འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན

Sanskrit title (Tibetan script, as in the text) ཨཱརྱ་མཱུ་ལ་སརྦ་ཨསྟི་བ་དི་ཤྲ་མ་ཎེ་ར་ཀཱ་རི་ཀཱ་པྲྀཏྟི་པྲ་བྷཱ་བ་ཏི

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 166 · folio 127b

རེག་པ་གལ་ཏེ་བརྟུལ་ཞུགས་ཅན་གྱིས་བདག་གིར་བྱེད་ན་དེའི་ཚེ་ཡང་རྣམ་པ་ཐམས་ཅད་དུ་མཐར་འགྱུར་བའི་རྡོ་རྗེས་བཅོམ་པ་འཐོབ་བོ། །དེ་ལ་རང་གི་རྨར་རང་གི་ཡན་ལག་གི་སྦུ་བུ་འདྲུད་པའི་དཔེར་བརྗོད་པ་ནི་རྒྱབ་མཉེན་དང་མཚན་རིངས་གཉིས་ལྟ་བུའོ། །གཞན་གྱི་ཡན་ལག་གི་སྦུ་བུས་དྲུད་

པའི་དཔེར་བརྗོད་པ་ནི་དགོན་པ་སྡིག་པ་ཅན་གྱིས་དགེ་ཚུལ་མནན་པ་ལྟ་བུའོ། །ད་ནི་དངོས་གཞིའི་ཡན་ལག་རྣམས་ཀྱི་སྤྲོས་པ་བཤད་པར་བྱའོ། །བུད་མེད་ལ་སོགས་རྨ་རྣམས་འགྲོ་རིགས་དབྱེ། །ཤི་དང་གཡོགས་དང་རྐེད་ཕྱེད་ཆད་ན་ཡང་། །ཁྱད་པར་མེད་དེ་དུམ་བུར་སྦྱར་བ་ལས། །མཚམས་

མངོན་མིན་པའི་བུ་གའང་དངོས་གཞིར་འགྱུར། །བུད་མེད་དང་སྐྱེས་པ་དང་མ་ནིང་རྣམས་ཀྱི་རྨའི་སྒོ་གང་དག་ཡིན་པ་ནི། ཁ་དང་བཤང་དང་གཅི་བའི་བུ་ག་རྣམས་སོ། །དེ་རྣམས་ནི་མི་དང་དུད་འགྲོའི་འགྲོ་བའི་དབྱེ་བ་འམ། བྲམ་ཟེ་དང་གདོལ་པ་ལ་སོགས་པའི་རིགས་ཀྱི་དབྱེ་བའི་ཁྱད་

པར་མེད་དོ། །དེ་བཞིན་དུ་གསོན་པ་དང་ཤི་བར་གྱུར་པ་དང་། གོས་ཀྱིས་གཡོགས་པ་དང་། མ་གཡོགས་པར་གྱུར་ཀྱང་ཁྱད་པར་མེད་པ་ཁོ་ན་ཡིན་ཏེ། ཐམས་ཅད་ལ་མཐར་འགྱུར་བ་མཚུངས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་འདི་སྨོས་ཤེ་ན། བུད་མེད་ཀྱི་རོ་གང་

ཡིན་པ་དེ་ཉིད་ལས་སྐྱེས་པ་ལས་ཕམ་པར་འགྱུར་བ་རིགས་པ་ཡིན་གྱི། དུད་འགྲོ་རྣམས་ཀྱི་ནི་མ་ཡིན་ནོ། །དེ་བཞིན་དུ་བྲམ་ཟེ་མོ་རྣམས་ཁོ་ནའི་བྲམ་ཟེ་ལ་འགྱུར་གྱི་གདོལ་པ་མོ་རྣམས་ཀྱི་ནི་མ་ཡིན་ནོ། །གསོན་པ་རྣམས་ཁོ་ནའི་ཡིན་གྱི་ཤི་བ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་

གང་ཞིག་སེམས་པ་དེའི་དོགས་པ་བཟློག་པའི་ཕྱིར་རོ། །གཞན་ཡང་རྐེད་པའི་ཕྱེད་དུ་ཆད་པ་ལ་ཡང་ཁྱད་པར་མེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། ལུས་ཀྱི་རྐེད་དུ་ཆད་པར་གྱུར་ཀྱང་མཐར་འགྱུར་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་བུད་མེད་ཆུ་ཤགས་སུ་གཤགས་

པའི་དུམ་བུ་སྦྱར་བ་ལས་བུ་ག་དེ་ལ་མཚམས་མི་མངོན་ན་དེའི་ཚེ་ཡང་དངོས་གཞིར་འགྱུར་རོ། །འོ་ན་བུ་གར་སྦྱར་བའི་མཚམས་མངོན་པ་དེ་ལ་ཇི་ལྟར་འགྱུར་ཞེ་ན། བཤད་པ། སྦྱར་བའི་མཚམས་ནི་མངོན་པར་གྱུར་པ་དང་། །ཕག་ལ་སོགས་པ་བསྲེགས་པ་སྤུ་མེད་རྨ། །དེ་

Vol. 166 · folio 128a

བཞིན་མགོ་བོ་བཅད་པའི་ཁ་ལ་ཡང་། །ཀུན་དུ་བཤགས་པར་བྱ་བའི་ཆུང་བར་འགྱུར། །གང་ལ་སྦྱར་བའི་མཚམས་མངོན་པའི་བུ་ག་དེ་ལ་ནི་བཤགས་པར་བྱ་བའི་ལྟུང་བ་ཆུང་བར་འགྱུར་རོ། །དེ་བཞིན་དུ་ཕག་ལ་སོགས་པ་བསྲེགས་པ་སྤུ་མེད་པ་དག་གི་ལམ་དང་།

མགོ་བོ་བཅད་པའི་ཁ་དང་། ཡང་ཞེས་བྱ་བས་ལུས་ཀྱི་བུ་ག་གནས་མ་དང་བཅོས་མ་གཞན་ལ་ལོག་པར་ཞུགས་ན་ཡང་ལྟུང་བ་ཆུང་ངུ་ཁོ་ནར་འགྱུར་རོ་ཞེས་སྟོན་ཏོ། །གོས་ཀྱིས་དཀྲིས་དང་དགུག་པ་བྱས་པ་དང་། །ལམ་ལ་མ་རེག་པར་ཡང་ཆུད་པར་འགྱུར། །ཡན་ལག་གི་སྦུ་བུ་

གོས་ཀྱིས་དཀྲིས་པ་དང་། དེ་བཞིན་དུ་བཀུག་པ་དང་། ལམ་ལ་མ་རེག་པར་ཡང་རུང་སྟེ། འཇུག་པས་ལྟུང་བ་ཆུང་བར་འགྱུར་རོ། །འདིར་གཞུང་ནི། གོས་སམ་གྲོ་ག་འམ་པགས་པའི་རིམ་པས་སམ། འོད་མའི་སྦུ་བུར་བཅུག་ནས་སམ་ཡན་ལག་གི་རྣམ་པ་བཀུག་ནས་སམ་

ལམ་ལ་མ་རེག་པར་འཇུག་ན་ཐམས་ཅད་ལ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །འོ་ན་རྣམ་པར་འབྱེད་པ་ལས། བར་ཆད་དང་བཅས་པས་བར་ཆད་དང་བཅས་པ་ལ་ཞེས་བྱ་བ་དང་། ཕམ་པར་འགྱུར་རོ་ཞེས་གསུངས་པ་ཇི་ལྟ་བུ་ཡིན་ཞེ་ན། བཤད་པ། གོས་སྟུག་དག་གིས་

ཡིན་ན་ཆུང་བར་འདོད། །སྲབ་མོ་དངོས་གཞི་ཡིན་པས་དེ་འགལ་མེད། །འདིར་གཞུང་ནི་ཞུས་པ་ལས། ཆུད་པར་གསུངས་པ་ཡིན་ཏེ། གོས་ལ་སོགས་པ་སྟུག་པོས་བར་དུ་ཆོད་ན་རྣམ་པ་ཐམས་ཅད་དུ་རེག་པའི་བདེ་བ་མེད་པའི་ཕྱིར་རོ། །རྣམ་པར་འབྱེད་པ་ལས་ནི་སྲབ་མོས་

བར་དུ་ཆོད་ན་རེག་པའི་བདེ་བ་འབྱུང་བའི་ཕྱིར་མཐར་འགྱུར་བར་གསུངས་པས་གཞུང་འགལ་བ་མེད་དོ། །ད་ནི་ལྟུང་བའི་རྣམ་པར་དབྱེ་བ་བཤད་པར་བྱ་སྟེ། སེམས་བྱུང་ཡིད་ཀྱིས་བྱ་ཡིན་སོ་ལ་སོགས། །རེག་པའི་གཞི་ཡི་བར་དུ་སྦྱོར་བ་ཡིན། །སོ་སོགས་མཚམས་ལས་ཕར་

ནི་དངོས་གཞི་ཡིན། །འཁྲིག་པ་ལ་ནི་འདུ་ཤེས་གཙོར་བྱ་མེད། །བསྟེན་པའི་ཕྱིར་སེམས་སྐྱེས་ནས་བསྡམ་པར་བྱ་བའི་ཁ་ན་མ་ཐོ་བར་འགྱུར་རོ། །སོ་དང་པགས་པ་དང་སྦུ་བུའི་ཁ་ལ་རེག་པའི་བར་གྱི་བར་མ་དོ་དེར་ནི་སྦྱོར་བའི་ལྟུང་བའི་ཉེས་བྱས་ཁོ་ནར་འགྱུར་རོ། །སོ་ལ་སོགས་

Vol. 166 · folio 128b

པའི་མཚམས་ལས་ཕར་འདའ་བར་བྱེད་ལ། དངོས་གཞིའི་ཡན་ལག་རྣམས་ཀྱང་ཕྲད་ན་དངོས་གཞིའི་ལས་ཀྱི་ལམ་སྐྱེས་པ་ཡིན་ཏེ། དངོས་གཞིའི་ལྟུང་བར་རིག་པར་བྱའོ། །སོ་དང་པགས་པ་དང་སྦུ་བུའི་བར་ཡིན་པར་ངེས་པའི་ཕྱིར་འདིར་འཁྲིག་པ་ལ་ནི་མེད་པར་རིག་པར་བྱའོ། །དེ་

ལྟར་ཡང་གཞུང་ནི་འདུལ་བྱེད་ལས། དགེ་སློང་གིས་ལམ་དུ་ལམ་མ་ཡིན་པའི་འདུ་ཤེས་ཀྱིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་དུ་ལམ་མ་ཡིན་པའི་འདུ་ཤེས་དང་ལྡན་པ་ལ་ཕམ་པ་ལ་སོགས་པའི་བར་དུ་འབྱུང་བ་ཡིན་

ནོ། །འདུ་ཤེས་གཙོ་བོར་བྱ་བ་རྣམས་ལ་ནི་དེ་ལྟ་བུ་མེད་དེ། འདི་ལྟར་སྲོག་ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས་མེད་པར་འདུ་ཤེས་དང་ལྡན་པ་ལ་ལྟུང་བ་ཡོད་པར་མི་འདོད་པས་སོ། །ད་ནི་ཕྱོགས་དང་མཐུན་པ་བརྗོད་པ་ཡིན་པས། བཤད་པ། མི་ཚངས་སྤྱོད་ཕྱོགས་ངོ་བོ་

བསྟན་པ་ནི། །དཔེར་ན་བསམས་བཞིན་ཁུ་བ་འབྱིན་བྱེད་དང་། །འདོད་ཆགས་ཀྱིས་ནི་འཁྱུད་དང་ཟུར་སྟེག་དང་། །འཁྲིག་པའི་ཚིག་རྣམས་སྒྲོགས་པར་བྱེད་པ་དང་། །མི་ཚངས་པར་སྤྱོད་པ་དང་འདྲ་བ་དག་གི་རང་བཞིན་བསྟན་པ་ནི། འདི་ལྟ་སྟེ། བསམས་བཞིན་དུ་ཁུ་བ་

འབྱིན་པ་དང་། འདོད་ཆགས་ཀྱིས་འཁྱུད་པ་དང་། ཟུར་སྟེག་བྱེད་པ་དང་སྟེ། འཁྲིག་པའི་འདོད་ཆགས་ཀྱིས་བསྐྱོད་པ་དང་། འཁྲིག་པའི་ཚིག་སྟེ་སྒྲ་རྣམས་སྒྲོགས་པ་དང་། །ཉལ་ཤོམ་ཁྱིམ་དུ་ལྟད་མོ་བལྟ་ཕྱིར་དང་། །རྒོད་པས་གནས་པ་ཉིད་དང་སྨྱན་བྱེད་དང་། །

ཁྱིམ་དག་ཏུ་ནི་མཚན་མོ་འཕྱན་ཅིང་རྒྱུ། །མིག་ཟུར་གཡོབ་དང་སྟེག་པར་བྱེད་པ་ཡིན། །ཞེས་བྱ་བ་ནི་རྒོད་པས་སྐྱེས་པ་དང་། བུད་མེད་དག་གི་སྤྱོད་པ་ལྟ་བའི་ཕྱིར་གནས་པའོ། །ཁྱིམ་གང་དུ་བུད་མེད་ལ་ཉལ་པོ་བྱས་པ་དེ་ནི་ཉལ་པོ་ཤོམ་པའི་ཁྱིམ་ཞེས་བྱ་སྟེ། དཔེར་ན་བུད་མེད་ནི་སྐྱེས་

པས་ཉལ་བར་བྱ་བ་ཡིན་ནོ་ཞེས་བསྟན་པ་ལྟ་བུ་ཡིན་ནོ། །སྨྱན་བྱེད་ཅེས་བྱ་བ་ནི་སྐྱེས་པ་དང་བུད་མེད་སྤྲོད་པར་བྱེད་པའོ། །ཁྱིམ་དག་ཏུ་མཚན་མོ་འགྲོ་བ་དང་། དེ་བཞིན་དུ་མིག་ཟུར་དང་གཡོབ་པ་དང་། སྟེག་པ་ཡང་ཡིན་ཏེ། དེ་ལ་མིག་ཟུར་ནི་བཟུར་ཏེ་བལྟ་བའོ། གཡོབ་པ་ནི་

Vol. 166 · folio 129a

ཡན་ལག་གིས་གཡོབ་པའོ། །འདོད་ཆགས་ཀྱི་གདོན་གྱིས་གཟིར་བར་བྱས་པའི་ངག་གི་འགྱུར་བ་ན་སྟེག་པ་ཡིན་ཏེ། སྟེག་པར་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དང་ཡང་དུ་བུད་མེད་གདོང་མི་བལྟ། །རེག་པའི་དུག་ལ་ནམ་ཡང་རེག་མི་བྱ། །གལ་

ཏེ་ཆུ་དང་མེས་འཆི་དེ་ཡི་ཚེ། །དེས་པའི་འདུ་ཤེས་བྱས་ཏེ་རེག་པར་བྱ། །ཡང་དང་ཡང་དུ་བུད་མེད་རྣམས་ཀྱི་གདོང་དུ་བལྟ་བར་མི་བྱའོ། །དེ་ལྟར་ཡང་གཞུང་ནི། བཅོམ་ལྡན་འདས་བུད་མེད་དག་ལ་ཇི་ལྟར་བསྒྲུབ་པར་བགྱི། ཀུན་དགའ་བོ་མི་ལྟ་བར་རོ་ཞེས་གསུངས་པ་ཡིན་

ནོ། །དེ་ལྟ་བུའི་དགོས་པ་ཞིག་བྱུང་ན་ཡང་ལན་ཅིག་བལྟ་བར་བྱའོ། །ཡང་དང་ཡང་དུ་བུད་མེད་ཀྱི་གདོང་དུ་བལྟས་ནས་མཚན་མར་འཛིན་པར་འགྱུར་ཞིང་དེ་ལས་ཀྱང་འདོད་ཆགས་ཀྱི་མེ་འབར་བར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ཀུན་དུ་ཆགས་པས་ལྟ་བ་ནི་རྣམ་པ་ཐམས་ཅད་དུ་

བཀག་པ་ཁོ་ནའོ། །ཇི་སྐད་དུ། རབ་ཏུ་བྱུང་བའི་གཞི་ལས། བུད་མེད་ཀྱི་ཡུལ་ལ་མིག་གཏད་དེ་བལྟ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །འཁྲིག་པའི་ཀུན་དུ་སྦྱོར་བ་བདུན་གྱི་མདོ་ལས་ཀྱང་། །བྲམ་ཟེ་འདི་ན་ཁ་ཅིག་བདག་ཉིད་ཚངས་པར་སྤྱོད་པ་ཡིན་པར་ཁས་འཆེ་ཞིང་དེ་བུད་མེད་

དང་ལྷན་ཅིག་གཉིས་ཀྱིས་གཉིས་སྤྲོད་པར་ནི་མི་བྱེད་དོ། །འོན་ཀྱང་བུད་མེད་ལ་མིག་གཏད་ནས་ལྟ་བར་བྱེད་ཅིང་དེས་དེའི་རོ་མྱོང་བར་བྱེད་དོ་ཞེས་བྱ་བ་ལས། ཚངས་པར་སྤྱོད་པ་མ་ཆུབ་པར་སྤྱོད་ཅིང་རལ་བ་དང་། སྐྱོན་ཅན་དང་། འདྲེན་མ་དང་། ཐུན་ཚགས་ཅན་ཡིན་ཏེ། སྐྱེ་བ་དང་། རྒ་བ་

དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་དག་ལས་ཡོངས་སུ་མི་འགྲོལ་ཞིང་སྡུག་བསྔལ་ལས་ཡོངས་སུ་མི་གྲོལ་བ་ཡིན་ནོ་ཞེས་སྨྲའོ། །འདི་ནི་འཁྲིག་པའི་ཆོས་ཀུན་དུ་སྦྱོར་བ་དང་པོ་

ཡིན་ནོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་བུད་མེད་དང་ལྷན་ཅིག་སྟེག་པར་བྱེད། རྩེ་བར་བྱེད། ག་ཞ་འདོན་པར་བྱེད་ཅེས་བྱ་བ་ནི་གཉིས་པ་ཡིན་ནོ། །བུད་མེད་ཀྱིས་བསྐུ་བ་དང་། ཁྲུས་བྱ་བ་དང་། མཉེ་བ་བདག་གིར་བྱེད་པ་ཞེས་བྱ་བ་ནི་གསུམ་པ་ཡིན་ནོ། །བུད་མེད་

Vol. 166 · folio 129b

རྩིག་པའི་ཕག་ན་འདུག་པའམ། རས་བཅོས་བུའི་ཕག་ན་འདུག་པའི་གོས་དག་གམ་རྒྱན་དག་གི་སྒྲ་ཉན་ཅིང་དེས་དེའི་རོ་མྱོང་བར་བྱེད་པ་ཞེས་བྱ་བ་ནི་བཞི་པ་ཡིན་ནོ། །གཞན་དག་ལ་འདོད་པའི་ཡོན་ཏན་ལྔ་དག་དང་ལྡན་ཞིང་རྩེ་བར་བྱེད་པ་ལ་ལྟ་བར་བྱེད་པ་ནས། དེས་དེའི་རོ་མྱོང་བར་བྱེད་པ་

ཞེས་བྱ་བའི་བར་ནི་ལྔ་པ་ཡིན་ནོ། །བདག་ཚུལ་ཁྲིམས་སམ་བརྟུལ་ཞུགས་སམ་ཚངས་པར་སྤྱོད་པ་འདིས་ལྷའམ་མིའི་གཙོ་བོར་ཤོག་ཤིག་ཅེས་སྨོན་ལམ་བཏབ་ནས་ཚངས་པར་སྤྱད་པ་སྤྱོད་པར་བྱེད་པ་ཞེས་བྱ་བ་ནི་དྲུག་པ་ཡིན་ནོ། །སྔོན་བགད་པ་དང་དགའ་བ་དང་རྩེ་བ་དང་ཀུན་དུ་སྤྱད་པ་

དྲན་པར་བྱེད་ཅིང་དྲན་པར་བྱེད་དུ་འཇུག་པ་ཞེས་བྱ་བ་འདི་ནི་འཁྲིག་པའི་ཀུན་དུ་སྦྱོར་བ་བདུན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རེག་པར་མི་བྱའོ་ཞེས་བྱ་བའི་གཞུང་ནི་འདིར་བུད་མེད་ནི་རེག་པའི་དུག་ཡིན་ནོ་ཞེས་འབྱུང་བ་ཡིན་ནོ། །གལ་ཏེ་བུད་མེད་ཆུའམ་མེ་དག་

གིས་འཆི་ན་དེའི་ཚེ་དེ་བསྐྱབ་པའི་ཕྱིར་སའི་འདུ་ཤེས་བསྐྱེད་ནས་རེག་པར་བྱའོ། །མོ་ཡིས་བརྟུལ་ཞུགས་ཅན་ལའམ་སྡོམ་བརྩོན་གྱིས། །དེ་མཐོང་ཆགས་ན་དེར་ནི་གནས་མི་བྱ། །རྡོ་སོགས་ཡན་ལག་འཁྲི་ཤིང་མི་བརྡུང་སྟེ། །འདོད་ཆགས་མེ་ནི་མི་སྡུག་ཆུས་ཞི་འགྱུར། །གང་ན་

བུད་མེད་ཀྱི་བརྟུལ་ཞུགས་ཅན་ལ་མཐོང་ནས་ཆགས་པར་བྱེད་དམ། གང་ན་བརྟུལ་ཞུགས་ཅན་གྱིས་བུད་མེད་ལ་མཐོང་ནས་ཆགས་པར་བྱེད་ན་དེར་ཡང་ཡུན་རིང་དུ་གནས་པར་མི་བྱ་སྟེ། །མྱུར་བ་ཁོ་ནར་དེ་ནས་འགྲོ་བར་བྱའོ། །དེ་བཞིན་དུ་རྡོ་བ་ལ་སོགས་པས་ཡན་ལག་གི་འཁྲི་

ཤིང་བརྡུང་བར་མི་བྱ་སྟེ། འདིར་གཞུང་ནི་དགེ་སློང་འདོད་ཆགས་ཀྱིས་གཟིར་བ་ཞིག་གིས་རྡོ་བས་ཡན་ལག་གི་རྣམ་པ་བཅོམ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ན་བརྡུང་བར་བྱ་བ་གཞན་ཡིན་ན། གཞན་རུང་བར་བྱེད་དེ། འོན་ཀྱང་འདོད་ཆགས་ལ་ནི་མི་སྡུག་

པའོ་རྟ། །ཞེ་སྡང་ལ་ནི་བྱམས་པའོ། །གཏི་མུག་ལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །བུད་མེད་གནམ་བལྟས་འཐུང་ལ་རང་གིས་ནི། །ཆུ་ནི་རྒྱུན་མི་འཆད་པར་སྦྱིན་མི་བྱ། །རང་ལག་གཅེར་བུ་མོ་ལ་ཟས་ལ་སོགས། །མི་སྦྱིན་ཁུར་བ་སྦྱིན་

Vol. 166 · folio 130a

བཞིན་གྱུར་མི་རུང་། །བུད་མེད་ཁ་གྱེན་དུ་བལྟས་ཏེ་ཆུ་འཐུང་བ་དག་ལ་རྒྱུན་མི་འཆད་པར་སྦྱིན་པར་མི་བྱའོ། །དེ་བཞིན་དུ་རང་གི་ལག་ནས་གཅེར་བུ་མོ་དག་ལ་ཟས་ལ་སོགས་པ་སྦྱིན་པར་མི་བྱ་སྟེ། འདི་ལྟར་འཕགས་པ་ཀུན་དགའ་བོས་ལྷུང་བཟེད་གྱི་ལྷག་མ་སྦྱིན་པར་མཛད་

པ་ན་མ་བརྟགས་པར་གཅེར་བུ་མོ་གཞོན་ནུ་མལ་ཁུར་བ་གཉིས་བྱིན། རྒན་མོ་ལ་ནི་ཁུར་བ་གཅིག་བྱིན་པ་དང་། རྒན་མོས་སྨྲས་བ། ཕུ་ནུ་མོ་ཤཱ་ཀྱའི་བུ་ཀུན་དགའ་བོས་འདོད་པར་འགྱུར་རོ་ཞེས་དེ་ལྟ་བུའི་སྐུར་པ་འདེབས་པར་གྱུར་ན་མི་རུང་བས་སོ། །བུད་མེད་རྣམས་དང་ལྷན་ཅིག་ཏུ་འགྲོགས་པ་དང་སྨྲ་བ་དང་། ལྟ་བ་

བཀག་ནས་དམིགས་ཀྱིས་དབྱེ་བ་བཤད་པར་བྱ་སྟེ། མ་ཆགས་མིག་གིས་བུད་མེད་ཆོས་བསྟན་བྱའི། །མིག་ཚུགས་སུ་ནི་བཞིན་ལ་བལྟ་མི་བྱ། །བུད་མེད་རྣམས་དང་ཉལ་འདུག་འགྲོ་ལ་སོགས། །སྤང་བྱ་སྐྱེས་པ་ཡོད་ན་ཉེས་པ་མེད། །འོན་ཏེ་བུད་མེད་རྣམས་ལ་ཆོས་སྟོན་པ་ཞིག་

བྱུང་ན། དེའི་ཚེ་མ་ཆགས་པའི་མིག་གིས་སྐབས་སྐབས་སུ་ལྟ་བའམ། མིག་གི་རྒྱུ་བ་འཛུམས་པས་ཆོས་བཤད་པར་བྱའི། མིག་ཚུགས་སུ་བཞིན་ལ་བལྟ་བས་ནི་མ་ཡིན་ནོ། །བུད་མེད་ཀྱི་བཞིན་ལ་ཡང་དང་ཡང་དུ་བལྟས་ནས་བྱིས་པ་ལ་མཚན་མར་འཛིན་པའི་རྩ་བ་ཟུག་པར་འགྱུར་

བས་བཟློག་པ་ཡིན་ནོ། །དེ་བཞིན་དུ་བུད་མེད་རྣམས་དང་ལྷན་ཅིག་ཏུ་ཁྱིམ་ན་ཉལ་བ་དང་། ལྷན་ཅིག་ཏུ་འདུག་པ་དང་། ལྷན་ཅིག་ཏུ་ལམ་དུ་འགྲོ་བ་དང་། འབེལ་བའི་གཏམ་བྱ་བ་ལ་སོགས་པ་ཞི་ཐག་རིང་ཞིང་ཤིན་ཏུ་རིང་བར་སྤང་བར་བྱའོ། །དེ་ལྟ་བུའི་རྐྱེན་ཞིག་བྱུང་ལ་གལ་ཏེ་དེ་ན་

སྐྱེས་པ་ཡོད་ན་དེའི་ཚེ་ཉེས་པ་མེད་དོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ལས། བསླབ་པའི་གཞི་གསུམ་པ་རྫོགས་སྷོ།། །།གང་ཞིག་བླ་མ་བརྗོད་བློས་མི་ཆོས་ལས། །བླ་མ་ཞེས་བྱ་དེ་བདག་ལ་ཡོད་ཅེས། །མི་ལ་བརྫུན་ཟེར་གཞན་གྱིས་གོ་ན་ནི། །

མངོན་པའི་ང་རྒྱལ་མ་གཏོགས་དེ་བསྙིལ་བྱ། །ཞེས་བྱ་བ་ལ། གང་ཞིག་ཅེས་བྱ་བ་ནི་དགེ་ཚུལ་ལོ། །བླ་མ་བརྗོད་བློས་ཞེས་བྱ་བ་ནི་མིའི་ཆོས་ལས་བླ་མ་བསྙད་པར་བྱའོ་སྙམ་པའི་བསམ་པས་སོ། །མིའི་ཆོས་ལས་བླ་མ་ཞེས་བྱ་བ་ནི་མིའི་ཆོས་ལས་བླ་མ་ཞེས་བྱའོ། །དེ་ཞེས་

Vol. 166 · folio 130b

བྱ་བ་ནི་མིའི་ཆོས་ལས་བླ་མ་དེ་ཉིད་ཅེས་ངེས་པར་གཟུང་བས་འཁྲུལ་པས་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །འདི་ལྟར་གལ་ཏེ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའི་ལུང་བསྟན་པར་བྱའོ་སྙམ་དུ་ཞུགས་པ་ཡིན་པར་དེ་ཁོ་ན་ལུང་སྟོན་པར་བྱེད་ན་དེའི་ཚེ་མཐར་འགྱུར་རོ། །འོན་ཏེ་འཁྲུལ་

པས་གཞན་ལུང་བསྟན་པར་བྱའོ་སྙམ་པ་ལས་གཞན་ཞིག་ལུང་སྟོན་པར་བྱེད་ན་དེའི་ཚེ་ཆུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་རྒྱུན་དུ་ཞུགས་པའི་འབྲས་བུར་ལུང་བསྟན་པར་བྱའོ་སྙམ་པ་ལས། ལན་ཅིག་ཕྱིར་འོང་

བའི་འབྲས་བུར་ལུང་བསྟན་པར་བགྱིད། ཕྱིར་མི་འོང་བའི་འབྲས་བུར་ལུང་བསྟན་པར་བྱའོ་སྙམ་པ་ལས། དགྲ་བཅོམ་པའི་འབྲས་བུར་ལུང་སྟོན་པར་བགྱིད་ན་ཅིར་འགྱུར་ལགས། བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །ཟེར་ཞེས་

བྱ་བའི་སྨྲ་བ་ལའོ། །འདི་སྐད་ཟེར་ཞེ་ན། བདག་ལ་ཡོད་ཅེས་བྱ་བ་སྨོས་ཏེ། འདིར་གཞུང་ནི་བསམ་གཏན་དང་པོ་ལ་སོགས་པ་མ་ཐོབ་པར་བདག་གིས་ཐོབ་བོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ནོ། །མི་ལ་ཞེས་བྱ་བ་ནི་མིའི་འགྲོ་བ་ལ་མངོན་སུམ་དུའོ། །འདིར་གཞུང་ནི་

འདུལ་བྱེད་ལས། དགེ་སློང་གིས་མིའི་འགྲོ་བ་ལ་མིར་འདུ་ཤེས་དང་ལྡན་པས་མེད་ཅིང་མི་བདོག་པའི་མིའི་ཆོས་བླ་མ་སྨྲས་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ལ་མིའི་འདུ་ཤེས་དང་ལྡན་ན་ཕམ་པར་འགྱུར་རོ། །མི་ལ་ཡིད་གཉིས་

དང་ལྡན་ན་ཕམ་པར་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་དང་ལྡན་པ་དང་མི་མ་ཡིན་པ་ལ་ཡིད་གཉིས་དང་ལྡན་ན་དམན་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །བརྫུན་ཞེས་བྱ་བ་ནི་དོན་གྱིས་སྟོང་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱིས་གོ་ན་ནི་ཞེས་

བྱ་བ་ནི་གལ་ཏེ་མི་གཞན་དེས་ཚིག་གི་དོན་ཁོང་དུ་ཆུད་པ་ཡིན་ཏེ། གཞན་དེས་གོ་བར་གྱུར་ན་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་འདུལ་བྱེད་ལས། དགེ་སློང་གིས་ཁྱིམ་པ་ལ་མེད་ཅིང་མི་བདོག་པའི་མིའི་ཆོས་བླ་མ་སྨྲས་པ་ལས། དེས་དེ་མ་བསམས་པས་དེ་ཅི་ཟེར་

Vol. 166 · folio 131a

ཞེས་སྨྲས་པ་དང་། དེ་ཙམ་དུ་ཟད་ཅེས་སྨྲས་ནས་དེ་འགྱོད་པ་སྐྱེས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕམ་པའི་ལྟུང་བ་ནི་མེད་དེ། དམན་པ་སྦོམ་བོར་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །མངོན་པའི་ང་རྒྱལ་མ་གཏོགས་ཞེས་བྱ་

བ་ནི་མ་ཐོབ་པ་ཐོབ་པའི་འདུ་ཤེས་དང་ལྡན་པ་ཉིད་ནི་མངོན་པའི་ང་རྒྱལ་ཡིན་ཏེ། ཐོབ་པའི་འདུ་ཤེས་དང་ལྡན་པ་མ་གཏོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་འདུ་ཤེས་སྦས་ནས་ཞེས་འབྱུང་བ་ཡིན་ནོ། །དེ་ཞེས་བྱ་བ་ནི་དགེ་ཚུལ་ལོ། །བསྙིལ་ཞེས་བྱ་བ་ནི་དགར་བར་

བྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མིའི་ཆོས་བླ་མ་དེ་ཡང་གང་ཞེ་ན། བཤད་པ། བསམ་གཏན་ལ་སོགས་མངོན་ཤེས་འབྲས་བཅས་པའི། །ཡོན་ཏན་རྣམས་འདིར་མི་ཆོས་བླ་མར་བསྟན། །དེ་ཡི་རྗོད་པར་བྱེད་པ་རྣམ་མང་དག །ད་ནི་བཤད་པར་བྱ་ཡིས་མཉན་པར་

གྱིས། །བསམ་གཏན་རྣམས་དང་། གཟུགས་མེད་པ་རྣམས་དང་། མངོན་པར་ཤེས་པ་ལྷའི་རྣ་བ་ལ་སོགས་པ་རྣམས་དང་། ཡོན་ཏན་འབྲས་བུ་དང་བཅས་པ་རྣམས་ཡིན་ནོ། །དེ་ལ་འབྲས་བུ་ཞེས་བྱ་བ་ནི་དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་བཞི་པོ་དག་ཡིན་ནོ། །ཡོན་ཏན་རྣམས་

ནི་སོ་སོ་ཡང་དག་པར་རིག་པ་དང་། ཟིལ་གྱིས་ནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་ལ་སོགས་པ་རྣམས་སོ། །མིའི་ཆོས་ལས་བླ་མར་གྱུར་པ་དེ་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །མིའི་ཆོས་ཀྱང་ཆོས་འདུལ་བ་འདི་ལས་སྒྲིབ་པ་ལྔ་གསུངས་པ་དག་ཡིན་ནོ། །

བསམ་གཏན་ལ་སོགས་པ་དག་ནི་དེ་དག་ལས་བླ་མར་གྱུར་པ་ཡིན་ཏེ་སྒྲིབ་པ་ལྔ་སྤངས་པས་ཐོབ་པའི་ཕྱིར་རོ། །མིའི་ཆོས་བླ་མ་འདི་རྗོད་པར་བྱེད་པ་རྣམ་པ་དུ་མ་སྟེ། འདི་ལྟར་ཁ་ཅིག་ནི་འབྲས་བུ་ལས་སྟོན་པར་བྱེད་དོ། །ཁ་ཅིག་ནི་དངོས་སུའོ། །ཁ་ཅིག་ནི་དེའི་ཆོས་ཀྱིས་

སོ། །ཁ་ཅིག་ནི་ཡོངས་སུ་ཉམས་པ་བརྗོད་པས་སོ། །ཁ་ཅིག་ནི་གཞན་ལ་སྙད་བཏགས་པས་སོ། །ཁ་ཅིག་ནི་དོན་མཐུན་པ་སྟོན་པས་སོ། །ཁ་ཅིག་ནི་ཟུར་གྱིས་གླེང་བས་སོ། །ཁ་ཅིག་ནི་ཕྱི་མ་ཡང་དག་པས་སོ། །ཁ་ཅིག་ནི་ཅང་མི་སྨྲ་བར་དང་དུ་ལེན་པར་བྱེད་

Vol. 166 · folio 131b

པས་སོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་དག་གི་དཔེར་བརྗོད་པ་ཙམ་ཞིག་རབ་ཏུ་བསྟན་གྱི་ཉོན་ཅིག །དེ་ལ་རེ་ཞིག་འབྲས་བུ་ལས་ནི། ལྷ་ལ་སོགས་མཐོང་བདག་ལ་སོགས་ལྟ་བྱེད། །ཅེས་བྱ་བ་ནི་ལྷ་ལ་སོགས་པ་མཐོང་ངོ་། །ལྷ་ལ་སོགས་པ་ཡང་བདག་ལ་ལྟ་བར་བྱེད་

དོ་ཞེས་བྱ་བ་ཡིན་ཏེ། འདི་ག་ནི་འབྲས་བུ་ལས་བདག་བསམ་གཏན་ལ་སོགས་པ་ཐོབ་པ་ཉིད་དུ་བརྗོད་པ་ཡིན་ཏེ། བསམ་གཏན་ལ་སོགས་པ་མི་སྲིད་པ་ནི་ལྷ་ལ་སོགས་པ་ལྟ་བ་དང་། བསྙེན་བཀུར་བྱེད་པ་མི་སྲིད་པའི་ཕྱིར་རོ། །སྡུག་བསྔལ་ཉིད་ལ་སོགས་ཤེས་སོ། །ཞེས་

བྱ་བ་འདིས་ནི་དངོས་སུ་རྗོད་པར་བྱེད་པ་བསྟན་ཏོ། །འདིར་གཞུང་ནི། སྡུག་བསྔལ་དང་ཀུན་འབྱུང་དང་འགོག་པ་དང་ལམ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ཡིན་ཏེ། ཚིག་འདི་ནི་རྟོགས་པའི་རང་བཞིན་ཡིན་གྱི། ལུང་ནི་མ་ཡིན་ནོ། །དེའི་ཆོས་ཉིད་ཀྱང་། ཟག་པ་

ཟད་པའི་ཁྱད་པར་ངེས་རྣམས་དང་། །བདག་ཉིད་ལྡན་པར་རྗོད་པར་བྱེད་པ་ཡིན། །ཞེས་བྱ་བས་བསྟན་ཏེ། ཟག་པ་ཟད་པ་རྣམས་ཀྱི་ཁྱད་པར་དེས་པ་དེ་དག་དང་བདག་ཉིད་ལྡན་པ་ཉིད་དུ་རྗོད་པར་བྱེད་པ་ཡིན་ནོ། །དེ་ཡང་དཔེར་བརྗོད་ན། དེར་དགྲ་བཅོམ་གང་ཡིན་སྟན་

བཀྲ་ལ་སོགས་དབང་། །དེར་ནི་ཁོ་བོ་འང་དབང་ངོ་གཞན་མ་ཡིན། །ཞེས་བྱ་བ་ཡིན་ཏེ། འདིར་གཞུང་ནི་དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་དག་ཏུ་མགྲོན་དུ་བོས་ནས་ཟས་ཟ་བར་བྱེད་ཅིང་། དེར་སྟན་ཁྲ་བོ་དང་ཆུང་ཟད་བཀྲ་བ་དག་ཀྱང་བཏིང་སྟེ། དེ་ན་དགེ་སློང་གང་ཞེས་བྱ་བ་ནས།

དགྲ་བཅོམ་པ་མ་ཡིན་པ་དེ་སྟན་ཁྲ་བོ་དང་ཅུང་ཟད་བཀྲ་བ་དབང་ངོ་། །ཁོ་བོ་ཡང་དེར་མགྲོན་དུ་བོས་ཏེ་ཟས་ཟའོ། །ཁོ་བོ་ཡང་དེར་སྟན་ཁྲ་བོ་དང་ཅུང་ཟད་བཀྲ་བ་དབང་ངོ་ཞེ་ན། ཕམ་པར་འགྱུར་རོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །ཡོངས་སུ་ཉམས་པའི་དབང་དུ་བྱས་ནས། ཁྱད་པར་ཐོབ་ལས་

ཡོངས་སུ་ཉམས་སྨྲ་ཡིན། །ཞེས་བྱ་བས་བསྟན་པ་ཡིན་ནོ། །ཡོངས་སུ་ཉམས་པ་ནི་རྣམ་པ་གཉིས་ཏེ། ཐོབ་པ་ལས་ཡོངས་སུ་ཉམས་པ་དང་། མ་ཐོབ་པ་ལས་ཡོངས་སུ་ཉམས་པའོ། །དེ་ལ་མ་ཐོབ་པ་ལས་ཡོངས་སུ་ཉམས་པ་ལས་ནི་ཆུང་བ་ཉིད་དུ་འོག་ནས་འབྱུང་ངོ་། །དེའི་ཕྱིར་

Vol. 166 · folio 132a

ཁྱད་པར་ཐོབ་པ་ལས་ཞེས་ཁྱད་པར་དུ་དབྱེའོ། །དེའི་དཔེར་བརྗོད་པ་ནི། བདག་ནི་དགེ་སྦྱོང་ཚུལ་གྱི་ལམ་ཉམས་ཡིན། །ཞེས་བྱ་བ་ཡིན་ཏེ། བདག་ནི་ཟག་པ་མེད་པའི་ལམ་ལས་ཡོངས་སུ་ཉམས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །དེ་ལྟར་བླ་མ་བརྗོད་ཚིག་

སྦྱོར་བ་ལས། །དངོས་གཞིས་བཅོམ་ཞིང་སེམས་ཅན་དམྱལ་མྱོང་འགྱུར། །དེ་ལྟར་ན་མིའི་ཆོས་བླ་མ་སྟོན་པའི་ཚིག་གི་སྦྱོར་བ་ལས་མཐར་འགྱུར་བའི་ལྟུང་བས་ངེས་པར་བཅོམ་ཞིང་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར་རོ། །ཕྱག་དར་ཁྲོད་ཀྱི་འདྲེ་དང་རྒྱུ་མཚན་ནི། །རང་གི་མཚན་ཉིད་

འཛིན་ལ་ལྟུང་བ་ཆུང་། །འདྲེ་ཕལ་པ་དག་ནི་ལྟུང་བ་ཆུང་བ་ཡིན་ནོ། །ཞི་གནས་ཀྱི་རྒྱུ་མཚན་རང་གི་མཚན་ཉིད་འཛིན་པ་ལ་ཡང་འདིར་སེམས་རྩེ་གཅིག་པ་ལ་ཕྱོགས་པ་ཙམ་ཡིན་གྱི་ཡོངས་སུ་རྫོགས་པ་ནི་མ་ཡིན་ནོ། །གཞན་ལ་སྙད་བཏགས་ནས་བརྗོད་པའི་དབང་དུ་བྱས་ནས། དཔེར་ན་བརྟུལ་ཞུགས་

ཅན་གང་ལྷ་སྒྲ་ཐོས། །ཡོད་ཅེས་གཞན་ལ་སྙད་བཏགས་ཟེར་བའང་ཡིན། །ང་ཡིན་ཚིག་མ་ཚང་བས་དེ་ཆུང་ལ། །ང་ཡིན་ཚིག་འབྱུང་བས་ནི་དངོས་གཞིར་འགྱུར། །རང་ལ་བསམས་ནས་དཔེར་ན་དགེ་སློང་གང་ཞིག་ལྷ་རྣམས་ཀྱི་སྒྲ་ཐོས་པ་དེ་ཡོད་དོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་གཞན་ལ་སྙད་བཏགས་ནས་

ཟེར་བ། དེ་ནི་ང་ཡིན་ནོ་ཞེས་དེ་སྐད་མི་ཟེར་ན་དེའི་ཚེ་ཆུང་བ་ཡིན་ནོ། །ང་ཡིན་ནོ་ཞེས་ཟེར་ན་ནི་ཕམ་པ་ཁོ་ན་ཡིན་ནོ། །གལ་ཏེ་འདིར་གང་ལ་བསམས་པ་ཡོད་དུ་ཟིན་ཀྱང་འོན་ཀྱང་གཞན་ལ་སྙད་བཏགས་པའི་ཕྱིར་ཆུང་བ་ཡིན་ནོ། །ཚིག་གི་རང་བཞིན་གྱིས་རང་དང་གཞན་ལ་སྙད་བཏགས་པ་ལས་ནི་རྣམ་པར་གཞག་

པ་ཡིན་གྱི། བསམས་པ་ལས་ནི་མ་ཡིན་ནོ། །དེ་ལྟར་ཡང་འདིར་གཞུང་ནི་ང་ཡིན་ནོ་ཞེས་དེ་སྐད་མི་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །གཞན་ལ་སྙད་བཏགས་པའི་རྣམ་པ་གཞན་དག་ལ་ཡང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱ་སྟེ། དཔེར་ན་ཞུས་པ་ལས་བཙུན་པ་དགེ་སློང་གིས་རང་ཉིད་ཀྱི་ཡི་གེར་

བྲིས་ནས། འདི་སྐད་ཅེས་ཡི་གེར་བྲིས་པ་འདི་ལས་ནི་ཁྱོད་ནི་རྒྱུན་དུ་ཞུགས་པ་ཡིན་ནོ་ཞེས་ཟེར་རོ་ཞེས་མཆི་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུའོ། །དོན་མཐུན་པ་སྟོན་པའི་དབང་དུ་མཛད་ནས། སྒྲ་མཐུན་བརྗོད་པ་ལས་ཀྱང་ཡིན་ཏེ་དཔེར། །ཀུན་དུ་

Vol. 166 · folio 132b

སྤྱོད་པས་བསམས་ནས་བདག་སློབ་པ་འམ། །ལམ་དུ་འདུག་ནས་བདག་ནི་ལམ་གནས་ཞེས། །ཟེར་བ་ལ་སོགས་དག་ལ་འང་དེ་དང་འདྲའོ། །ཞེས་བྱ་བས་བསྟན་ཏོ། །དོན་གང་དག་ལ་སྒྲ་མཐུན་པ་ཡོད་པའི་དོན་དེ་དག་ནི་སྒྲ་མཐུན་པ་དག་ཡིན་ནོ། །དོན་གྱི་སྒྲ་མཐུན་པ་དེ་དག་གིས་རང་ལས་བསམས་

ནས་ཟེར་ན་སྔ་མ་བཞིན་དུ་ལྟུང་བ་ཆུང་བར་རིག་པར་བྱའོ། །འདིར་དཔེར་བརྗོད་པ་ནི་བདག་ནི་སློབ་པ་ཡིན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པ་ལ་སོགས་པ་ལ་སློབ་པར་བྱེད་པའི་བསམ་པས་བདག་ནི་སློབ་པ་ཡིན་ནོ་ཞེས་ཟེར་ན་ལྟུང་བ་ཆུང་བ་ཡིན་ནོ། །ཀུན་དུ་སྤྱོད་པ་ནི་སློབ་པར་

བྱེད་པ་ཡིན་ནོ། །བསམ་པ་ནི་མནོས་པ་ཡིན་ནོ། །དེ་བཞིན་དུ་ལམ་དུ་འདུག་ནས་བདག་ནི་ལམ་ལ་གནས་པ་ཡིན་ནོ་ཞེས་ཟེར་བ་དང་། རྒྱུན་ལ་འདུག་ནས་བདག་ནི་རྒྱུན་དུ་ཞུགས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་ཟེར་ན་དེ་དང་འདྲ་བ་ཡིན་ནོ། །འདིར་གཞུང་ནི་ཞུས་པ་ལས། བདག་ནི་སློབ་པ་ཡིན་ནོ་ཞེས་མཆི་ན་

ཅིར་འགྱུར་ལགས། གལ་ཏེ་སོ་སོར་ཐར་པའི་སྡོམ་པ་ལས་བསམས་ནས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་མེད་བཞིན་དུ་སློབ་པའི་ཆོས་ལུང་སྟོན་པར་བྱེད་ན་མཐར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་དང་དེ་བཞིན་དུ་བཙུན་པ་དགེ་སློང་གིས་འདི་སྐད་ཅེས་བདག་ནི་ཀུན་ཏུ་སྦྱོར་བ་དང་། འཆིང་བ་དང་།

ཕྲ་རྒྱས་དང་། ཉེ་བའི་ཉོན་མོངས་པ་རྣམས་ལས་གྲོལ་བ་ཡིན་ནོ་ཞེས་མཆི་ན་ཅིར་འགྱུར་ལགས། །གལ་ཏེ་ཀུན་དུ་སྦྱོར་བ་དང་། འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉོན་མོངས་པ་དང་། ཀུན་ནས་དཀྲིས་པ། འདས་པ། ཟད་པ། འགགས་པ། བྲལ་བ་རྣམ་པར་གྱུར་པ་གང་དག་ཡིན་པ་དེ་ལས་

བསམས་ནས་བདག་ནི་དེ་དག་ལས་གྲོལ་བ་ཡིན་ནོ་ཞེས་དེ་སྐད་ཅེས་ཟེར་ན་དམན་པ་སྦོམ་པོར་འགྱུར་རོ། །འོན་ཏེ་ཀུན་དུ་སྦྱོར་བ་ལ་སོགས་པ་མེད་པ་ལས་བསམས་ནས་ལུང་སྟོན་པར་བྱེད་ན་མཐར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །ཟུར་གྱིས་གླེང་པའི་དབང་དུ་བྱས་ནས། མ་ལ་ཀྱེ་མ་ཁྱོད་

ཀྱང་ང་འདྲ་ན། །འོ་ན་ཕྱིར་མི་འོང་བའི་འབྲས་ལྡན་ཡིན། །ད་ལྟར་ང་ནི་དེ་ལྟར་འཕགས་མིན་ཞེས། །ཟུར་གྱིས་གླེང་བས་བརྗོད་པ་ལས་ནི་ཆུང་། །ཟུར་གྱིས་གླེང་བ་བརྗོད་པ་ལས་ཀྱང་ཆུང་བ་ཡིན་ནོ། །འདིར་གཞུང་ནི། མ་ལ་ཀྱེ་མ་ཁྱོད་ཀྱང་ཅི་འདྲ་བ་དེ་འདྲ་བར་གྱུར་ན་ང་དང་ཁྱོད་ཀྱང་འདྲ་

Vol. 166 · folio 133a

བ་ཡིན་པས་དེ་ལྟར་ན་བདག་ཅག་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་པ་ཞིག་ན་ང་ནི་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དུ་ཡང་མ་ཡིན་ན་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་།

དགྲ་བཅོམ་པ་ཡིན་ནོ་ཞེས་དེ་སྐད་ཟེར་བ་སུ་ཡིན་ཞེས་འབྱུང་བ་ཡིན་ནོ། །གཞན་ཡང་། ཁོ་བོས་དེང་འདིར་བསམ་གཏན་སྙོམས་མ་ཞུགས། །དེ་བཞིན་ཁར་སང་མིན་དེ་ལས་ཕར་མིན། །ཞེས་བྱ་བ་ཡང་ཡིན་ཏེ། འདིར་གཞུང་ནི། བཙུན་པ་དགེ་སློང་གིས་འདི་སྐད་ཅེས་བདག་གིས་དེ་རིང་

འཇིག་རྟེན་པའི་བསམ་གཏན་ལ་སྙོམས་པར་མ་ཞུགས་ཤིང་ཁར་སང་ཡང་མ་ཡིན། དེ་ཕན་ཆད་ཀྱང་ནམ་ཡང་མ་ཡིན་ནོ་ཞེས་མཆི་ན་ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །ཕྱི་མ་ཡང་དག་པ་ལ་དཔེར་བརྗོད་པ་ནི། ཁྱིམ་འདི་གང་གི་ཡིན་པ་དེ་ཆགས་བྲལ། །དེ་

ཉིད་ངའི་ཡིན་ང་ནི་ཆགས་བྲལ་མིན། །ཞེས་བྱ་བས་བསྟན་ཏེ། འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་འདི་སྐད་ཅེས་ཁྱིམ་ག་གེ་མོ་ཞིག་དགེ་སློང་གང་གི་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་ནོ། །ཁྱིམ་དེ་ནི་ངའི་

ཡང་ཡིན་ཏེ། ང་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡང་མ་ཡིན་ནོ་ཞེས་མཆི་ན་ཅིར་འགྱུར་ལགས། བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །འདིར་ནི་ཁྱིམ་འདི་གང་གི་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པ་ཡིན་ཞེས་

བྱ་བ་ལ་སོགས་པ་ཚིག་སྔར་སྨོས་པ་ལས། ང་ནི་འདོད་ཆགས་དང་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཚིག་ཕྱི་མ་ཡང་དག་པ་བདེན་པ་ཡིན་ན་དེའི་སྔ་མ་སྦྱོར་བ་ལས་ཀྱང་ཆུང་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་ཚིག་སྐྱོན་ཅན་དང་སྐྱོན་མེད་པ་འབྲེལ་པ་ལས་ནི་སྐྱོན་ཅན་མ་

ཡིན་པར་མི་འགྱུར་ཏེ། དུག་དང་འདྲེས་པའི་ཆུ་བཞིན་ནོ། །ཅང་མི་སྨྲ་བས་དང་དུ་ལེན་པའི་དབང་དུ་བྱས་ནས། བཙུན་པ་གལ་ཏེ་དགྲ་བཅོམ་བདག་གི་ཟས། །བཞེས་ཤིག་ཟེར་དེས་དེ་བཞིན་མི་སྨྲ་ལེན། །གཞན་གྱི་ཟག་པ་ཟད་དམ་ཞེས་དྲིས་ན། །མི་སྨྲའི་རྣམ་པས་དང་དུ་ལེན་བྱེད་ཡིན། །ཞེས་

Vol. 166 · folio 133b

བྱ་བས་བསྟན་ཏོ། །འདུལ་བྱེད་ལས། བཙུན་པ་གལ་ཏེ་དགྲ་བཅོམ་པ་ཞིག་ན་བདག་གི་བསོད་སྙོམས་བཞེས་ཤིག་ཅེས་ཟེར་བ་ལས་ཅང་མི་སྨྲ་བས་དང་དུ་ལེན་པར་བྱེད་ན་དམན་པ་སྦོམ་པོར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །ཤེས་ལྡན་ཟག་པ་ཟད་དམ་ཞེས་དྲིས་པ་ལས་ཅང་མི་སྨྲ་བས་དང་དུ་ལེན་པར་

བྱེད་པ་ཡང་ཡིན་ནོ། །དང་དུ་ལེན་པ་ཡང་འདིར་ཡིད་ལ་འཇོག་པ་ཡིན་ནོ། །འདིར་གཞུང་ནི། བཙུན་པ་དགྲ་བཅོམ་པ་ནི་གོས་དང་བསོད་སྙོམས་དང་མལ་སྟན་དང་ནད་ཀྱི་གསོས་སྨན་དང་ཡོ་བྱད་ཀྱི་ཕུད་དབང་ངོ་ཞེས་ཟེར་བ་ལ་ཅང་མི་སྨྲ་བས་དང་དུ་ལེན་པར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་

འབྱུང་བ་ཡིན་ནོ། །ཅང་མི་སྨྲ་བ་ཞེས་བྱ་བ་ནི་འདིར་རྣམ་པར་རིག་བྱེད་ཀྱི་རྣམ་པ་ཉིད་དུ་གྲུབ་པ་ཡིན་ནོ། །དེ་ལྟ་བས་ན་ལྟུང་བ་ཆུང་བ་ཞེས་བྱའོ། །འདིར་ཐམས་ཅད་དུ་ཡང་ཕ་རོལ་ལ་གོ་ན་ཆུང་བར་བལྟ་བར་བྱའོ། །གཞན་དུ་ན་ཆུང་བ་བས་ཀྱང་ཆུང་བར་འགྱུར་རོ། །དེ་ལྟར་བླ་མ་བརྗོད་བློས་བརྫུན་པ་བསྟན། །ད་ནི་

བརྫུན་དུ་སྨྲ་བ་གཞན་ཉོན་ཅིག །དེ་ལྟར་མིའི་ཆོས་བླ་མ་བརྗོད་པའི་འདུན་པས་བརྫུན་དུ་སྨྲ་བ་སྡོམ་པ་གཅོད་པར་བྱེད་པ་བསྟན་ཏོ། །འདིར་ནི་བཤགས་པར་འགྱུར་བའི་བརྫུན་དུ་སྨྲ་བ་གཞན་ཉོན་ཅིག་དང་བཤད་པར་བྱའོ། །གང་ལས་གཞན་པའི་འདུ་ཤེས་ཉིད་སྒྲའི་དོན། །གོ་བའི་མི་ལ་སྨྲས་པ་དེ་བརྫུན་

ཡིན། །ཞེས་བྱ་བ་ནི་གལ་ཏེ་དོན་གང་ཞིག་སྨྲ་བར་བྱ་བ་དེ་ལས་གཞན་པའི་འདུ་ཤེས་དང་ལྡན་པ་ཡིན་ཞིང་སྐྱེས་བུ་གང་གི་ཆེད་དུ་བྱས་ནས་སྨྲ་བར་བྱ་བ་དེ་ཡང་གལ་ཏེ་དོན་དེ་གོ་བར་ནུས་པ་ཞིག་ཡིན་ལ་དེ་ལ་དེ་སྨྲས་ན་བརྫུན་དུ་སྨྲ་བ་ཡིན་ནོ། །གོ་བར་མི་ནུས་ན་ཅིར་འགྱུར་ཞེ་ན། ལྟུང་བ་ཆུང་ངུར་འགྱུར་རོ། །ཉིད་

ཅེས་བྱ་བ་ངེས་པར་གཟུང་བ་ནི་གལ་ཏེ་དོན་གང་སྨྲ་བར་བྱ་བ་དེ་ལས་གཞན་དུ་འདུ་ཤེས་དང་ལྡན་པས་སྨྲས་པ་ཡིན་ན་དེ་བརྫུན་དུ་སྨྲ་བ་ཡིན་གྱི། འཁྲུལ་པས་གཞན་སྨྲ་བར་བྱའོ་སྙམ་པ་ལས་གཞན་སྨྲས་ན་ནི་མ་ཡིན་ནོ་ཞེས་ཉེ་བར་བསྟན་པའི་ཕྱིར་རོ། །ཇི་སྟེ་འོ་ན་བརྫུན་ཞེས་བྱ་བར་རྣམ་པར་གཞག་པ་དེ་ཚིག་ཡིན་

ན་དེའི་ཕྱིར་ལུས་ཀྱིས་གཞན་དུ་དོན་གོ་བར་བྱེད་ན་ལྟུང་བ་མེད་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། འདི་ལྟར། བརྫུན་ཞེས་བྱ་བའི་ཚུལ་དེ་ཚིག་ཡིན་ཡང་། །ངག་གི་གོ་འགྱུར་གལ་ཏེ་ལུས་ཀྱིས་ཀྱང་། །གོ་བྱེད་ཉེས་བྱས་ཉིད་དེ་འོན་ཀྱང་ཆུང་། །འདི་ལྟར་འདིར་ནི་ཚིག་འཇུག་མེད་པས་སོ། །གལ་ཏེ་བརྫུན་ཞེས་བྱ་བར་

Vol. 166 · folio 134a

རྣམ་པར་གཞག་པ་དེ་ཚིག་ཡིན་ཡང་འོན་ཀྱང་ཚིག་གིས་གོ་བར་འགྱུར་བའི་དོན་ལུས་ཀྱིས་གོ་བར་བྱེད་པའི་ཕྱིར་ཉེས་བྱས་ཀྱི་ལྟུང་བ་ཉིད་ཡིན་ནོ། །འོན་ཀྱང་དེ་ནི་ཆུང་བ་ཡིན་ཏེ། འདི་ལྟར་འདིར་ནི་ངག་འཇུག་པ་མེད་པས་སོ། །བརྫུན་གྱི་ལྟུང་བའི་རྟེན་ནི་ཚིག་ཡིན་པར་རྣམ་པར་གཞག་

པ་ཡིན་ནོ། །འདིར་གཞུང་ནི་ཞུས་པ་ལས། དགེ་སློང་གིས་མཐོང་བ་ལས་ཐོས་སོ་ཞེས་ཟེར་ན་ལྟུང་བྱེད་དུ་འགྱུར་རོ། །ལུས་ཀྱིས་དོན་དེ་གོ་བར་བྱེད་ཅིང་ངག་གིས་མི་སྨྲ་ན་ཉེས་བྱས་སོ་ཞེས་འབྱུང་བ་ཡིན་ནོ། །དེ་ལྟ་བས་ན་མཐོང་བ་དང་། ཐོས་པ་དང་། དོགས་པ་དག་ལ་ཡང་དེ་བཞིན་དུ་སྨྲ་བར་བྱའོ། །དེ་དག་

གི་མཚན་ཉིད་ཀྱང་ཅི་ཞིག་ཡིན་ཞེ་ན། །རང་གིས་རིག་པ་གང་ཡིན་མཐོང་བ་ཡིན། །ཡིད་ཆེས་ལས་ཐོས་གང་ཡིན་ཐོས་པ་ཡིན། །རྟགས་མ་ངེས་པར་འཛིན་པ་དོགས་པ་ཡིན། །གཞི་འདི་དག་གིས་སྨྲ་ན་ཉེས་པ་མེད། །དེ་ལ་རང་གི་གཞི་གང་ཞིག་མངོན་སུམ་མམ་རྗེས་སུ་དཔག་པས་ཡོངས་སུ་ཤེས་པ་དེ་ནི་

མཐོང་བ་ཞེས་བྱའོ། །ཡིད་ཆེས་པ་སྟེ་མི་སླུ་བ་ལས་རྟོགས་པ་གང་ཡིན་པ་དེ་ནི་ཐོས་པ་ཡིན་ནོ། །རྟགས་མ་ངེས་པ་མཐོང་བ་ནི་དོགས་པ་ཡིན་ཏེ། འདི་ལྟར་ནགས་ཐིབས་པོ་དེར་བུད་མེད་ཞུགས་པ་ཡིན་པ་འམ་ཆང་ཡང་འགྲིབ་པ་ནས་དགེ་སློང་ཡང་དེ་ལས་བྱུང་བ་ལ་སོགས་པའི་བར་ནི་དོགས་པ་ཡིན་པར་

བསྟན་ཏོ། །དེ་ལྟ་བས་ན་གསུམ་པོ་འདི་དག་ནི་འདུལ་བ་ལས་ཐ་སྙད་གདགས་པའི་གཞི་ཡིན་ནོ། །གཞི་མེད་པར་དངོས་པོ་སྨྲ་བར་བྱེད་ན་བརྫུན་གྱི་ལྟུང་བར་འགྱུར་རོ། །དེ་ལ་ཡང་སྐུར་པ་འདེབས་པའི་ངོ་བོ་ནི་ཁ་ན་མ་ཐོ་བ་ཆེན་པོར་འགྱུར་རོ། །དེ་ལྟར་ཡང་འདུལ་བ་གཅིག་ནས་འཕྲོས་པ་

ལས་གང་ཟག་ལས་ཀུན་དུ་འབྱུང་བའི་ལྟུང་བ་གཅིག་ནི་ཐམས་ཅད་ལས་ཁ་ན་མ་ཐོ་བ་ཆེན་པོ་ཡིན་ཏེ། ཡང་དག་པ་མ་ཡིན་པས་སྐུར་པ་འདེབས་པ་ཞེས་འབྱུང་བ་ཡིན་ནོ། །གཞན་ཡང་། གཞན་གྱིས་གང་དྲིས་དེ་ཉིད་བརྗོད་པར་བྱའི། །གཙེ་བར་འདོད་པས་གཞན་དང་གཞན་མ་ཡིན། །གལ་ཏེ་

གཤེད་མས་གསད་བྱ་བྲོས་པ་ན། །འདྲི་ན་དེ་ཚེ་དེ་ལ་འདི་སྐད་བརྗོད། །གཞན་གྱིས་གང་ཁོ་ན་དྲིས་པ་དེ་ཁོ་ན་བརྗོད་པར་བྱའི། མཐོ་བཙམས་པའི་བསམས་པས་གཞན་དང་གཞན་དུ་འཕྲོས་པར་མི་བྱའོ། །འོན་ཏེ་གཤེད་མ་དག་གིས་གསད་པར་བྱ་བ་བྲོས་པ་ན་མི་ཞིག་ལམ་འདི་ནས་སོང་ངམ་

Vol. 166 · folio 134b

མ་སོང་ཞེས་འདྲི་ན་དེ་ལ་འདི་སྐད་ཅེས་བརྗོད་བར་བྱའོ། །ཚུར་ཤོག་སེན་མོའམ་གནམ་མཐོང་ཡང་དག་ཏུ། །ཁྱོད་ཀྱི་ལུས་ཅན་དག་ནི་མ་མཐོང་ངོ་། །གནོད་པར་གྱུར་པ་རྣམས་ལ་ཡོངས་སྲུང་ཕྱིར། །དེ་སོགས་བརྣག་པས་སྨྲ་ན་ཉེས་པ་མེད། །དེ་ལྟ་བུ་ལ་སོགས་པའི་ཤན་བསྟན་པ་དག་གིས་

གནོད་པར་འགྱུར་བ་རྣམས་ལས་ཡོངས་སུ་བསྐྱབ་པའི་ཕྱིར་གཞན་དང་གཞན་དུ་འཕྲོས་པར་བྱེད་ན་ཉེས་པ་མེད་དོ། །བརྫུན་སྨྲར་གཏོགས་པའི་རབ་ཏུ་དབྱེ་བ་བསྟེན། །ད་ནི་བརྫུན་སྨྲའི་ཕྱོགས་དང་མཐུན་པ་བརྗོད། །དེ་ལྟར་བརྫུན་དུ་སྨྲ་བར་གཏོགས་པའི་དབྱེ་བ་བསྟན་ཏོ། །ད་ནི་བརྫུན་དུ་སྨྲ་བའི་

ཕྱོགས་དང་མཐུན་པ་བརྗོད་པར་བྱ་སྟེ། དེ་དག་ཀྱང་ལན་མི་འདེབས་པ་ལ་སོགས་པ་ཡིན་པར་བལྟ་བར་བྱའོ། །དེའི་ཕྱིར། དྲིས་ན་ཆོས་དང་ལྡན་པས་ལན་གདབ་བྱའི། །གཙེ་ཕྱིར་མི་སྨྲ་བར་ནི་འདུག་མི་བྱ། །དྲིས་ན་ཆོས་བཞིན་ལན་གདབ་པར་བྱའི། ཐོ་འཚམས་པའི་ཕྱིར་མི་སྨྲ་བར་འདུག་པར་མི་

བྱའོ། །བླ་མ་མཁན་པོ་མི་ཡི་དབང་ཕྱུག་དང་། །སངས་རྒྱས་དགེ་འདུན་གནས་བརྟན་དག་གི་བཀའ། །བརྟགས་ནས་རིག་པ་ཉིད་དོན་ཚིག་བཞིན་བྱ། །གལ་ཏེ་ཆོས་བཞིན་མིན་ན་བརྡ་སྤྲད་བྱ། །བླ་མ་ནི་སློབ་དཔོན་ཡིན་ནོ། །མཁན་པོ་ནི་རང་གི་སྒྲས་བསྟན་པའི་ཕྱིར་ཏེ། རྒྱལ་པོ་དང་། སྟོན་

པ་དང་། དགེ་འདུན་གྱི་གནས་བརྟན་དང་། ལྔ་པོ་དེ་དག་གི་བཀའ་ཆོས་དང་ལྡན་པ་ལ་མི་མཐུན་པར་མི་བྱའོ། །གལ་ཏེ་ཆོས་དང་ལྡན་པ་མ་ཡིན་ན་དེའི་ཚེ་བདག་ལ་མི་རུང་ངོ་ཞེས་བྱ་བ་ལ་སོགས་པ་ཆོས་དང་ལྡན་པའི་བརྡ་སྤྲད་པར་བྱའོ། །རིགས་པ་ཉིད་ན་བྱ་བའི་ཉིད་ཅེས་བྱ་བ་ཅིར་དགོས་ཤེ་ན། གལ་

ཏེ་མཁན་པོ་དང་སློབ་དཔོན་གྱི་བཀའ་བསྒོ་བ་ཆོས་དང་ལྡན་པ་མ་ཡིན་པ་ནོད་པར་མི་བྱེད་ན་དེའི་ཚེ་བཀའ་ལས་འདས་ན་ཡང་ཉེས་པ་མེད་དོ་ཞེས་བསྟན་པའི་ཕྱིར་རོ། །ཇི་སྐད་དུ་འདུལ་བ་གཅིག་ནས་འཕྲོས་པ་ལས་གང་ཞིག་མཁན་པོ་དང་སློབ་དཔོན་གྱིས་ཆོས་ཀྱིས་སྡུད་པར་བྱེད་པ་ལ་ཟང་ཟིང་གིས་མ་ཡིན་ན་

དེ་ལྟ་བུ་དག་ལ་སོ་སོར་བརྟགས་ནས་གནས་པར་བྱའོ། །གང་ཞིག་ཟང་ཟིང་གིས་ནི་སྡུད་པར་བྱེད་ལ་ཆོས་ཀྱིས་ནི་མ་ཡིན་ན་དེ་ལྟ་བུ་ལ་སོ་སོར་བརྟགས་ནས་འགྲོ་བར་བྱའོ། །གང་ཞིག་མཁན་པོ་དང་སློབ་དཔོན་གྱིས་ཆོས་དང་ཟང་ཟིང་གིས་སྡུད་པར་བྱེད་ན་དེ་ལ་ཇི་སྲིད་འཚོའི་བར་དུ་བསྐྲད་ཀྱང་འདུག་པར་

Vol. 166 · folio 135a

བྱའོ། །གང་ཞིག་ཆོས་ཀྱིས་ཀྱང་མ་ཡིན་ལ་ཟང་ཟིང་གིས་ཀྱང་སྡུད་པར་མི་བྱེད་ན་དེ་ལྟ་བུ་ལ་བཟློག་ཏུ་ཟིན་ཀྱང་ལྟ་ཡང་མི་ལྟ་བར་འགྲོ་བར་བྱའོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །རང་ངམ་གཞན་ནམ་གཉིས་ཀས་སྐྱེ་བོ་ལ། །འདྲེ་སྐད་མི་སྙན་པ་དག་མི་བྱའོ། །མི་སྡུག་མཆེ་

བ་གཙིགས་པའི་སྐད་དག་གིས། །གལ་ཏེ་ཕན་ཕྱིར་བྱེད་ན་ཉེས་པ་མེད། །བདག་ཉིད་དམ་གཞན་གྱིས་སྲོག་ཆགས་རྣམས་ལ་འདྲེ་ལ་སོགས་པའི་སྐད་མི་སྙན་པ་དག་གིས་འཇིགས་པ་དག་བསྐྱེད་པར་མི་བྱའོ། །གལ་ཏེ་ཕན་པའི་ཕྱིར་བཞིན་མི་སྡུག་པ་མཆེ་བ་གཙིགས་པ་བསྡིགས་པར་བྱེད་པ་ལ་ཟ་

བར་བྱེད་དོ་ཞེས་བྱ་བ་ལ་སོགས་པས་བསྡིགས་པ་དེའི་ཚེ་ཉེས་པ་མེད་དོ། །འདི་བསད་པའི་ཕྱོགས་དང་མཐུན་པ་ཡིན་ཡང་ཚིག་དང་འབྲེལ་པའི་ཕྱིར་འདིར་བཀོད་དོ། །ཡལ་གཟུགས་འཆའ་དང་མནའ་དང་མི་སྨྲར་བཅས། །དེ་བཀག་ཡིན་པས་ལམ་དུ་འགྲོ་བ་ན། །མི་སྨྲ་ཉིད་དམ་ཆོས་ཀྱི་གཏམ་

བྱ་ཡི། །བུད་མེད་སོགས་གཏམ་ཚུལ་མི་མཐུན་མི་བྱ། །ཡལ་གཟུགས་འཆའ་བ་དང་མནའ་དང་ཅང་མི་སྨྲ་བ་མི་བྱའོ། །ལམ་དུ་འགྲོ་བ་ན་ཅང་མི་སྨྲ་བས་ལམ་དུ་འཇུག་པར་བྱ་བ་འམ། འཁོར་བ་ལས་སྐྱོ་བ་དང་མཐུན་པའི་གཏམ་དག་བྱའི། བུད་མེད་ཀྱི་གཏམ་དང་དམག་གི་གཏམ་ལ་སོགས་པ་ནི་མི་བྱའོ། །

བུད་མེད་ཀྱི་གཏམ་འདོད་ཆགས་དང་བྲལ་བ་དང་མཐུན་པའི་ཆོས་ཀྱི་གཏམ་དུ་གཏོགས་པ་ཉིད་ཡིན་པས་དེའི་ཕྱིར་ཚུལ་དང་མི་མཐུན་ཞེས་བྱེ་བྲག་ཏུ་ཕྱེ་བ་ཡིན་ཏེ། འདིར་བྱུང་བ་ནི་གནོད་སྦྱིན་འཕྱ་བ་ཡིན་ནོ། །ངལ་སོས་གུས་པས་སངས་རྒྱས་ཚིགས་བཅད་གདོན། །མཚན་མོ་འདུག་ན་རྒྱུད་གསུམ་པ་ཡིན་ནོ། །

འོན་ཏེ་གཞན་གྱི་ལྷ་ཡི་གནས་དག་མཐོང་། །དེར་ནི་སེ་གོལ་གཏོགས་ཏེ་ཚིགས་བཅད་གདོན། །སྡོམ་བརྩོན་འགྲོན་ལམ་གྱི་ནང་དུ་ངལ་བསོས་ནས་གུས་པས་སངས་རྒྱས་ཀྱི་ཚིགས་བཅད་གདོན་ཏོ། །གང་དུ་མཚན་མོ་གནས་འཆའ་བར་བྱེད་ན་དེར་རྒྱུད་གསུམ་པ་གདོན་ཏོ། །ཕྲན་ཚེགས་ལས་གང་ལ་

རྒྱུད་གསུམ་པ་མེད་པ་དེས་ནི་གཙུག་ལག་ཁང་གི་ཚིགས་སུ་བཅད་པ་བཏོན་ནས་འགྲོ་བར་བྱའོ་ཞེས་འབྱུང་བ་ཡིན་ནོ། །དེ་ནི་ཕོངས་ན་བྱ་བ་ཡིན་པས་མདོར་མ་བྱས་སོ། །འོན་ཏེ་ཡང་ལམ་གྱི་བར་དུ་མུ་སྟེགས་ཅན་གྱི་ལྷའི་གནས་དག་མཐོང་ན་དེར་སེ་གོལ་གཏོགས་ཏེ། བདེ་བར་གཤེགས་པའི་ཚིགས་སུ་

Vol. 166 · folio 135b

བཅད་པ་གདོན་ཏོ། །གཞན་ཡང་། མཛའ་བོ་དབྱེ་དང་རྩུབ་པའི་ཚིག་དང་ནི། །སྐྱོན་ནས་སྨྲ་བ་ལ་སོགས་སྤང་བར་བྱ། །ཕྲ་མ་དང་ཚིག་རྩུབ་མོ་དང་། མིའི་སྐྱོན་ནས་སྨྲ་བ་ལ་སོགས་པ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །གལ་ཏེ་མཛའ་བོ་དབྱེ་བར་འགྱུར་བ་ཕྱོགས་དང་མཐུན་པ་ཡིན་ན་འོ་ན་ཇི་ལྟར་དགེ་

ཚུལ་ལ་ཕྲ་མ་བྱེད་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ་ཞེས་གསུངས་ཤེ་ན། །བཤད་པ། འདུལ་བར་དབེན་འདི་ཉེས་བྱས་གང་གསུངས་པ། །དེ་ནི་ཡིད་ཀྱིས་ཉེས་བྱས་ཡིན་གཞན་མིན། །ཉེས་བྱས་དེ་ནི་ཡིད་ཀྱི་བྱ་བ་ཉིད་ལས་དགོངས་པའི་ཕྱིར་ཉེས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྟེ་འདི་ག་ལས་

ཤེ་ན། དགེ་ཚུལ་གྱི་སྡོམ་པ་ནི་སྤོང་བ་བཞིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་དུ་ཕྲ་མ་དང་ཚིག་རྩུབ་པོ་དང་ཚིག་འཁྱལ་པ་གསུམ་བཅུག་ནས་དགེ་སློང་གི་སྡོམ་པ་སྤོང་བ་བདུན་གྱི་མཚན་ཉིད་ཡིན་པས་སོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ལས་བསླབ་པའི་གཞི་བཞི་པ་རྫོགས་སྷོ།། །།

འབྲས་བུ་ལ་སོགས་ཁུ་བ་བཅོས་པ་ནི། །བཅོས་ཆང་རྒུན་ཆང་བུ་རམ་ཤིང་འདྲར་བསྟན། །ཆན་བཏགས་མནན་པ་བྱས་པ་སྦྱར་བའི་ཆང་། །མྱོས་འགྱུར་རྩྭ་མཆོག་གིས་ཀྱང་མི་བཏུང་ངོ་། །དེ་ལ་བཅོས་ཆང་ཞེས་བྱ་བ་འདི་ལྟ་སྟེ། རྒུན་འབྲུའི་ཁུ་བ་ལས་བྱས་པའི་རྒུན་ཆང་དང་། བུ་རམ་

ཤིང་གི་ཁུ་བ་ལས་བྱས་པ་བུ་རམ་ཆང་ངོ་། །འདྲ་བ་སྨོས་པ་ནི་ན་ལི་ཀེ་ར་དང་མེ་ཏོག་ལ་སོགས་པའི་ཆང་བསྡུ་བའི་ཕྱིར་རོ། །སྦྱར་བའི་ཆང་ནི་འབྲུ་བཏགས་པ་མནན་པ་བྱས་པ་ཡིན་པར་རྟོགས་པར་བྱའོ། །དེ་བས་ན་མྱོས་པར་གྱུར་པ་འདི་གཉིས་ནི་རྩྭ་མཆོག་གིས་ཀྱང་བཏུང་བར་མི་བྱའོ་ཞེས་

བཀའ་སྩལ་ཏོ། །འོ་ན་སྦྱར་བའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བའི་ཁུ་བ་བག་མེད་པའི་གནས་སྤོང་ངོ་ཞེས་བྱ་བ་འདི་ལ་སྦྱར་བའི་ཆང་དང་བཅོས་པའི་ཆང་སྨོས་པ་ཅི་དགོས་ཤེ་ན། སྦྱར་བའི་ཆང་དང་བཅོས་ཆང་གཉིས་འདིར་བསྟན། །དེ་གོ་ཏྲ་བ་ལ་སོགས་བཟློག་ཕྱིར་རོ། །མྱོས་

འགྱུར་སྨོས་པ་མ་རེད་ཉམས་པ་ཡིན། །བག་མེད་མྱོས་བ་སྤོང་བའི་རྒྱུ་ཡིན་ནོ། །ཞེས་བྱ་བ་ལ་དང་ནི་བསྡུ་བ་ཡིན་ཏེ། སྦྱར་བའི་ཆང་དང་བཅོས་པའི་ཆང་ཞེས་བྱ་བའི་ཐ་ཚིག་གོ། །ཀོ་ཏྲ་བ་ལ་སོགས་པ་བཟློག་ཕྱིར་རོ། །ཞེས་བྱ་བ་ནི་ཇི་སྐད་དུ་ཆོས་མངོན་པ་མཛོད་ལས་གླ་གོར་ཞོ་ཤ་དང་

Vol. 166 · folio 136a

ཀོ་ཏྲ་བ་ལ་སོགས་པ་ཡང་མྱོས་བར་བྱེད་པ་ཡིན་པས་བཅོས་པའི་ཆང་དང་སྦྱར་བའི་ཆང་ཞེས་བྱ་བ་སྨོས་པ་ཡིན་ནོ་ཞེས་བསྟན་པ་ལྟ་བུའོ། །གལ་ཏེ་དེ་ལྟ་ཡིན་ན་མྱོས་པར་འགྱུར་བ་གླ་གོར་ཞོ་ཤ་དང་ཀོ་ཏྲ་བ་ལ་སོགས་པ་སྤྱད་པར་རུང་མོད་ཅེ་ན། མི་རུང་སྟེ། དེ་དག་ནི་ཁ་

ཟས་མི་འཕྲོད་པ་ཉིད་ཡིན་པས་བླངས་པའི་ཕྱོགས་དང་མཐུན་པ་ཉིད་ཡིན་ནོ་ཞེས་བཀག་པའི་ཕྱིར་རོ། །འདིར་མྱོས་པར་འགྱུར་བ་ལས་ལྡོག་པ་ནི་སེམས་འཁྲུལ་པའི་རྒྱུ་དག་ཁོ་ན་དགག་པར་བྱ་བ་ཡིན་པའི་ཕྱིར་རོ། །འདིས་ནི་མི་འཕྲོད་པ་ཁོ་ན་ནི་མ་བཀག་གོ། །དེ་ལྟར་ཡང་མྱོས་པར་

འགྱུར་བ་ཞེས་བྱ་བ་ནི་གང་ཞིག་སྤྱད་ན་བྱ་བ་དང་། མི་བྱ་བ་མི་ཤེས་པའོ་ཞེས་གསུངས་པ་ཡིན་ནོ། །གླ་གོར་ཞོ་ཤ་དང་གོ་ཏྲ་པ་ནི་དེ་ལྟ་ཡང་མ་ཡིན་ཏེ། སེམས་འཁྲུལ་པར་བྱེད་པ་དང་བྲལ་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་མྱོས་པར་འགྱུར་བ་ཚོད་ཟིན་པར་འཐུང་བ་ཡང་སེམས་འཁྲུལ་པ་དང་བྲལ་བའི་

ཕྱིར་ཉེས་པ་མེད་པར་འགྱུར་མོད་ཅེ་ན། དེ་ནི་མ་ཡིན་ཏེ། མྱོས་པར་འགྱུར་བའི་ཚོད་ཡོངས་སུ་མི་ཤེས་པའི་ཕྱིར་དང་། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་། དེའི་རིགས་དང་ལྡན་པ་ཉིད་ཡིན་པས་ཡོངས་སུ་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་བཀག་པ་ཡིན་ཏེ།

བཅོམ་ལྡན་འདས་ཀྱིས་དགེ་སློང་དག་སྟོན་པ་ང་ལ་ལུང་ནོད་པ་རྣམས་ཀྱིས་མྱོས་པར་འགྱུར་བའི་ཁུ་བ་ཐ་ན་རྩྭ་མཆོག་གིས་ཀྱང་མི་སྦྱིན་ཞིང་མི་བཏུང་ངོ་ཞེས་གསུངས་པ་ཡིན་ནོ། །མྱོས་པར་འགྱུར་བའི་ཁུ་བ་སྨོས་པ་ཅི་དགོས་ཤེ་ན་མྱོས་འགྱུར་སྨོས་པ་མ་རེད་ཉམས་པ་བཟློག་པའི་ཕྱིར་ཡིན་

ནོ་ཞེས་བྱ་བར་སྦྱར་རོ། །དེ་བས་ན་སྦྱར་བའི་ཆང་དང་བཅོས་པའི་ཆང་ཇི་སྲིད་དུ་མྱོས་པར་འགྱུར་བའི་དངོས་པོར་མ་རེད་པའམ་རེད་ནས་ཀྱང་གང་གི་ཚེ་སྐྱུར་པོར་རེད་པ་དེའི་ཚེ་བཏུང་བར་བྱ་བ་ཉིད་ཡིན་ཏེ། དེ་ཡང་བཏུང་བའི་ཚིག་ལེའུར་བྱས་པ་གཞན་ལས་སྟོན་པར་འགྱུར་རོ། །བག་མེད་

པའི་གནས་སྤོང་བ་ཅི་དགོས་ཤེ་ན། བཤད་པ་བག་མེད་སྨོས་པ་སྤོང་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་གང་གི་ཕྱིར་བག་མེད་པའི་གནས་མྱོས་པར་འགྱུར་བའི་ཁུ་བ་འཐུང་བ་དེའི་ཕྱིར་སྤང་བར་བྱས་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་བདུན་པ། དེ་ནི་

Vol. 166 · folio 136b

ལྟུང་བའི་རྣམ་པར་དབྱེ་བ་བཤད་པར་བྱ་སྟེ། གང་ཞིག་མྱོས་འདུ་ཤེས་པས་མྱོས་འཐུང་བ། །འཐུངས་ལ་མྱོས་ན་ཉེས་བྱས་ཉིད་ཡིན་ནོ། །ནུར་རྩི་དང་ནི་སྦང་མ་ཟ་བ་ལས། །དེ་དང་འདྲ་བར་ཉེས་བྱས་རྡོ་རྗེས་འཇོམས། །དགེ་ཚུལ་གང་ཞིག་མྱོས་པར་འགྱུར་བའི་འདུ་ཤེས་དང་ལྡན་པས་མྱོས་

པར་འགྱུར་བའི་ཁུ་བ་འཐུངས་ལ་དེ་མྱོས་པར་གྱུར་ན་ཉེས་བྱས་ཀྱི་ཁ་ན་མ་ཐོ་བར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ནུར་རྩི་ཟ་བ་དང་སྦང་མ་ཟ་བ་ལས་ཀྱང་ཉེས་བྱས་ཀྱི་རྡོ་རྗེས་འཇོམས་པ་ཁོ་ནར་འགྱུར་རོ། །བཅོས་པའི་ཆང་གི་སྙིགས་མ་ནི་ནུར་རྩི་ཡིན་ལ་སྦྱར་བའི་ཆང་གི་

སྙིགས་མ་ནི་སྦང་མ་ཡིན་ནོ། །གཞན་དག་ན་རེ་སྙིགས་མ་ནི་ནུར་རྩི་ཡིན་ལ་དེའི་ཁུ་བ་ཕྱུང་བ་ནི་སྦང་མ་ཡིན་ནོ་ཞེས་འཆད་དོ། །དེ་ལྟར་ཡང་། སྦང་མ་ཁུ་བ་ཕྱུང་བའི་ཕྱིར། །རྟུག་སྐམ་འདེབས་དང་སྐྱོན་འཁྲུག་བྱེད། །ཅེས་བསྟན་པ་ཡིན་ནོ། །ཕབས་ཀྱི་རྡོ་གུ་འམ་རྩ་སོགས་མྱོས་བྱེད་གང་། །

གལ་ཏེ་ཟ་ན་ཆུང་བ་ཉིད་དུ་འགྱུར། །གང་ལ་མྱོས་འགྱུར་ཁུ་བའི་རོ་དྲི་ཡོད། །མྱོས་འགྱུར་ཁུ་བ་མིན་ཡང་བཏུང་བྱ་མིན། །ཞེས་བྱ་བ་ལ། ཕབས་ཞེས་བྱ་བ་ནི་མྱོས་པར་འགྱུར་བའི་ཁུ་བའི་དོན་དུ་ས་བོན་གང་ཞིག་སྦྱར་བ་སྟེ། ཕབས་ཀྱི་རྡོ་གུ་འམ་རྩ་བ་ལ་སོགས་པ་མྱོས་པར་འགྱུར་བ་ཟ་ན་

ཉེས་བྱས་ཆུད་ངུར་འགྱུར་རོ། །མྱོས་པར་འགྱུར་བ་མ་ཡིན་དུ་ཟིན་གྱིས་ཀྱང་གང་ཞིག་མྱོས་པར་འགྱུར་བའི་ཁུ་བའི་རོ་དང་། མྱོས་པར་འགྱུར་བའི་དྲི་ཡོད་ན་དེ་བཏུང་བར་མི་བྱ་སྟེ། དེ་ལ་ཡང་ཉེས་བྱས་ཁོ་ནར་འགྱུར་བས་སོ། །ལུས་ལ་སྐུད་དང་མཁུར་བར་བླུགས་པ་ནི། །ན་བ་མ་

གཏོགས་མྱོས་ཁུས་མི་བྱའོ། །ན་བ་མ་གཏོགས་པ་གཞན་གྱི་ཚེ་ལུས་ལ་བསྐུ་བའམ་མཁུར་བར་བླུགས་པ་མྱོས་པར་འགྱུར་བའི་ཁུ་བས་མི་བྱའོ། །ལུས་ལ་བྱུགས་ན་བ་སྤུའི་ཁུང་བུ་ནས་དེར་འཇུག་པའི་ཕྱིར་ཉེས་པ་ཡིན་ནོ། །མཁུར་བར་བླུགས་པ་ནི་མིད་པར་མི་འདོད་པའི་ཕྱིར་ཉེས་

པ་མེད་དོ་སྙམ་དུ་དེ་ལྟར་སེམས་པ་བཟློག་པའི་ཕྱིར་རོ། །གལ་ཏེ་བསྐོལ་དང་དེ་ཡི་ཁ་དོག་ཙམ། །མཐུན་པའམ་མྱོས་པར་འགྱུར་བའི་ཁུ་བ་ཡི། །དངོས་པོར་མ་རེད་ཉམས་འཐུང་ཉེས་མེད་དེ། །འདི་ལྟར་འདིར་ནི་མྱོས་རྒྱུ་སྤང་བྱ་ཡིན། །གལ་ཏེ་མྱོས་པར་འགྱུར་བའི་ཁུ་བ་བསྐོལ་

Vol. 166 · folio 137a

བ་འཐུངས་ན་ལྟུང་བ་མེད་པ་ཡིན་ནོ། །གལ་ཏེ་མྱོས་པར་འགྱུར་བའི་ཁུ་བ་དང་ཁ་དོག་མཐུན་པའམ། ཡང་ན་མྱོས་པར་འགྱུར་བའི་ཁུ་བའི་དངོས་པོར་མ་རེད་པའམ། ཉམས་པ་འཐུང་ན་དེའི་ཚེ་ཡང་ཉེས་པ་མེད་པ་ཡིན་ཏེ། གང་གི་ཕྱིར་འདིར་མྱོས་པའི་རྒྱུ་ཁོ་ན་སྤད་བར་

བྱ་བ་ཡིན་གྱི་གཞན་ནི་མ་ཡིན་པས་སོ། །མྱོས་པར་འགྱུར་བའི་ཕྱོགས་མཐུན་དཔེར་བྱ་ན། །བྲེག་བཙོང་ཀེའུ་དང་སྒོག་སྐྱ་ཡིན་པར་བཤད། །སྒོག་སྐྱ་ལ་སོགས་པ་ནི་བྱེ་བྲག་ཏུ་བཤད་པ་ལས་དུས་མ་ཡིན་པའི་ཟས་ཀྱི་ཕྱོགས་དང་མཐུན་པར་བསྟན་པ་ཡིན་ཏེ། དེ་ལྟར་ཡང་འཐུང་ན་

ལྟུང་བ་དང་ཆོས་མཐུན་པས་འདིར་བཤད་དོ། །གཞན་ཡང་ཇི་ལྟར་ཆང་འཐུང་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཡང་ཤིན་ཏུ་སྨད་པར་བྱ་བ་དེ་བཞིན་དུ་སྒོག་སྐྱ་ལ་སོགས་པ་ཡང་ཤིན་ཏུ་སྨད་པར་བྱ་བ་དང་ཆོས་མཐུན་པའི་ཕྱིར་དེ་མྱོས་པར་འགྱུར་བའི་ཕྱོགས་དང་མཐུན་པ་ཉིད་

ཡིན་ནོ། །མྱོས་པར་འགྱུར་བའི་ཁུ་བ་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཞེས་བྱ་བ་འདིའི་ཁུངས་ནི་ནད་པ་རྣམས་ཀྱི་ལུས་བསྐུ་བ་དང་མཁུར་བར་རྔུབ་པར་གནང་བའི་ཕྱིར་ལ། རང་བཞིན་གྱིས་ཁ་ན་མ་ཐོབ་དང་བཅས་པ་ནི་སྲོག་ལ་བབ་ཀྱང་རུང་མ་གནང་བའི་ཕྱིར་རོ། །

འཕགས་པ་ཉེར་སྦས་ཀྱིས་ནི་མྱོས་པར་འགྱུར་བའི་ཁུ་བ་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ཡིན་ཡང་ཤིན་ཏུ་སྨད་པ་ཡིན་ཏེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་དང་བཅས་པའི་རྒྱུ་ཡིན་པའི་ཕྱིར་དང་། མཚམས་མེད་པ་བཞི་པོ་དག་དང་ལྟུང་བ་རིས་ལྔ་དག་ལ་རབ་ཏུ་འཇུག་པར་བྱེད་པ་ཡིན་པའི་

ཕྱིར་དང་། ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ཡང་ནད་ལ་མཁས་པས་ལུང་ཕོག་པས། །གནང་ངོ་དང་མེད་མི་ཡི་མངོན་སུམ་མིན། །ཞེས་བྱ་བ་ལ། དེ་ཡང་ཞེས་བྱ་བ་ནི་བྲེག་བཙོང་དང་། ཀེའུ་དང་སྒོག་སྐྱ་སྟེ་སྨན་པས་ལུང་ཕོག་པའི་ཕྱིར་བཅོམ་

ལྡན་འདས་ཀྱིས་གནང་བས། གཙུག་ལག་ཁང་གི་ཕྱི་རོལ་དབེན་ཕྱོགས་སུ། །ཁང་པ་བྱས་ནས་བྱ་བའི་ཆེད་དུ་འཇུག །གཙུག་ལག་ཁང་གི་ཕྱི་རོལ་ཕྱོགས་ཤིན་ཏུ་དབེན་པར་ཁང་པ་བྱས་ཏེ་དེར་བྱ་བའི་ཕྱིར་འཇུག་པར་བྱའོ། །དེར་མ་དད་པ་རྣམས་འཇུག་ཏུ་མི་གཞུག་གོ། །གཞན་ཡང་།

Vol. 166 · folio 137b

དེ་དག་དགེ་འདུན་མལ་སྟན་རྣམས་ལ་ནི། །ནམ་ཡང་ལོངས་མི་སྤྱད་པར་བཀའ་སྩལ་ཏོ། །ལུས་ལ་དྲི་ང་ཉིད་དང་བྲལ་འོག་ཏུ། །རང་བཞིན་གནས་ཕྱིར་གཙུག་ལག་ཁང་འཇུག་བྱ། །བཅོམ་ལྡན་འདས་ཀྱིས་དེ་ནི་དགེ་འདུན་གྱི་མལ་སྟན་དག་གི་སྟེང་དུ་ལོངས་སྤྱད་པར་མི་བྱའོ་ཞེས་

བཀག་སྟེ། བྱ་བ་ཟིན་དུ་ཟིན་ཀྱང་དེ་ལྟར་ཐ་མལ་པར་མ་གྱུར་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ། །དྲི་ང་བ་ཉིད་དང་བྲལ་བར་གྱུར་ནས་ཕྱིས་རང་བཞིན་དུ་གནས་ནས་གཙུག་ལག་ཁང་དུ་འཇུག་པར་བྱའི་གཞན་དུ་ནི་མ་ཡིན་ནོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་

པ་ལས་མྱོས་པར་འགྱུར་བ་སྤོང་བ་སྟེ་ལྔ་པ་རྫོགས་སྷོ།། །།བྲོ་གར་གླུ་དང་རོལ་མོའི་སྒྲ་ཡང་རུང་། །བརྟུལ་ཞུགས་ཅན་གྱིས་རང་ངམ་གཞན་བྱ་མིན། །འདི་འདིར་འཁོར་བ་ལ་ཆགས་རྒྱུ་ཡིན་ནོ། །འོན་ཀྱང་གལ་ཏེ་བྱེད་ན་ཉེས་བྱས་འགྱུར། །དགེ་ཚུལ་གྱིས་བྲོ་གར་དང་།

གླུ་དང་རོལ་མོའི་སྒྲ་གང་རང་ངམ་གཞན་གྱིས་ཀྱང་མི་བྱ་སྟེ། གང་གི་ཕྱིར་འདིར་ནི་འཁོར་བ་ལ་ཆགས་པའི་རྒྱུ་ཡིན་པས་སོ། །འོན་ཀྱང་གལ་ཏེ་བྱེད་ན་ཉེས་བྱས་སུ་འགྱུར་རོ། །མཆོད་པའི་ཆེད་དུ་འང་རོལ་མོའི་སྒྲ་དང་ནི། །གླུ་བྱོས་ཞེས་ནི་མི་བརྗོད་འོན་ཀྱང་ནི། །ལྷ་དང་ལྷ་མིན་

དབང་པོས་ཞབས་རྡུལ་གཏུགས། །སངས་རྒྱས་ལ་ནི་མཆོད་པ་བྱོས་ཞེས་བརྗོད། །ཆེར་ན་སྟོན་པ་ལ་མཆོད་པའི་ཕྱིར་ཡང་བརྟུལ་ཞུགས་ཅན་གྱིས་བྲོ་གར་དང་། གླུ་དང་། རོལ་མོའི་སྒྲ་བྱོས་ཤིག་ཅེས་བརྗོད་པར་མི་བྱའོ། །འོ་ན་ཅི་ལྟ་ཞེ་ན། ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་ཞབས་

ཀྱི་རྡུལ་ལ་གཏུགས་པའི་བཅོམ་ལྡན་འདས་ལ་མཆོད་པ་བྱོས་ཤིག་ཅེས་བརྗོད་པར་བྱའོ། །འདིར་གཞུང་ནི། བཞིན་བཟངས་དག་བཅོམ་ལྡན་འདས་ལ་རང་གི་བཟོས་མཆོད་པ་བྱོས་ཤིག་ཅེས་འབྱུང་བ་ཡིན་ནོ། །དམིགས་ཀྱིས་བསལ་བ་ནི། ཆོས་སྒྲོགས་བྱེད་པའི་གླུ་ནི་ཉེས་པ་

མེད། །སྟོན་པའི་ཡོན་ཏན་སྒྲོགས་པའང་དེ་བཞིན་ནོ། །དམ་ཆོས་ཆེད་དུ་གླུ་ནི་མི་ཤེས་ན། །དབེན་པར་སོང་སྟེ་རབ་ཏུ་བསླབ་པར་བྱ། །ཞེས་བསྟན་པ་ཡིན་ཏེ། ཆོས་སྒྲོགས་པ་དང་སྟོན་པ་ལ་སྟོད་པར་བྱེད་པ་ན་གླུ་བྱའོ། །གང་ཞིག་གླུ་མི་ཤེས་ན་བརྟུལ་ཞུགས་ཅན་དེས་དབེན་པར་སོང་

Vol. 166 · folio 138a

སྟེ། དམ་པའི་ཆོས་བརྗོད་པའི་ཆེད་ཁོ་ནར་གླུ་བསླབ་པར་བྱའོ། །ཆུ་འབུད་ལ་སོགས་གར་སོགས་ཕྱོགས་དང་མཐུན། །བྱིའུ་ཟུལ་དང་ནི་རིང་དུ་འགྲོ་བྱེད་དང་། །སྟེང་དུ་འབྱུང་དང་མཆོང་དང་རྒྱུག་ལ་སོགས། །རྩེད་མོའི་རྒྱུ་ཡིན་པས་ན་དེ་བཀག་གོ། །ཆུ་ལ་

འབུད་པ་དང་ཆུ་ལ་རྡོབ་པ་དང་ཆུ་ལ་འཇོལ་བ་ལ་སོགས་པ་ནི་ཆུ་ལ་རྩེ་བའི་རྣམ་པ་དག་ཡིན་ནོ། །དེ་བཞིན་དུ་བྱིའུ་ཟུལ་ཏེ་ཆུའི་གཏིང་དུ་འཇུག་པ་དང་ཐག་རིང་དུ་འགྲོ་བ་དང་དེ་བཞིན་དུ་སྟེང་དུ་འབྱུང་བ་དང་མཆོང་བ་དང་རྒྱུག་པ་ལ་སོགས་པ་ཡང་རྩེད་མོའི་རྒྱུ་ཡིན་པས་མི་བྱའོ། །གཞན་ཡང་།

འཕགས་པ་རྣམས་ཀྱིས་དགོད་ན་སོ་ཕྱུང་སྟེ་འམ། །དེ་བཞིན་སྒྲ་དག་ཆེན་པོར་མི་བྱའོ། །ལག་པ་འམ་ཆོས་གོས་ཀྱི་ནི་ཐ་མ་ཡིས། །ཁ་དག་རབ་ཏུ་བཀབ་སྟེ་གླལ་བར་བྱ། །མཆུ་བགྲད་དེ་སོ་ཕྱུང་ནས་ཧ་ཧ་ཞེས་སྐད་ཆེན་པོ་དང་འབྲེལ་པའི་བགད་པ་མི་བྱའོ། །ཅུང་ཟད་དགོད་པ་ལ་

ནི་ཉེས་པ་མེད་དེ། བཞིན་གྱི་མདོག་གསལ་བ་དང་བཞིན་འཛུམ་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཁ་གདངས་པར་ཡང་མི་བྱའོ། །འོན་ཏེ་གླལ་བྱུང་ན་དེའི་ཚེ་ལག་པའམ་གོས་ཀྱི་ཐ་མས་ཁ་བཀབ་སྟེ་གླལ་བར་བྱའོ། །ཆུ་ལ་འཕྱོ་བའི་དམིགས་ཀྱིས་དབྱེ་བ་བཤད་པར་བྱ་

སྟེ། །སྨན་པས་ལུང་ཕོག་པས་སམ་བསླབ་པའི་ཕྱིར། དབེན་པའི་ཕྱོགས་སུ་རྐྱལ་ན་ཉེས་མེད་དོ། །གལ་ཏེ་སྨན་པས་ལུང་ཕོག་པས་སམ་ཡང་ན་བསླབ་པའི་ཕྱིར་དབེན་པར་འཕྱོ་བར་བྱེད་ན་དེའི་ཚེ་ཉེས་པ་མེད་དོ། །འདིར་ནི་ངེས་པ་ཡིན་ཏེ། གང་ན་བུད་མེད་དམག་མི་ཁྲུས་

བྱེད་པའི། །འཇུག་ངོགས་དེ་ནི་རིང་པོར་སྤང་བར་བྱ། །ཞེས་བྱ་བ་འདི་ནི་ངེས་པ་ཡིན་ནོ། །འཇུག་ངོགས་གང་དུ་བུད་མེད་དང་དམག་མི་དག་ཁྲུས་བྱེད་པའི་འཇུག་ངོགས་དེ་ནི་ཐག་རིང་དུ་སྤང་བར་བྱའོ། །དེར་ནི་སྨན་པས་ལུང་ཕོག་ཀྱང་རུང་། བསླབ་པའི་ཕྱིར་ཡང་རུང་སྟེ། འཇུག་པར་

མི་བྱའོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ལས་གར་ལ་སོགས་པ་སྤོང་བ་སྟེ་དྲུག་པ་རྫོགས་སོ།། །།གང་ཞིག་སྤོས་བྱུག་མེ་ཏོག་ཕྲེང་བ་འམ། །དེ་བཞིན་ལུས་མདོག་ཁ་དོག་བྱ་བ་དག །མི་གཙང་སྣོད་ཀྱི་ལུས་ལ་འཆང་བྱེད་ན། །རྨོངས་པ་དེ་ནི་ཉེས་བྱས་

Vol. 166 · folio 138b

ཉིད་ཀྱིས་གཟིར། །བརྟུལ་ཞུགས་ཅན་གང་ཞིག་སྤོས་ཀྱིས་བྱུགས་པ་དང་མེ་ཏོག་གི་ཕྲེང་བ་དང་ལུས་ཀྱི་མདོག་གི་ཁ་དོག་བྱ་བ་དག་མི་གཙང་བའི་འབྱུང་ཁུངས་ལུས་ལ་འཆང་བར་བྱེད་ན་རྨོངས་པ་དེ་ཉེས་བྱས་ཀྱི་ལྟུང་བས་གཟིར་བར་འགྱུར་རོ། །གཞན་ཡང་། འདག་ཆལ་བསྲུང་དང་གོས་ལ་

འདུག་བྱེད་དང་། སེན་མོ་བྱི་དོར་མིག་སྨན་མཆུ་སྒྱུར་དང་། །གཡན་པ་མ་གཏོགས་སོ་ཕག་ལོང་བུ་ལས། །ཡན་ཆད་འདྲུད་ལ་སོགས་པ་ཉེས་བྱས་ཡིན། །འདག་པའི་ཆལ་དྲི་ཞིམ་པོ་དང་། གོས་ལ་འདུག་པར་བྱེད་པ་དང་། སེན་མོ་བྱི་དོར་བྱེད་པ་དང་། མིག་སྨན་དང་།

མཆུ་ཁ་དོག་བསྒྱུར་བ་དང་། གཡན་པ་ལ་སོགས་པའི་ནད་མེད་པར་ལོང་བུ་ཡན་ཆད་དུ་སོ་ཕག་གིས་ལུས་ལ་འདྲུད་པ་ལ་སོགས་པ་ནི་ཉེས་བྱས་ཁོ་ནར་འགྱུར་རོ། །དམིགས་ཀྱིས་བསལ་བ་བཤད་པར་བྱ་སྟེ། ནད་པས་དབེན་པར་འདུག་ནས་བསྐུ་བྱ་སྟེ། །འཇིག་རྟེན་མ་དད་

འགྱུར་བ་བཟློག་ཕྱིར་རོ། །དད་ལྡན་དག་གིས་རྐང་པ་སྤོས་བྱུགས་ན། །སྦྱིན་བདག་གི་ནི་ལྐོག་ཏུ་བཀྲུ་བར་བྱ། །ནད་པ་དག་གིས་ནི་སྨན་པས་ལུང་ཕོག་པས་རིམས་ལ་སོགས་པ་ཞི་བར་བྱ་བའི་ཕྱིར་དབེན་པར་འདུག་ནས་སྤོས་བྱུག་པར་བྱ་སྟེ། འཇིག་རྟེན་མ་དད་པར་གྱུར་ན་མི་རུང་

བས་སོ། །དེ་བཞིན་དུ་དད་པ་ཅན་དག་གིས་རྐང་པ་ལ་སྤོས་ཀྱི་རི་མོ་དག་བྱུགས་ན་བདག་གིར་བྱས་ནས་ཕྱིས་སྦྱིན་བདག་གི་ལྐོག་ཏུ་བཀྲུ་བར་བྱའོ། །གཞན་ཡང་། འཕགས་པས་མེ་ཏོག་དྲི་ནི་ཞིམ་པོ་དག །མིག་ཕན་སྙམ་བསྣམ་འདོད་ཆགས་བློས་མ་ཡིན། །མེ་ཏོག་དག་རྙེད་

ན་དྲི་ཞིམ་པོ་ཐམས་ཅད་མིག་ལ་ཕན་ནོ་སྙམ་དུ་རྣམ་པར་བྱའི་འདོད་ཆགས་ཀྱི་བསམ་པས་ནི་མ་ཡིན་ནོ། །ད་ནི་སྤོས་སོགས་ཕྱོགས་མཐུན་སྐབས་ཡིན་པས། །ཆུ་ལ་སོགས་པར་བཞིན་ལ་བལྟ་མི་བྱ། །ད་ནི་སྤོས་ལ་སོགས་པའི་ཕྱོགས་དང་མཐུན་པའི་སྐབས་ཡིན་པས་

དེ་བཤད་པར་བྱ་སྟེ། མེ་ལོང་ངམ་ཆུ་ལ་སོགས་པར་བཞིན་ལ་བལྟ་བར་མི་བྱའོ། །དམིགས་ཀྱིས་བསལ་བ་བཤད་པར་བྱ་སྟེ། དེ་ནི་ལུས་ཀྱི་སྔ་ཕྱིའི་གནས་སྐབས་དང་། །རྨ་ལ་བལྟ་ན་ལྟུང་བ་མེད་པར་འགྱུར། །གལ་ཏེ་ལུས་ཀྱི་སྔ་ཕྱིའི་གནས་སྐབས་སམ་རྨ་ལ་ལྟ་བར་བྱེད་ན། །

Vol. 166 · folio 139a

དེའི་ཚེ་ལྟུང་བ་མེད་དོ། །མཆོད་ཕྱིར་ཐོགས་བྱུགས་རིས་ཤིས་སྐུད་ལ་སོགས། །ལྷབ་ལྷུབ་དག་ནི་ཐམས་ཅད་སྤང་བར་བྱ། །མཆོད་ཕྱིར་ཐོགས་པ་ནི་སྐུད་པ་སེ་རལ་ཁའོ། །བྱུགས་རིས་ནི་རི་མོར་བྲིས་པའོ། །ཤིས་སྐུད་ནི་མཁྲིག་མ་ལ་གདགས་པའི་བཀྲ་ཤིས་

ཀྱི་ཚོན་སྐུད་སྣ་ལྔའོ། །དེ་ལྟ་བུ་ལ་སོགས་པའི་ལྷབ་ལྷུབ་རྣམས་ནི་བཅང་བར་མི་བྱའོ། །འདིའི་དམིགས་ཀྱིས་བསལ་བ་ནི། རིམས་སོགས་ཞི་བར་བྱ་ཕྱིར་དཔུང་གཡོན་ལ། །སྔགས་ལ་སོགས་པའི་སྐུད་པ་ལ་སོགས་བཅད། །རིམས་དང་བྲལ་ནས་སྐུད་པ་བཀྲོལ་ནས་ནི། །བུ་ག་

གཙང་མའི་ཕྱོགས་སུ་གཞག་པར་བྱ། །རིམས་ལ་སོགས་པ་ཞི་བར་བྱ་བའི་ཕྱིར་ནི་གསང་སྔགས་ཀྱི་སྐུད་པ་འམ། རིག་སྔགས་ཀྱི་སྐུད་པ་ལ་སོགས་པ་བཅང་བར་བྱའོ། །གང་གི་ཚེ་རིམས་དང་བྲལ་བར་གྱུར་པ་དེའི་ཚེ་གསང་སྔགས་ལ་སོགས་པའི་སྐུད་པ་དེ་ཀ་བའི་བུ་ག་འམ། །རྩིག་པའི་བུ་

ག་གཙང་མའི་ཕྱོགས་སུ་གཞག་པར་བྱའོ། །སྡོམ་བརྩོན་དག་གིས་གདུགས་བཀྲ་བཅང་མི་བྱ། །གྲོང་དུ་དེ་བསྒྲེང་བ་ཡང་བཀག་པ་ཡིན། །ལོ་མ་ལས་ནི་བྱས་པ་འམ་སྨྱིག་མའི་གདུགས། །ཡུ་བའང་གདུགས་ཀྱི་ཚད་དུ་བཤད་པ་ཡིན། །བརྟུལ་ཞུགས་ཅན་གྱིས་གདུགས་ཁྲ་བོ་བཅང་བར་མི་

བྱའོ། །ཁྲ་བོ་མ་ཡིན་ན་ཡང་གྲོང་གི་ནང་དུ་བསྒྲེང་བ་ནི་བཀག་པ་ཡིན་ནོ། །གདུགས་ནི་རྣམ་པ་གཉིས་སྣང་སྟེ། ལོ་མ་ལས་བྱས་པ་དང་། སྨྱིག་མ་ལས་བྱས་པའོ། །ལོ་མ་ཞེས་བྱ་བ་ནི་འདབ་མ་སྟེ། དེ་ལས་བྱས་པ་ནི་ལོ་མ་ལས་བྱས་པའོ། །སྨྱིག་མ་ལས་བྱས་པ་ནི་སྨྱིག་མ་ལས་

བྱས་པའོ། །གདུགས་ཀྱི་ཡུ་བ་ཡང་གདུགས་ཀྱི་ཁོག་པའི་ཚད་དམ་ཁྲུ་དོ་བར་གནང་ངོ་། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ལས་སྤོས་ལ་སོགས་པ་སྤོང་བ་སྟེ་བདུན་པ་རྫོགས་སྷོ།། །།མལ་ཆེན་མཐོན་པོ་དག་ལ་ཉལ་བྱེད་པ། །ཉེས་བྱས་བཀྲ་མི་ཤིས་པས་ངེས་

པར་གཟིར། །ཁྲུ་གང་ལས་ལྷག་ཚད་ནི་མཐོན་པོ་ཡིན། །རིན་ཆེན་ལ་སོགས་རྐང་པ་སྤྲས་ཆེན་ཡིན། །དགེ་ཚུལ་མལ་ཆེན་པོ་དང་མལ་མཐོན་པོ་ལ་ཉལ་ན་ཉེས་བྱས་བཀྲ་མི་ཤིས་པས་ངེས་པར་བརླག་པར་འགྱུར་རོ། །ཉེས་བྱས་ཉིད་བཀྲ་མི་ཤིས་པ་ཡིན་ཏེ། ཤིས་པ་མ་ཡིན་པས་ཉེས་བྱས་

Vol. 166 · folio 139b

བཀྲ་མི་ཤིས་པ་དེས་ངེས་པར་བཅོམ་པར་འགྱུར་རོ། །དེ་ལྟ་བས་ན་མལ་དེ་ལྟ་བུ་ལ་ཉལ་བར་མ་གནང་ངོ་། །དེ་གཉིས་ཀྱི་མཚན་ཉིད་ཀྱང་ཅི་ཞིག་ཅེ་ན། བཤད་པ། ཁྲུ་གང་ལས་ལྷག་ཚད་ནི་མཐོན་པོ་ཡིན། །རིན་ཆེན་ལ་སོགས་རྐང་པ་སྤྲས་ཆེན་ཡིན། །ཁྲུ་གང་ལས་ལྷག་པའི་ཚད་ནི་མལ་མཐོན་པོ་

ཡིན་ལ། གསེར་དང་བ་སོ་ལ་སོགས་པའི་རྐང་པ་དང་རིན་པོ་ཆེས་སྤྲས་པ་ནི་མལ་ཆེན་པོ་ཡིན་པར་ཤེས་པར་བྱའོ། །དམིགས་ཀྱིས་བསལ་བ་བཤད་པར་བྱ་སྟེ། སྟན་མཐོ་རིན་ཆེན་འོད་ཀྱིས་མཛེས་པ་ལ། །འདུ་བྱེད་འཇིག་པའི་ངང་ཅན་འདིར་བསམས་ཏེ། །འཛེགས་ནས་ཆོས་བསྒྲགས་

པ་ནི་སྦྱིན་བྱ་སྟེ། །བདེ་གཤེགས་ཆོས་ནི་མཆོད་བྱ་ཡིན་པས་སོ། །འདུ་བྱེད་རྣམས་འཇིག་པའི་ངང་ཅན་ཡིན་པར་རྗེས་སུ་བསམས་ཏེ། སེང་གེའི་ཁྲི་ནི་ནོར་བུ་སྣ་ཚོགས་ཀྱི་འོད་ཟེར་གྱིས་སྤྲས་པ། ཤིན་ཏུ་མཐོ་བ། བླ་རེ་དང་བཅས་པ། འཕྱང་འཕྲུལ་དང་བཅས་པ། རྐང་རྟེན་དང་བཅས་པ་

ལ་འཛེགས་ནས་ཆོས་བསྒྲགས་པ་སྦྱིན་པར་བྱ་སྟེ། འདི་ལྟར་བཅོམ་ལྡན་འདས་ཀྱི་ཆོས་ནི་མཆོད་པར་བྱ་བ་ཡིན་པས་སོ། །གཞན་ཡང་། ཁྱིམ་པས་རིན་ཆེན་འོད་འབར་བྱས་བྱིན་ནའང་། །མི་རྟག་ཉིད་དུ་བསྒོམ་པས་འདུག་པར་བྱ། །གནོད་སྦྱིན་གནས་དང་ལྷ་ཁྱིམ་ཀླུ་གནས་སུ། །སྡོམ་བརྩོན་

འདུག་ནའང་ཉེས་པ་མེད་པ་ཡིན། །ཁྱིམ་པ་དག་གིས་རིན་པོ་ཆེའི་འོད་ཟེར་དག་གིས་སྤ་བར་བྱས་པའི་སྟན་དག་བྱིན་ན། མི་རྟག་པ་ཉིད་ཀྱི་ཡིད་ལ་བྱེད་པས་ཟིལ་གྱིས་མནན་ནས་འདུག་པར་བྱའོ། །དེ་བཞིན་དུ་ལྷ་དང་ཀླུ་དང་གནོད་སྦྱིན་དག་གི་གནས་སུ་འདུག་ན་ཡང་སྡོམ་བརྩོན་ལ་ཉེས་པ་མེད་དེ། དེ་

ནི་དེ་དག་གི་བསོད་ནམས་ལས་སྐྱེས་པ་ཡིན་པས་སོ། །བསླབ་པའི་གཞི་འདི་ནི་དངོས་པོ་གཙོ་བོར་བྱ་བ་ཡིན་ཏེ། གང་གི་ཕྱིར་གཏམ་གྱི་གཞི་ལས་ལུས་ཀྱི་ལྟུང་བ་འབའ་ཞིག་གོ་ཞེས་གསུངས་པས་དེའི་ཕྱིར་འདིར་འདུ་ཤེས་གཙོ་བོར་བྱ་བ་སྤྱིར་བཏང་བའི་སྐབས་མེད་དོ། །མཐོན་པོ་ལ་

སོགས་ཕྱོགས་མཐུན་ཉིད་ཉལ་ཡིན། །གཉིད་ཀྱི་ནང་དུ་གྱུར་ན་ཡུད་ཙམ་གནང་། །ན་དང་དེ་ཡི་ནད་གཡོག་མ་གཏོགས་པ། །བརྟུལ་ཞུགས་ཅན་ནི་མར་མེ་ཉལ་བ་བཀག །མལ་སྟན་མཐོན་པོའི་ཕྱོགས་དང་མཐུན་པ་ནི་ཉིན་པར་ཉལ་བ་ཡིན་པར་རྟོགས་པར་བྱའོ། །གང་ཞིག་གཉིད་ཀྱི་ནད་

Vol. 166 · folio 140a

དུ་གྱུར་པ་དེ་དག་ནི་གཉིད་སངས་ནས་དགེ་བའི་ཕྱོགས་ལ་མི་ཉལ་བར་བྱའོ་སྙམ་པའི་བསམ་པས་ཡུད་ཙམ་གྱི་ཚད་ཙམ་ཅིག་ཉིན་པར་ཉལ་བར་གནང་ངོ་། །དེ་བཞིན་དུ་མར་མེ་ལ་ཉལ་བ་ཡང་བཀག་གོ། །འདིར་ཉལ་བ་ནི་གཉིད་ཀྱིས་ནོན་པ་ལ་བྱའི། སྤྱོད་

ལམ་བཞི་པ་བཀག་པ་ནི་མ་ཡིན་ནོ། །དམིགས་ཀྱིས་བསལ་བ་ནི་ནད་པ་དང་ནད་གཡོག་ནི་མ་ཡིན་ནོ། །འདིར་མར་མེ་སྨོས་པ་ནི་ལོངས་འཆོས་པའི་སྣང་བའི་མཚོན་པ་ཡིན་ནོ། །དེའི་ཕྱིར་ཟླ་བ་དང་ཉི་མའི་སྣང་བ་དག་ལ་ཉལ་བ་ནི་ལྟུང་བ་མེད་པར་ཤེས་པར་བྱ་སྟེ། དེ་ཉིད་ནི་སྤང་བར་བྱ་བ་མ་ཡིན་པའི་

ཕྱིར་རོ། །འདིར་ནི་གླེང་གཞི་གཙོ་བོར་བྱ་བ་མ་ཡིན་ཏེ། བསླབ་པ་དེ་ནི་དབང་དུ་བྱ་བ་མ་ཚང་བའི་ཕྱིར་རོ། །གདིང་བ་མེད་པར་ཉལ་བའི་རིགས་མ་ཡིན། །ཡུལ་གྱི་དབུས་སུ་མལ་སྟན་ཀོ་ལྤགས་མིན། །ཁྱིམ་དག་ཏུ་ནི་སྟན་ཙམ་ཁོ་ན་དབང་། །ཡུལ་གྱི་མཐའ་འཁོབ་དག་ཏུ་གཉིས་ཀའང་

གནང་། །གདིང་བ་མེད་པར་མལ་སྟན་ལ་འདུག་པ་ནི་རིགས་པ་མ་ཡིན་ནོ། །དེ་བཞིན་དུ་ཡུལ་གྱི་དབུས་སུ་མལ་སྟན་ཀོ་ལྤགས་མི་གནང་ངོ་། །ཁྱིམ་གྱི་ནང་དུ་ནི་སྟན་ཙམ་ཁོ་ན་ཞིག་དབང་གི་མལ་ནི་མ་ཡིན་ནོ། །ཡུལ་མཐའ་འཁོབ་དག་ཏུ་ནི་མལ་དང་སྟན་གཉི་ག་ཡང་ཀོ་ལྤགས་དག་

ལས་གནང་ངོ་། །ཡུལ་གྱི་དབུས་སམ་མཐའ་འཁོབ་ཅེས་བྱ་བ་ཡང་གང་ཞེ་ན། །ཀོ་ལྤགས་ཀྱི་གཞི་ལས། ཉེ་བ་འཁོར་ཤར་དུ་ན་ལི་ཁ་ར་ཤིང་འཕེལ་ཞེས་བྱ་བའི་གྲོང་ཁྱེར་ཡོད་དོ། །དེའི་ཕ་རོལ་ན་ལི་ཁ་རའི་ཤིང་ཐིབས་པོ་ཞེས་བྱ་བའི་ཚལ་ཡོད་དེ་དེ་ནི་མཐའ་ཡིན་ནོ། །དེའི་ཕ་རོལ་ནི་

མཐའ་འཁོབ་ཡིན་ནོ། །ལྷོར་ནི་འདམ་བུ་མདའ་རྒྱུ་ཞེས་བྱ་བའི་ཆུ་ཀླུང་ཡོད་དེ་དེ་ནི་མཐའ་ཡིན་ནོ། །དེའི་ཕ་རོལ་ནི་མཐའ་འཁོབ་ཡིན་ནོ། །ནུབ་ཏུ་ནི་བྲམ་ཟེའི་གྲོང་ཁྱེར་ཀ་བ་དང་ཉེ་བའི་ཀ་བ་གཉིས་ཡོད་དེ། དེ་ནི་མཐའ་ཡིན་ནོ། །དེའི་ཕ་རོལ་ནི་མཐའ་འཁོབ་ཡིན་ནོ། །བྱང་དུ་ནི་ཨུ་

ཤི་རའི་རི་ཡོད་དེ། དེ་ནི་མཐའ་ཡིན་ནོ། །དེའི་ཕ་རོལ་ནི་མཐའ་འཁོབ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ། །གླང་ཆེན་རྟ་དང་སྟག་དང་སེང་གེ་དང་། །སྤྲེའུ་དང་བྱི་ལའི་པགས་པ་རུང་མ་ཡིན། །མཆིལ་ལྷམ་བལ་བ་ཛ་དང་མུན་ཛའི་འཇག །རྩྭ་ལ་སོགས་ལས་བྱས་པའང་བཅང་མི་

Vol. 166 · folio 140b

བྱ། །གླང་པོ་ཆེ་དང་། རྟ་དང་། སྟག་དང་། སེང་གེ་དང་། སྤྲེའུ་དང་། བྱི་ལ་དག་གི་པགས་པ་ནི་རྣམ་པ་ཐམས་ཅད་དུ་རུང་བ་མ་ཡིན་ནོ། །ནད་པ་རྣམས་ལ་ནི་དོམ་གྱི་པགས་པ་གནང་ངོ་། །གཞན་དག་ལ་ནི་དེ་ལྟ་བུའི་མཆེ་བ་ཅན་དང་སེན་མོ་ཅན་དག་གི་པགས་པ་རུང་བ་མ་ཡིན་པར་རིག་

པར་བྱའོ། །གཞན་ཡང་མཆིལ་ལྷམ་རྩྭ་བལ་བ་ཛ་དང་མུན་ཛའི་དང་འཛག་མ་ལས་བྱས་པ་དང་། རྩྭ་དང་སྟེ་སྨྱིག་མ་དང་བ་ལ་ཤ་དག་དང་སོག་མ་དག་ལས་བྱས་པ་བཅང་བར་མི་བྱའོ། །གཙུག་ལག་ཁང་སྟེ་གནས་ཁང་ཁྱམས་རྣམས་སུ། །ཤིང་ལས་བྱས་ལྷམ་རྟག་ཏུ་མི་གནང་ངོ་། །

བཤང་དང་གཅི་བའི་ཁང་པའི་ཕྱོགས་དང་ནི། །ཁྱིམ་ནང་བཅས་མ་བསྟར་བར་ཉེས་པ་མེད། །ཤིང་ལས་བྱས་པའི་མཆིལ་ལྷམ་ནི། བླ་གབ་མེད་པ་དང་། གནས་ཁང་དང་ཁྱམས་དག་ཏུ་རྣམ་པ་ཐམས་ཅད་དུ་མི་གནང་ངོ་། །བླ་གབ་མེད་པ་ནི་གཙུག་ལག་ཁང་གི་སྟེང་ལ་བྱའོ། །

བཤང་བ་དང་གཅི་བའི་ཁང་པའི་ཕྱོགས་དང་། །ཁྱིམ་གྱི་ནང་དང་བཅས་པར་ནི་ཉེས་པ་མེད་དེ། དེར་ཡང་མ་བསྟར་ནའོ། །བསྟར་བ་དག་ཏུ་ནི་ཉེས་པར་འགྱུར་རོ། །ཁ་ཅིག་ན་རེ་ནི། གཙུག་ལག་ཁང་དུ་ཡང་མ་བསྟར་བ་ན་ཉེས་པ་མེད་དོ་ཞེས་འཆད་དོ། །མཛེ་ཅན་གྱིས་ནི་དགེ་འདུན་ཁྲི་

སོགས་སྤང་། །དགེ་འདུན་རྣམས་དང་འདུ་སོགས་དེ་བཞིན་ནོ། །དགེ་འདུན་སྐྱེ་བོ་མེད་པར་དེ་བཞག་སྟེ། །སྨན་གྱི་སྦྱོར་བ་དག་གིས་བསྐྱང་བར་བྱ། །མཛེ་ཅན་གྱིས་ནི་དགེ་འདུན་གྱི་ཁྲི་དང་ཁྲིའུ་ལ་སོགས་པ་ཐམས་ཅད་ཡོངས་སུ་སྤང་བར་བྱའོ། །དགེ་འདུན་དང་འདུ་བ་ལ་སོགས་པ་ཡང་དེ་

བཞིན་ནོ། །དགེ་འདུན་གྱིས་ཀྱང་མཛེ་ཅན་དེ་ཕྱོགས་དབེན་པར་གཞག་སྟེ། སྨན་དང་ནད་གཡོག་ཉེ་བར་བསྒྲུབས་པས་ཡོངས་སུ་བསྐྱང་བར་བྱའོ། །ནད་གཡོག་གིས་ཀྱང་ནད་པ་ཐམས་ཅད་ལ། །གསོན་པ་རྙེད་པར་དཀའ་བར་རྟོགས་བྱས་ཏེ། །རང་བཞིན་ཁ་ན་མ་ཐོ་མ་གཏོགས་

བསྒྲིམ། །བཅས་པའི་ཁ་ན་མ་ཐོ་བས་ཀྱང་བསྐྱང་། །ནད་གཡོག་གིས་ནད་པ་ཐམས་ཅད་ལ་སངས་རྒྱས་ཀྱི་བསྟན་པ་ལ་གནས་པའི་གང་ཟག་ནི། །ཉི་མ་གཅིག་ཙམ་གསོན་པ་ཡང་རྙེད་པར་དཀའ་བ་ཡིན་ནོ་སྙམ་དུ་རྟོགས་པར་བྱ་སྟེ། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་མ་གཏོགས་

Vol. 166 · folio 141a

པ། བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པས་ཀྱང་རིམ་གྲོ་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་ལས། བཙུན་པ་བཅོམ་ལྡན་འདས་ཀྱིས་ནད་པ་ལ་རིམ་གྲོ་བྱའོ་ཞེས་གསུངས་པ་དེ་ཡོ་བྱད་ཅི་འདྲ་བ་ཞིག་གིས་བགྱི། ཉེ་བ་འཁོར་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་

པ་མ་གཏོགས་པའི་ཡོ་བྱད་གཞན་རྣམས་ཀྱིས་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ལས། མལ་མཐོན་པོ་ལ་སོགས་པ་སྤོང་བ་སྟེ་བསླབ་པའི་གཞི་བརྒྱད་པ་རྫོགས་སོ།། །།རང་གླིང་སྐྱ་རེངས་དང་པོ་སོགས་བཟུང་ནས། །ཉི་མ་ཕྱེད་བར་

འདི་ནི་དུས་ཡིན་ཏེ། །དེ་ཡོལ་གང་ཞིག་དུས་རུང་ཟ་བྱེད་དེ། །ཉེས་བྱས་ལྕགས་ཀྱི་གོང་བུའི་ཟས་རྣམས་ཟ། །རང་གི་གླིང་གི་སྐྱ་རེངས་དང་པོ་ལ་སོགས་པ་ནས་བཟུང་ནས་ཉི་མ་ཕྱེད་ཀྱི་བར་འདི་ནི་དུས་ཡིན་ནོ། །རང་གི་གླིང་གི་སྒྲས་སྐྱ་རེངས་ལ་ཡང་སྦྱར་བར་བྱ་སྟེ། རང་གི་གླིང་གི་

སྐྱ་རེངས་ནས་བཟུང་ནས། རང་གི་གླིང་གི་ཉི་མ་ཕྱེད་ཀྱི་བར་ཞེས་བྱ་བའི་དུས་དེ་ཡོལ་ནས། དགེ་ཚུལ་གང་ཞིག་བཟའ་བ་དུས་སུ་རུང་བ་ཟ་བ་སྟེ། མིད་པ་དེ་ཉེས་བྱས་ཀྱི་ལྕགས་ཀྱི་གོང་བུ་རྣམས་ཟ་བ་ཡིན་ནོ། །ཉེས་བྱས་ཉིད་ལྕགས་ཀྱི་གོང་བུའི་ཟས་རྣམས་ཡིན་ནོ་ཞེས་ཚིག་སྦྱར་

རོ། །རྣམས་ཞེས་མང་པོར་སྨོས་པ་ནི་ཁམ་རེ་རེ་ལ་ཉེས་བྱས་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །རྣམ་པར་འབྱེད་པ་ལས། དུས་མ་ཡིན་པ་རྣམ་པ་གཉིས་ཏེ། སྐྱ་རེངས་མ་ཤར་བ་ནས་ཉི་མ་ཕྱེད་ཡོལ་བའོ་ཞེས་གསུངས་པ་ནི་བྱེ་བྲག་མ་ཕྱེད་པར་གསུངས་པའི་ཕྱིར་འདིར་སྐྱ་རེངས་

སྤྱིར་སྨོས་པ་ཡིན་ནོ། །སྒོ་གཏན་གྱི་བསླབ་པའི་གཞི་ལས་ནི། སྐྱ་རེངས་བྱེ་བྲག་ཏུ་དགོངས་པ་ཡིན་པས་དབྱེ་བ་རྣམ་པ་གསུམ་དུ་མཛད་པ་ཡིན་ཏེ། སྐྱ་རེངས་ནི་གསུམ་སྟེ། སྐྱ་རེངས་དང་པོ་ནི་སྔོན་པོར་སྣང་བའོ། །སྐྱ་རེངས་བར་པ་ནི་སེར་པོར་སྣང་བའོ། །སྐྱ་རེངས་ཐ་མ་ནི་དམར་

པོར་སྣང་བའོ་ཞེས་རྒྱ་ཆེར་གསུངས་ནས། དོན་འདི་ལ་ནི་སྐྱ་རེངས་ཐ་མ་ཡིན་པར་དགོངས་སོ་ཞེས་དེ་སྐད་གསུངས་པས་དེའི་ཕྱིར་འདིས་ནི་སྒོ་གཏན་ལས་གཞན་དུ་ནི་སྐྱ་རེངས་དང་པོ་ཁོ་ནར་བཞེད་པ་ཡིན་པས་སྐྱ་རེངས་དང་པོ་སྨོས་པ་ཡིན་ནོ། །འོ་ན་སྐྱ་རེངས་འཆར་བའི་དུས་གང་ཡིན་ཞེ་ན། རེ་ཞིག་

Vol. 166 · folio 141b

གསོ་སྦྱོང་བཞག་པའི་གཞི་ལས། བཙུན་པ་མཚན་མོའི་ཐུན་ཐ་མ་ལ་བབ་སྟེ། རྔ་བརྡུང་དུ་ཉེ་བའི་མཚན་མོ་སྐྱ་རེངས་འཆར་བའི་དུས་ཀྱི་ཚོད་ལ་བབ་པས་ད་ནི་རིང་པོར་མི་ཐོགས་པར་སྐྱ་རེངས་འཆར་ལགས་ན། བཅོམ་ལྡན་འདས་སོ་སོར་ཐར་པའི་མདོ་གདོན་དུ་གསོལ་ཞེས་གསུངས་པ་

ཡིན་ནོ། །ཐུན་ཐ་མ་ནི་ནམ་གྱི་ཆ་གསུམ་པ་ཡིན་ནོ། །བབ་སྟེ་ནི་ཐུག་སྟེའོ། །ཐ་མ་དེ་ལ་སྐྱ་རེངས་འཆར་བའི་དུས་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དུས་དེ་ནི་བཅོམ་ལྡན་འདས་ཀྱིས་མཚན་མོ་དཔེར་བསྟན་པས་ངེས་པར་གསུངས་པ་ཡིན་ཏེ། རྣམ་པར་འབྱེད་པ་ལས། སྐྱ་རེངས་དང་པོ་ཤར་

ན་ནམ་མཁའ་སྔོན་པོར་སྣང་ངོ་། །སྐྱ་རེངས་བར་མ་ཤར་ན་སེར་པོར་སྣང་ངོ་། །སྐྱ་རེངས་ཐ་མ་ཤར་ན་དམར་པོར་སྣང་ངོ་ཞེས་གསུངས་པའི་ཕྱིར་རོ། །ཆུ་ཚོད་ལ་སོགས་པས་མཚོན་པར་མ་མཛད་པ་ནི་ཐམས་ཅད་དུ་ཆུ་ཚོད་ལ་སོགས་པ་རྙེད་པར་དཀའ་བའི་ཕྱིར་རོ། །ཇི་སྟེ་འོ་ན་

ཉི་མ་མ་ཤར་ཀྱང་སྐྱ་རེངས་འཆར་ན། ཉིན་མོར་ཐ་སྙད་གདགས་སམ་ཞེ་ན། བཤད་པ། སྣང་བ་ཡོད་པའི་ཕྱིར་རོ། །འདི་ལྟར་མཚན་མོ་ཟད་པར་གྱུར་པའི་ངོ་བོ་ནི་ཉིན་མོ་ཡིན་ལ། ཉིན་མོའི་ངོ་བོ་ནི་སྣང་བ་ཡིན་ཞིང་སྣང་བ་ཡང་སྐྱ་རེངས་དང་པོ་ལ་སོགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་

ཞག་བཅུ་གཅིག་པའི་སྐྱ་རེངས་འཆར་བ་ན་ཞེས་གསུངས་པ་ཡིན་ནོ། །གཞན་དུ་ན་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བའི་དུས་ཞེས་བྱ་བར་ཇི་ལྟར་འགྱུར། དེ་ལྟར་ཡང་བསྟན་བཅོས་ལས་སྣང་བའི་གནས་སྐབས་ནི་ཉིན་མོ་ཡིན་ལ། མུན་པའི་གནས་སྐབས་ནི་མཚན་མོ་ཡིན་

ནོ་ཞེས་འབྱུང་བ་དང་ཡང་མི་འགལ་ཏེ་སྐྱ་རེངས་ཤར་བ་དང་པོ་ལ་སོགས་པ་ནི་སྣང་བ་བརྩོན་པའི་ཕྱིར་རོ། །གཞུང་ལུགས་དང་སྐར་མའི་བསྟན་བཅོས་ལས་མཚན་མོའི་བརྒྱད་ཆ་ལུས་པའི་ཐུན་ལ་རྔ་བརྡུང་བར་བྱའོ་ཞེས་རྣམ་པར་གཞག་པས། དེའི་ཕྱིར་རྔ་བརྡུང་དུ་ཉེ་བའི་མཚན་

མོ་ཞེས་བྱ་བ་ནི་ཐུན་ཚོད་ཕྱེད་ལུས་པའི་མཚན་མོ་ཡིན་ཏེ། འདི་ཁོ་ན་ལ་སྐྱ་རེངས་འཆར་བ་ཡིན་ནོ་ཞེས་བྱ་བའི་དོན་དུ་གནས་སོ། །ཐུན་ཚོད་ཕྱེད་པས་ལྷག་པ་དང་བཅས་པ་ལ་སྐྱ་རེངས་འཆར་རོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ། འདིར་གཞུང་ནི། དགེ་སློང་མའི་རྣམ་པར་འབྱེད་པ་

Vol. 166 · folio 142a

ལས། ཐུན་ཐ་མའི་ཐུན་དང་པོའི་ཕྱེད་ན་རྔ་བརྡུང་དུ་ཉེ་བའི་མཚན་མོ་སྐྱ་རེངས་འཆར་བའི་དུས་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་སྐྱ་རེངས་དང་པོ་ལ་སོགས་པ་ལས་ཉིན་ཞག་དུ་རྣམ་པར་གཞག་པ་ཡིན་ན། དེའི་ཚེ་ཆུའི་བསླབ་པའི་གཞི་ལས།

ཉིན་ཞག་གི་རུང་བ་གསུངས་པ་ཇི་ལྟར་རྟོགས་པར་བྱ་སྟེ། དེང་བརྟགས་པའི་ཆུ་ནི་སྐྱ་རེངས་ཤར་གྱི་བར་དུ་རུང་གི་དེ་ཕན་ཆད་མི་མཐོང་བའི་ལམ་ལས་འདས་པའི་ཕྱིར་བརྟག་པ་མི་སྲིད་ན། ཆུ་སྤྱད་པ་ཡང་མི་སྲིད་པས་ཉམས་པ་ཆེར་འགྱུར་རོ་ཞེ་ན། དེ་ནི་ཉེས་པ་མེད་དེ། ཕྲན་ཚེགས་

ལས། ཉིན་མོ་བརྟག་པར་བྱ་ཞིང་ཇི་སྲིད་དུ་སྐྱ་རེངས་ཀྱི་དུས་ཀྱི་ཚད་དེ་སྲིད་དུ་ཡོངས་སུ་སྤྱད་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །སྐྱ་རེངས་ཀྱི་དུས་ཀྱི་ཚོད་ཅེས་བྱ་བ་ནི་སྐྱ་རེངས་སུམ་ཆར་སྤྱིར་གཟུང་བ་ཡིན་ནོ། །དེ་ལྟར་ཡང་འདུལ་བ་མདོ་ལས་ནམ་ཉི་མ་ཤར་ཀ་ཚུན་ཆད་བརྟགས་པ་

ཉིད་ཀྱི་རྗེས་སུ་འཇུག་པར་བྱ་ཞེས་འབྱུང་བ་ཡིན་ཏེ། ནམ་ཞེས་བྱ་བ་འདི་ནི་ཁྱབ་པ་ལ་བྱ་བ་ཡིན་པས། ཉིན་མོ་སྐྱ་རེངས་རྣམས་དང་བཅས་པ་བཟུང་བ་ཡིན་པར་རིག་པར་བྱའོ། །སྡེ་བ་གཞན་དག་ན་རེ་ནི། ཐུན་ཚོད་བཞི་ཆའི་ལྷག་དང་བཅས་པ་ནི་མཚན་མོའི་ཐུན་ཐ་མ་མ་ཡིན་ཞིང་།

ཐུན་ཚོད་ཐུན་ཚོད་ལ་རྔ་བརྡུང་བར་བྱའོ་ཞེས་འཆད་དེ། དེ་དག་ལ་ཡང་རྣམ་པར་གཞག་པ་ཡོད་དོ། །དེ་བས་ན་བཙུན་པ་མཚན་མོ་ཐུན་ཐ་མ་ལ་བབ་སྟེ། རྔ་བརྡུང་དུ་ཉེ་བའི་མཚན་མོ་སྐྱ་རེངས་འཆར་བའི་དུས་ཀྱི་ཚོད་ལ་བབ་པས། ད་ནི་རིང་པོར་མི་ཐོགས་པར་སྐྱ་རེངས་འཆར་ལགས་

ན་ཞེས་གསུངས་པའི་ཕྱིར། མཚན་མོའི་ལྔ་ཆ་ལུས་པ་ན་སྐྱ་རེངས་འཆར་རོ་ཞེ་ན། དེ་སྐད་སྨྲས་པ་ནི་ངེས་པ་མེད་པའི་ཕྱིར་རོ། །ཇི་སྟེ་ངེས་པར་བྱེད་པ་ནི་བྱེ་བྲག་ཏུ་བཤད་པའི་ཚིག་ཡིན་ནོ་ཞེ་ན། དེ་ཡིན་ཟིན་ཀྱང་བཅོམ་ལྡན་འདས་ཀྱི་གསུང་རྣམ་པར་བཤད་པ་ནི། བྱེ་བྲག་

ཏུ་བཤད་པའོ་ཞེས་བྱའོ་ཞེས་དེ་སྐད་གསུངས་ལ། འདི་གང་གིས་རྣམ་པར་བཤད་པ་ཡིན་པ་ལས་ནི་མཚན་མོའི་ལྔ་ཆ་ལུས་པ་ན་སྐྱ་རེངས་དང་པོ་ཡིན་ནོ་ཞེས་དེ་སྐད་ཀྱང་མི་འབྱུང་ངོ་། །ཡང་ན་དེ་ཡིན་ཡང་རུང་སྟེ། གལ་ཏེ་སྐྱ་རེངས་འཆར་བའི་མཚན་ཉིད་ནམ་མཁའ་ལ་སྣང་བ་

Vol. 166 · folio 142b

དེའི་ཚེ་བརྩད་དུ་མེད་པ་ཁོ་ན་ཡིན་ཏེ། ཇི་སྐད་དུ་སྐར་མའི་བསྟན་བཅོས་ནས། སྐྱ་རེངས་དང་པོ་ཤར་ན་ནི། །ཤར་ཕྱོགས་སུ་ནི་སྔོར་སྣང་ཞིང་། སྐར་མའི་གདོང་གི་འོད་ཉམས་ལ། །ནམ་མཁའ་སྔོ་སྐྱར་འགྱུར་བ་ཡིན། །སྐྱ་རེངས་བར་མ་ཤར་ན་ནི། །དེས་ན་ཤར་ཕྱོགས་སྐྱ་ཞིང་དམར། །

རྒྱུ་སྐར་འོད་ནི་ཆུང་བ་དང་། །ནམ་མཁའ་སེར་སྐྱར་འགྱུར་བ་ཡིན། །སྐྱ་རེངས་ཐ་མ་ཤར་བ་ནི། །རྒྱུ་སྐར་འོད་ནི་མེད་པ་དང་། །སྐྱ་རེངས་ཐ་མའོ་ཟིར་བཤད། །འོ་ཟི་འང་ཉི་མ་ཤར་བར་དུའོ། །ཞེས་བསྟན་པ་ལྟ་བུ་ཡིན་ནོ། །ཞར་ལ་འོངས་པས་ཆོག་གོ། །འོ་ན་རང་གི་གླིང་སྨོས་

པ་ཅི་དགོས་ཤེ་ན། འཛམ་བུའི་གླིང་ལ་སོགས་པ་གནས་གང་ན་འདུག་པ་དེ་ནི་རང་གི་གླིང་ཞེས་བྱ་ལ། དེ་ལས་གཞན་པ་ནི་རྣམ་པ་གཞན་དུ་ཡིན་ནོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །འདིར་གཞུང་ནི་ཞུས་པ་ལས། བཙུན་པ་དགེ་སློང་གིས་དུས་མ་ལགས་པར་བཟའ་བ་དང་བཅའ་བ་

འཚལ་ལམ། འཆའ་ན་ལྟུང་བར་མི་འགྱུར་བ་མཆིས་སམ། བཤད་པ་དེ་བཞིན་ཏེ། འཛམ་བུའི་གླིང་པའི་དུས་ཀྱིས་གླིང་གསུམ་པོ་དག་ཏུ་ཟོས་ན་ལྟུང་བ་མེད་དོ་ཞེས་འབྱུང་བ་ཡིན་ཏེ། དེ་སྐད་གསུངས་པ་ཡང་འཛམ་བུའི་གླིང་ན་གནས་པ་ལ་མཚོན་པ་ཡིན་ནོ། །གཏམ་གྱི་གཞི་ལས།

བཙུན་པ་རེ་ཞིག་དགེ་སློང་གིས་ཤར་གྱི་ལུས་འཕགས་གླིང་དུ་འཚལ་ན་དེས་དུས་གང་གིས་འཚལ་བར་བགྱི། དེ་རྣམས་ཀྱི་དུས་གང་ཡིན་པས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ནི། ཤར་གྱི་ལུས་འཕགས་གླིང་ལ་སོགས་པར་གནས་པ་ལ་གསུངས་པ་ཡིན་ནོ། །གནས་པའི་དུས་

ཀྱིས་ནི་འདིར་དུས་དང་དུས་མ་ཡིན་པར་རྒྱུ་བ་དག་དང་། བསོད་སྙོམས་ལ་འགྲོ་བ་ལ་སོགས་པའི་རྣམ་པར་གཞག་པ་ཡིན་གྱི། གང་དུ་འགྲོ་བར་བྱེད་པ་དེ་ནི་དེའི་དུས་ཀྱིས་མ་ཡིན་པར་ཤེས་པར་བྱའོ། །སྒྲེགས་པ་ཟས་ཅན་བྱུང་ན་དོར་བྱས་ནས། །འབད་པ་དག་གིས་ཁ་ནི་བཀྲུ་བར་

བྱ། །ལས་ཀྱི་དབང་གིས་མིད་པ་གཉིས་ཡོད་ན། །བ་ལང་བདག་བཞིན་ཅི་དགར་མིད་པར་བྱ། །གལ་ཏེ་སྒྲེགས་པ་ཟས་ཅན་བྱུང་ན་དེ་བོར་ཏེ་ལེགས་པར་ཁ་བཀྲུ་བར་བྱའོ། །གང་ཞིག་སྔོན་གྱི་ལས་ཀྱི་དབང་གིས་བ་ལང་བདག་དང་འདྲ་བར་མིད་པ་གཉིས་ཡོད་ན། དེས་བ་

Vol. 166 · folio 143a

ལང་བདག་བཞིན་དུ་ཅི་དགར་མིད་པར་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་ལས། ཚེ་དང་ལྡན་པ་བ་ལང་བདག་མིད་པ་གཅིག་ནས་ནི་སྒྲེགས་པ་ཟས་ཅན་འབྱུང་ལ། གཅིག་ནས་ནི་མིད་པར་བྱེད་པ་ལས། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་

ཟས་བཀག་པ་དེའི་ཚེ། ཚེ་དང་ལྡན་པ་བ་ལང་བདག་གིས་སྒྲེགས་པ་བྱུང་ཞིང་། བྱུང་བ་བོར་བ་དང་དེ་རིད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དེའི་ཕྱིར་གང་ལ་སྔོན་གྱི་ལས་ཀྱིས་མིད་པ་གཉིས་སྐྱེས་པ་དེས་ལན་གཉིས་སམ། ལན་གསུམ་བོར་ཏེ་ཁ་

བཀྲུས་ནས། ལྷག་མ་མིད་པར་བྱ་བར་གནང་གི་དེ་ལ་འགྱོད་པར་མི་བྱའོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །གཞན་ཡང་། གལ་ཏེ་འདི་ལ་བརྟུལ་ཞུགས་གནས་པའི་ཚེ། །ཉི་མ་གཅིག་ཀྱང་འདོད་ཡིན་དེ་ཡི་ཕྱིར། །ནད་པ་ལ་ནི་མཁས་པའི་ལུང་ཉིད་དུས། །ཕོངས་པ་ལ་ནི་དུས་

མིན་མེད་པ་ཡིན། །གང་གི་ཕྱིར་བདེ་བར་གཤེགས་པའི་བསྟན་པ་ལ་ནི་སྡོམ་པ་ལ་གནས་པའི་ཚེ་ཉིན་གཅིག་ཀྱང་གསོན་པ་ཤིན་ཏུ་རྙེད་པར་དཀའ་བ་ཡིན་པ་དེའི་ཕྱིར་ནད་པ་ལ་ནི་སྨན་པའི་ལུང་ཉིད་དུས་ཡིན་ནོ། །འདིར་གཞུང་ནི་གླེང་གཞི་ལས། འཕགས་པ་དུས་མ་ཡིན་པར་བཤོས་

གསོལ་བ་དང་སོས་པར་འགྱུར་རོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྨན་པ་ཟེར་ན་ལྡེ་གུའི་ཟན་དག་སྦྱིན་པར་བྱ་ཞིང་དེ་བཞིན་དུ་གོང་བུའི་ཟན་དང་བྲ་བྲུའི་ཟན་དང་ཐམས་ཅད་སྦྱིན་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་

དུས་མ་ཡིན་པར་ཤ་ཁུ་དག་འཐུངས་ཤིག་དང་སོས་པར་འོང་ངོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྨན་པ་ཟེར་ན་སྦྱིན་པར་བྱའོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་རྡོ་ཤའི་ཤ་དང་ཚོད་མ་མངར་བག་ཏུ་བྱས་པ་སྐམ་པོ་ཡང་སྦྱིན་པར་བྱ་སྟེ། འདི་ལ་

འགྱོད་པར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཕོངས་པ་སྟེ་ལོ་ཉེས་སམ་དགོན་པ་དག་ཏུ་བབ་ན་དེ་ལྟ་བུའི་གནས་སྐབས་ཤེས་པར་བྱའི། ཟོས་པ་ལ་ཉེས་པ་མེད་དེ་གང་གི་ཚེ་རྙེད་པ་དེའི་ཚེ་དེ་ཉིད་དུས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་སིལ་བུ་ལས། ཕོངས་པ་

Vol. 166 · folio 143b

ལོ་ཉེས་བྱུང་བ་དང་དགོན་པར་བབ་པས་རང་གིས་ཀྱང་གཡོས་ནས་སམ། ལྗོན་ཤིང་ལ་འཛེགས་ཏེ་འབྲས་བུ་བཏོགས་ནས་སམ། བསྒུལ་ནས་སམ་བྱང་གི་སྒྲ་མི་སྙན་པའི་ལུགས་ལ་བརྟེན་ནས་སྤྱད་པར་བྱའོ། །དེ་བཞིན་དུ་རྩ་བ་ལ་སོགས་པ་ཡང་རང་གིས་ས་ལས་བཏོན་ནས། དུས་

དང་དུས་མ་ཡིན་པར་ཡང་རུང་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ་ཞེས་འབྱུང་བ་ཡིན་ནོ། །གླེགས་བམ་ཁ་ཅིག་ལས་དུས་མ་ཡིན་པར་ཡང་རུང་ཞེས་བྱ་བ་མི་འབྱུང་སྟེ། འོན་ཀྱང་དགོན་པ་ལ་སོགས་པར་བབ་པ་ན་ནི་ནད་པ་དང་འདྲ་བར་མཚུངས་པ་ཡིན་པས་དོན་གྱིས་རྟོགས་པར་བྱའོ། །

ཡ་རབས་རྣམས་ཀྱིས་ཤ་དང་ཉ་གནང་གང་། །གནོད་དང་བརྩེ་མེད་རོ་སོགས་ལ་ཆགས་དང་། །ཡོངས་སུ་བཙལ་བའི་སེམས་དག་སྤངས་ནས་ནི། །ལྷུང་བཟེད་འོངས་པ་དེ་ལ་བརྟགས་ཏེ་བཟའ། །འཇིག་རྟེན་ན་ཡ་རབས་ཏེ་རིགས་ཀྱི་ཆོས་དང་ལྡན་པར་བྱེད་པ་རྣམས་ཀྱིས། ཤའམ་ཉ་ཤ་

བཟའ་བར་གྲགས་ཤིང་གནང་བ་གང་ཡིན་པ་ལྷུང་བཟེད་དུ་འོངས་པ་དེ་ལ་བརྟགས་ཏེ་བཟའ་བར་བྱའོ། །བརྟགས་ནས་ཞེས་བྱ་བ་ཅི་དགོས་ཤེ་ན། མི་དང་སྦྲུལ་དང་གླང་པོ་ཆེ་དང་། སྤྲེའུ་ལ་སོགས་པའི་ཤ་བཀག་པ་རྣམས་ཡོངས་སུ་སྤང་བའི་ཕྱིར་རོ། །ཡ་རབས་རྣམས་ཀྱིས་

གནང་ཞེས་བྱ་བ་འདི་ཅིའི་ཕྱིར་ཞེ་ན། སྐྱེ་བོ་ཡ་རབས་ཀྱིས་སྨད་པ་ཁོ་ན་དག་ལ་བཅོམ་ལྡན་འདས་ཀྱིས་ཀྱང་བཀག་པའི་ཕྱིར་ཏེ། དེ་ལྟར་མདོར་བྱས་པ་ཡིན་ནོ། །གནོད་ཅེས་བྱ་བ་ལ་སོགས་པ་ནི་ཇི་ལྟར་བཟའ་བར་བྱ་བ་དེ་སྟོན་ཏོ། །གནོད་པ་དང་། བརྩེ་བ་མེད་པ་དང་རོ་ལ་

སོགས་པ་ལ་ཆགས་པ་དང་། ཡོངས་སུ་བཙལ་བའི་ཞེས་བྱ་བ་དང་ཡོད་པར་བྱས་ནས། གནོད་པ་དང་བརྩེ་བ་མེད་པ་དང་རོ་ལ་སོགས་པ་ལ་ཆགས་པ་དང་། ཡོངས་སུ་བཙལ་བའི་རྣམ་པའི་སེམས་དག་ཅེས་བྱ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པ་ཡིན་ནོ། །དེ་ལ་གནོད་

པ་ནི་གཞན་ལ་འཁུ་བའོ། །བརྩེ་མེད་ནི་སྙིང་མི་བརྩེ་བའོ། །རོ་སོགས་ལ་ཆགས་པ་ནི་དྲི་དང་རོ་དང་རེག་བྱ་དག་ལ་ཞེན་པ་ཡིན་ནོ། །ཡོངས་སུ་བཙལ་བ་ནི་རང་གིས་བྱེད་པའོ། །དེའི་ཕྱིར་དེ་དག་ལ་མ་ཞེན་པར་བྱ་སྟེ། ལུས་གཟུང་བའི་ཕྱིར་སྨན་དང་འདྲ་བར་བཟའ་བར་བྱའོ། །

Vol. 166 · folio 144a

སྨན་གྱི་གཞི་ལས་ཀུན་དགའ་བོ་དེ་བས་ན་དེའི་ཕྱིར་དགེ་སློང་རྣམས་ཀྱིས་སྨན་རྣམ་པ་བཞི་པོ་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་པ་དང་། འཚོ་བའི་བར་དུ་བཅང་བ་རྣམས་བསྟེན་པར་བྱ་བར་གནང་ངོ་ཞེས་གསུངས་པ་དེ་ལ་དུས་སུ་རུང་བའི་

དབང་དུ་བྱས་ནས། བཤད་པ། ནས་ཆན་སྣུམ་ཁུར་འབྲས་ཆན་ཉ་དང་ཤ །འདི་དག་སྲོག་གནས་བྱ་ཕྱིར་བཟའ་བར་གསུངས། །སྡོང་བུ་འབྲས་བུ་ཨུཏྤལ་ལ་སོགས་རྩ། །དེ་དག་བཅའ་བ་དུས་སུ་རུང་བ་ཡིན། །བཅོམ་ལྡན་འདས་ཀྱིས་ནས་ཆན་དང་། འབྲས་ཆན་དང་། ཤ་

དང་ཉ་ཤ་དང་སྣུམ་ཁུར་ནི་བཟའ་བ་ཡིན་པར་གསུངས་ལ། བཅའ་བ་ཡང་སྡོང་བུའི་བཅའ་བ་ནི་བུ་རམ་ཤིང་ལ་སོགས་པའོ། །འབྲས་བུའི་བཅའ་བ་ནི་ཆུ་ཤིང་གི་འབྲས་བུ་ལ་སོགས་པའོ། །རྩ་བའི་བཅའ་བ་ནི་ཨུཏྤལ་ལ་སོགས་པའི་རྩ་བ་དག་དང་། དོ་བ་ལ་སོགས་པ་སྟེ། འདི་

ནི་དུས་སུ་རུང་བ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དུས་མིན་རུང་བ་ཆུ་ཤིང་འབྲས་བུ་ལ། །སོགས་པའི་ལྟུང་བ་ཚགས་བཙགས་རུང་ཆུས་བསླད། །དར་བ་དང་རྩབས་ཆུར་ཁུ་སྦྱར་བའི་ཚ། །བུ་རམ་ཤིང་ཁུ་དང་བ་འབྲུ་ཚ་ཡིན། །དུས་མ་ཡིན་པར་རུང་བ་ནི་དུས་མིན་རུང་བ་ཡིན་ཏེ།

ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དང་། ཇི་སྲིད་དུ་འཚོ་བའོ། །དེ་ལ་ཐུན་ཚོད་དུ་རུང་བ་ནི་ཆུ་ཤིང་གི་འབྲས་བུ་ལ་སོགས་པ་བཏུང་བ་ཡིན་ཏེ། དེ་ཡང་རུང་ཆུས་བཏབ་པ་དང་ཚགས་ཀྱིས་བཙགས་པ་ཉིད་ཡིན་ནོ། །ཕྲན་ཚེགས་ལས། བཙུན་པ་དུས་སུ་རུང་བའི་བཏུང་བ་ནི་གང་

ལགས། དུས་མ་ལགས་པར་རུང་བ་ནི་གང་ལགས། བཀའ་སྩལ་པ། ཉེ་བ་འཁོར་མ་བཙགས་པ་ནི་དུས་སུ་རུང་བའོ། །ཚགས་ཀྱིས་ཡོངས་སུ་བཙགས་ཤིང་། ཆུས་གཏོར་བ་ནི་དུས་མ་ཡིན་པར་རུང་བའོ་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་བཏུང་བ་ཚགས་ཀྱིས་

བཙགས་པ་རུང་བའི་ཆུས་བསླད་པ་ཞེས་བྱ་བས་བྱེ་བྲག་ཏུ་འབྱེད་དོ། །སྨན་གྱི་གཞི་ལས། ཆུ་ཤིང་འབྲས་བུ་ཀུ་ཤུ་གོ་ལ་དང་། །ཨ་ཤྭད་ཐ་དང་ཨུ་དུམ་བཱ་ར་དང་། །པ་རུ་ཤ་ཀ་དང་ནི་རྒུན་འབྲུམ་དང་། །བརྒྱད་པ་འབྲ་གོ་དག་ནི་ཡིན་པར་བཤད། །ཅེས་སྡོམ་གྱི་

Vol. 166 · folio 144b

ཚིགས་སུ་བཅད་པ་གསུངས་པ་དེ་ནི་ཉེ་བར་མཚོན་པ་ཡིན་པས། ཨ་མྲ་ལ་སོགས་པའི་བཏུང་བ་རྣམས་འདིར་ཁོང་དུ་ཆུད་པར་བྱའོ། །དར་བ་དང་ཞེས་བྱ་བ་ནི་ཤིན་ཏུ་དང་བའོ། །ཆུར་ཁུ་དང་སྦྱར་བའི་ཚ་ནི་སྦྱར་བའི་ཚ་ཡིན་ཏེ། རྩབ་མོ་དང་ཆུར་ཁུ་དང་སྦྱར་བའི་ཚ་ཞེས་རེ་རེ་ལ་ཡང་དང་

བ་ཡོད་པར་སྦྱར་རོ། །གླེང་གཞི་ལས། དགེ་སློང་དག་ལྔ་པོ་འདི་དག་ནི་རྩབ་མོ་སྐྱུར་པོ་དག་ཡིན་ཏེ། ལྔ་པོ་གང་དག་ཅེ་ན། འདི་ལྟ་སྟེ། སྦྱར་བའི་ཚ་དང་། འབྲུའི་ཆང་དང་། ཕྲུམ་ཁུ་དང་། ཞོག་ཆུ་དང་། ལྔ་པ་རྩབ་མོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་སྦྱར་བའི་ཚ་ནི།

གང་ཞིག་རྫས་སྦྱར་བ་ལས་སྐྱུར་པོར་གྱུར་ཅིང་ཉམས་པའོ། །ཞོ་ག་ཆུ་ནི་ཆུར་ཁུའོ། །ཕྲུམ་ཁུ་ནི་ཆུར་ཁུ་དང་འདྲའོ། །རྩབས་ནི་རྩབ་མོ་ཉིད་དོ། །འདི་དག་ཚགས་ཀྱིས་བཙགས་ཏེ། ཆུས་བསླད་པ་ཤིན་ཏུ་དང་བ་འདམ་བུ་མདའ་རྒྱུའི་ཁ་དོག་འདྲ་བར་གྱུར་པ་དག་ནི། དགེ་སློང་གིས་

དུས་ཀྱང་རུང་དུས་མ་ཡིན་པ་ཡང་རུང་། ན་ཡང་རུང་མི་ན་ཡང་རུང་། ཡོངས་སུ་སྤྱད་པར་བྱ་སྟེ་འདི་ལ་འགྱོད་པར་མི་བྱའོ་ཞེས་འབྱུང་བ་ཡིན་ནོ། །བུ་རམ་ཤིང་གི་ཁུ་བ་ནི་ཐུན་ཚོད་དུ་རུང་བ་ཡིན་ནོ། །དང་བ་ཞེས་བྱ་བ་འདིས་ནི་ཕྱེ་མ་དང་འདྲེས་པར་དང་བ་རྣམས་ནི་དུས་སུ་རུང་བ་ཉིད་ཡིན་པར་སྟོན་

པ་ཡིན་ནོ། །འདིར་གཞུང་ནི་ཞུས་པ་ལས། ཉེ་བ་འཁོར་བུ་རམ་ཤིང་ནི་དུས་སུ་རུང་བ་ཡིན། ཁུ་བ་ནི་ཐུན་ཚོད་དུ་རུང་བ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐུན་ཚོད་དུ་རུང་བ་བཤད་ཟིན་ཏོ། །ཞག་བདུན་པ་བཤད་པ། བུ་རམ་དང་ནི་འབྲུ་མར་སྦྲང་རྩི་མར། །ཧྭགས་དང་

ཞག་དང་ཁ་རར་བཅས་ཉིད་ཡིན། །སྨན་གྱི་གཞི་ལས། ཞག་བདུན་པ་ནི་མར་དང་དེ་བཞིན་དུ་འབྲུ་མར་དང་བུ་རམ་དང་སྦྲང་རྩི་དང་ཁ་རའོ་ཞེས་གསུངས་པ་ལ། བུ་རམ་ནི་བུ་རམ་ཁོ་ན་ཡིན་ཏེ། བུ་རམ་སྨོས་པ་ཁོ་ནའི་ཕྱིར་བུ་རམ་གྱི་རྣམ་པ་དག་ཀྱང་སྨོས་པ་ཡིན་པས་ཧྭགས་ཞེས་

སྨོས་སོ། །འདིར་གཞུང་ནི། ཉེ་བ་འཁོར་གང་ཟག་ལྔ་པོ་དག་གིས་བུ་རམ་སྤྱད་པར་བྱ་སྟེ། ལམ་དུ་ཞུགས་པ་དང་། ཟན་ཆད་པ་དང་། ནད་པ་དང་། དགེ་སྐོས་དང་། ལག་གི་བླས་ཞེས་འབྱུང་བ་ཡིན་ནོ། །སྦྲང་རྩི་ཞེས་བྱ་བ་ནི་སྦྲང་མ་དང་བུང་བའི་འོ། །ཁར་ཞེས་བྱ་བ་ནི་

Vol. 166 · folio 145a

སྦྲང་རྩིའི་ཁ་ར་དང་ཧྭགས་ཀྱི་ཁ་རའོ། །ཞག་ཅེས་བྱ་བ་ལ། འདིར་གཞུང་ནི་ཞག་ལྔ་དག་སྟེ། ཉའི་ཞག་དང་། ཤུ་ཤུ་ཀའི་ཞག་དང་། ཆུ་སྲིན་བྱིས་པ་གསོད་པའི་ཞག་དང་། དྲེད་མོའི་ཞག་དང་། ཕག་གི་ཞག་གོ། །དེ་ལྟར་ཞག་ལྔ་པོ་འདི་དག་ནི་ཞག་

བདུན་གྱི་བར་དུ་བཞུས་པའི་ཁུ་བ་ཡོངས་སུ་སྤྱད་པས། ཡོངས་སུ་སྤྱད་པར་བྱའོ་ཞེས་འབྱུང་བ་ཡིན་ནོ། །ཇི་སྲིད་འཚོའི་བར་དུ་བཅང་བའི་དབང་དུ་བྱས་ནས་བཤད་པ། ཡུང་དང་སྒེའུ་གཤེར་གླ་སྒང་ལ་སོགས་རྩྭ། །སླེ་ཏྲེས་ཙན་དན་དམར་པོ་སོགས་སྡོང་བུ། །ནིམ་པ་པ་ཏོ་ལ་སོགས་

ལོ་མར་བཤད། །མེ་ཏོག་ད་ཏ་ཀི་དང་བ་ཤ་ཀ །འབྲས་བུ་སྐྱུ་རུ་ན་ལེ་ཤམ་པ་རུ། ཨ་རུ་ཀ་ཀོལ་སུག་སྨེལ་པི་པི་ལིང་། །དེ་ལ་རྩ་བའི་སྨན་ནི་ཡུང་དང་སྒེའུ་གཤེར་དང་གླ་སྒང་ལ་སོགས་པ་ཡིན་ནོ། །སྡོང་བུའི་སྨན་ནི་སླེ་ཏྲེས་དང་། ཙན་དན་དམར་པོ་ལ་སོགས་པ་ཡིན་ནོ། །ལོ་

མའི་སྨན་ནི་ནིམ་པའི་ལོ་མ་དང་། པ་ཏོ་ལའི་ལོ་མ་ལ་སོགས་པ་ཡིན་པར་བཤད་དོ། །མེ་ཏོག་གི་སྨན་ནི་དཔེར་ན་བ་ཤ་ཀའི་མེ་ཏོག་དང་། ད་ཏ་ཀའི་མེ་ཏོག་ལ་སོགས་པ་ཡིན་ནོ། །འབྲས་བུའི་སྨན་ནི་སྐྱུ་རུ་ཞེས་བྱ་བ། སྐྱུ་རུ་ར་དང་བ་རུ་ར་དང་། ཨ་རུ་ར་ཞེས་དང་ཡོད་པར་བྱས་

ནས། ན་ལེ་ཤམ་དང་། བ་རུ་ར་དང་། ཨ་རུ་ར་ཞེས་རེ་རེ་ལ་ཡང་ཡོད་པར་སྦྱར་རོ། །བ་རུ་ར་ཞེས་བྱ་བ་ནི་བ་རུ་རའི་འབྲས་བུ་ཡིན་ནོ། །ཨ་རུ་ར་ཞེས་བྱ་བ་ནི། ཨ་རུ་རའི་འབྲས་བུ་ཡིན་ནོ། །ཀ་ཀོ་ལ་ནི་ཀ་ཀོ་ལའི་འབྲས་བུ་ཞེས་བྱ་བ་དང་། སུག་སྨེལ་གྱི་འབྲས་བུ་དང་། པི་པི་ལིང་

ཡིན་ནོ། སྨན་གྱི་གཞི་ལས། ཇི་སྲིད་འཚོའི་བར་དུ་བཅང་བ་ནི། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་ཞེས་རྒྱ་ཆེར་འབྱུང་ཞིང་། དེ་ལ་རྩ་བའི་སྨན་ནི་གླ་སྒང་དང་། ཤུ་དག་དང་། ཡུང་བ་དང་། སྒེའུ་གཤེར་དང་།

བོང་ང་ཞེས་བྱ་བ་དང་། གཞན་ཡང་གང་ཞིག་རྩ་བའི་སྨན་གྱི་དོན་དུ་གསལ་ཞིང་། ཁ་ཟས་ཀྱི་དོན་དུ་མ་ཡིན་པའོ། །སྡོང་བུའི་སྨན་ནི་ཙན་དན་དང་། སྤྱི་མོ་དང་། ཤུག་པ་དང་། སྒྲོན་ཤིང་དང་། སླེ་ཏྲེས་དང་། སྐྱེར་པའོ། །ལོ་མའི་སྨན་ནི། པ་ཏོ་ལའི་ལོ་མ་དང་། བ་ཤ་

Vol. 166 · folio 145b

ཀའི་ལོ་མ་དང་། ནིམ་པའི་ལོ་མ་དང་། ཀོ་ཤ་ཏ་ཀིའི་ལོ་མ་དང་། སབྟ་པརྞའི་ལོ་མ་ལ་སོགས་པ་ཡིན་ནོ། །མེ་ཏོག་གི་སྨན་ནི། བ་ཤ་ཀའི་མེ་ཏོག་དང་། ནིམ་པའི་མེ་ཏོག་དང་། ད་ཏ་ཀའི་མེ་ཏོག་དང་། ཀླུ་ཤིང་གི་མེ་ཏོག་དང་། པད་མའི་ཟེ་བ་ཡིན་ནོ། །འབྲས་བུའི་སྨན་ནི།

ཨ་རུ་ར་དང་། སྐྱུ་རུ་ར་དང་། བ་རུ་ར་དང་། ན་ལེ་ཤམ་དང་། པི་པི་ལིང་དང་། གཞན་ཡང་འབྲས་བུའི་སྨན་གྱི་དོན་དུ་གསལ་ཞིང་། ཁ་ཟས་ཀྱི་དོན་དུ་མ་ཡིན་ནོ་ཞེས་རྒྱ་ཆེར་འབྱུང་བ་ཡིན་ནོ། །གཞན་ཡང་ཞེས་བྱ་བའི་ཚིག་གིས་འཕངས་པའི་ཕྱིར་སུག་སྨེལ་དང་། ཀ་ཀོ་ལ་

དག་སྨོས་པ་བྱས་པས་སོ། །ཏིལ་སོགས་འགྱུར་བྱེད་དང་ནི་ཚ་ལྔ་དང་། །ཐང་ཆུ་རྒྱ་སྐྱེགས་སྲ་རྩི་ཤིང་ཀུན་དང་། །སྤྲ་ཚིལ་བཀྲེས་པ་བསལ་ཕྱིར་བཟའ་མིན་གང་། །དེ་དག་མ་ཤི་བར་བཅང་སྨན་དུ་གསུངས། །འགྱུར་བྱེད་ལྔ་ནི་ཏིལ་ཚིག་འཁུས་པའི་ཐལ་བ་དང་། ནས་ཚིག་

འཁུས་པའི་ཐལ་བ་དང་། ནས་ཀྱི་གྲ་མ་འཁུས་པའི་ཐལ་བ་དང་། དར་ཚུར་དང་། བ་ཤ་ཀའི་འགྱུར་བྱེད་དོ། །ཚ་ལྔ་ཞེས་བྱ་བ་ནི་རྒྱམ་ཚ་དང་། རྩབ་རུ་ཚ་དང་། ཁ་རུ་ཚ་དང་། ལན་ཚྭ་དང་། རྒྱ་མཚོའི་ཚ་ཞེས་བྱ་བ་དང་ལྔ་ཡིན་ནོ། །སྲ་རྩི་དང་སྤྲ་ཚིལ་དང་། རྒྱ་སྐྱེགས་

དང་། ཐང་ཆུ་དང་ཞེས་རེ་རེ་ལ་ཡང་དང་ཡོད་པར་སྦྱར་རོ། །སྲ་རྩི་ཞེས་བྱ་བ་ནི་ཤིང་ས་རྫའི་ཞོ་ཡིན་ནོ། །སྤྲ་ཚིལ་ནི་སྤྲ་ཚིལ་ཉིད་ཡིན་ནོ། །འདིར་གཞུང་ནི། སྤྱི་བྱེད་ནི་ལྔ་སྟེ། ཤིང་ཀུན་དང་། སྲ་རྩི་དང་། རྒྱ་སྐྱེགས་དང་། སྤྲ་ཚིལ་དང་། ཐང་ཆུའོ་ཞེས་འབྱུང་ངོ་། །དེ་

ལ་ཤིང་ཀུན་ནི་ཤིང་ཀུན་གྱི་ཤིང་གི་ཞོའོ། །རྒྱ་སྐྱེགས་ནི་རྒྱ་སྐྱེགས་སོ། །སྤྲ་ཚིལ་ནི་སྤྲ་ཚིལ་ལོ། །ཐང་ཆུ་ནི་དེ་ལས་གཞན་པའི་ཐང་ཆུའོ། །དེ་ལྟར་ན་དུས་མ་ཡིན་པར་རུང་བ་སྨོས་པ་ནི་དགེ་ཚུལ་རྣམས་ཀྱི་ཐུན་ཚོད་དུ་རུང་བ་ལ་སོགས་པ་དང་། འཚོ་བའི་བར་དུ་བཅང་བ་དེ་དག་ཉིད་

བསྟན་པ་ཡིན་ནོ། །མདོར་ན་བཀྲེས་པ་ཞི་བར་བྱ་བའི་ཕྱིར། །བཟའ་བར་བྱ་བ་མ་ཡིན་པ་གང་ཡིན་པ་དེ་ནི་འཚོ་བའི་བར་དུ་བཅང་བའི་སྨན་ཡིན་པར་བསྟན་ཏོ། །དུས་མིན་རུང་དང་དུས་སུ་རུང་བསྲེས་གང་། །དེ་ནི་དུས་སུ་རུང་བའི་དབང་གིས་སྤྱད། །གང་གི་ཚེ་དུས་མ་ཡིན་པར་རུང་བ་

Vol. 166 · folio 146a

དང་། དུས་སུ་རུང་བ་བསྲེས་པ་ནི། དུས་སུ་རུང་བའི་དབང་ཉིད་ཀྱིས་སྤྱད་པར་བྱའོ། །འདིར་གཞུང་ནི་སྨན་གྱི་གཞི་ལས། མཽད་གལ་གྱི་བུ་དེ་ལ་ཐུན་ཚོད་དུ་རུང་བ་གང་ཡིན་པ་དང་། ཞག་བདུན་པ་གང་ཡིན་པ་དང་། འཚོ་བའི་བར་དུ་བཅང་བ་གང་ཡིན་པ་དེ་གལ་

ཏེ་དུས་སུ་རུང་བ་དང་བསྲེས་ན། དུས་སུ་རུང་བར་སྤྱད་པར་བྱའོ། །དུས་ལས་འདས་ན་སྤྱད་པར་མི་བྱའོ་ཞེས་རྒྱ་ཆེར་འབྱུང་བ་དང་། གཞན་ཡང་། དགེ་སློང་དག་ཁ་ཟས་དེས་ཁ་ཟས་ཀྱི་བྱ་བ་བྱར་མི་རུང་སྟེ། བུ་རམ་གང་འབྲས་ཀྱི་ནང་དུ་བཅུག་པ་དེ་ནི་བསལ་ནས་སྤྱད་པར་བྱའོ། །གང་

ཞིག་ཕྱེའི་ནང་དུ་བཅུག་པ་ནི་ཆུས་བཤལ་ནས་སྤྱད་པར་བྱའོ། །གཞན་ཡང་ཞུ་ན་དེའི་སྨྱིག་མའི་ཚལ་པས་བཞར་ནས་ཆུས་བཤལ་བར་བྱའོ། །འོན་ཀྱང་གལ་ཏེ་ཁ་ཟས་མེད་པར་བྱ་བར་མ་ནུས་ན་ལེགས་པར་དག་པར་བྱས་ཏེ། ཁུ་བར་བྱས་ནས་སྐོམ་དུ་བྱ་ཞིང་། ཚགས་ཀྱིས་བཙགས་ནས་

སྤྱད་པར་བྱའོ། །འདི་ལ་འགྱོད་པར་མི་བྱའོ་ཞེས་འབྱུང་བ་ཡིན་ནོ། །འདི་ནི་སྨན་གྱི་དམིགས་ཀྱིས་དབྱེ་བ་ཡིན་ནོ། །དུས་མིན་ཕྱོགས་མཐུན་སྣོད་གཞན་ཡོད་པ་དང་། འཇིགས་མེད་ཕྱོགས་སུ་སྣོད་གཅིག་ནས་ཟ་ཡིན། །དུས་མ་ཡིན་པར་ཟ་བའི་ཕྱོགས་དང་མཐུན་པ་བཤད་པར་བྱ་སྟེ།

འདི་ལྟ་སྟེ། སྣོད་གཅིག་ནས་ཟ་ཞེས་བྱ་བ་ནི། སྣོད་ཐ་མི་དད་པ་ནས་ཟ་བ་ཡིན་ཏེ། སྣོད་ཐ་མི་དད་པ་ནས་ཟ་བ་དེ་ཡང་། སྣོད་གཞན་དག་ཡོད་ན་ཉེས་པར་འགྱུར་གྱི། མེད་ན་ནི་མ་ཡིན་ལ། འཇིགས་པ་དང་བཅས་པར་ཡང་ཉེས་པ་མེད་པ་ཉིད་ཡིན་ནོ། །དམིགས་ཀྱིས་དབྱེ་བ་ནི། ཕ་མ་དང་ནི་གཅིག་ཏུ་བཟའ་

བ་ལ། །དེ་ཕྱིར་སྐྱེ་བོ་མེད་པར་ཉེས་པ་མེད། །ཅེས་སྨོས་པ་ཡིན་ཏེ། གལ་ཏེ་ཕ་དང་མ་གཉིས་ན་རེ། བུ་ཡུན་རིང་མོ་ཞིག་ནས་བསམས་པ་ཡིན་གྱི། ལྷན་ཅིག་བཟའ་བར་བྱའོ་ཞེས་ཟེར་ན། དེའི་ཚེ་དེ་དག་གི་ངོར་སྐྱེ་བོ་མེད་པར་ཞུགས་ཏེ། ལྷན་ཅིག་ཟོས་ན་ཉེས་པ་མེད་དོ། །གཙུག་

ལག་ཁ་ཅིག་ལས་ནི་ཉེ་དུ་རྣམས་ཀྱིས་ཞེས་འབྱུང་སྟེ། དེའི་ཚེ་ཕ་མ་གཉིས་ཀྱིས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་པར་ཤེས་པར་བྱའོ། །དགའ་བོ་ལ་སོགས་མདོ་ལས་གསུངས་ཚུལ་དང་། །ལེགས་དང་ཚོད་དང་ལྡན་པས་ཟས་བཟའ་བྱ། །དགའ་བོ་དང་མིག་སྨན་བསྐུ་

Vol. 166 · folio 146b

བའི་ཐུར་མ་ལ་སོགས་པའི་མདོ་ལས། ཚུལ་གང་གསུངས་པའི་ཚུལ་དེས་སོ་སོར་བརྟགས་ནས་ཁ་ཟས་བཟའ་བར་བྱའོ། །གཞན་ཡང་ལེགས་པ་སྟེ་སྤྱོད་ལམ་མཛེས་པ་དང་། ཚོད་དང་ལྡན་པ་སྟེ་ཧ་ཅང་ཉུང་བ་ཡང་མ་ཡིན་ཏེ། ཧ་ཅང་མང་བ་ཡང་མ་ཡིན་པར་སྨན་སྙམ་དུ་བཟའ་བར་བྱའོ། །ཁམ་

ཆུང་བའམ་ཆེ་བ་རིགས་མིན་ལ། །ཁ་ཁམ་བཅས་པས་ནམ་ཡང་སྨྲ་མི་བྱ། །མི་སྙན་མི་བྱ་གཏོར་བར་བྱ་མ་ཡིན། །མཆོད་རྟེན་འདྲ་བ་བཅོམ་སྟེ་བཟའ་མི་བྱ། །ཡི་ག་འཆུས་པ་བཞིན་དུ་ཁམ་ཆུང་ངུར་བཟའ་བར་མི་བྱའོ། །སྤྲང་པོ་བཞིན་དུ་ཁམ་ཆེན་པོར་འགྲམ་པ་གཉིས་བཀང་

ནས་བཟའ་བར་མི་བྱའོ། །དྭ་ཕྲུག་ལ་སོགས་པ་བཞིན་དུ་ཁ་ཁམ་དང་བཅས་པས་ཚིག་སྨྲ་བར་མི་བྱའོ། །སྨོད་པ་དང་བཅས་པ་བཞིན་དུ་མི་སྙན་པར་ཟེར་ཞིང་བཟའ་བར་མི་བྱའོ། །དྲིས་ནས་ནི་སྦྱིན་བདག་གིས་སྦྱིན་ནོ། །ལེན་པ་པོས་སྤྱད་དོ། །འབྱུང་བ་ཆེན་པོ་རྣམས་ཚིམ་པར་བྱས་

སོ། །ཉིན་ཞག་གཅིག་གི་ལམ་བརྒྱགས་བླངས་སོ་ཞེས་སྨྲ་བར་བྱའོ། །འོན་ཏེ་ཁ་ཟས་དེ་བསོད་པ་ཉིད་ཡིན་ན་དེའི་ཚེ་གྱ་ནོམ་པ་ཟོས་སོ། །ཟས་དང་སྐོམ་ཞིམ་མོ། །དགེ་སློང་དག་ལེགས་པར་ཚིམ་པར་བྱས་སོ་ཞེས་བྱ་བ་ལ་སོགས་པ་སྨྲ་བར་མི་བྱའོ། །གཞན་ཡང་བྱ་གག་བཞིན་

དུ་གཏོར་ནས་བཟའ་བར་མི་བྱའོ། །མཆོད་རྟེན་དང་འདྲ་བར་བྱས་ཏེ་བཤིག་ནས་བཅའ་བར་མི་བྱའོ། །སྟག་གིས་ཟོས་པའི་གོད་ཀྱི་ཤ་རྣམས་དང་། །ཆེད་དུ་བྱས་པ་དག་ནི་བཟའ་མི་བྱ། །ཁྭ་རྣམས་ཀྱིས་ནི་ལྷག་མར་བྱས་པའི་ཟས། །གང་ཡིན་དེ་མཆུའི་ཐན་འཁོར་བོར་ཏེ་བཟའ། །

སྟག་གིས་ཟོས་པའི་གོད་ཀྱི་ཤ་དག་བཟའ་བར་མི་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་ལས། དྲུག་སྡེ་རྣམས་ཀྱིས་ཐིབས་པོའི་ཚལ་ནས་སྟག་གིས་སྦས་པའི་གོད་ཀྱི་ཤ་བླངས་ཏེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དོང་བ་དང་། སྟག་དེ་ཡང་ཕྱི་བཞིན་དུ་རིངས་པར་འོང་ངོ་། །དེ་དག་རྒྱལ་

བུ་རྒྱལ་བྱེད་ཀྱི་ཚལ་དུ་ཕྱིན་པ་དང་། སྟག་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་གྱི་སྒོ་ནས་ཟུགས་ཤིང་འདུག་པ་ནས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ཀུན་དགའ་བོ་ཅིའི་ཕྱིར་ན། རྒྱལ་བུ་རྒྱལ་བྱེད་ཀྱི་སྒོ་ན་སྟག་ཟུགས། བཙུན་པ་དེས་གོང་སྦས་པ་

Vol. 166 · folio 147a

དྲུག་སྡེ་རྣམས་ཀྱིས་བླངས་སོ། །ཀུན་དགའ་བོ་སྟག་གི་གོད་ཟའམ། འཚལ་ལགས་སོ། །ཀུན་དགའ་བོས་རི་དགས་ཀྱི་རྒྱལ་པོ་སེང་གེ་ནི་རི་དགས་བཟང་པོ་དག་བསད་ནས་ཤ་བཟང་པོ་དག་ཟོས། ཁྲག་བཟང་པོ་དག་འཐུངས་ནས་ལྟོས་པ་མེད་པར་སོང་བ་དང་།

དེ་ལས་གཞན་པའི་རི་དགས་ཕྲ་མོ་རྣམས་གོད་ཟ་བར་བྱེད་དོ། །དེ་ལྟ་བས་ན་དགེ་སློང་གིས་སྟག་གི་གོད་སྤྱད་པར་མི་བྱའོ། །སྤྱོད་ན་ཉེས་པ་སྦོམ་པོར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །འདིར་ཡང་སྒྲ་བཞིན་དུ་བྱས་ན་རེ་ཞིག་འདི་ནི་མ་བྱིན་པར་ལེན་པ་བཀག་པ་ཡིན་པར་སྣང་ངོ་ཞེ་ན། བཙུན་པ་

ཆོས་དགའི་ཞལ་ནས། གལ་ཏེ་དགག་པ་འདི་མ་བྱིན་པར་ལེན་པར་གཏོགས་པ་ཡིན་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྟག་གི་གོད་སྤྱད་པར་མི་བྱའོ་ཞེས་བཀའ་སྩལ་གྱི། མ་བྱིན་པར་ལེན་པ་དགག་པ་མ་མཛད། ཅིའི་ཕྱིར་ན་གལ་ཏེ་དངོས་པོ་ཚང་ན་ཞེས་མ་གསུངས་པར་ཉེས་པ་སྦོམ་

པོར་འགྱུར་རོ་ཞེས་བཀའ་སྩལ། དེ་ལྟ་བས་ན་འདི་མ་བྱིན་པར་ལེན་པ་ཡིན་དུ་ཟིན་གྱིས་ཀྱང་སྔར་བཀག་པའི་ཕྱིར་འགོག་པར་མི་མཛད་དོ། །བྱུང་བ་འདིས་སྟག་གི་གོད་ཟ་བ་བཀག་གོ། །དེའི་ཕྱིར་སྦོམ་པོ་འདི་ནི་མིའི་ཤ་ཟ་བ་སྦོམ་པོ་ཡིན་པ་དང་འདྲ་བར་གཞན་ཁོ་ན་ཡིན་པར་རིག་པར་བྱའོ་

ཞེས་འཆད་པས་དེའི་དགོངས་པས་དུས་མ་ཡིན་པར་ཟ་བའི་ཕྱོགས་དང་མཐུན་པ་ཡིན་པར་བསྟན་པས་ཉེས་པ་མེད་དོ། །ཆེད་དུ་བྱས་པ་དག་ནི་ཞེས་བྱ་བ་ནི་ཆེད་དུ་བྱས་པའི་ཤ་དང་ཉ་ཤ་དག་བཟའ་བར་མི་བྱའོ། །གལ་ཏེ་དེ་བྱས་པ་དང་བྱེད་དུ་བཅུག་པ་དང་། རྗེས་སུ་ཡི་རང་བའི་

འཁོར་གསུམ་ཡོངས་སུ་དག་པ་ཡིན་དུ་ཟིན་ཀྱང་། འོན་ཀྱང་ཆེད་དུ་བྱས་པ་རྣམས་ལས་སྙིང་བརྩེ་བ་མེད་པའི་སེམས་སྐྱེ་བའི་ཕྱིར་དང་། ཆ་མ་ཡིན་པའི་ཕྱིར་བཀག་གོ། །དེ་ལས་གཞན་པ་ནི་མ་བཀག་གོ། །འདི་ལྟར་གཞུང་ནི་གླེང་གཞི་ལས། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་

སློང་བྱེ་མ་སྐྱེས་བྲོ་འཚལ་བ་ལ་ཤ་རྗེན་པ་སྦྱིན་པར་བྱའོ་ཞེས་གང་བཀའ་སྩལ་པ། བཙུན་པ་དེ་གང་ནས་བླང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བ་འཁོར་ཤ་འཚོང་གི་གནས་ཆེན་པོ་ལྔ་དག་ནས་སོ། །ལྔ་པོ་གང་དག་ནས་ཤེ་ན། ཤན་པ་དང་། བྱ་གག་འཚོང་བ་

Vol. 166 · folio 147b

དང་། བྱ་བ་དང་། ཕག་འཚོང་དང་། རི་དགས་ཀྱི་རྔོན་པའི་ཤ་འཚོང་བའི་གནས་དག་ནས་སོ། །བཙུན་པ་སུས་བླང་བར་བགྱི་ཞིང་སྟོབས་སུ་སྩལ་བར་བགྱི། ཉེ་བ་འཁོར་དགེ་བསྙེན་དད་པ་ཅན་གྱིས་སོ་ཞེས་གསུངས་པ་ཡིན་ཏེ། དགེ་བསྙེན་དད་པ་ཅན་སྨོས་པ་ནི་ཆེད་དུ་གསོན་པའི་དོགས་པ་

མེད་པར་སྟོན་པ་ཡིན་ནོ། །འདིར་ཡང་སྲོག་གཅོད་པའི་ཕྱོགས་དང་མཐུན་པ་ཡིན་ཡང་། ཁ་ཟས་ཀྱི་སྐབས་ཡིན་པའི་ཕྱིར་འདིར་བསྟན་ཏོ། །བྱ་རོག་རྣམས་ཀྱིས་ལྷག་མར་བྱས་པའི་ཟས་ནི་མཆུའི་ཐན་ཀོར་བོར་ཏེ་སྤྱད་པར་བྱའོ། །འདི་ནི་སིལ་བུ་ལས་འབྱུང་ངོ་། །ལྷུང་བཟེད་གཞི་ལས་རྐང་

ཕྱོགས་མནན་ནས་མིན། །མཆིལ་ལྷམ་གྱོན་བཞིན་མིན་གོས་གཅིག་པུས་མིན། །སྨན་པས་བསྒོ་ན་ནད་པས་མཆིལ་ལྷམ་སྟེ། །རྐང་པ་གཞག་སྟེ་ཇི་ལྟར་འདོད་པར་བཟའ། །ལྷུང་བཟེད་ཀྱི་རྟེན་ནི་ལྷུང་བཟེད་ཀྱི་གཞི་ཡིན་ནོ། །རྐང་ཕྱོགས་ཞེས་བྱ་བ་རྡོག་པའི་ཕྱོགས་ཀྱིས་མནན་ནས་

བཟའ་བར་མི་བྱའོ། །མཆིལ་ལྷམ་གྱོན་པས་ཀྱང་མ་ཡིན་ལ། གོས་གཅིག་གོན་པས་ཀྱང་བཟའ་བར་མི་བྱའོ། །ནད་པས་ནི་སྨན་པས་ལུང་ཕོག་པ་བཞིན་དུ་མཆིལ་ལྷམ་གྱི་སྟེང་དུ་རྐང་པ་བཞག་ནས། ཇི་ལྟར་འདོད་པར་བཟའ་བར་བྱའོ། །དེའི་བདག་པོ་འམ་འདྲིམ་པར་བྱེད་པ་ལ། འདི་འམ་

འདི་ལས་བྱིན་ཞེས་བརྗོད་མི་བྱ། །འཕགས་པ་རྣམས་ཀྱིས་རིམ་གྱིས་འཐོབ་པ་བཟའ། །འདིར་ནི་ནད་པ་རྣམས་ལ་བཀག་པ་མིན། །བཟའ་བའམ་བཅའ་བ་འདྲིམ་པར་བྱེད་པ་ནི། །སྦྱིན་བདག་གམ་འདྲིམ་པར་བྱེད་པ་དག་ལ་འདི་བྱིན་ཅིག་གམ་འདི་ལས་བྱིན་ཅིག་ཅེས་བརྗོད་པར་མི་

བྱའོ། །འོན་ཀྱང་འཕགས་པ་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱིས་ནི་རིམ་གྱིས་འཐོབ་པ་ཁོ་ན་བཟའ་བར་བྱའོ། །འདིར་ནད་པ་རྣམས་ལ་ནི་བཀག་པ་མེད་དོ། །ཟོས་པའི་ལྷག་མ་ལས་ནི་ཆང་གཅིག་བཞག །ཆེད་དུ་མི་བྱ་བཀག་པའི་རྒྱུ་འདིར་ཁྭ། །འདག་པའི་རྫས་རུང་བ་ཡི་ཆུ་རྣམས་

ཀྱིས། །ཟོས་ན་ཁ་ཡང་ཁ་ཟས་མེད་པར་བྱའོ། །ཁ་ཟས་ཟོས་པའི་ལྷག་མ་ལས་ཆང་བུ་གཅིག་གཞག་པར་བྱའོ། །འདིར་གཞུང་ནི་ཕྲན་ཚེགས་ལས། དགེ་སློང་ཞིག་ཟས་ཀྱི་བྱ་བ་བྱེད་པ་ན་དེ་ལ་ཁྱི་ཞིག་འཕགས་པས། བདག་ལ་ཅུང་ཟད་ཅིག་འདོར་བར་བྱེད་དོ་སྙམ་དུ་སྐྲུ་ཞིང་འདུག་

Vol. 166 · folio 148a

པ་ལས་ཇི་ཙམ་ན་དེས་མ་ལུས་པར་ཟོས་པ་དང་། དེ་རེ་ཐག་ཆད་ནས་ཤི་ཞིང་དུས་ལས་འདས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དུད་འགྲོ་ལ་ཆང་བུ་གཅིག་གཞག་པར་གནང་ངོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །དེ་ལ་ཡང་

ཁྭ་འམ་ཁྱིའི་ཆེད་དུ་ནི་མི་བྱའོ། །འདིར་ཆེད་དུ་གཞག་པར་དགག་པའི་རྒྱུ་ནི་ཁྭ་ཡིན་ནོ། །འདིར་གཞུང་ནི། ཕྲན་ཚེགས་ཉིད་ལས། དགེ་སློང་དགོན་པ་པ་ཞིག་གིས་དུད་འགྲོའི་ཆང་བུ་ཝ་ལ་བྱིན་ཞིང་ཁྭ་རྣམས་བཟློག་པ་དང་། ཁྭ་རྣམས་ཁྲོས་པ་ནས་དེ་དག་གིས་ཆོམ་རྐུན་གྱི་སྡེ་དཔོན་ལ།

སྡེ་དཔོན་དགེ་སློང་འདི་ལ་དོང་ཙེ་རབ་ཏུ་མང་པོ་དག་ཡོད་དོ་ཞེས་སྨྲས་པ་དང་། ཆོམ་རྐུན་གྱི་སྡེ་དཔོན་དེ་ཁྭ་སྐད་མཁས་པས་དེར་སོང་སྟེ། དགེ་སློང་དེ་བཟུང་ནས་དེས་དེ་བརྡེག་པར་བརྩམས་པ་ལ་སོགས་པའི་བར་དུ་འབྱུང་བ་ཡིན་ནོ། །དེ་ལྟ་བས་ན་ཅི་བདེར་ཞེས་བྱ་སྟེ། དུད་འགྲོ་ལ་ཆང་

བུ་གཅིག་སྦྱིན་པར་བྱའོ། །ཟས་ཟོས་ནས་ཀྱང་འདག་པའི་རྫས་སམ། བ་ལང་གི་ལྕི་བ་གཙང་མ་དང་། ཆུ་རུང་བས་ཁ་ཁ་ཟས་མེད་པར་བྱའོ། །འདིར་གཞུང་ནི་སིལ་བུ་ལས། བཙུན་པ་ཅི་ཙམ་གྱིས་དབྱར་ཁ་བྱི་དོར་བགྱིས་པར་བརྗོད་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

པ། ཉེ་བ་འཁོར་རྨའི་སྒོ་ཁ་ནི་རྟག་ཏུ་འཛག་པ་ཡིན་པས་ཁ་ཟས་མེད་པར་བྱ་བར་མི་ནུས་ཏེ། འོན་ཀྱང་མཁུར་བར་ཆུ་བཏུང་བས་ལན་གཉིས་ལན་གསུམ་དུ་བཀྲུས་ཤིང་བཤལ་ནས་བོར་ན། བྱི་དོར་བྱས་པར་བརྗོད་པར་བྱའོ་ཞེས་འབྱུང་བ་ཡིན་ནོ། །ཟས་ཟོས་ནས་སྦྱིན་པའི་ཚིགས་སུ་བཅད་

པ་གདོན་པར་བྱའོ་ཞེས་མདོར་མ་བྱས་པ་ནི་ཆུ་བླངས་ནས་ཚིགས་སུ་བཅད་པ་གདོན་པར་བྱའོ་ཞེས་བྱ་བ་དེ་ཁོ་ནར་འགྲུབ་པའི་ཕྱིར་རོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ལས། དུས་མ་ཡིན་པའི་ཟས་སྤོང་བ་སྟེ་དགུ་པ་རྫོགས་སོ།། །།དངུལ་དང་གསེར་གྱི་རྣམ་པ་

ལེན་བྱེད་ན། །ཉེས་བྱས་འགྱུར་རོ་གོས་དང་རྒྱགས་ཕྱིར་དང་། །ལུས་ཀྱི་ཕྱིར་རམ་དེ་བཞིན་སྨན་ཕྱིར་རམ། །ཆོས་དང་ལྡན་པའི་ཕྱིར་ནི་ལྟུང་བ་མེད། །དངུལ་དང་གསེར་ལེན་ན་དགེ་ཚུལ་ལ་ཉེས་བྱས་སུ་འགྱུར་རོ། །འདིར་ནི་བདག་གིར་བྱེད་པ་ལ་ལེན་པ་ཞེས་བྱ་བར་དགོངས་པ་

Vol. 166 · folio 148b

ཡིན་གྱི། རེག་པ་ནི་མ་ཡིན་ནོ། །འདི་ག་ལས་ཤེ་ན། སྨན་གྱི་གཞི་ལས། དགེ་སློང་རྣམས་ཀྱི་ལམ་བརྒྱགས་ཀྱི་རྒྱུ་ཀཱཪྵཱ་པ་ཎ་རྣམས་ནི། དགེ་ཚུལ་རྣམས་ཀྱིས་བསྐུར་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །ཇི་སྟེ་འདི་ནི་དམིགས་ཀྱིས་བསལ་བ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་

གང་གི་ཕྱིར་སྨན་གྱི་གཞི་ཉིད་ལས། བཙུན་པ་བཅོམ་ལྡན་འདས་ཀྱིས་དངུལ་དང་གསེར་ལེན་པར་བྱེད་པ། དགེ་ཚུལ་གྱི་བསླབ་པའི་གཞི་བཅུ་པ་ཡིན་ནོ་ཞེས་གང་གསུངས་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་རྣམས་ཀྱིས་བསྐུར་བར་བྱའོ་ཞེས་གསུངས་པ་དེ་ཇི་ལྟ་བུ་ལགས།

བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་བ་འཁོར་ལེན་པ་ནི་ངས་དགོངས་ནས་གསུངས་པ་ཡིན་གྱི། བསྐུར་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་དགེ་ཚུལ་གྱིས་བསྐུར་བར་བྱའི། ལེན་པ་སྟེ་བདག་གིར་ནི་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟ་བས་ན་དེ་ནི་ཐེ་ཚོམ་མེད་པར་ལེན་པ་

བཀག་པ་ཡིན་ནོ། །དམིགས་ཀྱིས་བསལ་བ་ནི། གོས་དང་རྒྱགས་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གོས་ཀྱི་ཕྱིར་གལ་ཏེ་ལེན་པར་བྱེད་ན་ཉེས་པ་མེད་དོ། །དེ་བཞིན་དུ་རྒྱགས་ཕྱིར་ནི་ལམ་བརྒྱགས་ཀྱི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ལུས་ཀྱི་ཕྱིར་ཞེས་བྱ་བ་ནི་

ཁར་བཟའ་བའི་ཆེད་དུའོ། །སྨན་ཕྱིར་ཞེས་བྱ་བ་ནི་ནད་ཞི་བར་བྱ་བའི་ཕྱིར་རོ། །ཆོས་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ་ཆོས་དང་མ་བྲལ་བ་ནི་ཆོས་དང་ལྡན་པ་སྟེ། བཅོམ་ལྡན་འདས་ལ་མཆོད་པ་འམ། སྡོམ་བརྩོན་རྣམས་ལ་ཕན་གདགས་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །

ལེན་པའི་རྗེས་སུ་མཐུན་པ་དཔེར་བྱ་ན། ཆོས་གོས་ལ་སོགས་ཡོད་བཞིན་གོས་སོགས་སློང་། །ཁབ་རལ་བ་སོ་རུས་པ་ལས་བྱས་པའམ། །གསེར་གྱིས་སྤྲས་པ་བྱ་བ་མ་ཡིན་ནོ། །ལེན་པའི་ཕྱོགས་དང་མཐུན་པ་བཤད་པར་བྱ་སྟེ། འདི་ལྟ་སྟེ། ཆོས་གོས་དག་ཡོད་བཞིན་དུ་གོས་

ལ་སོགས་པ་སློང་བ་དང་། དེ་བཞིན་དུ་ཁབ་རལ་གྱི་རྒྱུ་རྭ་ལ་སོགས་པ་ལས་བྱས་པ་ཡང་དེ་བཞིན་ཏེ། དེ་ལྟ་བས་ན་ཁབ་རལ་རྭ་ལས་བྱས་པ་དང་། བ་སོ་ལས་བྱས་པ་དང་། རུས་པ་ལས་བྱས་པའམ། ཡང་ན་གསེར་གྱིས་སྤྲས་པ་དག་མི་བྱའོ། །རྙེད་འདོད་ཉོ་དང་བཙོང་ལ་

Vol. 166 · folio 149a

སོགས་མི་བྱ། །དགོས་པའི་འབྲེལ་པ་ཡོད་ན་ཉེས་པ་མེད། །གལ་ཏེ་གོས་དག་ཉོ་བར་འདོད་ན་ནི། །ཁྱིམ་པ་ལ་བཅོལ་ཉོ་བྱ་རང་གིས་མིན། །གལ་ཏེ་ཉོ་བྱེད་སྒྲིན་པོ་འགའ་མེད་ན། །ཚིག་ནི་གསུམ་གྱི་བར་དུ་བརྗོད་པར་བྱ། །རྙེད་པའི་བསམ་པས་ཉོ་བའམ་

བཙོང་བར་མི་བྱའོ། །དགོས་པ་དེ་ལྟ་བུ་ཞིག་ཡོད་ན་བྱ་སྟེ། དེ་ལ་ཉེས་པ་མེད་དོ། །གལ་ཏེ་གོས་ལ་སོགས་པ་ཉོ་བར་འདོད་ན་དེའི་ཚེ་ཁྱིམ་པ་ལ་བཅོལ་ནས་ཉོ་བར་བྱའི། རང་གིས་ནི་མི་བྱའོ། །འོན་ཏེ་ཉོ་བར་བྱེད་པའི་ཁྱིམ་པ་སྒྲིན་པོ་མེད་ན་དེའི་ཚེ་རང་གིས་ཉོ་བར་བྱའོ། །དེར་ཡང་

ཚིག་གཉིས་སམ་གསུམ་ངེས་པར་བརྗོད་པར་བྱའི། ཀ་ཀ་ནི་དང་འགྲོན་བུ་ལ་སོགས་པས་ཚོང་ལ་བརྩེག་པར་མི་བྱའོ། །རྒས་པས་འཁོགས་དང་ནད་པ་མ་གཏོགས་པར། །སྡོམ་བརྩོན་གཞན་གྱིས་པུས་འཁྱུད་བཅང་མི་བྱ། །ནད་པ་དང་རྒས་པས་ཉམ་ཆུང་བ་མ་གཏོགས་པ།

སྡོམ་བརྩོན་གཞན་གྱིས་པུས་འཁྱུད་བཅང་བར་མི་བྱའོ། །གཞན་ཡང་ཚུལ་འཆོས་པ་དང་། ཁ་གསག་དང་། གཞོགས་སློང་དང་། ཐོབ་ཀྱིས་འཇལ་བ་དང་། རྙེད་པས་རྙེད་པར་བྱེད་འདོད་པར་མི་བྱའོ། །དེ་དག་གི་མཚན་ཉིད་ཀྱང་ཅི་ཡིན་ཞེ་ན། བཤད་པ། རྙེད་ཕྱིར་སྤྱོད་ལམ་

ཚུལ་འཆོས་ཡིན་པར་བསྟན། །ཆགས་པས་གཞན་ལ་སྨོད་པས་ཐོབ་ཀྱིས་འཇལ། །ཆུང་ངུ་བྱིན་ནས་མང་པོ་ཚོལ་བྱེད་དང་། །གཞན་གྱི་བསྔགས་པ་བྱེད་པ་གཞོགས་སློང་ཡིན། །རྙེད་པའི་ཕྱིར་ནི་གཅམ་དང་སྙན་པར་སྨྲ། །ཐམས་ཅད་ཁ་གསག་ཡིན་པར་འཕགས་པས་བཤད། །

དེ་དག་དཔེ་ཙམ་གཞན་ཡང་ལོག་སྒྲུབ་པས། །འཚོ་བར་བྱེད་པ་ཉིད་ནི་རྟག་ཏུ་སྤང་། །རྙེད་པའི་ཕྱིར་སྤྱོད་ལམ་འཆོས་པ་གང་ཡིན་པ་དེ་ནི་ཚུལ་འཆོས་པ་ཡིན་ནོ། །ཆགས་པས་གཞན་ལ་སྨོད་པ་ནི་ཐོབ་ཀྱིས་འཇལ་བ་ཞེས་བྱ་སྟེ། གཞན་ལ་མཚང་ནས་འདྲུབ་ལ་སོགས་པས་ཕྱེར་བཏགས་པ་

དང་འདྲ་བར་བྱས་ནས་རྙེད་པ་སྒྲུབ་པའི་ཕྱིར་རོ། །ཆུང་ངུ་བྱིན་ནས་ཟས་མང་པོ་སྒྲུབ་པར་བྱེད་པ་ནི་རྙེད་པས་རྙེད་པར་བྱེད་འདོད་པ་ཡིན་ནོ། །ཆགས་པས་གཞན་གྱི་བསྔགས་པ་བྱེད་པ་གང་ཡིན་པ་དེ་ནི་གཞོགས་སློང་བྱེད་པ་ཡིན་ཏེ། རྙེད་པའི་ཕྱིར་བསྔགས་པ་བྱེད་པའི་ཕྱིར་

Vol. 166 · folio 149b

རོ། །རྙེད་པའི་ཕྱིར་ནི་གཅམ་དང་སྙན་པར་སྨྲ་བ་ནི་ཁ་གསག་ཡིན་ནོ། །དེ་ལྟར་ན་དེ་ཐམས་ཅད་དང་གཞན་ཡང་ལོག་པའི་སྒྲུབ་པས་འཚོ་བར་བྱེད་པ་ཉིད་རྟག་ཏུ་སྤང་བར་བྱ་སྟེ། དེ་དག་ནི་འཕགས་པ་རྣམས་ཀྱིས་དཔེ་ཙམ་དུ་གསུངས་པ་ཡིན་ནོ། །དགེ་ཚུལ་གྱི་ཚིག་

ལེའུར་བྱས་པའི་འགྲེལ་པ་ལས། གསེར་དངུལ་ལེན་པ་སྤོང་བ་སྟེ་བཅུ་པ་རྫོགས་སོ།། །།བམ་པོ་བརྒྱད་པ་སྟེ་ཐ་མ། ཁྱིམ་པའི་རྟགས་ནི་སྤང་བར་སྨྲས་པས་ན། དེ་ཉམས་ཕྱོགས་མཐུན་ཡོངས་སུ་སྤང་བྱ་སྟེ། །ཁྱིམ་པ་འདྲ་བར་ཤམ་ཐབས་མི་བགོ་ཞིང་།

ཁ་དོག་གཅིག་པའམ་ཁ་ཚར་ཅན་དཀར་མིན། །རབ་ཏུ་འབྱུང་བའི་སྔགས་ལས་ཁྱིམ་པའི་རྟགས་ཡོངས་སུ་སྤང་བར་བགྱིའོ་ཞེས་བྱ་བ་འདིས། ཁྱིམ་ན་གནས་པའི་རྟགས་རྣམ་པར་སྤང་བའི་ཕྱིར་དེ་ཉམས་པའི་ཕྱོགས་དང་མཐུན་པ་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །དེ་

ཡང་ཁྱིམ་པ་འདྲ་བར་ཤམ་ཐབས་མི་བགོ་ཞིང་ཞེས་བྱ་བ་ལ་སོགས་པ་ནི་དཔེར་བརྗོད་པ་ཡིན་ནོ། །ཇི་ལྟར་ཁྱིམ་པ་ཤམ་ཐབས་ཀྱི་གློར་ལྕམ་གྱིས་བྱས་ཤིང་མདོམས་དཀྲིས་ཏེ་གྱོན་པ་དེ་ལྟར་མི་བྱའོ། །ཁ་དོག་གཅིག་པ་ཡང་མིན་ཞེས་བྱ་བ་ནི་ཤམ་ཐབས་སྟོད་གཡོགས་དང་།

ཁ་དོག་མཐུན་པ་བགོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་གཞུང་ནི་གོས་ཀྱི་གཞི་ལས། བཙུན་པ་བདག་ཆོས་གོས་ཐམས་ཅད་སྔོ་བ་བཅང་བར་འཚལ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པ་དག་ནི་དེ་ལྟར་འཆང་བར་བྱེད་

པས། དེ་ལྟ་བས་ན་དགེ་སློང་གིས་ཆོས་གོས་ཐམས་ཅད་སྔོ་བ་བཅང་བར་མི་བྱའོ་ཞེས་བྱ་བ་ནས་འགལ་ཚབས་ཅན་དུ་འགྱུར་རོ། །ཐམས་ཅད་དམར་བ་དང་སེར་བ་ཡང་དེ་བཞིན་ཏེ། དཀར་པོ་ནི་མི་རུང་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །དེ་ལྟ་བས་ན་འདིར་ནི་

ཤམ་ཐབས་དང་སྟོད་གཡོགས་གཉི་ག་ཁ་དོག་གཅིག་པ་བཀག་པ་ཡིན་ནོ་སྙམ་དུ་ཤེས་པར་བྱས་ནས། ཁ་དོག་གཅིག་པ་ཡང་མིན་ཞེས་མདོར་བྱས་སོ། །ཁ་ཚར་ཅན་དང་ཤམ་ཐབས་དཀར་པོ་མི་བགོའོ་ཞེས་བྱ་བར་སྦྱར་རོ། །ཕྱི་རོལ་དག་ཏུ་ཚོན་ཅན་གོས་གཡོགས་ན། །དཀར་

Vol. 166 · folio 150a

པོ་འང་ཉིན་པར་བགོ་བར་གནང་བ་ཡིན། །དགེ་འདུན་ཁྲི་དང་ཁྲིའུ་དང་བེའུ་རས་ལ། །གདིང་བ་བཏིང་ནས་སྤྱོད་ནའང་དེ་བཞིན་ནོ། །གལ་ཏེ་གོས་དཀར་པོ་བགོ་བར་འདོད་ན། དེའི་ཚེ་ཕྱི་རོལ་ནས་གོས་ཚོན་ཅན་གྱིས་གཡོགས་ནས་བགོ་བར་བྱའོ། །དགེ་

འདུན་གྱི་ཁྲི་འམ། ཁྲིའུ་འམ། བེའུ་རས་ལ་སོགས་པ་ལ་ཡང་གདིང་བ་བཏིང་ནས་སྤྱོད་པར་བྱེད་ནའང་དེ་བཞིན་ནོ་ཞེས་བྱ་བ་ནི་དབང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །གོས་རྣམས་ཁ་དོག་བསྒྱུར་ཕྱིར་ཚོན་རྩི་གསུམ། །ངུར་སྨྲིག་རྩི་དང་སྔོན་པོའི་མདོག་དང་བཙག །ཚོན་རྩི་གསུམ་པོ་

འདི་དག་ནི་བཅོམ་ལྡན་འདས་ཀྱིས་གོས་ཁ་དོག་བསྒྱུར་བའི་ཕྱིར་གསུངས་པ་ཡིན་ནོ། །ངུར་སྨྲིག་རྩི་ཞེས་བྱ་བ་ནི་ཤུན་པ་དང་། ལོ་མ་དང་། མེ་ཏོག་དང་འབྲས་བུ་ངུར་སྨྲིག་གི་རྩི་རྣམས་གཟུང་ངོ་། །སྔོན་པོ་ཞེས་བྱ་བ་ནི་སྔོན་པོ་ཐམས་ཅད་གཟུང་ངོ་། །དེ་ཉིད་ཀྱི་ཕྱིར་མདོག་ཅེས་སྨོས་

པ་ཡིན་ནོ། །རམས་འབའ་ཞིག་སྨོས་པར་གྱུར་ན་མི་རུང་བས་སོ། །ཞུས་པ་ཁ་ཅིག་ལས། ཆུ་ཚགས་ཁ་དོག་བསྒྱུར་བར་བྱའོ་ཞེས་འབྱུང་ངོ་། །སློབ་དཔོན་དག་གི་ཞལ་ནས་དེ་ནི་མི་རུང་སྟེ། ཁ་དོག་བསྒྱུར་བས་ཆུ་ཡང་ཁ་དོག་ཅན་དུ་འགྱུར་རོ། །དེ་ལྟ་བས་ན་དེ་ནི་ཡོ་བྱད་ཀྱི་གོས་བཞིན་དུ་

ཁ་དོག་བསྒྱུར་བར་མི་བྱའོ་ཞེས་འཆད་དོ། །མཚལ་དང་དེ་བཞིན་རྒྱ་སྐྱེགས་བཙོད་རྣམས་དང་། །གུར་གུམ་དག་དང་ཐིང་ཤིང་ལི་ཁྲི་དང་། །རྨ་ཤིང་ལེ་བརྒན་རྩི་རྣམས་མི་རུང་སྟེ། །བརྒྱད་པོ་ཚོན་ཆེན་ཡིན་པས་བཀག་ཕྱིར་རོ། །མཚལ་དང་། རྒྱ་སྐྱེགས་དང་། བཙོད་དང་། གུར་གུམ་

དང་། ཐིང་ཤིང་དང་། ལི་ཁྲི་དང་། རྨ་ཤིང་དང་། ལེ་བརྒན་རྩི་མི་རུང་སྟེ། གང་གི་ཕྱིར་བརྒྱད་པོ་དེ་དག་ནི་ཚོན་ཆེན་པོ་ཡིན་པས་བཀག་པའི་ཕྱིར་རོ། །འོ་ན་ཅིའི་ཕྱིར་ཚོན་ཆེན་པོ་རྣམས་བཀག་ཅེ་ན། སྡོམ་བརྩོན་རྣམས་ལ་ནི་ཁ་དོག་གསལ་པ་ཉིད་ཆ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་

ཀྱི་ཕྱིར་རྒྱ་སྐྱེགས་ལ་སོགས་པ་དང་ཁ་དོག་མཐུན་པར་སྦྱར་བ་ལས་བྱུང་བ་ཡང་དགག་པར་བསྟན་ཏོ། །འོ་ན་གུར་གུམ་གྱི་མདོག་དང་མཐུན་པ་མེ་ཏོག་ཤེ་བ་ལི་ཀ་ཇི་ལྟར་གནང་། ཁ་ཅིག་ན་རེ་མི་གནང་བ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་ནི་རིགས་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སེར་

Vol. 166 · folio 150b

པོ་ཁ་དོག་བཟང་པོ་ལོངས་སྤྱོད་པའི་ཕྱིར་དང་། ངུར་སྨྲིག་རྩི་ཞེས་སྤྱིར་བསྟན་པའི་ཕྱིར་དང་། ཚོན་ཆེན་པོ་བརྒྱད་པོ་དེ་ཉེ་བར་དམིགས་ཀྱིས་བསལ་བའི་ཕྱིར་རོ། །འོ་ན་ཚོན་ཆེན་པོ་བརྒྱད་པོ་ཉེ་བར་མཚོན་པར་མི་འགྱུར་རོ་ཞེ་ན་འོ་ན་དེ་ལྟར་ཡིན་ན་ནི་བཅོམ་ལྡན་འདས་ཀྱིས་ལོངས་སྤྱོད་པའི་ཕྱིར་

མེ་ཏོག་ཤེ་བ་ལི་ཀ་ནི་གུར་གུམ་གྱི་ཁ་དོག་མ་ཡིན་པས་ཉེས་པ་མེད་པ་ཡིན་ནོ་ཞེ་ན། བཅོམ་ལྡན་འདས་ཀྱིས་ལོངས་སྤྱད་པ་ནི་གཏན་ཚིགས་སུ་མི་རུང་སྟེ། དེ་ནི་འདུལ་བའི་དབང་གིས་ཞུགས་པའི་ཕྱིར་རོ། །སེན་མོ་སྟེའུ་དང་སྤུ་གྲི་སོ་འདྲ་བ། །བྲེག་བྱ་དེ་ལས་གཞན་གྱི་རྣམ་པར་མིན།

སེན་མོ་ནི་སྟེའུའི་སོ་འདྲ་བ་དང་། །སྤུ་གྲིའི་སོ་འདྲ་བར་བྲེག་པར་བྱའི། དེ་ལས་གཞན་པའི་རྣམ་པ་ཁབ་ལ་སོགས་པའི་རྣམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དགོན་པར་གནས་པའི་སྐྲ་དང་ཁ་སྤུ་དག །སོར་གཉིས་ལས་ནི་ལྷག་པར་གཞག་མི་བྱ། །གྲོང་མཐའ་དེ་བས་

ཆུང་ལྷག་དེ་བཞིན་ནོ། །སྐྲ་ནི་བ་ལང་སྤུ་འདྲའི་བྱི་བྱད་སྤང་། །བརྟུལ་ཞུགས་ཅན་དགོན་པ་པས་སྐྲ་དང་ཁ་སྤུ་སོར་ཕྱེད་དང་གཉིས་ལས་ལྷག་པར་གཞག་པར་མི་བྱའོ། །དེ་བཞིན་དུ་གྲོང་མཐའ་བས་སྐྲ་དང་ཁ་སྤུ་སོར་ཕྱེད་དང་གཉིས་ལས་ལྷག་པར་གཞག་པར་མི་བྱའོ། །འདིར་གཞུང་ནི་ཕྲན་

ཚེགས་ལས། དགེ་སློང་དགོན་པ་བས་སྐྲའི་སྲིད་སོར་གཉིས་ལས་ལྷག་པར་གཞག་པར་མི་བྱའོ། །གྲོང་མཐའ་བས་ནི་སོར་གཉིས་པས་ཆུང་བ་ལས་ལྷག་པར་གཞག་པར་མི་བྱའོ་ཞེས་འབྱུང་བ་ཡིན་ནོ། །དེ་ནི་འདིར་སྲིད་ཁོ་ན་ཡིན་ནོ། །དེའི་ཕྱིར་ཚད་ཉིད་ལས་སྲིད་དང་རིང་ཐུང་ཞེས་བྱ་

ཐར་བསྒྲེའོ། །སོར་གཉིས་ཀྱི་ཚད་ཀྱི་སྲིད་ཅེས་བྱ་བའི་བར་གྱི་ཚིག་མི་མངོན་པར་བསྡུས་པ་ཡིན་ཏེ། སྲིད་ཀྱི་ཚད་སོར་གཉིས་ཞེས་བྱ་བར་བར་གྱི་ཚིག་ཕྱི་མ་ཅན་གྱིས་བསྡུ་བ་ཡིན་ཏེ།ལྡམ་ལྡུམ་གྱི་རྒྱལ་པོ་ལ་སོགས་པ་དང་འདྲ་བར་གྲངས་མ་ཚང་བའི་ཕྱིར་རོ། །གང་དག་སྲིད་ཅེས་བྱ་བ་

འཁྱིལ་པའི་དོན་དུ་འཆད་པ་དེ་དག་གིས་ཀྱང་། སོར་གཉིས་ཀྱི་ཚད་ཀྱི་སྲིད་ཅེས་བྱ་བར་ཁོང་དུ་ཆུད་པར་བྱའི། སྐྲ་འཁྱིལ་པར་གྱུར་བ་ཉིད་ལས་སོར་གཉིས་སུ་བྱས་པ་མ་ཡིན་ནོ། །འོ་ན་སོར་གཉིས་འཁྱིལ་པ་ཞེས་བྱ་བ་དེ་ལྟར་ཅིའི་ཕྱིར་མི་འདོད་ཅེ་ན། དེ་ལྟར་གྱུར་ན་ཚད་སོར་ལྔར་འགྱུར་

Vol. 166 · folio 151a

བས་སོ། །དེའི་ཕྱིར་གླེང་གཞི་དེ་ཉིད་ཀྱི་ཉེས་པར་འགྱུར་བས་མི་འདོད་དོ། །སྐྲ་ནི་བ་ལང་སྤུ་འདྲའི་བྱི་བྱད་སྤོང་སྟེ། སྐྲ་བཤད་པ་དེ་སྤང་བར་བྱའོ། །གཞན་ཡང་། བྱིན་པ་མིག་དང་མཆན་ཁུང་རྐེད་སྨིན་མ། །བྲེག་པར་བྱ་བ་ཤིན་ཏུ་ཐག་རིང་སྤང་། །སྐྲ་རྣམས་

བྲེགས་པ་བྱས་ནས་ཁྲུས་དག་བྱ། །ཡང་ན་ཡན་ལག་ལྔ་པོ་བཀྲུ་བར་བྱ། །བྱིན་པའི་སྤུ་བྲེག་པ་དང་། མིག་གི་རྫི་མ་དང་། མཆན་ཁུང་གི་སྤུ་དང་། རྐེད་པའི་སྤུ་དང་། སྨིན་མ་བྲེག་པ་ནི་ཤིན་ཏུ་ཐག་རིང་པོ་ཁོ་ནར་སྤང་བར་བྱའོ། །སྐྲ་དག་བྲེགས་ནས་ཁྲུས་བྱའོ། །དེ་ལྟ་བུའི་རྐྱེན་ཞིག་

བྱུང་ན་ཡན་ལག་ལྔ་ཁྲུས་བྱའོ། །ཡན་ལག་ལྔ་ནི་མགོ་དང་། ལག་པ་གཉིས་དང་། རྐང་པ་གཉིས་སོ། །དང་པོར་ཁ་འམ་མགོ་ནི་ཅི་འདོད་བྱ། །དེ་ཡི་འོག་ཏུ་སྣ་ཡི་ནང་བྱ་ཞིང་། །ལག་པ་རྐང་པའི་སེན་མོ་རིམ་པས་བྱ། །དེ་ལྟར་འདི་ནི་འབྲེག་མཁན་ལས་ཡིན་ནོ། །འབྲེག་མཁན་

གྱི་ལས་ཀྱི་གོ་རིམས་ནི་འདི་ཡིན་ཏེ། ཐོག་མར་མགོ་འབྲེག་པར་བྱ། ཡང་ན་ཁ་སྟེ་འདིར་ཅི་དགར་ཞུགས་ནས་བྱའོ། །ལྷག་མ་ལྔ་ནི་ངེས་ཏེ། དེའི་འོག་ཏུ་སྣའི་ནང་ངོ་། །དེའི་འོག་ཏུ་ལག་པའི་སེན་མོའོ། །དེའི་འོག་ཏུ་རྐང་པའི་སེན་མོ་སྟེ། གོ་རིམས་འདིས་འབྲག་མཁན་གྱི་ལས་

དེ་བྱའོ། །སྐས་ལ་འཛེག་དང་དེ་བཞིན་ཉིན་ཉལ་དང་། །ཤམ་ཐབས་ཐ་མ་མདུད་པ་དོར་བར་བྱ། །སྡོམ་བརྩོན་གྱིས་ནི་ཁུར་ལྕི་བསྐུར་མི་བྱ། །ཡང་ཡང་ཕྲག་པ་མགོ་བོ་རྐེད་པས་མིན། །སྐས་ལ་འཛེག་པར་འདོད་པས་ཤམ་ཐབས་ཀྱི་ཐ་མ་མདུད་པ་དོར་བར་བྱའོ། །ཉིན་པར་ཉལ་

བ་ན་ཡང་དེ་བཞིན་དུ་བྱ་སྟེ། འདིར་དོན་ནི་གསང་བ་བསྡམས་པ་ཡིན་ནོ། །སྡོམ་བརྩོན་གྱིས་ཁུར་ལྕི་བ་བསྐུར་བར་མི་བྱའོ། །ཁུར་ཡང་དུ་ཟིན་ཀྱང་ཕྲག་པ་འམ་མགོ་བོ་དང་རྐེད་པས་བསྐུར་བར་མི་བྱའོ། །རྐུབ་ཚོས་དང་འབྲེལ་པའི་ཕྱིར་རྐེད་པ་ཁོ་ན་ལ་རྐེད་པ་ཞེས་བྱའོ། །དགུག་དང་ཕྲལ་དང་

མདོམས་སྣང་བྱས་པ་དང་། །དེ་བཞིན་ཙོག་ཙོག་པོར་ནི་འདུག་མི་བྱ། །བསྟན་བཅོས་ལས་གསུངས་སྤྱོད་ལམ་ལྟ་བུར་ནི། །བྱ་ཡིན་འདིར་ནི་འདི་དག་དཔེ་ཙམ་ཡིན། །རྐང་པ་མི་དགུག་པ་དང་། རྐང་པ་མི་གདངས་པ་དང་། མདོམས་མི་སྣང་བར་འདུག་པར་བྱའོ། །མདོམས་

Vol. 166 · folio 151b

སྣང་བ་ཞེས་བྱ་བ་མིང་དུ་ཆགས་པའི་ཚིག་འདི་ནི་འཚིག་པ་དང་ཡན་ལག་གི་སྦུ་གུ་འདྲ་བར་འདུག་པ་སྟེ། ཅི་ནས་ཀྱང་འཚིག་པ་དང་། ཡན་ལག་གི་སྦུ་གུ་གཉིས་རིལ་རིལ་པོ་གོས་ཀྱིས་དཀྲིས་པ་ཐུམ་པོ་ལྟར་མི་མངོན་པ་དེ་ལྟར་འདུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་དག་ན་རེ་གཅེར་

བའི་དོན་ལ་བྱ་སྟེ། ཅི་ནས་ཀྱང་གཅེར་བ་མི་མངོན་པ་དེ་ལྟ་བུར་འདུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་འཆད་དོ། །སློབ་དཔོན་གྱི་ཞལ་ནས་ནི། བཤད་པ་གཉིས་ཀ་ལྟར་ཡང་ཤམ་ཐབས་ཀྱི་ཐ་མ་གཉིས་བསྡུས་ནས་འདུག་པར་བྱའོ་ཞེས་བྱ་བའི་དོན་དུ་གནས་སོ་ཞེས་གསུངས་སོ། །དེ་

བཞིན་དུ་ཙོག་ཙོག་པོར་འདུག་པར་མི་བྱའོ། །མང་དུ་སྨོས་ཀྱང་ཅི་དགོས་པས་འདུལ་བའི་བསྟན་བཅོས་ལས་གསུངས་པ་ཁོ་ནའི་སྤྱོད་ལམ་ལྟ་བུར་བྱ་བ་ཡིན་ཏེ། འདི་དག་ནི་དཔེར་བརྗོད་པ་བསྟན་པ་ཡིན་ནོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ལས། ཁྱིམ་པའི་རྟགས་སྤོང་བའི་

ཕྱོགས་དང་མཐུན་པ་སྟེ་བཅུ་གཅིག་པ་རྫོགས་སོ།། །།སྡོམ་བརྩོན་རྟགས་ནི་ཁས་བླངས་བརྗོད་པས་ན། །དེར་རྟོགས་ཉམས་པའི་ཕྱོགས་མཐུན་སྤང་བྱ་སྟེ། །དཔེར་ན་མུ་སྟེགས་རྟགས་ནི་ཐོགས་པ་དང་། །གཅེར་བུ་སྐྲ་འབལ་ལག་པར་ཟ་བ་དང་། །རབ་ཏུ་བྱུང་བའི་སྔགས་

ལས་རབ་ཏུ་འབྱུང་བའི་རྟགས་ཡང་དག་པར་ལེན་ཏོ་ཞེས་འབྱུང་བའི་ཕྱིར་རབ་ཏུ་བྱུང་བ་ཉམས་པའི་ཕྱོགས་དང་མཐུན་པ་སྤང་བར་བྱ་བ་ཡིན་ཏེ། དཔེར་ན་མུ་སྟེགས་ཅན་གྱི་རྟགས་ཀེང་རུས་ལ་སོགས་པ་ཐོགས་པ་དང་། གཅེར་བུ་ཉིད་དང་སྐྲ་འབལ་བ་དང་ལག་པར་ཟན་ཟ་བ་ལ་སོགས་པའོ། །གཞན་

ཡང་། རི་ལ་མཆོང་དང་ཉི་མ་ལྟ་བྱེད་དང་། །མེ་ལྔ་བསྟེན་པ་ལ་སོགས་སྤང་བར་བྱ། །རི་ཀ་ནས་མཆོང་བ་དང་ཉི་མ་ལ་ལྟ་བ་དང་མེ་ལྔ་བསྟེན་པ་ལ་སོགས་པ་རྣམ་པ་ཐམས་ཅད་དུ་སྤང་བར་བྱའོ། །མཆིལ་མ་ལ་སོགས་སེ་གོལ་གཏོགས་བྱས་ཏེ། །དེ་ནས་གནང་བའི་ས་ཕྱོགས་

དག་ཏུ་དོར། །མཆིལ་མ་ལ་སོགས་དོར་བ་ན་སེ་གོལ་བརྡབས་ཏེ་དེ་ནས་གནང་བའི་ས་ཕྱོགས་སུ་དོར་བར་བྱའོ། །བཤང་བའི་ས་དང་གཅི་བའི་ཉེ་འཁོར་དུ། །སྣ་ཚོགས་གཏམ་གྱིས་ཡུན་རིངས་གནས་མི་བྱ། །ཁ་དོན་བཙོ་བླག་ལ་སོགས་དེར་མི་བྱ། །སྐད་དག་ཕྱུང་སྟེ་བརྟགས་ནས་འཇུག་

Vol. 166 · folio 152a

པར་བྱ། །བཤང་བའི་སའི་ཉེ་འཁོར་རམ་གཅི་བའི་སའི་ཉེ་འཁོར་དུ་གཏམ་སྣ་ཚོགས་སྨྲ་བ་ལ་སོགས་དག་གིས་ཤིན་ཏུ་ཡུན་རིང་བར་གནས་པར་མི་བྱའོ། །ཁ་དོན་ནམ་བཙོ་བླག་ལ་སོགས་པ་དེར་མི་བྱའོ། །སྣམ་ཕྱི་སར་འཇུག་པ་ན་སྐད་དག་ཕྱུང་སྟེ་འཇུག་པར་བྱའོ། །

བཤང་བའི་ས་དང་གཅི་བའི་ས་དག་ཀྱང་། །སོ་སོར་ཐ་དད་ཡིན་ཏེ་དེར་མི་བརྗོད། །གཅི་དང་བཤང་བ་དེ་བཞིན་རླུང་དག་ནི། །འབྱུང་བར་གྱུར་ན་དལ་བུས་གཏང་བར་བྱ། །བཤང་བའི་ས་ཡང་ལོགས་ཤིག་གཅི་བའི་ས་ཡང་ལོགས་ཤིག་ཏུ་བྱའོ། །དེར་ཞུགས་ན་བརྗོད་པར་མི་བྱའོ། །བཤང་

བ་ལ་སོགས་པ་གང་འབྱུང་བར་གྱུར་པ་དེ་ནི་བཤང་བའམ་གཅི་བ་འམ་རླུང་འབྱུང་བར་འགྱུར་བ་སྟེ། དལ་གྱིས་དལ་གྱིས་གཏང་བར་བྱའོ། །འབྱུང་བ་དགག་པར་ནམ་ཡང་འདོད་མ་ཡིན། །གཅི་བ་ལ་སོགས་པ་དེ་དག་འབྱུང་བ་དགག་པར་མི་བྱའོ། །གཙང་སྦྲའི་རིམ་པ་ཡང་བཤད་པར་

བྱ་སྟེ། རྨ་ལ་སྔར་ནི་འཇམ་པོས་ཕྱིས་ནས་ཀྱང་། །ཆུ་ནང་དག་དང་ས་ཡིས་བཀྲུས་བྱས་ཏེ། །ལག་པ་གཡོན་པར་ས་ནི་ལན་བདུན་བླུགས། །དེ་ཡི་འོག་ཏུ་ལག་པ་གཉིས་ཀར་བདུན། །ས་དེ་དག་ཀྱང་སོ་སོར་རིམ་བཞིན་གཞག།དེ་བཞིན་ཆུ་མང་ལག་པ་གཉིས་བཀྲུས་ནས། །དེས་འབད་

ལག་ངར་བྱིན་པ་ལེགས་ཕྱིས་ཏེ། །ཕྱིས་ཀྱང་ལག་པ་གཉིས་ཀ་བཀྲུ་བྱ་ཞིང་། །ཕྱིས་ནས་རིལ་བས་རྐང་པ་གཉིས་ཀ་ཡིན། །སེམས་ནི་དག་ན་གཙང་བ་ཡིན་པར་བཤད། །དྲི་དང་གོས་པ་དག་དང་བྲལ་ཙམ་ཡིན། །རྨ་ཉིད་ལ་ནི་རེ་ཞིག་སྔར་བོང་བ་ལ་སོགས་པ་འགའ་ཞིག་གིས་ཕྱི་བར་

བྱའོ། །དེའི་འོག་ཏུ་ཆུ་མང་པོ་དང་སས་བཀྲུ་བར་བྱ་སྟེ། ཇི་ཙམ་གྱིས་དྲི་དང་། གོས་པ་མེད་པར་འགྱུར་བ་དེ་ཙམ་གྱིས་བླང་བར་བྱའོ། །དེ་ལྟར་བཀྲུས་ནས་ཕྱིས་ལག་པ་གཡོན་པར་ས་ལན་བདུན་བླང་བར་བྱའོ། །དེ་ནས་ལག་པ་གཉི་གས་ཀྱང་བདུན་ཁོ་ན་སྟེ། ས་དེ་དག་ཀྱང་སོ་སོར་

རིམ་པར་གཞག་པར་བྱའོ། །དེ་ལྟར་ཆུ་མང་པོས་ལག་པ་གཉིས་བཀྲུས་ཏེ་བརྟུལ་ཞུགས་ཅན་དེས་ལག་ངར་དང་བྱིན་པ་ལེགས་པར་ཕྱི་བར་བྱ་སྟེ། བྱིད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལག་ངར་དང་བྱིན་པ་ཕྱིས་ནས་ཕྱིས་ཡང་ལག་པ་གཉིས་ཀ་བཀྲུ་བར་བྱའོ། །དེ་ནས་རིལ་བའོ། །

Vol. 166 · folio 152b

དེ་ནས་རྐང་པ་གཉིག་བཀྲུ་བར་བྱ་སྟེ། རིམ་པ་ནི་འདི་ཡིན་ནོ། །སེམས་དག་པར་གྱུར་པ་ཙམ་ལ་གཙང་བ་ཡིན་པར་བཤད་པར་བྱ་སྟེ། དེ་ཡང་དྲི་དང་གོས་པ་བསལ་བ་ཙམ་ཡིན་ནོ། །ཐ་སྙད་པའི་གཙང་བར་སྟོན་པ་དེ་ལྟ་བུ་ཡིན་ནོ། །བཅོམ་ལྡན་ནང་གི་གཙང་སྦྲ་གསུངས་པ་ནི། །ལུས་ལ་

སོགས་པའི་སྡིག་སྤང་གང་ཡིན་པའོ། །བརྟུལ་ཞུགས་ཅན་གྱིས་བཤང་དང་གཅི་བ་དང་། །སོ་ཡི་དྲི་བསལ་ཕྱོགས་ནི་དབེན་པར་བྱ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་དོན་དམ་པར་ནང་གི་གཙང་སྦྲ་དག་གསུངས་ཏེ། དེ་ཡང་ལུས་དང་ངག་དང་ཡིད་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་སྡིག་པ་མི་

བྱ་བ་ཡིན་པར་རིག་པར་བྱའོ། །བརྟུལ་ཞུགས་ཅན་གྱིས་བཤང་བ་དང་གཅི་བ་དང་། སོ་ཤིང་དོར་བ་དག་ནི་ཕྱོགས་དབེན་པ་དག་ཏུ་བྱའོ། །སོ་ཤིང་དག་ནི་ཆུ་ཡིས་བཀྲུས་བྱས་ནས། །དོར་བར་བྱའོ་ཆུ་དག་མེད་ན་ཡང་། །ལྕེ་ཡི་དྲི་མས་ཤི་བཞིན་འདིར་གྱུར་ན། །མི་རུང་བསྒྲིམས་ཏེ་ས་ལ་ཕྱིས་

ནས་སོ། །སོ་ཤིང་ཟོས་ནས་ཆུས་བཀྲུས་ཏེ་དོར་བར་བྱའོ། །འོན་ཏེ་ཆུ་མེད་ན་དེའི་ཚེ་རྣམ་པ་ཐམས་ཅད་དུ་ས་ལ་ཕྱིས་ནས་ཀྱང་དོར་བར་བྱའོ། །ཅིའི་ཕྱིར་ཞེ་ན། བཤད་པ། ལྕེའི་དྲི་མས་ཤི་བཞིན་འདིར་གྱུར་ན་མི་རུང་ངོ་། །འདིར་གཞུང་ནི་ཕྲན་ཚེགས་ལས། དགེ་སློང་གིས་སོ་ཤིང་

ཟོས་ཏེ་ལྕེ་བཞར་ནས་མ་བཀྲུས་ཏེ་བོར་བ་དང་། དེ་ལས་སྦྲང་བུས་གཞིབས་པས་དུས་ལས་འདས་སོ། །སྦྲང་བུའི་རོའི་རྒྱུས་སྲོག་ཆགས་ཧ་རོ་ལི་ཀ་འོངས་ཏེ་དེས་སྦྲང་བུ་བཟུང་ངོ་། །སྲོག་ཆགས་ཙིན་ཏི་ཀས་ཧ་རོ་ལི་ཀ་བཟུང་ནས་དེ་ཡང་དུས་བྱས་སོ། །བྱི་ལས་ཅིན་ཏི་ཀ་བཟུང་བ་དང་དེ་ཡང་

ཤི་ནས་སྲོག་ཆགས་རྣམས་ཚང་དུ་དུས་བྱས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྐྱེས་བུ་སོ་གདུག་པ་དག་ཡོད་པས། དེའི་ཕྱིར་སོ་ཤིང་ཆུས་བཀྲུ་བར་བྱའོ། །ཆུ་མ་རྙེད་ནས་ས་ཕྱིས་ནས་དོར་བར་བྱའོ་ཞེས་བྱ་བའི་བར་དུ་འབྱུང་བ་ཡིན་ནོ། །ལྷུང་བཟེད་གཉིས་ཏེ་

སས་བྱས་ལྕགས་ལས་བྱས། །ལྷུང་བཟེད་གཞན་མིན་ཆུང་ཆེ་སྐྱ་བོ་མིན། །ཁར་གསིལ་སྒྲ་དང་ལྡན་པ་བཅང་བྱ་སྟེ། །དེ་ནི་གོ་བྱེད་ཁྱི་སྐྲོད་ཡིན་པས་སོ། །ལྷུང་བཟེད་ས་ལས་བྱས་པ་དང་། ལྕགས་ལས་བྱས་པ་དག་གནང་བ་ཡིན་གྱི། ལྷུང་བཟེད་ཟངས་ལ་སོགས་པ་གཞན་ལས་

Vol. 166 · folio 153a

བྱས་པ་ཡང་མ་ཡིན་ནོ། །ལྷུང་བཟེད་ཆུང་བ་ཡང་མ་ཡིན་ནོ། །ལྷུང་བཟེད་སྐྱ་བོ་ཡང་མ་ཡིན་ནོ། །ལྷུང་བཟེད་ཆེན་པོ་ལ་སོགས་པ་ཡང་མ་ཡིན་ནོ། །ཁར་གསིལ་སྒྲ་དང་ལྡན་པ་བཅང་བར་བྱ་སྟེ། གང་གི་ཕྱིར་ཁར་གསིལ་དེ་ནི་སྐྱེ་བོ་དག་ལ་གོ་བར་བྱེད་པ་དང་།

བསོད་སྙོམས་ལ་ཞུགས་པ་ལ་སོགས་པའི་ཚེ་ཁྱི་དག་སྐྲོད་པར་བྱེད་པ་དེའི་ཕྱིར་བཅང་བར་བྱའོ། །དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ལས། རབ་ཏུ་བྱུང་བ་ཉམས་པའི་ཕྱོགས་དང་མཐུན་པ་སྟེ། བཅུ་གཉིས་པ་རྫོགས་སོ།། །།བླ་མར་གསོལ་བཏབ་བླ་མ་ཉམས་

ཕྱོགས་མཐུན། །རང་གི་བླ་མ་མ་གུས་དེ་ཡིན་པས། །བདག་ཉིད་འདོད་པས་ཕ་ལྟར་རབ་སྡུག་དང་། །གུས་པར་བྱས་ནས་བླ་མའི་རིམ་གྲོ་བྱ། །མཁན་པོར་གསོལ་བ་གདབ་པའི་སྔགས་ལས་བཙུན་པ་བདག་གི་མཁན་པོ་མཛད་དུ་གསོལ་ཞེས་གང་ཞིག་གསོལ་བ་གདབ་པ་སྔོན་དུ་བཏང་ནས་

ཁས་ལེན་པ་སྟེ། དེ་ཡོངས་སུ་གཏོང་བ་ནི་ཉམས་པ་ཞེས་བྱའོ། །དེ་ཉམས་པའི་ཕྱོགས་དང་མཐུན་པ་ཡང་རང་གི་བླ་མ་ལ་མ་གུས་པ་ལ་སོགས་པ་གང་ཡིན་པ་དེ་ཡིན་ནོ། །དེ་ལྟ་བས་ན་བདག་ཉིད་ཤེས་པས་ནི། མཁན་པོ་ལ་ཕ་ལྟར་ཤིན་ཏུ་སྡུག་པས་བསྙེན་བཀུར་བྱས་ནས་རིམ་གྲོ་བྱའོ། །

བཤང་དང་གཅི་དང་སོ་ནི་དག་བྱ་དང་། །མཚམས་ཀྱི་ནང་དུ་རྒྱལ་ལ་ཕྱག་བྱ་དང་། །ཆུ་དག་བཏུང་བར་བྱ་བ་མ་གཏོགས་པ། །ཐམས་ཅད་དྲིས་ནས་བྱ་བ་ཡིན་པར་གསུངས། །བླ་མ་ལ་ཐམས་ཅད་དྲིས་ནས་བྱ་བ་ཡིན་པར་བསྟན་ཅེས་བྱ་བར་སྦྱར་ཏེ། བླ་མ་ལ་མ་དྲིས་པར་ཅི་ཡང་མི་བྱའོ་ཞེས་བྱ་བའི་ཐ་

ཚིག་གོ། །སྤྱིར་བཏང་བ་དམིགས་ཀྱིས་བསལ་བ་ནི་བཤང་བ་དང་གཅི་བ་དང་སོ་བཀྲུ་བ་དང་མཚམས་ཀྱི་ནང་དུ་མཆོད་རྟེན་ལ་ཕྱག་བྱ་བ་དང་ཆུ་བཏུང་བ་དང་ལྔ་མ་གཏོགས་པ་ཡིན་ནོ། །བླ་མ་བས་སྔར་ནང་པར་ལངས་ནས་ནི། །གདོང་དག་བཀྲུས་ནས་བདེ་གཤེགས་ཕྱག་འཚལ་ཏེ། །དེ་ནས་

བླ་མ་གུས་བཅས་ཕྱག་བྱས་ནས། །བཏུད་དེ་སྐུ་ལ་མཉམ་མམ་ཞེས་ནི་དྲི། །བྱ་བ་ཉིད་ཀྱི་ལུང་མནོས་དེའི་འོག་ཏུ། །དེ་ཡི་གནས་ཁང་ཉེ་འཁོར་ཕྱག་དར་བྱ། །དེ་ནས་རྒྱལ་ལ་དཀྱིལ་འཁོར་བྱས་ནས་ནི། །དད་པས་བཏུད་བཞིན་དུ་ནི་བསྐོར་བྱ་ཞིང་། །བླ་མ་བས་ཆེས་ནང་པར་སྔར་

Vol. 166 · folio 153b

ལངས་ནས་གདོང་བཀྲུ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་ཕྱག་བྱའོ། །དེ་ནས་བླ་མ་ལ་གུས་པ་དང་བཅས་པས་ཕྱག་བྱ་ཞིང་དེའི་འོག་ཏུ་དེའི་ཁམས་མཉམ་མམ་ཞེས་དྲིས་ནས། ཀུན་དུ་སྦྱར་བ་རུང་བ་དག་བགྱིའོ་ཞེས་བྱ་བ་འདི་ཉིད་ཀྱི་ལུང་མནོད་པར་བྱའོ། །ལུང་ཐོབ་པས་ཐོག་མར་བླ་མ་

དེའི་གནས་ཁང་གི་ཉེ་འཁོར་གྱི་ཕྱག་དར་བྱའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་དཀྱིལ་འཁོར་བྱས་ཏེ། དད་པས་བཏུད་བཞིན་དུ་བསྐོར་བར་བྱའོ། །དེའི་འོག་ཏུ། ཉེ་བའི་སྡོམ་བརྩོན་རྒན་ལ་ཕྱག་བྱས་ནས། །དགེ་བས་ལུས་ལ་སྙིང་པོ་བླང་བར་བྱ། །ཉེ་འཁོར་ན་ཉེ་བར་

གནས་པའི་བརྟུལ་ཞུགས་ཅན་རྒན་པོ་དག་ལ་ཕྱག་བྱས་ནས། དེའི་འོག་ཏུ་བསམ་གཏན་ནམ་ཀློག་པས་རང་གི་ལུས་ལས་སྙིང་པོ་བླང་བར་བྱའོ། །བླ་མ་དག་ལ་བསྙེན་བཀུར་བྱེད་པས་ནི། །ཟས་སྐོམ་ལ་སོགས་ཞིམ་པོ་ཀུན་ཀྱང་དབུལ། །བླ་མ་ལ་བསྙེན་བཀུར་བྱེད་པར་འདོད་པས་

མཁན་པོ་འདི་ལས་གང་བཞེད་པ་དེ་བཞེས་སུ་གསོལ་ཞེས་ཟས་སམ་སྐོམ་ཞིམ་པོ་གང་ཅི་ཡང་རུང་བ་དེ་ཐམས་ཅད་བླ་མ་ལ་དབུལ་བར་བྱའོ། །ཕྱག་བྱའི་ལམ་དུ་ཕྱིན་ནའང་ཕྱག་བྱ་སྟེ། །བརྟུལ་ཞུགས་ཅན་དང་མི་མཐུན་བཀོལ་མི་བྱ། །འཇིག་རྟེན་གསུམ་གྱི་སྟོན་པའི་གསུང་དབང་གིས། །དེས་

ཀྱང་ཨ་རོག་གྱ་ཞེས་བརྗོད་པར་བྱ། །ཉེ་འཁོར་དུ་ཕྱིན་པ་ན་ཕྱག་བྱ་བར་བྱའོ་ཞེས་བསྟན་ཏོ། །དེ་ལ་གལ་ཏེ་ཕྱག་བྱ་བའི་ཉེ་འཁོར་དུ་ཕྱིན་པ་དང་མི་མཐུན་པ་ཞིག་ཡིན་ན་དེའི་ཚེ་དེས་ཕྱག་བྱ་བ་ཁོ་ན་ཡིན་གྱི་དེ་བཀོལ་ཏེ། གཞན་ལ་ནི་ཕྱག་མི་བྱའོ་ཞེས་བཀའ་སྩལ་པ་ཡིན་ནོ། །བརྟུལ་

ཞུགས་ཅན་མི་མཐུན་པ་དེས་ཀྱང་ཁམས་གསུམ་གྱི་མགོན་པོའི་བཀའ་མདུན་དུ་བྱས་ཏེ། ཨ་རོག་གྱ་ཞེས་བརྗོད་པར་བྱའོ། །གཞན་དུ་ན་གཉི་ག་ལ་ཡང་བཀའ་ལས་འདས་པར་འགྱུར་རོ། །རྒན་ཞུགས་ཤིན་ཏུ་རྒན་པོ་སྦྲིད་བྱུང་དང་། །ཁྱིམ་པ་སྦྲིད་པ་བྱུང་ནའང་སོས་ཞེས་བརྗོད། །

གཞོན་ནུ་སྦྲིད་བྱུང་ཨ་རོག་གྱ་ཞེས་བྱ། །རྒན་ལ་བྱུང་ལ་ཚིག་གིས་ཕྱག་བྱའོ། །རྒན་ཞུགས་ཤིན་ཏུ་རྒན་པོ་དག་གི་སྦྲིད་པ་བྱུང་ན་སོས་ཤིག་ཅེས་བརྗོད་པར་བྱའོ། །ཁྱིམ་པ་ལ་བྱུང་ན་ཡང་སོས་ཞེས་བརྗོད་པར་བྱའོ། །དེ་ཡང་དགེ་སློང་དག་དེ་རྣམས་ནི་གསོན་པར་དགའ་བ་ཡིན་ནོ་ཞེས་

Vol. 166 · folio 154a

གསུངས་པས་སོ། །གཞོན་ནུ་དག་གི་སྦྲིད་པ་བྱུང་ན་ཨ་རོག་གྱ་ཞེས་བརྗོད་པར་བྱའོ། །ཤིན་ཏུ་རྒན་པ་ལས་གཞན་པའི་རྒན་རབས་སྦྲིད་པ་བྱུང་ན་ཚིག་གིས་ཕྱག་བྱ་བར་བྱའོ། །འདི་ལ་བཀུར་སྟིས་ཕྱག་བྱས་རྣམ་གཉིས་ཏེ། །ཡན་ལག་ལྔ་དང་སྒྱིད་བཟུང་

རང་བཞིན་ནོ། །མུན་ཁུང་བླ་མ་སྤྱི་བོས་སར་གཏུགས་པའི། །ཕྱག་དག་མི་བྱ་ཚིག་གིས་ཕྱག་བྱའོ། །བསྟན་པ་འདི་ལ་བཀུར་སྟིས་ཕྱག་བྱ་བ་ནི་གཉིས་སུ་གསུངས་ཏེ། གཅིག་ནི་ཡན་ལག་ལྔས་ཕྱག་བྱ་བ་ཡིན་ནོ། །གཉིས་པ་ནི་སྒྱིད་པ་ནས་འཁྱུད་པའི་རང་བཞིན་ནོ། །མུན་

ཁུང་དུ་བླ་མ་ལ་སྤྱི་བོ་ས་ལ་གཏུགས་ཏེ་ཕྱག་མི་བྱའོ། །བླ་མ་སྨོས་པ་ནི་མཚོན་པ་ཙམ་དུ་ཟད་དེ། གཞན་ལ་ཡང་ཕྱག་མི་བྱ་བ་ཁོ་ན་ཡིན་ནོ། །ཚིག་གིས་ནི་ཕྱག་བྱ་སྟེ་འདིར་གཞུང་ནི་ཚངས་པའི་གདུང་བ་བྱའོ་ཞེས་འབྱུང་བ་ཡིན་ནོ། །སྡོམ་བརྩོན་བཅའ་བ་འགའ་ཞིག་འཆའ་བྱེད་ན། །

ཕྱག་དག་མི་བྱ་དེས་ཀྱང་ཕྱག་མི་བྱ། །མི་གཙང་ལམ་གྱི་ཕྱོགས་མ་བཀྲུས་པའང་མིན། གོས་གཅིག་མ་ཡིན་ཟས་བཅས་ཁ་མ་ཡིན། །མདུན་དུ་ཟས་དྲངས་སྤོ་བ་སྤྱོད་པ་དང་། །ཁྱིམ་གནས་ཚུལ་ཁྲིམས་འཆལ་དང་གཅེར་བུ་དང་། །གཞན་ཡང་ཕྱག་བྱ་མིན་ཡང་རྟག་པར་ནི། །

ཕྱག་བྱ་གཉིས་ཏེ་བདེ་གཤེགས་རྒན་པོ་ཡིན། །གཞན་དག་ཇི་དག་མུར་པ་ལ་ཕྱག་དག་མི་བྱའོ། །གཞན་གྱིས་ཀྱང་དེ་དག་ལ་ཕྱག་དག་མི་བྱའོ། །མི་གཙང་བའི་ལམ་ལ་བཀྲུས་པ་ལ་ཡང་མི་བྱའོ། །གོས་གཅིག་ལ་ཡང་མི་བྱའོ། །ཁ་ཟས་དང་བཅས་པ་ལ་ཡང་མི་བྱའོ། །དེ་བཞིན་དུ་

མདུན་དུ་ཟས་དྲུངས་པ་དང་། སྤོ་བ་སྤྱོད་པ་དང་ཁྱིམ་པ་དང་ཚུལ་ཁྲིམས་འཆལ་བ་དང་གཅེར་བུ་དང་། གཞན་ཡང་དེ་ལྟ་བུའི་ཕྱག་བྱ་བ་མ་ཡིན་པ་དག་མང་བས། མདོར་ན་ཕྱག་བྱ་བ་ནི་གཉིས་ཁོ་ན་སྟེ། བཅོམ་ལྡན་འདས་བདེ་བར་གཤེགས་པ་དང་། སྡོམ་པ་རྒན་པའི་སྡོམ་

བརྩོན་ཅན་ནོ། །གང་ཕྱིར་དེ་དག་སྡོམ་པས་རྒན་མིན་པས། །གསང་སྔགས་ལ་ཡང་ལྷ་གཞན་ཕྱག་མི་བྱ། །དཀོན་མཆོག་གསུམ་ལ་བཏུད་པས་ཕྱག་བྱས་ནས། །གཞན་གྱིས་བྱས་པའི་གསང་སྔགས་བརྗོད་པར་བྱ། །གསང་སྔགས་དག་བརྗོད་པ་ན་ཡང་ལྷ་གཞན་དག་ལ་

Vol. 166 · folio 154b

ཕྱག་མི་བྱ་ཞིང་། གང་གི་ཕྱིར་དེ་དག་ནི་སྡོམ་པས་རྒན་པ་མ་ཡིན་པས་སོ། །འོ་ན་དེས་བྱས་པའི་གསང་སྔགས་དག་ཇི་ལྟར་བརྗོད་པར་བྱ་ཞེ་ན། བཤད་པ། དཔེར་ན། ན་མོ་རདྣ་ཏྲ་ཡཱ་ཡ་ཀུ་རུ་ཀུལླེ་ཞེས་བྱ་བ་ལྟ་བུར་དཀོན་མཆོག་གསུམ་ལ་འདུད་པས་མཆོད་ནས། ལྷ་གཞན་དག་གིས་

བྱས་པའི་གསང་སྔགས་བརྗོད་པར་བྱའོ། །གང་ཞིག་སངས་རྒྱས་སྐྱབས་འོས་དག་ལ་སྐྱབས། །སོང་ནས་གཞན་ལ་གུས་པས་ཕྱག་བྱེད་པ། །དེ་ནི་ཤཱཀྱའི་རིགས་ཀྱི་རྟགས་དག་ལ། །ཅོ་འདྲི་ཡུལ་འཁོར་ཟས་ནི་འབར་བར་ཟ། །གང་ཞིག་སངས་རྒྱས་ལ་སྐྱབས་སུ་སོང་ནས། ལྷ་

གཞན་དག་ལ་སྙིང་ནས་ཕྱག་འཚལ་བའི་བརྟུལ་ཞུགས་ཅན་དེ་ལྟ་བུ་དེ་ནི། ཤཱཀྱའི་རིགས་འཕགས་པ་རྣམས་ཀྱི་ཆ་བྱད་ལ་ཅོ་འདྲི་ཞིང་། ཡུལ་འཁོར་གྱི་ཟས་མདག་མ་འབར་བ་དང་འདྲ་བ་ཟ་བ་ཡིན་ཏེ། སྤྱོད་པ་ནི་གཞན་དུ་ཡིན་ལ། བསམ་པ་ནི་གཞན་དུ་སེམས་པའི་ཕྱིར་རོ། །དགེ་

ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་ལས། བླ་མར་གསོལ་བ་བཏབ་པ་ལས་ཉམས་པའི་ཕྱོགས་དང་མཐུན་པ་སྟེ་བཅུ་གསུམ་པ་རྫོགས་སོ།། །།དེ་ནས་སྡོམ་པ་ཉམས་ཕྱོགས་མཐུན་འབྱུང་སྟེ། །དཀོན་མཆོག་གསུམ་ལ་མ་གུས་དེ་བཞིན་དུ། །ཉི་མ་ལྔ་ལས་ལྷག་

པར་མི་གནས་པའམ། །དགག་དབྱེ་དང་ནི་གསོ་སྦྱོང་ཉམས་པ་སྟེ། །འདི་མན་ཆད་ནི། སྡོམ་པ་མཐའ་དག་ཉམས་པའི་ཕྱོགས་དང་མཐུན་པ་འབྱུང་བ་སྟེ། འདི་ལྟ་སྟེ། དཀོན་མཆོག་གསུམ་ལ་མ་གུས་པ་ཉིད་དང་། དེ་བཞིན་དུ་ཉི་མ་ལྔ་ལས་ལྷག་པར་མི་གནས་པ་ཉིད་དེ། །

འདིར་ཡང་གལ་ཏེ་གནས་ཚོལ་བ་ལ་ཞུགས་ན། །དེའི་ཚེ་མི་གནས་པ་ལ་ཉི་མ་ལྔའི་རྙེད་པ་དག་དབང་ངོ་། །འོན་ཏེ་མི་ཚོལ་ན་དེའི་ཚེ་ཉི་མ་ཐོག་མ་ཉིད་ལས་མི་དབང་ངོ་། །འམ་ཞེས་བྱ་བའི་སྒྲའི་དོན་ནི་ཐ་དད་པའི་དོན་ལ་བྱའོ། །འདིར་གཞུང་ནི་གླེང་གཞི་ལས། ཡུན་ཇི་སྲིད་ཅིག་

ཏུ་མི་གནས་པ་ལ་རྙེད་པ་བརྩམ་པར་བགྱི། ཉེ་བ་འཁོར་ཞག་ལྔ་ཁོ་ན་སྟེ། དེ་ཡང་གནས་ཚོལ་བའི་སྦྱོར་བ་མ་བཏང་ནའོ་ཞེས་འབྱུང་བ་ཡིན་ནོ། །གཞན་ཡང་དགག་དབྱེའི་ལས་ཉམས་པ་ཡང་། སྡོམ་པ་ཉམས་པའི་ཕྱོགས་དང་མཐུན་པ་ཡིན་ནོ། །དེ་བཞིན་དུ་གསོ་སྦྱོང་གི་ལས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words