ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་རྣམ་པར་བཤད་པ
Sanskrit title (Tibetan script, as in the text) ཏྲིང་ཤ་ཏ་ཀཱ་རི་ཀཱ་བྱཱ་ཁྱཱན
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 166 · folio 162b
༄༅། །རྒྱ་གར་སྐད་དུ། ཏྲིང་ཤ་ཏ་ཀཱ་རི་ཀཱ་བྱཱ་ཁྱཱན། བོད་སྐད་དུ། ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་རྣམ་པར་བཤད་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེ་གཤེགས་བསླབ་པ་ཚད་མེད་ཡོན་ཏན་དཔག་ཏུ་མེད་ལྡན་པ་དག་བླངས་
ནས་སྐྱོང་བྱེད་ཅིང་། །བསྟན་བཅོས་རྣམ་པ་སྣ་ཚོགས་པ་ལ་མངོན་པར་སྦྱོར་བས་བློ་གྲོས་ངན་པ་རབ་སྤངས་པ། །སྒྲ་རྣམས་ཉེས་པ་མ་ལུས་བསལ་ཞིང་དགའ་བའི་ཚིག་མཆོག་ལེགས་པར་སྦྱར་བ་དོན་མཆོག་དང་། །མདོ་སྡེ་ཆོས་མངོན་བསྟན་བཅོས་རིགས་མང་འདུལ་བས་ཐམས་ཅད་ཡོད་
སྨྲ་རྩ་བར་གྱུར་པ་རྒྱལ་གྱུར་ཅིག །འགྲོ་གཞན་མ་ལུས་པ་ཡི་དོན་མཛད་ནས། །ཐམས་ཅད་མཁྱེན་པའི་གྲུབ་མཆོག་བརྙེས་གྱུར་པའི། །བདེ་གཤེགས་དེ་ལ་སྤྱི་བོས་ཕྱག་འཚལ་ལོ། །དགེ་ཚུལ་ཚིག་ལེའུར་བྱས་པ་རྣམ་དབྱེ་བྱ། །ཇི་སྟེ་ཚིག་ལེའུར་བྱས་བཤད་གཞག་མཛད་ཀྱང་། །
དེ་ནི་དགེ་ཚུལ་དག་ལ་མཆོག་མིན་པས། །དོན་འདི་རྣམ་པར་དཔྱད་ནས་བདག་གིས་ནི། །སློབ་མ་ལ་ཕན་རྒྱས་བཤད་བྱས་པ་ཡིན། །དེ་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སློབ་དཔོན་གྱིས་མངོན་པར་འདོད་པའི་རྒྱུ་མཚན་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བ་ཅན་གྱི་སྤྱོད་པ་ཡང་
དག་པར་བསྡུ་བར་བཞེད་ནས། དཔལ་འབྱོར་གནས་དང་ཞེས་བྱ་བ་ལ་སོགས་པས་ཚིག་ལེའུར་བྱས་པ་བརྩམས་པ་ཡིན་ཏེ། དེ་ལ་ངེས་པར་འབྱུང་བའི་ཚུལ་ཁྲིམས་བཤད་པར་བྱ་ཞེས་བྱ་བའི་བཤད་པ་འདི་སྦྱར་བར་བྱའོ། །དེ་ལ་འགྲོ་བས་བྱུང་བ་སྟེ་བྱུང་བ་ཞེས་བྱ་བ་དངོས་པོ་སྒྲུབ་པར་བྱེད་
Vol. 166 · folio 163a
པ་གཟུང་གི་འདིས་འགྲོ་བར་བྱེད་པས་ན་ཞེས་བྱ་བར་ནི་མ་ཡིན་ཏེ། བྱུང་བ་ནི་འདིར་ཐོབ་པ་ལ་བྱའི་འགྲོ་བར་བྱེད་པ་ལ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལམ་དང་འགྲོ་བར་བྱེད་པ་དེ་དག་ནི་གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ལྷག་མ་མ་ལུས་པར་བྱུང་བ་ནི་ངེས་པར་འབྱུང་བ་སྟེ།
ཡང་ཕྱིར་མི་ལྡོག་པ་དང་ཁམས་གསུམ་པ་ལས་ཤིན་ཏུ་འདས་པའི་མཚན་ཉིད་ཡིན་པས་ཞེས་བྱ་བའི་བར་དུའོ། །དེ་བས་ན་འདིས་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཡང་དག་པར་ཐོབ་པར་བསྟན་པ་ཡིན་ནོ། །དེའི་དོན་ནམ་དེའི་རྒྱུ་མཚན་ནམ་དེ་ཐོབ་པར་བྱེད་པའི་ཚུལ་ཁྲིམས་ནི་
ངེས་འབྱུང་ཚུལ་ཏེ། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པར་བྱེད་པ་ཞེས་བྱ་བའི་བར་དུ་སྟེ། །དེ་ནི་དོན་བཤད་པ་ཡིན་ནོ། །བསྡུ་བ་ཉིད་ནི་ངེས་པར་འབྱུང་བ་འམ། ངེས་པར་འབྱུང་བའི་ཚུལ་ཁྲིམས་ནི་ངེས་པར་འབྱུང་བའི་ཚུལ་ཏེ། ཚུལ་ཁྲིམས་དེས་བྱ་བ་དེ་ནི་དེའི་དོན་
ཁོ་ན་ཡིན་པའི་ཕྱིར་རོ། །ཚུལ་ཁྲིམས་ཀྱང་འདིར་དགེ་སྦྱོང་གི་བསླབ་པའི་གཞི་ལ་བྱའོ། །ཅི་ཞིག་བྱས་ནས་བཤད་པར་བྱ་ཞེ་ན། སངས་རྒྱས་ལ་ནི་མགོས་གཏུགས་ཞེས་བྱ་བ་སྨོས་ཏེ། །དངོས་པོ་མ་ལུས་པ་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་སམ་མི་ཤེས་པའི་གཉིད་ལས་སད་པའི་ཕྱིར་
སངས་རྒྱས་ཏེ། །སྐྱེས་བུ་གཉིད་སད་པ་བཞིན་ནོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་དེ་ལ་ཕྱག་བཙལ་ནས་སོ། །ཅིས་ཤེ་ན། མགོས་ཞེས་སྨོས་ཏེ་སྤྱི་བོས་སོ། །འདི་སྐད་དུ་དེ་བཞིན་གཤེགས་པ་ལ་ཡན་ལག་གི་མཆོག་མགོ་བོས་མངོན་པར་གཏུགས་ཏེ་ངེས་པར་འབྱུང་བའི་ཚུལ་ཁྲིམས་
བཤད་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཞེ་ན་དཔལ་འབྱོར་གནས་དང་ཞེས་བྱ་བ་སྨོས་ཏེ་དཔལ་གྱི་འབྱོར་པ་ནི་དཔལ་འབྱོར་ཏེ། འབྱོར་པ་ནི་ཕུན་སུམ་ཚོགས་པ་སྟོན་པར་བྱེད་པ་ཡིན་ནོ། །དེའི་གཞི་དང་རྟེན་དང་རྒྱུ་དང་གནས་ཡིན་
པས་ས་དང་འདྲ་བར་གནས་ཡིན་ནོ་ཞེས་བྱ་བ་དེའི་ཕྱིར་དེ་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །འདིས་ནི་འདིར་ཚངས་པ་ལ་སོགས་པ་མངོན་པར་མཐོ་བའི་མཚན་ཉིད་ཀྱི་ཆོས་ཀྱི་རྒྱུ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཚུལ་ཁྲིམས་ཀྱིས་དེ་དག་ཐོབ་པ་ཡིན་ནོ་ཞེས་བྱས་ནས་ཡང་ཚུལ་ཁྲིམས་དེ་ཁྱད་པར་དུ་
Vol. 166 · folio 163b
བྱེད་དོ། །ཚུལ་ཁྲིམས་གང་གིས་ཕུང་པོ་ལྔའི་བདག་ཉིད་ཀྱི་སྡུག་བསྔལ་སྤངས་ཤིང་བསལ་ཏེ་བོར་བ་དེ་ནི་སྡུག་བསྔལ་སྤོང་འགྱུར་རོ། །ཕུང་པོ་ལྔ་ཡང་འདིར་གཟུགས་ཀྱི་ཕུང་པོ་དང་། །ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་
ཞེས་བྱའོ། །དེ་དག་ཉིད་སྡུག་བསྔལ་ཡིན་ཏེ། སྡུག་བསྔལ་གསུམ་ཉིད་དང་འབྲེལ་པའི་ཕྱིར་རོ། །ཅི་འདིས་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་རྒྱུ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཚུལ་ཁྲིམས་དེ་ཁྱད་པར་ཅི་ལྟ་བུ་ཞེ་ན། འཇིག་ཚོགས་ལྟ་བ་ཞེས་བྱ་བ་སྨོས་ཏེ། འཇིག་པར་
བྱེད། ཉམས་པར་བྱེད། ཟད་པར་བྱེད་པས་ན་འཇིག་པའོ། །ཚོགས་ནི་ཕུང་པོ་ཡིན་ནོ། །འཇིག་པ་ཡང་དེ་ཡིན་ལ་ཚོགས་ཀྱང་དེ་ཡིན་པས་འཇིག་ཚོགས་ཏེ། དོན་གཅིག་གི་སྒོ་ནས་ཁྱད་པར་དུ་བྱེད་པ་ཞེས་བྱ་བའི་བསྡུ་བ་ཡིན་ནོ། །འཇིག་ཚོགས་སུ་ལྟ་བ་ནི་འཇིག་ཚོགས་ལྟ་བའོ། །ལྟ་
བ་ནི་ཕྱོགས་ཏེ་ཤེས་རབ་ཀྱི་ཁྱད་པར་ཡིན། །ཇི་ལྟར་ཡང་སྤྱི་ཉིད་ཀྱི་སྒོ་ནས་དེ་སྐད་དུ་བཤད་པ་དེ་ལྟ་ན་ཡང་བདག་དང་བདག་གི་རྣམ་པར་རབ་ཏུ་འཇུག་པའི་ཤེས་རབ་ཁོ་ན་འཇིག་ཚོགས་སུ་ལྟ་བར་བཤད་པ་ཡིན་ཏེ། བཀའ་ལས་ཀྱང་གསུངས་པའི་ཕྱིར་རོ། །གདོན་ནི་ཤ་ཟ་ལ་སོགས་པ་སྟེ་གདོན་
དང་འདྲ་བས་གདོན་ཏེ། གསོ་དཀའ་བ་ཉིད་ཡིན་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བ་ཡང་དེ་ཡིན་ལ་གདོན་ཡང་དེ་ཡིན་པས་ན་འཇིག་ཚོགས་ལྟ་ལ་ཞེན་པའི་གདོན་ནོ། །རྩ་བ་ནི་རྒྱུ་ལ་བྱ་སྟེ་འཇིག་ཚོགས་ལྟ་ལ་ཞེན་པའི་གདོན་ཡང་ཡིན་ལ་རྩ་བ་ཡང་ཡིན་པའི་ཕྱིར་འཁོར་བའི་འཇིག་ཚོགས་
ལྟ་ལ་ཞེན་པའི་གདོན་གྱི་རྩ་བའོ། །དེ་བས་ན་ཚུལ་ཁྲིམས་དེ་ནི་དེ་འཇོམས་པར་བྱེད་པའི་ཕྱིར་འཇིག་ཚོགས་ལྟ་ལ་ཞེན་པའི་གདོན་གྱི་རྩ་བ་འཇོམས་པའོ། །འདིས་ཀྱང་འདི་སྐད་དུ་ཚུལ་ཁྲིམས་དེ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་རྒྱུ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ།
གང་གི་ཕྱིར་འཇིག་ཚོགས་སུ་ལྟ་བ་ལས་ཉོན་མོངས་པ་རབ་ཏུ་སྐྱེ་བ་དེའི་ཕྱིར་དེ་སྤངས་པས་ཉོན་མོངས་པ་ཐམས་ཅད་སྤང་བར་འགྱུར་རོ། །ཡང་ན་དེ་སྤངས་མ་ཐག་ཏུ་གཞན་འདོད་ཆགས་ལ་སོགས་པ་འགའ་ཞིག་ནི་དུས་མཉམ་དུ་འགའ་ཞིག་ནི་རིམ་གྱིས་ཕྱིས་སྤོང་བར་འགྱུར་བ་དེ་བས་ན་
Vol. 166 · folio 164a
གདོན་མི་ཟ་བར་མྱ་ངན་ལས་འདས་པའི་རྒྱུ་ཡིན་ནོ། །གང་གི་ཕྱིར་བདག་མེད་པར་བསྟན་པས་ནི་ཐོབ་པ་ཡིན་ན་དགེ་སྦྱོང་གི་ཚུལ་ཁྲིམས་ཀྱིས་ཇི་ལྟར་ཐར་པ་ཐོབ་པར་འགྱུར་ཞེ་ན། དེ་ལ་ཉེས་པ་མེད་དེ། གང་གི་ཕྱིར་ཚུལ་ཁྲིམས་ལ་གནས་ནས་ཐོས་པ་དང་བསམ་པ་དང་ལྡན་པ་
བསྒོམ་པ་ལ་རབ་ཏུ་སྦྱོར་བ་དེ་ལས་རིམ་གྱིས་ཡེ་ཤེས་སྐྱེ་བར་འགྱུར་བའི་ཕྱིར་བརྒྱུད་པས་མྱ་ངན་ལས་འདས་པ་གཉིས་ཀྱི་རྒྱུར་འགྱུར་ཏེ། ཕུང་པོའི་བདུད་ལས་རྒྱལ་བ་དང་། གཉིས་པས་ཉོན་མོངས་པའི་བདུད་ལས་རྒྱལ་བ་བསྟན་པ་ཡིན་ནོ། །གཞན་ཡང་མེ་ཏོག་མདའ་འཇོམས་ཞེས་བྱ་བ་ལ་སོགས་
པས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཁྱད་པར་དུ་བྱེད་དེ། །མེ་ཏོག་དང་འདྲ་བའི་མདའ་གང་ལ་ཡོད་པ་དེ་ནི་མེ་ཏོག་མདའ་ཅན་ཏེ་འདོད་པའི་ལྷ་ཡིན་ལ། དེ་བཅོམ་པ་ནི་ཕམ་པ་ཡིན་ནོ། །དེའི་རྒྱུ་ཉིད་ཡིན་པའི་ཕྱིར་ཚུལ་ཁྲིམས་དེ་ནི་མེ་ཏོག་མདའ་འཇོམས་སོ། །གང་གི་ཕྱིར་དེ་ལ་གནས་ནས་ལྷའི་
བུའི་བདུད་ཀྱི་ཡུལ་ཡོངས་སུ་སྤངས་པའི་ཕྱིར་དེ་ཕམ་པར་བྱེད་པར་འགྱུར་ཏེ། འདིས་ཀྱང་ལྷའི་བུའི་བདུད་ལས་རྒྱལ་བའི་རྒྱུ་ཉིད་ཡིན་པར་བསྟན་ཏོ། །ཡང་ན་ཁྱད་པར་དེ་དག་བཅོམ་ལྡན་འདས་ཉིད་ཀྱི་ཡིན་གྱི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་ནི་མ་ཡིན་ཏེ། དེ་ལ་སངས་རྒྱས་ལ་ནི་མགོས་
གཏུགས་ནས། ངེས་པར་འབྱུང་བའི་ཚུལ་ཁྲིམས་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཤེ་ན། དཔལ་འབྱོར་གནས་དང་ཞེས་བྱ་བ་སྨོས་ཏེ། དཔལ་གྱིས་འབྱོར་བ་ནི་དཔལ་འབྱོར་ཡིན་ལ། དེ་ཡང་རྣམ་པ་གཉིས་ཏེ། བསོད་ནམས་
ཀྱི་ཚོགས་ཀྱི་མཚན་ཉིད་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་མཚན་ཉིད་དོ། །དེའི་གནས་ནི་གཞི་སྟེ། སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཡང་དག་པར་ལྡན་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་བཅོམ་ལྡན་འདས་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཔལ་འབྱོར་པའི་
གནས་ཏེ། འབྱུང་བའི་གནས་ཡིན་ནོ། །གང་གི་ཕྱིར་བཅོམ་ལྡན་འདས་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ལ་བརྩམས་ནས་སྦྱིན་པ་དང་མཆོད་པ་ལ་སོགས་པས་དེ་དག་ཐོབ་པར་འགྱུར་བ་དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་རྐང་གཉིས་ཀྱི་མཆོག་བསོད་ནམས་ཀྱི་ཞིང་ཞེས་བྱའོ། །གཞན་ཡང་སྡུག་བསྔལ་
Vol. 166 · folio 164b
སྤོང་འགྱུར་ཞེས་བྱ་བས་ཁྱད་པར་དུ་བྱེད་དེ། བཅོམ་ལྡན་འདས་གང་གིས་འཁོར་བའི་སྡུག་བསྔལ་སྤངས་ཤིང་བསལ་བ་དེ་ནི་སྡུག་བསྔལ་སྤོང་འགྱུར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ནི་བསོད་ནམས་ཀྱི་ཚོགས་དང་ལྡན་པ་ཉིད་ཀྱི་ཕྱིར་སྐུའི་བདེ་བ་མངའ་ལ། ཡེ་ཤེས་ཀྱི་ཚོགས་དང་ཡང་དག་པར་ལྡན་
པ་ཉིད་ཀྱི་ཕྱིར་ཐུགས་ཀྱི་བདེ་བ་མངའ་བ་དེའི་ཕྱིར་སྡུག་བསྔལ་སྤངས་པར་གྱུར་པ་ཡིན་ནོ། །ཡང་ན་བཅོམ་ལྡན་འདས་གང་གིས་ཕུང་པོ་ལྔའི་བདག་ཉིད་ཀྱི་སྡུག་བསྔལ་སྤངས་པ་དེ་ནི་སྡུག་བསྔལ་སྤོང་འགྱུར་རོ། །འདིས་ཀྱང་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཐོབ་པར་བསྟན་
པས་བཅོམ་ལྡན་འདས་ལ་བསྟོད་པར་འགྱུར་ལ། སྔ་མས་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ཡང་དག་པར་ལྡན་པའི་སྒོ་ནས་བསྟོད་པ་ཡིན་ནོ། །གཞན་ཡང་འཇིག་ཚོགས་ལྟ་ལ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཁྱད་པར་དུ་བྱེད་དེ། སེམས་ཅན་རྣམས་ཀྱི་འཇིག་ཚོགས་སུ་
ལྟ་བའི་གདོན་གྱི་རྩ་བ་འཇོམས་པར་མཛད་པའི་ཕྱིར་འཇིག་ཚོགས་ལྟ་ལ་ཞེན་པའི་གདོན་གྱི་རྩ་བ་འཇོམས་པ་སྟེ། བདག་ཉིད་ཀྱི་འཇིག་ཚོགས་སུ་ལྟ་བ་སྤངས་པ་མེད་པར་འཇིག་རྟེན་གྱིས་མི་ནུས་པའི་ཕྱིར་ཤུགས་ཀྱིས་བཅོམ་ལྡན་འདས་ནི་འཇིག་ཚོགས་སུ་ལྟ་བ་སྤངས་པར་བསྟན་པར་འགྱུར་རོ་ཞེས་དེ་
དག་མ་ལུས་པ་ནི་ཚིག་གཅིག་པོ་འདིས་བཤད་པ་ཡིན་ནོ། །གཞན་ཡང་མེ་ཏོག་མདའ་འཇོམས་ཞེས་བྱ་བས་ཁྱད་པར་དུ་བྱེད་དེ། ལྷའི་བུ་གང་ལ་མེ་ཏོག་གི་མདའ་ཡོད་པ་དེ་འཇོམས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་ན། བཅོམ་ལྡན་འདས་ནི་མེ་ཏོག་མདའ་འཇོམས་ཏེ། བཅོམ་ལྡན་འདས་ཀྱིས་
ལྷའི་བུའི་བདུད་འཁོར་དུ་མ་ཅན་བྱམས་པས་ཕམ་པར་མཛད་པའི་ཕྱིར་རོ། །ལྷག་མ་ནི་སྔ་མ་བཞིན་ནོ། །ད་ནི་གང་ཞིག་སྲོག་གཅོད་ཅེས་བྱ་བ་ལ་སོགས་པས་བཤད་མ་ཐག་པའི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་རང་གི་ངོ་བོ་འཆད་པར་བྱེད་དེ། ལྡོག་པར་བྱེད་པས་ན་ལྡོག་པ་སྟེ་སོ་སོར་ལྡོག་
པ་ཞེས་བྱ་བའི་བར་དུའོ། །སོ་སོར་འཇུག་པས་ན་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཏེ་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པ་གང་ཡིན་པ་དེ་ནི་ཚུལ་ཁྲིམས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ད་ནི་གང་དག་ལས་ལྡོག་པ་དེ་བཤད་པར་བྱ་སྟེ། སྲོག་ཅེས་བྱ་བ་ནི་འཚོ་བའི་མཚན་ཉིད་ཅན་གྱི་ཆོས་ཡིན་ལ།
Vol. 166 · folio 165a
དེ་གང་ལ་ཡོད་པ་དེ་ནི་སྲོག་ཆགས་སོ། །དེ་གཅོད་པ་ནི་འགོག་པར་བྱེད་པ་ཡིན་ཏེ། རྟེན་ཉམས་པར་བྱེད་པ་དེ་ནི་སྲོག་གཅོད་པ་ཡིན་པས་དེ་ལས་སོ། །གཞན་གྱི་ནོར་ནི་གཞན་གྱི་གཏེར་ཏེ་གཞན་གྱི་རྫས་ཞེས་བྱའོ། །དེ་འཕྲོག་པར་བྱེད་པས་ན་འཕྲོག་པ་སྟེ་དེ་ལས་
སོ། །ཚངས་པའི་སྒྲ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའི་ཆེད་དུ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ་བསྡུ་བ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་དང་འདྲའོ། །ཚངས་པར་སྤྱོད་པ་མ་ཡིན་པ་ནི་མི་ཚངས་པར་སྤྱོད་པ་སྟེ། དེ་ལས་བཟློག་པའོ། །ཇི་ལྟར་ཡང་སྲོག་གཅོད་པ་ལ་སོགས་པ་སྤྱིར་གཟུང་བར་བྱ་
བ་ཡིན་པ་དེ་ལྟ་ན་ཡང་གྲགས་པས་འཁྲིག་པའི་ཆོས་ཁོ་ན་ལ་གཟུང་བར་བྱའི་གཞན་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་པ་ལས་མི་ཚངས་པར་སྤྱོད་པ་ཞེས་གསུངས་པ་དེ་བས་ན་དེ་ལས་སོ། །བརྫུན་མ་ཡིན་པ་ནི་བདེན་པ་ཡིན་ལ་བདེན་པ་མ་ཡིན་པ་ནི་བརྫུན་པ་
སྟེ་དེ་ལས་སོ། །བཅོས་ཆང་ནི་མྱོས་པར་བྱེད་པའི་ཁྱད་པར་ཡིན་ཏེ། དེ་དང་པོར་བྱས་པའི་སྦྱར་བའི་ཆང་ལ་སོགས་པ་གང་ཡིན་པ་དེ་ནི་བཅོས་ཆང་ལ་སོགས་པ་སྟེ་དེ་ལས་སོ། །གང་དང་པོར་བྱས་པའི་གླུ་ལ་སོགས་པ་གང་ཡིན་པ་དེ་ནི་གར་སོགས་སོ། །ཕྲེང་བ་དང་པོར་བྱས་པའི་ཁ་དོག་འཆང་
བ་ལ་སོགས་པ་གང་ཡིན་པ་དེ་ནི་ཕྲེང་སོགས་སོ། །ཆེན་པོ་ཡང་དེ་ཉིད་ཡིན་ལ་མཐོན་པོ་ཡང་དེ་ཉིད་ཡིན་པས་ན་ཆེ་མཐོའོ། །ཆེ་མཐོ་ཡང་ཡིན་ལ་མལ་སྟན་ཡང་ཡིན་པས་ན་མལ་སྟན་ཆེ་མཐོའོ། །མལ་སྟན་གྱི་སྒྲ་ནི་ཁྱད་པར་གྱི་གཞི་ཡིན་ལ་ཆེ་མཐོའི་སྒྲ་ནི་ཁྱད་པར་ཡིན་ཏེ། ཁྱད་པར་གྱི་གཞི་
དེ་ཡང་སྤྱིར་མལ་སྟན་དང་ཆེན་པོ་དང་། མཐོན་པོ་ལ་ཡང་འཇུག་པ་དེ་བས་ན་ཁྱད་པར་དང་ཁྱད་པར་གྱི་གཞི་གཞི་གཅིག་པ་ཡིན་ནོ། །དེའི་ཕྱིར་ཡང་མལ་སྟན་ཆེན་པོ་དང་། མལ་སྟན་མཐོན་པོ་ཞེས་བྱ་བའི་དོན་དུ་འགྱུར་རོ། །དུས་མ་ཡིན་པའི་ཟས་ནི་ཕྱི་དྲོའི་ཟས་སོ། །དེ་ལ་འདི་ལྟར་གར་ལ་
སོགས་པ་དང་། ཕྲེང་བ་ལ་སོགས་པ་དང་། མལ་སྟན་ཆེ་མཐོ་དང་། ཕྱི་དྲོའི་ཟས་ཞེས་གང་དུ་བྱ་སྟེ་ཟླས་དབྱེ་བའི་དོན་ལ་ཚོགས་པ་གཙོ་བོར་གྱུར་པ་ལ་གཅིག་བཞིན་དུ་འགྱུར་བ་དང་མ་ནིང་གི་རྟགས་སུ་འགྱུར་རོ། །དངུལ་ལས་བྱུང་བས་ན་དངུལ་ནི་རིན་པོ་ཆེ་གཞན་གྱིས་ཉེ་བར་མཚོན་པ་ཡིན་ནོ། །
Vol. 166 · folio 165b
དེ་བས་ན་བསླབ་པའི་གཞི་བཅུ་པོ་དེ་དག་ལས་ལྡོག་པ་གང་ཡིན་པ་དེ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཡིན་ནོ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །ད་ནི། དེ་ནི་དགེ་ཚུལ་བརྟུལ་ཞུགས་ཆུ་ལོན་བརྩིགས། །ཞེས་བྱ་བ་ལ་སོགས་པས་ལྡོག་པའི་ཁྱད་པར་དུ་བྱེད་དེ། དགེ་ཚུལ་གྱི་བརྟུལ་ཞུགས་ནི་དགེ་ཚུལ་
གྱི་བརྟུལ་ཞུགས་སོ། །དེ་གང་ཞེ་ན་ཁྱིམ་པའི་རྟགས་ཡོངས་སུ་སྤོང་བ་སྔོན་དུ་འགྲོ་བ་ཅན་གྱི་རབ་ཏུ་བྱུང་བའི་རྟགས་ཡང་དག་པར་ལེན་པའོ། །ཆུ་ལོན་བརྩིགས་པ་དང་འདྲ་བས་ན་དེའི་ཆུ་ལོན་བརྩིགས་པའོ། །དེ་གང་ཞེ་ན་ལྡོག་པ་ཡིན་ཏེ། ཇི་ལྟར་ཆུ་ལ་མི་འགྲོ་བར་བྱ་བའི་ཕྱིར་ཆུ་ལོན་བརྩིགས་པ་དེ་ལྟར་
བརྟུལ་ཞུགས་རྗེས་སུ་བསྲུང་བར་བྱ་བའི་ཕྱིར་སྡོམ་པ་ཡིན་ནོ། །དེ་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། སྨྲས་པ། མཐར་བྱེད་པ་ནི་སྲོག་གཏོང་བའི་མཚན་ཉིད་ཀྱི་འཆི་བ་ཡིན་པའི་ཕྱིར་མཐར་བྱེད་པའོ། །དེའི་འཆི་བ་ནི་སོ་སོའི་ཁྱད་པར་ཡིན་ནོ། །དེ་དབྱུང་བར་བྱ་བའི་ཆེད་ཀྱི་ཐབས་ནི་དབྱུང་བའི་
ཐབས་ཏེ། དེ་ཉིད་ལྡོག་པ་ཡིན་ཏེ། འདིས་ཀྱང་འཆི་བདག་གི་བདུད་ཕམ་པར་བྱེད་པའི་ཐབས་སུ་འགྱུར་བ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གང་གི་ཕྱིར་སྡོམ་པ་ལ་གནས་ན་རིམ་གྱིས་ཐར་པ་ཐོབ་པས་འཆི་བདག་གི་བདུད་ཕམ་པར་འགྱུར་རོ། །གཞན་ཡང་རྫོགས་པའི་བྱང་ཆུབ་ཅེས་
བྱ་བ་ལ་སོགས་པས་དེ་ཉིད་ཁྱད་པར་དུ་བྱེད་པ་ཡིན་ཏེ། རྫོགས་པའི་བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ཉིད་དཔལ་ཡིན་ལ་དེ་མནོད་པ་སྟེ། ཐོབ་པའི་ཕྱིར་དབང་བསྐུར་བ་དང་། དབང་གཏོད་པར་བྱེད་ཅེས་བྱ་བའི་བར་དུའོ། །གང་གི་ཕྱིར་དགེ་ཚུལ་ལ་སྡོམ་པ་སྦྱིན་པས་
སངས་རྒྱས་ཉིད་ཀྱི་ཆེད་དུ་དབང་བསྐུར་བ་ཡིན་ནོ། །བྱང་ཆུབ་རྣམ་པ་གསུམ་གྱི་ཕྱིར་དབང་བསྐུར་བ་མ་ཡིན་ནམ། དེ་ཅི་ལྟར་ན་རྫོགས་པའི་བྱང་ཆུབ་དཔལ་ཞེས་བྱ་བ་ལ་སོགས་པ་སྨོས་ཤེ་ན། དེ་ལ་ཉེས་པ་མེད་དེ། གང་གི་ཕྱིར་གཙོ་བོའི་རྒྱུ་ཉིད་དུ་བསྟན་པས་བྱང་ཆུབ་གཞན་དག་གི་རྒྱུ་ཉིད་
དུ་ཡང་བཤད་པར་འགྱུར་རོ། །དེ་ལྟ་བུར་གྱུར་པའི་ལྡོག་པ་དེ་ཅིའི་ཕྱིར་བཅོམ་ལྡན་འདས་སྟོན་པར་མཛད་ཅེ་ན། ཉོན་མོངས་དགྲའི་གཡུལ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ། །དགྲ་ནི་དགྲ་བོ་སྟེ། དེ་ཉོན་མོངས་པའི་དགྲའོ། །དེའི་
Vol. 166 · folio 166a
གཡུལ་ནི་གཡུལ་འགྱེད་པ་སྟེ་དེ་ལས་རྒྱལ་བར་བྱེད་པ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པའི་དགྲའི་གཡུལ་ལས་རྒྱལ་བར་བྱེད་པར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །གང་གི་ཕྱིར་སྡོམ་པ་ལ་གནས་ན་རིམ་གྱིས་ཉོན་མོངས་པ་
སྤང་བར་འགྱུར་བའི་ཕྱིར་ཉོན་མོངས་པའི་དགྲའི་གཡུལ་ལས་རྒྱལ་བྱེད་དེ། འདིས་ནི་སྡོམ་པའི་དགོས་པ་བསྟན་པ་ཡིན་ནོ། །ད་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས་བཤད་པར་བཞེད་ནས་དང་པོར་སྤྱིར་བཏང་བ། འདུ་ཤེས་གཙོ་ལ་ཇི་བཞིན་དོན་གྱུར་ན། །ཞེས་བྱ་བ་ལ་སོགས་པས་སྟོན་པར་
བྱེད་དོ། །བསླབ་པའི་གཞི་ནི་རྣམ་པ་གཉིས་ཏེ། འདུ་ཤེས་གཙོ་བོར་གྱུར་པ་དང་། དངོས་པོ་གཙོ་བོར་གྱུར་པའོ། །དེ་ལ་དངོས་པོ་གཙོ་བོར་གྱུར་པ་གང་ཡིན་པ་དེ་ནི་དངོས་པོ་གཙོ་བོར་གྱུར་པ་སྟེ། དངོས་པོའི་སྒྲས་ནན་ཏན་དུ་བྱ་བ་ལ་སོགས་པ་ཡོད་པ་ཙམ་ལ་བྱ་སྟེ། དཔེར་ན་མི་ཚངས་
པར་སྤྱོད་པ་ལྟ་བུའོ། །གང་གི་ཕྱིར་འདུ་ཤེས་མ་གཏོགས་པ་དེ་དངོས་པོ་ཙམ་ལ་ཀུན་དུ་སྤྱོད་པ་ཡིན་པའི་ཕྱིར་རོ། །ཅིག་ཤོས་ཀྱང་བསླབ་པའི་གཞི་གང་དག་འདུ་ཤེས་གཙོ་བོར་གྱུར་པ་དེ་ནི་འདུ་ཤེས་གཙོ་བོར་གྱུར་པ་སྟེ། དེ་ཡང་སྲོག་གཅོད་པ་ལ་སོགས་པ་ཡིན་ནོ། །བསླབ་པའི་གཞི་དེ་དག་
ལས་འདས་ན་ཅིར་འགྱུར་ཞེ་ན། ཇི་བཞིན་དོན་འགྱུར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདུ་ཤེས་ཇི་ལྟ་བ་བཞིན་དུ་དོན་དེ་བཞིན་དུ་ཡོད་པར་གྱུར་པའི་ཕྱིར། ཇི་བཞིན་དོན་འགྱུར་ཏེ་དེའི་དངོས་པོ་ནི་དོན་ཇི་ལྟ་བ་བཞིན་དུ་གྱུར་པ་ཉིད་དོ། །དེའི་ཕྱིར་འདུ་ཤེས་ཇི་ལྟ་བ་བཞིན་དུ་གྱུར་ན་ཉེས་པ་རྫོགས་
པར་འགྱུར་རོ། །ཉེས་པའི་སྒྲས་ཉེས་བྱས་རྗོད་པར་བྱེད་དེ། དཔེར་ན་སྲོག་ཆགས་དང་བཅས་པའི་ཆུ་ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་པས་སྲོག་ཆགས་བསད་པར་གྱུར་ན་ཉེས་བྱས་སྦོམ་པོར་འགྱུར་བ་ལྟ་བུའོ། །ཇི་བཞིན་དོན་མིན་ཆུང་བར་འགྱུར། །ཞེས་བྱ་བ་ནི་ཉེས་པ་ཆུང་བ་སྟེ། །
དམན་པར་འགྱུར་རོ། །གང་གི་ཚེ་ཞེ་ན་སྨྲས་པ། དོན་ཇི་ལྟ་བ་བཞིན་མ་ཡིན་པ་ནི་ཇི་བཞིན་མིན་ཏེ། འདུ་ཤེས་ལས་དོན་གཞན་དུ་གྱུར་པའོ། །དེའི་དངོས་པོ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་དོ། །དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་དེ་ལ་ཆུང་བར་འགྱུར་རོ། །དཔེར་ན་སྲོག་ཆགས་མེད་པ་
Vol. 166 · folio 166b
ལ་སྲོག་ཆགས་དང་བཅས་པར་འདུ་ཤེས་པས་དེ་ཉེ་བར་ལོངས་སྤྱོད་པ་ལ་སོགས་པ་བྱས་ན་ཉེས་བྱས་ཀྱི་ལྟུང་བ་ཆུང་བར་འགྱུར་བ་ལྟ་བུའོ། །དེས་ནི་ངེས་པར་ཉེས་པར་འགྱུར་བ་བསྟན་པ་ཡིན་ནོ། །ད་ནི། ཡིད་གཉིས་དང་ནི་འདུ་ཤེས་འདྲ་བར་གཞག །ཅེས་བྱ་བས་ཡིད་གཉིས་ཀྱི་ཉེས་པ་
སྟོན་པར་བྱེད་པ་ཡིན་ཏེ། ཡིད་གཉིས་ནི་ཐེ་ཚོམ་དུ་གྱུར་པའོ། །འདུ་ཤེས་པར་བྱེད་པས་ན་འདུ་ཤེས་ཏེ་དེ་དང་འདྲ་བར་གཞག་པ་ནི་ཉེས་པར་རྣམ་པར་གཞག་པའོ། །དེ་ལ་འདིར་སྲོག་ཆགས་དང་བཅས་པའི་ཚུལ་ངེས་པས་དེ་ཉེ་བར་སྤྱོད་པ་ལ་སོགས་པ་བྱས་པ་ལས་ཉེས་པར་འགྱུར་བ་དེ་
བཞིན་དུ་ཡིད་གཉིས་ལ་ཡང་འགྱུར་རོ། །འདི་ལྟར་སྲོག་ཆགས་མེད་པའི་ཆུ་ལ་ངེས་པས་ཉེས་པ་ཆུང་ངུར་འགྱུར་བ་ཇི་ལྟ་བ་དེ་བཞིན་དུ་ཡིད་གཉིས་ལ་ཡང་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་བསླབ་པའི་གཞི་ཐམས་ཅད་ཀྱི་ཕྱོགས་སུ་གཏོགས་པའི་སྤྱིའི་ཡིད་ཀྱི་ཉེས་པར་འགྱུར་བ་
བཤད་པར་བྱ་སྟེ། བླངས་པ་ནི་ཡང་དག་པར་བཟུང་བའོ། །དེ་དག་གང་ཞེ་ན། སྲོག་གཅོད་པ་ལ་སོགས་པ་བསླབ་པའི་གཞི་བཅུ་པོ་དག་ཡིན་ནོ། །གང་གི་ཕྱིར་དེ་དག་ནི་དེས་རབ་ཏུ་བྱུང་བའི་དུས་སུ་བླངས་པ་དག་གོ། །དེ་དག་གི་ཕྱོགས་སུ་གཏོགས་པ་ནི་དེ་དང་ཆ་འདྲ་བ་ཡིན་ཏེ་
འབྲུམ་བུ་མ་སྨིན་པ་ལ་སོགས་པའི་རང་བཞིན་དེ་ལས་བྱུང་བའི་ཉེས་པ་འདས་པའི་མཚན་ཉིད་དེ་ནི་བླངས་པར་གཏོགས་པ་ཡིན་ནོ། །གང་གི་གང་ཕྱོགས་དང་མཐུན་པ་ཡིན་པ་དེ་ནི་དེ་ཉིད་དུ་སྟོན་པར་འགྱུར་རོ། །དེ་བས་ན་དེ་དག་ཡིད་ཀྱི་ཉེས་པར་འགྱུར་བ་ཡིན་པས་ཡིད་ཀྱིར་འགྱུར་བ་སྟེ།
སེམས་ཁོ་ནས་ཕྱིར་བསླང་བར་བྱ་བ་གང་ཡིན་པ་དེ་ཉིད་ཀྱི་ཉེས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་མན་ཆད་བསླབ་པའི་གཞི་འཆད་པ་ཡིན་ཏེ། དེ་ལ་ཉེས་པ་ཡང་རྣམ་པ་གསུམ་སྟེ་མཐར་འགྱུར་བ་དང་། ཉེས་བྱས་དང་། ཡིད་ཀྱིར་འགྱུར་བའོ། །དེ་ལ་མཐར་འགྱུར་བ་ནི་གང་
གིས་རྣམ་པ་ཐམས་ཅད་དུ་རབ་ཏུ་བྱུང་བ་ལས་ཉམས་པར་བྱེད་ཅིང་སླར་ཡང་གསོ་བའི་སྐལ་བ་མེད་པར་འགྱུར་བའོ། །ཉེས་བྱས་ནི་བཤགས་པས་འདག་པར་འགྱུར་བའོ། །ཡིད་ཀྱིར་འགྱུར་བ་ནི་བསྟན་པ་ཡིན་ནོ། །དེ་ལ་མཐར་འགྱུར་བ་ནི་མི་གཞན་ཞེས་བྱ་བ་ལ་སོགས་པས་འཆད་
Vol. 166 · folio 167a
པར་བྱེད་དེ། གང་གིས་ཞེས་བྱ་བས་ནི་དགེ་ཚུལ་གྱི་སྐབས་ཉིད་ཡིན་པའི་ཕྱིར་དེ་དང་སྦྱར་རོ། །དེ་བས་ན་འདི་ལྟར་དགེ་ཚུལ་གང་གིས་མི་གཞན་ལ་བརྒྱབ་སྟེ་ཤི་བར་གྱུར་ན་བརླག་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །བརླག་པ་ནི་ཉམས་པར་གྱུར་པ་སྟེ། རྩ་བའི་ཉེས་བྱས་
འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མི་ཞེས་སྨོས་པ་ནི་དུད་འགྲོ་ལ་སོགས་པ་རྣམ་པར་བཅད་པའི་ཕྱིར་རོ། །གཞན་ཞེས་སྨོས་པ་ནི་བདག་ཉིད་རྣམ་པར་གཅད་པའི་ཕྱིར་རོ། །ཅི་ཇི་ལྟར་ཡང་རུང་བས་སམ་ཞེ་ན། འདུ་ཤེས་ཞེས་བྱ་བ་སྨོས་པ་ཡིན་ཏེ་མི་ཉིད་དུ་འདུ་ཤེས་པ་ནི་མིར་འདུ་ཤེས་པ་སྟེ།
དེ་ཁོ་ནས་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འདིར་སྨྲས་པ། གང་གི་ཚེ་མི་དུད་འགྲོའི་གཟུགས་སུ་རྣམ་པར་གནས་པ་ལ་དུད་འགྲོའི་འདུ་ཤེས་ཀྱིས་བསད་པར་གྱུར་ན་ཉེས་པ་ཆུང་ངུར་འགྱུར་ཏེ་མིར་འདུ་ཤེས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་དུད་འགྲོ་མིའི་གཟུགས་སུ་རྣམ་པར་གནས་
པ་ལ་མིར་འདུ་ཤེས་པས་བསད་པར་གྱུར་ན་ཡང་ཉེས་པ་ཆུང་བ་ཁོ་ནར་འགྱུར་ཏེ། དངོས་སུ་མི་མ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཡོན་ཏན་འོད་ཀྱིས་དོན་དེ་ཉིད་གཟིགས་ནས་རྒྱུད་གཞན་གྱི་རྣམ་པ་བསྟེན་པ་བསད་ན་ཞེས་བཤད་པ་མཛད་པ་ཡིན་ནོ། །དེ་འདིར་གཞན་དུ་གྱུར་པས་རང་གི་
རྒྱུད་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བས་རང་གི་རྒྱུད་མ་ཡིན་པ་མ་ཡིན་པ་ཉིད་ཅེས་བྱ་བ་རྗེས་སུ་འཇུག་པར་འགྱུར་བས་རྒྱུ་གཅིག་ལ་གཞན་པའི་རྒྱུད་ནི་རྒྱུད་གཞན་ཡིན་ལ། དེའི་རྣམ་པ་ནི་གཟུགས་ཡིན་ནོ། །དེ་བསྟན་པ་ནི་ཉམས་སུ་མྱོང་བ་སྟེ་རང་གི་རྒྱུད་མ་ཡིན་པ་ཉིད་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །
དེས་ཅིར་འགྱུར་ཞེ་ན། རང་གི་རྒྱུད་ཁོ་ན་ཡིན་ཏེ། གང་ཞིག་རྒྱུད་གང་གི་ཡིན་པའི་རྒྱུད་དེ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་དུ་ཞེ་ན། བསད་ན་ཞེས་སྨོས་པ་ཡིན་ཏེ། སྲོག་གཅོད་པ་ལའོ། །དེ་བས་ན་མི་ལས་ཅིག་ཤོས་ཀྱི་གཟུགས་སུ་རྣམ་པར་གནས་པ་དེ་ལ་དེར་འདུ་ཤེས་པས་
སམ་གཞན་དུ་འདུ་ཤེས་པས་བསད་པར་གྱུར་ན་རྩ་བར་འགྱུར་ལ་དུད་འགྲོ་མིའི་གཟུགས་སུ་གནས་པ་དེ་ལ་དེར་འདུ་ཤེས་པའམ། གཞན་དུ་འདུ་ཤེས་པས་བསད་པར་གྱུར་ན་ཆུང་བར་འགྱུར་རོ། །གལ་ཏེ་དེ་ལྟ་ཡིན་ན་དེ་ལ་ཇི་ལྟར་འདུ་ཤེས་གཙོ་ཆེར་བྱད་པ་ཞེས་བྱ་ཞེ་ན། སྦྱོར་བའི་ཉེས་པ་
Vol. 166 · folio 167b
འདུ་ཤེས་ཀྱི་དབང་གིས་རྣམ་པར་གཞག་པ་ཡིན་པས་འདུ་ཤེས་བསླབ་པའི་གཞིར་བརྗོད་པ་དེ་ཉིད་ཀྱི་ཕྱིར། སློབ་དཔོན་གྱིས་འདུ་ཤེས་སྦྱོར་བའི་ཡན་ལག་ཡིན་ནོ་ཞེས་མདོར་མཛད་དོ། །སྦྱོར་བའི་གནས་སྐབས་ལ་འདུ་ཤེས་ཡན་ལག་ཡིན་ཏེ། འདུ་ཤེས་ཀྱི་དབང་གིས་སྦྱོར་བའི་ཉེས་བྱས་སུ་
འགྱུར་བ་དེ་ལྟ་ན་འདུ་ཤེས་གཙོ་ཆེར་བྱེད་པ་བསླབ་པའི་གཞིར་བཤད་པ་ཡིན་ནོ། །གཞན་དག་ཉེས་པ་དེ་སྤང་བའི་ཕྱིར་མི་གཞན་ཡིན་པའམ། མེར་མེར་པོ་ལ་སོགས་པ་ཞེས་ཚིག་ལེའུར་བྱས་པ་རྣམ་པ་གཞན་དུ་འདོན་པར་བྱེད་དོ། །འདིར་ཡང་མི་སྨོས་པ་ཁོ་ནས་མེར་མེར་པོ་ལ་སོགས་
པ་གཟུང་བ་མ་ཡིན་ནམ། དེ་ཡང་སྨོས་པ་དོན་མེད་དོ་ཞེ་ན། མ་ཡིན་ཏེ་མི་སྨོས་པས་ནི་སྐྱེས་པ་དང་བུད་མེད་དང་མ་ནིང་དང་མངལ་དུ་ཞུགས་པ་སྐྱེ་མཆེད་དྲུག་དོད་པ་གཟུང་བ་ཡིན་ལ། མེར་མེར་པོ་སྨོས་པས་སྐྱེ་མཆེད་དྲུག་མ་དོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སོ་སོར་ཐར་
པ་ལས་མི་འམ་མིར་ཆགས་པ་ཞེས་གསུངས་ཏེ། མིར་ཆགས་པའི་སྒྲས་མེར་མེར་པོ་ལ་སོགས་པ་བསྟན་ཏོ། །དགེ་ཚུལ་ཁྱད་པར་ཇི་ལྟ་བུ་ཞེ་ན། ཐ་མལ་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཐ་མལ་པ་ནི་རང་བཞིན་དུ་གནས་པ་སྟེ། སྨྱོས་པ་དང་སེམས་འཁྲུགས་པ་དང་།
ཚོར་བས་གཟིར་བར་མ་གྱུར་པའོ། །གཞན་ཡང་དེ་ཉིད་ཁྱད་པར་དུ་བྱེད་དེ། སྡོམ་པའི་ངོ་བོའི་བསླབ་པ་དང་བཅས་པའི་ཕྱིར་བསླབ་བཅས་ཏེ་གང་གིས་གཞན་རིག་པའི་སྐྱེས་པ་ལ་བདག་ལ་བསླབ་པ་མི་དགོས་སོ་ཞེས་བྱ་བ་ལ་སོགས་པས་བསླབ་པ་ཕུལ་བ་ཡིན་ནོ། །བསམ་པ་ཇི་ལྟ་
བུས་ཤེ་ན། གསོད་སེམས་ཞེས་བྱ་བ་སྨོས་ཏེ། གསོད་སེམས་ནི་སྲོག་གཅོད་པའི་བསམ་པ་སྟེ་བརྡེག་པའི་བསམ་པས་ནི་མ་ཡིན་པ་དེའི་ཕྱིར་ངེས་སོ། །ཅི་འཁྲུལ་པས་ཀྱང་འགྱུར་རམ་ཞེ་ན་སྨྲས་པ། འཁྲུལ་པ་ནི་དེ་ཁོ་ན་མ་ཡིན་པ་ལ་དེ་ཁོ་ན་ཉིད་དུ་རྟོགས་པ་སྟེ། དེ་དང་བྲལ་བ་ཡིན་ཏེ་དཔེར་
ན་ལྷས་བྱིན་གསད་པར་བྱའོ་སྙམ་པས་མཆོད་སྦྱིན་མ་བསམས་པ་འཁྲུལ་པའི་དབང་གིས་བསད་པར་གྱུར་ན་རྩ་བ་ཉིད་དུ་མི་འགྱུར་བ་ལྟ་བུའོ། །ཅི་དེ་ཙམ་གྱིས་བསླབ་པ་མེད་པར་འགྱུར་རམ་ཞེ་ན། བརྒྱབ་སྟེ་མི་ཤི་ན་ཞེས་བྱ་བ་སྨོས་པ་ཡིན་ཏེ། རྒྱུ་དེས་དེའི་ཚེ་འམ་གཞན་གྱི་ཚེ་ཤི་བར་གྱུར་ན་ཞེས་བྱ་
Vol. 166 · folio 168a
བའི་ཐ་ཚིག་གོ། །ཤི་ན་ཞེས་བཤད་པ་འདིར་ཡང་བཤད་མ་ཐག་པའི་མི་ཞེས་བྱ་བ་ཁོང་དུ་ཆུད་མོད་ཀྱི། དེ་ལྟ་ན་ཡང་མི་སྨོས་པ་གསལ་པོར་བྱ་བའི་ཕྱིར་རོ། །ཅི་རྨི་ལམ་དུ་ཡང་འགྱུར་རམ་ཞེ་ན། རྨི་ལམ་མ་གཏོགས་པ་ཞེས་བྱ་བ་སྨོས་པ་ཡིན་ཏེ། རྨི་ལམ་མ་
གཏོགས་པ་ནི་རྨི་ལམ་སྤངས་པ་སྟེ་གཞན་དུའོ། །དེ་ལྟར་ཡང་རྨི་ལམ་གྱིས་འཁྲུལ་པ་ལངས་ནས་གཞན་བསད་པར་གྱུར་པ་དེ་ཡང་དགག་པའི་ཕྱིར་སྨྲས་པ་ཡིན་ཏེ། བདག་ཉིད་ཀྱིས་རྨི་ལམ་ཉིད་ཀྱི་ནང་དུ་གཞན་བསད་པར་གྱུར་པ་མཐོང་ཡང་མཐར་འགྱུར་བའི་ཉེས་བྱས་མེད་པ་ཡིན་ནོ། །ཐ་
མལ་པ་ཞེས་སྨོས་པས་དེ་ཡང་ཁོང་དུ་ཆུད་པ་མ་ཡིན་ནམ་དེ་ཅིའི་ཕྱིར་གཟུང་ཞེ་ན། འདིར་སྨྲས་པ། འགའ་ཞིག་གི་རྨི་ལམ་གྱིས་བསླད་པའི་ལུས་དང་ངག་གི་ཀུན་དུ་སྤྱོད་པ་ལ་འཇིག་རྟེན་སྨོས་པ་ཞེས་མི་སྨྲ་སྟེ། དེའི་ཕྱིར་ལོགས་ཤིག་ཏུ་སྨོས་པ་ཡིན་ནོ། །ད་ནི། སྔགས་སོགས་ཐབས་
རྣམས་ཀྱིས་ཀྱང་བསད་གྱུར་ཏམ། །ཞེས་བྱ་བ་ལ་སོགས་པས་གཞན་ཐབས་ཀྱིས་གསོད་པར་བྱེད་ན་མཐར་འགྱུར་བ་སྟོན་ཏེ། གསང་སྔགས་དང་པོར་བྱས་པའི་ཐབས་གང་ཡིན་པ་དེ་ནི་སྔགས་སོགས་ཐབས་སོ། །སོགས་པ་སྨོས་པས་འཇིགས་པ་དང་བཅས་པའི་ཕྱོགས་སུ་གཏོང་བ་ལ་སོགས་
པ་བསྡུའོ། །དེ་བས་ན་དགེ་ཚུལ་གང་དེ་དག་གིས་ཀྱང་མི་གཞན་བསད་པར་གྱུར་ན་དེ་ལ་ཡང་ཐ་མ་སྟེ། རྩ་བའི་ཉེས་བྱས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐབས་རྣམས་ཞེས་མང་པོའི་ཚིག་ཏུ་བྱས་པ་ནི་ཐབས་མང་བ་ཉིད་ཀྱི་ཕྱིར་རོ། །ཀྱང་གི་སྒྲ་ནི་རང་གི་ལག་འབའ་ཞིག་ཁོ་ན་མ་ཡིན་ནོ་
ཞེས་བསྡུ་བའི་དོན་ཏོ། །ཡང་གི་སྒྲ་གཉིས་པ་ནི་སྔར་རང་གི་ལག་གིས་བསད་ན་རྩ་བར་འགྱུར་རོ་ཞེས་བྱ་བ་འབའ་ཞིག་མ་ཡིན་གྱི། གཞན་གསོད་པར་སྦྱོར་བ་ལ་རྗེས་སུ་ཡི་རང་བ་འདི་ཡང་འགྱུར་རོ། །གསོད་པ་སྟེ་སྲོག་གཅོད་པ་ལ་སྦྱོར་བ་གང་ཡིན་པ་དེ་ལ་ངག་གམ་ལུས་ཀྱི་གཡོ་འགུལ་ལ་སོགས་
པས་རྗེས་སུ་ཡི་རང་བ་སྟེ། རྗེས་སུ་ཡི་རང་བ་དེས་གཞན་གསོད་པར་འགྱུར་ན་དེ་ཡང་མཐར་འགྱུར་ཏེ། དཔེར་ན་ཕན་ཚུན་གསོད་པར་བྱེད་པ་ལ་ཁྱོད་ཀྱི་རྩོམ་པ་ནི་དགེའོ་ཞེས་ངག་གིས་རྗེས་སུ་ཡི་རང་བ་དང་། ལུས་ཀྱིས་མཚོན་ཆ་བསྟབས་པ་དང་། ཐ་ན་སེ་གོལ་བརྡབས་པ་ལྟ་བུའོ། །གལ་ཏེ་
Vol. 166 · folio 168b
ཡིད་ཀྱིས་ཀྱང་གསོད་པར་སྦྱོར་བ་ལེགས་སོ་སྙམ་པས་རྗེས་སུ་ཡི་རང་བར་བྱས་ན་ཡིད་ཀྱི་ཉེས་བྱས་སུ་འགྱུར་བ་ཡིན་ནོ། །ཅི་དགེ་ཚུལ་གཞན་གྱི་གཟུགས་སུ་གནས་ནས་གསོད་པར་བྱེད་ན་དེ་ལ་ཡང་རྩ་བར་འགྱུར་བར་འདི་ལ་ངེས་པ་མེད་དོ་ཞེས་བསྟན་པའི་ཕྱིར། དེ་ལྟར་སེམས་ཅན་གསད་ཕྱིར་བྱོལ་
སོང་རྒྱུད། །ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྡོམ་ཅན་གྱི་དངོས་པོ་ནི་སྡོམ་ཅན་ཉིད་དེ། དེར་འདུ་ཤེས་པ་ཡིན་ལ་ཅི་སྟེ་ཞེས་བྱ་བ་ནི་གལ་ཏེའི་དོན་ཏོ། །སྡོམ་ཅན་ནི་དགེ་ཚུལ་ཡིན་ནོ། །གལ་ཏེ་བདག་ནི་དགེ་ཚུལ་ཡིན་ནོ་ཞེས་སྡོམ་ཅན་ཉིད་དུ་འདུ་ཤེས་པར་གྱུར་པ་དེའི་ཚེ་རྩ་བའི་ཉེས་
པར་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ནི་ཇི་ལྟར་གོང་དུ་མིའི་གཟུགས་སུ་གནས་པས་གསོད་པར་བྱེད་ན་རྩ་བར་འགྱུར་བ་དེ་བཞིན་དུ་འདི་ལ་ཡང་འགྱུར་བའོ། །ཉིད་ནི་རྣམ་པ་གཞན་དུ་མི་འགྱུར་རོ་ཞེས་ངེས་པར་གཟུང་བའོ། །རྩ་བ་ནི་དངོས་གཞིའི་མཚན་ཉིད་དེ་སྲོག་གཅོད་པ་རྗེས་སུ་སྒྲུབ་པར་བྱེད་པ་
ཞེས་བྱ་བའི་དབང་དུ་བྱས་ནས་རྩ་བའི་ལྟུང་བ་ཞེས་བྱའོ། །གང་གི་ཚེ་ཞེ་ན། སེམས་ཅན་གསོད་ཕྱིར་ཞེས་བྱ་བ་སྨོས་པ་ཡིན་ཏེ། སེམས་ཅན་གསོད་པ་ལ་སྟེ་སེམས་ཅན་སྲོག་དང་འབྲལ་བར་བྱེད་པའི་དུས་སུའོ། །ཇི་སྟེ་སྡོམ་ཅན་ཉིད་དུ་འདུ་ཤེས་པ་མེད་ན་ཞེས་བྱ་བར་སྦྱར་རོ། །སྡོམ་ཅན་
དུ་འདུ་ཤེས་པ་མེད་ན་དེའི་ཚེ་ཉེས་པ་ཆུང་ངུ་བཤགས་པར་བྱ་བ་ཞེས་བྱ་བའི་ཉེས་བྱས་དང་ལྡན་པ་སྟེ། འཕེལ་བར་འགྱུར་རོ། །འདི་སྐད་དུ་དེས་ཉེས་པ་དང་བཅས་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཅི་ཞིག་བྱས་ནས་ཤེ་ན། སྨྲས་པ། ཡོ་བར་འགྲོ་བས་ན་བྱོལ་སོང་ངོ་། །དེའི་འགྲོ་བ་ནི་
བྱོལ་སོང་རྒྱུད་དོ། །དེའི་རྗེས་སུ་མཐུན་པ་ནི་རྣམ་པ་འདྲ་བའོ། །དེའི་བདག་ཉིད་ཇི་ལྟ་བུ་ཞེ་ན། གཟུགས་བསྒྱུར་བ་སྟེ་བྱས་པའོ། །གང་གིས་ཤེ་ན་བདག་གིས་ཞེས་སྨོས་པ་ཡིན་ནོ། །འདི་སྐད་དུ་བྱོལ་སོང་གི་གཟུགས་སུ་གནས་པ་ཉིད་ལ་བདག་ཉིད་རབ་ཏུ་བྱུང་བའི་གཟུགས་སུ་དྲན་པས་གཞན་
གསོད་པར་བྱེད་ན་དེའི་ཚེ་རྩ་བར་འགྱུར་ལ། མེད་ན་ཆུང་བ་ཉིད་དོ་ཞེས་བསྟན་པར་འགྱུར་རོ། །ད་ནི་རྨི་ལམ་ཞེས་བྱ་བ་ལ་སོག་པས་ཡན་ལག་མ་ཚང་བ་ལས་ཉེས་པར་མི་འགྱུར་བ་སྟོན་པར་བྱེད་དེ་རྨི་ལམ་གྱི་དོན་ནི་སྔར་བཤད་པ་ཡིན་ནོ། །དེ་ལ་གལ་ཏེ་རྨི་ལམ་དུ་བསད་པར་གྱུར་ན་ཉེས་པ་
Vol. 166 · folio 169a
མེད་དེ་ཉེས་པར་མི་འགྱུར་རོ། །དེ་བཞིན་དུ་བསླབ་པ་མེད་པར་གྱུར་པ་གང་ཡིན་པ་དེ་ནི་བསླབ་པ་མེད་དེ་བསླབ་པ་བཏང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ཀྱང་གཞན་བསད་པར་གྱུར་ན་ཉེས་པ་མེད་དོ། །དེ་བཞིན་དུ་གསོད་པའི་བསམ་པ་ནི་སྲོག་གཅོད་པའི་བསམ་པ་སྟེ། དེ་
གང་ལ་ཡོད་པ་དེ་ནི་གསོད་སེམས་སོ། །གསོད་པའི་བསམ་པ་མེད་པ་ནི་གསོད་པའི་སེམས་མེད་པ་སྟེ། དེ་འམ་སྨྱོས་པས་གལ་ཏེ་གཞན་བསད་པར་གྱུར་ན་ཉེས་པ་མེད་དོ། །སྨྱོས་པ་སྨོས་པས་སེམས་འཁྲུགས་པ་དང་ཚོར་བས་གཟིར་བ་ཡང་གཟུང་བ་ཡིན་ནོ། །གང་གི་ཕྱིར་སྨོས་པ་ཞེས་བྱ་བས་
རང་བཞིན་དུ་གནས་པ་མ་ཡིན་པ་བསྟན་པ་ཡིན་ཏེ། དེ་ཡང་གནས་སྐབས་གཞན་ཡིན་པའི་ཕྱིར་རོ། །ཅི་བཞི་པོ་དེ་དག་ལ་ཅིར་ཡང་མི་འགྱུར་རམ་ཞེ་ན། སྨྲས་པ། དེ་དག་རྗེས་སུ་བརྟེན་ན་བསྡམ་པར་བྱ་བའི་ཁ་ན་མ་ཐོ་བར་འགྱུར་གྱི་གཞན་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་དག་ལ་སྲོག་གཅོད་
པར་གཏོགས་པའི་ཁ་ན་མ་ཐོ་བ་ནི་མེད་ཀྱི། འོན་ཀྱང་སེམས་ཀྱི་འགྱོད་པ་བསལ་བའི་ཕྱིར་དེ་སྐད་དུ་བསྟན་པ་ཡིན་ནོ། །དེ་བས་ན་འདི་སྐད་དུ་བཞི་པོ་དེ་དག་ལས་ཡན་ལག་གང་ཡང་རུང་བ་མ་ཚང་ན་ཡང་ཉེས་པར་ནི་མི་འགྱུར་བ་ཁོ་ནའོ་ཞེས་བསྟན་ཏོ། །ཡན་ལག་ལྷག་མ་མ་ཚང་ན་ཅིར་འགྱུར་
ཞེ་ན། གསོད་པའི་ཡན་ལག་མ་ཚང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། བཤད་མ་ཐག་པ་མ་གཏོགས་པ་གཞན་གསོད་པའི་ཡན་ལག་ལྷག་མ་དེ་དག་གི་གང་ཡང་རུང་བ་མ་ཚང་བ་ནི་བྲལ་བ་སྟེ། ཉེས་པ་ཆུང་ངུར་འགྱུར་རོ། །འདི་ལྟར་གོང་དུ་མི་གཞན་ཡིན་ལ་ཞེས་བྱ་བ་འདིས་
ཡན་ལག་བརྒྱད་དུ་བསྟན་པ་དེ་དག་གི་ནང་ནས་རང་བཞིན་དུ་གནས་པ་དང་། རྨི་ལམ་མ་ཡིན་པ་དང་། བསླབ་པ་བཅས་པ་དང་། གསོད་སེམས་ཞེས་བྱ་བ་ཡན་ལག་བཞི་པོ་ལས་གང་ཡང་རུང་བ་ནི་མ་ཚང་ལ་ལྷག་མ་བདུན་པོ་དག་ཡོད་ན་ཉེས་བྱས་སུ་འགྱུར་ལ། ཅིག་ཤོས་མིང་དང་། གཞན་
དང་འཁྲུལ་པ་མེད་པ་དང་། ཤི་བ་ཞེས་སྨོས་པ་དེ་དག་ལས་གང་ཡང་རུང་བ་གཅིག་མ་ཚང་ན་གཞན་བདུན་པོ་ཡོད་ན་ཉེས་པ་ཆུང་ངུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི། འཁྲུལ་པ་མེད་ཅིང་གསོད་པའི་སེམས་ཡོད་པས། །རིགས་གཞན་གསད་པར་གྱུར་ན་ཉེས་བྱས་འགྱུར། །མ་
Vol. 166 · folio 169b
བརྟགས་པ་ཡི་ཆུ་ཡི་བུམ་པ་ཡང་། །ཞེས་བྱ་བ་ལ་སོགས་པས་རིགས་གཞན་བསད་པ་ལ་ཉེས་པར་འགྱུར་བ་སྟོན་པར་བྱེད་དེ། མིའི་འགྲོ་བ་ལས་གཞན་པའི་རིགས་གང་ཡིན་པ་དེ་ནི་རིགས་གཞན་ཏེ། དེ་བསད་པར་གྱུར་ན་ཉེས་བྱས་ཀྱི་ཉེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅི་འཁྲུལ་
པས་སམ་ཞེ་ན། འཁྲུལ་པ་མེད་པས་ཞེས་བྱ་བ་སྨོས་པ་ཡིན་ཏེ། འཁྲུལ་པ་ནི་སྔར་བཤད་པ་ཡིན་ཏེ་དེ་དང་བྲལ་བའོ། །ཅི་རྡེག་པའི་བསམ་པས་ཀྱང་འགྱུར་རམ་ཞེ་ན། སྨྲས་པ་སྲོག་ཆགས་གསད་པའི་སེམས་ཡོད་པས། །ཞེས་བྱ་བས་འདིའི་རང་གི་ངོ་བོ་བཤད་པ་ཡིན་ནོ། །དེ་ལ་མི་
གཞན་ཡིན་ལ་ཞེས་བྱ་བ་ལ་སོགས་པས་མཐར་འགྱུར་བའི་ཉེས་བྱས་ཀྱི་ཡན་ལག་བརྒྱད་བསྟན་པ་དེ་ལས་མི་ཞེས་བྱ་བའི་ཡན་ལག་གཅིག་མ་གཏོགས་པ་གཞན་ཉིད་དང་། རྨི་ལམ་མ་ཡིན་པ་ཉིད་དང་། བསླབ་པ་དང་བཅས་པ་ཉིད་དང་། འཁྲུལ་པ་མེད་པ་ཉིད་དང་། གསོད་སེམས་དང་།
གསད་པ་ཞེས་བྱ་བའི་ཡན་ལག་བདུན་དུ་འགྱུར་རོ། །དེ་ལ་རིགས་གཞན་ཞེས་བྱ་བ་ནི་གཞན་ཉིད་ཡིན་ལ་འཁྲུལ་པ་མེད་པ་ཞེས་བྱ་བ་ནི་འཁྲུལ་པ་མེད་པ་ཉིད་དོ། །གསོད་སེམས་ནི་རང་གི་ངོ་བོ་ཉིད་ཀྱིས་བསྟན་པ་ཡིན་ཏེ། གསུམ་པོ་དེ་དག་ནི་ཡན་ལག་ལྷག་མ་བཞི་པོ་ཉེ་བར་མཚོན་
པར་བྱེད་པ་ཡིན་ནོ། །ནའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཡིན་ཏེ། གང་གི་ཕྱིར་གསོད་པའི་ཡན་ལག་མེད་པ་དེའི་ཕྱིར་མ་བརྟགས་པ་སྟེ། མངོན་སུམ་དུ་མ་བྱས་པའི་ཆུའི་བུམ་པ་བརྙ་བ་དག་ལ་བྱིན་ན་ཉེས་པ་མེད་པ་སྟེ། ཉེས་བྱས་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་གི་སྒྲ་ནི་
བརྟགས་པའི་ཆུའི་བུམ་པ་བྱིན་པ་ལ་ཉེས་པ་མེད་པར་མ་ཟད་ཀྱི་འོན་ཀྱང་མ་བརྟགས་པ་ལ་ཡང་ངོ་ཞེས་བསྟན་པའི་ཕྱིར་རོ། །གསོད་པའི་ཡན་ལག་ཡོད་ན་ནི་འགྱུར་བ་ཁོ་ན་ཡིན་ནོ། །ད་ནི། སྲོག་ཆགས་བཅས་པའི་ཆུ་ལ་སོགས་པ་འཐུངས་སམ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་ཀྱི་སྤྲོས་
པ་སྟོན་པ་ཡིན་ཏེ། སྲོག་ཆགས་དང་བཅས་པར་འཇུག་པའི་ཕྱིར་སྲོག་ཆགས་དང་བཅས་པའོ། །དེ་གང་ཞེ་ན་ཆུའོ། །དེ་ལ་སོགས་པ་གང་ཡིན་པ་དེ་ནི་ཆུ་ལ་སོགས་པ་ཡིན་ནོ། །སོགས་པ་སྨོས་པས་ཕྱི་དང་ནང་གི་ལོངས་སྤྱད་པར་བྱ་བ་ལ་སོགས་པ་སྟེ། རང་སྐྱུར་ལ་སོགས་པ་དང་
Vol. 166 · folio 170a
ཤིང་ལ་སོགས་པ་བསྡུའོ། །དེ་དང་དེ་དགེ་ཚུལ་གྱི་ལོངས་སྤྱོད་པ་གང་ཡིན་པ་དེ་ལ་སྲོག་ཆགས་རེ་རེའི་ཉེས་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འཐུངས་པ་ཞེས་བྱ་བ་ནི་ཕྱི་དང་ནང་དུ་ལོངས་སྤྱོད་པས་སོ། །བོར་བར་གྱུར་པ་ནི་བོར་བའོ། །གང་དུ་ཞེ་ན་ཆུ་དྲོན་ལ་སོགས་པ་
ཞེས་སྨོས་པ་ཡིན་ཏེ། །ཆུ་དྲོན་ལ་སོགས་པ་གང་ཡིན་པ་དེ་ནི་ཆུ་དྲོན་ལ་སོགས་པ་སྟེ། སོགས་པའི་སྒྲས་ས་དང་ཚྭ་ཆུ་ལ་སོགས་པ་གཟུང་ངོ་། །དེ་ལས་ཅིར་འགྱུར་ཞེ་ན། སྲོག་ཆགས་རེ་རེ་ཞེས་བྱ་བ་སྨོས་པ་ཡིན་ཏེ། སྲོག་ཆགས་རེ་རེའི་ཉེས་པར་འགྱུར་བ་སྟེ་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་
བའི་ཐ་ཚིག་གོ། །ཅི་ལྟར་མི་སྣང་བ་བསད་པས་ཀྱང་འགྱུར་རམ་ཞེ་ན། སྐྱེ་བོ་བལྟར་སྣང་ཞེས་བྱ་བ་སྨོས་ཏེ། བལྟར་སྣང་བ་ནི་མཐོང་བའི་ཡུལ་དུ་གྱུར་པའི་སྐྱེ་བོ་སྟེ་སྲོག་ཆགས་བསད་པས་འགྱུར་རོ། །ཉེས་པའི་ཁྱད་པར་ཇི་ལྟ་བུ་ཞེ་ན། སྨྲས་པ། ལྕི་བ་སྟེ་ཤིན་ཏུ་ལྕི་བར་འགྱུར་རོ་ཞེས་བྱ་བའི་
དོན་ཏོ། །འདི་སྐད་དུ་ཇི་ཙམ་དུ་མིག་གིས་གྲངས་ཡོངས་སུ་ཆོད་པའི་སྐྱེ་བོ་བསད་པའི་གྲངས་ཆོད་པ་དེ་ཙམ་གྱིས་བཤགས་པར་བྱ་བའི་ཉེས་བྱས་ལྕི་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ད་ནི། ཆུ་མི་གཡོ་ཞིང་རྙོག་པ་མེད་ལ་བརྟག །ནད་མེད་ཐ་མལ་པ་ཡི་མིག་གཉིས་ཀྱིས། །བུམ་པ་གང་བ་ལ་
ནི་བརྟག་པར་བྱ། །ཞེས་བྱ་བ་ལ་སོགས་པས་ཆུའི་ནང་ན་ཡོད་པའི་སྲོག་ཆགས་གནོད་པ་ལས་བསྲུང་བའི་དོན་གྱི་ཐབས་བརྗོད་པར་བྱ་སྟེ། ཆུ་གང་ལ་གཡོ་བ་དང་འགུལ་བསྐྱོད་མེད་པ་དེ་ནི་ཆུ་མིག་གཡོ་བའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། རྙོག་པ་མེད་པ་ཞེས་བྱ་བ་ནི་དགག་པའི་བསྡུ་བ་ཡིན་ནོ། །དེ་
བས་ན་དེ་ལྟར་གྱུར་པ་ལ་བརྟགས་པ་སྟེ་སོ་སོར་བརྟག་པར་བྱའོ། །གང་གིས་ཤེ་ན། ནད་མེད་ཐ་མལ་པའི་མིག་ཅེས་བྱ་བ་སྨོས་པ་ཡིན་ཏེ། ཐ་མལ་པ་ཡང་ཡིན་ལ་མིག་ཀྱང་ཡིན་པས་ན་ཐ་མལ་པའི་མིག་གོ། །ཉིད་ནི་དེའི་ཕྱིར་ཐ་མལ་པའི་མིག་དེའི་ཉིད་ཀྱིས་ཡིན་གྱི་ལྷའི་ནི་མ་ཡིན་ནོ་ཞེས་
ངེས་པར་གཟུང་བའོ། །གཞན་ཡང་ཁྱད་པར་ཇི་ལྟ་བུ་ཞེ་ན། འདི་ནད་མེད་པའི་ཕྱིར་ནད་མེད་པའོ། །དེས་ན་འདི་སྐད་དུ་རབ་རིབ་ལ་སོགས་པས་ཉམས་པར་མ་གྱུར་པ་ཐ་མལ་པའི་མིག་གིས་ཆུ་བརྟག་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །འདིར་ཆུ་བརྟག་པའི་སྣོད་ལ་ནི་ཉེས་པ་མེད་དེ། ཐམས་ཅད་
Vol. 166 · folio 170b
དུ་སྣོད་གང་ལ་ཇི་ཙམ་དུ་ཆུས་ངེས་པར་གྱུར་པ་དེ་འདིར་མ་བསྟན་དུ་ཟིན་ཀྱང་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱའོ། །གང་གི་ཚེ་བུམ་པ་ལ་རྟོག་པར་བྱེད་པ་དེའི་ཚེ་བུམ་པ་གང་བ་ཁོ་ན་ལ་བརྟག་པར་བྱ་བ་སྟེ། སོ་སོར་བརྟག་པར་བྱ་བ་ཡིན་གྱི་མ་གང་བ་ལ་ནི་མ་ཡིན་ནོ། །བུམ་པ་སྨོས་པ་ནི་ཆུ་ཟངས་
ལ་སོགས་པ་ཡོངས་སུ་གཟུང་བའི་ཕྱིར་རོ། །ནིའི་སྒྲ་ནི་ངེས་པར་གཟུང་བའོ། །གང་གི་ཚེ་འདམ་གྱི་མཚན་ཉིད་ཀྱི་རྡུལ་དང་བཅས་པར་གྱུར་པ་ནི་ལྡན་པ་སྟེ། ཆུ་རྡུལ་ཅན་དུ་འགྱུར་བའོ། །དེའི་ཚེ་ཇི་ལྟར་བྱ་ཞེ་ན། ཀ་ཏ་ཀ་ཞེས་བྱ་བ་སྨོས་ཏེ། ཀ་ཏ་ཀ་དག་གིས་དང་བར་བྱ་བ་ནི་རྙོག་པ་མེད་པར་བྱ་བ་སྟེ། ཆུ་དང་བར་
བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་དུ་ན་སྲོག་ཆགས་རྣམས་མཐོང་བར་མི་འགྱུར་རོ། །ཀ་ཏ་ཀའི་སྒྲས་ཀ་ཏ་ཀའི་འབྲས་བུ་བརྗོད་པ་ཡིན་ནོ། །མང་པོའི་ཚིག་ཏུ་བྱས་པ་ནི་ལན་ཚྭ་དང་ཟན་གྱི་རི་ལུ་དག་ཡོངས་སུ་གཟུང་བའི་ཕྱིར་རོ། །དུས་ཇི་སྲིད་དུ་ཆུ་བརྟག་པར་བྱ་བ་ཡིན་ཞེ་ན། ཇི་སྲིད་ཡིད་
ཀྱིས་ཡང་དག་པར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡིད་དེ་སེམས་ཀྱི་དག་པ་ནི་རྣམ་པར་དག་པའོ། །དག་པ་ཡང་སྲོག་ཆགས་མེད་དོ་ཞེས་བྱ་བར་ངེས་པ་ཡིན་ནོ། །ཇི་སྲིད་ཅེས་བྱ་བ་ནི་དུས་ཇི་སྲིད་དུ་སེམས་དེ་དག་པར་འགྱུར་བ་དུས་དེ་སྲིད་དུ་འདིར་ཆུ་བརྟག་པར་བྱའོ། །འདིས་དུས་
རིང་པོར་རྟོག་པར་བྱེད་པ་ཐོབ་པ་དེའི་ཚེ་མི་རིང་བར་བརྟག་པར་བྱའོ་ཞེས་བསྟན་པ་ཡིན་ནོ། །གཞན་ཡང་ཐུང་བ་ཐོབ་པར་འགྱུར་བས་དེ་ཡང་མི་ཐུང་བ་སྟེ། ཤིན་ཏུ་མྱུར་བ་མ་ཡིན་པ་ཞེས་བྱ་བ་ལས་གསལ་བ་ཡིན་ཏེ། བ་ལང་དྲུག་གིས་དྲངས་པ་ཡི། །ཤིང་རྟ་ཇི་སྲིད་ལྡོག་གྱུར་པའམ། །ཡང་
ན་གླང་པོ་དྲུག་ཅུ་པ། །དུས་དེ་ཆུ་ལ་ངེས་པ་ཡིན། །དུས་དེ་ཙམ་དུ་བདག་ཉིད་ཀྱིས་མི་ནུས་ན་གཞན་གྱིས་བརྟག་པར་བྱ་བ་ཡིན་གྱི། རང་ཉིད་ཀྱིས་ཡུན་རིང་པོར་ནི་བྱ་བ་མ་ཡིན་ནོ། །བརྟགས་ཟིན་པའི་ཆུ་ལ་ཡང་རྟོག་པར་བྱེད་པ་མི་རིགས་སོ་ཞེས་བསྟན་པར་བྱ་བའི་ཕྱིར་བླ་འོག་ཅེས་བྱ་བ་སྨོས་པ་
ཡིན་ཏེ། ཆུ་བརྟགས་པའི་དུས་ཕྱིས་སོ། །ཡང་དང་ཡང་དུ་ཞེས་བྱ་བ་ནི་ཇི་ལྟར་རིང་བའམ་ཐུང་བར་བརྟག་པར་མི་བྱ་བ་དེ་ལྟར་མ་ངེས་པའི་ཆུ་ཉིད་ལ་ཡང་དང་ཡང་དུ་གདོང་གཞན་གྱིས་ལྟ་བ་ལ་སོགས་པས་བརྟག་པར་མི་བྱའོ། །ཇི་སྐད་དུ་ཇི་ལྟར་རིང་བ་དང་ཐུང་བ་ལ་སོགས་པའི་བྱེ་བྲག་
Vol. 166 · folio 171a
གིས་ཆུ་བརྟག་པར་བྱ་བ་མ་ཡིན་པ་དེ་ལྟར་བླ་འོག་ཏུ་ཡང་དང་ཡང་དུ་མི་བྱའོ་ཞེས་བསྟན་པ་ཡིན་ནོ། །དང་གི་སྒྲ་ནི་བླ་འོག་དང་ཡང་དང་ཡང་དུ་ཞེས་བྱ་བའི་སྒྲ་སྡུད་པ་ཡིན་ནོ། །ཅི་སྲོག་ཆགས་ཐམས་ཅད་ཀྱིས་ཀྱང་སྲོག་ཆགས་དང་བཅས་པ་ཉིད་དུ་འགྱུར་རམ་ཞེ་
ན། གློ་བུར་བ་ཞེས་སྨོས་པ་ཡིན་ཏེ། གྲོག་མོ་ལ་སོགས་པ་ཆུ་ལས་སྐྱེས་པ་མ་ཡིན་ཡང་ཆུ་ནང་དུ་ལྟུང་བར་འགྱུར་བའི་སྦྲང་བུ་མཆུ་རིངས་ལ་སོགས་པ་ཆུ་ཚགས་མེད་པར་ཐ་དད་པར་བསལ་ནུས་པ་ཡིན་ཏེ། དེ་ལྟར་གྱུར་པ་དེས་ན་སྐྱེ་བོ་དང་བཅས་པར་འཇུག་པ་ཞེས་བྱ་བ་ནི་སྲོག་ཆགས་
དང་བཅས་པ་ཡིན་ལ། དེའི་དངོས་པོ་ནི་སྲོག་ཆགས་དང་བཅས་པ་ཉིད་དེ་གློ་བུར་བ་དེས་ཆུ་སྲོག་ཆགས་དང་བཅས་པ་ཉིད་དུ་མི་འགྱུར་ཏེ། དེ་ཡང་ལག་པས་བསལ་ནས་ཡོངས་སུ་ལོངས་སྤྱད་པར་བྱའོ། །དེ་ལྟར་བླ་འོག་ཅེས་བྱ་བས་རྣམ་པ་ཐམས་ཅད་དུ་དགག་པ་ཐོབ་པས། ད་ནི།
དེ་ལན་ཅིག་བརྟགས་ནས་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དེ། ལྟེང་ཀ་སྣོད་ཀྱི་ཆུ་ལན་ཅིག་སྟེ་འོར་གཅིག་བརྟགས་ཤིང་མངོན་སུམ་དུ་བྱས་པ་སྤྱད་པར་རུང་སྟེ། །ཡོངས་སུ་ལོངས་སྤྱད་པར་རུང་བའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཐེ་ཚོམ་གྱིས་སམ་ཞེ་ན། ཐེ་ཚོམ་མེད་པར་ཞེས་བྱ་བར་
སྨོས་པ་ཡིན་ཏེ་ཐེ་ཚོམ་དང་མི་ལྡན་པ་གང་ཡིན་པ་དེ་ནི་ཐེ་ཚོམ་མེད་པ་སྟེ། བར་ཆད་མེད་པར་ཐེ་ཚོམ་སྤངས་པའི་སེམས་ཀྱིས་སོ་ཞེས་བྱ་བ་ནི་ལྷག་མའོ། །དུས་ཇི་སྲིད་ཀྱི་བར་དུ་ཞེ་ན། ཉི་མ་ཤར་བར་དུ་ཞེས་སྨོས་པ་ཡིན་ཏེ། ཉི་མ་སྟེ་ཉིན་ཞག་གཞན་གྱི་ཉི་མ་འཆར་བར་དེ་སྲིད་དུ་ཞེས་བྱ་བའི་དོན་ཏོ། །
དེ་ལས་འོག་ཏུ་ནི་མ་ཡིན་ཏེ་ཤར་ནས་ཀྱང་ཡང་བརྟག་པར་བྱའོ་ཞེས་བྱ་བ་ནི། དགག་པ་སྔ་མའི་ཁྱད་པར་ཡིན་ནོ། །ལྟེང་ཀ་ཞེས་བྱ་བ་མང་པོའི་ཚིག་ནི་རྫིང་བུ་ལ་སོགས་པ་ཡོངས་སུ་བསྡུ་བའི་ཕྱིར་རོ། །འདིར་དང་ནི་ཕྱིས་པ་ཡིན་པར་རིག་པར་བྱའོ། །ཅི་གཞན་དག་ཀྱང་ཞེ་ན། སྣོད་ཆེན་ཞེས་
བྱ་བ་སྨོས་པ་ཡིན་ཏེ། སྣོད་ཆེན་ལ་སོགས་པའི་ཆུ་བརྟག་པར་བྱ་བ་དེ་ལ་ཕྱོགས་བཞི་ཀུན་དུ་ཉེ་འཁོར་གྱི་ཆ་འདོམ་གང་ཁོར་ཡུག་སྟེ། ཉེ་འཁོར་ནི་གནས་པར་བྱེད་སྟེན་པར་བྱེད་པ་ཞེས་བྱ་བའི་དབང་དུ་བྱས་པའོ། །འདོམ་གང་ཞེས་བྱ་བ་ནི་ཁྲུ་བཞི་ཡིན་ནོ། །ད་ནི་ལོངས་སྤྱད་
Vol. 166 · folio 171b
དུ་རུང་བ་སྟོན་པར་བྱེད་པ་ཡིན་ཏེ། ཁྲོན་པ་དང་པོར་བྱས་པའི་ཆུའི་རྟེན་གང་ཡིན་པ་དེ་ནི་ཁྲོན་པ་ལ་སོགས་པ་སྟེ། དེའི་དག་པ་ནི་བརྟགས་པས་སྲོག་ཆགས་མེད་པ་ཉིད་དེ། དེས་ན་ཁྲོན་པ་དག་སོགས་སོ། །གྲུ་གསུམ་ཡང་དེ་ཡིན་ལ་བཟང་པོ་ཡང་ཡིན་པ་གྲུ་གསུམ་བཟང་པོ་སྟེ། གང་
སྲོག་ཆགས་ཕྲ་མོ་ཡང་འཛིན་པར་བྱེད་པ་ཡིན་ནོ། །དེ་དང་པོར་བྱས་པའི་ཆུ་ཚགས་གཞན་གང་ཡིན་པ་དེ་ནི་གྲུ་གསུམ་བཟང་པོ་ལ་སོགས་པའོ། །དགེ་སློང་ཞེས་བྱ་བ་འདི་ཡང་དགེ་སློང་སྟེ་བསླབ་པ་འདོད་པའི་ཕྱིར་ཡིད་ཆས་པའི་ཡུལ་ཡིན་ནོ། །དགེ་སློང་སྨོས་པ་ནི་རབ་ཏུ་བྱུང་བ་རྣམས་ཀྱི་ཉེ་
བར་མཚོན་པ་ཡིན་ནོ། །དགེ་འདུན་ཞེས་བྱ་བ་འདི་ཡང་དགེ་འདུན་ཏེ་རྣམ་པ་ཐམས་ཅད་དུ་མ་བཙགས་ཤིང་མ་བརྟགས་པའི་ཆུ་ལོངས་སྤྱོད་པར་མི་མཛད་པའི་ཕྱིར་ཏེ། བསླབ་པ་ལ་གུས་པར་བྱེད་པ་ཉིད་དུ་མཚོན་པར་བྱེད་པ་ཡིན་ནོ། །དང་པོ་གཅིག་ནི་སྡུད་པར་བྱེད་པ་ཡིན་ལ་
གཉིས་པ་ནི་ཚིག་གི་ཁ་བསྐང་བའི་ཕྱིར་རོ། །ཇི་ལྟར་དེ་དག་ཁ་ན་མ་ཐོ་བ་མེད་པ་དེ་བཞིན་དུ་ཡིད་ཆེས་པ་ཡང་ཡིན་ཏེ། སྲོག་ཆགས་མེད་པར་ལྷག་པར་ཡིད་ཆེས་པའི་ཕྱིར་ཡིད་ཆེས་པ་སྟེ་བཀོད་མའོ། །དེ་ཉིད་འདུལ་བ་ལས་བཀོད་མས་རུང་བ་ཞེས་གསུངས་པ་ཡིན་ནོ། །ཉིན་ཞག་གིས་
རུང་བ་ཡང་ཡིད་ཆེས་པ་ཁོ་ན་ཡིན་ཏེ། དེ་ནི་ལན་ཅིག་བརྟགས་པས་ཉི་མ་ཤར་བར་དུ་ཞེས་བྱ་བས་བསྡུས་པ་ཡིན་ནོ། །ཉེས་པ་བྱུང་བའི་སྐབས་མི་འབྱེད་པས་ན་རུང་བ་ཞེས་བྱ་སྟེ། ལོངས་སྤྱད་དུ་རུང་བའི་ཆུ་ལྔ་པོ་དེ་དག་ཀྱང་ཆུ་སྤྱད་དུ་རུང་བ་ལ་སོགས་པར་བདག་གིར་བྱས་པ་དེར་
འགྱུར་གྱི་འདི་ལ་འགྱོད་པར་བྱ་བ་ནི་མ་ཡིན་ནོ། །རྣམ་པ་གཞན་དུ་ན་ཆུ་ཡོངས་སུ་ལོངས་སྤྱད་པར་བྱ་བ་མ་ཡིན་པར་འགྱུར་རོ། །ཡང་གི་སྒྲ་ནི་ལྔ་པོ་དག་མཚུངས་པ་ཉིད་དུ་བསྟན་པའི་ཕྱིར་རོ། །ལྔ་པོ་དེ་དག་ལས་ཆུ་ཚགས་ལ་སོགས་པ་གཅིག་མེད་ལ་གཞན་དག་ཀྱང་མེད་པའི་ཕྱིར་ཆུ་ཚགས་
ཀྱིས་བྱ་བ་ཅི་ཡང་མེད་དོ་སྙམ་དུ་དོགས་པ་ལ་སྨྲས་པ། འདི་ལྟར་ཡང་འདི་ལ་ཆུ་ཚགས་དང་མི་ལྡན་པའི་ཕྱིར་ཆུ་ཚགས་མེད་པ་སྟེ། དེ་ལྟར་གྱུར་པས་གནས་པའི་སྐལ་བ་མེད་དོ་ཞེས་བྱ་བའི་བར་དུའོ། །དང་ནི་ངེས་པར་གཟུང་བའི་ཕྱིར་རོ། །གང་དེ་ལ་རུང་བའི་ཆུ་ཡོད་ཀྱང་ཆུ་ཚགས་
Vol. 166 · folio 172a
ཉེ་བར་འཇག་པར་མི་བྱེད་ན་དེ་ལ་ཉེས་བྱས་ཀྱི་ཉེས་པར་འགྱུར་བར་བསྟན་པས་གང་ཡང་ཆུ་ཚགས་ཡོད་དུ་ཟིན་ཀྱང་བོར་ནས་འགྲོ་ན་ཅིར་འགྱུར་ཞེ་ན། གང་ཞིག་རིལ་བ་གྲུ་གསུམ་དཔྱངས་ཚགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དགེ་ཚུལ་གང་ཞིག་ཆུ་
ཚགས་མེད་པར་འགྲོ་བ་སྟེ། རྒྱུ་བར་གྱུར་ན་དགེ་ཚུལ་དེ་ལ་ཡིད་ཀྱི་ཉེས་བྱས་ཉིད་དུ་འགྱུར་གྱི། གཞན་བཤགས་པར་བྱ་བའི་ཉེས་བྱས་སུ་མི་འགྱུར་རོ། །ཉིད་ནི་ངེས་པར་གཟུང་བའི་དོན་ཏོ། །ཀུན་ནས་ཡོངས་སུ་ཆུ་འཚག་པར་བྱེད་པས་ན་ཆུ་ཚགས་ཏེ། སྤྱིའི་ཚིག་ཡིན་ནོ། །ད་ནི་ཆུ་ཚགས་
ཀྱི་དབྱེ་བ་བསྟན་པར་བྱ་སྟེ། རིལ་བ་དང་། གྲུ་གསུམ་དང་། དཔྱངས་ཚགས་ཞེས་བྱ་བ་ནི་བསྡུ་བའོ། །རིལ་བའི་སྒྲས་ནི་ཟླུམ་པོ་སྐྱིབས་ཅན་ཁ་གཉིས་པ་དེ་བརྗོད་པ་ཡིན་གྱི་འདི་ཡང་སྤྱི་བླུགས་བཞིན་དུ་ཉེ་བར་སྤྱོད་པ་ནི་མ་ཡིན་ནོ། །གྲུ་གསུམ་ཞེས་བྱ་བ་ནི་ཆུ་ཚགས་གྲུ་གསུམ་ཡོད་པའོ། །
དཔྱངས་ཚགས་ཞེས་གྲགས་པའི་མིང་གང་ལ་ཡོད་པ་དེ་ནི་དཔྱངས་ཚགས་ཏེ། ཆུ་ཚགས་ཡུ་བ་ཅན་དེའི་མིང་ཡིན་ནོ། །ཆོས་ཞེས་བྱ་བའི་མིང་གང་ལ་ཡོད་པ་དེ་ནི་ཆོས་ཞེས་བྱ་བ་སྟེ། རིལ་བ་ཞབས་ཚགས་ཅན་ཡིན་ནོ། །གྲོལ་བར་བྱེད་པའི་རས་ཞེས་བྱ་བ་ནི་རས་ཀྱི་དུམ་བུ་ཟུར་བཞི་པ་དེའི་ལྷག་པའི་
ཚིག་གོ། །དང་གི་སྒྲ་ནི་དེ་ལྟ་བུར་གྱུར་པ་གཞན་དང་གཞན་དག་ཀྱང་མེད་པར་འགྲོ་ན་ཡིད་ཀྱི་ཉེས་བྱས་སུ་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །གལ་ཏེ་དེར་སོང་ན་རྙེད་པར་ཡང་འགྱུར་ན་འགྲོ་བར་བྱའམ་ཞེ་ན། སོང་ཡང་གྲོལ་བར་བྱེད་པའི་རས་སོགས་ཡོད། །དེ་ཚེ་ཆུ་ཚགས་མེད་ན་རྒྱང་གྲགས་དག །
ལྔ་ཉིད་སོང་བླ་ཞེས་བྱ་བ་སྨོས་པ་ཡིན་ཏེ། དེ་གང་དུ་འགྲོ་བར་འགྱུར་བ་དེར་སོང་བ་ན་བཤད་མ་ཐག་པའི་གྲོལ་བར་བྱེད་པའི་རས་ལ་སོགས་པ་ཡོད་པ་སྟེ་རྙེད་པར་འགྱུར་ན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ཆུ་ཚགས་མེད་པ་ནི་ཆུ་ཚགས་མེད་པར་གྱུར་པ་སྟེ་སོང་བ་དང་འགྲོ་བར་བྱའོ་ཞེས་བྱ་བའི་བར་
དུའོ། །ཆུ་ཚགས་ཡོད་པར་གྱུར་པ་འབའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཡིན་ནོ། །རིང་ཐུང་ཇི་ཙམ་དུ་ཞེ་ན། དེ་རྒྱང་གྲགས་ལྔར་འགྲོ་བར་བྱའོ། །ཉིད་ཀྱི་སྒྲ་ནི་དེ་ལས་འདས་པར་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །གལ་ཏེ་དེར་སོང་ན་རྙེད་པར་མི་འགྱུར་བ་དེ་ལྟ་ན་
Vol. 166 · folio 172b
ཡང་འགྲོ་བར་བྱ་འམ་ཞེ་ན། ཇི་སྟེ་མེད་ན་ནི། ཕྱིར་འོང་འདོད་ན་དཔག་ཚད་ཕྱེད་དུ་སོང་། །ཞེས་བྱ་བ་སྨོས་པ་ཡིན་ཏེ། གལ་ཏེ་དེར་སོང་ལ་ཆུ་ཚགས་སམ་ཆུ་ཁ་ན་མ་ཐོ་བ་མེད་པ་རྙེད་པར་མི་འགྱུར་བ་དེའི་ཚེ་རྐྱེན་དེ་ལྟ་བུ་ཞིག་ཡོད་ན་འཕྲལ་ཁོ་ན་ལ་ལྡོག་པའི་བསམ་པས་དཔག་ཚད་ཕྱེད་དུ་འགྲོ་བར་
བྱའོ། །དེ་ལྟར་ན་ནིའི་སྒྲ་སྔ་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །ཅི་ཡིད་བརྟན་པའི་ཚིག་གིས་ཀྱང་འགྲོ་བར་བྱའམ་ཞེ་ན། ཡིད་བརྟན་ཚིག་གིས་ལམ་དུ་ཞུགས་ན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཡིད་བརྟན་རབ་ཏུ་བྱུང་བའི་ཚིག་གིས་གལ་ཏེ་འདི་སྐད་དུ་ཁྱོད་ཉིད་ཤོག་
ཤིག་དང་ཆུ་ལོངས་སྤྱོད་པའི་དུས་སུ་ཁོ་བོས་ཆུ་ཚགས་སྦྱིན་པར་བྱའོ་ཞེས་སྨྲས་པའོ། །དེ་དག་གི་ཚིག་གིས་རིང་དུ་སོང་ཡང་ཞེས་བྱ་བའི་རྒྱང་གྲགས་ལྔ་འམ་གཉིས་འབའ་ཞིག་ཏུ་མ་ཟད་ཀྱི་ཆུ་ཚགས་མེད་པར་འགྲོ་བ་ལ་ཡང་ཉེས་པ་མེད་པ་ཡིན་ཏེ། རིང་དུ་སོང་བ་ལ་ནམ་ཡང་ཉེས་པར་མི་འགྱུར་
རོ་ཞེས་བྱ་བའི་དོན་ཏོ། །ཡིད་བརྟན་པ་ཞེས་བྱ་བ་ནི་ལམ་དུ་ཆུ་ཚགས་སྦྱིན་པར་ཁས་བླངས་པ་ལ་སླུ་བར་མི་བྱེད་པ་གང་ཡིན་པ་དེ་ལ་བྱའོ། །ཆུ་ཚགས་མེད་པར་ཀླུང་གི་འགྲམ་ནས་མར་འགྲོ་བ་ན་བརྟགས་པའི་ཆུ་ལོངས་སྤྱོད་པ་ལ་ཉེས་པར་འགྱུར་རོ་སྙམ་དུ་དོགས་པ་ལ། ཀླུང་གི་འགྲམ་ནས་
མར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དགེ་ཚུལ་ཆུ་ཚགས་མེད་པར་ཡང་ཀླུང་གི་འགྲམ་ནས་མར་འགྲོ་བ་ནའོ། །མིག་གིས་བལྟས་པས་དག་པ་སྟེ་སོ་སོར་བརྟགས་ཤིང་དག་པར་བྱས་པའོ། །བལྟས་པས་དག་པ་ཡང་དེ་ཡིན་ལ་ཆུ་ཡང་ཡིན་པས་ན་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །
དེ་ལྟར་གྱུར་པའི་ཆུ་འཐུངས་པ་ལ་ཉེས་པ་མེད་པ་སྟེ་ཉེས་བྱས་སུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲ་ནི་སྔར་ཆུ་ཚགས་མེད་པར་འགྲོ་བ་ལ་ཉེས་པར་བཤད་པ་ཡིན་པས། ཀླུང་གི་འགྲམ་ནས་མར་འགྲོ་བར་བྱེད་པ་ན་ཆུ་ཚགས་མེད་ཀྱང་བརྟགས་ནས་ལོངས་སྤྱོད་པ་གང་ལ་ཡང་ཉེས་པ་
མེད་དོ་ཞེས་བྱ་བ་བསྟན་པའི་ཕྱིར་རོ། །དེ་ལ་ཅི་འཇུག་ངོགས་རེ་རེ་བརྟག་པར་བྱ་འམ་ཞེ་ན། རྒྱུན་བཞིན་འགྲོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ལ་ཞེས་བྱ་བ་ནི་ཀླུང་ལའོ། །རྒྱང་གྲགས་དང་རྒྱང་གྲགས་ནི་རྒྱང་གྲགས་རེ་རེའོ། །བརྟག་པ་ནི་བརྟག་པར་བྱ་བ་སྟེ་མཐར་ཐུག་
Vol. 166 · folio 173a
པར་སོ་སོར་བརྟག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་ཇི་ལྟ་བུར་ཞེ་ན། རྒྱུན་བཞིན་འགྲོ་ལ་ཞེས་སྨོས་པ་ཡིན་ཏེ། རྒྱུན་གྱིས་འབབ་པར་བྱེད་པས་ན་རྒྱུན་བཞིན་འགྲོ་བ་སྟེ་ཆུ་བོ་དང་མྱུར་འབབ་ཅེས་བྱ་བའི་བར་དུའོ། །ཆུ་འདི་དབའ་ཀློང་འཁྲུག་པ་ནི་ཆུ་གཞན་ཏེ་ཆུ་རབ་ཏུ་འབབ་
པའོ། །འདྲེས་པ་མེད་པ་ནི་མ་འདྲེས་པ་སྟེ་དགག་པའི་བསྡུ་བའོ། །ཆུའི་དབའ་རླབས་གཞན་དང་འདྲེས་པར་མ་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །ཀླུང་གང་ལ་ཆུ་གཞན་དང་མ་འདྲེས་པ་ཡོད་པ་དེ་ནི་ཆུ་གཞན་མ་འདྲེས་པ་སྟེ་དོན་གཞན་མང་པོ་པ་ཞེས་བྱ་བའི་བསྡུ་བའོ། །གཞན་ཡང་རྒྱུན་བཞིན་འབབ་པ་ཡང་
ཡིན་ལ་ཆུ་གཞན་དང་མ་འདྲེས་པ་ཡང་ཡིན་པས་ཞེས་བྱ་བ་ནི་དོན་གཅིག་གི་སྒོ་ནས་ཁྱད་པར་གྱི་བསྡུ་བའོ། །དེ་ལྟར་གྱུར་པའི་ཀླུང་དེ་ལ་ལན་ཅིག་བརྟགས་ནས་རྒྱང་གྲགས་ཀྱི་བར་དུ་ལོངས་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱ་ཞིང་དེ་བཞིན་དུ་གཞན་དག་ཏུ་ཡང་རྒྱང་གྲགས་ཞེས་བྱ་བའི་བར་དུའོ། །དེ་
བས་ན་གཞན་དག་ཏུ་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན། གཞན་དག་ཏུ་ནི་ཞེས་བྱ་བ་སྨོས་པ་ཡིན་ཏེ། གཞན་དག་ཏུ་ཞེས་བྱ་བ་ནི་ཆུ་མྱུར་དུ་འབབ་པ་ལས་གཞན་པ་སྟེ། ཀླུང་དལ་གྱིས་འབབ་པ་དང་མྱུར་དུ་འབབ་ཀྱང་ཆུ་རླབས་གཞན་དག་དང་གལ་ཏེ་འདྲེས་པར་གྱུར་པ་དེ་ལ་ནི་ཆུ་འགྲམ་རེ་རེ་ཉིད་དུ་བརྟག་
པར་བྱའོ། །ཉིད་ནི་ངེས་པར་གཟུང་བའོ། །ཏུའི་སྒྲ་ནི་ཡང་གི་དོན་ཏེ་ཇི་ལྟར་གོང་དུ་ཉེས་པ་མེད་པ་དེ་བཞིན་དུ་འདིར་ཡང་ཞེས་སྡུད་པར་བྱེད་པའོ། །འདི་གང་གི་ཚུལ་ཡིན་ཞེ་ན། ཆུ་ཚགས་མེད་པར་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཆུ་ཚགས་དང་འགྲོ་བའི་ངང་ཚུལ་ཅན་འདི་ཡིན་པས་ན་ཆུ་ཚགས་ཡོད་
པར་འགྲོ་བའོ། །ཆུ་ཚགས་ཡོད་པས་འགྲོ་བ་མ་ཡིན་པ་ནི་ཆུ་ཚགས་མེད་པར་འགྲོ་བ་སྟེ། དགག་པའི་བསྡུ་བ་ཡིན་ནོ། །དེའི་ཚུལ་འདི་ནི་དེའི་རིམ་པའོ། །དགེ་ཚུལ་ཆུ་ཚགས་ཡོད་པ་འམ་མེད་པ་གང་ཡིན་པ་དེ་འགྲམ་ནས་འགྲོ་བ་ན་ཆུ་བཙགས་པ་འམ་བརྟགས་པས་ལོངས་སྤྱོད་པ་ལ་འདོད་
པས་འཇུག་པར་བྱའོ། །སྔ་མ་ལ་ཡང་ཆུ་ཚགས་མེད་པའི་ཕྱིར་རྣམ་པ་ཐམས་ཅད་དུ་ཆུ་ལོངས་སྤྱད་པར་མི་བྱའོ་སྙམ་དུ་འབའ་ཞིག་གི་དོགས་པ་བསལ་བའི་དོན་དུ་འདིར་རྒྱུན་གྱི་དབང་དུ་བྱས་ནས་དེ་སྐད་དུ་བསྟན་པ་ཡིན་གྱི་རྒྱུན་ལས་བཟློག་ཕྱོགས་ཁོ་ན་ལས་ནི་དེ་སྐད་དུ་བརྗོད་པ་མ་ཡིན་ཏེ། ཆུ་ཚགས་
Vol. 166 · folio 173b
མེད་པར་འགྲོ་བ་འདི་ལ་ཡང་འཇུག་ངོགས་རེ་རེ་ཉིད་ཀྱི་ཚུལ་ཡིན་ནོ། །སྲོག་ཆགས་དང་བཅས་པའི་ཆུ་ལ་ཁྲུས་རུང་ངམ། འོན་ཏེ་མ་ཡིན་ཞེས་བསྟན་པའི་ཕྱིར་སྨྲས་པ། སྤུ་དང་བཅས་པར་འཇུག་པས་ན་ཁྲུས་རས་སྤུ་ཅན་ཏེ་སྤུས་ཁེབས་པའི་གོས་ལ་སོགས་པའོ། །དེ་བས་ན་སྲོག་ཆགས་ཏེ་སྐྱེ་བོ་
དེ་དང་བཅས་པས་འཇུག་པའི་སྲོག་ཆགས་དང་བཅས་པའི་ཆུ་དེ་ལ་ཁྲུས་ཀྱི་ཆོ་ག་སྟེ། ཁྲུས་ཀྱི་བྱ་བ་བཀག་པ་ཡིན་ནོ། །ཁྲུས་རས་ཉིས་རིམ་གང་ཡིན་པ་དེ་ནི་ཉིས་རིམ་སྟེ་དེ་ཡང་བཀག་པ་ཡིན་ནོ། །དང་གི་སྒྲ་ནི་སྡུད་པའི་དོན་ཏོ། །རིམ་པ་གཅིག་ནི་མ་བཀག་པར་ཤུགས་ཀྱིས་ཤེས་པར་འགྱུར་
རོ། །དེ་ཡང་གལ་ཏེ་ཁྲུས་རས་སྤུ་ཅན་དང་ཉིས་རིམ་གྱིས་ཁྲུས་བྱེད་ན་ཤི་བར་གྱུར་ཅིག་སྙམ་པ་ལས་སྲོག་ཆགས་ཤི་བར་གྱུར་ན་ཡོངས་སུ་རྫོགས་པའི་ཉེས་བྱས་ཀྱི་ཉེས་པར་འགྱུར་ལ། ཤི་བར་མ་གྱུར་ན་ཉེས་པ་ཆུང་ངུར་འགྱུར་རོ་ཞེས་རིག་པར་བྱའོ། །ཡང་གང་དུ་སྲོག་ཆགས་ལྷག་པར་མང་བའི་
ཆུ་དེ་ལ་ཇི་ལྟར་བྱ་ཞེ་ན། གང་ན་སྲོག་ཆགས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གང་ན་སྟེ་ཆུ་གང་ལ་སྲོག་ཆགས་ཏེ་སྐྱེ་བོ་ལྷག་པར་ཡོད་པའོ། །གང་ལས་ཤེ་ན། ཆུ་ལས་སོ། །ཀྱང་ཞེས་བྱ་བ་ནི་རིམ་པ་གཞན་སྟོན་པ་ཡིན་ཏེ་འདིར་རིམ་པ་གཅིག་ཁོ་ནས་ཀྱང་ཁྲུས་མི་བྱའོ། །ཁོ་ན་ནི་
ཁྲུས་མི་བྱ་བར་ངེས་པར་གཟུང་བ་ཡིན་ནོ། །ཀྱང་གི་སྒྲ་ནི་རིམ་པ་གཉིས་འབའ་ཞིག་ཏུ་མ་ཟད་ཀྱི་རིམ་པ་གཅིག་གིས་ཀྱང་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲ་སྔ་མ་ནི་ཆུ་བས་ཀྱང་ཞེས་སྲོག་ཆགས་ལྷག་པར་མང་བ་ཉིད་དུ་བསྟན་པའི་ཕྱིར་རོ། །དུས་མ་ཡིན་པའི་ཟས་ཀྱི་ཕྱོགས་སུ་གཏོགས་པ་
ཡིན་ཀྱང་ཆུའི་སྐབས་འདིར་ཅུང་ཞིག་བསྟན་པའི་ཕྱིར་རྫིང་བུའི་ཆུ་ཁྱད་པར་ཇི་ལྟ་བུ་ཞེ་ན། རྫིང་བུའི་ཆུ་ནི་ཟས་སོགས་འདྲེས་གྱུར་པ། །བཙགས་ནས་ཁ་ཟས་མེད་པར་གྱུར་དེ་དང་། །གང་ཚེ་ཁྱིམ་པའི་བསྟི་སའི་ཆུ་དག་ཀྱང་། །དག་གྱུར་ཕྱི་དྲོ་དོགས་པ་མེད་པར་བཏུང་། །ཞེས་བྱ་བ་སྨོས་པ་
ཡིན་ཏེ། ཟས་ལ་སོགས་པའི་ཟང་ཟིང་གང་ལ་ཡོད་པ་དེ་ནི་ཟས་ལ་སོགས་པ་སྟེ། དེས་འདྲེས་པར་གྱུར་པ་ནི་བཅས་པར་གྱུར་པ་ཡིན་ནོ། །བཙགས་པ་ནི་ཡོངས་སུ་བཙགས་པ་སྟེ་འདི་ཟང་ཟིང་དང་མི་ལྡན་པའི་ཕྱིར་ཆུ་ཁ་ཟས་མེད་པར་གྱུར་པ་ཡིན་པས་རུང་བ་མ་ཡིན་ནོ་ཞེས་དོགས་པར་མི་བྱའོ། །
Vol. 166 · folio 174a
བསྟི་སའི་ཆུ་ཡང་ཟང་ཟིང་དང་ངེས་པར་འདྲེས་པ་སྲིད་པས་དེ་ལ་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཁྱིམ་པའི་བསྟི་ས་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཁྱིམ་གང་ལ་ཡོད་པ་དེ་ནི་ཁྱིམ་པའོ། །ཁྱིམ་པ་སྨོས་པ་ནི་ཉེ་བར་མཚོན་པའོ། །བསྟི་ས་ནི་ཆུའི་གནས་ཡིན་ནོ། །གང་གི་ཚེ་ཆུ་
དག་པར་གྱུར་པ་སྟེ། གལ་ཏེ་བརྟགས་པས་དག་པར་གྱུར་པའི་ཆུ་དེ་དང་དེ་ཡང་ཟང་ཟིང་མེད་པ་ཡིན་གྱི་གོང་དུ་སྨོས་པ་འབའ་ཞིག་ནི་མ་ཡིན་ནོ། །དང་གི་སྒྲ་ནི་སྡུད་པའི་དོན་ཏོ། །ཡང་གི་སྒྲ་ནི་དེ་དང་དེ་ཡང་ཡིན་པས་ཆུ་གོང་མ་འབའ་ཞིག་མ་ཡིན་གྱི། འདི་ཡང་དུས་དང་དུས་མ་ཡིན་པར་བཏུང་བར་བྱའོ་
ཞེས་བསྟན་པའི་ཕྱིར་རོ། །ཅི་བཏུང་བར་བྱའམ་ཞེས་དོགས་པ་ལ་དོགས་པ་མེད་པར་ཞེས་སྨོས་པ་ཡིན་ཏེ་དོགས་པའམ་རྟོག་པ་མེད་པ་གང་ཡིན་པ་དེ་ནི་དོགས་པ་མེད་པ་སྟེ་དོགས་པ་དོར་ལ་བཏུང་བར་བྱའོ་ཞེས་བྱ་བའི་དོན་ཏེ། ཆུ་གཞན་མེད་པའི་ཚུལ་ཡིན་ནོ། །ད་ནི་ཇི་ལྟར་ཆུ་ཉམ་ང་བ་མེད་པར་བཅགས་
པར་བྱ་བ་དེ་སྟོན་པར་བྱེད་དེ། ཤིང་གསུམ་ཚོགས་པ་ནི་ཤིང་གསུམ་མོ། །དེ་ལ་གྲུ་གསུམ་གྱི་གྲྭའི་སྲད་བུ་བཏགས་ནས་ཆུ་བཙག་པར་བྱའོ། །ཤིན་ཏུ་ཞེས་བྱ་བ་ནི་འདིས་ཁྱད་པར་དུ་ཉམ་ང་བ་མེད་པར་ཆུ་བཙགས་པའི་ཕྱིར་ནུས་པའོ། །དེའི་ཕྱིར་ཤིན་ཏུའི་སྒྲ་ནི་འདི་ལ་འབད་པར་བྱའོ་ཞེས་བསྟན་པའི་
ཕྱིར་རོ། །གང་གི་ཚེ་ཆུ་ཚགས་སྲབ་པར་གྱུར་པ་ཉིད་ཀྱི་ཕྱིར་དང་། ཕྲ་བ་ཉིད་ཀྱི་ཕྱིར་སྲོག་ཆགས་མི་འཛིན་པ་དེའི་ཚེ་ཇི་ལྟར་བྱ་ཞེ་ན། ཆུ་ཚགས་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཁྱད་པར་ཇི་ལྟ་བུ་ལ་ཞེ་ན། སྲབ་པ་སྟེ། རྙིང་པར་གྱུར་པ་ལ་གདབ་པར་བྱའོ། །ཅི་ཞིག་གདབ་པར་བྱ་ཞེ་ན། ལྕི་བ་ཞེས་
སྨོས་པ་ཡིན་ཏེ། ལེགས་པར་བསྐམས་པ་ཡང་དེ་ཡིན་ལ་ལྕི་བ་ཡང་དེ་ཡིན་པས་ལྕི་བ་སྐམ་པོ་གཙང་མ་སྟེ། བ་ལྕི་སྐམ་པོ་གཙང་མ་ཞེས་བྱ་བའི་དོན་ཏོ། །ལྕི་བ་སྐམ་པོ་གཙང་མ་བཏགས་པའི་ཕྱེ་མས་གདབ་པར་བྱའོ་ཞེས་བྱ་བར་སྦྱར་ཏེ་མཐུག་པོར་བྱ་ཞེས་བྱ་བའི་དོན་དུ་རྟོགས་པར་བྱའོ། །ནིའི་
སྒྲ་ནི་སྲབ་པ་ལ་གདབ་པར་བྱའི་ཅིག་ཤོས་ལ་ནི་མ་ཡིན་ནོ་ཞེས་ཁྱད་པར་དུ་བྱེད་པའི་དོན་ཏོ། །ཤིན་ཏུ་མཐུག་པ་ཉིད་ཀྱི་ཕྱིར་ཆུ་འཛག་ཏུ་མི་བཏུབ་པ་དེ་ལ་ཇི་ལྟར་བྱ་ཞེ་ན། ཡང་དང་ཡང་དུ་ཞེས་སྨོས་པ་ཡིན་ཏེ། ཡང་དང་ཡང་དུ་གདབ་པར་བྱ་བ་དེ་བརྡེག་པར་བྱའོ། །ཕྱེ་མ་དེས་སམ་རང་བཞིན་
Vol. 166 · folio 174b
གྱིས་མཐུག་པར་གྱུར་པ་ཉིད་ལ་ཞེས་ཤུགས་ཀྱིས་ཁོང་དུ་ཆུད་པར་འགྱུར་རོ། །ཅིས་བྱ་བ་ཡིན་ཞེ་ན། འོད་མའི་ཚལ་པས་ཞེས་བྱ་བ་སྨོས་པ་ཡིན་ཏེ། འོད་མ་བཀས་པའི་ཚལ་པས་སོ། །ཅིའི་ཕྱིར་ཞེ་ན། ཆུ་འཛག་བྱ་ཕྱིར་ཞེས་སྨོས་པ་ཡིན་ཏེ། ཆུ་འཛག་པའི་ཕྱིར་དང་ཆུ་འབྱུང་བའི་ཕྱིར་ཞེས་བྱ་བའི་བར་དུའོ། །དང་ནི་ཤིང་
ལེབ་ཀྱིས་ཀྱང་གདབ་པར་བྱའི། འོད་མའི་ཚལ་པ་འབའ་ཞིག་གིས་ནི་མ་ཡིན་ཞེས་མ་བསྟན་པ་སྡུད་པའི་དོན་ཏོ། །ད་ནི་གྲུ་གསུམ་དུ་ཆུད་པའི་སྲོག་ཆགས་བསྲུང་བར་བྱ་བའི་ཕྱིར། སྲོག་ཆགས་བསྲུང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྣོད་དེ་སའི་སྣོད་དམ་ཟངས་མའི་སྣོད་གཞག་པར་
བྱའི། ལྕགས་ཀྱི་སྣོད་ནི་མ་ཡིན་ཏེ། ཆུས་དེ་ཉམས་པར་འགྱུར་བའི་ཕྱིར་རོ། །གང་དུ་གཞག་པར་བྱ་ཞེ་ན། སྨྲས་པ། འོག་ནི་ཞབས་སུ་ཞེས་བྱ་བའི་དོན་ཏོ། །གྲུ་གསུམ་གྱིས་ཞེས་བྱ་བར་ཤུགས་ཀྱིས་རྟོགས་པར་འགྱུར་རོ། །ཁྱད་པར་ཇི་ལྟ་བུ་དང་ལྡན་པ་ཞེ་ན། ལྕགས་ཀྱི་ལུ་
གུ་རྒྱུད་ཅེས་བྱ་བ་སྨོས་པ་ཡིན་ཏེ་ལྕགས་ཀྱི་ལུ་གུ་རྒྱུད་ནི་ལྕགས་ཀྱི་ལུ་གུ་རྒྱུད་དེ། དེ་དང་པོར་བྱས་པ་གང་ཡིན་པ་དེ་བཏགས་པའོ། །ཅིའི་ཕྱིར་ཞེ་ན། སྲོག་ཆགས་བསྲུང་ཕྱིར་ཞེས་སྨོས་པ་ཡིན་ཏེ། ཆུའི་ནང་དུ་ཆུད་པའི་སྲོག་ཆགས་བསྲུང་བའི་ཕྱིར་རོ། །རྣམ་པ་གཞན་དུ་ན་ཆུ་ཐམས་
ཅད་བྱུང་བ་དང་སྲོག་ཆགས་དག་འཆི་བར་འགྱུར་རོ། །ཟངས་མ་ལས་བྱས་པ་ལ་ནི་ལྕགས་ཀྱི་ལུ་གུ་རྒྱུད་གདགས་པར་བྱ་ཞིང་ས་ལས་བྱས་པ་ལ་ནི་སྲད་བུ་གདགས་པར་བྱའོ་ཞེས་གསུངས་པ་མ་ཡིན་ནམ། དེ་ཅིའི་ཕྱིར་སྤྱིར་བསྟན་ཞེ་ན། དགོས་པ་གཙོ་བོར་གྱུར་པ་ཉིད་ཀྱི་ཕྱིར་རྫས་ཞེས་
ཁྱད་པར་དུ་མ་བསྟན་ཏེ། ཁྱད་པར་གྱི་ཚིག་ནི་ཡོད་པའི་དབང་དུ་བྱས་པ་ཡིན་ནོ། །གང་དུ་ལྟེང་ཀ་ལ་སོགས་པ་ཡོད་པ་དེ་ནི་ལྟེང་ཀ་ལ་སོགས་པར་གནོད་པ་སྤང་བའི་ཕྱིར་སྲོག་ཆགས་དང་བཅས་པའི་ཆུ་དོར་བར་བྱ་བ་ཡིན་ན་ཕྱོགས་གང་དུ་ཁྲོན་པ་ལ་སོགས་པའི་ཆུ་རྙེད་པར་དཀའ་བ་དེར་ཇི་
ལྟར་བྱ་ཞེ་ན། སྲོག་ཆགས་དེ་དག་གནོད་པ་སྤང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སྲོག་ཆགས་ཏེ་སྐྱེ་བོ་དང་བཅས་པར་འཇུག་པའི་ཕྱིར་སྲོག་ཆགས་ཡོད་པའི་ཆུ་ཡིན་ཏེ་ཁྲོན་པར་གཏང་བར་བྱ་ཞིང་དོར་བར་བྱའོ། །གང་གིས་ཤེ་ན་གྲོལ་བར་བྱེད་པ་ཞེས་བྱ་བ་སྨོས་པ་
Vol. 166 · folio 175a
ཡིན་ཏེ། གྲོལ་བར་བྱེད་པའི་དོན་གྱིས་སྣོད་ནི་གྲོལ་བར་བྱེད་པའི་སྣོད་ཡིན་ཏེ་དེས་སོ། །དེ་ལྟར་སྟེང་གི་ཆ་དང་འོག་གི་ཆ་སྲད་བུས་གཟུང་དུ་རུང་བ་དེ་ལྟར་སྣོད་དེ་བྱའོ། །ཁྱད་པར་ཇི་ལྟ་བུས་ཤེ་ན། གང་གི་ཁ་དང་ཞབས་ལ་སྲད་བུ་གཉིས་བཏགས་པ་དེས་ཏེ། ཁ་ནི་སྟེང་གི་
ཆ་ཡིན་ལ་ཞབས་ནི་འོག་གི་ཆ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་ཆགས་དེ་དག་གནོད་པ་སྤང་བའི་ཕྱིར་ཞེས་སྨོས་པ་ཡིན་ཏེ། སྲོག་ཆགས་དེ་དག་སྟེ་ཆུའི་ཁོངས་སུ་གཏོགས་པའི་སྲོག་ཆགས་དག་གོ། །གནོད་པ་སྟེ་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་དང་། དོར་བར་བྱ་བའི་ཕྱིར་རོ། །གང་གི་
མཐུས་ཤེ་ན། སྙིང་རྗེའི་མཐུས་ཞེས་སྨོས་པ་ཡིན་ཏེ། སྙིང་རྗེ་ནི་སེམས་ཅན་གྱི་སྡུག་བསྔལ་སྤོང་བར་འདོད་པ་ཉིད་ཡིན་ལ་དེའི་མཐུ་ནི་དེའི་ངོར་ཞེས་བྱ་བའི་དོན་ཏོ། །ཆུའི་སྐབས་སུ་གཞན་དང་གཞན་དག་ཀྱང་ཅུང་ཞིག་བརྗོད་པར་བྱ་སྟེ། སྤྱི་བླུགས་བཟློག་པ་ནི་ཁ་སྦུབ་པའོ། །གང་ལ་ཞེ་ན་ཁ་ལ་
ཞེས་སྨྲས་པ་ཡིན་ཏེ། ཁ་ལ་སྤྱི་བླུགས་བཟློག་ནས་ཆུ་བཏུང་བར་མི་བྱའོ། །འཕགས་པ་ཞེས་བྱ་བ་ནི་དགེ་ཚུལ་ཡིན་ཏེ་འཕགས་པ་འདོད་ཆགས་དང་བྲལ་བའི་ཆོས་སྲོག་གཅོད་པ་ལ་སོགས་པ་ལས་ལྡོག་པའི་མཚན་ཉིད་ཀྱི་རྗེས་སུ་འཇུག་པའི་ཕྱིར་འཕགས་པ་ཞེས་བྱའོ། །གང་དུ་བཏུང་བར་མི་བྱ་ཞེ་ན།
འཇིག་རྟེན་ཞེས་སྨོས་པ་ཡིན་ཏེ། འཇིག་རྟེན་གྱི་མངོན་སུམ་སྟེ་མདུན་དུའོ། །ཅི་རྣམ་པ་ཐམས་ཅད་དུ་བཏུང་བར་མི་བྱའམ་ཞེ་ན། ལོ་མ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལོ་མ་ལ་སོགས་པ་གང་ཡིན་པ་དེ་ནི་ལོ་མ་ལ་སོགས་པ་སྟེ། དེ་མི་རྙེད་ཅིང་མེད་ན་ཁ་ལ་སྤྱི་བླུགས་བཟློག་
པས་འཐུང་ན་དགེ་ཚུལ་ལ་ཉེས་པ་མེད་དེ་ཉེས་བྱས་སུ་མི་འགྱུར་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གང་དུ་ཞེ་ན་དབེན་པ་ཞེས་སྨོས་པ་ཡིན་ཏེ། དབེན་པར་སོང་བ་ནི་དབེན་པར་ཞུགས་པ་སྟེ། སྐྱེ་བོ་མེད་པའི་ཕྱོགས་ལ་དབེན་པ་ཞེས་བྱའོ། །ཅིའི་ཕྱིར་ཞེ་ན། སྐོམ་པའི་ཕྱིར་ནི་ཞེས་བྱ་བ་སྨོས་པ་ཡིན་
ནོ། །ཕྱིར་ནི་དེའི་ངོར་རོ། །གང་གི་ཞེ་ན་སྐོམ་པ་ནི་སྐོམ་པས་གདུངས་པར་གྱུར་པའོ། །འབའ་ཞིག་ནི་སྐོམ་པས་ཞེས་གསུམ་པའི་མཐའ་ཅན་དུ་འདོན་པ་དེ་ལ་ཡང་སྐོམ་པ་བྱེད་པ་པོར་གྱུར་པས་གང་གི་ངོར་བྱས་པ་དེའི་ཕྱིར་ཞེས་བྱ་བ་དེའི་དོན་འདིར་འགྱུར་རོ། །ད་ནི་ཆུ་སྣོད་གྱི་ཆོ་ག་བརྗོད་པར་བྱ་སྟེ།
Vol. 166 · folio 175b
དུས་ཀྱི་དུས་ཕྱི་མ་ནི་ཕྱིས་ཀྱི་དོན་ཏོ། །མི་ཟད་པའི་བསྡུ་བ་ཡིན་ལ། དེའི་འོག་ཏུ་དུས་ཀྱི་དུས་ཕྱི་མ་ནི་དུས་དུས་སུ་ཞེས་བྱ་བ་དྲུག་པའི་བསྡུ་བའོ། །དེའི་ཕྱིར་དུས་དང་དུས་སུ་ཞེས་ཟློས་པའི་དོན་དུ་ཁོང་དུ་ཆུད་པར་བྱའོ། །ཅི་ཞིག་བྱ་བ་ཡིན་ཞེ་ན། བུམ་པ་ཞེས་སྨོས་པ་ཡིན་ཏེ་བུམ་པ་ནི་ཆུའི་སྣོད་
ཡིན་ལ་སྐམ་པ་ནི་སྐེམ་པར་བྱེད་པ་སྟེ། ཚད་པ་ལ་ཞེས་བྱ་བ་ནི་ལྷག་མའོ། །དེ་བསྐམས་པར་གྱུར་པ་དང་བཀྲུ་བར་བྱ་བ་ཡིན་ནོ། །གང་གིས་ཤེ་ན། ཁྲུད་ཤིང་ནི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཁྲུད་ཤིང་གཙང་མ་སྟེ་འོད་མའི་ཚལ་པའམ་ལྕུག་མ་ལ་སོགས་པའི་རྩེ་མོའི་ཆ་འཇམ་པོར་
བྱས་ཤིང་གཙང་མར་གྱུར་པས་ཞེས་བྱ་བའི་དོན་ཏོ། །གཙང་མ་ཡང་ཟང་ཟིང་མེད་པ་ཉིད་དང་། རྙོག་པའི་དྲི་མ་དང་མི་གཙང་བ་སྤངས་པ་ཉིད་དུ་རིག་པར་བྱའོ། །བུམ་པ་ལ་སོགས་པ་དེ་དག་གི་ཁོངས་སུ་གཏོགས་པའི་དྲི་མ་བསལ་བར་བྱ་བའི་ཕྱིར་སྤྱིའི་ཚིག་ཏུ་བསྟན་པ་ཡིན་ནོ། །ལོ་མ་ལ་
སོགས་ཞེས་བྱ་བས་གཞན་རུང་བ་བྱས་པའི་སྣོད་ཁྱད་པར་དུ་བྱ་བ་སྟོན་པར་བྱེད་དེ། ལོ་མ་དང་པོར་བྱས་པའི་གོས་ལ་སོགས་པའི་ཁ་གང་གང་ཡིན་པ་དེ་ནི་ལོ་མ་ལ་སོགས་པ་སྟེ་དེ་དགབ་པའོ། །ཁ་ལོ་མ་ལ་སོགས་པས་དགབ་པ་དེ་ཁྱད་པར་དུ་བྱེད་པ་ནི་ཁ་ལ་ལེགས་པར་དགབ་པར་བྱའོ་ཞེས་
བྱ་བའི་དོན་ཏོ། །ཁ་དེ་གང་གི་ཞེ་ན། རུང་བར་བྱས་པ་ཞེས་བྱ་བ་སྨོས་པ་ཡིན་ཏེ། རུང་བ་དེ་ཟང་ཟིང་མེད་པའི་ཆུའི་སྣོད་ནི་རུང་བར་བྱས་པའི་སྣོད་ཡིན་པ་དེའི་ཕྱིར་རོ། །ཅི་དེ་དག་སྐད་ཅིག་གམ་ཞེ་ན། རྟག་པར་ཞེས་བྱ་བ་སྨོས་ཏེ། རྟག་པ་སྟེ་དུས་དང་དུས་ཐམས་ཅད་དུའོ། །འདི་སྐད་དུ་
རུང་བར་བྱས་པའི་སྣོད་དག་གི་ཁར་རྡུལ་འཇུག་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར་ལོ་མ་ལ་སོགས་པས་ལེགས་པར་དགབ་པར་བྱའོ་ཞེས་བསྟན་པར་འགྱུར་རོ། །གང་གི་ཚེ་རུང་བའི་ཆུ་འཚག་པར་བྱེད་པ་ནི་ལག་པ་བཀྲུས་སུ་ཟིན་ཀྱང་འཇམ་པ་ཉིད་དུ་གྱུར་པ་དེའི་ཚེ་ཡང་ཉེས་པ་མེད་དོ་ཞེས་བསྟན་
པའི་ཕྱིར་སེམས་ཀྱིས་གཉིས་སམ་གསུམ་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ལན་གཉིས་ལན་གསུམ་དུ་བྱས་པ་ནི་གཉིས་སམ་གསུམ་མོ། །དེ་གང་ཞེ་ན། བཀྲུས་པ་སྟེ་ལག་པ་རབ་ཏུ་བཀྲུས་པར་གྱུར་པ་ན་ཞེས་བྱ་བ་ནི་ལྷག་མའོ། །ཅི་གཡོས་སམ་ཞེ་ན། སེམས་ཀྱིས་ཞེས་བྱ་
Vol. 166 · folio 176a
བ་སྨོས་པ་ཡིན་ཏེ་སེམས་ནི་བསམ་པ་སྟེ། ཡང་དག་པའི་དངོས་པོ་གཟུང་བ་དེ་བས་ན་ལག་པ་འཇམ་ཞིང་སྣུམ་དུ་ཟིན་ཀྱང་དག་པ་ཉིད་དུ་འགྱུར་རོ། །དག་པ་ཉིད་ཀྱི་དངོས་པོ་ནི་དག་པ་ཉིད་དེ་རབ་ཏུ་བཀྲུས་པ་ཉིད་ཅེས་བྱ་བའི་བར་དུའོ། །འདི་སྐད་དུ་གཡོ་སྤངས་པའི་
སེམས་ཀྱིས་ལག་པ་ལན་གཉིས་ལན་གསུམ་དུ་བཀྲུས་ན་འཇམ་དུ་ཟིན་ཀྱང་འཇམ་པ་ཉིད་ལ་ཉེས་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། །ཀྱང་གི་སྒྲ་ནི་འཇམ་དུ་ཟིན་ཀྱང་ཉེས་པ་མེད་དོ་ཞེས་ཁྱད་པར་དུ་བསྟན་པའི་ཕྱིར་རོ། །གལ་ཏེ་ཆུ་རྙོག་པ་ཅན་དུ་གྱུར་པ་དེའི་ཚེ་ཇི་ལྟར་བྱ་ཞེ་ན། བཞིན་གྱི་
གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྙོག་པ་སྟེ་རྡུལ་ཅན་གྱི་ཆུ་ལེགས་པར་བཙགས་པར་བྱའོ། །ཇི་ལྟ་ཇི་ལྟར་ཡང་རུང་བས་སམ་ཞེ་ན། ལེགས་པ་སྟེ་འབད་པས་སོ། །ཇི་སྲིད་ཅིག་གི་བར་དུ་ཞེ་ན། ཇི་སྲིད་བཞིན་གྱི་གཟུག་བརྙན་སྣང་བར་གྱུར་པ་དེ་སྲིད་ལེགས་
པར་འབད་པས་ཡོངས་སུ་བཙགས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བཞིན་གྱི་གཟུགས་བརྙན་འབྱུང་བ་ནི་དང་བ་ཉིད་མཚོན་པར་བྱེད་པ་ཡིན་ནོ། །འདི་སྐད་དུ་ཀ་ཏ་ཀའི་འབྲས་བུ་ལ་སོགས་པའི་སྦྱོར་བས་ཇི་སྲིད་ཆུ་དང་བ་ཉིད་དུ་འགྱུར་བ་དེ་སྲིད་དུ་རྙོག་པའི་ཆུ་ཡོངས་སུ་བཙགས་པར་བྱའོ་ཞེས་
བསྟན་པར་འགྱུར་རོ། །དགེ་ཚུལ་ལ་བྱིན་ལེན་མ་བྱས་པ་ལ་ཉེས་པ་མེད་པ་ཉིད་མ་ཡིན་ནམ་ཅིའི་ཕྱིར་དེ་སྐད་བསྟན་ཞེ་ན། སློབ་དཔོན་དང་མཁན་པོའི་དབང་དུ་བྱས་ནས་གསུངས་པའི་ཕྱིར་ཉེས་པ་མེད་དོ། །ཆུའི་སྐབས་སུ་གཞན་དག་ཀྱང་ཅུང་ཞིག་བརྗོད་པར་བྱ་སྟེ། ཁྲོན་པ་དང་པོར་
བྱས་པའི་ལྟེང་ཀ་ལ་སོགས་པ་གང་ཡིན་པ་དེ་ནི་ཁྲོན་པ་ལ་སོགས་པའོ། །དེ་དག་ལས་ཆུ་བླངས་པ་ནི་བུམ་པ་ལ་སོགས་པ་དག་གིས་ལེན་པར་བྱེད་པ་ན་ཚིགས་བཅད་བཀླག་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཁྲོན་པ་ལ་སོགས་བྱས་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ་སྦྱིན་པ་རྣམ་པར་
སྦྱོང་བའི་ཕྱིར་རོ། །ལུང་ཞེས་མ་བསྟན་དུ་ཟིན་ཀྱང་དཔེར་ན་ཟན་ཟ་བ་ན་སྦྱིན་པ་རྣམ་པར་སྦྱང་བའི་དོན་དུ་ལུང་གི་ཚིགས་སུ་བཅད་པ་འདོན་པ་དེ་ལྟར་འདི་ལ་ཡང་ཁོང་དུ་ཆུད་པར་བྱའོ། །གང་དག་གི་དོན་དུ་ཞེ་ན། ཁྲོན་པ་ལ་སོགས་ཞེས་བྱ་བ་སྨོས་པ་ཡིན་ཏེ། ཐོག་མ་ཁྲོན་པ་ལ་
Vol. 166 · folio 176b
སོགས་པ་བྱེད་པ་ཡིན་པས། ཁྲོན་པ་ལ་སོགས་བྱས་པ་སྟེ། ཁྲོན་པ་ལ་སོགས་པའི་བྱེད་པ་པོ་དང་བྱེད་དུ་འཇུད་པ་ཉིད་ཡིན་ནོ། ཆུ་དེའི་ལྷ་ནི་ཆུ་ལྷ་ཉིད་དོ། །ཁྲོན་པ་ལ་སོགས་པ་བྱས་པ་དང་ཆུ་དེའི་ལྷ་ཉིད་ཅེས་བརྗོད་ལ་ཁྲོན་པ་ལ་སོགས་པ་བྱས་ལ་དེ་དང་། ཆུ་ལྷ་དེ་ཉིད་ཀྱི་དོན་གྱི་ཕྱིར་རོ། །
ཅི་ཆུ་ལེན་པའི་ཚེ་དེ་ལྟར་བཀླག་པར་བྱའམ་ཞེ་ན། འཐུངས་སམ་བཀྲུས་ཀྱང་ཞེས་བྱ་བ་སྨོས་པ་ཡིན་ཏེ་འཐུངས་པ་ནི་ཆུ་འཐུང་བའོ། །ཁྲུས་ནི་ལུས་བརླན་པར་བྱེད་པའོ། །འཐུང་བ་དང་ཁྲུས་ནི་འཐུངས་སམ་བཀྲུས་པ་སྟེ། ཟླས་དབྱེ་བའི་བསྡུ་བ་ཡིན་ནོ། །དེ་དག་ནི་རྐང་པ་འཁྲུད་པ་ལ་སོགས་
པ་ཆུ་ཉེ་བར་ལོངས་སྤྱོད་པའི་ཉེ་བར་མཚོན་པ་ཡིན་པས་དེ་ལ་ཇི་ལྟར་ཆུ་ལེན་པ་ལ་ཚིགས་བཅད་ཀློག་པ་དེ་བཞིན་དུ། འཐུངས་སམ་ཁྲུས་བྱེད་པའི་སྐབས་འདིར་ཡང་ཚིགས་སུ་བཅད་པ་གདོན་པར་བྱའོ། །ཀྱང་གི་སྒྲ་ནི་གོང་མ་འབའ་ཞིག་ལ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་དགེ་
འདུན་ནམ་གང་ཟག་གི་འབྲུ་སྲོག་ཆགས་དང་བཅས་པར་གྱུར་པ་དེའི་ཚེ་བྱ་བ་ནི་བལ་སྲན་ལ་སོགས་ཞེས་བྱ་བ་སྨོས་པ་ཡིན་ཏེ། བལ་སྲན་དང་པོར་བྱས་པའི་འབྲས་ལ་སོགས་པའི་འབྲུ་གང་ཡིན་པ་དེ་ནི། བལ་སྲན་ལ་སོགས་ཏེ་བལ་སྲན་ལ་སོགས་པ་དེ་ཡང་ཡིན་ལ་འབྲུ་ཡང་ཡིན་པས་བལ་སྲན་ལ་
སོགས་འབྲུ་སྟེ། གལ་ཏེ་སྲོག་ཆགས་དང་ལྡན་ཞིང་སྲོག་ཆགས་དང་བཅས་པར་གྱུར་པ་དེའི་ཚེ་འབྲུ་དེ་གཞག་ཅིང་བྲུབ་པར་བྱ་བ་ཡིན་ནོ། །གང་དུ་ཞེ་ན། བདེ་ཞིང་བསིལ་བ་ཞེས་སྨོས་པ་ཡིན་ཏེ། བདེ་བ་ཡང་དེ་ཉིད་ཡིན་ལ་བསིལ་བ་ཡང་ཡིན་པས་བདེ་ཞིང་བསིལ་བའི་གནས་ཏེ། གང་
བདེ་བར་གྱུར་པ་དང་བསིལ་བར་གྱུར་པའི་སའི་ཕྱོགས་གནོད་པ་མེད་པ་དག་ཏུའོ། །དེ་ལྟར་བྱས་ཀྱང་བྲལ་བར་མ་གྱུར་པ་དེའི་ཚེ་ཇི་ལྟར་བྱ་ཞེ་ན། འོན་ཀྱང་སྲོག་ཆགས་བྲལ་བར་མ་གྱུར་ན། །ཞེས་སྨོས་པ་ཡིན་ཏེ། འོན་ཀྱང་གི་སྒྲ་ནི་ཤིན་ཏུ་དེ་ལྟར་བྱས་ཀྱང་ཞེས་བྱ་བ་ཡིན་པས་དེ་བས་ན་གལ་ཏེ་འབྲུ་
ལ་སོགས་པ་སྲོག་ཆགས་ཏེ་སྐྱེ་བོ་དང་བྲལ་བར་མ་གྱུར་ཅིང་བྱེ་བར་མ་གྱུར་པའི་ཕྱིར་ཡང་སླར་གནས་སུ་བྲུབས་ཏེ་གཞག་ཅིང་གཞུག་པར་བྱའི། དེ་ཡོངས་སུ་ལོངས་སྤྱད་པའམ་བཙོང་བར་བྱ་བ་མ་ཡིན་ནོ། །གོས་ལ་ཆགས་པའི་སྲོག་ཆགས་ཀྱི་གནོད་པ་ཡོངས་སུ་སྤང་བར་བྱ་བའི་ཕྱིར། ཤིག་
Vol. 166 · folio 177a
རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ར་ང་ནི་རས་མ་སྟེ་གོས་ཀྱི་དུམ་བུར་ཤིག་རྣམས་དལ་གྱིས་བཏུས་ཏེ་གཞག་པར་བྱའོ། །ཇི་ལྟར་བྱ་ཞེ་ན། རྩིག་པ་ལ་སོགས་ཞེས་སྨོས་པ་ཡིན་ཏེ། རྩིག་པ་དང་པོར་བྱས་པའི་ཀ་བ་ལ་སོགས་པ་གང་ཡིན་པ་དེ་ནི་
རྩིག་པ་ལ་སོགས་པའོ། །དེའི་བུ་ག་ནི་བུག་པ་དག་ཡིན་པས་དེ་དག་ཏུ་གཞུག་ཅིང་གཞག་པར་བྱའོ། །ཀྱང་གི་སྒྲ་ནི་ཆུའི་ཁོངས་སུ་གཏོགས་པའི་སྲོག་ཆགས་དག་གི་གནོད་པ་སྤང་བར་བྱ་བའི་ཕྱིར་གྲོལ་བར་བྱ་བའི་སྣོད་ཀྱིས་གཏང་བར་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་དག་ཀྱང་ཇི་ལྟར་གནོད་པར་མི་
འགྱུར་བ་དེ་ལྟར་དལ་གྱིས་གཟུང་ཞིང་གཞག་པར་བྱའོ་ཞེས་སྡུད་པའི་དོན་ཡིན་ནོ། །ཤིག་འབའ་ཞིག་ཏུ་མ་ཟད་ཀྱི་མད་ཀུ་ཏ་ཡང་གཞག་པར་བྱའོ་ཞེས་སྡུད་པར་བྱེད་པའི་དོན་ཡིན་ལ། དེ་བཞིན་ཞེས་བྱ་བ་ནི་དལ་གྱིས་བཏུས་ནས་གཞག་པར་བྱའོ། །གང་དུ་ཞེ་ན། རྩྭར་བཅས་ཞེས་སྨོས་པ་
ཡིན་ཏེ། རྩྭ་སྔོན་དང་བཅས་པར་འཇུག་པའི་ཕྱིར་རྩྭར་བཅས་ཏེ་དོར་རོ། །ཁྱད་པར་ཇི་ལྟ་བུ་ཅན་ཞེ་ན་བསིལ་བ་ཡང་དེ་ཉིད་ཡིན་ལ་སའི་ཕྱོགས་ཀྱང་དེ་ཉིད་ཡིན་པས་ན་བསིལ་བའི་ས་ཕྱོགས་ཏེ། དེ་ལྟར་གྱུར་པའི་ས་ཕྱོགས་དེར་མད་ཀུ་ཏ་གཞག་པར་བྱའི་ཚད་པ་ལ་སོགས་པ་དག་ཏུ་ནི་མ་
ཡིན་ནོ། །རྩྭར་བཅས་ཞེས་སྨོས་པ་ནི་ཚད་པས་གདུངས་པ་ལ་སོགས་པ་གནོད་པ་བྱེད་པ་རྣམ་པར་བཅད་པའི་ཕྱིར་ཡིན་གྱི། རྩྭ་སྔོན་དང་བཅས་པ་ཁོ་ན་ཞེས་ངེས་པར་གཟུང་བའི་ཕྱིར་ནི་མ་ཡིན་ནོ། །རྩྭ་ནི་རྩྭ་སྔོན་པོ་ལ་བྱའོ། །ཇི་ལྟར་ཤིག་ལ་སོགས་པ་དེ་དག་དོར་བར་བྱ་བ་དེ་བཞིན་
དུ་གཞན་སྦྲུལ་ལ་སོགས་པ་གང་ཡིན་པས་གཏུམ་སོགས་ཞེས་སྨོས་པ་ཡིན་ཏེ། སྦྲུལ་ཐོག་མར་བྱས་པའི་སྡིག་པ་ལ་སོགས་པ་གང་ཡིན་པ་དེ་དག་ནི་སྦྲུལ་ལ་སོགས་སོ། །དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། གནོད་བྱེད་ཅེས་སྨོས་པ་ཡིན་ཏེ། གནོད་པ་དེ་སྡུག་བསྔལ་བར་བྱེད་པའི་ཕྱིར་གནོད་བྱེད་
ཡིན་ལ། དེ་དག་གི་རང་གི་ཡུལ་ཞེས་བྱ་བ་ཡང་གང་དང་གང་གི་རང་གི་སྤྱོད་ཡུལ་མ་ཡིན་པ་སྟེ་དཔེར་ན་སྦྲུལ་གྱི་ནི་གྲོག་མཁར་ལྟ་བུའོ། །དེར་སོ་སོར་བསྐྱལ་བར་བྱ་སྟེ་གྲོལ་བར་བྱ་བར་རིགས་པ་ཡིན་ནོ། །སྦྱིན་པ་གང་གིས་ཤེ་ན་བཟུང་བས་སོ། །ད་ནི་སྔར་བཤད་པ་རྗེས་སུ་བསྟན་པར་བྱ་བ་ཉེས་
Vol. 166 · folio 177b
པ་དང་བཅས་པ་བརྗོད་པར་བྱ་བའི་ཕྱིར། ཐ་མ་འདི་ནི་ཞེས་བྱ་བ་སྨོས་པ་ཡིན་ཏེ། འདི་ཐ་མ་ཡིན་པའི་ཕྱིར་ཐ་མ་སྟེ་མི་གཞན་ཡིན་ལ་གང་གིས་མིར་འདུ་ཤེས་ཞེས་བྱ་བ་ལ་སོགས་པས་ཐ་མར་གྱུར་པའི་ཉེས་པ་བསྟན་པ་ཡིན་ལ། དེ་ཡང་ཉེས་བྱས་ཏེ་འཁྲུལ་པ་མེད་ཅིང་གསོད་པའི་སེམས་ཡོད་
པ་ཞེས་བྱ་བ་ལ་སོགས་པ་དང་བཅས་ཏེ་བཤད་པ་ཡིན་ཏེ་བཤད་པ་ནི་རྣམ་པར་བཤད་པའོ། །ད་ནི་ཞེས་བྱ་བ་ནི་ཕྱིས་ཀྱང་སྲོག་གཅོད་པ་སྟེ་སྲོག་ཆགས་གསོད་པར་བྱེད་པའི་ཕྱོགས་སུ་གཏོགས་པ་བཤད་པར་བྱ་བ་སྟེ། ཡིད་ཀྱི་ཉེས་བྱས་སུ་འགྱུར་རོ་ཞེས་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་
ལྟར་ཞེས་བྱ་བ་ནི་ཉེ་བར་སྟོན་པའི་དོན་ཏོ། །ཕྱོགས་སུ་གཏོགས་པ་དེ་དག་གང་ཞེ་ན། ནད་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ནད་པ་ནི་ནད་ཀྱིས་ཉོན་མོངས་པར་གྱུར་པ་ཡིན་ཏེ་དེ་དག་ལའོ། །དུག་དང་མཚོན་ནི་དུག་དང་མཚོན་ཡིན་ཏེ། དེ་སྦྱིན་པ་དང་། དེ་བཞིན་དུ་བཏུང་བ་ལ་
སོགས་པ་མི་འཕྲོད་པ་གང་ཡིན་པ་དེ་ནི་བཏུང་བ་ལ་སོགས་པ་མི་མཐུན་པའོ། །མཐུན་པ་ནི་ཕན་ཞིང་འཕྲོད་པ་ཡིན་ལ། མི་མཐུན་པ་ནི་མི་འཕྲོད་པ་སྟེ། དེ་སྦྱིན་པར་བྱེད་པ་ནི་ཡང་དག་པར་སྦྱིན་པ་ཞེས་བྱའོ། །གལ་ཏེ་ནད་པ་ཚོར་བས་གཟིར་བ་ཞིག་དུག་གམ་མཚོན་སློང་བ་དེའི་ཚེ་
བསམ་པ་དང་སེམས་དག་པས་དེ་ཕྱིན་ན་ཁ་ན་མ་ཐོ་བ་མེད་དོ་ཞེས་ཤེས་པར་བྱ་ཞིང་། བཟློག་པས་ནི་རྩ་བའི་ཉེས་པ་དང་ལྡན་པར་འགྱུར་ཏེ་དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །ནད་པ་ལ་སྨན་ཇི་ལྟར་སྦྱིན་པར་བྱ་ཞེ་ན། རྒན་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྒན་
པོ་ནི་རྣམ་པ་གཉིས་ཏེ། ན་སོས་དང་། བསླབ་པས་སོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། མཁས་པ་སྟེ་ནད་རབ་ཏུ་ཞི་བར་བྱེད་པ་ལའོ། །ནའི་སྒྲ་ནི་དེ་ལྟ་བུར་གྱུར་པ་དེ་ལ་དྲིས་པ་ཉིད་ཀྱིས་ཞེས་ངེས་པར་གཟུང་བའི་དོན་ཡིན་ནོ། །སྨན་པ་དང་ཞེས་བྱ་བའི་དང་ནི་རིམ་པ་གཞན་སྡུད་པའི་དོན་ཡིན་པར་
བལྟ་བར་བྱའོ། །ནད་པ་ནད་ཀྱིས་ཉོན་མོངས་པར་གྱུར་པ་ལ་སྨན་རྗེས་སུ་སྦྱིན་པར་བྱའི། དེ་ལྟ་དེ་ལྟ་བུ་ཉིད་ཀྱིས་ནི་མ་ཡིན་ནོ། །དེའི་ནད་གཡོག་གླེན་ལས་ཞེས་བྱ་བ་ལ་ཇི་ལྟར་ཞེས་བྱ་བ་རྗེས་སུ་འཇུག་སྟེ། ཇི་ལྟར་ནད་པ་ལ་ལ་དུག་ལ་སོགས་པ་སྦྱིན་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་གླེན་པ་སྟེ་
Vol. 166 · folio 178a
རྨོངས་པར་གྱུར་པ་ཕན་པ་དང་མི་ཕན་པ་མི་ཤེས་པ་དག་ཡིན་ནོ། །དེ་ལྟ་བུར་གྱུར་པའི་ནད་གཡོག་བསྙེན་བཀུར་བར་མི་བསྐོ་སྟེ། གང་གི་ཕྱིར་འདིས་བྱ་བ་དང་བྱ་བ་མ་ཡིན་པ་ཤེས་པ་མ་ཡིན་ནོ། །ཅི་རྣམ་པ་ཐམས་ཅད་དུ་བསྐོ་བར་མི་བྱའམ་ཞེ་ན། མེད་ན་ཞེས་སྨོས་པ་ཡིན་ཏེ་ཡོད་པ་
ནི་མཁས་པ་ཡོད་པར་གྱུར་པའོ། །ཡོད་པ་མ་ཡིན་པ་ནི་དེ་མེད་པ་དང་མི་སྣང་ན་ཞེས་བྱ་བའི་བར་དུའོ། །དེ་མེད་ན་ནད་གཡོག་གླེན་པ་ཉིད་ལ་འདི་ནི་བྱ་བ་ཡིན་འདི་ནི་བྱ་བ་མ་ཡིན་ཞེས་ལེགས་པར་བསྒོ་ཞིང་བསླབས་ནས་བསྒོ་བར་བྱའི་ཤེས་པ་ཡོད་པ་ནི་མ་ཡིན་ནོ། །ནད་པ་ལ་ནི་དེ་ལྟའི་ཆོས་མ་བརྗོད་ཅེས་བྱ་བ་
ནི་ཆོས་མ་ཡིན་ཡང་ཆོས་ཀྱི་སྒྲས་བརྗོད་ཅིང་རང་གི་མཚན་ཉིད་འཛིན་པའི་ཕྱིར་གང་གིས་ཆོས་བརྗོད་པས་དེའི་སེམས་འཆི་བའི་ཕྱིར་ཏེ། འཆི་བའི་དོན་དུ་སེམས་སྐྱེ་བ་ནི་འཆི་བའི་ཕྱིར་ངེས་པར་གྱུར་ཅེས་བྱ་བའི་དོན་ཏོ། །དེ་ལྟ་བུར་གྱུར་པའི་ཆོས་ནད་པའི་མདུན་དུ་མི་བརྗོད་པ་སྟེ་སྨྲ་བར་བྱ་བ་མ་
ཡིན་ནོ། །འདི་ལྟར་ནད་པ་ཚུལ་ཁྲིམས་དང་ལྡན་པའམ། ཚུལ་ཁྲིམས་འཆལ་བ་ལ་ཡང་ཇི་སྲིད་འཚོ་ཞིང་གནས་པར་གྱུར་པ་དེ་སྲིད་ལུས་ཅན་སྡུག་བསྔལ་བར་འགྱུར་ཞིང་འཆི་བ་ནི་མཐོ་རིས་ལ་སོགས་པ་བདེ་བ་དང་བསོད་ནམས་མང་ཞིང་སྡིག་པ་མེད་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནད་པ་ལ་
རིམ་པ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་བརྗོད་པར་བྱ་ཞེ་ན། རིང་དུ་འཚོ་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ནད་པ་དེ་ལ་བརྗོད་ཅིང་བསྟན་པར་བྱའོ་ཞེས་བྱ་བའི་བར་དུའོ། །ཇི་ལྟར་བརྗོད་པར་བྱ་ཞེ་ན། རིང་དུ་འཚོ་ཞིང་རིང་དུ་གནས་པ་ཞེས་
རིང་བའི་སྒྲ་དང་སྦྱར་བར་བྱ་བ་ཡིན་ཏེ། ཡུན་རིང་དུ་སྲོག་འཛིན་པ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དུ་ན་དེ་ཉིད་རྣམ་གྲངས་ཡིན་ནོ། །དེ་ལྟ་བུར་གྱུར་པའི་དགེ་བའི་ཚིག་གི་རྣམ་པ་དེ་ལ་བརྗོད་པར་བྱའི་རྣམ་པ་གཞན་དུ་ནི་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་དུ་རྣམ་གྲངས་ཀྱི་ཚིག་བརྗོད་པ་ཡིན་གྱི།
རྣམ་པ་གཞན་དུ་ན་རྣམ་གྲངས་ཀྱི་ཚིག་དོན་མེད་པར་འགྱུར་རོ། །གཞན་ཡང་ཇི་ལྟར་བརྗོད་པར་བྱ་ཞེ་ན། བདེར་གྱུར་ཅེས་བྱ་བ་སྨོས་པ་ཡིན་ཏེ། བདེ་བར་གྱུར་པ་ནི་བདེ་བ་དང་ལྡན་པར་གྱུར་པའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན་ནད་ནི་གཟེངས་མཐོ་བ་ཟད་པར་བྱེད་པའོ། །དེའི་ཕྱིར་ནད་ཀྱི་འཇིགས་པ་ནད་ཀྱི་འཇིགས་པ་སྟེ། འཇིགས་ཤིང་སྔངས་
Vol. 166 · folio 178b
པར་བྱེད་པ་ཞེས་བྱ་བ་ཡིན་པ་དེའི་ཕྱིར་དེའི་དེ་ལས་རྣམ་པར་གྲོལ་བའོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་ནི་བསོད་ནམས་ཡིན་ཏེ་ཆོས་ཞེས་བརྗོད་ལ་དེ་ཡང་དང་ཡང་དུ་སྤྱོད་པའི་ཕྱིར་ཆོས་སྤྱོད་པའོ། །ཇི་སྲིད་རིང་དུ་སྟེ་དུས་རིང་པོར་འཚོ་བར་གྱུར་པ་དེ་སྲིད་དུ་འཕེལ་བར་འགྱུར་རོ། །དེ་
གང་ཞེ་ན། དགེ་བའི་རྒྱུན་ཞེས་སྨོས་པ་ཡིན་ཏེ། དགེ་བ་སྟེ་བསོད་ནམས་ཀྱི་རྒྱུན་ནི་དགེ་བའི་རྒྱུན་ཡིན་པ་དེ་བས་ན་ཇི་སྲིད་དགེ་བ་དེ་འཕེལ་བར་འགྱུར་བ་དེའི་ཕྱིར་ནད་པ་ལ་ཁྱེད་རིང་དུ་འཚོ་ཞིང་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བ་ཡིན་ནོ། །བསྐྱོད་པ་སྟེ་གཞན་དུ་གཞག་པར་གྱུར་ན་
བདག་འཆི་བར་འགྱུར་རོ་ཞེས་དེ་སྐད་དུ་གལ་ཏེ་ནད་པ་ཟེར་བ་སྟེ། ཇི་སྟེ་རྗོད་པར་བྱེད་ན་ནད་གཡོག་གམ་གཞན་དག་གིས་ཀྱང་མི་བྱ་ཞིང་མི་བསྒྲུབ་བོ། དེ་བཞིན་དུ་ལྷུང་བཟེད་དང་པོར་བྱས་པའི་ཆོས་གོས་ལ་སོགས་པ་གང་ཡིན་པ་དེ་ནི་ལྷུང་བཟེད་ལ་སོགས་པའོ། །དེའི་ཕྱིར་ནི་རྒྱུ་
དང་རྒྱུ་མཚན་ཞེས་བྱ་བའི་བར་དུའོ། །ལྷུང་བཟེད་ལ་སོགས་ཕྱིར་ཡང་སྟེ། དེའི་དོན་དུ་ཡང་མི་བྱའོ། །ཡང་གི་སྒྲ་ནི་དེ་ལྟ་ཞོག་གི་གཞན་ཡང་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མི་བྱ་ཞེ་ན། གདོལ་པ་བཞིན་དུ་ཞེས་བྱ་བ་སྨོས་པ་ཡིན་ཏེ། གདོལ་པ་ནི་རིགས་ངན་ཡིན་ལ་དེའི་བསམ་
པ་ལྟར་བྱེད་པ་ནི་གདོལ་པ་བཞིན་དུའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། གང་གི་ཕྱིར་བརྩེ་བ་སྟེ། སྙིང་རྗེ་མེད་པའི་བསམ་པ་ཅན་དེ་ནི་བརྩེ་བ་མེད་དོ། །ཆགས་པ་ནི་སྲེད་པ་སྟེ་དེ་དང་ལྡན་པའི་སེམས་ནི་ཆགས་སེམས་ཡིན་ནོ། །བརྩེ་བ་མེད་པ་ཡང་དེ་ཡིན་ལ་ཆགས་སེམས་ཀྱང་ཡིན། བརྩེ་མེད་
ཆགས་སེམས་ཏེ་དེ་ལྟ་བུར་གྱུར་པའི་སེམས་ཀྱིས་མི་བྱའོ་ཞེས་བྱ་བའི་བར་དུའོ། །དེ་བཞིན་དུ་རྩོད་པ་སྟེ་ཅ་ཅོ་སྐྱེད་པར་བྱེད་པའི་དངོས་པོ་གང་དག་ཡིན་པ་དེ་དག་ནི་རྩོད་པའི་དངོས་པོ་དག་སྟེ། རྩོད་པའི་རྒྱུ་ང་རྒྱལ་ལ་སོགས་པ་དེ་དག་གང་གི་ཚེ་མི་གཏོང་བ་ནི་མི་འདོར་བ་ཡིན་ཏེ། དེ་ལྟ་ན་
ཡང་ཕྱོགས་སུ་གཏོགས་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ནན་གྱིས་ཏེ་སྟོབས་ཀྱིས་འདུག་པར་འགྱུར་རོ། །གང་ལ་ཞེ་ན། གཞན་གྱི་ཁྲི་དང་ཁྲིའུ་སྟེ་གཞན་དག་གི་ཁྲི་དང་ཁྲིའུ་ལའོ། །དེ་བཞིན་དུ་གཞན་ལ་བརྟེན་པ་ཞེས་བྱ་བ་ནི་དགེ་སློང་དང་དགེ་ཚུལ་དང་ཁྱིམ་པ་དག་ལའོ། །གཟས་
Vol. 166 · folio 179a
ཀྱང་རུང་ཞེས་བྱ་བ་ནི་བརྡེག་པའི་ཕྱིར་ལག་པའམ་དབྱིག་པའམ་འདེགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །སྔ་མ་ནི་ལག་པ་ལ་སོགས་པས་མངོན་པར་བསྡིགས་པ་ཡིན་ལ་འདིར་ནི་གཟས་པ་ཡིན་པའི་ཕྱིར་ཁྱད་པར་ཡོད་དོ། །དེ་བཞིན་དུ་གཞན་ལ་བསྡིགས་
པར་གྱུར་ཏམ་ཞེས་བྱ་བར་སྦྱར་རོ། །བསྡིགས་པ་ནི་ཞུམ་པར་བྱེད་པ་ཡིན་ཏེ། ལུང་ལས་ཇི་ལྟར་རབ་ཏུ་བྱུང་བ་གཞན་དགུན་གྱི་དུས་སུ་གནས་ཁང་ལས་བསྐྲད་ཅིང་དེ་གྲང་བས་གཟིར་བ་དང་། གཞན་ཡང་སོ་གའི་དུས་སུ་དེ་གནས་ཁང་དུ་བཅུག་ཅིང་དེ་སྒོ་བཅད་ནས་ཚ་བས་གདུངས་པར་གྱུར་པ་
ཞེས་འབྱུང་བ་ཡིན་ནོ། །སྔངས་པར་བྱེད་པ་ལ་སོགས་པ་གང་ཡིན་པ་དེ་ནི་སྔངས་པར་བྱེད་པ་ལ་སོགས་པ་སྟེ། སྔངས་པར་བྱེད་པ་ནི་གཞན་ལ་འཇིགས་པ་སྐྱེད་པའི་ཕྱིར་མུན་པར་གནས་ནས་སྐད་བསྒྱུར་བ་ལ་སོགས་པ་ཡིན་པར་རིག་པར་བྱའོ། །སོགས་པའི་སྒྲས་ཀྱང་དེ་ལྟ་བུའི་
རིགས་ཅན་གཞན་དག་ཀྱང་བསྡུ་བའི་ཕྱིར་རོ། །སྡོམ་པ་ཡོད་པའི་ཕྱིར་སྡོམ་ཅན་དེ་གཤེ་ཞིང་ཁྲོས་པའི་སྒོ་ནས་དཀའ་ཐུབ་ཅན་ཏེ་ཟས་དང་བྲལ་བར་བྱས་པ་ནི་སྨྱུང་བ་བྱས་ཞེས་བྱ་བའི་ཐ་ཚིག་གོ། །ཁྲོས་པས་ཞེས་བྱ་བའི་ཚིག་ནི་ནད་པ་ལ་ཕན་སེམས་ཀྱིས་བྱས་ན་ཉེས་པར་མི་འགྱུར་རོ་
ཞེས་བསྟན་པའི་ཕྱིར་རོ། །དང་ནི་སྔར་བསྟན་པའི་དེ་བཞིན་ཞེས་བྱ་བའི་སྒྲ་རྗེས་སུ་འདྲེན་པར་བྱེད་པའི་དོན་ཡིན་ཏེ། གཞན་ཁྲོས་པས་སྨྱུང་བ་བྱེད་དུ་བཅུག་པ་ཉེས་བྱས་སུ་འགྱུར་བ་འབའ་ཞིག་མ་ཡིན་གྱི་འོན་ཀྱང་གཞན་ལ་ཁྲོས་པའི་སྒོ་ནས་རང་ཉིད་ཀྱིས་ཀྱང་སྨྱུང་བ་བྱས་ན་ཡིད་ཀྱི་ཉེས་བྱས་
སུ་འགྱུར་བར་རིག་པར་བྱའོ། །སྡོམ་ཅན་ཞེས་བྱ་བ་འདིར་ཡང་རྗེས་སུ་འབྲང་བ་ཡིན་པས་ན་སྡོམ་ཅན་མྱུར་དུ་འགྲོ་བ་ན་ལམ་གྱིས་ངལ་བར་གྱུར་པའི་སྐེ་བ་ལ་སོགས་པ་ལས་ལག་པས་གཟུང་ཞིང་གལ་ཏེ་ཕུལ་བར་གྱུར་ན་ཡིད་ཀྱི་ཉེས་བྱས་སུ་འགྱུར་རོ། །རྒྱལ་ནི་རྒྱལ་པོ་ཡིན་ལ། རྐུན་པོ་ནི་རྫས་
འཕྲོག་པར་བྱེད་པའམ་སྲོག་འཕྲོག་པར་བྱེད་པ་དག་ཡིན་ནོ། །འབུལ་བ་ནི་གཏོད་པར་བྱེད་པའོ། །དང་ནི་དེ་ལྟར་བྱམས་ཞེས་རྣམ་པར་རྟོག་པའི་དོན་ཏོ། །ངན་པར་བྱས་པས་འགྱོད་པ་སྟེ་ཕྱི་རོལ་གྱི་དངོས་པོ་ཡིན་ལ། འདི་ནི་དེ་ལ་དམིགས་པ་སེམས་ལས་བྱུང་བའི་ཆོས་ཡིན་པས་ན་འགྱོད་
Vol. 166 · folio 179b
པ་ཞེས་བྱ་བའི་སྒྲས་བརྗོད་པ་ཡིན་ནོ། །རྣམ་པའི་སྒྲ་ནི་རང་བཞིན་གྱི་ཚིག་ཡིན་ཏེ། དཔེར་ན་ལོག་པར་ལྟ་བའི་རྣམ་པ་ཞེས་བྱ་བ་ལ་ལོག་པའི་ལྟ་བའི་རང་བཞིན་ཞེས་རྟོག་པར་འགྱུར་བ་ལྟ་བུའོ། །དེ་བཞིན་དུ་གཞན་དག་ལ་ཡང་ཆེད་དུ་སྟེ། བློ་སྔོན་དུ་སོང་བས་གཞན་ལ་འགྱོད་པའི་རྣམ་
པ་སྟེ་འགྱོད་པའི་རང་བཞིན་དེ་བསྐྱོད་ན་ཡིད་ཀྱི་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བ་ནི་ཚིག་གི་ལྷག་མ་ཡིན་ནོ། །དཔེར་ན་ཁྱོད་རབ་ཏུ་བྱུང་བ་མ་ཡིན་ཁྱོད་ཀྱི་མཁན་པོ་ཚུལ་ཁྲིམས་འཆལ་བ་དག་ཡིན་ནོ་ཞེས་བྱ་བ་ལྟ་བུ་ཡིན་ནོ། །བཙིར་བ་སྟེ་གཞན་སྡུག་བསྔལ་སྐྱེད་པར་བྱེད་ཅེས་བྱ་བ་ནི་ལྷག་
མའོ། །དཔེར་ན་འགའ་ཞག་སྒོ་གླེགས་སམ་གཞན་དག་ཏུ་བཙིར་བ་ལྟ་བུའོ། །ག་ག་ཚིལ་ནི་གཡའ་དགག་པ་སྟེ་དེ་ལ་སོགས་པ་གང་ཡིན་པའོ། །སོགས་པའི་སྒྲས་གཞན་དགོད་པའི་རྒྱུ་མཚན་དང་སྲོག་རྒུད་པར་བྱེད་པའི་རྒྱུ་མཚན་དུ་གྱུར་པ་དག་ཀྱང་བསྡུས་པ་ཡིན་ནོ། །བཙིར་བ་དང་
ག་ག་ཚིལ་ནི་བཙིར་དང་ག་ག་ཚིལ་སོགས་སྐྱེད་པ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་དུ་ནགས་མེ་ནི་མེ་གཏོང་བར་བྱེད་པ་ཡིན་ཏེ། འདིར་སྲོག་ཆགས་མང་བའི་བློ་ཙམ་ཡོད་པ་ཡིན་གྱི། གསད་པའི་བསམ་པས་ནི་མ་ཡིན་ནོ། །ཇི་ལྟར་ཡང་གསོད་སེམས་ཀྱིས་མི་འཆི་བར་གྱུར་ཅིག་
སྙམ་དུ་ནི་མཐའི་ཉེས་བྱས་སུ་འགྱུར་ལ། འོན་ཏེ་དུད་འགྲོ་འཆི་བར་གྱུར་ཅིག་སྙམ་ན་ནི་ཉེས་བྱས་ཀྱི་ཉེས་པར་འགྱུར་ཞིང་། སྤྱིར་གཙེ་བར་བྱའོ་སྙམ་པའི་བསམ་པས་ཡིན་ན་ནི་ཉེས་བྱས་ཀྱི་ཉེས་པར་འགྱུར་རོ། །དེའི་ཕྱིར་གསོད་པའི་བསམ་པ་མ་གཏོགས་པ་སྤྱིར་སེམས་ཅན་ཡོད་
དོ་སྙམ་དུ་ཤེས་པས་གཙེ་བའི་བསམ་པས་ནགས་མེ་གཏོང་ན་ཡིད་ཀྱི་ཉེས་བྱས་སུ་འགྱུར་རོ་ཞེས་ཤེས་པར་བྱའོ། །མ་སྨིན་པ་ཡང་དེ་ཡིན་ལ་འབྲུམ་བུ་ཡང་ཡིན་པས་ན་འབྲུམ་བུ་མ་སྨིན་པ་སྟེ། ནད་ཡོངས་སུ་སྤང་བའི་ཕྱིར་རྟོལ་བར་བྱེད་པ་ཡིན་ནོ། །འདི་སྐད་དུ། ཡོངས་སུ་མ་སྨིན་
པའི་སྲིན་བུ་རྟོལ་བར་བྱེད་ཅེས་བསྟན་པར་འགྱུར་རོ། །ད་ནི་དེ་བཞིན་ཞེས་བྱ་བ་རྗེས་སུ་འདྲེན་པར་བྱེད་པའི་དོན་ཏེ། མ་སྨིན་པ་བརྟོལ་ན་ནད་དུ་འགྱུར་ཞེས་བྱ་བའི་དབང་དུ་བྱས་ནས་ཡིད་ཀྱི་ཉེས་པར་རིག་པར་བྱའོ། །འདི་ལ་ཁྱད་པར་མེད་པའི་ཕྱིར་བདག་དང་གཞན་གྱིས་ཤེས་པར་བྱའོ། །
Vol. 166 · folio 180a
ཡན་ལག་སྟེ་ལུས་གཅོད་པར་བྱེད་པའི་ཕྱིར་ཁྲོས་པས་བདག་གམ་གཞན་གྱི་སོར་མོ་ལ་སོགས་པ་གཅོད་པར་བྱེད་ཅེས་བྱ་བ་ནི་ཚིག་གི་ལྷག་མའོ། །ཡང་ན་འབིགས་པ་སྟེ་ཡན་ལག་ཅེས་བྱ་བ་དང་སྦྱར་བར་བྱའོ། །ཡང་ན་ཞེས་བྱ་བ་ནི་ཕྱོགས་གཞན་སྟོན་པའི་དོན་
ཏེ། ཡན་ལག་གཅོད་པར་བྱེད་དམ་ཡང་ན་འབིགས་པར་བྱེད་པ་སྟེ། དེ་ལྟར་ནའང་ཡིད་ཀྱི་ཉེས་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །དེ་དག་སྲོག་གཅོད་པའི་ཕྱོགས་སུ་གཏོགས་པ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མ་ཡིན་ཏེ། དེ་ནི་ཇི་ལྟར་ནད་པ་དུག་དང་མཚོན་སྦྱིན་དང་། །ཞེས་བྱ་བ་ལ་
སོགས་པ་ཐམས་ཅད་ལ་བརྗོད་པར་བྱའོ། །དེ་ཙམ་ཞིག་ཕྱོགས་དང་མཐུན་པ་ཡིན་པར་མ་ཟད་ཀྱི་སྔར་བསྟན་པ་དག་ཀྱང་ཡིན་ནོ་ཞེས་བྱ་བ་ནི་ཀྱང་གི་སྒྲའི་དོན་ཏོ། །དེ་ལྟར་བཤད་མ་ཐག་པའི་རྣམ་པས་བསླབ་པའི་གཞིར་སྲོག་གཅོད་པའི་རྗེས་སུ་འགྲོ་ཞིང་རྗེས་སུ་བྱེད་པའི་ཕྱིར་སྲོག་གཅོད་པའི་
རྗེས་སུ་མཐུན་པ་དག་ཡིན་ནོ། །དེ་དག་གི་ཕྱོགས་ཙམ་སྟེ་ཆ་ཙམ་ཞིག་བསྟན་པ་ཡིན་ཞེས་བྱ་བ་ནི་ལྷག་མའོ། །ཕྱོགས་ཙམ་ཞེས་བྱ་བ་སྨོས་པས་དེ་ཙམ་ཞིག་ནི་མ་ཡིན་གྱི་གཞན་དག་ཀྱང་ཡོད་དོ་ཞེས་སྟོན་པར་བྱེད་པ་ཡིན་ནོ། །དགེ་ཚུལ་གྱི་བསླབ་པ་ལས་བསླབ་པའི་གཞི་དང་པོའོ།། །།
ད་ནི་རྐུ་སེམས་དང་ནི་འདོད་པ་དེ་ཉིད་དང་། །ཞེས་བྱ་བ་ལ་སོགས་པས་མ་བྱིན་པར་ལེན་པའི་བསླབ་པའི་གཞིའི་ཚིག་ལེའུར་བྱས་པ་རྣམ་པར་བཤད་པར་བྱ་སྟེ། དགེ་ཚུལ་གང་ནོར་ཏེ་རྫས་རྐུ་བར་བྱེད་པ་དེ་བསྙིལ་བར་རིགས་པ་ཡིན་ཏེ་དགེ་ཚུལ་ཉིད་མ་ཡིན་པའི་ཕྱིར་རོ། །ཁྱད་པར་ཇི་ལྟ་བུ་ཞེ་ན།
མ་བྱིན་ཞེས་བྱ་བ་སྨོས་པ་ཡིན་ཏེ། མ་བྱིན་པ་ནི་བྱིན་པ་མ་ཡིན་པ་སྟེ་རྫས་དེ་གང་གི་ཡིན་པ་དེས་མ་བྱིན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཁྱད་པར་གཞན་ཡང་རིན་ཐང་ཡོངས་སུ་ཚང་བ་གང་ཡིན་པ་དེ་ནི་རིན་ཐང་ཚང་བ་སྟེ་གོས་ལ་སོགས་པའོ། །ནོར་དེ་གང་གི་ཡིན་ཞེ་ན་སྨྲས་པ་གཞན་ཡང་དེ་
ཡིན་ལ་མི་ཡང་དེ་ཡིན་པའི་ཕྱིར་མི་གཞན་ཏེ། དེའི་ནོར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། མི་ཡིས་བདག་གིར་བྱས་ཞེས་བྱ་བ་སྨོས་པ་ཡིན་ཏེ། མི་ཡིས་བདག་གིར་བྱས་པ་ཁོ་ན་བདག་གིར་བྱས་པ་སྟེ། བདག་གི་ཡིན་ནོ་ཞེས་དབང་དུ་བྱས་པ་ཡིན་ནོ་ཞེས་བྱ་
Vol. 166 · folio 180b
བའི་དོན་ཏོ། །གཞན་ཡང་དེ་ཉིད་ཁྱད་པར་དུ་བྱེད་པ་ནི་གང་ཁོ་ན་རྐུ་བ་ཉིད་དུ་འདོད་པ་ནི་བསམས་པ་སྟེ། དེ་ཉིད་གལ་ཏེ་རྐུ་བར་བྱེད་ན་འགྱུར་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཁྱད་པར་ཇི་ལྟ་བུ་ཞེ་ན། དུར་ཁྲོད་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དུར་ཁྲོད་ན་ཡོད་པའི་ཕྱིར་དུར་
ཁྲོད་པ་སྟེ་གོས་ལ་སོགས་པའོ། །དབང་བ་ནི་ཐོབ་པར་ངེས་པ་ལ་བྱ་ལ། དབང་བ་མ་ཡིན་པ་ནི་མི་དབང་བ་སྟེ་ཐོབ་པར་ངེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་དབང་བ་ཡང་དེ་ཉིད་ཡིན་ལ་བསོད་སྙོམས་ཀྱང་ཡིན་པས་མི་དབང་བསོད་སྙོམས་ཏེ། གཡོས་སུ་བྱས་པའི་ཟས་ཞེས་བྱ་བའི་དོན་
ཏོ། །འདི་ནི་ཁྱད་པར་གྱི་བསྡུ་བའོ། །འདིར་དུར་ཁྲོད་པ་དང་མི་དབང་བསོད་སྙོམས་ཞེས་བྱ་བ་ནི་ཟླས་དབྱེ་བའི་བསྡུ་བ་ཡིན་ནོ། །དེའི་ཕྱིར་གང་དུར་ཁྲོད་པ་དང་མི་དབང་བའི་བསོད་སྙོམས་དག་ལས་གཞན་པའི་རྫས་དག་གོ། །དགེ་ཚུལ་ཁྱད་པར་ཇི་ལྟ་བུས་རྐུས་པར་གྱུར་ཞེ་ན། མི་ཡིར་འདུ་
ཤེས་དང་ཞེས་བྱ་བ་སྨོས་པ་ཡིན་ཏེ། མི་རང་གི་རྫས་ཞེས་འདུ་ཤེས་པ་གང་ལ་ཡོད་པ་དེ་ནི་མི་ཡིར་འདུ་ཤེས་པས་སོ། །ཅི་བསམ་པ་གང་ཡང་རུང་བས་སམ་ཞེ་ན། སྨྲས་པ། རྐུ་བ་ནི་རྐུ་འཕྲོག་སྟེ་དེའི་བསམ་པ་ནི་རྐུ་སེམས་སོ། །སེམས་པ་ནི་མངོན་པར་བསམས་པ་ཡིན་ཏེ་དེས་སོ། །ཅི་སྦྱོར་
བ་དུ་མ་དག་གིས་སམ་ཞེ་ན། སྦྱོར་བ་གཅིག་པ་དང་ཞེས་བྱ་བ་སྨོས་པ་ཡིན་ཏེ། གཅིག་ཀྱང་དེ་ཡིན་ལ་སྦྱོར་བ་ཡང་ཡིན་པའི་ཕྱིར་སྦྱོར་བ་གཅིག་པ་ཡིན་པ་དེའི་ཕྱིར་དེས་སོ། །གང་གི་དོན་དུ་ཞེ་ན། བདག་གི་ཕྱིར་ཞེས་སྨོས་པ་ཡིན་ཏེ། བདག་གི་སྒྲ་ནི་རང་ཉིད་རྗོད་པར་བྱེད་པ་ཡིན་ལ་ཕྱིར་གྱི་
སྒྲས་དགོས་པ་བརྗོད་པ་དེའི་ཕྱིར་ཡང་བདག་གི་ཕྱིར་ཏེ། བདག་ཉིད་ཀྱི་དགོས་པ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །བསྡུ་བ་ཡང་འདི་ལྟར་བྱ་བ་ཡིན་ཏེ། བདག་དང་རང་ཉིད་ཀྱི་ཕྱིར་ཏེ། དངོས་པོ་གང་ལ་ཡོད་པ་དེ་ནི་བདག་གི་ཕྱིར་གཞན་གྱི་ནོར་རྐུ་བར་བྱེད་པ་ཡིན་གྱི། གཞན་གྱི་ཕྱིར་ནི་
མ་ཡིན་ནོ། །དེ་བཞིན་གྱི་སྒྲ་ནི་ཡན་ལག་རེ་རེ་ལ་ཡང་སྦྱར་བར་བྱ་བ་ཡིན་པ་དེ་བས་ན་ཇི་ལྟར་མི་གཞན་ནོར་དང་ཞེས་བྱ་བ་འདི་ཡན་ལག་ཡིན་པ་དེ་བཞིན་དུ་ཇི་སྐད་དུ་བཤད་པ་ཐམས་ཅད་ཀྱང་ཡན་ལག་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །ཅི་ཡན་ལག་དེ་ཙམ་ཁོ་ན་དག་གིས་
Vol. 166 · folio 181a
བསྙིལ་བར་བྱ་བ་ཡིན་ནམ་ཞེ་ན། སྨྲས་པ། གནས་དང་དུས་ནི་གནས་དང་དུས་ཏེ། རྫས་དེ་རྐུ་བའི་གནས་དང་དུས་དག་ཡིན་ལ། དེའི་རིན་ཐང་ནི་གནས་དང་དུས་དེའི་རིན་ཐང་སྟེ། དེའི་དབང་གིས་བསྙིལ་བར་བྱ་བ་ཡིན་གྱི། གནས་དང་དུས་གཞན་གྱི་རིན་ཐང་
གི་དབང་གིས་ནི་མ་ཡིན་ནོ། །ཅི་རྫས་ཐམས་ཅད་བརྐུས་པས་བསྙིལ་བར་བྱ་བ་ཡིན་ནམ་ཞེ་ན། དད་པས་རྒྱལ་བའི་རིང་བསྲེལ་བརྐུས་དེ་མིན། །ཞེས་བྱ་བ་སྨོས་པ་ཡིན་ཏེ། གལ་ཏེ་དད་པ་མེད་པར་རྒྱལ་བ་སྟེ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་དེ་རྐུ་བར་བྱེད་ན་དེའི་ཚེ་བསྙིལ་བར་བྱ་བ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །ཡི་གེའི་བསྡུ་བ་བསྟན་ནས་ད་ནི་ཡན་ལག་གི་དགོས་པ་དཔྱད་པར་བྱ་སྟེ། གང་གི་ཕྱིར་མི་གཞན་ནོར་དང་ཞེས་བྱ་བ་ལ་སོགས་པའི་ཡན་ལག་ཡོད་པར་གྱུར་ན་མཐའི་ཉེས་པར་འགྱུར་རོ་ཞེས་བརྗོད་པར་བྱ་བ་ཡིན་ན། མ་བྱིན་པ་ཞེས་ཅིའི་ཕྱིར་སྨོས་ཤེ་ན། མ་ཡིན་ཏེ་གང་གི་ཕྱིར་
མ་བྱིན་ལ་མི་གཞན་ནོར་ཞེས་བྱ་བ་ལ་སོགས་པའི་ཡན་ལག་གཞན་མ་ལུས་པར་ཡོད་པ་དེའི་ཚེ་མཐའི་ཉེས་པར་འགྱུར་བར་འདོད་ཀྱི། གལ་ཏེ་དེ་ལས་གཞན་པ་རྐུ་སེམས་ལ་སོགས་པ་ཡོད་ན་ཡང་མ་བྱིན་པར་ལེན་པ་ཉིད་མེད་པའི་ཕྱིར་གཞན་གྱི་རྫས་མ་ཡིན་ལ། འོན་ཀྱང་རང་གི་རྫས་ཡིན་
པ་དེའི་ཕྱིར་མཐའི་ཉེས་པར་ནི་མི་འགྱུར་གྱི་འོན་ཀྱང་ཉེས་བྱས་ཉིད་དུ་འགྱུར་རོ། །དེ་ལྟ་ན་ཡང་བརྗོད་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་མི་གཞན་ནོར་དང་ཞེས་བྱ་བ་སྨོས་པའི་ཤུགས་ཀྱིས་མ་བྱིན་པ་ཞེས་ཁོང་དུ་ཆུད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། འདི་ལ་ཉེས་པ་མེད་དེ་གང་གི་ཚེ་མི་གཞན་
གྱི་ནོར་ཡིན་པར་གྱུར་ལ་དེས་ཀྱང་བྱིན་པར་གྱུར་པ་ན་ཉེས་པ་མེད་པ་དེའི་ཕྱིར་དེ་རྣམ་པར་བཅད་པའི་ཕྱིར་སྨོས་པ་ཡིན་ནོ། །བྱིན་པ་བརྐུས་པར་ཇི་ལྟར་འགྱུར་ཞེ་ན། བྱིན་པ་ཡིན་ནོ་ཞེས་དེ་ལྟར་མི་ཤེས་པ་ཡིན་ཏེ། དེ་ལྟར་ཁོང་དུ་ཆུད་པར་བྱའོ། །གང་གི་ཕྱིར་གཞན་གྱི་རྫས་བརྐུས་ན་ཉེས་པར་
འགྱུར་བ་ཡིན་ནོ་རིན་ཐང་ཚང་བ་ཞེས་སྨོས་པ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་མ་གཏོགས་པ་གཞན་གྱིས་མ་བྱིན་པ་ཙམ་ཡིན་ན་ནི་ཚང་བའམ་མ་ཚང་བ་བརྐུས་པས་མཐའ་ཞེས་བྱ་བའི་ཐ་མར་འགྱུར་ན་དེ་ལྟར་ཡང་མི་འདོད། འོན་ཀྱང་རིན་ཐང་ཚང་བར་གྱུར་ན་ཡིན་གྱི་མ་ཚང་ན་ནི་ཉེས་བྱས་ཀྱི་
Vol. 166 · folio 181b
ཉེས་པར་འགྱུར་བ་དེའི་ཕྱིར་ཇི་སྐད་དུ་བཤད་པ་ལེགས་པ་ཡིན་ནོ། །ཚང་བ་ཞེས་བྱ་བ་ནི་རྐུ་བའི་ཡུལ་དང་དུས་ཀྱི་ཐ་སྙད་དུ་བྱེད་པའི་ན་ན་ཀའི་བཞི་ཆ་རྗོད་པར་བྱེད་པ་ཡིན་ནོ། །རན་ཐང་སྨོས་པ་ཅིའི་ཕྱིར་ཞེ་ན། གོས་ལ་སོགས་པ་ཡོངས་སུ་བསྡུ་བའི་ཕྱིར་ཏེ། རྣམ་པ་གཞན་དུ་ན་ན་ཀའི་
བཞི་ཆ་བརྐུས་པ་ཁོ་ན་ལ་ཉེས་པར་འགྱུར་རོ། །རིན་ཐང་ཚང་བ་ཞེས་བྱ་བ་གོས་ལ་སོགས་པ་ཡིན་པར་བརྗོད་པ་མ་ཡིན་ནམ་ན་ན་ཀའི་བཞི་ཆའི་རིན་ཐང་སྨོས་པ་དེ་ཅིའི་ཕྱིར་ཞེ་ན། སྨྲས་པ་རིན་ཐང་ཁོ་ནའི་དབང་དུ་བྱས་ནས་གོས་ལ་སོགས་པ་བརྐུས་པ་ལ་ཉེས་པར་རྣམ་པར་གཞག་པ་དེ་བས་ན་
རིན་ཐང་གཙོ་བོ་ཡིན་ནོ། །དེ་བས་ན་མ་སྨོས་སུ་ཟིན་ཀྱང་དེ་ལེགས་པ་ཁོ་ནར་སྨོས་པར་འགྱུར་རོ། །གཞན་ཞེས་སྨོས་པ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་མ་ཡིན་པའི་མིའི་ནོར་བརྐུས་པས་རྩ་བར་འགྱུར་རོ་ཞེས་བརྗོད་པ་ན་བདག་ཉིད་ཀྱང་མི་ཞེས་བྱ་བ་ཡིན་པས་བདག་ཉིད་ཀྱི་བརྐུས་ན་ཡང་
འགྱུར་ཏེ། དེ་ལྟར་ནའང་མི་འདོད་དེ་འོན་ཀྱང་མི་གཞན་ཞེས་བྱ་བ་སྨོས་པས་བདག་གི་བརྐུས་ན་ཆུང་བར་འགྱུར་རོ། །ཇི་ལྟར་ན་བདག་གི་བརྐུས་པར་འགྱུར་ཞེ་ན། བདག་གི་མ་ཡིན་ནོ་ཞེས་འཁྲུལ་པའི་དབང་གིས་སོ། །འདོད་པ་དེ་ཉིད་ཅེས་སྨོས་པ་འདིས་ཀྱང་གཞན་གྱིས་བརྐུ་བ་ཉིད་
དུ་འདོད་པ་ཡིན་གྱི། བདག་ཉིད་ཀྱི་ལ་འདོད་པ་ནི་མ་ཡིན་པ་མ་ཡིན་ནམ། འོན་ཀྱང་གཞན་གྱི་འདོད་པ་དེའི་ཕྱིར་ཡང་དེ་ཉིད་ཁོ་ནས་རྟོགས་པར་འགྱུར་བའི་ཕྱིར་འདིས་ཅི་བྱ་ཞེ་ན། བདེན་ཏེ་འོན་ཀྱང་དེ་རྫས་སྤྱད་པའི་དབང་དུ་བྱས་པ་ཡིན་ལ། འདི་ནི་བདག་པོ་སྤྱད་སྤྱོད་པ་ཡིན་པའི་ཕྱིར་ཉེས་པ་
མེད་དོ། །ཡང་ན་གཞན་དག་གིས་གནས་ཁང་དུ་སྦས་ཏེ་བཞག་པ་འདི་ནི་བདག་གི་ཡིན་ནོ་ཞེས་ཤེས་སུ་ཟིན་ཀྱང་འགའ་ཞིག་གིས་ཀྱང་མཐོང་བར་མ་གྱུར་ཅིག་སྙམ་པས་རྐུ་བར་བྱེད་པ་ཡོད་ཅིང་བསམ་པ་ངན་པ་སྲིད་པའི་ཕྱིར་རོ། །མི་ཞེས་སྨོས་པ་ཅིའི་ཕྱིར་ཞེ་ན། དུད་འགྲོ་ལ་སོགས་པ་
རྣམ་པར་བཅད་པའི་ཕྱིར་ཏེ། དེའི་བརྐུས་པས་ཆུང་བར་འགྱུར་རོ། །མི་སྨོས་པས་མིའི་རིགས་བསྡུས་པ་ཡིན་པ་དེའི་ཕྱིར་བུད་མེད་དང་སྐྱེས་པ་དང་། མ་ནིང་དག་གཟུང་ངོ་། །དེ་བཞིན་དུ་མི་ཞེས་སྨོས་པ་གཞན་དག་ཏུ་ཡང་ངོ་། །གང་ལས་མི་གཞན་ཞེས་བྱ་བ་འདི་ཉིད་ཀྱིས་རྟོགས་པ་ཡིན་ཏེ་
Vol. 166 · folio 182a
གང་གི་ཕྱིར་གང་གི་ཡིན་པ་དེ་ནི་དེའི་ཡིན་པ་དེས་ངེས་པར་བདག་གིར་བྱས་པ་ཡིན་ན། མི་ཡིས་བདག་གིར་བྱས་པ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། མ་ཡིན་ཏེ་མི་གཞན་གྱི་ནོར་ཡིན་པར་གྱུར་ཀྱང་མིས་བདག་གིར་མ་བྱས་པ་ལ་འགལ་བ་ཅི་ཡོད། གལ་ཏེ་མི་གཞན་གྱི་ནོར་དེ་ཇི་
ལྟར་བདག་གིར་མ་བྱས་པ་ཡིན་ཞེ་ན། ཇི་ལྟར་སའམ་གཞན་དག་ཏུ་རྫས་ཏེ་གང་གིས་སྦས་པ་དེ་ཡང་ཅི་ལས་དུས་ལས་འདས་པར་གྱུར་ལ། བདག་གི་ཕ་ལ་སོགས་པས་སྦས་པ་ཡིན་ནོ། །དེའི་བུས་ཤེས་པར་མ་གྱུར་ཀྱང་དེ་ནི་དེ་ཉིད་ཀྱི་ཡིན་ཏེ་དེའི་བུ་ཡིན་པའི་ཕྱིར་ལ་འདི་ནི་བདག་གི་ཡིན་ནོ་ཞེས་དེས་
བདག་གིར་བྱས་པ་ནི་མ་ཡིན་ཏེ་མི་ཤེས་པ་ཉིད་ཀྱི་ཕྱིར་རོ། །དེ་རྩ་བ་ཆད་པར་གྱུར་ནས་དེའི་བདག་པོ་རྒྱལ་པོ་ཡིན་དུ་ཟིན་ཀྱང་དེ་བདག་གིར་མ་བྱས་པ་ཡིན་ཏེ་དེ་ལྟ་བུར་གྱུར་པ་འདིས་རྣམ་པར་གཅོད་པར་བྱེད་པ་ཡིན་ནོ། །མང་པོའི་ཚིག་ནི་གཞན་དང་གཞན་དག་གིས་ཀྱང་བདག་གིར་བྱས་པ་ཞེས་
བསྟན་པའི་ཕྱིར་རོ། །འདོད་པ་དེ་ཉིད་ཅེས་བྱ་བ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་གཞན་བརྐུ་བར་བྱའོ་སྙམ་པ་ལས་ཅིག་ཤོས་བརྐུས་པར་གྱུར་ན་ཆུང་བར་འགྱུར་ལ། དེ་ཉིད་བརྐུས་པར་གྱུར་ན་རྩ་བར་འགྱུར་རོ་ཞེས་རབ་ཏུ་བསྟན་པའི་ཕྱིར་རོ། །དཔེར་ན་དཀར་པོ་བརྐུ་བར་བྱའོ་སྙམ་པའམ།
འདི་ཆེ་གེ་མོ་ཞིག་གི་ཡིན་ནོ་ཞེས་མ་བསམས་པར་འཁྲུལ་པའི་དབང་གིས་བརྐུས་པར་གྱུར་ཏམ། སྦྱོར་བ་ཙམ་བྱའོ་སྙམ་དུ་ཤེས་པས་གལ་ཏེ་ལེན་པར་མི་བྱེད་ན་ཆུང་བར་འགྱུར་ལ། དེ་ལྟ་མ་ཡིན་ན་འདོད་པ་དེ་ཉིད་ཅེས་བྱ་བའི་དབང་དུ་བྱས་ནས་འདི་ཉིད་རྩ་བར་འགྱུར་བ་ལྟ་བུའོ། །དེ་ཉིད་
ཀྱི་ཕྱིར་སློབ་དཔོན་ཡོན་ཏན་འོད་ཀྱིས་མ་བསམས་པ་མ་ཡིན་པ་ལ་ལྟུང་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལ་དུར་ཁྲོད་པ་དང་མི་དབང་བསོད་སྙོམས་གཞན་ཞེས་བྱ་བས་ནི་དུར་ཁྲོད་པ་ལ་སོགས་པ་རྣམ་པར་བཅད་པ་ཡིན་ནོ། །ཅི་འདི་ནི་ཕྱིས་རྣམ་པར་དཔྱད་པར་བྱའོ། །མི་ཡིར་
འདུ་ཤེས་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་མི་གཞན་གྱི་ནོར་ཡིན་ལ་མིས་ཀྱང་བདག་གིར་བྱས་པ་ཞེས་བྱ་བ་ལ་སོགས་པའི་ཡན་ལག་ཡོད་པར་གྱུར་ན་འདི་ནི་མིའི་ཡིན་གྱི་དུད་འགྲོ་ལ་སོགས་པའི་ནི་མ་ཡིན་ཏེ། འོན་ཀྱང་འགའ་ཞིག་གིས་བདག་གིར་མ་བྱས་པ་མ་ཡིན་པའི་ཕྱིར་འདུ་ཤེས་
Vol. 166 · folio 182b
གང་ཡིན་པ་དེ་མེད་ན་མཐར་ནི་མི་འགྱུར་གྱི་འདི་ལྟར་ཉེས་བྱས་སུ་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་མི་ཡིར་འདུ་ཤེས་ཞེས་བརྗོད་པ་ཡིན་ནོ། །གཞན་གྱི་རྫས་རྐུ་བར་བྱེད་པ་གང་ཡིན་པ་དེ་ལ་རྐུ་སེམས་ཉིད་ཡོད་པ་ཁོ་ན་ཡིན་ན་ཅིའི་ཕྱིར་འདི་སྨོས་ཤེ་ན། འདི་ལ་གདོན་མི་ཟ་བར་རྐུ་སེམས་ཉིད་ཡོད་
པ་ཉིད་དུ་འགྱུར་རོ་ཞེས་ངེས་པ་ནི་མེད་དེ། གང་གི་ཕྱིར་འགའ་ཞིག་ཏུ་བདག་ཉིད་ཀྱི་བསམ་པས་འདི་ནི་བདག་གི་ཡིན་ནོ་ཞེས་པའམ། འགའ་ཞིག་ཏུ་དུས་དེ་སྲིད་ཅིག་ལས་ཕྱིར་ཡང་བཟློག་པར་བྱའོ་སྙམ་པའམ། འགའ་ཞིག་ཏུ་བདག་གི་གྲོགས་བཤེས་ཞེས་བྱ་བ་ལ་སོགས་པས་ཡང་བརྟན་པ་
མེད་པར་ཡང་རྐུ་སེམས་ཡོད་པའི་ཕྱིར་འདི་སྨོས་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །སྦྱོར་བ་གཅིག་པ་ཡི་ཞེས་ཅིའི་ཕྱིར་བརྗོད་དེ་གང་གི་ཕྱིར་སྦྱོར་བ་དུ་མས་མ་སྦྱོར་བ་གཅིག་གིས་ན་ན་གའི་བཞི་ཆ་བརྐུས་པར་གྱུར་ན་དངོས་གཞིར་བྱེད་པ་ཁོ་ན་བརྐུས་པ་ཉིད་ཡིན་ནོ་ཞེ་ན། བདེན་ཏེ་འོན་ཀྱང་སྦྱོར་བ་དུ་
མས་རྐུ་བར་བྱེད་ན་སྦྱོར་བ་དུ་མའི་ཉེས་བྱས་སུ་འགྱུར་གྱི་དངོས་གཞི་ནི་མ་ཡིན་ལ་གང་གི་ཚེ་སྦྱོར་བ་གཅིག་གིས་རིན་ཐང་ཚང་བ་བརྐུས་པ་དེའི་ཚེ་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་འདི་བརྗོད་པ་ཡིན་ནོ། །བདག་གི་ཕྱིར་ཞེས་པ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རྐུ་བར་བྱེད་པ་གང་ཡིན་པ་དེ་ལ་
ངེས་པ་ཁོ་ནར་རང་གི་དོན་ཡིན་པར་འདི་ལ་ངེས་པ་མེད་དེ། གང་གི་ཕྱིར་གཞན་གྱི་དོན་ནམ་ཆུད་གཟན་པའི་ཕྱིར་རྐུ་བར་བྱེད་པ་སྲིད་པ་ཡིན་པས་དེའི་ཕྱིར་གཞན་གྱི་དོན་དུ་རྐུ་བར་བྱེད་ན་ཉེས་བྱས་སུ་འགྱུར་ལ། ཆུད་གཟན་པ་ཡང་ཕྲོགས་ཏེ། ཆུད་གཟན་པ་ནི་ཆུང་ངུར་འགྱུར་ཞེས་འཆད་པར་འགྱུར་
བ་དེ་བས་ན་བདག་གི་ཕྱིར་ཞེས་སྨོས་པ་ཡིན་ནོ། །གནས་དང་དུས་དེའི་རིན་ཐང་དབང་གིས་བསྐྲད། །ཅེས་བྱ་བ་ཅིའི་ཕྱིར་ཞེ་ན། གནས་གཞན་ལ་སོགས་པ་རྣམ་པར་བཅད་པའི་ཕྱིར་ཏེ། གནས་གང་དང་དུས་གང་ལ་བརྐུས་པའི་གནས་དང་དུས་དེའི་རིན་ཐང་གང་ཡིན་པ་དེའི་དབང་གིས་ཉེས་
པར་འགྱུར་གྱི། དུས་གཞན་ལ་སོགས་པའི་དབང་གིས་ནི་མ་ཡིན་ནོ། །དེ་ལ་འདིར་རང་གི་གནས་དང་དུས་དེའི་རིན་ཐང་གིས་དངོས་གཞིར་འགྱུར་ལ། ཅི་སྟེ་མ་ཡིན་ན་ཆུང་བར་འགྱུར་རོ་ཞེས་ཁོང་དུ་ཆུད་པར་བྱའོ། །དད་པས་རྒྱལ་བའི་རིང་བསྲེལ་བརྐུས་དེ་མིན། །ཞེས་ཅིའི་ཕྱིར་སྨོས་ཤེ་ན། དད་
Vol. 166 · folio 183a
པ་མ་ཡིན་པར་འཚོ་བའི་དོན་དུ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་བརྐུས་ན་དངོས་གཞིར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ། །དེ་ལ་བརྐུ་བ་ལ་ནི་ཞེས་བྱ་བ་ལ་སོགས་པས་ཡན་ལག་མ་ལུས་པས་ནི་དངོས་གཞིར་འགྱུར་ཞིང་། ཡན་ལག་མ་ཚང་བས་ན་ཉེས་པར་འགྱུར་
བ་དང་མི་འགྱུར་བ་སྟོན་པར་བྱེད། དེ་ལ་རྐུ་སེམས་ཀྱི་དངོས་པོ་ནི་རྐུ་སེམས་ཉིད་དེའི་རྒྱུའི་གཙོ་བོ་ཡིན་ནོ། །གང་ལ་ཞེ་ན་སྨྲས་པ། གཞན་གྱི་རྫས་རྐུ་ཞིང་འཕྲོག་པ་ལ་ཞེས་བྱ་བ་ལྷག་མའོ། །གང་གི་ཕྱིར་དེ་ལྟར་གྱུར་པ་དེའི་ཕྱིར་གཅིག་པོ་དེ་ཉིད་དང་བྲལ་བ་སྟེ། མེད་ན་དངོས་གཞིའམ་སྦྱོར་བའི་
ཉེས་པ་ཉིད་དུ་མི་འགྱུར་རོ། །ཁོ་ནའི་སྒྲ་ནི་གཞན་དུ་མ་ཡིན་ནོ་ཞེས་གཞན་རྣམ་པར་བཅད་པའི་དོན་ཏོ། །འདི་སྐད་དུ་ཡན་ལག་ལྷག་མ་ཐམས་ཅད་ཡོད་ཀྱང་གཅིག་པོ་འདི་ཉིད་མེད་ན་ཉེས་པ་མེད་དོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་སྦྱོར་བའི་གནས་སྐབས་ན་རང་གི་བསམ་པ་ལ་སོགས་པས་འཇུག་པའི་
ཕྱིར་རྐུ་སེམས་མེད་ན་དངོས་གཞིའི་གནས་སྐབས་སུ་ནི་རང་གི་བསམ་པ་ལ་སོགས་པ་ལྡོག་པ་དེ་བས་ན་དངོས་གཞིར་འགྱུར་ལ་བཟློག་པས་ནི་སྦྱོར་བའི་ཉེས་པར་འགྱུར་གྱི་དེ་དངོས་གཞི་ནི་མ་ཡིན་ནོ་ཞེས་རིག་པར་བྱའོ། །རྐུ་སེམས་ལས་གཞན་པ་ལྷག་མ་དེ་དག་ནི་ཡན་ལག་ལྷག་མ་སྟེ་ལྷག་མ་ཡང་དེ་
ཡིན་ལ་ཡན་ལག་ཀྱང་ཡིན་པས་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །དེ་དག་དང་མི་ལྡན་པ་དང་མེད་པ་དང་མི་སྣང་བ་ཞེས་བྱ་བ་དོན་གཅིག་པ་ཡིན་པ་དེའི་ཡན་ལག་ལྷག་མ་དང་མི་ལྡན་པ་ནི་མེད་པ་ཉིད་ཡིན་ཏེ་ཉེས་བྱས་ཆུང་ངུར་འགྱུར་རོ་ཞེས་བྱ་བ་ནི་ལྷག་མའོ། །འདི་སྐད་དུ་ཡན་ལག་ལྷག་
མ་དག་ལས་གཞན་འགའ་ཞིག་ནི་མེད་ཀྱང་རྐུ་སེམས་ཡོད་ན་ནི་ཆུང་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །ནིའི་སྒྲ་ནི་གོང་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །རྐུ་སེམས་དང་བྲལ་བ་འབའ་ཞིག་གིས་ཉེས་པ་མེད་པ་མ་ཡིན་གྱི། འོན་ཀྱང་གཞན་དག་ལ་ཡང་འགྱུར་ཏེ་གང་གི་ཕྱིར་རང་
བཞིན་དུ་གནས་པ་རྨི་ལམ་མ་ཡིན་པ་བསླབ་པ་དང་བཅས་པ་ཞེས་བྱ་བ་དེ་དག་རྗེས་སུ་འཇུག་པའི་ཕྱིར་རྨི་ལམ་ལ་སོགས་ཞེས་སྨོས་པ་ཡིན་ཏེ། རྨི་ལམ་དང་པོར་བྱས་པ་གང་ཡིན་པ་དེ་ནི་རྨི་ལམ་ལ་སོགས་པ་སྟེ། སོགས་པའི་སྒྲས་བཤད་མ་ཐག་པ་སྡུད་པར་བྱེད་དོ། །དེ་ལ་རྨི་ལམ་ལ་
Vol. 166 · folio 183b
སོགས་པ་ལ་ཉེས་པ་ཉིད་ཡོད་པ་མ་ཡིན་ཏེ། ཉེས་བྱས་སུ་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ། །འདིར་ཇི་ལྟར་རྐུ་སེམས་མེད་ན་ཡན་ལག་ལྷག་མ་ཐམས་ཅད་ཡོད་ཀྱང་ཉེས་པར་མི་འགྱུར་བ་དེ་ལྟར་རྨི་ལམ་ལ་སོགས་པ་འདི་ལ་ཡང་གང་ཡང་རུང་བ་རེ་རེ་མེད་ན་གཞན་ཡོད་ཀྱང་ཉེས་པར་མི་
འགྱུར་རོ་ཞེས་ཁོང་དུ་ཆུད་པར་བྱའོ། །ནིའི་སྒྲ་ནི་རྨི་ལམ་ལ་སོགས་པ་ནམ་ཡང་ཉེས་པ་ཡོད་པ་མ་ཡིན་པ་ཞེས་ངེས་པར་གཟུང་བའོ། །ད་ནི་དང་པོ་སེམས་བསྐྱེད་པ་ལ་བསྡམ་པར་བྱ་ཞེས་བྱ་བ་ལ་སོགས་པས། བསླབ་པའི་གཞི་ཐམས་ཅད་ཀྱི་གནས་སྐབས་གང་ལ་ཁ་ན་མ་ཐོ་བ་ཅིར་འགྱུར་བ་
དེ་བརྗོད་པར་བྱ་སྟེ། དང་པོ་ཞེས་བྱ་བ་ནི་འདས་པ་ཐམས་ཅད་ཀྱི་སྦྱོར་བ་ཐམས་ཅད་ལ་རབ་ཏུ་འཇུག་པའི་སེམས་གང་ཡིན་པ་དེ་སྐྱེད་པ་སྟེ་འདི་དང་འདི་བྱའོ་ཞེས་ངེས་པའི་མཚན་ཉིད་ཅན་གྱི་ཡིད་ཀྱི་རྣམ་པར་རྟོག་པ་སྐྱེ་བ་ཡིན་ནོ། །དེ་ལ་དེ་ལྟ་བུར་གྱུར་པའི་སེམས་བསྐྱེད་པ་ནི་ཡིད་ཁོ་ནས་བསྡམ་པར་
བྱ་ཞིང་ཕྱིར་གསོ་བར་རིགས་པའི་ཕྱིར་བསྡམ་པར་བྱ་བ་སྟེ་ཡིད་ཀྱི་ཁ་ན་མ་ཐོ་བར་འགྱུར་རོ། །གང་ཞིག་རྐུ་བ་ལ་སོགས་པའི་དོན་གྱི་སྦྱོར་བ་བརྐུ་བར་བྱ་བའི་རྫས་འདྲེན་པར་བྱེད་པ་ལ་སོགས་པའི་ཕྱིར་སྔར་ལྡང་བ་དང་འགྲོ་བ་ལ་སོགས་པའི་མཚན་ཉིད་བྱ་བ་ནི་སྦྱོར་བ་ཡིན་པ་དེའི་ཕྱིར་སྦྱོར་བ་ལ་ནི་ཉེས་བྱས་
ཁོ་ན་སྟེ་བཤགས་པར་བྱ་བ་ཉིད་དུ་ཤེས་ཤིང་ཁོང་དུ་ཆུད་པར་བྱའོ། །ཉིད་ནི་གཞན་དུ་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །སྦྱོར་བའི་དུས་ཕྱིས་ཞེས་བྱ་བ་ནི་རྗེས་སུ་སྦྱོར་བ་སྟེ། སྦྱོར་བའི་སྦྱོར་བ་ཡིན་ལ་དེ་ལ་ཡང་ཉེས་བྱས་ཉིད་དུ་འགྱུར་གྱི་སྦྱོར་བ་འབའ་ཞིག་ལ་ནི་མ་ཡིན་ནོ། །ཡང་
གི་སྒྲ་ནི་གང་ཞིག་རྐུ་བའི་དོན་གྱི་སྦྱོར་བ་བརྐུ་བར་བྱ་བའི་རྫས་འདྲེན་པ་ལ་སོགས་པའི་རང་བཞིན་དེ་ལ་ཡང་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དང་གི་སྒྲ་ནི་བཤད་ཟིན་པའི་སྒྲ་སྡུད་པ་ཡིན་ལ་ཉིད་ནི་སྔ་མ་དང་འདྲའོ། །འདིར་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ཀུན་ལའོ། །རྩ་བ་ཉིད་ནི་
སྲོག་གཅོད་པ་རྗེས་སུ་སྒྲུབ་པར་བྱེད་པ་ཡིན་ལ། གཞན་ཡང་བརྐུ་བར་བྱ་བའི་རྫས་གནས་ནས་སྐྲོད་པར་བྱེད་པའི་མཚན་ཉིད་ཀྱི་རྩ་བར་གྱུར་པའི་ཕྱིར་རྩ་བ་ཉིད་ཀྱི་ཉེས་པར་འགྱུར་ཏེ། དང་པོའི་བཞི་པོ་སྡོམ་པ་འཇིག་པར་བྱེད་པ་དང་། གཞན་བཤགས་པར་བྱ་བའི་དངོས་གཞི་ཉིད་དུ་འགྱུར་
Vol. 166 · folio 184a
རོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་འགའ་ཞིག་གིས་སྤྱོད་ལམ་བཞི་པོ་དག་ལས་གང་ཡང་རུང་བས་འདུག་སྟེ། རྐུ་བའི་ཕྱིར་རྣམ་པར་རྟོག་པར་བྱེད་པ་དེ་ལས་ཡིད་ཀྱིར་འགྱུར་ལ། དེའི་འོག་ཏུ་འཇུག་པར་བྱེད་ཅིང་ཇི་སྲིད་ནོམ་པར་མི་བྱེད་ཉུག་པར་མི་བྱེད་ཀྱི་བར་
དུ་ཉེས་བྱས་སུ་འགྱུར་རོ། །དེའི་འོག་ཏུ་ཡང་གནས་ནས་གནས་སུ་སྦེད་པར་བྱེད་པ་དེ་ལ་ཡང་ཉེས་བྱས་སུ་འགྱུར་ལ། གནས་ནས་བསྐྱེད་པ་ན་རྩ་བར་འགྱུར་ཏེ། དེ་བཞིན་དུ་གཞན་དག་ལ་ཡང་བལྟ་བར་བྱའོ། །ཇི་ལྟར་ཡང་། ཡན་ལག་ལྷག་མ་མི་ལྡན་ཆུང་བར་འགྱུར། །ཞེས་སྤྱིར་
ཉེས་པ་ཆུང་ངུར་འགྱུར་བ་བསྟན་པ་དེ་ལྟར་ཡང་ཕྲོགས་ཏེ་ཆུད་གཟན་པ་ནི་ཞེས་བྱ་བ་ལ་སོགས་པས་དངོས་གཞིའི་ཡན་ལག་མ་ཚང་བའི་སྤྲོས་པ་སྟོན་པར་བྱེད་དེ། འདི་ཡིར་མ་གྱུར་ཅིག་བདག་གིར་ཡང་མ་གྱུར་ཅིག་སྙམ་པའི་བློ་ནི་ཆུད་གཟོན་པ་སྟེ་ཕྲོགས་ཏེ་ཆུད་གཟོན་པ་ནི་ཆུང་བ་ཉིད་དུ་འགྱུར་ཏེ།
བཤགས་པར་བྱ་བ་ཁོ་ནའི་ཉེས་པར་འགྱུར་རོ། །ཉིད་ནི་གཞན་དུ་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །རྒྱ་ནི་གང་གིས་ཆུ་ལས་ཉ་འདོན་པར་བྱེད་པ་སྟེ། དེ་ལ་སོགས་པ་དེ་ལྟ་བུའི་རིགས་ཅན་གང་ཡིན་པ་དེ་ནི་རྒྱ་ལ་སོགས་པའོ། །འཁྲུལ་འཁོར་ནི་རི་དྭགས་ལ་སོགས་པ་གསད་པའི་
ཕྱིར་ཤིང་གི་སྦྱོར་བ་དག་ཡིན་ནོ། །འཁྲུལ་འཁོར་རྒྱ་ལ་སོགས་པ་དང་བཅས་པར་འཇུག་པའི་ཕྱིར་འཁྲུལ་འཁོར་བཅས་པའི་རྒྱ་ལ་སོགས་པ་སྟེ། དེ་ཆུད་གཟན་པ་ནི་ཉེས་བྱས་ཆུང་བ་ཉིད་དུ་འགྱུར་རོ། །དང་ནི་སྡུད་པར་བྱེད་པའི་དོན་ཡིན་ནོ། །འདི་ལ་ཆུད་གཟན་པའི་བསམ་པ་ཉིད་ཡོད་པའི་ཕྱིར་
རྐུ་སེམས་ཀྱང་མེད་ལ་བདག་གི་ཕྱིར་ཡང་མ་ཡིན་ནོ། །མི་དབང་བསོད་སྙོམས་ཡོངས་སུ་བླངས་གྱུར་ན། །ཞེས་བྱ་བ་ནི་ཡོངས་སུ་བླངས་པ་ཞེས་བྱ་བ་ནི་འཕྲོག་པར་བྱེད་པ་སྟེ། དེ་ལ་ཡང་ཉེས་བྱས་ཁོ་ནར་འགྱུར་རོ། །ཉིད་ནི་ངེས་པར་གཟུང་བའི་ཕྱིར་རོ། །ཀྱང་གི་སྒྲ་ནི་གཡོས་སུ་བྱས་པའི་
ཟས་རིན་ཐང་ཚང་དུ་ཟིན་ཀྱང་ཆུང་བ་ཁོ་ན་ཡིན་ནོ་ཞེས་ཁྱད་པར་དུ་བྱ་བའི་དོན་ཏེ། རྒྱུ་གང་གིས་ཤེ་ན། འཇིག་རྟེན་ཐ་སྙད་ཚུལ་གྱིས་ཞེས་བྱ་བ་སྨོས་པ་ཡིན་ཏེ། འཇིག་རྟེན་པའི་ཐ་སྙད་ཀྱི་ཚུལ་ནི་འཇིག་རྟེན་ཐ་སྙད་ཚུལ་ཡིན་པ་དེ་བས་ན་དེས་སོ། །གང་གི་ཕྱིར་གཡོས་སུ་བྱས་པའི་ཟས་ལ་ན་ན་ཀ་
Vol. 166 · folio 184b
ཇི་ལྟ་བ་དེ་བཞིན་དུ་འཇིག་རྟེན་པ་ལ་འཛིན་པ་མེད་པ་དེའི་ཕྱིར་མཆོག་གམ་ཁྱད་པར་ཅན་མ་ཡིན་པས་འཇིག་རྟེན་པ་འདི་ལ་རྐུ་བའི་བློ་སྐྱེ་བར་མི་འགྱུར་རོ། །དེ་བས་ན་མིས་བདག་གིར་བྱས་པ་དང་རིན་ཐང་ཚང་བ་མེད་པའི་ཕྱིར་མི་ཡིས་བདག་གིར་བྱས་པ་ཞེས་བྱ་བ་འདི་ལ་མེད་པས་ཉེས་པ་ཆུང་བར་འགྱུར་རོ། །
མི་དབང་ཞེས་བྱ་བའི་དོན་ནི་སྔར་བཤད་པ་ཡིན་ཏེ། དེ་བས་ན་དོན་འདི་ནི་དབང་བ་མ་ཡིན་པའི་བསོད་སྙོམས་ཏེ་འཇིག་རྟེན་པའི་བརྙས་པའི་ཡུལ་ཡིན་པའི་ཕྱིར་སྙིང་བརྩེ་བའི་བློ་ནི་མི་སྐྱེ་བ་དེ་བས་ན་ཉེས་པ་ཆུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་འགའ་ཞིག་གིས་དུས་དེ་སྲིད་ཅིག་
གོས་ལ་སོགས་པ་བྱིན་པ་ལྟོས་པ་མེད་པར་ལོངས་སྤྱད་ན་ཅིར་འགྱུར་བ་བསྟན་པར་བྱ་བའི་ཕྱིར། གཞན་གོས་གཏན་དུ་བྱིན་ལྟར་སྤྱོད་པ་དང་ཞེས་བྱ་བ་སྨོས་པ་ཡིན་ཏེ། གོས་དག་གཏན་དུ་བྱིན་པའི་ཚུལ་གང་ཡིན་པ་སྟེ་དེ་ལྟ་བུ་དེས་སོ། །གཞན་དག་གོས་ཡོངས་སུ་ལོངས་སྤྱོད་པ་ནི་
དེ་ལ་ཞེན་པ་ཡིན་ཏེ། གཞན་དག་གི་གོས་ལོངས་སྤྱད་ན་ཉེས་བྱས་སུ་འགྱུར་རོ། །དང་ནི་རིམ་པ་གཞན་སྡུད་པར་བྱེད་པ་ཡིན་ཏེ། འདི་སྐད་དུ་དུས་དེ་སྲིད་ཅིག་རྙེད་པ་ལ་རྣམ་པ་ཐམས་ཅད་དུ་རྙེད་པ་ཡོངས་སུ་ལོངས་སྤྱད་པ་ལྟར་འགྱོད་པ་མེད་ཅིང་ལྟོས་པ་མེད་པར་སྤྱོད་པར་བྱེད་ན་ཉེས་བྱས་སུ་
འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །མི་རིགས་པར་སྤྱོད་པས་སྙིང་པོ་ལེན་པར་བྱེད་པ་ཡིན་གྱི། ཅི་ཞིག་ཀྱང་བརྐུས་པ་ནི་མེད་པའི་ཕྱིར་རྐུ་སེམས་དང་རྐུ་བའི་ཡན་ལག་གཞན་དག་ཀྱང་མེད་ལ་བསམ་པ་ནི་ངན་པར་གྱུར་པ་ཡིན་ནོ། །སྨན་དང་སྔགས་ནི་སྨན་དང་སྔགས་ཏེ་དེ་དག་གིས་ཀྱང་གོས་
ལ་སོགས་པ་སྦྱིན་དུ་འཇུག་ན་ཉེས་བྱས་སུ་འགྱུར་རོ། །ཀྱང་གི་སྒྲ་ནི་སྡུད་པར་བྱེད་པ་ཡིན་ཏེ། དཔེར་ན་སྔགས་ཀྱི་སྦྱོར་བ་དང་གཞན་མགུ་བར་བྱ་བའི་ཐབས་སུ་གྱུར་པ་མེ་ཏོག་ལ་སོགས་པ་བྱིན་པས་སྦྱིན་དུ་འཇུག་ན་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །སྦྱིན་པ་པོ་དེ་ལ་བདག་ཉིད་འདོད་པས་
སྦྱིན་པ་ལ་འཇུག་པ་ནི་མེད་ཀྱི། འོན་ཀྱང་འདི་ལྟར་སྔགས་ལ་སོགས་པའི་དབང་ངམ་སྟོབས་ཀྱི་རྣམ་པས་འཇུག་པ་ཡིན་པའི་ཕྱིར་རྐུ་སེམས་ཉིད་ནི་མེད་དེ། འདི་ལྟར་ལོག་པའི་འཚོ་བ་ནི་ཡིན་པ་དེའི་ཕྱིར་མ་བྱིན་པར་ལེན་པར་གཏོགས་པའི་ཉེས་པར་མི་འགྱུར་རོ། །འདོད་པ་ནི་མངོན་པར་
Vol. 166 · folio 185a
བསམས་པ་སྟེ་དེ་རྐུ་བ་ནི་འདོད་པ་རྐུ་བའོ། །དེའི་ཕྱིར་མང་པོའི་ནང་དུ་རྣམ་པར་འབྱེད་པར་བྱེད་ཅིང་ཐ་དད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ། །འདོད་པ་བརྐུ་བར་བྱའོ་སྙམ་པས་མང་པོའི་ནང་ནས་རྣམ་པར་འབྱེད་པར་བྱེད་ཀྱི། གནས་ནས་སྐྱོད་པར་མི་བྱེད་ན་ཡང་ཉེས་
བྱས་ཡིན་གྱི། དངོས་གཞིར་ནི་མི་འགྱུར་ཏེ། གང་གི་ཚེ་འདོད་པ་གནས་ལས་སྐྱོད་པར་བྱེད་པ་དེའི་ཚེ་དངོས་གཞིར་འགྱུར་བར་རིག་པར་བྱའོ། །གཞན་གྱི་དོན་ནི་གཞན་དོན་ཏེ་དེའི་དོན་དུའོ། །དོན་གྱི་སྒྲ་ནི་དགོས་པའི་ཚིག་ཡིན་ནོ། །ལེན་ཅིང་བླངས་ལ་འགྱེད་པ་སྟེ་རྣམ་པར་འགོད་ན་ཉེས་བྱས་
སུ་འགྱུར་རོ། །དང་ནི་སྡུད་པར་བྱེད་པ་ཡིན་ནོ། །དཔེར་ན་གཞན་གྱིས་ཁྱེད་ཅག་གིས་འདི་དང་ཆེ་གེ་མོ་ལ་མཆོད་སྟོན་ལ་སོགས་པ་འདི་དང་འདི་གྱིས་ཤིག་ཅེས་གཞན་གྱི་ལག་ཏུ་བྱིན་པ་དང་དེ་དག་གིས་དེ་ཡང་བླངས་ནས་འགོད་པར་བྱེད་ན་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཇི་ལྟར་
ན་ཉེས་བྱས་སུ་འགྱུར་ཏེ། གང་གི་ཕྱིར་མི་གཞན་གྱི་ནོར་ཡང་ཡིན་ལ་རྐུ་སེམས་ཀྱང་ཡོད་པའི་ཕྱིར་དངོས་གཞིར་འགྱུར་རོ་ཞེ་ན། སྨྲས་པ། མི་ཡིས་བདག་གིར་བྱས་པ་ཞེས་བྱ་བའི་བདག་གིར་བྱས་པ་ཉིད་འདི་ལ་མེད་དོ། །གང་གི་ཕྱིར་ཆེ་གེ་མོ་ལ་མཆོད་སྟོན་ལ་སོགས་པ་གྱིས་ཤིག་ཅེས་དེ་གང་
ལ་བསྟབས་པ་དེས་བདག་ལ་མཆོད་སྟོན་གྱི་ཕྱིར་བྱིན་པ་ཡིན་ནོ་ཞེས་འདི་མི་ཤེས་ལ། གང་གིས་བྱིན་པ་དེས་ཀྱང་ཡོངས་སུ་སྤངས་པ་དེའི་ཕྱིར་འགས་ཀྱང་བདག་གིར་མ་བྱས་པ་ཡིན་ནོ། །དེ་ལྟར་ན་ཡང་དངོས་སུ་བདག་པོ་དང་བཅས་པ་ཁོ་ན་ཡིན་ཡང་བདག་པོས་མི་ཤེས་པའི་སྒོ་ནས་བདག་པོ་དང་བཅས་
པ་མ་ཡིན་པའི་ཕྱིར་ཉེས་བྱས་སུ་འགྱུར་བར་རིག་པར་བྱའོ། །འགེད་པ་སྨོས་པ་ནི་མང་པོའི་དབང་དུ་བྱས་པ་ཡིན་པ་དེའི་ཕྱིར་གཅིག་གིས་བླངས་སུ་ཟིན་ཀྱང་ཉེས་བྱས་སུ་འགྱུར་རོ། །ཕྱོགས་བཞི་གང་ལ་ཡོད་པ་དེ་ནི་ཕྱོགས་བཞི་པའོ། །དེ་དག་གི་ཚོགས་ནི་ཕྱོགས་བཞི་པའི་ཚོགས་ཏེ། ཕྱོགས་
བཞི་པའི་ཚོགས་དེའི་འཕགས་པའི་ཚོགས་ནི་འཕགས་པའི་དགེ་འདུན་གྱི་དཀོར་རོ། །ཕྱོགས་བཞིའི་དོན་དུ་བརྐུས་ན་ཆུང་བ་སྟེ། ཉེས་བྱས་ཆུང་ངུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་གཞན་ཕྱོགས་བཞི་པའི་དགེ་འདུན་གྱི་ཚོགས་ཀྱི་དཀོར་གཞན་ཕྱོགས་བཞི་པའི་དོན་དུ་གནས་གཞན་
Vol. 166 · folio 185b
དུ་སྐྱོད་པར་བྱེད་ན་བཤགས་པར་བྱ་བའི་ཉེས་བྱས་སུ་འགྱུར་བ་ལྟ་བུའོ། །འདིར་གནས་གཞན་དུ་སྐྱོད་པ་ཙམ་ཡིན་གྱི་བདག་པོའི་དབྱེ་བ་ནི་མ་ཡིན་པ་དེའི་ཕྱིར་བསམ་པའི་ཉེས་པའི་དབང་གིས་ཉེས་བྱས་སུ་རྣམ་པར་གཞག་པ་ཡིན་ནོ། །ནོར་གཅིག་པའི་སྤུན་འདྲ་བའི་དགེ་འདུན་ལ་ཞེས་བྱ་བའི་
དབང་དུ་བྱས་ན་གནས་གང་དུ་བདག་པོ་ཐ་དད་པར་གྱུར་པ་དེ་དག་ཏུ་ནི་ཅིག་ཤོས་ལས་གཞན་དུ་སྐྱོད་པར་བྱེད་ན། རྐུ་བ་པོ་ཡང་དེར་འདུས་པའི་ཕྱིར་དངོས་གཞི་ཁོ་ནར་འགྱུར་རོ། །འོན་ཏེ་མ་ཡིན་ན་ཆུང་བ་ཡང་ཡིན་ཏེ་བདག་གི་ཕྱིར་ཞེས་བྱ་བའི་ཡན་ལག་མེད་པའི་ཕྱིར་རོ། །གང་། དུར་ཁྲོད་པ་
དང་མི་དབང་བསོད་སྙོམས་གཞན། །ཞེས་བྱ་བ་དེ་སྔར་ཕྱིས་རྣམ་པར་དཔྱད་པར་བྱའོ་ཞེས་བསྟན་པ་དེ་ལས་མི་དབང་བསོད་སྙོམས་ཞེས་བྱ་བ་ལ་སོགས་པས་གཅིག་གི་རྣམ་པར་དཔྱད་ཟིན་ལ་དུར་ཁྲོད་གནས་ཀྱི་ཞེས་བྱ་བ་ལ་སོགས་པས་གཉིས་པ་རྣམ་པར་དཔྱད་པར་བྱ་སྟེ། དེ་ལ་དུར་
ཁྲོད་ནི་ཀུན་ནས་སྲེག་པར་བྱེད་པ་ཡིན་ཏེ། དེའི་གནས་ཡིན་པ་དེའི་ཕྱིར་དུར་ཁྲོད་གནས་ཀྱིའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། མིའི་ཡོངས་སུ་འཛིན་པ་དང་བཅས་པར་འཇུག་པའི་ཕྱིར་འཛིན་བཅས་ཏེ། འཛིན་པ་དང་བཅས་པ་དེ་ལས་སོ། །གོས་ལ་སོགས་པ་གང་ཡིན་པ་དེ་ནི་གོས་ལ་སོགས་
པའོ། །དེ་བརྐུས་པར་གྱུར་ན་ཇི་ལྟར་གོང་དུ་ཆུང་བར་འགྱུར་བ་དེ་བཞིན་དུ་འདིར་ཡང་ཆུང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་འདི་རྣམ་པར་དཔྱད་པར་བྱ་སྟེ། དེ་ལ་གལ་ཏེ་དུར་ཁྲོད་པའི་དངོས་པོ་མི་ཡིས་བདག་གིར་བྱས་ཤིང་རིན་ཐང་ཚང་བར་གྱུར་ལ། ཡན་ལག་གཞན་དག་ཀྱང་ཡོད་ན་ཉེས་
པ་ཡོངས་སུ་རྫོགས་པ་ཁོ་ནའོ། །འོན་ཀྱང་མེད་ན་འདི་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་དག་ལ་ཡང་ཆུང་བ་ཁོ་ནར་འགྱུར་རོ། །དུར་ཁྲོད་གནས་ཀྱི་ཡོངས་སུ་འཛིན་བཅས་ལས། །ཞེས་བྱ་བའི་ཁྱད་པར་ཅིའི་ཕྱིར་ཞེ་ན། སྨྲས་པ། དུར་ཁྲོད་ཀྱི་གནས་ནི་རྣམ་པ་གཉིས་ཏེ། འཛིན་པ་དང་བཅས་པ་དང་
འཛིན་པ་མེད་པའོ། །དེ་ལ་འཛིན་པ་དང་བཅས་པ་ཡང་རྣམ་པ་གཉིས་ཏེ། ལུས་ཀྱིས་ལས་སུ་བྱས་པ་དང་ཉོས་པའོ། །དེ་ལ་ལུས་ཀྱིས་ལས་སུ་བྱས་པ་ནི་འདིར་གང་འབྱུང་བ་དེ་བདག་གི་ཡིན་ཏེ། བདག་གི་ལུས་ཀྱིས་ཁྱེད་ཀྱི་ལས་བསྒྲུབ་པར་བགྱིའོ་ཞེས་རྒྱལ་པོའི་ཐད་ལས་བདག་གིར་
Vol. 166 · folio 186a
བྱས་པར་གྱུར་པའོ། །ཉོས་པ་ཡང་འདིར་རབ་ཏུ་གྲགས་པ་ཁོ་ན་ཡིན་ཏེ། འདིར་ནོར་ཁས་བླངས་པ་ཇི་ལྟར་བསྒྲུབས་པ་ལ་སོགས་པའི་འཇིགས་པས་འབད་རྩོལ་གྱིས་སྲུང་བར་བྱེད་པ་དེའི་ཕྱིར་ཡང་འདི་ལ་བདག་གིར་བྱས་པ་ཤིན་ཏུ་ཆེ་བ་ལྟར་སྔ་མ་ལ་ནི་མ་ཡིན་ཏེ།
གང་གི་ཕྱིར་ལུས་ཀྱིས་ལས་སུ་བྱས་པ་དེ་ལ་ནི་ལུས་ཀྱི་གཡོ་འགུལ་ཙམ་ལས་ཅུང་ཞིག་ཀྱང་སྦྱིན་པར་མི་བྱེད་པ་དེའི་ཕྱིར་བདག་གིར་བྱས་པའི་ཤས་ཤིན་ཏུ་ཆུང་བ་ཡིན་པ་དེ་བས་དེའི་དབང་དུ་བྱས་ནས་འཛིན་བཅས་ཞེས་སྨོས་པ་ཡིན་ནོ། །ཅིག་ཤོས་ལས་ནི་མཚན་ཉིད་ཇི་ལྟ་བ་དང་བསམ་པ་ཇི་
ལྟ་བ་བཞིན་དུ་ཉེས་པར་འགྱུར་བར་རིག་པར་བྱའོ། །དེ་ལྟར་ན་རྐུ་སེམས་ཞེས་བྱ་བ་ལ་སོགས་པས་རྐུ་བར་བྱེད་ན་དངོས་གཞི་ཡན་ལག་ཚང་བ་དང་མ་ཚང་བ་ལས་དངོས་གཞིའི་ཉེས་པ་དང་ཉེས་པ་ཆུང་ངུར་འགྱུར་བར་བཤད་པ་ཡིན་ནོ། །ད་ནི་གང་གིས་གནས་སྐབས་གང་དང་གང་ལ་རྐུ་བ་དེ་
བརྗོད་པར་བྱ་བ་དེ་ཉིད་ཀྱི་ཕྱིར། །ད་ནི་རྐུ་བའི་དབྱེ་བ་བརྗོད་པར་བྱ། །ཞེས་སྨོས་པ་ཡིན་ཏེ་ད་ནི་ཞེས་བྱ་བ་ནི་ད་ལྟར་རོ། །རྐུ་བར་བྱེད་པ་ནི་རྐུ་བ་སྟེ་དེའི་དབྱེ་བ་འཆད་པར་འགྱུར་བའི་རྣམ་པས་བརྗོད་པར་བྱ་བ་ནི་ཇི་སྟེ་འདུས་པར་བརྩད་པས་ཞེས་བྱ་བ་ལ་སོགས་པས་བསྟན་པར་བྱའོ། །ས་ནི་ས་ཡིན་ཏེ་
ཞིང་ལ་སོགས་པ་དེའི་སའོ། །ཚིག་རྣམ་པ་དུ་མ་རྣམ་པ་སྣ་ཚོགས་པ་ནི་བརྩད་པ་ཡིན་ཏེ། དེས་རྐུ་བ་ནི་རྐུ་བར་བྱེད་པའོ། །དེ་ལ་བརྐུས་པར་གྱུར་པ་ཇི་ཙམ་ན་བརྐུས་པར་འགྱུར་ཞེ་ན། གང་གི་ཚེ་ཁྱིམ་པས་སྦྱོར་བཏང་ཞེས་སྨོས་པ་ཡིན་ཏེ། བཏང་བ་ནི་ཡོངས་སུ་སྤངས་ཤིང་གང་གིས་ས་ལ་བརྟེན་
པའི་ཐ་སྙད་ཀྱི་སྦྱོར་བ་དེ་བཏང་སྟེ། སའི་བདག་པོ་ཁྱིམ་པ་དེས་གང་གི་ཚེ་སྦྱོར་བ་བཏང་བར་གྱུར་པ་དེའི་ཚེ་བརྐུས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་བར་དུའོ། །ཁྱིམ་པ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། གཞན་དག་ལ་ཡང་ས་ལ་བརྟེན་པའི་ཐ་སྙད་དུ་བྱ་བ་ཡོད་པའི་ཕྱིར་རོ། །དེ་གང་དུ་ཞེ་ན། ཅི་སྟེ་
འདུས་པར་ཞེས་བྱ་བ་སྨོས་ཏེ། ཅི་སྟེ་བྲམ་ཟེ་ལ་སོགས་པའི་འདུས་པར་དེ་རྩོད་པར་གྱུར་པ་དེའི་ཚེ་འདི་བརྐུས་པ་ཡིན་ནོ། །གཞན་དག་ཏུ་ཇི་ལྟར་འགྱུར་ཞེ་ན། གལ་ཏེ་བླར་ནི་རྒྱལ་བ་ཉིད་ན་བརྐུས། །ཞེས་སྨོས་ཏེ། བླ་ནི་རྒྱལ་པོ་ཡིན་ཏེ་གལ་ཏེ་རྩོད་པ་སྨྲ་བ་དེས་རྒྱལ་བར་གྱུར་པ་དེའི་ཚེ་དེ་རྒྱལ་བ་ཉིད་ན་
Vol. 166 · folio 186b
བརྐུས་པར་འགྱུར་རོ། །ཉིད་ནི་སྦྱོར་བ་མ་ཡིན་ནོ་ཞེས་ངེས་པར་གཟུང་བའི་དོན་ཏོ། །གང་གི་ཕྱིར་དེར་གཏན་ལ་ཕབ་པར་ཡང་ཐ་སྙད་ཀྱི་སྒོ་ནས་རྣམ་པ་གཞན་དུ་བྱེད་པར་མི་ནུས་པ་ཡིན་ཏེ། གང་ལས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་རྒྱལ་པོ་ནི་ཐམས་ཅད་ལ་དབང་བྱེད་པ་ཡིན་པའི་ཕྱིར་བླ་
ཡིན་ནོ་ཞེས་གསུངས་པས། བྲམ་ཟེའི་འདུས་པར་རྒྱལ་བ་ནི་སྦྱོར་བ་ཁོ་ན་ཡིན་ནོ། །ས་དང་ཁང་ཁྱིམ་དག་རྩིག་པ་ལ་སོགས་པས་ཡོངས་སུ་བསྐོར་བ་ཇི་ཙམ་ན་བརྐུས་པར་འགྱུར་ཞེ་ན། བསྐོར་བའི་དབང་གིས་ཞེས་སྨོས་ཏེ། བསྐོར་བ་ནི་རྩིག་པ་ལ་སོགས་པས་ཀུན་ནས་བསྐོར་ཅིང་
ཡོངས་སུ་བསྐོར་བ་སྟེ། ཀུན་ནས་བསྒྲིབས་པ་དེའི་དབང་གིས་རྐུ་བར་བྱེད་པ་ན་ས་ཕྱོགས་གང་དུ་མཚམས་སུ་བྱས་པ་དེར་མཚམས་ཀྱི་སྣར་གང་གི་ཚེ་འབྱོར་པར་གྱུར་པ་དེའི་ཚེ་བརྐུས་པ་ཡིན་ཏེ། དེ་ཙམ་ན་རྐུ་བ་ཡོངས་སུ་རྫོགས་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་མང་པོས་མི་
རྐུ་བར་བྱེད་དེ། དེ་དག་གི་ནང་ནས་ཇི་ལྟར་བརྡས་བརྐུ་བར་འགྱུར་ཞེ་ན། བརྡའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་རྐུ་བ་ནི་མི་རྐུ་བ་ནའོ། །མི་ཞེས་བྱ་བ་ནི་རིགས་གཟུང་བ་ཡིན་པ་དེའི་ཕྱིར་སྐྱེས་པ་དང་བུད་མེད་དང་མ་ནིང་དག་གཟུང་ངོ་། །དེ་ལ་མི་རྐུ་བར་བྱེད་པ་ན་གང་གི་
དབང་གིས་ཉེས་པར་འགྱུར་ཞེ་ན། བརྡ་གྲུབ་དབང་གིས་ཞེས་སྨོས་ཏེ། བརྡ་གྲུབ་པ་ནི་བརྡ་གྲུབ་པ་སྟེ་དེའི་དབང་གིས་སོ། །དེའི་ཕྱིར་བརྡ་གྲུབ་པའི་དབང་གིས་ཉེས་བྱས་སུ་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །རྣམ་པ་གང་གིས་རྐུ་བ་ཡིན་ཞེ་ན། བརྡའི་ཚུལ་གྱིས་ཞེས་བྱ་བ་སྨོས་པ་ཡིན་ཏེ།
བརྡ་ཡང་དེ་ཡིན་ལ་ཚུལ་ཡང་དེ་ཡིན་པས་ན་བརྡའི་ཚུལ་གྱིས་སོ། །ཚུལ་ནི་སྦྱོར་བ་ལ་བྱ་སྟེ་བརྡའི་རང་བཞིན་གྱིས་སྦྱོར་བ་ཞེས་བྱ་བའི་དོན་ཡིན་པ་དེ་བས་ན་དེས་རྐུ་བ་ནི་རྣམ་པ་དེ་ལྟ་བུས་བརྐུས་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་མི་རྐུ་བ་ནི་གསུམ་སྟེ་གསུམ་གང་
ཞེ་ན། ཡུལ་ཕྱོགས་དང་བརྡ་དང་མཚན་མ་ཞེས་གསུངས་པ་མ་ཡིན་ནམ། བརྡའི་ཚུལ་གྱིས་ཞེས་བྱ་བ་ནི་དེ་ཅིའི་ཕྱིར་སྨོས་ཤེ་ན། སྨྲས་པ་དེ་ལ་ཡུལ་ཕྱོགས་ནི་ལྷ་རྟེན་ཡིན་ལ། བརྡ་ནི་སྔ་དྲོ་ལ་སོགས་པའོ། །མཚན་མ་ནི་སྒྲ་དང་ཁ་སྤུ་ལ་སོགས་པ་བྲེགས་ནས་རིང་པོ་མ་ལོན་པ་
Vol. 166 · folio 187a
དག་ཡིན་ནོ། །དེ་ལ་ཡུལ་ཕྱོགས་ལ་སོགས་པ་གསུམ་པོ་དག་ལ་དོན་སྣ་ཚོགས་པ་ཡོད་དུ་ཟིན་ཀྱང་སྔ་དྲོ་ལ་སོགས་པའི་ཁྱད་པར་ཉེ་བར་མཚོན་པར་དཀའ་བ་ཡིན་པའི་ཕྱིར་ཀུན་ལ་བརྡའི་སྒྲའི་སྤྱིས་བསྟན་པ་ཡིན་ནོ། །ཡང་ན་བརྡ་སྨོས་པ་ནི་ཡུལ་ཕྱོགས་དང་མཚན་
མ་གཉིས་ཀྱི་ཉེ་བར་མཚོན་པར་བྱེད་པ་ཡིན་ནོ། །ཇི་ལྟར་ན་ཡུལ་ཕྱོགས་ཀྱིས་བརྐུས་པར་འགྱུར་ཞེ་ན། དགེ་ཚུལ་རྐུ་བའི་བསམ་པ་ཅན་གྱིས་མི་ལ་འདི་སྐད་དུ་ཡུལ་གཞན་དུ་སོང་ཤིག་དང་དེར་འདི་དང་འདི་སྦྱིན་པར་བྱའོ་ཞེའམ། འདི་དང་འདི་གྱིས་ཤིག་ཅེའམ། རིག་པ་ལྷན་ཅིག་བསླབ་
པར་བྱའོ་ཞེས་སྨྲས་པ་ན། དེས་ཀྱང་དེ་ལྟར་དགེའོ། །ཡུ་བུ་གང་དུ་མཇལ་བར་བགྱི་ཞེས་སྨྲས་ལ། དེར་ཕྱིན་པར་གྱུར་ན་བདག་གི་དབང་དུ་འགྱུར་རོ་སྙམ་པའི་བསམ་པས། རྐུ་བ་པོས་ལྷ་རྟེན་ལ་སོགས་པ་ཆེ་གེ་མོ་ཞིག་ཏུའོ་ཞེས་སྨྲ་བར་བྱེད་དེ། དེས་ཀྱང་དེར་ཕྱིན་པར་གྱུར་ན་བརྐུས་པར་རྫོགས་
པར་བརྗོད་པར་བྱའོ། །ཇི་ལྟར་ན་མཚན་མས་ཤེ་ན། སྔ་མ་བཞིན་ཐམས་ཅད་བརྗོད་པར་བྱའོ། །དེ་ལ་ཁྱད་པར་ནི་ཇི་ཙམ་ན་མཇལ་བར་བགྱི། དགེ་ཚུལ་གྱིས་སྨྲས་པ། བདག་གིས་སྐྲ་དང་ཁ་སྤུ་ལ་སོགས་པ་བྲེགས་ནས་རིང་པོ་མ་ལོན་པ་མཐོང་བར་གྱུར་པ་དེའི་ཚེ་ཁྱོད་ཁོ་བོའི་ཐད་དུ་
ཤོག་ཤིག་ཅེས་བྱ་བ་དེ་ལྟ་བུ་ནི་མཚན་མ་དག་གིས་ཡིན་ནོ། །ཇི་ལྟར་ན་བརྡས་ཡིན་ཞེ་ན། སྔ་མ་བཞིན་དུ་འདིར་ཡང་ཐམས་ཅད་བརྗོད་ནས་ཁྱད་པར་འདི་ལྟར་བརྗོད་པར་བྱ་སྟེ་ཇི་ཙམ་ན་ཁོ་བོ་ཁྱོད་ཀྱི་ཐད་དུ་འོང་བར་བྱ་ཞེས་དགེ་ཚུལ་ལ་དྲིས་པ་ན། ཉི་མ་ཕྱེད་སྒང་ལ་སོགས་པ་དག་ཏུའོ་ཞེས་
སྨྲས་པ་དང་། དེས་ཀྱང་དེར་ཕྱིན་པར་གྱུར་པ་ན་བརྐུས་པར་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་བརྡ་ཡིས་ཡིན་ནོ། །གཞན་ཡང་རྣམ་པ་གཞན་སྟོབས་ཀྱིས་འདྲེན་པར་བྱེད་པ་དང་། བཏེག་པ་དང་། སྔགས་དང་སྨན་གྱིས་རྨོངས་པར་བྱས་པ་དང་། བཅིངས་པ་ཐར་པར་བྱས་པ་དང་། འཇིགས་
པའི་རྒྱུ་མཚན་བསྟན་པས་བཀྲི་བ་དང་། སྔགས་ཀྱིས་འདྲེན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པས་དེ་ལྟ་བུ་དག་ནི་ངེས་པར་དཔྱད་ནས་མཚན་ཉིད་ཇི་ལྟ་བ་བཞིན་དུ་འདིར་བརྐུས་པར་ཤེས་པར་བྱའོ། །ཇི་ལྟར་དུད་འགྲོ་བཅིངས་པ་བརྐུས་པར་འགྱུར་ཞེ་ན། བྱོལ་སོང་རྒྱུད་ཅེས་བྱ་བ་ལ་སོགས་པ་
Vol. 166 · folio 187b
སྨོས་ཏེ། བྱོལ་སོང་གི་རྒྱུད་ཐག་པ་ལ་སོགས་པས་ཤིང་ལ་སོགས་པ་ལ་བཅིངས་པའོ། །རྐུ་བ་ནི་རྐུ་བར་བྱེད་པའི་དུས་སུའོ། །བཅིངས་པ་ཁོ་ནར་བཅིངས་པ་ཙམ་སྟེ་དེ་བཀྲལ་བ་ནི་བཅིངས་པ་ཙམ་བཀྲོལ་མ་ཐག་ཏུའོ། །དེ་བརྐུས་པར་འདོད་པ་ནི་བརྐུས་པར་དགོངས་པའོ། །ཙམ་སྨོས་པ་
ནི་བརྐུ་བར་བྱ་བ་གཞན་ལ་མི་ལྟོས་པ་ཉིད་དུ་སྟོན་པར་བྱེད་པ་ཡིན་ཏེ། གང་གི་ཕྱིར་དེ་ནི་འདིར་གནས་ནས་བསྐྱོད་པ་ཡིན་པས་སོ། །ཇི་ལྟར་ན་ཁྱུ་ལས་བཀར་བ་ལ་སོགས་པས་བརྐུས་པ་ཡིན་ཞེ་ན། བཀར་ཏམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཀར་བ་ནི་དུད་འགྲོ་ཁྱུ་ལས་ཐ་དད་པར་བྱས་ནས་ཁྱེར་
བའོ། །བཏགས་པ་ནི་ཁྱུ་དང་ལྷན་ཅིག་འགྲོ་བ་ཤིང་གི་རྩ་བ་ལ་སོགས་པ་ལ་བཏགས་པའོ། །བཀར་བ་དང་བཏགས་པ་ནི་བཀར་བ་དང་བཏགས་པ་སྟེ། དེ་བས་ན་དུད་འགྲོའི་རྒྱུད་ཅིག་ཁྱུ་ལས་བཀར་ཏམ། བཏགས་པར་གྱུར་པས་སོ། །སྣང་བར་གྱུར་པ་ནི་སྣང་བ་སྟེ། མཐོང་བ་ཉིད་དུ་གྱུར་ཅེས་
བྱ་བའི་དོན་ཏོ། །སྣང་བ་མ་ཡིན་པ་ནི་མི་སྣང་བ་སྟེ་དེ་ལས་བཟློག་པའོ། །དེར་གྱུར་པའི་ཕྱིར་དེའི་བདག་པོ་འམ་སྲུང་ཞིང་སྐྱོང་བ་ལ་མི་སྣང་བར་གྱུར་པ་ནའོ། །དེ་ལ་མཆོག་ཏུ་གཏོད་པ་གཞན་འགའ་ཞིག་ལས་བརྐུས་པར་ནི་འབྲེལ་པ་མེད་ལ་ཇི་སྲིད་ཁྱུ་ལས་མི་སྣང་བ་ཉིད་དུ་གྱུར་ན་ཞེས་བྱ་བ་ནི་རུང་
བ་ཙམ་ཉིད་གཟུང་བ་ཡིན་ཏེ། ཅི་སྟེ་གཅིག་པུ་ཞིག་ན་གནས་གང་ལས་བསྐྱོད་པ་དེ་ལས་ཞེས་བྱ་བར་ཤེས་པར་བྱ་ཞིང་དེ་ཙམ་དུ་གྱུར་པ་ལ་རྐུ་བའི་བློ་གནས་པ་ཡིན་ནོ། །གལ་ཏེ་བླ་མའི་གོས་སོགས་བསྐུར་བ་ན། །ཞེས་བྱ་བ་ལ་སོགས་པས་ལམ་དུ་འགྲོ་བའི་རྐུ་བརྗོད་པར་བྱེད་དེ། བླ་མ་དེ་སློབ་དཔོན་
དང་མཁན་པོའི་གོས་ལ་སོགས་པ་བསྐུར་བ་ནའོ། །གོམ་པ་མྱུར་བ་སྔོན་དུ་མགྱོགས་པར་འགྲོ་བས་སོ། །ཡང་ན་གོམ་པ་བསྣུར་བ་ནི་གོམ་པ་ཕྱིར་བསྣུར་བ་སྟེ་རྒྱབ་ཕྱོགས་སུ་འགྲོ་བས་སོ། །མཐོང་བའི་ཕྱིར་སྣང་བ་སྟེ་མཐོང་བ་མ་ཡིན་པ་ནི་མི་སྣང་བའོ། །དེའི་དངོས་པོ་ནི་མི་སྣང་བ་ཉིད་ཡིན་
པ་དེའི་ཕྱིར་གང་གི་ཚེ་རེ་ལྡེ་ལ་སོགས་པ་སྟེ། སབ་མོ་ལ་སོགས་པའི་ཕག་ཏུ་མི་སྣང་བར་གྱུར་པ་དེའི་ཚེ་རྩ་བར་འགྱུར་རོ། །བླ་མ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། གཞན་དག་ལ་དེ་ལྟ་བུ་སྲིད་པའི་ཕྱིར་རོ། །འདི་འབའ་ཞིག་མ་ཡིན་གྱི་མངོན་སུམ་དུ་རྐུ་བ་ནི་མངོན་སུམ་རྐུ་བ་སྟེ་དེ་ལ་ཡང་
Vol. 166 · folio 188a
ངོ་། །དེ་དང་འདྲ་བ་སྟེ་སྔ་མ་བཞིན་དུ་རྩ་བར་འགྱུར་ཏེ། འདི་ལ་ཡང་ཇི་སྲིད་དེ་སྣང་བར་གྱུར་པ་དེ་སྲིད་དུ་གཉི་གའི་བརྐུས་པའི་བློ་མི་འབྱུང་བ་ཡིན་ནོ། །ཇི་ལྟར་གྲུ་བརྐུས་པར་འགྱུར་བ་མཚོའམ་ཐང་ངམ་ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་དེ་རྩ་བ་ཞེས་བྱ་བ་རྗེས་སུ་འཇུག་
པས་ཇི་ལྟར་བྱོལ་སོང་གི་རྒྱུད་མི་སྣང་བར་གྱུར་པ་ན་བརྐུས་པ་ཡིན་པ་དེ་བཞིན་དུ་གྲུ་ཡང་མི་སྣང་བར་གྱུར་པ་ན་བརྐུས་པ་ཡིན་ནོ། །འདི་གང་དུ་བརྐུས་པར་འགྱུར་ཞེ་ན། སྨྲས་པ། ཡངས་པ་ཡང་དེ་ཡིན་པས་ཡངས་པའི་ཆུ་སྟེ་མཚོའོ། །དཔེར་ན་རྒྱ་མཚོའི་ཆུའམ་གཞན་དག་ལྟ་བུའོ། །དེ་
ལ་མཚོ་འབའ་ཞིག་མ་ཡིན་གྱི་འདིར་ཐང་ཡང་ཡིན་ཏེ་ཐང་ནི་ས་སྐམ་དག་ཡིན་ནོ། །དེ་ལ་ཡང་བཏེག་པས་སམ་ཆུ་བོའི་རྒྱུན་ལ་འདྲེན་པར་བྱེད་ན་གྲུ་མི་སྣང་བར་གྱུར་པ་ན་བརྐུས་པ་ཡིན་ནོ། །ཀླུང་ལ་སོགས་པ་གང་ཡིན་པ་དེ་ནི་ཀླུང་སོགས་སོ། །མཐའ་སྟེ་ཕ་རོལ་གྱི་ངོགས་གང་ཡིན་པ་སྣང་
བ་ནི་ཀླུང་སོགས་མཐའ་སྣང་བའོ། །མཐའ་སྣང་བ་མ་ཡིན་པ་ནི་ཀླུང་སོགས་མཐའ་མི་སྣང་བའོ། །དེ་ལ་ཀླུང་ལ་སོགས་པ་དང་ཆུ་བོ་ལ་སོགས་པའི་ཐད་ཀར་རྐུ་བ་ན་ངོགས་ཅིག་ཤོས་ལ་སོགས་པའི་རྒལ་སའི་ངོགས་སུ་ཁྱེར་བ་ནི་དེ་བཞིན་དུ་མི་སྣང་བར་གྱུར་པ་ཁོ་ན་ནི་བརྐུས་པར་འགྱུར་
རོ། །གང་གི་ཚེ་ཕ་རོལ་སྣང་བར་གྱུར་པ་དེ་ལ་ཇི་ལྟར་འགྱུར་ཞེ་ན་སྣང་ན་ཞེས་བྱ་བ་སྨོས་ཏེ་ཀླུང་ལ་སོགས་པའི་ཕ་རོལ་གྱི་ངོགས་སྣང་བ་ལ་ནི་ཚུ་རོལ་ནས་བཤད་མ་ཐག་པའི་ཕ་རོལ་ཏུ་ཕྱིན་ན་དེའི་ཚེ་བརྐུས་པར་རིག་པར་བྱའོ། །ཀླུང་གི་སྒྲས་ནི་ཆུ་བོ་རྗོད་པར་བྱེད་པ་ལ་སོགས་པའི་སྒྲས་ནི་ལྟེང་ཀ་
ལ་སོགས་པ་གཟུང་ངོ་། །ནིའི་སྒྲ་ནི་སྔ་མ་ལས་ཁྱད་པར་དུ་བྱེད་པའི་དོན་ཏོ། །གང་གི་ཚེ་རྒྱུན་ལས་བཟློག་ཕྱོགས་སུ་རྐུ་བར་བྱེད་པ་དེའི་ཚེ་ཇི་ལྟར་འགྱུར་ཞེ་ན། རྒྱུན་ལས་ཞེས་སྨོས་ཏེ། རྒྱུན་ལས་བཟློག་པ་ནི་བཟློག་པ་དང་མི་མཐུན་པ་ཡིན་པའི་ཕྱིར་མི་མཐུན་པ་དང་། འབབ་ཕྱོགས་
མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །ནིའི་སྒྲ་ནི་སྔ་མ་ལས་ཁྱད་པར་བྱེད་པའི་དོན་ཡིན་ནོ། །དེ་ལ་རྒྱུན་གྱི་བཟློག་ཕྱོགས་སུ་ཁྲིད་པར་གྱུར་ན་གྲུ་བརྐུས་པར་འགྱུར་རོ། །ཇི་ལྟར་བརྐུས་པར་འགྱུར་ཞེ་ན། གྲུ་ཚུགས་འདས་ན་ཞེས་བྱ་བ་སྨོས་ཏེ། གྲུ་ཚུགས་ལས་ཤིན་ཏུ་འདས་པའི་ཕྱིར་གྲུ་
Vol. 166 · folio 188b
ཚུགས་འདས་པ་སྟེ། དེ་ལས་སོ། །གང་གི་གྲུ་ཚུགས་ལས་འདས་པར་གྱུར་པ་ཞེ་ན། རྒལ་བའི་སའོ། །འདི་སྐད་དུ་ཕ་རོལ་དུ་བཀྲི་བའི་ཕྱིར་ཇི་སྲིད་གྱེན་ཕྱོགས་སུ་ཁྲིད་པར་བྱེད་པའི་ངོགས་དེ་གྲུ་ཚུགས་ཞེས་བསྟན་པར་འགྱུར་རོ། །རྒྱུན་བཟློག་ཕྱོགས་སུ་ཁྲིད་པར་གྱུར་ན་དེ་ལས་འདས་
པར་གྱུར་ན་བརྐུས་པར་འགྱུར་རོ་ཞེས་བྱ་བ་དེ་ནི་དེའི་གནས་ཡིན་ནོ། །ཞེས་བྱ་བའི་དབང་དུ་བྱས་པ་ཡིན་ལ་རྒལ་སའི་གྲུ་ཚུགས་མེད་ན་གདགས་པའི་ཚད་ཙམ་གནས་ཉིད་ཡིན་པ་དེའི་ཕྱིར་དེའི་དེ་ལས་འདས་ན་བརྐུས་པ་ཡིན། ཇི་ལྟར་སྔགས་ལ་སོགས་པའི་སྦྱོར་བས་རྐུ་བར་བྱེད་ཅེ་ན། བརྐུ་བྱ་
སྔགས་ཀྱིས་རྐུ་བར་བྱེད་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྐུ་བར་བྱ་བ་གཏེར་ལ་སོགས་པ་གཞན་དག་གི་རྫས་རང་གི་མིག་སྟེ་བདག་ཉིད་ཀྱི་མིག་གིས་མཐོང་བ་ཉིད་ན་བརྐུ་བྱ་དེ་བརྐུས་པར་འགྱུར་རོ། །ཉིད་ནི་གནས་གཞན་དུ་སྤོས་པ་ལ་སོགས་པའི་མཚན་ཉིད་ཅན་དག་ནི་མ་
ཡིན་ནོ་ཞེས་རྣམ་པར་དཔྱོད་པའི་དོན་ཏོ། །སྔགས་ཀྱིས་ཞེས་མང་པོའི་ཚིག་ཏུ་བྱས་པ་ནི་སྨན་ཡོངས་སུ་བསྡུ་བའི་ཕྱིར་རོ། །མཐོང་བ་སྨོས་པ་ནི་དེ་མཐོང་བར་གྱུར་པ་ན་གྲུབ་པའི་བློ་གྲོས་ཀྱི་དབང་དུ་བྱས་པ་ཡིན་ནོ། །ཆུ་ལ་སོགས་པ་དག་ཏུ་སྤྱིངས་པས་རྐུ་བ་ལ་ཇི་ལྟར་འགྱུར་ཞེ་ན། རྫས་ཀྱི་སྟེང་
ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆུ་ལ་སོགས་པར་ནུབ་པར་གྱུར་པ་ནི་འོག་ཏུ་སྤྱིངས་པར་གྱུར་པ་སྟེ་དེས་བརྐུས་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །བརྐུ་བར་བྱ་བའི་རྫས་ཀྱི་སྟེང་གི་ཕྱོགས་ནི་རྫས་ཀྱི་སྟེང་ཕྱོགས་ཏེ། དེ་ཆུ་ལ་སོགས་པ་གང་དུ་ནུབ་པར་གྱུར་པ་དེའི་གནས་ཀྱི་སྟེང་ཕྱོགས་ལས་
དེ་འདས་ཤིང་ཕྱིན་པར་གྱུར་ན་བརྐུས་པར་འགྱུར་རོ། །སྤྱིངས་པས་རྐུ་བར་བྱེད་པ་ན་རྫས་ཀྱི་སྟེང་གི་ཆ་ཆུ་ལ་སོགས་པ་གནས་ཀྱི་སྟེང་གི་ཆར་ནུབ་པར་གྱུར་ན་བརྐུས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་རྐུ་བ་པོ་ནི་སྤྱིངས་ནས་ཕྱིས་བརྐུ་བར་བྱའོ་སྙམ་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་འོན་ཀྱང་དེ་ནི་
བརྐུས་པ་བསྐུར་བའི་བློ་ཡིན་པར་བལྟ་བར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་མདོ་མཛད་པས་ཕྱིས་བརྐུའོ་སྙམ་པའི་བློ་གང་ཡིན་པ་དེ་ནི་བླང་བའི་ཡིན་ནོ་ཞེས་གསུངས་སོ། །ལུས་ལ་བཏགས་པའི་རྒྱན་རྣམས་ཇི་ལྟར་བརྐུས་པར་འགྱུར་ཞེ་ན། ལུས་ཀྱི་རྒྱན་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཀྱི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words