲིས་པ་དང་། དེས་སྨྲས་པ། ཤེས་ལྡན་དག་མ་བཟློག་གོ། །དེ་དག་ན་རེ་འདི་མི་སྨྲས་དེང་ལ་སྒོ་འཕར་གྱིས་འཚིར་ཤིག་ཅེས་སྨྲས་པ་དང་། དེ་སྒོ་འཕར་གྱིས་བཙིར་བ་ན་ཤི་ནས་དེ་དག་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། ཕམ་པའི་ལྟུང་བ་ནི་མེད་དེ། དམན་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །གཡའ་སྒོག་པ་ལ་སོགས་པ་གཞུང་ནི། བཅུ་བདུན་སྡེ་རྣམས་ཀྱིས་ག་ག་ཚིལ་བྱས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་དགེ་སློང་གིས་ག་ག་ཚིལ་མི་བྱའོ། །བྱེད་ན་འགལ་ཚབས་ཅན་དུ་
འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །སོགས་པའི་སྒྲས་ནི་རྣམ་པ་དེ་ལྟ་བུ་གཞན་དག་ལ་བལྟ་བར་བྱ་སྟེ། དཔེར་ན་ཕྲན་ཚེགས་ལས་ཉེ་དགས་ཤ་ཟའི་བུ་གཅིག་ཟློས་གར་མཁན་ལ་བཙོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་སྐྲ་ཅན་བཙོང་བར་མི་བྱའོ། །
ཞེས་བྱ་བ་སོགས་པའི་བར་དུ་འབྱུང་བ་ཡིན་ནོ། །ནགས་མེས་གཏོང་ཞེས་བྱ་བའི་གཞུང་ནི་འདིར་དགེ་སློང་དག་ནགས་ཚལ་གྱི་ནང་དུ་དོང་སྟེ། བསམ་གཏན་བྱེད་པ་དང་། དྲུག་སྡེ་རྣམས་ཀྱིས་རླུང་ལ་བརྟེན་ནས་ནགས་ཀྱི་ངོས་གསུམ་ནས་ནི་མེས་བཏང་། ངོས་གཅིག་ཏུ་ནི་རང་དག་དོང་ནས་འཁོད་
དོ། །དགེ་སློང་རྣམས་ཀྱི་ས་ནགས་ཀྱི་མེས་ནགས་སྲེག་ཅིང་འབྱུང་བ་མཐོང་ནས་སྟན་དག་ལས་ལངས་ཏེ། རིངས་པ་རིངས་པར་དོང་བ་ན་དྲུག་སྡེ་རྣམས་ཀྱིས་སྨྲས་པ། འཇུངས་པ་དག་ཁྱེར་དེ་ལྟར་བཟློག་པར་བྱའོ་ཞེས་བྱ་བའི་བར་དུ་རྒྱ་ཆེར་འབྱུང་བ་ནས། དེ་ལྟ་བས་ན་དགེ་སློང་
Vol. 166 · folio 90b
གིས་ནགས་སུ་མེ་གཏང་བར་མི་བྱའོ། །གཏོང་ན་ཉེས་བ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ། །ཉེས་པ་སྦོམ་པོར་ཞེས་བྱ་བ་འདི་གང་ལ་བྱ། རེ་ཞིག་གལ་ཏེ་ཉེས་པ་སྦོམ་པོ་ཞེས་བྱ་བའི་ཚིག་འདི་ཉེས་པ་མང་པོ་ཞེས་བྱ་བ་ཡིན་ན། དེའི་ཚེ་སྲོག་ཆགས་མང་པོ་ཡོད་པའི་བློས་ནགས་
བསྲེགས་ན་དགེ་ཚུལ་ལ་ཉེས་བྱས་མང་པོར་འགྱུར་ཏེ། གྲོག་སྦུར་མང་པོ་ཚིག་པའི་ཕྱིར་རོ། །འོན་ཏེ་མིང་དུ་ཆགས་པའི་ཚིག་ཡིན་ན་དེའི་ཚེ་མེ་ཡོད་པའི་བློས་མེ་བཏང་བའི་ཕྱིར་མི་ཤི་ན་མཐར་འགྱུར་རོ། །འོན་ཏེ་མ་ཡིན་ཏེ་སྦྱོར་བ་ཡིན་ན་ཉེས་བྱས་སུ་འགྱུར་བ་ཡིན་ན་ཕྱོགས་དང་མཐུན་པ་རྣམས་སུ་ཇི་ལྟར་བསྡུ་
ཞེ་ན། འདིར་བཤད་པ། མི་ལ་གཙེ་བ་ཙམ་གྱི་བསམ་པས་མེ་བཏང་བའི་ཕྱིར་འདི་ནི་མཐར་འགྱུར་བ་ལ་སྦྱོར་བ་དང་འདྲ་བའི་ཉེས་པ་སྦོམ་པོ་གཞན་ཡིན་པས་ཕྱོགས་དང་མཐུན་པར་བསྡུ་བ་ཡིན་ནོ། །འདི་ལྟར་འདིར་ལྷུང་བཟེད་ནག་པོ་པ་རྣམས་བཟློག་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །སློབ་
དཔོན་གྱིས་ཀྱང་གནོད་པ་དང་འདྲ་བ་ཉིད་ཀྱི་ཕྱིར་དངོས་གཞིའི་སྦྱོར་བ་ལས་བྱེ་བྲག་དུ་མ་ཕྱེའོ། །གལ་ཏེ་ཞེས་བྱ་བ་ལས་ཀྱང་སྲོག་ཆགས་ཤིན་ཏུ་མང་པོ་ཡོད་པའི་བློ་བྱུང་བཞིན་དུ་བསམས་པར་སྲོག་བཅད་ན་ཡང་སྲོག་ཆགས་ལ་ལྟོས་པ་མེད་པར་ཀུན་དུ་སྤྱོད་པའི་ཕྱིར་སྦོམ་པོ་དེ་ཁ་ན་མ་ཐོ་བ་མང་བ་ཡིན་པར་བསྟན་
པ་ཡིན་ནོ་ཞེས་གསུངས་སོ། །དེ་ནི་སྦྱོར་བའི་ཁ་ན་མ་ཐོ་བ་དང་འདྲ་བ་ཡིན་ནོ། །དངོས་གཞི་རྣམས་ནི་མཚན་ཉིད་ཇི་ལྟ་བ་ཁོ་ན་བཞིན་དུ་འོང་ངོ་། །དེ་ཡང་སྲོག་གཅོད་པར་མ་བསམས་པར་ནགས་སུ་མེ་གཏོང་བར་ཞུགས་ན། གལ་ཏེ་སྲོག་ཆགས་མེད་པར་ངེས་ན་ནི་དེའི་ཚེ་ལྟུང་བ་མེད་པ་ཡིན་ནོ། །སྲོག་ཆགས་
ཡོད་པའི་བློས་གཙེ་བ་ཙམ་ཞིག་བྱས་པར་གྱུར་དུ་ཟིན་ཀྱང་གལ་ཏེ་གཙེ་བ་དེ་མིའི་ཡུལ་ལ་ཡིན་པར་གྱུར་ན་ནི་དེའི་ཚེ་མི་ཤི་ཡང་རུང་མ་ཤི་ཡང་རུང་སྦོམ་པོར་འགྱུར་རོ། །གལ་ཏེ་དུད་འགྲོའི་ཡུལ་ལ་ཡིན་ན་ནི་ཉེས་བྱས་སུ་འགྱུར་རོ། །འདིར་འདི་ལ་གནོད་པར་འགྱུར་རོ་སྙམ་དུ་ངེས་པར་སེམས་ལ་གནས་ན། འོན་ཀྱང་སྙིང་བརྩེ་བ་མེད་
པ་ཉིད་ཀྱིས་དེ་མ་སྤངས་པ་ཡིན་པས་དེ་ཉིད་ཀྱི་ཕྱིར་སྦོམ་པོར་འགྱུར་རོ། །གསོད་པའི་བསམ་པ་མེད་པར་གྱུར་པ་གཞན་རྣམས་ལ་ཡང་དེ་བཞིན་དུ་རིག་པར་བྱའོ། །དཔེར་ན་ལྟོ་མཉེས་པ་ན་མངལ་ན་ཡོད་པ་གསད་པའི་སེམས་ཀྱིས་ལྟོ་ཉེད་པར་བྱེད་ལ། གལ་ཏེ་མ་ཤི་ན་སྦོམ་པོར་འགྱུར་བ་ལྟ་བུ་སྟེ།
Vol. 166 · folio 91a
འདིར་ཡང་ངེས་པར་མ་ལ་གནོད་པར་འགྱུར་བ་ཡིན་ལ་གནས་པས་དེ་མ་སྤངས་པ་གང་ཡིན་པ་དེ་ཉིད་ལ་སྦོམ་པོར་འགྱུར་གྱི་འཆི་བ་ལས་ནི་མ་ཡིན་ནོ། །ལག་པ་གཅོད་པ་དང་། སྣ་འབུགས་པ་དང་། ཆོམ་རྐུན་པ་འབུལ་བ་དང་། སྐྲ་ཅན་འཚོང་བ་དང་། འབྲས་མ་སྨིན་པར་བརྟོལ་བ་
ལ་སོགས་པ་དག་ལ་ཡང་ངེས་པར་སེམས་རྩུབ་པ་ཉེ་བར་གནས་པའི་ཕྱིར་སྦོམ་པོར་འགྱུར་བར་ཤེས་པར་བྱའོ། །བསམས་ནས་གསད་པ་ལ་ཞུགས་པ་ན། ངེས་པར་མ་བྱས་པར་འདི་ན་གང་ཅི་ཡོད་པ་དེ་ཐམས་ཅད་བརླག་པར་གྱུར་ཅིག་སྙམ་པ་ལས་དེ་རྣམས་ཤི་ན་སྲོག་ཆགས་ཇི་ལྟ་བུ་དང་སྲོག་ཆགས་
ཇི་སྙེད་བ་ལྟུང་བ་རྣམས་ཀྱང་དེ་ལྟ་བུ་དང་དེ་སྙེད་འབྱུང་བར་འགྱུར་རོ། །རི་དགས་ཁོ་ན་དག་ཤི་བར་གྱུར་ཅིག་ཅེས་ངེས་པར་བྱས་ན་དེའི་ཚེ་རི་དགས་ཁོ་ན་ལས་ལྟུང་བར་འགྱུར་ཏེ། གཞན་དག་ལས་ནི་མ་ཡིན་ནོ། །འོན་ཏེ་དེས་འདི་ན་མི་དག་ཀྱང་ཡོད་དུད་འགྲོ་དག་ཀྱང་ཡོད་དོ་སྙམ་དུ་རིག་ན་དེའི་ཚེ་གནོད་པ་མ་སྤངས་
པའི་ཕྱིར་མི་དག་ཤི་ན་ནི་སྦོམ་པོར་འགྱུར་རོ། །གཞན་དག་ཤི་ན་ནི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །འདིར་དོན་བསྡུས་པ་ནི་འདི་ཡིན་ཏེ། །དགེ་སློང་མི་ལ་གཙེ་བ་ཙམ་བྱ་བའི་བསམ་པས་ཞུགས་པ་ནི་སྦོམ་པོར་འགྱུར་རོ། །དགེ་ཚུལ་ལ་ནི་ཡིད་ཀྱིས་བྱ་བར་འགྱུར་ཏེ། དེ་ལྟར་ན་ནགས་མེས་
གཏོང་བ་ལ་སོགས་པ་རྣམས་ནི་ཕྱོགས་དང་མཐུན་པ་ཉིད་ཡིན་པར་ཐེ་ཚོམ་མེད་དོ། །དེ་ལྟར་ན་འདིར་ཐམས་ཅད་ཀྱང་སྲོག་གཅོད་པའི་ཕྱོགས་དང་མཐུན་པ་རྣམས་ཀྱི་དཔེར་བརྗོད་པ་ཙམ་ཞིག་བསྟན་པ་ཡིན་ནོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ལས་སྲོག་གཅོད་པ་སྤོང་བ་སྟེ་དང་པོ་རྫོགས་སོ།། །།
དགེ་ཚུལ་གང་ཞིག་བརྐུ་བའི་སེམས་ཀྱིས་སུ། །མི་ཡི་རྫས་སུ་འདུ་ཤེས་མི་གཞན་ནོར། །མ་བྱིན་རིན་ཐང་ཚང་མིས་བདག་གིར་བྱས། །དུར་ཁྲོད་མི་དབང་བསོད་སྙོམས་མ་གཏོགས་པ། །བསམས་པ་གང་དེ་ཉིད་སྦྱོར་གཅིག་པུ་ཡིས། །བདག་གི་དོན་དུ་རྐུ་ན་དེའི་གནས་དང་། །དུས་ཀྱིས་རིན་
ཐང་དབང་གིས་དེ་བསྙིལ་བྱ། །དད་པས་རྒྱལ་བའི་རིང་བསྲེལ་རྐུ་དེ་མིན། །དགེ་ཚུལ་གང་ཞིག་བརྐུ་བའི་སེམས་ཀྱིས་མིའི་རྫས་སུ་འདུ་ཤེས་དང་ལྡན་པས་མིའི་རྫས་མ་བྱིན་པ་རིན་ཐང་ཚང་བ། མིས་བདག་གིར་བྱས་པ། དུར་ཁྲོད་པ་མ་ཡིན་པ། མི་དབང་བའི་བསོད་སྙོམས་ཀྱི་ངོ་བོ་མ་ཡིན་པ་བསམས་
Vol. 166 · folio 91b
པ་ཁོ་ནའི་རྫས་ལ་སྦྱོར་བ་གཅིག་གིས་བདག་གི་དོན་དུ་རྐུ་བར་བྱེད་ན་རྐུ་བའི་གནས་དང་དུས་ཀྱི་རིན་ཐང་གི་དབང་གིས་དེ་བསྙིལ་བར་བྱ་བ་ཡིན་ནོ། །རྐུ་བ་དེ་ཡང་གལ་ཏེ་སངས་རྒྱས་ཀྱི་རིང་བསྲེལ་ལ་དད་པ་དང་མི་ལྡན་ན་བརྐུས་པ་ཡིན་ནོ། །དད་པས་རྐུ་བ་དང་ལྡན་པས་སངས་རྒྱས་ཀྱི་རིང་བསྲེལ་རྐུ་ན་བསྙིལ་བར་བྱ་བ་ནི་
མ་ཡིན་ཏེ། ཉེས་བྱས་ཡིན་པས་བཤགས་པར་བྱ་བ་ཡིན་ནོ། །འདིར་ཡང་བརྐུ་བའི་སེམས་ཀྱིས་སུ་ཞེས་སྨོས་པ་ནི་བསམ་པ་དག་པས་ནི་ལྟུང་བ་མེད་པར་བསྟན་པའི་ཕྱིར་རོ། །འདིར་གཞུང་ནི་རང་གིར་འདུ་ཤེས་པ་དང་། ཡིད་གཅུགས་པའི་འདུ་ཤེས་ཀྱིས་ལེན་པ་དང་གཞན་གྱི་ཡང་སློང་ཞིང་ལེན་ན་ལྟུང་
བ་མེད་པ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །མིའི་རྫས་སུ་འདུ་ཤེས་ཞེས་བྱ་བ་ནི་མིས་ཡོངས་སུ་གཟུང་བའི་རྫས་སུ་འདུ་ཤེས་དང་ལྡན་པས་སོ། །འདིར་གཞུང་ནི། འདི་ལྟ་སྟེ་དགེ་སློང་འདི་སྙམ་དུ་སྐྱེས་པ་དང་བུད་མེད་དང་མ་ནིང་གིས་ཡོངས་སུ་བཟུང་བའི་ཡོ་བྱད་ལྕི་བ་འདི་དག་ཅེས་བྱ་བ་ལ་སོགས་པར་འདུ་ཤེས་
པ་ཞེས་འབྱུང་བ་ཡིན་ནོ། །མིའི་ཞེས་བྱ་བ་ནི་མིའི་འགྲོ་བ་སྟེ་འགྲོ་བ་གཞན་གྱིས་ཡོངས་སུ་བཟུང་བ་ནི་ཆུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ག་ལས་བྱུང་ཞེ་ན། གལ་ཏེ་འདི་སྙམ་དུ་བྱའི་ནི་བརྐུའོ། །མིའི་ནི་མ་ཡིན་ནོ་སྙམ་དུ་སེམས་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་དང་། དེ་བཞིན་
དུ་དུད་འགྲོའི་བཏུང་བའི་སྐལ་བ་ལ་རིན་ཐང་ཚང་བ་བརྩི་བར་བྱའོ། །དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་མངོན་ནོ། །དུད་འགྲོ་དེ་ནི་ལྷ་ལ་སོགས་པ་དག་གིས་ཉེ་བར་མཚོན་པ་ཡིན་ཏེ་འདི་ལྟར་ཞུས་པ་ལས། མི་རྣམས་ཀྱི་ལྷ་ཁང་དང་མཆོད་རྟེན་གྱི་གནས་ཀྱི་ཁང་པ་དག་ན་རྒྱན་
མཆིས་པ་དེ་དགེ་སློང་གིས་བརྐུ་བའི་སེམས་ཀྱིས་འཕྲོག་ན་ཅིར་འགྱུར་ལགས། གལ་ཏེ་མི་དག་སྲུང་བའི་ཕྱིར་ཉེ་བར་གནས་པ་ཡིན་ན་རིན་ཐང་བརྩི་བར་བྱའོ། །དངོས་པོ་ཚང་ན་མཐར་འགྱུར་རོ། །དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་མི་མ་ཡིན་པ་རྣམས་སྲུང་བའི་ཕྱིར་ཉེ་
བར་གནས་པ་ཡིན་ན་དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །དངོས་པོ་མ་ཚང་ན་ཉེས་བྱས་སུ་འགྱུར་རོ། །འདུལ་བྱེད་ལས་ཀྱང་དགེ་སློང་གིས་གསེར་དངུལ་གྱི་ཕྲེང་བ་རྐུ་བར་བགྱིད་ན་ཐ་མ་ལགས་པར་འགྱུར་ལགས་སམ། བཀའ་སྩལ་པ། གསེར་དངུལ་གྱི་ཕྲེང་བ་གང་ཞིག་མ་ཤ་ཀ་ལྔའི་རིན་
Vol. 166 · folio 92a
ཐང་བས་ཆུང་བ་ཞིག་ཡིན་ནམ། མི་མ་ཡིན་པ་རྣམས་ཀྱི་ཡིན་ན་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །གཞན་ཞེས་བྱ་བ་ནི་བདག་ཉིད་ཀྱི་མ་ཡིན་པའོ། །འདིར་གཞུང་ནི། སྐྱེས་བུ་མ་ཕམ་པ་བླུན་པོ་དེ་རང་གི་གོས་རྙེད་པ་དག་གིས་ཉེས་པ་སྦོམ་པོ་འབྱུང་ངོ་ཞེས་འབྱུང་
བ་ཡིན་ནོ། །མ་བྱིན་ཞེས་བྱ་བ་ནི་འདིར་གཞུང་ལས། སྐྱེས་པ་དང་བུད་མེད་དང་མ་ནིང་གཞན་རྣམས་ཀྱིས་འདི་ལ་མ་བྱིན་པ་ཡིན་ཞེས་འབྱུང་བ་ཡིན་ནོ། །འདི་ཡང་མི་གཞན་གྱིས་ཞེས་བྱ་བ་ཁོ་ནས་གྲུབ་པ་ཡིན་མོད་ཀྱི། སྔོན་བྱུང་བ་ལ་ལྕེ་རྟེན་འདོགས་པ་བཟློག་པའི་ཕྱིར་ཡང་སྨོས་པ་ཡིན་ནོ། །
རིན་ཐང་ཚང་བ་ཞེས་བྱ་བ་ནི་གལ་ཏེ་ཀཱར་ཥཱ་པ་ཎ་བཞི་ཆ་ཚང་བའོ། །འདིར་གཞུང་ནི་གཏམ་གྱི་གཞི་ལས། མ་ཤ་ཀ་གསུམ་བརྐུས་ན་མཐར་འགྱུར་ལགས་སམ། བཀའ་སྩལ་པ། གང་ན་མ་ཤ་བཅུ་གཉིས་ལ་ཀཱར་ཥཱ་པ་ཎ་ཡིན་ན་འགྱུར་རོ། །མ་ཤ་ཀ་ལྔ་ལས་ལྷག་པ་བརྐུས་ན་ཕམ་པར་
འགྱུར་བ་མ་ལགས་པར་འགྱུར་བ་ལགས་སམ། བཀའ་སྩལ་པ། གང་ན་མ་ཤ་ཀ་བཞི་བཅུ་ལ་ཀཱར་ཥཱ་པ་ཎ་ཡིན་ན་འགྱུར་ཞེས་གསུངས་པ་ཡིན་ནོ། །ཞུས་པ་ལས་ཀྱང་། དགེ་སློང་གིས་མ་ཤ་ཀ་ལྔ་ལས་ལྷག་པ་བརྐུས་ན་མཐའ་མ་ལགས་པར་འགྱུར་ལགས་སམ། བཀའ་སྩལ་པ། གང་ན་ཀཱར་ཥཱ་
པ་ཎ་རིན་ཐང་ཆེ་བ་ཡིན་ན་འགྱུར་རོ་ཞེས་གསུངས་སོ། །དེ་ལྟར་ན་རྣམ་པར་འབྱེད་པ་ལས། མ་ཤ་ཀ་ལྔའམ་མ་ཤ་ཀ་ལྔ་ལས་ལྷག་པ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དང་ཡང་མི་འགལ་བ་ཡིན་ཏེ། དེ་ནི་ཀཱར་ཥཱ་པ་ཎའི་བཞི་ཆའི་མཚོན་པ་ཡིན་ནོ། །དེའི་ཚེ་ན་ནི་རྨ་བྱའི་བུས་མ་ཤ་ཀ་ཉི་ཤུ་ལ་ཀཱར་ཥཱ་པ་ཎར་
བྱས་སོ། །དེང་སང་ནི་མ་ཤ་ཀ་བཅུ་དྲུག་ལ་ཀཱར་ཥཱ་པ་ཎ་ཡིན་པས་མ་ཤ་ཀ་བཞི་ས་མཐར་འགྱུར་བ་ཡིན་ནོ། །མ་ཤ་ཀ་ཞེས་བྱ་བ་ནི་པ་ཎ་ལ་བྱའོ། །ཀཱར་ཥཱ་པ་ཎ་ཞེས་བྱ་བ་ནི་ན་ན་ཀ་ལ་བྱའོ། །ཞུས་པ་ལས་ནི། བཙུན་པ་བཅོམ་ལྡན་འདས་ཀྱིས་མ་ཤ་ཀ་ལྔ་བརྐུས་ན་མཐར་འགྱུར་རོ་ཞེས་གང་གསུངས་པའི་མ་ཤ་
ཀ་ཇི་ལྟ་བུ་ལགས། མ་ཤ་ཀ་ཉི་ཤུ་ལ་ན་ན་ཀ་ཡིན་ནོ། །མ་ཤ་ཀ་ཇི་ལྟ་བུ་ལགས། ཀ་ཀ་ནི་བཞི་ལ་བྱའོ་ཞེས་འབྱུང་བ་ཡིན་ནོ། །མིས་བདག་གིར་བྱས་ཞེས་བྱ་བ་ནི་བདག་གིར་བྱས་པ་ཉིད་བདག་གིར་བྱས་པ་ཡིན་ཏེ། མིས་རྫས་གང་ལ་འདི་ནི་བདག་གི་ཡིན་ནོ་ཞེས་བློས་ཡོངས་སུ་གཟུང་བ་ཞེས་བྱ་བའི་ཐ་
Vol. 166 · folio 92b
ཚིག་གོ། །དེ་ལྟར་བྱས་ན་བདག་པོས་ནོར་ཡོད་པར་ཤེས་པའི་རྫས་དེ་བདག་པོ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་དོན་དུ་གནས་ལ། ནོར་ཡོད་པར་མ་ཤེས་པ་ནི་མ་ཡིན་ནོ། །འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། གཏེར་ནི་གཉིས་ཏེ། བདག་པོ་དང་བཅས་པ་དང་བདག་པོ་མེད་པའོ། །དགེ་སློང་གིས་
གསང་སྔགས་བརྗོད་ཅིང་དེ་འདི་སྙམ་དུ་བདག་པོ་མེད་པའི་གཏེར་ནི་བདག་ལ་ཤོག་ཤིག།བདག་པོ་དང་བཅས་པའི་གཏེར་ནི་མ་ཡིན་ནོ་སྙམ་པའི་བར་དུ་སེམས་པ་ལས་བདག་པོ་མེད་པའི་གཏེར་འོང་ལ། ཇི་སྲིད་དུ་མིག་ལམ་དུ་མི་སྣང་བར་འོང་གི་བར་དུ་ནི་ཉེས་བྱས་སུ་འགྱུར་རོ་མིག་ལམ་དུ་སྣང་བར་འོང་བ་
ན་ནི་བརྐུས་པ་ཡིན་པར་བརྗོད་པར་བྱ་སྟེ། རིན་ཐང་བརྩི་བར་བྱའོ། །དངོས་པོ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །མ་ཚང་ན་ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་བ་ཡིན་ཏེ། འདིར་ནི་བདག་པོས་ནོར་ཡོད་པར་ཤེས་པ་ནི་བདག་པོ་དང་བཅས་པ་ཞེས་བྱའོ། །ནོར་ཡོད་པར་མ་ཤེས་པ་ནི་བདག་པོ་མེད་པ་
སྟེ། དཔེར་ན་ཡུལ་གྱི་བདག་པོ་འམ་གཏེར་སྦེད་པའི་རིགས་བརྒྱུད་ཀྱིས་མ་ཚོར་བའི་ནོར་ལྟ་བུ་ཡིན་ནོ། །གང་གིས་རྫས་སྦས་པ་དེ་རབས་ཆད་ལ་དེ་རྒྱལ་པོས་ཀྱང་མ་ཤེས་པས་བདག་པོ་མེད་པ་ཞེས་བྱའོ། །འོ་ན་ནོར་ཡོད་པར་མ་ཤེས་ཀྱང་བདག་པོ་ལས་ལས་ཀྱི་ལམ་ལྡང་བར་འདོད་པ་ཡིན་ན་ཅིའི་
ཕྱིར་ཕམ་པར་མི་འགྱུར་ཞེ་ན། འདིར་བཤད་པ། དཔེར་ན་མ་ཤ་ཀ་ལྔ་བས་ཆུང་བ་བརྐུས་པ་དང་འདྲ་བར་ལས་ཀྱི་ལམ་ཆུང་བའི་ཕྱིར་རོ། །འདིར་ལས་ཀྱི་ལམ་ཡང་ཅིའི་ཕྱིར་ཆུང་བ་ཡིན་ཞེ་ན། བདག་གིར་བྱ་བ་མ་སྐྱེས་པ་ཉིད་ཀྱིས་བརྐུས་པའི་ཡན་ལག་མ་ཚང་བའི་ཕྱིར་རོ། །ཅིའི་ཕྱིར་བདག་
གིར་བྱ་བ་མེད་ན་བརྐུས་པར་འགྱུར་ཞེ་ན། རྫས་དེ་བདག་པོ་དེ་དང་འབྲེལ་པ་ཉིད་དུ་གནས་པའི་ཕྱིར་རོ། །འདིར་ཤེས་པར་བྱེད་པའི་གཞུང་ནི་འདུལ་བྱེད་ལས། དགེ་སློང་ནད་པ་ཞིག་ཡོད་པ་དེས་ནད་གཡོག་རྣམས་ལ་ཁུར་བ་སྣ་གསུམ་པ་དང་ནས་ཐུག་དག་སྒྲུབས་ཤིག་དང་། དགེ་འདུན་ལ་ཡང་འབུལ་
བར་བྱ་ཞིང་བདག་གིས་ཀྱང་སྤྱད་པར་བྱའོ་ཞེས་སྨྲས་ནས་དེས་དེ་རྣམས་ལ་འགོད་པའི་རྒྱུ་དག་བྱིན་པ་དང་། དེ་དག་འདི་སྙམ་དུ་བདག་ཅག་ལ་ཁུར་བ་སྣ་གསུམ་པ་དང་ནས་ཐུག་ཅི་དགོས་ཀྱི། བདག་ཅག་གི་འདི་ལ་ཁུར་བ་སྣ་གསུམ་དང་ནས་ཐུག་དག་བྱིན་ལ་གསེར་གྱི་དོང་ཚེ་དག་བགོ་བར་བྱའོ་སྙམ་དུ་སེམས་པ་
Vol. 166 · folio 93a
ལས་རེ་ཞིག་ན་དེ་དག་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པའི་ལྟུང་བ་ནི་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ཏེ། འདིར་དགེ་འདུན་གང་ལ་རྫས་དེ་ཕུལ་བ་དེ་དག་གིས་མ་ཤེས་པའི་ཕྱིར་བདག་གིར་བྱ་བ་མེད་
པ་ནི་ཕམ་པ་མི་སྐྱེད་པའི་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ནོ། །འོན་ཀྱང་དགེ་འདུན་ལ་འབུལ་ལོ་ཞེས་སྨྲས་པའི་ཕྱིར་དེ་ནི་སྦྱིན་བདག་ལས་བརྐུས་པ་ཡིན་གྱི། དགེ་འདུན་ལས་མ་ཡིན་ནོ་ཞེ་ན། འདིར་བཤད་པ། གལ་ཏེ་རེ་ཞིག་དགེ་འདུན་ལ་བྱིན་ནོ་ཞེས་བློས་བརྟུལ་ནས་དེ་དག་གིས་བགོས་ནས་དེའི་ཚེ་
སྦྱིན་པ་པོ་ལས་བརྐུས་སོ་ཞེས་བྱ་བའི་རྟོག་པའི་སྐབས་མེད་པ་ཡིན་ཏེ། དོན་གྱིས་ན་དེས་རྫས་དེ་ཡོངས་སུ་བཏང་བ་ཡིན་ནོ། །དེ་ལྟ་བས་ན་འདི་དགེ་འདུན་ལ་འབུལ་ལོ་ཞེས་བྱ་བའི་ཚིག་ནི་བྲིམ་པའི་བསམ་པ་ཡིན་པར་རྟོགས་པར་བྱ་སྟེ། དགེ་འདུན་ལ་དབུལ་ལོ་ཞེས་བྱ་བ་ནི་དགེ་འདུན་ལ་བྲིམ་
མོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཁོ་ནའི་ཕྱིར་དགེ་འདུན་ལ་ཞེས་སྨྲས་པ་ཡིན་ནོ། །གཞན་དུ་ན་ནི་དགེ་འདུན་གྱི་ཕྱིར་ཞེས་ཡང་དག་པར་སྦྱིན་པའི་གཞི་སྨྲ་བའི་རིགས་སོ། །དེ་ལྟ་བས་ན་དགེ་འདུན་ཁོ་ན་ལས་བརྐུས་པ་ཡིན་གྱི་སྦྱིན་པ་པོ་ལས་ནི་མ་ཡིན་ནོ། །སྦྱིན་པ་པོ་ལས་བརྐུས་པ་ཡིན་ན་ནི་ཕམ་
པར་ཐལ་བར་འགྱུར་བ་ཡིན་པས་ཉེས་པ་སྦོམ་པོར་མི་འགྱུར་རོ། །གལ་ཏེ་འདིར་ཉེས་པ་སྦོམ་པོར་ཞེས་གསུངས་པ་ནི་སྦྱོར་བ་ལ་ཡིན་ནོ་ཞེ་ན། དེ་ནི་དེ་གཏམས་པ་བརྐུས་པ་ཡིན་ཏེ་འདིར་ཐག་བཅད་པ་བརྐུས་པ་ཡིན་ནོ། །ཐག་མ་བཅད་པར་ནི་བགོ་བར་ཡང་མི་རུང་ངོ་། །དེ་ལྟ་བས་ན་དགེ་འདུན་གྱིས་མ་
ཤེས་པའི་ཕྱིར་བདག་གིར་བྱ་བ་མེད་པས་ཉེས་པ་སྦོམ་པོ་ཞེས་གསུངས་པ་འདི་ངེས་པ་ཡིན་ནོ། །འོ་ན་ཡང་དགེ་སློང་མ་གང་གིས་སྐྱེ་དགུ་མང་པོའི་རྙེད་པ་བསྔོས་པ་བདག་གིར་བྱེད་ན་ལྟུང་བྱེད་དོ་ཞེས་གསུངས་པ་དེ་ཇི་ལྟ་བུ་ཡིན། འདིར་སྐྱེ་དགུ་མང་པོ་ཞེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་ཡིན་པར་དགོངས་སོ། །
དེ་ལྟར་ཡང་དགེ་སློང་མའི་རྣམ་པར་འབྱེད་པ་ལས་ཀྱང་དགེ་སློང་མ་སྦོམ་དགའ་མོས་བཙུན་མོ་ཕྲེང་ལྡན་མ་ལ་བཅོམ་ལྡན་འདས་ཀྱིས་ཁོ་མོ་ཅག་ལ་ཟླ་མཚན་གྱི་འཛག་སྣོད་གནང་ན་དེ་ཡང་ཁོ་མོ་ཅག་ལ་མི་བདོག་གི་དེ་སྦྱིན་པའི་རིགས་སོ་ཞེས་སྨྲས་པ་དང་། དེས་གོས་སྒྲོམ་གང་དགེ་སློང་མ་ཐམས་ཅད་
Vol. 166 · folio 93b
ལ་བྱིན་ན་སྦོམ་དགའ་མོས་དེ་བདག་གིར་བྱས་སོ། །དགེ་སློང་མ་རྣམས་ཀྱིས་ཐོས་ནས་བཙུན་མོ་ཕྲེང་ལྡན་མ་ལ་སྨྲས་པ་དང་། བདག་གིས་ཁྱེད་ལ་གོས་སྒྲོམ་གང་སྦོམ་དགའ་མོའི་ལག་ཏུ་བྱིན་ནོ་ཞེས་བྱ་བའི་བར་དུ་སྨྲས་སོ། །དེ་ནས་དགེ་སློང་མ་རྣམས་ཀྱིས་སྦོམ་དགའ་མོ་ལ་བསླངས་ན་དེ་མ་སྟེར་ནས་ལྟུང་བྱེད་དོ་
ཞེས་བྱ་བའི་བར་དུ་གསུངས་པ་ཡིན་པ་ཇི་ལྟ་བུ་ཡིན། དེ་ལྟ་བས་ན་འདིར་དགེ་སློང་མ་གང་དག་ལ་བྱིན་པ་དེ་དག་གིས་མ་ཤེས་ན་ཉེས་པ་སྦོམ་པོར་འགྱུར་ལ། ཤེས་ཤིང་ཐག་བཅད་ན་ཕམ་པར་འགྱུར་བ་ཡིན་ན་ལྟུང་བྱེད་དུ་འགྱུར་རོ་ཞེས་གསུངས་པ་དེ་ཅིའི་ཕྱིར་ཡིན་པ་སྨྲོས་ཤིག །འདིར་བཤད་པ།
སྦོམ་དགའ་མོས་བཅོམ་ལྡན་འདས་ཀྱིས་ཁོ་མོ་ཅག་ལ་གནང་ངོ་ཞེས་སྨྲས་པའི་ཤན་གྱིས་བདག་ཉིད་ལ་བསྔོས་པ་ཡིན་ལ། བཙུན་མོ་ཕྲེང་ལྡན་མ་ཡང་དེ་དགེ་འདུན་གྱི་ཆེད་དུ་སློང་བ་མ་ཡིན་པར་ངེས་པ་སྐྱེས་པས་དེས་དགེ་འདུན་གྱི་ཕྱིར་བྱིན་ནོ། །དེའི་ཕྱིར་བདག་གིས་འདི་རྙེད་དོ་སྙམ་དུ་ངེས་པར་རྟོག་
པའི་དབང་གིས་བདག་གིར་བྱས་ཀྱང་ཕམ་པར་རྣམ་པར་མི་གཞག་གོ། །འོ་ན་ཡང་དགེ་སློང་མ་གང་གིས་དགེ་འདུན་གྱི་རྙེད་པར་བསྔོས་པ་གང་ཟག་བདག་གིར་སྔོ་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་འབྱུང་བ་ཇི་ལྟ་བུ་ཞེ་ན། འདིར་ཡང་མ་བྱིན་པར་ལེན་པའི་སྐྱོན་མེད་དེ། སྦྱིན་པ་པོ་མངོན་པའི་ཕྱིར་དང་། བརྐུ་
སེམས་དང་བྲལ་བའི་ཕྱིར་རོ། །སྔ་མ་ཤོས་ནི་ཤན་གྱིས་ཕྱི་མ་སྦྱིན་པ་པོར་མངོན་པས་བྱེ་བྲག་ཡོད་དོ། །དེ་ཉིད་ཀྱི་ཕྱིར་བཤད་པ་བདག་གིར་བྱ་བ་ནི་བསྔོས་པ་བསྒྱུར་བ་དང་འདྲ་བ་ཡིན་གྱི་བསྔོས་པ་བསྒྱུར་བ་ནི་མ་ཡིན་ནོ། །གཞན་ཡང་བསྔོས་པ་ནི་དགེ་སློང་དང་ཐུན་མོང་བ་ཡིན་ལ་བདག་གིར་བྱེད་པ་ནི་ཐུན་མོང་
མ་ཡིན་ཏེ། དགེ་སློང་མ་རྣམས་ཁོ་ནའི་ཡིན་ནོ། །དེ་བཞིན་དུ་བསྔོས་པ་ནི་བདག་གིར་མ་བྱས་པ་བདག་གིར་བྱ་བའི་ཕྱིར་བསྔོ་བ་ཡིན་ལ། བདག་གིར་བྱེད་པ་ནི་རང་གིར་བྱས་པ་ཉིད་ཡིན་ཏེ། ཁྱད་པར་ནི་དེ་ཡིན་ནོ། །ཧ་ཅང་རྒྱ་ཆེར་བྱས་པས་ཆོག་གོ། །འོ་ན་ཅིའི་ཕྱིར་བདག་པོས་ནོར་ཡོད་པར་
མ་ཤེས་པ་བདག་པོ་མེད་པའི་གཏེར་གང་ཡིན་པ་འདི་ལྟ་སྟེ། དགོན་པ་སུས་ཀྱང་མ་བསྣམས་པ་ན་ཡོད་པ་དེ་བརྐུས་ན་འདི་ཉེས་པ་སྦོམ་པོ་ཞེས་གསུངས་པ་མི་མངོན་ཞེ་ན། མི་འཐད་པའི་ཕྱིར་རོ། །དེ་ན་ཡོངས་སུ་འཛིན་པ་མེད་པ་ཉིད་ཀྱིས་མ་བྱིན་པར་ལེན་པ་མེད་པའི་ཕྱིར་ཏེ། དཔེར་ན་བྱང་གི་སྒྲ་མི་སྙན་
Vol. 166 · folio 94a
གྱི་བཞིན་ནོ། །གལ་ཏེ་བརྐུ་སེམས་སྐྱེས་ན་ཉེས་པ་སྦོམ་པོར་འགྱུར་ཏེ། དངོས་གཞིའི་རྣམ་པར་རྟོག་པ་རྣམས་ཀྱིས་ཡན་ལག་རྣམས་འདུས་པའི་ཕྱིར་རོ། །དུར་ཁྲོད་མི་དབང་བསོད་སྙོམས་མ་གཏོགས་པ། །ཞེས་བྱ་བ་ནི་རྫས་དེ་ཡང་གལ་ཏེ་དུར་ཁྲོད་པ་དང་མི་དབང་བའི་བསོད་
སྙོམས་ལས་གཞན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་རྣམས་ཀྱིས་ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་གོས་མ་བྱིན་པ་དག་ལེན་པ་དང་། རིགས་ངན་དག་ན་རེ་བཙུན་པ་དག་བདག་ཅག་མཁར་ལན་གྱི་ལས་ཅུང་ཟད་ཅི་བགྱིད་པ་དེ་ཐམས་ཅད་
འདིའི་ཕྱིར་བགྱིད་ན། ཁྱེད་ཀྱིས་བདག་གི་གོས་འཕྲོག་གམ་ཞེས་དེ་དག་འཕྱ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་ཡོངས་སུ་འཛིན་པ་དང་བཅས་པའི་དུར་ཁྲོད་ནས་གོས་བླང་བར་མི་བྱའོ། །གང་ཞིག་ལེན་པར་བྱེད་ན་དམན་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་
ནོ། །ཁ་ཅིག་ན་རེ་དེ་ལ་དུར་ཁྲོད་རྣམ་པ་གཉིས་ཏེ། འདི་བདག་ཁོ་ནའི་ཡིན་ནོ་ཞེས་བདག་གིར་བྱས་པ་དང་། གནས་ཡོངས་སུ་འཛིན་པས་འཐོབ་པར་ངེས་པའོ། །འདིར་བདག་གིར་བྱས་པ་རྐུ་ན་མཐར་འགྱུར་བར་འདོད་ལ། འཐོབ་པར་ངེས་པ་ཞིག་བརྐུས་ན་དམན་པ་སྦོམ་པོར་འདོད་པར་བྱའོ་ཞེས་ཟེར་ཏེ།
འཐོབ་པར་ངེས་པ་ནི་མཁར་ལན་བྱེད་པ་ལ་སོགས་པའི་དབང་གིས་སོ། །དེའི་ཕྱིར་རིགས་ངན་གང་དག་གིས་རྫས་དེ་འཐོབ་པར་ངེས་པ་དེ་དག་གིས་དེ་ཡོངས་སུ་འཛིན་པ་དང་བཅས་པ་ཉིད་ཡིན་ནོ། །འོ་ན་འཐོབ་པར་ངེས་པ་ཉིད་ཀྱང་ཤོ་གམ་དང་འདྲ་བར་ཕམ་པར་འགྱུར་མོད་ཅེ་ན། དེ་ནི་མི་རུང་སྟེ། ཤོ་གམ་
ནི་བསྐྱིས་པ་དང་འདྲ་བར་གཞལ་བར་བྱ་བ་ཉིད་ཡིན་ནོ། །དུར་ཁྲོད་ཀྱི་རྫས་ནི་ཕོངས་པ་ཉིད་ཡིན་པས་སྦྱིན་པར་བྱ་བ་ཉིད་ཡིན་ཏེ། དེའི་ཆེད་དུ་སྙིང་བརྩེ་བ་མེད་པར་མཁར་ལན་ལ་སོགས་པ་བྱེད་དུ་འཇུག་པའི་ཕྱིར་རོ། །དེ་ལྟ་བས་ན་གནས་ཡོངས་སུ་འཛིན་པའི་ཕྱིར་རོ། །འཐོབ་པར་ངེས་པ་ཉིད་ཡིན་དུ་ཟིན་ཀྱང་འཐོབ་པ་
དང་ལྡན་པ་རྣམས་ལ་རྫས་དེ་ལག་ཏུ་མ་ཐོབ་པས་འདི་ནི་བདག་གིའོ་ཞེས་བདག་གིར་བྱེད་པའི་བློ་མེད་པའི་ཕྱིར་ལྟུང་བ་ཆུང་བ་ཡིན་པར་བསྟན་ཏོ། །སློབ་དཔོན་གྱི་ཞལ་ནས་གལ་ཏེ་དེ་ལྟ་ཡིན་ན་བདག་གིར་བྱས་པ་ཞེས་བྱ་བ་ཁོ་ནས་གྲུབ་པས་དུར་ཁྲོད་པ་ཞེས་བསྟན་པ་དོན་མེད་པར་འགྱུར་རོ། །
Vol. 166 · folio 94b
དེ་ལྟ་བས་ན་འཇིག་རྟེན་ན་ནི་དུར་ཁྲོད་ཀྱི་རྫས་ནི་ཐ་ཆད་ཡིན་པས་མངོན་པར་ཞེན་པ་ཤིན་ཏུ་ཞན་པའི་ཕྱིར་དམན་པ་སྦོམ་པོར་འགྱུར་བར་བཤད་པའི་ཆེད་དུ་དུར་ཁྲོད་པ་ཞེས་གསུངས་སོ་ཞེས་འཆད་དེ། དངོས་པོ་ཚང་ན་དེ་ཆུང་བ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །མི་དབང་བའི་བསོད་སྙོམས་ནི་དབང་བ་མ་ཡིན་པ་
ཞེས་བྱ་སྟེ། དཔེར་ན་དགེ་ཚུལ་རྣམས་ཀྱིའོ་ཞེས་སྦྱིན་པར་བྱེད་པ་ན་དགེ་སློང་གིས་དེའི་ནང་དུ་གཏོགས་པར་བྱས་ཏེ། ལེན་པར་བྱེད་པ་ལྟ་བུའོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གིས་འབྲས་ཆན་གྱི་བསོད་སྙོམས་མི་དབང་བ་བླངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དམན་
པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་ཕྱེའི་བསོད་སྙོམས་དང་། ནས་ཆན་གྱི་བསོད་སྙོམས་དང་། བཅའ་བའི་བསོད་སྙོམས་ལ་སོགས་པ་ཐམས་ཅད་ལ་ཡང་དམན་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །ཅིའི་ཕྱིར་མཐར་མི་འགྱུར་ཞེ་ན། འདིར་ལན་བཤད་པ། ན་ན་ཀ་ལྟ་བུའི་
ནོར་ལན་པ་ལ་ཞེན་པ་གང་ཡིན་པ་དེ་ལྟ་བུ་ཁ་ཟས་ལ་ནི་དེ་ལྟ་མ་ཡིན་ཏེ། བསམ་པ་ཞན་པའི་ཕྱིར་དེས། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གི་ཕྱིར་ཉེས་པ་སྦོམ་པོ་ཁོ་ནར་མངོན་གྱི་རིན་ཐང་མ་ཚང་བའི་ཕྱིར་ནི་མ་ཡིན་ཏེ། རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་ལ་སོགས་པ་མ་གསུངས་པའི་ཕྱིར་རོ། །གཞན་གྱི་དོན་མ་
ཡིན་པའི་ཕྱིར་དང་། གཞན་གྱི་དོན་དུ་མ་གསུངས་པའི་ཕྱིར་དང་། བརྐུས་པར་མི་འགྱུར་བའི་ཕྱིར་ཡང་མ་ཡིན་ཏེ། མི་དབང་བར་ལེན་པའི་ཕྱིར་རོ། །བསམས་པ་ཞེས་བྱ་བ་ནི་མ་བསམས་པ་ལས་ལྟུང་བར་མི་འགྱུར་རོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གིས་གོས་རྡོལ་བ་མ་བྱིན་པར་བླངས་
ཏེ། དེས་དེ་ཕྱེ་བ་དང་དེའི་ནང་ནས་རིན་ཐང་ཆེན་པོ་རི་བའི་སྣམ་བུ་ཞིག་བྱུང་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོས་རྡོལ་བའི་རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །གང་དེ་ཉིད་ཅེས་བྱ་བ་ནི་གང་ཁོ་ན་མངོན་པར་བྱས་པ་དེ་ཉིད་གལ་ཏེ་ཡིན་ནའོ། །
འདྲ་བར་འཁྲུལ་པས་མ་བསམས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་ཤིང་བལ་ལས་བགྱིས་པའི་གོས་རྐུ་བར་འཚལ་ལ། དེས་གསོ་རས་བརྐུས་ན་ཅིར་འགྱུར་ལགས། བཀའ་སྩལ་པ། དམན་པ་སྦོམ་པོར་འགྱུར་རོ། །འོ་ན་དེ་མ་བསམས་
Vol. 166 · folio 95a
པ་ཡིན་མོད་ཅེ་ན། གལ་ཏེ་དེ་ལྟ་ཡིན་དུ་ཟིན་ཀྱང་འོན་ཀྱང་འདི་བརྐུའོ་སྙམ་དུའི་བསམ་པ་ཡོད་པའི་ཕྱིར་བསམ་པ་ཉིད་ཡིན་པ་སྙམ་དུ་དོགས་པར་འགྱུར་རོ། །དེ་ལྟ་བས་ན་དེ་བསལ་བའི་ཕྱིར་སྨོས་པ་ཡིན་ནོ། །འདིར་ཡང་ཤིང་བལ་ལས་བྱས་པའི་བརྐུ་བའི་སྦྱོར་བ་ལས་སྦོམ་པོར་གསུངས་
ཀྱི་གསོ་རས་ལ་ནི་ལྟུང་བ་མེད་པ་ཁོ་ནའོ། །དེ་ལ་ཡང་གལ་ཏེ་བརྐུ་བའི་སེམས་བསྐྱེད་ན་དངོས་པོ་ཇི་ལྟ་བ་བཞིན་དུ་ལྟུང་བ་མ་བཟློག་པ་ཉིད་ཡིན་ནོ། །སྦྱོར་བ་གཅིག་པུ་ཡིས་ཞེས་བྱ་བ་ལས། འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གིས་དགེ་སློང་ལ་སྨྲས་པ། ཚེ་དང་ལྡན་པ་ཚུར་ཤོག །ཆུང་ངུ་ཆུང་
ངུ་ནས་མ་བྱིན་པར་བླངས་ན་ལྟུང་བར་མི་འགྱུར་རོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱོར་བ་གཅིག་ལ་རིན་ཐང་བརྩི་བར་བྱའོ། །དངོས་པོ་ཚང་ན་མཐར་འགྱུར་རོ། །མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །བདག་གི་དོན་དུ་ཞེས་བྱ་བ་ནི་རང་གི་ཆེད་
དུའོ། །གཞན་གྱི་ཆེད་དུ་ནི་ལྟུང་བ་ཆུང་བ་ཉིད་ཡིན་ནོ། །འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་མ་བཅོལ་བར་གཞན་གྱི་ཆེད་དུ་རྐུ་བར་བགྱིད་ན་ཅིར་འགྱུར་ལགས། བཀའ་སྩལ་པ་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །རྐུ་ན་ཞེས་བྱ་བ་ནི་རྐུ་བ་རྣམ་པ་དུ་མ་ཞིག་
ཡོད་དེ་འོག་ནས་འཆད་དོ། །དེའི་གནས་དང་དུས་ཀྱི་རིན་ཐང་དབང་གིས་ཞེས་བྱ་བ་ནི་རྐུ་བའི་གནས་དང་རྐུ་བའི་དུས་དེའི་རིན་ཐང་དེའི་དབང་གིས་ལྟུང་བ་རྣམ་པར་གཞག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གིས་དགེ་སློང་ལ་སྨྲས་པ། ཚེ་དང་ལྡན་པ་ཚུར་ཤོག །
རྐུར་འདོང་ཞིང་གང་གིས་དངོས་པོ་མི་ཚང་བ་དེ་ཙམ་ཞིག་བླང་བར་བྱའོ། །དེ་གཉིས་ཀྱིས་གང་དུ་བླངས་པ་དེ་ཉིད་དུ་དངོས་པོ་ཚང་ནས་དེ་གཉིས་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་གང་ནས་བསྐྱོད་པ་ཉིད་ཀྱི་རིན་ཐང་བརྩི་བར་བྱའོ་ཞེས་བྱ་བ་ལ་སོགས་པའི་བར་དུ་གསུངས་
པ་ཡིན་ནོ། །དད་པས་རྒྱལ་བའི་རིང་བསྲེལ་རྐུ། །དེ་མིན་ཞེས་བྱ་བ་ནི་གལ་ཏེ་དེས་དད་པའི་རྒྱུས་ནི་སངས་རྒྱས་ཀྱི་རིང་བསྲེལ་རྐུ་བ་མ་ཡིན་ན་དེའི་ཚེ་བསྙིལ་བར་བྱ་བ་ཡིན་ནོ། །འདི་སྐད་དུ་རྫས་དེ་གལ་ཏེ་སངས་རྒྱས་ཀྱི་རིང་བསྲེལ་ཡིན་ལ། དེ་ཡང་གལ་ཏེ་མཆོད་པའི་ཕྱིར་རྐུ་ན་དེའི་ཚེ་མཐར་མི་འགྱུར་
Vol. 166 · folio 95b
རོ། །འཚོ་བའི་ཕྱིར་རྐུ་ན་ནི་མཐར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་སྟོན་པའི་རིང་བསྲེལ་བརྐུ་བའི་སེམས་ཀྱིས་རྐུ་བར་བགྱིད་ན་ཅིར་འགྱུར་ལགས། ཉེ་བ་འཁོར་གལ་ཏེ་འཚོ་བའི་བསམ་པས་བརྐུ་ལ་གལ་ཏེ་དངོས་པོ་ཚང་ན་ཕམ་པར་འགྱུར་རོ། །
དངོས་པོ་མ་ཚང་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཅི་སྟེ་དེ་ལ་མེད་ཀྱང་རུང་བདག་ལ་མེད་ཀྱང་རུང་ཞེས་ཆུད་གསན་པར་བྱ་བའི་ཕྱིར་རྐུ་ན་ཉེས་པ་སྦོམ་པོར་འགྱུར་རོ། །ཅི་སྟེ་འདི་ནི་བདག་གི་སྟོན་པ་ཡིན་པས་མཆོད་པར་བྱའི་ཞེས་མཆོད་པའི་ཆེད་དུ་རྐུ་ན་ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །དེ་
ལྟར་ན་ཡན་ལག་དེ་རྣམས་འདུས་པ་ལས་བསྙིལ་བར་བྱ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །འོ་ན་ཞུས་པ་ལས། དགེ་སློང་ཡིད་གཉིས་ཅན་ཞིག་གིས་བརྐུའོ། །མི་བརྐུའོ་སྙམ་པ་ལ་རྐུ་འཕྲོག་བགྱིད་ན་ཅིར་འགྱུར་ལགས། བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གང་གསུངས་པ་ཇི་ལྟ་
བུ་ཡིན་ཞེ་ན། དོན་དེ་ནི་དྲང་བར་བྱ་བ་ཡིན་ཏེ། ལས་ཀྱི་ལམ་དངོས་དང་ལས་ཀྱི་ལམ་གྱི་སྦྱོར་བ་ལ་ཡང་རྐུ་བ་ཞེས་བྱ་བ་ཡོད་པས། དེ་ལ་རྐུ་འཕྲོག་བགྱིད་ན་ཞེས་བྱ་བ་འདིས་ནི་ལས་ཀྱི་ལམ་གྱི་སྦྱོར་བ་བསྟན་ཏོ་ཞེས་བྱ་བ་དེ་ལྟར་དྲང་ངོ་། །རྩ་བའི་བྱེ་བྲག་ཏུ་བཤད་པ་ལས་ཀྱང་། རྐུ་བར་བྱེད་ཅེས་
བྱ་བ་ནི་སྦྱོར་བར་བྱེད་པའོ། །རྐུ་འཕྲོག་བྱེད་ཅེས་བྱ་བ་ནི་ལེན་པ་ཡིན་པར་སྟོན་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེ་བས་ན་རྐུ་བར་བྱེད་ཅེས་བྱ་བ་ནི་སྦྱོར་བ་ལ་ཡང་ཡོད་དོ་ཞེས་བྱ་བ་འདི་གཙུག་ལག་ལས་རྣམ་པར་བཤད་པ་ཡིན་ནོ། །དེའི་ཕྱིར་ཡན་ལག་གཞན་གྱིས་ཁ་བསྐང་
བར་མི་བྱའོ།། །།བམ་པོ་གསུམ་པ། རྐུ་བ་ལ་ནི་བརྐུ་སེམས་གཙོ་བོ་སྟེ། །དེ་བས་དེ་དང་བྲལ་ན་ཉེས་པ་མེད། །ཡན་ལག་ལྷག་མ་ཉམས་པས་ཆུང་བར་འགྱུར། །རྨི་ལམ་ལ་སོགས་དག་ལ་ཉེས་པ་མེད། །འདིར་རྐུ་བ་ལ་ནི་བརྐུ་བའི་སེམས་ཉིད་གཙོ་བོའི་ཡན་ལག་ཡིན་ནོ། །དེ་ལྟ་
བས་ན་ཡན་ལག་གཅིག་པོ་ཁོ་ན་མེད་པས་ལྟུང་བ་མེད་པ་ཡིན་ཏེ། འདིར་བརྐུ་སེམས་ནི་ལྟུང་བ་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ན་སྦྱོར་བ་འམ་དངོས་གཞི་འམ། གཉི་ག་ལ་ཡང་རུང་སྟེ། གང་ལ་བརྐུ་སེམས་ཡོད་པ་དེའི་ལྟུང་བར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་བྱ་བ་ན་གལ་ཏེ་
Vol. 166 · folio 96a
སྦྱོར་བ་ཁོ་ན་ལ་བརྐུ་བའི་སེམས་ཉིད་ན་དེའི་ཚེ་སྦྱོར་བའི་ལྟུང་བ་ཁོ་ནར་འགྱུར་གྱི། །དངོས་གཞི་ལ་ནི་མ་ཡིན་ནོ། །ཇི་སྟེ་དངོས་གཞི་ལ་བརྐུ་སེམས་ཉིད་ཡོད་ན་དེའི་ཚེ་དངོས་གཞི་ཁོ་ན་ཡིན་གྱི། སྦྱོར་བའི་ལྟུང་བ་ནི་མེད་དོ། །གཉི་ག་ལ་བརྐུ་བའི་སེམས་ཉིད་ཡོད་ན་ནི་
གཉི་གར་གཏོགས་པའི་ལྟུང་བ་ཡོད་དོ། །འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་གོས་ཀྱི་གདང་ལས་གོས་ལེན་ཅིང་སྔར་བརྐུ་བའི་སེམས་བྱུང་ལ་སླད་ཀྱིས་རང་གི་འདུ་ཤེས་དང་ལྡན་པས་རྐུ་བར་བགྱིད་ན་ཅིར་འགྱུར་ལགས། སྔ་མ་ནི་ཉེས་པ་སྦོམ་པོར་འགྱུར་ལ། ཕྱི་མ་ནི་
ཉེས་པ་མེད་དོ། །འོན་ཏེ་སྔར་ནི་རང་གི་འདུ་ཤེས་དང་ལྡན་ལ། ཕྱིས་བརྐུ་བའི་སེམས་ཀྱིས་རྐུ་ན་སྔ་མ་ལ་ནི་ལྟུང་བ་མེད་ལ། ཕྱི་མ་ལ་ནི་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་དང་། གཞན་ཡང་གཞུང་ལས། བཙུན་པ་རེ་ཞིག་དགེ་སློང་གིས་གོས་ཀྱི་གདང་བུའི་ཐོག་མིའི་ཆ་ལ། རང་གི་འདུ་
ཤེས་དང་ལྡན་པས་བརྗོད་པར་བགྱིད་ལ། ཐ་མའི་ཆ་ལ་བརྐུ་བའི་སེམས་ཀྱིས་བགྱིད་ན་ཅིར་འགྱུར་ལགས། མཐར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །དེ་ལྟ་བས་ན་སློབ་དཔོན་ཡོན་ཏན་འོད་ཀྱི་ཞལ་ནས། འདིར་རང་གིས་ལ་རང་གིར་འདུ་ཤེས་ཡོད་ཀྱང་དགོས་པའི་དབང་གིས་བརྐུ་བའི་སེམས་ཉེ་
བར་གནས་པའི་དབང་དུ་མཛད་ནས་ནི་གཞུང་གི་དུམ་བུ་སྔ་མ་ལས་ཉེས་པ་སྦོམ་པོར་གསུངས་པ་ཡིན་ལ། གཞུང་གི་དུམ་བུ་ཕྱི་མ་ལས་ནི་གཞན་གྱི་ལ་གཞན་གྱི་ནོར་ཡིན་པར་འདུ་ཤེས་ཡོད་ན་མཐར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ་ཞེས་བཤད་དོ། །དེ་ལྟར་ན་བརྐུ་བའི་སེམས་གཙོ་བོའི་ཡན་ལག་ཡིན་
པས། དེ་ཡོད་ན་ཡན་ལག་གཞན་རྣམས་ལས་གཅིག་པུ་ཞིག་མེད་ཀྱང་ལྟུང་བ་ཆུང་ངུ་ཉིད་ཡིན་ནོ། །རྨི་ལམ་ལ་སོགས་དག་ལ་ཞེས་བྱ་བ་ནི་འདིར་རྨི་ལམ་མ་ཡིན་པ་ཉིད་དང་བསླབ་པ་མ་བཏང་བ་ཉིད་དང་། ཐ་མལ་པར་གནས་པ་ཉིད་ཅེས་བྱ་བ་འདི་དག་གི་དབང་དུ་བྱས་པ་ཉིད་ཡིན་ཏེ། དེ་རྣམས་
ལས་གང་ཡང་རུང་བ་ཞིག་མེད་ན་ཡང་ལྟུང་བ་མེད་དོ། །འདིར་ཡང་། སེམས་བསྐྱེད་པ་ནི་བསྡམ་བྱ་དང་པོ་ཡིན། །སྦྱོར་བ་ལས་ནི་ཉེས་བྱས་རིག་པར་བྱ། །ཕྱི་མའི་སྦྱོར་བ་ལ་ཡང་ཉེས་བྱས་ཡིན། །དངོས་གཞི་ཀུན་ལ་འདི་ནི་དངོས་གཞི་ཡིན། །ཐམས་ཅད་དུ་ཡང་འདའ་བའི་རིམ་པ་
Vol. 166 · folio 96b
ནི་སེམས་བསྐྱེད་པ་ནི་བསྡམ་པར་བྱ་བའི་ཉེས་བྱས་སོ། །སྦྱོར་བ་ནི་བཤགས་པར་བྱ་བའི་ཉེས་བྱས་སོ། །ངན་པར་བྱས་པའི་དོན་ལ་ནི་སྦྱོར་བ་དང་རྗེས་སུ་སྦྱོར་བ་ཞེས་བྱའོ། །དེ་ལ་ཡང་ཉེས་བྱས་ཆེས་ཆུང་བ་ལ་ཡང་ཉེས་བྱས་ཞེས་བྱ་བའི་མིང་འཐོབ་པོ་ཞེས་འདོན་པའི་ཕྱིར་རོ། །དེ་ལྟར་ཡང་
ཆེས་ཆུང་བ་ཡང་ཆུང་བ་དང་འདྲ་བར་ཉེས་བྱས་ཉིད་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ལས་ཀྱི་ལམ་གྱི་དངོས་གཞི་ཡོངས་སུ་རྫོགས་ན་དངོས་གཞི་ཡིན་ཏེ་ཚུལ་ནི་དེ་ཡིན་ནོ། །འདི་མན་ཆད་ནི་མ་བྱིན་པར་ལེན་པའི་ཡན་ལག་དེ་རྣམས་སྤྲོས་ཏེ་བཤད་པར་བྱའོ། །ཆུད་གཟན་ཕྱིར་འཕྲོག་
གདོས་དང་བཅས་པ་ཡི། །རྒྱ་སོགས་མ་རུང་བྱེད་དང་མི་དབང་བའི། །བསོད་སྙོམས་ལེན་པར་བྱེད་ནའང་འཇིག་རྟེན་གྱི། །ཐ་སྙད་ཚུལ་གྱིས་ཆུང་བ་ཉིད་དུ་འགྱུར། །རང་གི་དོན་དུ་ཞེས་བྱ་བ་ནི་བཤད་ཟིན་པས་དེའི་ཕྱིར་གཞན་གྱི་དོན་དུ་ནི་ཆུང་བ་ཡིན་ནོ། །དེ་བཞིན་དུ་ཆུད་གཟན་ཕྱིར་ཡང་སྟེ།
དེ་ལ་མེད་པར་གྱུར་ཀྱང་རུང་། བདག་ལ་མེད་པར་གྱུར་ཀྱང་རུང་སྙམ་པའི་བསམ་པ་ནི་ཆུད་གཟན་པ་ཡིན་ཏེ། །འདིར་ཡང་རང་གི་དོན་མེད་པའི་ཕྱིར་རོ། །དེ་བཞིན་དུ་གདོས་དང་བཅས་པའི་རྒྱ་དང་རིབ་མ་ལ་སོགས་པ་མ་རུང་བར་བྱེད་ན་ཡང་ཆུང་བ་ཉིད་ཡིན་ནོ། །མི་དབང་བའི་བསོད་སྙོམས་ཞེས་བྱ་
བ་སྨོས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་ཚུལ་གྱིས་ཞེས་བྱ་བ་རྒྱུ་ཡིན་པར་བསྟན་པའི་ཕྱིར་རོ། །གཞན་གྱི་གོས་ལ་བྱིན་བཞིན་སྤྱོད་པ་དང་། །སྨན་དང་སྔགས་ཀྱིས་སྦྱིན་དུ་འཇུག་པ་དང་། །སྡུག་པ་འཕྲོག་ཕྱིར་འདམ་པར་བྱེད་པ་དང་། །གཞན་ཕྱིར་བླངས་ནས་འགེད་བྱེད་ན་ཡང་འགྱུར། །གཞན་གྱི་
གོས་ལ་ཕོངས་པ་མེད་པར་འཐོབ་པ་བཞིན་དུ་ལོངས་སྤྱོད་ན་ཆུང་བ་ཡིན་ཏེ། ལོངས་སྤྱོད་ཀྱི་སྙིང་པོ་སྤྱད་པའི་ཕྱིར་འདི་ནི་རྐུ་བ་དང་འདྲ་བ་ཡིན་ནོ། །མ་གནང་བར་ལོངས་སྤྱད་ན་ཁ་ན་མ་ཐོ་བ་ཤིན་ཏུ་ལྕི་བར་རིག་པར་བྱའོ། །སྔགས་དང་སྨན་གྱི་དབང་དུ་བྱས་ཏེ་སྦྱིན་དུ་འཇུག་ན་ཡང་ཆུང་བ་ཡིན་ནོ། །མགུ་
བར་བྱ་བའི་ཕྱིར་མེ་ཏོག་ལ་སོགས་པ་གང་བྱིན་པ་དེའི་རྒྱུས་རྙེད་པའི་ཕྱིར་བསམ་པ་ལོག་པ་བྱུང་ན་འཚོ་བ་ལོག་པར་གཏོགས་པའི་ཉེས་པ་བསླང་བ་ཡིན་ཏེ། རྐུ་བར་གཏོགས་པ་ནི་མ་ཡིན་ནོ། །ཅི་འདོད་པ་དེ་རྐུའོ་སྙམ་པའི་བསམ་པས་འདམ་པར་བྱེད་ན་ཡང་ཆུང་བ་ཁོ་ནར་འགྱུར་རོ། །དགེ་འདུན་
Vol. 166 · folio 97a
གྱི་སྟོན་མོའི་ཆེད་དུ་བྱ་བར་དེ་ལྟར་སྦྱིན་བདག་ལས་རྫས་བླངས་ནས་གང་ཟག་རྣམས་ཀྱིས་འགོད་ན་ཆུང་བ་ཉིད་ཡིན་ནོ། །འདིར་གཞུང་ནི་འདུལ་བྱེད་ལས། ནད་པས་ནད་གཡོག་རྣམས་ཀྱི་ལག་ཏུ་དགེ་འདུན་སྟོན་མོ་གསོལ་བའི་ཕྱིར་འགོད་པའི་རྒྱུ་དག་བྱིན་པ་དང་དེ་རྣམས་
ཀྱིས་བགོས་པ་ནིས་སྦོམ་པོའོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །འདིར་ནི་བདག་པོ་དགེ་འདུན་གྱིས་ནོར་ཡོད་པར་མ་ཤེས་པས་སྦོམ་པོར་གསུངས་ཏེ། ཕམ་པ་ནི་མ་ཡིན་ནོ། །ཕྱོགས་བཞིའི་འཕགས་པའི་ཚོགས་ཀྱི་ནོར་དག་ལས། །ཕྱོགས་བཞི་པོ་ཡི་དོན་དུ་རྐུ་ན་ཉམས། །དུར་ཁྲོད་ས་ནི་
ཡོངས་འཛིན་བཅས་པ་ནས། །གོས་ལ་སོགས་པ་རྐུ་ནའང་དེ་བཞིན་ནོ། །དགེ་སློང་གང་དག་གི་ཕྱོགས་བཞི་པོ་དེ་དག་ནི་ཕྱོགས་བཞིའོ། །དེ་དག་གི་ཚོགས་ནི་ཕྱོགས་བཞི་པ་སྟེ། ཕྱོགས་བཞིའི་དགེ་འདུན་གྱི་རྫས་ཕྱོགས་བཞི་པའི་ཆེད་ཁོ་ནར་རྐུ་བར་བྱེད་ན་རྣམ་པར་ཉམས་པ་ཡིན་ཏེ། ཉེས་
བྱས་ཆུང་ངུ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གཉུག་མར་གནས་པ་ཞིག་གིས་ཕྱོགས་བཞི་པའི་དགེ་འདུན་གྱི་ཡོ་བྱད་རྣམས་བརྐུ་བའི་སེམས་ཀྱིས་གནས་ནས་གནས་སུ་སྤགས་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
པ། ཕམ་པའི་ལྟུང་བ་ནི་མེད་དེ། ཉེས་བྱས་སུ་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་ཞེས་པའི་གཞུང་ལས་ནི་སྦོམ་པོ་ཞེས་བྱ་བ་འབྱུང་སྟེ། དེའི་ཚེ་ནི་ཆུང་བ་ཞེས་བྱ་བ་དང་། རྣམ་པར་ཉམས་པ་ཞེས་བྱ་བའི་དོན་དུ་བཤད་པ་ཡིན་ནོ། །ཅི་སྟེ་སྡེ་ལ་སོགས་པ་ཐ་དད་པའི་བདག་པོ་ཐ་དད་པའི་
གནས་སུ་སྦེད་པར་བྱེད་ཅིང་དེར་ཡང་དེ་བདག་པོ་རྣམས་ཀྱི་ཁོང་དུ་ཆུད་པ་ཡིན་ལ། གལ་ཏེ་དེའི་ཚེ་ན་རིན་ཐང་ཚང་ན་ཕམ་པ་ཁོ་ན་ཡིན་ཏེ། དགེ་འདུན་ནི་སྤུན་དང་འདྲ་བའི་ཕྱིར་རོ། །ཇི་སྟེ་ཁོང་དུ་མ་ཆུད་ན་དེའི་ཚེ་སྦོམ་པོ་ཡིན་ཏེ། གཞན་གྱི་དོན་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་གནས་པས་སོ། །དེ་
བཞིན་དུ་དུར་ཁྲོད་ཡོངས་སུ་འཛིན་པ་དང་བཅས་པ་ནས་རྐུ་ན་ཆུང་བ་ཁོ་ན་ཡིན་ནོ། །དུར་ཁྲོད་སྨོས་པ་ནི་འདིར་ཐ་ཆད་ཡིན་པའི་ཕྱིར། །མངོན་པར་ཞེན་པ་ཆུང་བ་ཉིད་ཀྱིས་རྐུ་བ་མ་རྫོགས་པ་ཉིད་ཡིན་པར་བསྟན་པའི་ཕྱིར་རོ། །ད་ནི་རྐུ་བའི་དབྱེ་བ་བསྟན་པར་བྱ། །ས་ནི་གལ་ཏེ་བརྩད་པས་གྲྭར་
Vol. 166 · folio 97b
ཕྲོགས་ན། །གང་ཚེ་ཁྱིམ་པས་དེ་སྦྱོར་བཏང་ཚེ་སྟེ། །གལ་ཏེ་སླར་ནི་རྒྱལ་བ་ཉིད་ན་བརྐུས། །ད་ནི་རྐུ་བའི་དབྱེ་བ་རབ་ཏུ་བསྟན་པར་བྱའོ། །དེ་ལ་གལ་ཏེ་བརྩད་པས་གྲར་ཕྲོགས་ལ། བརྩད་པ་དེ་ཡང་གལ་ཏེ་འོག་ཟུར་འགྱེད་ན་དེར་གང་གི་ཚེ་ཤགས་ཟླས་སྦྱོར་བ་བཏང་བ་དེའི་ཚེ་བརྐུས་པ་ཡིན་པར་ཁོང་
དུ་ཆུད་པར་བྱ་སྟེ། དེའི་ཚེ་ཁོ་ན་མཐར་འགྱུར་བར་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་སྟེ་སླར་བརྩད་པ་དེ་བགྱི་ན་དེའི་ཚེ་ནི་རྒྱལ་བར་གྱུར་པ་ཁོ་ན་ན་བརྐུས་པ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི། དགེ་སློང་དག་ཞལ་ཅེ་བ་རྣམས་ཀྱི་བདག་པོ་ནི་རྒྱལ་པོ་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །
ཡོངས་སུ་བསྐོར་བའི་དབང་གིས་རྐུ་བྱེད་ན། །གང་ཚེ་མཚམས་ཀྱི་སྒོ་དང་འབྱོར་ན་བརྐུས། །ཡོངས་སུ་བསྐོར་བས་རྐུ་ན་གང་གི་ཚེ་མཚམས་ཀྱི་སྒོ་དང་སྒོ་འབྱོར་བར་གྱུར་པ་དེའི་ཚེ་བརྐུས་པ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །བརྡ་ཡི་སྦྱོར་བས་མི་ལ་རྐུ་བྱེད་ན། །བརྡ་གྲུབ་པ་ཡི་དབང་གིས་ལྟུང་བ་ཡིན། །
བརྡས་ནི་རྐུ་ན་བརྡ་གྲུབ་པ་ཁོ་ན་ན་བརྐུས་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་རྣམ་པ་མང་པོ་དག་གིས་མི་རྐུ་བ་ཡིན་ཏེ། མི་འདོད་བཞིན་དུ་ཡང་དྲང་བ་དང་། གདེག་པ་གཉིས་དང་། འཇིགས་པའི་མཚན་མས་སྤོ་བ་དང་། སྔགས་དང་སྨན་དག་གིས་རྨོངས་པར་བྱས་པ་དང་། བཅིངས་པ་ཐར་བར་བྱས་པ་
དང་། གཉིད་ཀྱིས་ལོག་པ་ན་མ་ཚོར་བར་འདེགས་པ་ལ་སོགས་པ་རྣམ་པར་གཅད་པའི་ཕྱིར་བརྡ་ཞེས་སྨོས་སོ། །མི་རྐུ་བ་ལ་རྣམ་པ་གསུམ་སྟེ། མན་ངག་གིས་དང་། བརྡས་དང་། མཚན་མས་སོ། །གསུམ་པོ་འདི་དག་ཏུ་ནི་རང་དག་འདུན་པ་ཁོ་ནས་བརྐུས་པ་ཉིད་ཡིན་པར་དགོངས་སོ། །དེ་ལ་མན་
ངག་ནི་འདུས་པ་ལ་སོགས་པའོ། །མཚན་མ་ནི་རྟགས་ཏེ། སྐྲ་དང་ཁ་སྤུ་བྲེགས་ནས་རིང་པོ་མ་ལོན་པ་ལ་སོགས་པའོ། །བརྡ་ནི་སྔ་དྲོ་ལ་སོགས་པའོ། །མན་ངག་ལ་སོགས་པ་གསུམ་པོ་འདི་དག་དོན་ཐ་དད་པ་ཉིད་ཡིན་དུ་ཟིན་ཀྱང་། དེ་དག་གིས་ཉེ་བར་མཚོན་པར་བྱ་བ་དེ་ཡང་སྔ་དྲོ་ལ་སོགས་པ་
ནི་བྱེ་བྲག་ཡིན་པས་བརྡ་ཞེས་བྱ་བའི་སྒྲས་སྤྱིར་བསྟན་པ་ཡིན་ནོ། །གང་གི་ཚེ་ཁྱོད་ཀྱིས་འདི་དང་འདི་ལྟ་བུ་ཞིག་ན་ལྟོས་ཤིག་དང་། དེའི་ཚེ་ཁྱོད་ངའི་དྲུང་དུ་ཕྲད་དུ་ཤོག་ཤིག་ཅེས་བྱ་བ་གང་ཡིན་པ་དེ་ནི་བརྡ་བྱས་པ་ཡིན་ནོ། །དེ་ནི་གང་གི་ཚེ་གྲུབ་པ་དེའི་ཚེ་མི་བརྐུས་པ་ཡིན་ནོ་ཞེས་བྱ་བའི་ཐ་
Vol. 166 · folio 98a
ཚིག་གོ། །རྣམ་པ་གཞན་དག་ལ་ཡང་མཚན་ཉིད་ཀྱི་རྗེས་སུ་འབྲངས་ནས་བརྐུས་པར་རིག་པར་བྱ་སྟེ། དཔེར་ན་སྔགས་ཀྱིས་དྲངས་ནས་གཏེར་དང་འདྲ་བར་སྣང་བར་འོང་བ་ན་བརྐུས་པ་ཡིན་ནོ། །ཁྱུ་ལས་བཀར་བ་དང་བཅིངས་པ་ཞིག་ཡིན་ན་མི་སྣང་བར་གྱུར་པ་ན་བརྐུས་
པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །དུད་འགྲོར་གྱུར་པ་བཅིངས་ལས་རྐུ་བ་ན། །བཅིངས་བཀྲོལ་ཙམ་གྱིས་བརྐུས་པར་ཤེས་པར་བྱ། །ཁྱུ་ལས་བཀར་དང་བཅིངས་པས་རྐུ་བ་ན། །ཁྱུ་ལས་མི་སྣང་གྱུར་ན་བརྐུས་པ་ཡིན། །དུད་འགྲོ་བཅིངས་པ་ལས་རྐུ་ན་བཅིངས་པ་ལས་
བཀྲོལ་བ་ཁོ་ནས་བརྐུས་པ་ཡིན་ནོ། །འདིར་གཞུང་ནི། དགེ་སློང་གིས་རྔོན་ཤོར་བའི་རིབ་མར་རི་དགས་བཅིངས་པ་བཀྲོལ་བ་ལས་རི་དགས་ཀྱི་རིན་ཐང་བརྩི་བར་བྱའོ་ཞེས་འབྱུང་བ་ཡིན་ནོ། །བཀྲོལ་བ་ཁོ་ན་ལས་རིན་ཐང་བརྩི་བའི་རིམ་པ་སྨོས་པའི་ཕྱིར་བཀྲོལ་བ་ཉིད་ན་བརྐུས་པ་ཡིན་པར་
དགོངས་པ་ཡིན་ནོ་ཞེས་བྱ་བར་མངོན་ནོ། །བཅིངས་པ་ལས་སམ་ཁྱུ་ལས་བཀར་བས་དུད་འགྲོ་རྐུ་ན་ཁྱུ་ལས་མི་སྣང་བར་གྱུར་པ་ཁོ་ན་བརྐུས་པ་ཡིན་ནོ། །གཅིག་པུ་ཞིག་ལས་རྐུ་ན་ནི་གནས་གང་ནས་བསྐྱོད་པ་དེ་ནས་མི་སྣང་བར་གྱུར་པ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བ་འདི་ནི་རིགས་པས་རྟོགས་པར་བྱ་
བ་ཡིན་ནོ། །གལ་ཏེ་བླ་མའི་གོས་ལ་སོགས་ཁྱེར་ནས། །གོམ་པ་བསྐྱེད་དམ་ཡང་ན་འབྲི་བྱེད་པས། །རེ་ལྡེ་ལ་སོགས་ཕག་ཏུ་མི་སྣང་སོང་། །དངོས་གཞིའོ་མངོན་སུམ་ཕྲོགས་པའང་དེ་དང་འདྲ། །འདིར་གཞུང་ནི། འདི་ལྟ་སྟེ། མཁན་པོ་དང་སློབ་དཔོན་དག་ལམ་དུ་ཞུགས་པ་ལ་གོས་རྣམས་
ནི་དེ་རྣམས་ཀྱིས་སློབ་མའི་ལག་ན་ཡོད་པ་དང་། དེ་རྣམས་དེ་ལ་བརྐུ་སེམས་ཉེ་བར་གནས་ཤིང་དེ་དག་གོམ་པ་འབྲི་བར་བྱེད་པ་དང་། གོམ་པ་རེ་རེ་ལ་ཉེས་བྱས་སུ་འགྱུར་ལ། ནམ་མིག་སྔར་སྣང་བར་འོང་གི་བར་དུ་ཉེས་པ་སྦོམ་པོར་འགྱུར་རོ། །མིག་སྔར་སྣང་བར་མི་འོང་བ་ན་ཕྲོགས་པ་ཡིན་ནོ་
ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལྟར་ན་གོམ་པ་བསྐྱེད་པ་དང་གོམ་པ་འབྲི་བ་དག་གིས་རེ་ལྡེ་དང་ནགས་ཁུང་ལ་སོགས་པ་དག་ཏུ་མི་སྣང་བར་སོང་བ་ལས་དངོས་གཞིར་འགྱུར་ཏེ། རྐུན་མ་ནི་ནམ་སྣང་བ་དེའི་བར་དུ་བརྐུ་བའི་བློ་མི་སྐྱེ་བས་སོ། །མངོན་སུམ་ཕྲོགས་
Vol. 166 · folio 98b
པ་འང་དེ་དང་འདྲ་ཞེས་བྱ་བ་ནི་མི་སྣང་བར་སོང་བ་ལས་དངོས་གཞིར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འདུལ་བྱེད་ལས། དགེ་སློང་གིས་ཁྱིམ་པའི་གོས་ཤིག་བླངས་སོ། །དེས་དེ་བླངས་ནས་སོང་བ་དང་། ཁྱིམ་པ་དེས་མཐོང་ནས་དེས་དེ་ལ་སྨྲས་པ། བཙུན་པ་གོས་མ་བསྣམས་ཤིག་ཅེས་སྨྲས་
པ་དང་། ཡིད་ཀྱིས་བལྟས་ཏེ་ཁྱེར་ཏེ་འོང་ཞེས་སྨྲས་ནས། དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པའི་ལྟུང་བ་ནི་མེད་དེ་དམན་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡང་འདིར་ལྟུང་བ་མེད་པར་གསུངས་པའི་རྒྱུ་ནི་སྣང་བ་མེད་པར་མ་སོང་བ་ལས་གཞན་
པ་མི་སྣང་ངོ་། །སྦྱོར་བ་ཡིན་པའི་ཕྱིར་ན་ཉེས་པ་སྦོམ་པོར་གསུངས་སོ་ཞེས་བྱ་བའི་དོན་འདི་རྟོགས་པར་བྱའོ། །གྲུ་ཞིག་ཆུ་འདལ་བ་འམ་ཐང་ལས་སམ། །ཆུ་བོའི་རྒྱུན་ཕྱོགས་རྐུ་ནའང་དེ་བཞིན་ནོ། །ཀླུང་སོགས་འགྲམ་མི་སྣང་ལ་ཞེང་དུ་ན། །དེ་བཞིན་སྣང་ལས་ཕ་རོལ་ཕྱིན་འདིར་
བརྐུས། །དེ་བཞིན་ཞེས་བྱ་བ་ནི་མི་སྣང་བར་གྱུར་པ་ན་བརྐུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་དུ་ཞེ་ན། བཤད་པ། ཆུ་འདལ་བ་སྟེ། ཆུ་འགྲམ་པ་དང་། ཐང་དང་ཆུ་བོའི་རྒྱུན་ཕྱོགས་ལ་ཡང་རུང་སྟེ། མི་སྣང་བར་གྱུར་པ་ཉིད་ན་བརྐུས་པ་ཡིན་ནོ། །ཆུ་བོ་འམ་རྒྱ་མཚོ་གང་ལས་
ཕ་རོལ་གྱི་འགྲམ་མི་མངོན་པའི་ཐད་ཀ་འདལ་བ་དེ་ལ་ཡང་མི་སྣང་བར་གྱུར་པ་ཁོ་ན་ན་བརྐུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆུ་བོ་ལ་སོགས་པ་འགྲམ་སྣང་བ་ལ་ནི་ཕ་རོལ་གྱི་འགྲམ་དུ་ཕྱིན་པ་ཁོ་ན་ན་བརྐུས་པ་ཡིན་ནོ། །རྒྱུན་ལས་བཟློག་པར་གྲུ་ནི་འདྲེན་བྱེད་ན། །གྲུ་ཚུགས་ཐལ་བ་ལས་ནི་
བརྐུས་པ་ཡིན། །རྒྱུན་ལས་བཟློག་ཕྱོགས་སུ་གྲུ་འདྲེན་ན་གྲུ་ཚུགས་ལས་འདས་པ་ཁོ་ན་ན་བརྐུས་པ་ཡིན་ནོ། །གྲུ་ཚུགས་ནི་གྲུ་ཕ་རོལ་དུ་བཀྲི་བའི་ཕྱིར་ལམ་ཇི་སྲིད་དུ་རྒྱུན་ལས་བཟློག་ཕྱོགས་སུ་བཀྲི་བར་བྱ་བ་དེ་ཡིན་ཏེ། དེ་ནི་གྲུ་དེའི་རྒྱུ་བའི་ས་ཡིན་པའི་ཕྱིར་གནས་པ་ཡིན་ནོ། གྲུ་ཚུགས་
མེད་ན་གདགས་པའི་ཚད་གནས་པ་ཡིན་པར་རྟོགས་པར་བྱའོ། གསང་སྔགས་དག་གིས་བརྐུ་བྱ་རྐུ་བྱེད་ན། །རང་གི་མིག་སྔར་སྣང་ན་དེ་བརྐུས་ཡིན། །གསང་སྔགས་དག་གིས་རྫས་བརྐུ་བར་བྱ་བ་རྐུ་བ་ན་རྫས་དེ་མཐོང་བ་ཁོ་ན་ན་བརྐུས་པ་ཡིན་ནོ། །རྫས་ཀྱི་སྟེང་ཆ་སྤྱིང་བར་བྱེད་ན་ནི། །
Vol. 166 · folio 99a
གནས་ཀྱི་སྟེང་ཆ་ལས་འདས་བརྐུས་པ་ཡིན། །ལུས་ཀྱི་རྒྱན་ནི་བཀྲོལ་བ་ཉིད་ན་ཡིན། །ཤོ་གམ་དག་ནི་ས་ཉིད་ས་འདས་ནའོ། །རྫས་ཀྱི་སྟེང་གི་ཆ་སྤྱིང་བས་རྐུ་བ་ན་གནས་ཀྱི་སྟེང་གི་ཆ་ལས་ཐལ་ན་བརྐུས་པ་ཡིན་པར་རིག་པར་བྱའོ། །འདིར་གཞུང་ནི། ཟོང་སྤྱིང་
བའི་ཕྱིར་ཁྲི་ལས་ལྡང་བ་ནས་འདམ་རྐོ་ཞིང་ཕྱིས་བརྐུའོ་སྙམ་པ་ལས་དངོས་པོ་ཚང་ན་ཕམ་པར་འགྱུར་རོ། །དངོས་པོ་མ་ཚང་ན་དམན་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་ཕྱིས་བརྐུའོ་ཞེས་བྱ་བ་སྨོས་པའི་ཕྱིར་རྫས་ཀྱི་སྟེང་གནས་ཀྱི་སྟེང་ཆུ་འམ་འདམ་ལས་འདས་པ་ན་བརྐུས་
པ་ཡིན་པར་མི་རིགས་སོ་ཞེ་ན་དེ་ནི་མི་རུང་སྟེ། རྐུ་བ་ནི་འདིར་བསྐུར་བ་ལ་སྦྱར་གྱི། བརྐུ་བ་དངོས་ལ་མ་ཡིན་ནོ། །དེ་བས་ན་ཕྱིས་བརྐུའོ་ཞེས་བྱ་བ་ནི་འདིའི་ཕྱིས་བསྐུར་རོ་ཞེས་བྱ་བའི་དོན་དུ་གནས་པ་ཡིན་ནོ། །དེ་ལྟར་ཡང་འདུལ་བ་མདོ་ལས། ཕྱིས་བརྐུ་བའི་བློ་གང་ཡིན་པ་དེ་ནི་བླང་བ་
ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །ལུས་ལ་རྒྱན་བཏགས་པ་རྣམས་ནི་བཀྲོལ་བ་ཁོ་ན་ན་བརྐུས་པ་ཡིན་ནོ། །བཀྲོལ་བ་ཁོ་ན་ན་གནས་གཞན་དུ་སྤོས་པ་ཡིན་པར་རྣམ་པར་གནས་པ་ཡིན་ཏེ། འདི་ལྟར་དེ་ནི་བཏགས་པ་ཡིན་གྱི་བཞག་པ་ནི་མ་ཡིན་པས་དེའི་ཕྱིར་བཏགས་པ་ལས་བཀྲོལ་
བ་འདིར་བརྐུས་པ་ཡིན་གྱི། གདགས་པའི་ས་བསྣོར་བས་ནི་མ་ཡིན་ནོ། །གསེར་གྱི་གདུ་བུ་ལ་སོགས་པ་ཐོགས་ཏེ་འདུག་པ་ནི་དཔུང་མགོ་ལ་ཐུག་པར་ཕྱིན་ཀྱང་བཏགས་པ་བཀྲོལ་བ་མ་ཡིན་ནོ། །ཤོ་གམ་དག་ནི་ས་ཉིད་འདས་ན་བརྐུས་པའོ་ཞེས་བྱ་བར་འགྱུར་རོ། །ས་ཉིད་ཅེས་བྱ་
བ་ནི་འདིར་ཤོ་གམ་གྱི་སྐབས་ཡིན་པའི་ཕྱིར་ཤོ་གམ་གྱི་གནས་སུ་རིག་པར་བྱའོ། །དེ་ཡང་གང་ཚུན་ཆད་ཕྱིན་ནས་ཤོ་གམ་གཞལ་བར་བྱ་བ་ཉིད་ཡིན་པ་དེ་ཚུན་ཆད་ཡིན་པར་རིག་པར་བྱའོ། །ཤོ་གམ་གྱིས་དེ་ལས་འདས་པ་ནི་ཤོ་གམ་བཅད་པའི་ཤོ་གམ་གྱིས་དེ་ལས་ཐལ་བ་ཡིན་ཏེ།
ས་ཕྱོགས་གཞན་ལས་དེ་ཐལ་བས་ནི་ཤོ་གམ་བརྐུས་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཡང་ཇི་ལྟར་ན་ཤོ་གམ་བཅད་པ་འདས་ན་ཤོ་གམ་འདས་པ་ཡིན་ཞེ་ན། ཤོ་གམ་ནི་ཤོ་གམ་བཅད་པའི་ཆ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །ས་ཉིད་ཅེས་བྱ་བ་ཅི་དགོས་ཤེ་ན་རྫུ་འཕྲུལ་
Vol. 166 · folio 99b
གྱིས་ནམ་མཁའ་ལས་ཐལ་ན་ལྟུང་བ་མེད་པར་བསྟན་པའི་ཕྱིར་ཏེ། རྒྱལ་པོ་ནི་ས་ལ་དབང་བ་ཡིན་གྱི་ནམ་མཁའ་ལ་དབང་བ་མ་ཡིན་པས་སོ། །འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་ནམ་མཁའ་ལས་ཤོ་གམ་འདའ་བར་བགྱིད་ན་ཅིར་འགྱུར་ལགས་གལ་ཏེ་རྫུ་འཕྲུལ་གྱིས་
འདའ་བར་བྱེད་ན་ལྟུང་བ་མེད་དོ། །འོན་ཏེ་རྣམ་པ་གཞན་དག་གིས་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །འདིར་རྫུ་འཕྲུལ་ཞེས་སྤྱིར་བསྟན་པའི་ཕྱིར་མངོན་པར་ཤེས་པ་ལས་བྱུང་བ་དང་། ལས་ལས་སྐྱེས་པ་དང་། གསང་སྔགས་དང་སྨན་གྱིས་བྱས་པའི་རྫུ་འཕྲུལ་གཟུང་ངོ་། །
ཤོ་གམ་གྱི་ས་སྨོས་པ་ནི་ས་གཞན་ནས་ཤོ་གམ་བཅད་པ་འདས་ན་ཉེས་པ་མེད་པར་བསྟན་པའི་ཕྱིར་རོ། །ས་ཉིད་ཅེས་བྱ་བའི་ཉིད་ཅེས་བྱ་བ་ཅི་དགོས་ཤེ་ན། གལ་ཏེ་ཤོ་གམ་གྱི་སའི་གནས་སུ་ལུས་ཀྱི་ལག་པས་དབུལ་བ་ལ་སོགས་པ་ལག་པའི་ཕྱག་རྒྱས་སམ། ངག་གིས་གསང་སྔགས་
བརྗོད་པ་ལ་སོགས་པས་སམ། ཡིད་ཀྱིས་རྫུ་འཕྲུལ་མངོན་པར་འདུ་བྱ་བ་ལ་སོགས་པས་ཤོ་གམ་གཅད་པ་ལུས་ལའམ་ལུས་དང་འབྲེལ་པ་ལ་འམ་གང་ལ་ཡང་མ་རེག་པར་ནམ་མཁའ་ལས་ཤོ་གམ་གྱི་ས་ལས་འདའ་བར་བྱེད་ན་དེ་ན་ཤོ་གམ་མ་ཤ་ཀ་ལྔ་ལ་སོགས་པ་ཡོད་དུ་ཟིན་ཀྱང་སྦོམ་པོ་ཡིན་པར་
བསྟན་པའི་ཕྱིར་རོ། །གང་ཞིག་ནམ་མཁའ་ལ་འདུག་ནས་འདའ་བར་བྱེད་ན་དེ་ལ་ནི་ལྟུང་བ་མེད་པ་ཉིད་ཡིན་པར་རིག་པར་བྱའོ། །དེ་ལྟ་བས་ན་ས་ཞེས་སྨོས་པའི་ཕྱིར་གང་ཞིག་ཡོད། ཤོ་གམ་གྱི་ས་དང་མ་འབྲེལ་བ་དེ་ལ་ནི་ལྟུང་བ་མེད་པ་ཉིད་ཡིན་པར་རིག་པར་བྱའོ། །གལ་ཏེ་ལུས་ཀྱིས་སམ་ལུས་
དང་འབྲེལ་པས་སམ་བཞོན་པས་ཤོ་གམ་གཞལ་བ་འདའ་བར་བྱེད་པ་ལྟུང་བར་མི་འགྱུར་རོ་ཞེ་ན། སྐྱོན་དུ་མི་འགྱུར་ཏེ་ས་ནི་བརྒྱུད་པས་གཞི་ཉིད་དུ་འབྲེལ་པའི་ཕྱིར་རོ། །དུད་འགྲོ་གང་ཞིག་ཤོ་གམ་གྱི་གནས་སུ་ཕྱིན་པ་ལས་ལམ་སྒྱུར་ནས་འདའ་བར་བྱེད་ན་དེ་ནི་རེ་ཞིག་ས་དེ་ལས་འདས་པ་ཡིན་
པར་ཐེ་ཚོམ་མེད་པ་ཁོ་ན་ཡིན་ནོ། །སླར་ལོག་སྟེ་ལམ་གཞན་ནས་འགྲོ་ན་ཇི་ལྟར་རྟོགས་པར་བྱ་ཞེ་ན། འཇིག་རྟེན་གྱི་ལུགས་ཀྱི་དབང་གིས་རྟོགས་པར་བྱ་སྟེ། གལ་ཏེ་སར་ཕྱིན་པ་ལས་སླར་ལོག་ཀྱང་གཞལ་བར་བྱ་བ་ཉིད་ཡིན་ན་སླར་ལོག་པའི་རྫས་དེ་འདས་པ་ཡིན་ནོ། །གལ་ཏེ་བསྐུར་
Vol. 166 · folio 100a
བར་བྱ་བ་ཉིད་ཡིན་ན་དེའི་ཚེ་འདས་པ་མ་ཡིན་པར་རིག་པར་བྱའོ། །ཤོ་གམ་གྱི་གནས་ཀྱིས་ནི་ས་བྱེ་བྲག་ཏུ་འབྱེད་པ་ཡིན་ཏེ། ས་གཞན་ལས་འདའ་བར་བྱེད་པ་ལ་ནི་ལྟུང་བ་མེད་པར་བསྟན་པའི་ཕྱིར་རོ། །དཔེར་ན་ཡུལ་ཆོས་ཀྱིས་ཤོ་གམ་གཅོད་པ་ཞིག་ཡིན་ལ་
ཡུལ་དེར་གཏོགས་པའི་གྲོང་གི་སའི་སྟེང་ལས་འདས་ན་མ་ཡིན་པ་ལྟ་བུའོ། །རྣམ་པར་འབྱེད་པ་ལས་ཤོ་གམ་གཅོད་པའི་རྫས་དང་ལམ་དུ་འཇུག་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ་ཞེས་གསུངས་པ་དེ་ཡང་ལམ་དུ་འཇུག་པར་བྱེད་པ་ལ་བྱའི་བརྐུ་བ་ལ་ནི་མི་བྱ་བས་ཉེས་པ་མེད་དོ། །འདིར་
འཇིག་རྟེན་པའི་ལུགས་ཀྱིས་རྣམ་པར་གཞག་པ་ཡིན་པས་འདུལ་བ་ལས་ཤོ་གམ་གྱི་མཚན་ཉིད་མ་གསུངས་སོ། །འཇིག་རྟེན་ན་ནི་ལུགས་ཀྱིས་ཟོང་ཁོ་ན་ཤོ་གམ་གཅོད་པར་རིགས་སོ་ཞེས་འཇོག་སྟེ། འདི་ལྟར་ཟོང་ལ་ནི་ཉི་ཤུ་ཆ་ཤོ་གམ་ཡིན་ལ་རྩྭ་དང་ཤིང་ལ་སོགས་པ་དག་ནི་དྲུག་ཅུ་ཆ་
ཡིན་ནོ། །ཟོང་ཞེས་བྱ་བ་ནི་རྙེད་པའི་ཆེད་དུ་བཙོང་བར་བྱ་བ་ལ་བྱའོ། །དེ་ལྟ་བས་ན་ཟོང་མ་ཡིན་པ་དེ་ནི་ཤོ་གམ་གཅད་པ་མ་ཡིན་ནོ། །དེའི་ཕྱིར་སྡོམ་བརྩོན་རྣམས་ཀྱི་འཚོ་བའི་ཡོ་བྱད་ནི་ཤོ་གམ་གཅད་པར་འོས་པ་མ་ཡིན་པར་རིག་པར་བྱའོ། །གལ་ཏེ་སྡོམ་བརྩོན་རྣམས་ཀྱི་འཚོ་བའི་
ཡོ་བྱད་ཀྱང་ཤོ་གམ་གཅད་པར་འོས་པ་ཡིན་ན་ནི་ལམ་དུ་དེ་འཇུག་པར་བྱེད་པ་ཁོ་ནར་ཡང་མི་འགྱུར་བ་ཞིག་ན། འདིར་གཞུང་ནི་རྣམ་པར་འབྱེད་པ་ལས། ཤོ་གམ་གཅད་པའི་རྫས་ནི་ལམ་དུ་འཇུག་པར་ཡང་མི་བྱའོ་ཞེས་བཀག་པའི་ཕྱིར་ལ། འདིར་གཞུང་ནི་སྨན་གྱི་གཞི་ལས་ཁྱིམ་བདག་
ལུག་སྐྱེས་ཀྱིས་གསོལ་པ། བཅོམ་ལྡན་འདས་ཤུལ་གྱི་བསྙུན་རྒྱགས་ཀྱི་ཆེད་དུ་ཀཱར་ཥཱ་པ་ཎ་ད་གཅིག་བཞེས་པར་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞེས་པར་བྱའོ་ཞེས་འབྱུང་བ་དང་ཡང་འགལ་ལོ། །དེའི་ཕྱིར་འདིར་ཤོ་གམ་གཅད་པར་བྱ་བ་ཉིད་ཡིན་
པའི་ཕྱིར་དེ་ལམ་དུ་ཞུགས་པར་བྱ་བ་མི་སྲིད་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྙུན་རྒྱགས་བཞེས་པར་བཀའ་སྩལ་པ་སྨྲ་བར་བྱ་དགོས་སོ། །དེ་ལྟ་བས་ན་འཇིག་རྟེན་ན་ནི་བཙོང་བར་བྱ་བ་ཁོ་ན་ཤོ་གམ་དུ་གཅད་པར་འོས་པར་གྲུབ་ཀྱི་གཞན་ནི་མ་ཡིན་ནོ། །བཅོམ་ལྡན་འདས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words