རིན་པོ་ཆེའི་ཕྲེང་བའི་རྒྱ་ཆེར་བཤད་པ

Sanskrit title (Tibetan script, as in the text) རཏྣཱ་བ་ལི་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 172 · folio 126a

༄༅༅། །རྒྱ་གར་སྐད་དུ། རཏྣཱ་བ་ལི་ཊཱི་ཀཱ། བོད་སྐད་དུ། རིན་པོ་ཆེའི་ཕྲེང་བའི་རྒྱ་ཆེར་བཤད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

ཐམས་ཅད་ལ་ཕྱག་འཚལ་ལོ། །བསྐལ་བ་བྱེ་བ་བརྒྱ་ཕྲག་དག །གང་ཞིག་མཐོང་བ་རྙེད་དཀའ་བ། །དོན་རྣམས་ཀུན་ལ་ཐོགས་མེད་ཐུགས། །ཐུབ་པ་ཆེ་ལ་ཕྱག་འཚལ་ནས། །བདག་ནི་བསོད་ནམས་འདོད་པ་ཡིས། །རིན་ཆེན་ཆོས་ཀྱི་ཕྲེང་བ་གང་། །བདེན་པ་གཟིགས་པས་

མཛད་པ་དེའི། །དོན་ནི་གཏན་ལ་དབབ་པར་བྱ། །བསྡུས་ལ་དགའ་བའི་སེམས་ཅན་གྱི། །དོན་ཕྱིར་བདག་ཉིད་ཆེན་པོ་ཡིས། །ཟབ་ཅིང་རྒྱ་ཆེའི་མདོ་རྣམས་ཀྱི། །དོན་ནི་ཡང་དག་བསྡུས་ཏེ་བསྟན། །དེ་ལ་འདིར་བཙུན་པ་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་མཐའ་དག་ལ་ཕན་པར་

བཞེད་པས་རྒྱལ་པོ་བདེ་སྤྱོད་ཀྱི་དབང་དུ་མཛད་ནས་དམ་པའི་ཆོས་རིན་པོ་ཆེའི་ཕྲེང་བ་དགོད་པའི་ངེས་པ་མཛད་དེ་དམ་པའི་སྤྱོད་པ་དང་མཐུན་པར། ཉེས་པ་ཀུན་ལས་ཞེས་བྱ་བ་ལ་སོགས་པས་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་

Vol. 172 · folio 126b

འཚལ་བ་དང་དགོས་པ་དང་བཅས་པ་རྩོམ་མོ། །འདི་ལ་དགོས་པ་གང་ཞིག་ཡིན་ཞེ་ན། བཅོམ་ལྡན་འདས་ཡོན་ཏན་ཚད་མེད་པ་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་བྱས་པའི་རྒྱུས་བསོད་ནམས་ཤིན་ཏུ་རྒྱ་ཆེན་པོར་འགྱུར་ལ་དེས་ན་བརྗོད་པར་འདོད་པའི་དོན་སྒྲུབ་པ་འབད་མི་དགོས་

པར་འགྲུབ་པར་འགྱུར་ཏེ། རེ་ཞིག་འདི་ནི་གཅིག་ཡིན་ནོ། །འདི་ན་ཉན་པའི་སྐྱེ་བོ་ཡང་རྣམ་པ་གཉིས་དམིགས་ཏེ། དེ་ལ་དད་པས་རྗེས་སུ་འབྲང་བ་རྣམས་ནི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་དམིགས་ནས་འདི་ནི་བདེ་བར་གཤེགས་པས་བྱས་སོ་ཞེས་དད་པ་ཁོ་ནས་འདི་

ཉན་པ་ལ་སོགས་པ་ལ་འཇུག་གོ། །ཆོས་ཀྱི་རྗེས་སུ་འབྲང་བ་སྟོན་པ་གྲགས་པ་གང་དག་ཡིན་པ་དེ་དག་ཀྱང་ཕྱག་འཚལ་བ་ཁྱད་པར་དང་བཅས་པ་དམིགས་འདི་སྙམ་དུ་སེམས་ཏེ། གཞན་ལ་ཁྱད་པར་འདི་མི་སྲིད་པའི་ཕྱིར་འདི་ནི་འཇིག་རྟེན་མཐའ་དག་གི་སྒྲོན་མ་ལ་ཕྱག་འཚལ་བ་

ཡིན་ནོ་སྙམ་མོ། །དེ་ལྟར་ངེས་པའི་ཡིད་ཅན་རྣམས་ལ་རབ་ཏུ་དགའ་བ་སྐྱེ་ཞིང་ཚིག་དེ་ལྟ་བུ་ལ་མཁས་པ་རྣམས་འདི་སྙམ་དུ་སེམས་ཏེ། རེ་ཞིག་དད་པ་ཅན་གཞན་ཡང་གསུམ་ལ་སྐྱབས་སུ་འགྲོ་བ་ཉམས་པའི་འཇིགས་པས་གཞན་དག་ལ་ཕྱག་འཚལ་བའི་ངལ་བ་མི་བྱེད་ན་འཕགས་པ་

ཀླུ་སྒྲུབ་བདེན་པ་གཟིགས་པ་མི་ཕྱེད་པའི་དད་པ་བརྙེས་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུ་འདི་ནི་མུ་སྟེགས་ཅན་གྱི་གཞུང་ལུགས་ཀྱིས་ཀུན་བརྟགས་པའི་ཆོས་ཕན་ཚུན་འགལ་བ་མི་གསུང་སྟེ། དེ་སྐད་དུ་མཇུག་ཐོགས་ནས། གཅིག་ཏུ་དགེ་བའི་ཆོས་བཤད་དེ་ཞེས་འཆད་པར་

འགྱུར་རོ། །དེ་ལྟ་བས་ན་འདི་ནི་གདོན་མི་ཟ་བར་སྐྱེས་བུའི་དོན་མཆོག་ཐོབ་པ་དང་མཐུན་པ་ཡིན་ནོ་སྙམ་མོ། །དེ་ནས་འདི་ཉན་པ་ལ་སོགས་པ་ལ་འཇུག་པར་འགྱུར་རོ། །རྟོག་པ་སྔོན་དུ་གཏོང་བ་སྟོན་པར་མ་གྲགས་པ་གང་དག་ཡིན་པ་དེ་དག་ཀྱང་ཕྱག་འཚལ་བ་ལ་ཡོན་ཏན་བསྙད་པ་ཐོས་

ནས་ངོ་མཚར་དང་མཐུན་པར་སད་པས་དཔྱོད་པའམ་ཉན་པར་བྱེད་དོ། །དེ་ནས་ནི་དེ་དག་གིས་འདིའི་དོན་བཟང་པོ་དམིགས་ནས་འདི་ལྟ་བུའི་དོན་ལེགས་པར་གསུངས་པ་ནི་དེས་གསུངས་སོ་ཞེས་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་ཐོབ་ནས་སྟོན་པ་ཉིད་དུ་ཁས་ལེན་པས་དེ་དག་ལ་སྟོན་པ་

Vol. 172 · folio 127a

རབ་ཏུ་གྲུབ་པར་བྱ་བའི་ཕྱིར་རོ། །དེ་ལྟར་ན་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བའི་ཕྱག་འཚལ་བ་འདི་ནི་དེ་གཉི་ག་ལ་དགོས་པ་དང་བཅས་པ་ཡིན་པའི་ཕྱིར་བྱས་ཏེ། དམ་པ་རྣམས་ཀྱང་དེ་ཁོ་ན་ལྟར་ཞུགས་སོ་ཞེས་བརྗོད་པར་བྱའོ། །ད་ནི་ཇི་ལྟར་ནུས་པ་བཞིན་

དོན་དགྲོལ་བར་བྱ་སྟེ། དེ་ལ་ཉེས་པ་ནི་ཡོན་ཏན་གྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་འདོད་ཆགས་ལ་སོགས་པ་ལ་བྱ་སྟེ། ལུས་དང་སེམས་ཀྱི་རྒྱུད་མ་རུང་པར་བྱེད་པས་སོ། །ཀུན་ཞེས་པའི་སྒྲ་ནི་བརྗོད་པར་འདོད་པའི་དབང་གིས་མཐའ་དག་ལ་བྱའོ། །དེ་དག་ནི་ཉེས་པ་ཡང་ཡིན་ལ་ཀུན་

ཀྱང་ཡིན་པས་དེ་ལྟ་བུའོ། །རྣམ་གྲོལ་ཞེས་པ་ནི་མི་ལྡན་པ་སྟེ་བྲལ་བ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་ནི་ཤེས་རབ་ལ་སོགས་པ་སྟེ། ལེགས་པ་དོན་དུ་གཉེར་བ་རྣམས་ཀྱིས་འདྲིས་པར་བྱ་ཞིང་གོམས་པར་བྱ་བ་ཡིན་པས་སོ། །འདིར་ཡང་ཀུན་ཞེས་བྱ་བའི་སྒྲ་ནི་གོང་མ་བཞིན་དུ་ཤེས་

པར་བྱའོ། །དེ་དག་གིས་བརྒྱན་པ་པོ་ཞེས་བྱ་བ་སྤུད་པའོ། །འདི་དག་ནི་སྐྱེས་བུ་རྣམས་ཀྱི་རྒྱན་གྱིས་འབྱོར་པ་སྟོན་པར་བྱེད་པ་གདུ་བུ་རྒྱན་ཅན་དང་དཔུང་རྒྱན་དང་ལག་རྒྱན་ལ་སོགས་པ་ནི་མ་ཡིན་ཏེ། དེ་སྐད་དུ་གཞན་ནས། ལྗོན་ཤིང་རྣམས་ནི་མེ་ཏོག་དག་གིས་བརྒྱན། །ཆར་སྤྲིན་རྣམས་

ནི་གློག་གི་ཕྲེང་བ་ཡིས། །མཚོ་རྣམས་བུང་བ་རྒྱགས་ལྡིང་པདྨ་ཡིས། །ལུས་ཅན་ཁྱད་པར་ཐོབ་པའི་ཡོན་ཏན་གྱིས། །ཞེས་བཤད་དོ། །དེ་ལྟ་ཡིན་ན་གོ་རིམས་ཟློག་པའི་ཉེས་པར་འགྱུར་བ་མ་ཡིན་ནམ། ཉེས་པ་རྣམས་ནི་མུན་པ་ལྟ་བུ་ཡིན་ལ། དེ་དག་ཀྱང་ཡོན་ཏན་གྱི་སྣང་བ་འབྱུང་

བ་མེད་པར་རྟེན་མི་གཏོང་ངོ་། །དེའི་ཕྱིར་ཉེས་པ་ལས་རྣམ་པར་གྲོལ་བ་ཉིད་ཀྱིས་ཡོན་ཏན་གནས་པར་གྲུབ་ན་འདིས་ཅི་ཞིག་བྱ་ཞེ་ན། དེ་ནི་བདེན་ན་འོན་ཀྱང་དབང་པོ་རྟུལ་པོ་བློ་ཞན་པ་ཚིག་ལྷུར་ལེན་པ་གང་དག་ཡིན་པ་དེ་དག་གིས་ཉེས་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ཉིད་ནི་ཉེས་པ་

ལས་རྣམ་པར་གྲོལ་བ་འབའ་ཞིག་ཡིན་པར་རྟོགས་ཀྱི། ཤུགས་ཀྱིས་འཕངས་པའི་དོན་ནི་མ་ཡིན་པས་དེ་དག་གིས་གསལ་བར་རྟོགས་པར་བྱ་བའི་ཕྱིར་རོ། །ཡང་དབང་པོ་རྣོན་པོ་མགོ་སྨོས་པས་གོ་བ་དེ་དག་ལ་ཡང་དེ་སྐད་དུ་བརྗོད་པར་བྱ་སྟེ། རེ་ཞིག་སྲིད་པ་ཙམ་དུ་བྱ་ན་ཉེས་པ་

Vol. 172 · folio 127b

ཐམས་ཅད་དང་བྲལ་ལ་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་པ་མ་ཡིན་པ་ཡང་ཡོད་དེ། དཔེར་ན་ཤེལ་དང་ཨནྡ་རྙིལ་དང་མརྐཏ་ལ་སོགས་པ་ལྟ་བུའོ། །དེ་བས་ན་ཁྱད་པར་འདི་གཉི་ག་བརྗོད་དོ། །དེ་ལྟ་བུའི་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ལ་བདག་ཕྱག་འཚལ་ནས་ཆོས་

བཤད་དོ་ཞེས་བྱ་བར་སྦྱར་རོ། །ཕྱག་འདི་སུ་ལ་འཚལ་བ་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལའོ། །དེ་ཡིན་པར་ཅི་མངོན་ཞེ་ན། ཡོན་ཏན་ཐུན་མོང་མ་ཡིན་པ་བསྟན་པའི་ཕྱིར་ཏེ། ས་མཐའ་དག་གི་རྒྱན་ཉེས་པ་མ་ལུས་པ་དང་བྲལ་བ་ཡོན་ཏན་གྱི་ཚོགས་མི་གཡོ་བ་

དམ་པ་མཆོག་གི་མཐར་ཕྱིན་པ་ནི་སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་པ་གཞན་ཐམས་ཅད་མཁྱེན་པར་ཡོད་པར་སྲིད་པ་མེད་དོ། །མུ་སྟེགས་ཅན་གཞན་རྣམས་ཀྱང་རང་རང་གི་སྟོན་པ་ཡོན་ཏན་འདི་དག་དང་ལྡན་པར་སེམས་པ་མ་ཡིན་ནམ། དེ་དག་ཡོད་ན་ཇི་ལྟར་ཁྱད་པར་ལ་གནས་

ཤེ་ན་དེའི་ཕྱིར། སེམས་ཅན་ཀུན་གྱི་གཉེན་གཅིག་པོ། །ཞེས་བྱ་བ་སྨྲས་སོ། །དེ་རྣམས་ནི་སེམས་ཅན་ལ་གནོད་པ་བྱེད་པ་ཡིན་པར་གྲགས་ཏེ། འདི་ལྟ་སྟེ་དྲག་པོས་ནི་གྲོང་ཁྱེར་སུམ་བརྩེགས་བསྲེགས་སོ། །ཁྱབ་འཇུག་གིས་ནི་དམག་སྡེ་ཆེན་པོ་བཅོ་བརྒྱད་རྨེག་མེད་པར་

བྱས་སོ། །ཕྱོགས་ཀྱི་གོས་ཅན་རྣམས་ཀྱང་སྐྱེ་བོ་ཕྲ་མོ་རིག་པ་ཙམ་གྱིས་འཇིགས་པ་རྣམས་ཀྱིས་ནམ་མཁའ་གང་བར་སེམས་ཤིང་སློབ་མ་རྣམས་གནས་ནས་ཕྱིར་འབྱུང་བའི་ཚེ་བསླབ་པ་དབུལ་བར་སྨྲའོ། །དྲང་སྲོང་རྣམས་ཀྱང་ཡིད་ཁྲོ་བའི་མེས་བསྲེགས་ནས་དཔུང་གི་ཚོགས་ཡན་

ལག་བཞི་པ་རྒྱལ་པོ་དང་བཅས་པ་ཡང་སྐད་ཅིག་ཏུ་དམོད་པའི་མེའི་བུད་ཤིང་དུ་བྱེད་དོ། །འོན་ཏེ་དེ་དག་གི་དེ་ནི་སེམས་ཅན་གདུལ་བའི་ཐབས་ཡིན་ནོ་ཞེ་ན། དེ་ལྟ་ཡིན་དུ་ཟད་དེ་བརྩད་པ་མེད་དོ། །སངས་རྒྱས་ཞེས་བྱ་བའི་སྒྲ་ནི་རིགས་མི་མཐུན་པ་ལས་ལོག་པས་དོན་དེ་ལྟ་བུ་ཁོ་ན་

བརྗོད་དོ། །བཅོམ་ལྡན་འདས་དེ་ལྟ་བུ་ལ་ཕྱག་འཚལ་ནས་ཅི་ཞིག་བྱ་ཞེ་ན། གཅིག་ཏུ་དགེ་བའི་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངན་སོང་དུ་ལྟུང་བ་ལས་འཛིན་པའི་ཕྱིར་རམ་རྒུད་པར་ལྟུང་བ་ལས་འཛིན་པའི་ཕྱིར་ཆོས་ཏེ། ཆོས་ནི་སྦྱིན་པ་ལ་སོགས་པའི་སེམས་པའམ་དེས་

Vol. 172 · folio 128a

བཅུག་པ་ལུས་དང་ངག་གི་སྦྱོར་བ་ཡིན་ནོ། །ཆོས་དེ་གཅིག་ཏུ་ཡོངས་སུ་དགེ་བ་སྟེ། ཐོག་མ་དང་། བར་དང་། ཐ་མར་དགེ་བ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་དུ་བྱ་བ་དོན་མེད་དེ་སྔར་བཤད་པའི་ཁྱད་པར་ཅན་གྱི་ཆོས་གང་ཡིན་པ་དེ་ཇི་ལྟར་གཞན་དུ་འགྱུར་

ཞེ་ན། དེ་ནི་བདེན་ན་འོན་ཀྱང་ཆོས་གང་ཡིན་པ་གདུང་བ་ལྔ་ལ་སོགས་པ་ལ་ཡང་ཆོས་ཀྱི་བསམ་པས་འཇུག་པར་སྣང་ངོ་། །འོན་ཏེ་སྡུག་བསྔལ་དང་དུ་ལེན་པ་དེ་ལས་བཟོད་པར་འགྱུར་ལ། སྦྱོར་བ་དེ་འདྲ་བ་ནི་ཉོན་མོངས་པ་སྐྱེ་བའི་གེགས་བྱེད་པ་ཡང་ཡིན་ནོ་ཞེ་ན། དེ་ལྟར་ཡང་

རིགས་པ་མ་ཡིན་ཏེ། བཟོད་པའི་རྒྱུ་ནི་བྱམས་པ་དང་སྙིང་རྗེ་དག་ཡིན་ལ། ཉོན་མོངས་པ་སྐྱེ་བའི་གཉེན་པོ་ཡང་མི་སྡུག་པ་ལ་སོགས་པ་བསྒོམ་པའི་ངོ་བོ་ཡིན་པས་སོ། །སྦྱིན་པ་ལ་སོགས་པའི་སེམས་པ་དང་དེས་བཅུག་པའི་སྦྱོར་བའི་མཚན་ཉིད་ཀྱི་ཆོས་ཀྱང་ཐབས་ཤེས་

རབ་དང་བྲལ་བས་དུག་དང་བཅས་པའི་ཟས་བཞིན་དུ་དགེ་བ་མ་ཡིན་པར་འགྱུར་བས་སྡུག་བསྔལ་དུ་ཡང་བྱེད་པས་དོན་དང་བཅས་པ་ཡིན་ཏེ། ཆོས་དེ་ལྟ་བུ་བཤད་དོ་ཞེས་བྱ་བར་སྦྱར་རོ། །རྒྱལ་པོ་ཞེས་བྱ་བ་ནི་བོད་པ་སྟེ། རང་གི་འཁོར་དང་ཡུལ་ཟིལ་གྱིས་མནན་ནས་མཆོག་

ཏུ་དཔའ་བས་ན་རྒྱལ་པོའོ། །བཤད་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཆོས་འགྲུབ་ཕྱིར་ཞེས་བྱ་བ་སྨོས་ཏེ། འགྲུབ་པ་ནི་མངོན་པར་འཕེལ་བའོ། །ཆོས་ཀྱི་འགྲུབ་པ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཡང་ཕུལ་དུ་དབྱུང་དུ་ཡོད་པ་དང་། དེ་ལས་གཞན་པ་དང་རྣམ་པ་གཉིས་སོ། །

དེ་ཡང་རྣམ་པ་གཉིས་ཏེ། མངོན་པར་མཐོ་བ་དང་ངེས་པར་ལེགས་པའོ། །དེ་དག་ཁྱོད་ལ་བཤད་དོ་ཞེས་བྱ་བ་ནི་བསྟན་པར་བྱ་བའོ། །རྒྱལ་པོ་ཁོ་ན་ལ་ཅིའི་ཕྱིར་བཤད་ཅེ་ན། དམ་པའི་ཆོས་ཀྱི་སྣོད་ལ་ནི། །ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནི་ཞེས་བྱ་བ་ནི་གང་གི་ཕྱིར་

གྱི་དོན་ཡིན་ཏེ། གང་དང་དེ་ནི་རྟག་ཏུ་འབྲེལ་པའི་ཕྱིར་དེའི་ཕྱིར་ཞེས་བྱ་བ་ཁོང་ནས་དབྱུང་བར་བྱའོ། །འགྲུབ་པ་ནི་འགྲུབ་པ་སྟེ། རིག་སྔགས་དང་འབྲས་ཆན་གྲུབ་པ་བཞིན་ནོ། །རིག་སྔགས་གྲུབ་པ་ལ་ནི་འབྲས་བུ་གྲུབ་གྲུབ་པ་ཡིན་ལ། འབྲས་ཆན་གྲུབ་པ་ལ་ཡང་དེ་ཉིད་

Vol. 172 · folio 128b

འབྲས་བུ་ཉིད་དུ་བརྗོད་པར་འདོད་པས་དེ་གྲུབ་གྲུབ་པ་ཞེས་བྱ་བ་མ་ཡིན་ནམ། ཆོས་ནི་ངོ་བོ་གཅིག་པ་ཡིན་པའི་ཕྱིར་ནམ་ཡང་འགྲུབ་པའི་གྲུབ་པ་མེད་དོ་ཞེ་ན། དེ་ནི་ཉེས་པ་མེད་དེ་ཆོས་འགྲུབ་པ་ཕུལ་དུ་དབྱུང་དུ་ཡོད་པ་དང་། དེ་ལས་གཞན་པ་དང་རྣམ་པ་གཉིས་སུ་བཤད་པ་ལ་རེ་ཞིག་ཕུལ་

དུ་དབྱུང་དུ་ཡོད་པ་གང་ཡིན་པ་ནི་དེ་ཉིད་འབྲས་བུ་ཉིད་དུ་བརྗོད་པར་འདོད་པས་ཉེས་པ་མེད་དོ། །འགྲུབ་པ་དེ་ཡང་གང་ལ་ཆོས་བཤད་ན་འགྱུར་ཞེ་ན་དམ་པའི་ཆོས་ཀྱི་སྣོད་ལ་སྟེ། དམ་པའི་ཆོས་མཉན་པ་དང་གཟུང་བ་ལ་སོགས་པའི་སྣོད་དུ་གྱུར་པ་ལའོ། །གཞན་ལ་ནི་མི་འགྲུབ་པ་འབའ་

ཞིག་ཏུ་མ་ཟད་ཀྱི་རང་གི་ངོ་བོ་ཡང་མི་འཐོབ་པོ། །དེ་ལྟ་བས་ན་བསྡུས་པའི་དོན་ནི་འདི་ཡིན་ཏེ། དེ་གང་གི་ཕྱིར་དམ་པའི་ཆོས་ཀྱི་སྣོད་ལ་ཆོས་བཤད་ན་འགྲུབ་པར་འགྱུར་བ་དེའི་ཕྱིར་དམ་པའི་ཆོས་ཀྱི་སྣོད་ཁྱོད་ལ་ཆོས་དེ་ལྟ་བུ་བཤད་དོ་ཞེས་བྱ་བ་ཡིན་ཏེ། དྲུག་པ་དང་བདུན་པ་དག་

ཁྱད་པར་མེད་པའི་ཕྱིར་རོ། །ཡང་ན་ཁྱོད་ལ་ཆོས་འགྲུབ་པར་བྱ་བའི་ཕྱིར་བཤད་དོ་ཞེས་བདུན་པའི་དོན་ཁོ་ན་ཡིན་པར་ཁོང་དུ་ཆུད་པར་བྱའོ། །གང་གིས་ཕུལ་དུ་དབྱུང་དགོས་པ་དེའི་ཚེ་ནི་མངོན་པར་མཐོ་བ་པ་འབྲས་བུའི་ངོ་བོ་ཕུལ་དུ་དབྱུང་དུ་མེད་པ་དང་ངེས་པར་ལེགས་པ་འགྲུབ་པར་

འགྱུར་ཞིང་འཐོབ་པོ་ཞེས་བརྗོད་པར་བྱའོ། །ཆོས་བཤད་དོ་ཞེས་བཤད་པའི་ཆོས་དེ་ཡང་ལུང་གི་མཚན་ཉིད་དང་། རྟོགས་པའི་མཚན་ཉིད་དོ། །དེ་ལ་རྟོགས་པའི་མཚན་ཉིད་ནི། །སོ་སོ་རང་གིས་རིག་པར་བྱ་བ་སྟེ། དེ་ཡང་ལུང་གི་མཚན་ཉིད་ཀྱི་ཆོས་གོམས་པས་རྟོགས་པར་བྱ་བ་

ཡིན་པས་དེ་ཉིད་བརྗོད་པར་བྱའོ། །དེ་ཡང་རྣམ་པ་གཉིས་ཏེ་མངོན་པར་མཐོ་བ་དང་ངེས་པར་ལེགས་པའོ། །དེ་ལ་ངེས་པར་ལེགས་པ་ནི་མཆོག་ཏུ་ཟབ་པ་ཕྲ་བ་ཤེས་རབ་ཀྱི་སྤྱོད་ཡུལ་ཡིན་པས་དེ་དང་པོར་བསྟན་ན་སེམས་ཅན་བློ་མ་བྱང་བ་གང་དག་ཡིན་པ་དེ་དག་གིས་གཏིང་མི་སླེབས་

པས་སྤོང་བ་ལྷུར་བླངས་ནས་མཚམས་མེད་པའི་འགྲོ་བ་དམྱལ་བ་ལ་སོགས་པར་འགྲོ་བར་འགྱུར་ཏེ། ཇི་སྐད་དུ་འདིས་འདི་ཉིད་ལས། སྤོང་བས་མ་རུང་བདག་ཉིད་ཅན། །མནར་མེད་པར་ནི་སྤྱིའུ་ཚུགས་འགྲོ། །ཞེས་འཆད་པར་འགྱུར་རོ། །ཁ་ཅིག་ནི་དོན་ངེས་པར་མ་ཟིན་

Vol. 172 · folio 129a

པས་ཆད་པར་ལྟ་བར་ལྟུང་སྟེ། རང་དང་གཞན་རླག་པར་བྱེད་ཅིང་སེམས་ཅན་གྱི་འདྲོན་པོ་རབ་ཏུ་མང་པོ་དེད་ནས་འཁོར་བའི་འབྲོག་དགོན་པར་ཞུགས་ཏེ་སྡུག་བསྔལ་ལ་གཞོལ་བར་འགྱུར་རོ། །དེ་ལྟ་ན་ནི་ཆོས་བཤད་དེ་ཞེས་སྨྲས་ནས། དེ་དག་ལ་ཆོས་མ་ཡིན་

པ་བཤད་པར་འགྱུར་རོ། །རྒྱལ་པོ་ཞེས་བཤད་པ་འདི་ཡང་སྤྱིར་བསྟན་པ་ཡིན་ཏེ། དེ་སྐད་དུ་མ་བྱང་བ་ལ་དང་པོར་བསྟན་པ་ནི་བཟང་པོ་མ་ཡིན་ནོ་ཞེས་བྱ་བ་ནས་དེ་བཞིན་དུ། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་འགྱུར། །ཞེས་བཤད་དོ། །རྩ་བའི་ལྟུང་

བའི་སྐབས་ནས་ཀྱང་། བློ་མ་སྦྱངས་པའི་སེམས་ཅན་ལ། །སྟོང་པ་ཉིད་ནི་སྟོན་པ་དང་། །ཞེས་བཤད་དོ། །དེ་ལྟ་བུ་ལ་དགོངས་ནས་འཕགས་པ་ཆོས་ཀྱི་གྲལ་རིམས་ཤོམ་པར་མཛད་པ་ན་སེམས་ཅན་སྣོད་དུ་གྱུར་པ་རྣམས་ལ་ཐབས་མི་ཉམས་པར་བྱ་བའི་ཕྱིར། གང་ཞིག་ལ།

དང་པོ་མངོན་པར་མཐོ་བའི་ཆོས། །ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་གོ་རིམས་སྟོན་པར་མཛད་དོ། །གང་ཞིག་ལ་ཞེས་པ་ནི་མངོན་པར་མཐོ་བའི་ཆོས་གང་ཞིག་ལ་གནས་ན་ཐོས་པ་དང་བསམ་པ་ལ་སོགས་པའི་རིམ་གྱིས་དུས་ཕྱིས་ངེས་པར་ལེགས་པ་འབྱུང་བ་བསམ་གཏན་དང་ཤེས་རབ་ཀྱི་མཚན་

ཉིད་འབྱུང་ཞིང་སྲིད་པའོ། །དང་པོར་ཞེས་པ་ནི་སྔར་རོ། །མངོན་པར་མཐོ་བའི་རྒྱུ་ཡིན་པའི་ཕྱིར་མངོན་པར་མཐོ་བ་སྟེ། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར། །དཔེར་ན་ཚེ་ནི་མར་ཡིན་ནོ། །ཞེས་པ་ལྟ་བུའོ། །འདི་ག་ལས་ཤེ་ན། དེ་ལ་མངོན་མཐོ་བདེ་བས་ཏེ། །ཞེས་འབྱུང་བའི་

ཕྱིར་རོ། །བདེ་བ་ནི་ཆོས་ཡིན་པར་རིགས་པ་མ་ཡིན་ཏེ། དེའི་འབྲས་བུ་ཡིན་པའི་ཕྱིར་རོ། །ངེས་པར་ལེགས་པ་ལ་དེ་བཞིན་དུ་བརྗོད་པར་བྱའོ། །ཆོས་ནི་བཤད་པའི་མཚན་ཉིད་འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ལ་གནས་པའི་བདེ་བ་ཐོབ་པ་དང་མཐུན་པའི་སྦྱིན་པ་དང་། ཚུལ་ཁྲིམས་

ལ་སོགས་པའི་མཚན་ཉིད་དོ། །ཆོས་རྣམ་པ་གཉི་གའི་ཡང་འབྲས་བུ་འབྲེལ་པ་མི་སླུ་བ་སྟོན་པ་ན་འབྲས་བུ་སྒྲུབ་པར་བྱེད་པ་ཁོ་ནའི་ཆོས་སྟོན་པར་མཛད་དོ། །མངོན་པར་མཐོ་བ་དང་ངེས་པར་ལེགས་པ་སྔར་བཤད་པའི་དགོངས་པ་ཚིགས་སུ་བཅད་པས་བཤད་པ་དེ་མ་ཤེས་

Vol. 172 · folio 129b

པའི་ཕྱིར་གལ་ཏེ་འགའ་ཞིག་འདི་སྐད་ཅེས་ཅིའི་ཕྱིར་རིམ་པ་འདི་ལ་བརྟེན་ཞེས་སྨྲ་ན། དེའི་ཕྱིར་རྒྱུ། གང་ཕྱིར་མངོན་པར་མཐོ་ཐོབ་ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་གང་གི་ཕྱིར་ཐོབ་ཅིང་རྙེད་ནས་སོ། །རིམ་ནི་རིམ་པའོ། །རིམ་གྱིས་ཞེས་བྱ་བ་ནི་རིམ་པ་ལ་བརྟེན་ནས་

ཏེ། ནས་ཞེས་བྱ་བ་ནི་མི་མངོན་པར་བྱས་པའི་ལྔ་པ་ཡིན་ནོ། །ཡང་ན་རིམ་གྱིས་ཞེས་བྱ་བ་རིམ་པས་ཞེས་གསུམ་པའི་དོན་ཡིན་ནོ། །འོང་བར་ནི་འོང་བར་འགྱུར་བའོ། །བཟློག་པ་ནི་སྔར་བཤད་པ་ཡིན་ནོ། །ད་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་དག་མི་ཤེས་པ་རྣམས་

ལ། དེ་ལ་མངོན་མཐོ་ཞེས་པ་སྟེ། །ཞེས་བྱ་བ་ལ་སོགས་པས་བྱེ་བྲག་ཏུ་སྟོན་པར་བྱེད་དོ། །གོང་མ་བཞིན་དུ་བདེ་བའི་རྒྱུ་ཡིན་པའི་ཕྱིར་བདེ་བ་སྟེ། མངོན་པར་མཐོ་བའི་ཆོས་གང་ཡིན་པ་དེ་ནི་འཇིག་རྟེན་པའི་ཕུན་སུམ་ཚོགས་པའི་བདེ་བ་མཐའ་དག་འཐོབ་པ་དང་མཐུན་པའི་ཕྱིར་

བདེ་བ་ཞེས་བྱའོ། །ཐར་པ་འཐོབ་པ་མཐུན་པའི་ཆོས་ནི་ཐར་པའོ། །འདོད་པ་ནི་བཞེད་པ་སྟེ། བདེ་བ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེའི་ཞེས་བྱ་བ་ནི་བསྟན་མ་ཐག་པ་རྣམ་པ་གཉི་གའི་སྒྲུབ་པ་གང་ཡིན་པ་དེའི་མདོར་བསྡུས་པ་དང་རྒྱས་པ་ནི་མི་མཐུན་པའི་ཕྱོགས་ཏེ་

བརྗོད་པ་ཉུང་བའོ། །དད་པ་ནི་ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་དག་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་ཅན་གྱི་སེམས་རབ་ཏུ་དང་བའོ། །དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་ཤེས་པས་ན་ཤེས་རབ་སྟེ་བློའི་ཁྱད་པར་རོ། །དད་པ་དང་ཤེས་རབ་ལ་དེ་སྐད་ཅེས་བྱ་

སྟེ། མདོར་ན་དེ་གཉིས་ཡིན་ནོ། །མདོར་བསྡུས་ན་ཞེས་བྱ་བ་དང་། མདོར་ན་ཞེས་བྱ་བ་དག་ལ་ཁྱད་པར་ཅི་ཡོད་ནས་འདི་ལྟར་གཉིས་སྨོས་ཤེ་ན། སྔ་མ་ནི་སྒྲུབ་པའི་ཁྱད་པར་རོ། །གཞན་ནི་དད་པ་ལ་སོགས་པའི་ཡིན་པས་ཉེས་པ་མེད་དོ། །ཡང་ན་སྒྲ་རྣམས་ཀྱི་དོན་དུ་མ་

ཡིན་པའི་ཕྱིར་སྔ་མ་ནི་བསྟན་པའི་ཚིག་ཡིན་ནོ། །འདི་ལྟར་དོན་གཉིས་ཀྱིས་བསྒྲུབ་པ་ཡིན་ཞེ་ན། དད་ཅན་ཉིད་ཕྱིར་ཆོས་ལ་བརྟེན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་དད་པ་ཡོད་པ་དེ་ནི་དད་པ་ཅན་ཡིན་ནོ། །དེའི་ངོ་བོ་ནི་དད་པ་ཅན་ཉིད་དོ། །དེའི་ཕྱིར་དད་པ་

Vol. 172 · folio 130a

ཅན་ལ་བརྟེན་ནས་ཞེས་བྱ་བ་རྣམ་པར་དབྱེ་བ་སྔ་མ་བཞིན་ནོ། རྟེན་པར་བྱེད་པ་ནི་བྱེད་པའོ། །དོན་ནི་འདི་ཡིན་ཏེ་གལ་ཏེ་ཆོས་དེ་ལ་ཡིད་ཆེས་པ་སྐྱེས་པར་གྱུར་ན་དེའི་འོག་ཏུ་མཉན་པ་ལ་སོགས་པའི་རིམ་གྱིས་ཆོས་དེ་ལ་བརྟེན་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །

ཤེས་རབ་ལྡན་ཕྱིར་ཞེས་བྱ་བ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཡང་དག་ཅེས་བྱ་བ་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུའོ། །རིག་ཅེས་བྱ་བ་ནི་ཤེས་པའོ། །དད་པ་ཡང་བརྒྱུད་པས་ངེས་པར་ལེགས་པའི་རྒྱུར་འགྱུར་བ་ཉིད་དེ། ཇི་སྐད་དུ་དཀོན་མཆོག་ཏ་ལ་ལ་ལས་འབྱུང་བ་ལྟ་བུ་ཡིན་མོད་

ཀྱི་འོན་ཀྱང་དེ་ཁོ་ན་ཉིད་རྟོགས་པར་བྱེད་པ་ནི་ཤེས་རབ་ཁོ་ན་ཡིན་ནོ་སྙམ་དུ་ཐུགས་ལ་དགོངས་ནས་འདི་སྐད་དུ། དེ་གཉིས་གཙོ་བོ་ཤེས་རབ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཙོ་བོ་ནི་གཙོ་བོ་སྟེ་གཅེས་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིའི་ཞེས་བྱ་བ་ནི་བསྒྲུབ་པ་རྣམ་པ་གཉིས་ཀྱིའོ། །སྔོན་

དུ་དང་པོར་འགྲོ་ཞིང་འཇུག་པས་ན་སྔོན་དུ་འགྲོ་བའོ། །ཡིན་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ཤེས་རབ་ཁོ་ན་ཡིན་ནོ་ཞེས་བྱ་བར་དགོངས་པའི་ཕྱིར་རོ། །དེ་བཞིན་དུ་གཉིས་པ་ཡང་དད་པ་ཁོ་ནི་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དད་པ་ཅན་ཡང་གང་ཞིག་ཡིན་ཞེ་ན། འདུན་དང་ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། འདུན་པ་ནི་ཆགས་པའོ། །ཞེ་སྡང་ནི་ཀུན་ནས་མནར་སེམས་ཀྱི་བསམ་པའོ། །འཇིགས་པ་ནི་བྲེད་པ་སྟེ་སེམས་ཀུན་ནས་འཁྲུགས་པའོ། །རྨོངས་པ་ནི་མི་ཤེས་པ་སྟེ། རིགས་པ་དང་མི་རིགས་པ་དཔྱོད་མི་ནུས་པ་ཉིད་དོ། །གང་ཞིག་རྒྱུ་དེ་རྣམས་ཀྱིས་ཆོས་

ལས་མི་འདའ་ཞིང་མི་འདོར་བ་དེ་ནི་དད་པ་ཅན་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་ཞིང་ཁོང་དུ་ཆུད་པར་བྱའོ། །ངེས་པར་ལེགས་པ་ཐར་པའི་སྣོད་ནི་གཞིའོ། །མཆོག་ནི་དམ་པའོ། །དད་པ་ཅན་གྱི་མཚན་ཉིད་བཤད་ཟིན་ཏོ། །གང་ཞིག་ལུས་ངག་ཅེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་

མཚན་ཉིད་སྟོན་ཏོ། །ལུས་ནི་བསགས་པ་སྟེ་ལག་པ་ལ་སོགས་པའི་ཚོགས་སོ། །ངག་ནི་ཚིག་གོ། །ལུས་དང་ངག་དང་ཡིད་ནི་ལུས་དང་ངག་དང་ཡིད་དོ། །དེ་དག་གིས་བྱས་པའི་ལས་ནི་ལུས་དང་ངག་དང་ཡིད་ཀྱི་ལས་ཏེ། །འདི་ནི་དགེ་བའོ། །འདི་ནི་མི་དགེ་བའོ། །འདི་ནི་

Vol. 172 · folio 130b

ལུང་དུ་མ་བསྟན་པའོ་ཞེས་ཕྱིན་ཅི་མ་ལོག་པའི་ཐབས་ཀྱིས་ཡོངས་སུ་བརྟགས་ཤིང་དཔྱད་དེ། དེ་ལ་མི་དགེ་བ་དང་ལུང་དུ་མ་བསྟན་པ་དག་ཡོངས་སུ་ཤེས་ནས་དགེ་བ་བྱེད་པའོ། །དེ་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་ཕྱིར། བདག་དང་གཞན་ལ་

ཕན་པ་སྟེ། བདག་དང་གཞན་ནི་བདག་དང་གཞན་དག་གོ། །འདི་ནི་དེ་དག་གི་འམ་དེ་དག་ལ་ཕན་པའོ་ཞེས་བྱ་བར་ཤེས་ནས་ཏེ་ཤེས་པར་བྱས་ནས་སོ། །རྟག་ཏུ་བྱེད་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །དེ་མཁས་པ་སྟེ་དེ་ནི་ཤེས་རབ་དང་ལྡན་པ་ཡིན་ནོ། །དེ་ལྟར་ཆོས་བཤད་

པའི་ཕྱིར་ཅི་ལ་མ་རེག་པའི་ཆ་བ་བྱས་ནས། ད་ནི་མི་གསོད་པ་དང་རྐུ་སྤོང་ཞེས་བྱ་བ་ལ་སོགས་པས་ཆོས་སྟོན་པར་མཛད་དེ། གསོད་པ་ནི་སྲོག་ཆགས་གསོད་པའོ། །མི་ཞེས་བྱ་བ་ནི་གསོད་པ་མེད་པ་ཁོ་ནའོ་ཞེས་མེད་པར་དགག་པ་ཡིན་པས་མི་གསོད་པ་ནི་སྲོག་གཅོད་པ་སྤངས་པ་

ཡིན་ནོ། །རྐུ་བ་ནི་མཐུའམ་འཇབ་བུས་གཞན་གྱི་ནོར་རང་གིར་བྱེད་པའོ། །དེ་སྤོང་བ་ནི་བསམ་པ་ཐག་པ་ནས་ལོག་པ་སྟེ་མ་བྱིན་པར་ལེན་པ་སྤངས་པ་ཡིན་ནོ། །བདག་ལ་ལྟོས་ནས་སྐྱེ་བོ་གཞན་ནི་གཞན་ཏེ་དེའི་ཆུང་མ་དག་གོ། །དེ་དག་སྤོང་བ་ནི་ཡོངས་སུ་སྤོང་བ་སྟེ། །

འདོད་པས་ལོག་པར་གཡེམ་པ་སྤོང་བ་ཡིན་ནོ། །འདིས་ནི་ལུས་ཀྱི་ཉེས་པ་སྤོང་བ་བཤད་དོ། །ལོག་དང་ཕྲ་མ་ཞེས་བྱ་བ་ལ་སོགས་པས་ནི་ངག་གི་ཉེས་པ་སྤོང་བ་སྟོན་ཏེ། ལོག་པ་ནི་མི་བདེན་པའོ། །ཕྲ་མ་ནི་དབྱེན་སྨྲ་བའོ། །རྩུབ་པ་ནི་བརླང་བ་སྟེ། མི་འདོད་པའོ། །དེའི་ངོ་

བོ་ནི་རྩུབ་པ་ཉིད་དོ། །མ་འབྲེལ་བ་ནི་ཆོས་ཀྱི་དོན་ལ་སོགས་པ་དང་མ་འབྲེལ་བ་སྟེ་ཚིག་ཀྱལ་པའོ། །ལོག་པ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། མ་འབྲེལ་བ་ནི། ལོག་དང་ཕྲ་མ་རྩུབ་ཉིད་དང་། །མ་འབྲེལ་བ་དག་གོ། །སྨྲ་བ་ནི་སྨྲ་བར་བྱེད་པ་སྟེ། དེ་དག་ནི་ལོག་པར་ལྟ་

བ་ལ་སོགས་པ་ཡང་ཡིན་ལ་སྨྲ་བ་ཡང་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་ནས་ཚིག་བསྡུའོ། །དེ་དག་ཡང་དག་པར་སྡོམ་པ་ནི་སེམས་ཀྱིས་བག་བྱ་བ་སྟེ་སྤོང་བའོ། །འདིས་ནི་ངག་གི་ཉེས་པ་སྤོང་བ་བཤད་དོ། །ཡིད་ཀྱི་ཉེས་པ་སྤོང་བའི་དབང་དུ་མཛད་ནས་ཆགས་དང་

Vol. 172 · folio 131a

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆགས་པ་ནི་གཞན་གྱི་རྙེད་པ་ལ་སྲེད་པའོ། །གནོད་སེམས་ནི་སེམས་ཅན་ལ་རྣམ་པར་སྡང་བའོ། །གང་ལ་འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་དོ་སྙམ་པའི་བློ་ཡོད་པ་དེ་ནི་མེད་པ་པའོ། །དེའི་ངོ་བོ་ནི་མེད་པ་པ་ཉིད་

དོ། །དེའི་ལྟ་བ་ནི་མེད་པའི་རྣམ་པ་ཅན་གྱི་མཐོང་བའོ། །ཆགས་པ་དང་གནོད་སེམས་དང་མེད་པ་པ་ཉིད་ཀྱི་ལྟ་བ་ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་ནས་གཉིས་པ་ཞེས་བྱ་བའི་ཚིག་བསྡུ་བ་ཡིན་ནོ། །དེ་རྣམས་ཡོངས་སུ་སྤོང་བ་ནི་ཀུན་ནས་སྤོང་བ་སྟེ། ཉེས་པའི་བསམ་པ་རྣམ་

པ་བཅུ་ཆར་ཡང་མི་ལེན་པའི་ཕྱིར་རོ། །འདི་དག་ཅེས་བྱ་བ་ནི་མི་གསོད་པ་ལ་སོགས་པ་ལ་སྙེགས་སོ། །ལས་ནི་གསོད་པ་ལ་སོགས་པ་སྤོང་བའི་མཚན་ཉིད་ཀྱིས་བྱ་བའོ། །དེ་ཉིད་ལམ་ཡིན་ཏེ། གནས་གཞན་དུ་འགྲོ་བའི་ཐབས་ཡིན་པའི་ཕྱིར་རོ། །དེ་དང་འདྲ་བར་ལས་

ཉིད་ལམ་ཡིན་པས་ན་ལས་ཀྱི་ལམ་མོ། །དཀར་པོ་ནི་ཉེས་པའི་དྲི་མ་དང་བྲལ་བའི་ཕྱིར་རོ། །བཅུ་ཞེས་བགྲང་བ་ནི་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ། །དེ་དག་ལས་བཟློག་ཅིང་མི་མཐུན་པ་ནི་སྡིག་པའི་དྲི་མས་དྲི་མ་ཅན་དུ་བྱས་པ་ཡིན་པའི་ཕྱིར་ནག་པོ་བཅུའོ། །ཅི་

ཆོས་དེ་དག་ཁོ་ན་ཙམ་དུ་ཟད་དམ་ཞེ་ན། ཆང་མི་འཐུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མྱོས་པར་འགྱུར་བས་ན་ཆང་སྟེ། ལུས་དང་སེམས་རང་དབང་མེད་པར་བྱེད་པའོ། །རང་དབང་མེད་པས་ནི། མི་བྱ་བ་ཅི་ཡང་མེད་པས་མེད་པར་དགག་པའི་

ཚུལ་གྱིས་ཞེས་བྱ་བ་ནི་དགག་པ་ཡིན་ནོ། །འཐུང་བ་ནི་མིད་པའོ། །ཆང་ལ་འཐུང་བ་ནི་ཆང་ལ་འཐུང་བ་སྟེ། དེ་ལྟ་བུ་མིད་པའོ། །དེ་བཞིན་དུ་འདིས་འཚོ་བར་བྱེད་པས་ན་འཚོ་བ་སྟེ་འཚོ་བ་ཉིད་འཚོ་བའོ། །འདིར་ཡང་རྒྱུ་ལ་འབྲས་བུ་བཏགས་པ་ནི་སྔ་མ་བཞིན་ནོ། །འཚོ་བ་བཟང་

པོ་ནི་ཚུལ་འཆོས་པ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ཕྱིར་རོ། །རྣམ་པར་འཚེ་བ་ནི་རྣ་བ་དང་སྣ་གཅོད་པ་དང་རྡེག་པ་དང་། འཆིང་བ་ལ་སོགས་པའོ། །དེ་ལྟ་བུ་མེད་པས་ན་རྣམ་པར་མི་འཚེ་བའོ། །མི་གསོད་པ་དང་ཞེས་བྱ་བ་ནས་བཟུང་སྟེ། རྣམ་མི་འཚེ་དང་ཞེས་བྱ་བའི་བར་

Vol. 172 · folio 131b

འདིས་ནི་ལྡོག་པའི་མཚན་ཉིད་ཀྱི་ཆོས་བཤད་དོ། །གུས་སྦྱིན་དང་ཞེས་བྱ་བ་ལ་སོགས་པས་ནི་འཇུག་པའི་མཚན་ཉིད་ཀྱི་ཆོས་བཤད་དོ། །གུས་པ་ནི་བཀུར་སྟི་དང་དུས་ཇི་ལྟ་བ་བཞིན་ལ་སོགས་པ་དང་ལྡན་པའི་ཕྱིར་ཏེ། ཇི་སྐད་དུ། དད་པའི་ཆུ་ཀླུང་དྲི་མེད་བྱས་པ་ཡིད་ཀྱིས་ནི། །རང་གི་

ལག་ནས་དུས་སུ་གཞན་ལ་གནོད་མེད་པར། །གུས་དང་བཀུར་སྟི་ལྷུར་བླངས་སྦྱིན་བ་སྦྱིན་པ་ནི། །མཚན་ཉིད་ཀུན་རྫོགས་ཡོན་ཏན་ལྡན་ཞེས་ཐུབ་རྣམས་གསུང་། །ཞེས་བཤད་པ་ལྟ་བུའོ། །སེམས་པའི་ཁྱད་པར་གང་གིས་སྦྱིན་པ་དང་། དེས་བཅུ་པ་དོན་ཡོངས་སུ་གཏོང་བ་ནི་སྦྱིན་

པའོ། །དེ་ནི་རང་གི་དོན་ལ་སོགས་པའི་རྒྱུ་མཚན་ཏེ། དེ་ཡང་ཟང་ཟིང་དང་། མི་འཇིགས་པ་དང་། ཆོས་ཀྱི་བྱེ་བྲག་གིས་རྣམ་པ་གསུམ་མོ། །དང་ཞེས་བྱ་བའི་སྒྲ་ནི་བསྡུ་བ་ཡིན་ནོ། །མཆོད་འོས་ནི་མཆོད་པར་འོས་པས་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་སོགས་པའོ། །དེ་རྣམས་

མཆོད་པ་སྟེ། དེ་ཡང་ཟང་ཟིང་དང་། སྒྲུབ་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དང་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ། །བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་ཉེ་བར་བསྒྲུབ་པའི་བསམ་པ་འདོད་པའི་འདོད་ཆགས་དང་། ལན་དུ་ཕན་འདོགས་སུ་རེ་བ་སྤངས་པའོ། །ཆོས་ནི་

འཇུག་པ་དང་ལྡོག་པའི་མཚན་ཉིད་དོ། །གདུང་བ་ལྔ་ལ་སོགས་པས་ཀྱང་ལུས་གདུང་བར་བྱེད་པའི་ཕྱིར་གཞན་ནས་ཆོས་སུ་བཤད་པ་མ་ཡིན་ནམ། དེ་ཅིའི་ཕྱིར་འདིར་མ་བསྡུས་ཤེ་ན་དེའི་ཕྱིར། ལུས་གདུང་བྱེད་པ་འབའ་ཞིག་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ནི་ཁོག་

པའོ། །གདུང་བ་ནི་གདུང་བར་བྱེད་པ་སྟེ། གནོད་པར་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པའི་ཐབས་དང་བྲལ་བ་དེ་འབའ་ཞིག་ལ་ནི་ཆོས་མེད་ཅིང་ཡོད་པ་མ་ཡིན་ཏེ། འདི་ལྟར་ལུས་གདུང་བ་དེ་ནི་འབའ་ཞིག་པས་ནི་གཞན་ལ་གནོད་པ་སྟེ་གནོད་པར་བྱེད་པ་སྤོང་བར་བྱེད་ཅིང་

ལྡོག་པ་ཡང་མེད་ལ། གཞན་དག་ལ་ཕན་འདོགས་པ་སྟེ། ཟང་ཟིང་དང་མི་འཇིགས་པ་དང་། ཆོས་ཀྱི་སྦྱིན་པའི་བྱེ་བྲག་གིས་ཕན་པ་ཉེ་བར་བསྒྲུབ་པ་ཡང་ཡོད་པ་མ་ཡིན་པས་གཉི་གའི་མཚན་ཉིད་ཀྱི་ཆོས་ནི་ཁོ་བོས་གཉིས་ཀྱི་མཚན་ཉིད་ཅན་བཤད་པ་གང་ཡིན་པ་འདི་ཁོ་ན་ཡིན་ནོ། །

Vol. 172 · folio 132a

གང་ཞིག་མི་ཤེས་པས་ཆོས་འདི་ལ་མ་གུས་ཏེ། ལམ་ངན་པའི་རྗེས་སུ་འགྲོ་ཞིང་མུ་སྟེགས་ཅན་གྱི་ཆོས་ཀྱི་ལམ་ལུས་ལ་གནོད་པ་བྱེད་པའི་མཚན་ཉིད་དུ་འགྲོ་བ་འཁོར་བ་པ་དེ་ནི་ཤིན་ཏུ་ཡུན་རིང་པོར་སྡུག་བསྔལ་གྱི་སྣོད་ཡིན་ནོ་ཞེས་བསྟན་པའི་ཕྱིར། སྦྱིན་དང་ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། སྦྱིན་པའི་མཚན་ཉིད་བཤད་ཟིན་ཏོ། །ལུས་དང་སེམས་བསིལ་བར་བྱེད་པའི་ཕྱིར་སྤོང་བ་བདུན་གྱི་མཚན་ཉིད་ཀྱི་དོན་ནི་ཚུལ་ཁྲིམས་སོ། །བརྣབ་སེམས་མེད་པ་ལ་སོགས་པ་ནི་འདི་ཉིད་དུ་འདུས་ཏེ། གང་ཞིག་མ་བྱིན་པར་ལེན་པ་སྤངས་པ་དེ་ཇི་ལྟར་བརྣབ་སེམས་

སྐྱེད་པར་འགྱུར། གསོད་པ་སྤངས་པ་ཡང་ཇི་ལྟར་གནོད་སེམས་སྐྱེད་པར་འགྱུར། ཡང་དག་པའི་ལྟ་བ་ཅན་ནི་ཚུལ་ཁྲིམས་ཀྱིས་བརྒྱན་པ་ཡིན་པས་ལོག་པར་ལྟ་བ་སྤངས་པ་ཡིན་ནོ། །བཅུ་པ་སྤངས་པར་གསུངས་པ་ནི། །སེམས་ཅན་བླུན་པོས་ཁོང་དུ་ཆུད་པར་བྱ་བའི་དོན་དུ་ཟད་དོ། །

བཟོད་པ་ནི་ཁྲོ་བ་བཟོད་པའོ། །བཟོད་པ་དེ་ཡང་ཐེག་པ་ཆེན་པོས་འགྲོ་བའི་འཕགས་པ་རྣམས་ཀྱི་རྣམ་པ་གསུམ་དུ་འགྱུར་ཏེ། སྒྲའི་རྗེས་སུ་འགྲོ་བ་ནི་ས་ལྔ་པའོ། །རྗེས་སུ་མཐུན་པ་ནི་ས་གཉིས་པ་ལའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ནི་ས་བརྒྱད་པ་ལའོ། །ཡང་རྣམ་པ་

གསུམ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། གནོད་པ་བྱས་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། ཆོས་ལ་ངེས་པར་རྟོགས་པའི་བཟོད་པའོ། །སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དག་ནི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དག་སྟེ། དང་ཞེས་བྱ་བའི་དོན་ནི་

བ་གཉིས་པ་ཡིན་པས་བ་གཉིས་པའི་ཚིག་བསྡུ་བ་ཡིན་ནོ། །དེ་དག་གི་མཚན་ཉིད་གསལ་བ་ནི་ཤིན་ཏུ་གསལ་ཞིང་ཐིབས་པོ་མ་ཡིན་པའོ། །དམ་པ་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ནི་དམ་པའི་ཆོས་སོ། །ཡང་ན་ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་

བཟང་པོ་ཡིན་ནོ། །འདི་ནི་ལམ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ལམ་པོ་ཆེའོ། །གང་གིས་འདི་ཆེན་པོ་ཉིད་ཡིན་ཞེ་ན། གྲངས་ལས་འདས་པའི་རྒྱལ་བ་རྣམས་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར་རོ། །ཡང་ན་ཆེན་པོ་བཅོམ་ལྡན་འདས་རྣམས་ཀྱི་ལམ་ཡིན་ལ། དེ་དག་

Vol. 172 · folio 132b

གི་ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་ཆེ་བའི་ཕྱིར་ཆེ་བ་ཉིད་དོ། །དམ་པའི་ཆོས་ཉིད་ལམ་པོ་ཆེ་ཡིན་ནོ། །འདི་ལ་ལམ་དང་ཆོས་མཐུན་པ་ཉིད་གང་ཡིན་ཞེ་ན། བརྗོད་པར་འདོད་པའི་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་ཕྱིན་པའི་རྒྱུ་མཚན་ཉིད་ཡིན་པའོ། །གང་ཞིག་གཏི་མུག་པས་དམ་

པའི་ཆོས་ཀྱི་ལམ་པོ་ཆེ་དེ་ལྟ་བུ་ལ་མ་གུས་ཤིང་ཁྱད་དུ་བསད་དེ་བརྙས་པའི་བསམ་པས་འདི་ནི་ཆོས་མ་ཡིན་ནོ་ཞེས་ཡོངས་སུ་བོར་ནས་འགྲོ་ཞིང་འགྲོ་བར་བྱེད་པའོ། །གང་དག་ཏུ་ཞེ་ན། གནག་གི་ལམ་ལྟ་བུའི་ལམ་གོལ་བ་དག་ཏུའོ། །གནག་རྣམས་ཀྱི་ལམ་སྟེ་ལམ་གོལ་

བའི་ངོ་བོ་དག་གོ། །དེ་དག་ཏུ་སྟེ་འདི་སྐད་དུ་བཤད་པ་ཡིན་ནོ། །དཔེར་ན་གནག་གི་ཁྱུ་ནས་གནག་གཙོ་བོ་ལ་མ་གོལ་བ་གང་དུ་འགྲོ་བ་དེར་གཞན་དག་ཀྱང་རུང་བ་དང་ཡང་བ་ཡོངས་སུ་མི་ཤེས་པས་འགྲོ་བར་བྱེད་པ་དེ་བཞིན་དུ་མུ་སྟེགས་ཅན་ཕྱུགས་འདི་དག་ཀྱང་། ཆོས་

ཀྱི་ལམ་ལ་མ་གུས་ནས་ཆོས་མ་ཡིན་པའི་ལམ་ལམ་གོལ་བའི་ངོ་བོ་ལུས་གདུང་བ་ལ་སོགས་པའི་མཚན་ཉིད་དུ་འཁོར་བའི་སྡུག་བསྔལ་ལས་ཐར་པའི་བསམ་པས་འགྲོའོ་ཞེས་བྱ་བ་ཡིན་ནོ། །དེ་གང་དུ་འཇུག་ཅིང་། གནས་གང་དུ་འགྲོ་ཞེ་ན། འཁོར་བའི་འབྲོག་དགོན་པར་རོ། །

འཁོར་བ་ནི་འཁོར་བར་འགྱུར་བ་སྟེ། ཕུང་པོའི་ཚོགས་འགྲོ་བ་གཞན་ནས་འགྲོ་བ་གཞན་དུ་ཕྱིན་པའོ། །འཁོར་བ་ཞེས་བྱ་བ་དེ་ལས་གཞན་ནི་ཡོད་པ་མ་ཡིན་གྱི། ཕུང་པོ་དེ་དག་ཉིད་འཁོར་བས་ན་དེ་སྐད་ཅེས་བྱ་སྟེ། དཔེར་ན་བྱ་རོག་གི་ནག་པོ་དང་། ཆུ་སྐྱར་གྱི་དཀར་པོ་

ཞེས་བྱ་བ་ལྟ་བུའོ། །དེ་ཉིད་འབྲོག་ཡིན་ཏེ། བྱ་དང་། རི་དགས་དང་། རྩྭ་དང་ཤིང་གིས་གང་ཞིང་སྐྱེས་བུ་དམ་པས་སྤངས་པའི་ཡུལ་ལ་ནི་འབྲོག་ཅེས་བྱའོ། །དེ་ཡང་མི་དགེ་བའི་གྲོགས་པོ་བྱ་དང་། རི་དགས་དང་། རྩྭ་དང་། ཤིང་ལྟ་བུས་གང་ཞིང་དགེ་བའི་བཤེས་གཉེན་

དང་བྲལ་བ་ཡིན་ནོ། །འབྲོག་དེ་ནི་སེམས་ཅན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་མང་བའི་ཕྱིར་མི་བཟད་ཅིང་བགྲོད་དཀའ་བ་ཡིན་ནོ། །མཐའ་ཡས་སྐྱེ་བོའི་ཤིང་ཅན་དུ། །ཞེས་བྱ་བ་ནི་ཆོས་མཐུན་པ་སྟོན་པ་ཡིན་ནོ། །དེ་དག་ནི་སྐྱེ་བོ་ཡང་ཡིན་ལ་མཐའ་ཡས་པ་ཡང་ཡིན་

Vol. 172 · folio 133a

པས་ཞེས་ཚིག་བསྡུ་སྟེ། གྲངས་དང་ཚད་དག་གིས་མཐའ་མི་ཟིན་པས་མཐའ་ཡས་པའོ། །གང་ལ་ཤིང་དེ་དག་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དམ་པའི་ཆོས་དང་བྲལ་ཞིང་ལྟ་བ་ངན་པའི་ཐིབས་པོར་ལྷུང་བ་དེ་གང་དག་དང་གནས་པར་གྱུར་པ་དེ་དག་ནི་ཤིང་

ལྟ་བུ་ཡིན་ཏེ། དམ་པའི་ཆོས་སེམས་པ་དང་བྲལ་བས་ན་དེ་སྐད་ཅེས་བྱའོ། །འདོད་ཆགས་ལ་སོགས་པ་ནི་ལུས་དང་སེམས་ཀྱི་རྒྱུད་ཉོན་མོངས་པར་བྱེད་པས་ན་ཉོན་མོངས་ཞེས་བྱའོ། །དེ་དག་ཉིད་གནོད་པར་བྱེད་པའི་ཕྱིར་གདུག་པའོ། །དེ་དག་གི་ལུས་འཁྱུད་པ་ནི་འཁྱུད་

པའི་ལུས་ཏེ། ཉོན་མོངས་དང་ཉེ་བའི་ཉོན་མོངས་པར་རང་དབང་མེད་པས་ཤིན་ཏུ་ཡུན་རིང་དུ་ཞེས་བྱ་བ་མཐའ་མེད་པར་འཇུག་པར་འགྱུར་ཞིང་། རབ་ཏུ་འཇུག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མི་གསོད་པ་དང་ཞེས་བྱ་བ་ནས། བྱམས་པ་ཞེས་བྱ་བའི་བར་ལྡོག་པ་དང་འཇུག་པའི་

མཚན་ཉིད་ཅན་གྱི་ཆོས་མདོར་བཤད་པ་གང་ཡིན་པ་དེའི་མི་མཐུན་པ་ནི་ཕྱོགས་གསོད་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་གི་རྣམ་པར་སྨིན་པ་ནི་མི་འདོད་པ་ཡིན་པའི་ཕྱིར་དེ་དག་དང་འདྲ་བ་རྣམས་བསྟན་ན་དེ་རྣམས་རྒྱས་པར་བསྟན་པར་འགྱུར་བས་དང་པོར་གསོད་པ་ཡིས་ནི་ཞེས་

བྱ་བ་ལ་སོགས་པས་རྒྱུ་མཐུན་པའི་འབྲས་བུ་རྒྱུ་དང་འདྲ་བ་སྟོན་པར་མཛད་དེ། བཤད་པའི་མཚན་ཉིད་ཅན་གྱིས་གསོད་པས་སོ། །འདི་ལ་ཚེ་ཐུང་བ་ཡོད་པས་ན་ཚེ་ཐུང་བ་སྟེ། འཇིག་རྟེན་གྱི་ཁམས་གང་དུ་ཚེ་ཇི་སྲིད་པར་གསུངས་པ་དེ་སྲིད་དུ་ཐམས་ཅད་མི་འཐོབ་པའོ། །ཅིའི་ཕྱིར་

ཞེ་ན། ཇི་ཙམ་དུ་འདིས་གཞན་གྱི་སྲོག་གཅོད་པ་དེ་ཙམ་དུ་གཞན་དག་གིས་སྲོག་གཅོད་པར་འགྱུར་རོ། །དེ་ལ་མཚོན་ལ་སོགས་པས་གཅོད་ཅིང་ལུས་ལ་གནོད་པ་སྟེ་གནོད་པ་ཡང་ཡིན་ལ་མང་པོ་ཡང་ཡིན་ཞེས་བྱ་བར་ཚིག་བསྡུའོ། །རྐུ་བ་ནི་མ་བྱིན་པར་ལེན་པ་སྟེ། དེ་

ཀུན་དུ་བསྟེན་ནས་ལོངས་སྤྱོད་ཀྱིས་ཕོངས་སོ། །སྤྱད་པར་བྱ་བས་ན་ལོངས་སྤྱོད་དེ། ནོར་དང་འབྲུ་ལ་སོགས་པའོ། །དེ་རྣམས་ཀྱིས་ཕོངས་པ་ནི་བྲེལ་བ་དང་ཉམས་པའོ། །དེ་འདི་ལ་ཡོད་པས་ན་ལྡན་པའི་དོན་ཡིན་ནོ། །གཞན་གྱི་ཆུང་མ་འཕྲོག་པས་ན་བྱི་བོ་བྱེད་པའོ། །དགྲ་དང་

Vol. 172 · folio 133b

བཅས་པར་འདུག་པས་ན་དགྲ་དང་བཅས་པ་སྟེ། གང་གིས་དེའི་ཆུང་མ་རང་གིར་བྱས་པ་དེ་ལ་མི་མཐུན་པར་སྤྱོད་པས་ན་དགྲ་སྟེ། ཇི་ལྟར་འདིས་གཞན་ལ་དགྲ་ཉིད་བྱས་པ་དེ་བཞིན་དུ་འདི་ལ་ཡང་འབྱུང་བས་རྒྱུ་དང་འདྲ་བའི་འབྲས་བུ་ཡིན་ནོ། །དེ་ལྟར་ལུས་ཀྱི་ཉེས་པའི་རྒྱུ་མཐུན་པའི་

འབྲས་བུ་བཤད་ནས། བརྫུན་དུ་སྨྲ་བས་སྐུར་པ་སྟེ། །ཞེས་བྱ་བ་ལ་སོགས་པས་ངག་གི་སྟོན་ཏེ། སྐུར་པ་ནི་ཡང་དག་པའི་དོན་རྗོད་པ་ཆུད་གསོན་པའོ། །གང་གིས་དེར་འགྱུར་ཞེ་ན་བརྫུན་དུ་སྨྲ་བ་སྟེ། འདུ་ཤེས་གཞན་དུ་བསྒྱུར་བའི་ཚིག་གིས་དོན་གོ་བ་ལ་བརྫུན་སྨྲ་བས་སོ། །ཕྲ་མས་ནི་

གཞན་དབྱེ་བའི་ཕྱིར་ཉོན་མོངས་པ་ཅན་གྱི་ཚིག་སྨྲ་བས་ཏེ། དེས་ནི་ཕན་པར་འདོད་པའི་བཤེས་དང་འབྱེ་ཞིང་འབྲལ་བར་འགྱུར་རོ། །རྩུབ་པོ་ནི་འཇམ་བག་མེད་པ་སྟེ་བརླང་བའོ། །དེའི་ངོ་བོ་ནི་རྩུབ་པ་ཉིད་དེ་དེས་སོ། །མི་སྙན་པ་ནི་མི་མཐུན་པའོ། །དེ་ཐོས་པ་ནི་གྲག་པའོ། །མ་

འབྲེལ་པ་ནི་ཚིག་ཀྱལ་པ་སྟེ་དེས་སོ། །མི་བཙུན་པ་ནི་མི་འདོད་པ་སྟེ། དེ་ཙམ་ནི་ངག་གི་ཉེས་པའི་འབྲས་བུ་ཡིན་ནོ། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །ཞེས་བྱ་བ་ལ་སོགས་པས་ནི་ཡིད་ཀྱི་ཉེས་པའི་འབྲས་བུ་བཤད་དོ། །ཡིད་ཀྱིས་བསམས་ཤིང་མངོན་པར་འདོད་པའི་དོན་དེ་

དོན་མེད་ཅིང་འབྲས་བུ་མེད་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འཇིགས་པ་སྟེར་བས་ན་འཇིགས་པ་སྦྱིན་པའོ། །བཤད་པ་ནི་གསུངས་པའོ། །འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་པའི་རྣམ་པ་ཅན་གྱི་ལྟ་བ་ནི་ལོག་པར་ལྟ་བ་སྟེ། དེ་ནི་ལྟ་བ་ངན་པ་ཉིད་དོ། །སྨད་པའི་ལྟ་བ་ནི་ལྟ་

བ་ངན་པ་སྟེ། ལྟ་བ་ལོག་པ་ཡིན་ནོ། །དེའི་ངོ་བོ་ཉིད་ནི་ལྟ་བ་ངན་པ་ཉིད་དོ། །དེ་ཐོབ་པར་འགྱུར་ཏེ། ཡང་ལོག་པར་ལྟ་བ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བློ་འཁྲུལ་པ་ནི་སྨྱོན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ལྷག་མ་ཡིན་ནོ། །ལོག་པའི་མཚན་ཉིད་ཅན་གྱི་ཆོས་ཀྱི་མི་མཐུན་པའི་

ཕྱོགས་ཀྱི་འབྲས་བུ་བརྗོད་ནས་འཇུག་པའི་མཚན་ཉིད་ཅན་གྱི་ཆོས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་འབྲས་བུ་བརྗོད་པར་བཞེད་དེ། མ་བྱིན་ལེན་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དབུལ་བ་ནི་ནོར་མི་བདོག་པ་སྟེ། དེའི་ངོ་བོ་ནི་དབུལ་བ་ཉིད་དོ། །ཚུལ་འཆོས་པ་ལ་སོགས་པའི་

Vol. 172 · folio 134a

སྐྱོན་གྱིས་བསྒྲུབས་པའི་འཚོ་བ་ནི་ལོག་པར་འཚོ་བ་སྟེ། བཤད་པའི་དོན་ལས་ཟློག་པས་འཚོ་བའི་ཕྱིར་རོ། །དེ་ཀུན་དུ་བསྟེན་པས་ན་བསླུས་པ་སྟེ་འཐོབ་པར་འགྱུར་ཞེས་བྱ་བ་ལྷག་མ་ཡིན་ནོ། །ཁེངས་པ་ཡིས་ཞེས་བྱ་བ་ནི་མཆོད་གནས་མཆོད་པའི་མི་མཐུན་

པའི་ཕྱོགས་ཡིན་ནོ། །ཁེངས་པ་ནི་གྱོང་ཞིང་འགྱིང་བ་སྟེ་བརྗིད་འཆོས་པའི་ང་རྒྱལ་གྱིས་ཟིན་པའོ། །འདིའི་ཤིང་ཚལ་དང་མཐུན་པ་ཉིད་གང་ཡིན་ཞེ་ན། མི་འདུད་པ་སྟེ་ཇི་ལྟར་ཤིང་ཚལ་གང་ལ་ཡང་མི་འདུད་པ་ལྟར་ང་རྒྱལ་གྱིས་ཟིལ་གྱིས་ནོན་པ་ཡང་དེ་དང་འདྲའོ། །ངན་པ་ནི་སྨད་པ་

ཡིན་པས་རིགས་སྨད་པའོ། །དེར་འབྱུང་བས་ན་རིགས་ངན་པའོ། །དེའི་ངོ་བོ་ནི་རིགས་ངན་ཉིད་དོ། །འདི་ལ་གཟི་སྟེ་བརྗིད་བག་ཆུང་བ་ཡོད་པས་གཟི་ཆུང་བའོ། །དེའི་ངོ་བོ་ནི་གཟི་ཆུང་བ་ཉིད་དོ། །གང་གིས་དེར་འགྱུར་ཞེ་ན། ཕྲག་དོག་ཀུན་དུ་བསྟེན་པས་ཏེ། །ཕྲག་དོག་ནི་

གཞན་གྱི་ཕུན་སུམ་ཚོགས་པ་ལ་སེམས་ཁོང་ནས་འཁྲུགས་པའོ། །འདི་སྐད་དུ་བཤད་པ་ཡིན་ཞེ་ན། གང་ཞིག་མཆོད་གནས་མཆོད་པར་མི་བྱེད་པ་དེ་ནི་ཉེས་པ་གཉིས་ཀྱིས་ཏེ། ང་རྒྱལ་དང་ཕྲག་དོག་དག་གིས་སོ། །དེ་གཉིས་ཀྱི་འབྲས་བུ་ནི་མི་འདོད་པ་འདི་གཉིས་ཡིན་

པར་དམིགས་ནས་སྤང་བར་རིགས་སོ་ཞེས་བྱ་བ་ཡིན་ནོ། །གནོད་པ་གསར་གྱིས་བསྐྱེད་པའི་སེམས་ཀྱིས་འཁྲུག་པ་ནི་ཁྲོ་བ་སྟེ། དེ་ནི་བྱམས་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེས་ཅིར་འགྱུར་ཞེ་ན། ཁ་དོག་ངན་པ་ཉིད་དོ། །ཁྲོས་ན་མཁས་པ་རྣམས་ལ་ཆོས་འདོད་པས་

ཡོངས་སུ་མི་འདྲིའོ། །མི་འདྲི་བ་དེས་ན་བླུན་པ་ཉིད་དེ་ཤེས་ཉེན་མེད་པ་ཉིད་དུ་འགྱུར་རོ། །མི་དགེ་བའི་འབྲས་བུ་འདི་དག་འགྲོ་བ་གང་ལ་ཡོད་ཅེ་ན། མི་ཉིད་ལ་ཞེས་བྱ་བ་སྨོས་སོ། །དེ་ཅི་མི་དགེ་བ་འདི་རྣམས་ཀྱི་འབྲས་བུ་རྒྱུ་མཐུན་པ་ཙམ་དུ་ཟད་དམ་ཞེ་ན་མ་ཡིན་ཏེ། ཀུན་

གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་དག་ཐམས་ཅད་ཀྱིས་དང་པོར་ངན་འགྲོའོ། །སྨད་པའི་འགྲོ་བ་ནི་ངན་འགྲོ་སྟེ། དམྱལ་བ་དང་ཡི་དགས་རྣམས་ཀྱི་འགྲོ་བ་རྣམས་སོ། །གང་དག་ལ་གསོད་པ་ལ་སོགས་པ་བཤད་མ་ཐག་པ་འདི་དག་གི་གསོད་པ་ལ་སོགས་

Vol. 172 · folio 134b

པའི་མཚན་ཉིད་ཀྱི་བྱ་བ་བདེ་བ་མ་ཡིན་པའི་དོན་ཏམ། གཟུགས་ངན་པ་འགྲུབ་པའི་ཕྱིར་མི་དགེ་བ་ཞེས་བྱ་བ་མིང་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །རྣམ་སྨིན་ནི་ཡོངས་སུ་གྱུར་པའོ། །བསྒྲགས་པ་གང་ཡིན་པ་ནི་བཤད་པ་གང་ཡིན་པ་སྟེ། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །ཞེས་བྱ་

བ་ནས། མཁས་ལ་མི་འདྲི་བླུན་པ་ཉིད། །ཅེས་བྱ་བའི་བར་ཡིན་ནོ། །གཉིས་ཀའི་མཚན་ཉིད་ཅན་གྱི་ཆོས་ཀྱང་བདེ་བའི་དོན་ཏམ། གཟུགས་བཟང་པོ་འགྲུབ་པའི་ཕྱིར་དགེ་བ་ཞེས་བྱ་སྟེ། དེ་རྣམས་ལ་ནི་འབྲས་བུ་དེ་ཉིད་ཟློག་ཅིང་མི་མཐུན་པ་ཡིན་ནོ། །འབྲས་བུ་འབྱུང་བ་ནི་འབྲས་བུ་

འབྱུང་བའོ། །དེ་ལྟར་དགེ་བ་དང་མི་དགེ་བ་འབྲས་བུ་དང་བཅས་པ་དག་བསྟན་པ་མཛད་ནས། ཆགས་དང་ཞེས་བྱ་བ་ལ་སོགས་པས་ལུང་ལས་གྲགས་པའི་དགེ་བ་དང་མི་དགེ་བ་འབྲས་བུ་དང་བཅས་པ་དག་སྟོན་པ་མཛད་དོ། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ཀྱིས་

འཇིག་རྟེན་ཆགས་པར་འགྱུར་བས་ན་ཆགས་པ་སྟེ། སྲིད་པའི་འདོད་ཆགས་ཞེས་བྱ་བའི་དོན་ཏོ། །ཞེ་སྡང་ནི་གསོད་པར་བྱེད་པའི་བདག་ཉིད་དོ། །གཏི་མུག་ནི་མི་ཤེས་པའོ། །དང་ཞེས་བྱ་བའི་སྒྲ་ནི་ཆགས་པ་ལ་སོགས་པ་ངོ་བོ་ཉིད་ཀྱི་མི་དགེ་བ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་

དེས་བསྐྱེད་པའི་ལས་ཀྱང་མི་དགེ་བ་ཡིན་ནོ་ཞེས་བསྡུས་པ་ཡིན་ནོ། །དེ་དག་གིས་བསྐྱེད་པ་ནི་དེས་བསྐྱེད་པའོ། །ལུས་དང་ངག་དང་ཡིད་ཀྱི་བྱ་བ་ནི་ལས་སོ། །དོན་གང་གིས་ན་མི་དགེ་བ་ཡིན་ཞེ་ན། འགྲོ་བ་དེ་དང་དེ་དག་ཏུ་ལུས་དང་སེམས་ཀྱི་རྒྱུད་མི་བཟང་བར་བྱེད་པས་ན་མི་

དགེ་བ་སྟེ། འདོད་ཆགས་ཀྱིས་ཟིལ་གྱིས་ནོན་པ་ནི་འདི་དང་གཞན་དུ་མདོག་ཤིན་ཏུ་མི་བཟད་པར་འགྱུར་ལ། དེ་བཞིན་དུ་ཞེ་སྡང་གིས་ཟིལ་གྱིས་ནོན་པ་དང་། གཏི་མུག་གིས་ཟིལ་གྱིས་ནོན་པ་ཡང་དེ་དང་འདྲའོ། །ཆགས་པའི་གཉེན་པོ་འདོད་ཆགས་དང་བྲལ་བ་ནི་མ་ཆགས་པའོ། །

ཞེ་སྡང་གི་གཉེན་པོ་བྱམས་པ་ནི་ཞེ་སྡང་མེད་པའོ། །གཏི་མུག་གི་གཉེན་པོ་ཤེས་པ་ནི་གཏི་མུག་མེད་པ་སྟེ། ངོ་བོ་ཉིད་ཀྱི་དགེ་བ་འདི་དག་དང་། དེ་དག་གིས་བཅུག་པའི་ལས་ནི་འདི་དང་གཞན་དུ་ལུས་དང་སེམས་ཀྱི་རྒྱུད་བཟང་པོར་བྱེད་པས་ན་དགེ་བ་ཡིན་ནོ། །དེ་ཞེས་བྱ་

Vol. 172 · folio 135a

བའི་སྒྲ་ནི་མ་ཆགས་པ་ལ་སོགས་པ་དང་ལས་ལ་སྙེགས་སོ། །མི་དགེ་བ་ལས་ཞེས་བྱ་བ་ལ་སོགས་པས་ནི་དེ་གཉིས་ཀྱི་འབྲས་བུ་སྟོན་ཏེ། སྡུག་བསྔལ་ནི་རྡེག་པ་ལ་སོགས་པའི་ཚོར་བའོ། ཀུན་ནི་འདི་དང་འཇིག་རྟེན་ཕ་རོལ་དུ་འབྱུང་བ་རྣམས་སོ། །ངན་

འགྲོ་ནི་དམྱལ་བ་ལ་སོགས་པའི་འགྲོ་བ་དག་གོ། །བདེ་འགྲོ་ནི་ལྷ་ལ་སོགས་པའི་འགྲོ་བ་དག་གོ། །འཛམ་བུའི་གླིང་ལ་སོགས་པའི་བྱེ་བྲག་གམ། ཡང་དང་ཡང་དུ་སྐྱེ་བའི་བྱེ་བྲག་གིས་སྐྱེ་བ་ཀུན་དུ་བདེ་བ་དག་ཅེས་མང་པོའི་ཚིག་སྨོས་སོ། །དེ་ལྟར་བསམས་ནས་ཅི་ཞིག་བྱ་

ཞེ་ན་མི་དགེ་ཀུན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་ལས་ཞེས་བྱ་བ་ནི་སྨོས་པ་དང་མ་སྨོས་པ་མཆོད་རྟེན་འཇིག་པ་དང་། དམ་པའི་ཆོས་དང་། དགེ་འདུན་དང་། ཕ་མ་དང་། སློབ་དཔོན་དང་། བླ་མ་དང་། མཆོད་གནས་དང་། རིགས་ཀྱི་ནང་ན་རྒན་རབས་སྤོང་པ་ལ་

སོགས་པའི་མཚན་ཉིད་ལས་སོ། །ལྡོག་བྱ་ཞེས་བྱ་བ་ནི་ཕྱིར་ལྡོག་པའོ། །ལྡོག་པ་དང་འཇུག་པའི་བྱེ་བྲག་གིས་འདི་ནི་རྣམ་པ་གཉིས་སོ། །དེ་ལྟ་ཡིན་ན་ཕན་ཡོན་ཅི་ཞིག་ཡོད་ཅེ་ན། དེ་སྟོན་པར་མཛད་དེ། བདེ་བ་ནི་ཚིམ་པར་བྱེད་པའི་ཚོར་བའོ། །དེ་ཕུལ་དུ་དབྱུང་བ་ནི་བདེ་དཔལ་ལོ། །ཡང་

ན་དཔལ་ཞེས་བྱ་བའི་སྒྲ་ནི་ཕུན་སུམ་ཚོགས་པའི་རྣམ་གྲངས་སོ། །དེ་ལས་མ་གཏོགས་པ་གཞན་ནི་བདེ་བའོ། །རྒྱལ་སྲིད་ནི་དབང་ཕྱུག་གི་ཁྱད་པར་ཏེ་བདག་པོ་ཉིད་དོ། །རྒྱས་པ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་ལ་བརྗོད་པར་བྱའོ། །བསམ་གཏན་ནི་སེམས་རྩེ་གཅིག་པའི་མཚན་ཉིད་དོ། །

དེ་ཡང་རྣམ་པ་བཞི་སྟེ། རྟོག་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པ་དང་། རྟོག་པ་མེད་ཅིང་དཔྱོད་པ་ཡང་མེད་པ་དང་། དེ་ཉིད་དགའ་བ་མེད་པའི་བདེ་བ་ཅན་དང་། བཞི་པ་སྡུག་བསྔལ་ཡང་མེད་བདེ་བ་ཡང་མེད་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པའི་ཡིད་བདེ་བ་དང་ཡིད་

མི་བདེ་བ་དང་བྲལ་བའོ། །ཚད་མེད་པ་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་མཚན་ཉིད་དེ། སེམས་ཅན་ཚད་མེད་པ་ལ་དམིགས་པའི་ཕྱིར་རོ། །གཟུགས་མེད་པ་ནི་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་སྙོམས་པར་འཇུག་པ་བཞི་སྟེ། སེམས་མཉམ་པ་ཉིད་དུ་བསྒྲུབ་

Vol. 172 · folio 135b

པའི་ཕྱིར་རམ། འབྱུང་བ་ཆེན་པོ་མཉམ་པ་ཉིད་དུ་བསྒྲུབ་པའི་ཕྱིར་རོ། །ནི་ཞེས་བྱ་བའི་སྒྲ་ནི་དེ་ཁོ་ན་ཞེས་བྱ་བ་ངེས་པར་བཟུང་བ་ཡིན་ནོ། །ཚངས་སོགས་བདེ་བ་ཞེས་བྱ་བ་ནི་གང་ལ་ཚངས་པའི་བདེ་བ་དང་པོ་ན་ཡོད་པའི་བདེ་བའོ། །མྱོང་བར་བྱེད་པ་ནི་ཉམས་སུ་མྱོང་བར་བྱེད་པའོ། །

དེ་ལྟར་ན་མངོན་པར་མཐོ་བའི་རྒྱུ་དང་། མངོན་པར་མཐོ་བ་དེའི་འབྲས་བུ་མདོར་བསྡུས་ཏེ་བཤད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དང་པོར་མངོན་པར་མཐོ་བའི་ཆོས། །ཕྱིས་ནི་ངེས་པར་ལེགས་འབྱུང་བ། །ཞེས་བཤད་པ་དེ་ལ་མངོན་པར་མཐོ་བའི་ཆོས་ནི་བཤད་ཟིན་ཏོ། །

དེའི་འོག་ཏུ་ངེས་པར་ལེགས་པའི་ཆོས་བཤད་པར་བཞེད་ནས། ངེས་པར་ལེགས་པའི་ཆོས་དག་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལས་ངེས་པར་ལེགས་ཤིང་དགེ་བ་ཐར་པ་འགྲུབ་པས་ན་ངེས་པར་ལེགས་པ་སྟེ། དེ་ཉིད་ངེས་པར་ལེགས་པ་ཡིན་ནོ། །ཀྱང་

ཞེས་བྱ་བའི་སྒྲ་ནི་ནི་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །ཕྲ་ཞེས་བྱ་བ་ནི་ཕྲ་བ་སྟེ་རྣམ་པར་ཤེས་པར་དཀའ་བ་ཡིན་ནོ། །ཟབ་པ་ནི་གཏིང་དཔག་དཀའ་བའོ། །སྣང་བ་ནི་མཐོང་བ་སྟེ་ཡེ་ཤེས་ཟབ་མོས་མཐོང་བ་ལ་དེ་སྐད་ཅེས་བྱའོ། །ཡང་ན་སྣང་བ་ནི་དམིགས་པ་སྟེ། གང་ལ་ཟབ་

པར་སྣང་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་རྣམས་ཏེ། ཐོས་པ་ནི་འདིར་ཆོས་རྣམ་པ་གསུམ་ཐོས་པ་ཡིན་པར་བརྗོད་དོ། །སྐྲག་པ་ནི་འཇིག་པའོ། །གང་དག་གིས་བདུད་བཞི་ལས་རྒྱལ་བའམ་སྡིག་པ་ཐམས་ཅད་ལས་རྒྱལ་བ་དེ་དག་ནི་

རྒྱལ་བའོ། །ཡོད་ཅེས་བྱ་བའི་སྒྲ་ནི་ཚིག་གི་ཕྲད་ཡིན་ཏེ། ཇི་ལྟར་ཀུན་རྒྱལ་ཟེར་བ་བཞིན། །བདག་ལ་བུ་ནི་ཡེ་ཡོད་མིན། །ཞེས་བྱ་བ་ལྟ་བུའོ། །འཇིག་རྟེན་འདིར་ནི་བདག་ཡོད་པ་མ་ཡིན་ལ། འཇིག་རྟེན་ཕ་རོལ་དུ་ནི་ཡོད་པར་མི་འགྱུར་རོ་སྙམ་པ་སྟེ། འདི་ནི་ངའོ་སྙམ་དུ་འཛིན་

པའི་དབང་གིས་བཤད་པ་ཡིན་ནོ། །ང་ཡིར་འཛིན་པས་ནི་འདི་ན་བདག་གི་ནོར་ལ་སོགས་པ་ཡོད་པ་མ་ཡིན་ལ། ཚེ་རབས་གཞན་དུ་ཡོད་པར་མི་འགྱུར་རོ་སྙམ་པ་སྟེ། དེ་ལྟར་རྣམ་པར་རྟོག་པའི་བྱིས་པ་བླུན་པོ་ནི་སྐྲག་པར་འགྱུར་རོ། །མཁས་པ་ཤེས་རབ་ཅན་ནི་ཆོས་

Vol. 172 · folio 136a

དེ་ལྟ་བུ་ཐོས་པས་དེ་ཐམས་ཅད་ནི་ཡང་དག་པ་མ་ཡིན་ཞེས་མངོན་པར་ཞེན་པ་ལས་བྱུང་བའི་སྐྲག་པ་གང་ཡིན་པ་དེ་ཟད་ཅིང་འཇིག་པར་འགྱུར་ཏེ། དེ་མི་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ངར་འཛིན་པ་དང་ང་ཡིར་འཛིན་པ་དག་ནི་འཁོར་བར་འཇུག་པའི་རྒྱུ་ཡིན་ནོ། །ཇི་སྲིད་དུ་འཁོར་

བ་དེ་སྲིད་དུ་སྡུག་བསྔལ་བ་ཡིན་ནོ། །དེ་རབ་ཏུ་ཞི་བའི་རྒྱུ་ནི་ཆོས་འདི་ཡིན་ནོ་ཞེས་བྱ་བར་བསམས་ནས་སྐྲག་པ་ཟད་པར་འགྱུར་རོ། །དེ་ལྟར་ཡང་ཅི་མངོན་ཞེ་ན། ལུང་ཉེ་བར་འགོད་པར། སྐྱེ་དགུ་འདི་ནི་མ་ལུས་པ། །ངར་འཛིན་པ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐྱེ་དགུ་འདི་ཞེས་བྱ་

བར་སྦྱར་ཏེ་འགྲོ་བ་ལྔར་ཡང་དང་ཡང་དུ་སྐྱེ་བས་ན་སྐྱེ་དགུའོ། །མ་ལུས་པ་ནི་མཐའ་དག་གོ། །ངའོ་སྙམ་དུ་འཛིན་པས་ན་ངར་འཛིན་པ་སྟེ་བདག་ཏུ་ལྟ་བའོ། །དེ་ལས་བྱུང་བ་ནི་སྐྱེས་པའོ། །འདི་ནི་ངའི་འོ་སྙམ་དུ་འཛིན་པས་ན་ང་ཡིར་འཛིན་པའོ། །དེ་དང་ལྡན་པ་ནི་ཉེ་བར་འབྲེལ་པ་སྟེ། ཡང་

དག་པར་ལྡན་པ་ཞེས་བྱ་བའི་དོན་ཏོ། །སྐྱེ་དགུའི་དེ་ཉིད་ལ་ཕན་པ་ལ་དེ་སྐད་ཅེས་བྱའོ། །འདི་ལ་དེ་གཅིག་ཏུ་ངེས་པར་གསུང་བའི་ངང་ཚུལ་ཡོད་པས་ན་དེ་གསུང་བའོ། །ཡང་ན་གསུང་བ་ནི་བཀའ་སྩལ་པ་སྟེ། གཅིག་ཏུ་གསུང་བ་ལ་དེ་སྐད་ཅེས་བྱའོ། །དེ་འདི་ལ་ཡོད་པས་ན་གཅིག་ཏུ་གསུང་

བའོ། །སྐྱེ་དགུ་ལ་ཕན་པ་ཁོ་ན་བྱའོ་ཞེས་གཅིག་ཏུ་གསུང་བ་དེས་གསུང་ཞིང་བཀའ་སྩལ་ཏོ། །ཡང་ཇི་ལྟར་ངར་འཛིན་པ་དང་ང་ཡིར་འཛིན་པ་དག་མི་བདེན་པ་ཡིན་ཞེ་ན། དེ་དག་མི་བདེན་པ་ཉིད་དུ་བསྟན་པའི་ཕྱིར། བདག་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཡོད་ཅེས་བྱ་བའི་སྒྲ་

ནི་སྔ་མ་བཞིན་ནོ། །འདི་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའོ། །དམ་པའི་དོན་དུ་ཞེས་བྱ་བ་ནི་དོན་དམ་པ་ལ་བརྟེན་ནས་ཞེས་བྱ་བ་སྟེ་གོང་མ་བཞིན་དུ་ལྔ་པ་ཡིན་ནོ། །ཐ་སྙད་དུ་ནི་མ་ཡིན་ནོ། །དོན་དམ་པ་ཡང་གང་ཞིག་ཡིན་ཞེ་ན། མུ་བཞི་དང་བྲལ་བའི་དོན་ཡིན་ནོ། །དེ་ལ་འཇུག་པའི་

ཐབས་སྐྱེ་བ་མེད་པའི་དོན་ཅན་ཡང་དོན་དམ་པ་ཡིན་ནོ། །ལོག་ཅེས་བྱ་བ་ནི་བརྫུན་པ་སྟེ་མི་བདེན་པ་ཞེས་བྱ་བའི་ཐ་ཚིག་གོ། །འདི་གཉི་ག་ཡང་ལོག་པ་ཡིན་ནོ་ཞེས་བྱ་བར་ཅིས་མངོན་ཞེ་ན། གང་ཕྱིར་ཡང་དག་ཇི་ལྟ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་དག་པ་ཇི་ལྟ་བ་ནི་བདེན་

Vol. 172 · folio 136b

པའོ། །འདི་སྐད་དུ་བཤད་པ་ཡིན་ཏེ། གལ་ཏེ་འདི་གཉི་ག་བདེན་པ་ཞིག་ཏུ་གྱུར་ན་བདེན་པ་མཐོང་བའི་དུས་ན་ཡང་འདི་གཉིས་ཡོད་པར་འགྱུར་བ་ཞིག་ན་ཡོད་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་འདི་དག་ནི་ལོག་པའོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་འཁོར་བའི་རྒྱུར་གྱུར་པ་འདི་དག་བདེན་

པ་མ་ཡིན་པ་ཉིད་དུ་བསྟན་ནས། ད་ནི་ངར་འཛིན་ལས་ཞེས་བྱ་བ་ལ་སོགས་པས་དེ་ལས་བྱུང་བའི་ཕུང་པོ་རྣམས་མི་བདེན་པ་ཉིད་དུ་སྟོན་ཏེ། གང་དག་ལ་ངར་འཛིན་པ་ལས་སྐྱེ་ཞིང་འབྱུང་བ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཕུང་པོ་ནི་ལྔ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་

བྱེད་དང་། རྣམ་པར་ཤེས་པ་ཞེས་བྱ་བདག་གོ། །དོན་དུ་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་དོན་དམ་པར་རོ། །བརྫུན་པ་ནི་མི་བདེན་པར་རོ། །ས་བོན་ནི་རྒྱུའོ། །སྐྱེ་བ་ནི་འབྱུང་བའོ། །ག་ལ་ཞིག་ཅེས་བྱ་བ་ནི་གོང་དུ་བཤད་པའི་ཚུལ་གྱིས་ན་མེད་པ་ཁོ་ན་ཡིན་ནོ། །ཕུང་པོ་རྣམས་ནི་

དེའི་ཡུལ་ཡིན་པས་དེ་རྣམས་མེད་པའི་ཕྱིར་དེ་ཡང་སྤོང་བར་འགྱུར་ཏེ། དེས་ན་རྒྱུ་མེད་པའི་ཕྱིར་ཕྱིས་འབྲས་བུ་མི་འབྱུང་ངོ་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བཤད་པ་ཡིན་ཏེ། སྔོན་ནི་ང་ཡིར་འཛིན་པས་བསྐྱེད་པའི་ཕུང་པོ་རྣམས་ལ་བརྟེན་ནས་ཡང་ངར་འཛིན་པ་སྐྱེ་བར་འགྱུར་གྱི། དེ་མེད་

པའི་ཕྱིར་དེ་རྣམས་ཡང་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །དོན་འདི་ནི་ཚད་མས་གྲུབ་པ་ཡིན་པར་བསྟན་པའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མོད་ཀྱི་ཞེས་བྱ་བ་ནི་སྲིད་པའོ། །འདི་སྐད་དུ་བཤད་པ་ཡིན་ཏེ། གང་ཞིག་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་དོན་དམ་པར་

ན་བརྫུན་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཕྱིར་གཟུགས་བརྙན་བཞིན་ནོ། །གང་བདེན་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ཏེ། དཔེར་ན་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་དེ་བཞིན་ཉིད་ལྟ་བུའོ། །ཆོས་ཐམས་ཅད་བདག་མེད་པ་ཙམ་ཞིག་བརྗོད་པར་འདོད་པའི་ཕྱིར་དཔེ་

བསྒྲུབ་བྱས་སྟོང་པ་མ་ཡིན་ནོ། །ཇི་ལྟར་གཟུགས་བརྙན་བརྫུན་པ་ལྟར་ངར་འཛིན་པ་ཡང་དེ་དང་འདྲའོ་ཞེས་མཇུག་ཐོགས་ཀྱི་ཚིགས་སུ་བཅད་པས་སྟོན་ཏོ། །དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་བུའི་ནི་བཤད་མ་ཐག་པ་ལྟ་བུ་སྟེ། དོན་ནི་དོན་མ་ཡིན་པ་ཡོངས་སུ་སྤང་བའི་

Vol. 172 · folio 137a

ཕྱིར་རོ། །ཆོས་རྣམས་ལ་མིག་ནི་བདེན་པ་མཐོང་བའོ། །བཟླས་ཏེ་ཡང་དང་ཡང་དུ་སྨྲས་སོ། །ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་བྱ་བ་ལ་སོགས་པས་ནི་དེ་སྟོན་པར་བྱེད་དེ། ཆུ་སྲིན་འཛིན་ཁྲི་དང་འདྲ་བར་འཛིན་ཅིང་མངོན་པར་ཞེན་པ་སྟེ་ཕུང་པོའི་རྒྱུ་ཡིན་པའི་ཕྱིར་རོ། །ཕུང་

པོར་འཛིན་པ་དེ་ལས་ངར་འཛིན་པའོ། །ངར་འཛིན་པ་ཡོད་ན་ལས་སོ། །དེ་ལས་ནི་སྐྱེ་བ་སྟེ་ངར་འཛིན་པ་དང་། ལས་དང་སྐྱེ་བའི་མཚན་ཉིད་རྣམ་པ་དེ་གསུམ་མོ། །དེ་ཉིད་རྒྱུན་ཆགས་སུ་འཇུག་པའི་ཕྱིར་ལམ་ཡིན་ཏེ། འདི་ལ་ལམ་རྣམ་པ་གསུམ་ཡོད་པས་ན་ལམ་གསུམ་མོ། །གང་ལ་

ཐོག་མ་དང་ཐ་མ་དང་དབུས་མེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཐོག་མ་དང་ཐ་མ་དང་དབུས་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན། གཞན་ཡོད་ལ་གང་ལས་སྔ་མ་མེད་པ་དེ་ནི་ཐོག་མའོ། །གཞན་ཡོད་ལ་གང་ལས་གཞན་མེད་པ་དེ་ནི་ཕྱི་མའི་མཐའོ། །དེ་གཉིས་ཀྱི་བར་ནི་དབུས་སོ། །འཁོར་

བ་ཉིད་དཀྱིལ་འཁོར་ཡིན་པས་ན་འཁོར་བའི་དཀྱིལ་འཁོར་རོ། །འདི་དཀྱིལ་འཁོར་དང་ཆོས་མཐུན་པ་ཉིད་གང་ཞིག་ཡིན་ཞེ་ན། ཀུན་ནས་འཁོར་བའོ། །མགལ་མེ་ནི་ཤིང་ཕྱེད་ཚིག་པའོ། །དེ་དང་འདྲ་བས་ན་དེ་ལྟ་བུ་སྟེ་དེ་དང་མཚུངས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། ཇི་ལྟར་

མགལ་མེ་བསྐོར་བ་མེད་བཞིན་དུ་འཁྲུལ་པས་ཀོར་ཀོར་པོར་དམིགས་པ་དེ་བཞིན་དུ། འཁོར་བའི་དཀྱིལ་འཁོར་འདི་ཡང་མེད་བཞིན་ཤེས་རབ་ཀྱི་མིག་ཟུམ་པ་དང་། ལྟ་བ་ངན་པར་ལྷུང་བས་དམིགས་སོ་ཞེས་བྱ་བ་ཡིན་ནོ། །འདི་ནས་ཞེས་བྱ་བ་ནི་འཁོར་བའི་དཀྱིལ་

འཁོར་ཏེ། ཕུང་པོ་ལ་བརྟེན་ནས་ངར་འཛིན་པ་དེ་ལ་བརྟེན་ནས་ཕུང་པོ་ཞེས་བྱ་བ་ཕན་ཚུན་གྱི་རྒྱུ་ཅན་འགྲོ་བ་ལྔར་འཁོར་བར་འགྱུར་རོ། །འཁོར་བའི་དཀྱིལ་འཁོར་འདི་ཇི་ལྟར་མགལ་མེའི་དཀྱིལ་འཁོར་ལྟ་བུ་ཡིན་ཞེ་ན། དེ་ནི་རང་གཞན་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་

བཅད་པ་འོག་མས་སྟོན་ཏོ། །རང་ལས་སྐྱེ་བ་མེད་པའི་ཕྱིར་རང་ལས་མ་ཐོབ་པ་སྟེ། སྔ་ན་མེད་པ་དངོས་པོ་མེད་པའི་ཕྱིར་དང་། རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །གཞན་ལས་ཀྱང་མ་ཡིན་ཏེ་དེ་ནི་རྒྱུ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་རྒྱུ་མ་ཡིན་ཞེ་ན། འདི་ལྟར་རྒྱུ་

Vol. 172 · folio 137b

ཉིད་ནི་འབྲས་བུ་ལ་ལྟོས་པ་ཡིན་པས་ཇི་སྲིད་དུ་འབྲས་བུ་མ་བྱུང་བ་དེ་སྲིད་དུ་ནི་རྒྱུ་མ་ཡིན་ནོ། །གང་གི་ཚེ་རྒྱུ་མ་ཡིན་པ་དེའི་ཚེ་ནི་འབྲས་བུ་ཡང་མི་སྐྱེད་པ་སྔ་མ་ཁོ་ན་བཞིན་ནོ། །གཉི་ག་ལས་ཀྱང་མ་ཡིན་ཏེ་ཕྱོགས་གཉི་ག་ལ་བཤད་པའི་ཉེས་པར་ཐལ་བའི་ཕྱིར་རོ། །དང་ཞེས་བྱ་བའི་

སྒྲ་ནི་བསྡུ་བའོ། །དུས་གསུམ་པོ་ཉིད་དུས་གསུམ་ཉིད་དོ། །འང་ཞེས་བྱ་བ་ནི་མ་ཐོབ་པ་སྲིད་དོ་ཞེས་སྲིད་པ་ཡིན་ནོ། །ཇི་ལྟར་དུས་གསུམ་ཉིད་དུ་མ་ཐོབ་ཅེ་ན། འདི་ལྟར་འདས་པས་ནི་མི་བསྐྱེད་དེ། དེ་ཉིད་ཀྱི་ཕྱིར་ས་བོན་རུལ་བ་བཞིན་ནོ། །མ་འོངས་པས་ཀྱང་མི་སྐྱེད་དེ། དེ་ཉིད་ཀྱི་ཕྱིར་

མོ་གཤམ་གྱི་བུ་བཞིན་ནོ། །ད་ལྟར་གྱིས་ཀྱང་མི་སྐྱེད་དེ། སྐད་ཅིག་མ་བཞིན་དུ་མི་གནས་པའི་ཕྱིར་རོ། །དེ་ཉིད་དུས་མཉམ་པ་ཉིད་ཡིན་ན་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་ངེས་པ་མི་རུང་བའི་ཕྱིར་རོ། །སྲང་མདའི་མཐོན་དམན་བཞིན་ཞེས་བྱ་བ་ཡང་རྒྱུ་སྔ་བར་འགྱུར་རོ། །ཕྲ་བའི་ཕྱིར་

དུས་མི་རྟོགས་པར་ཟད་དོ། །དེ་ལྟར་བརྟགས་ན་ངར་འཛིན་པ་ནི་ཟད་པར་འགྱུར། དེ་ཟད་པ་ལས་སོ། །དེ་ནས་སྐྱེ་བའོ། །དེ་ལྟར་བཤད་མ་ཐག་པའི་རིགས་པས་བརྟགས་ན་རྒྱུ་ནི་ངར་འཛིན་པའི་མཚན་ཉིད་ཀྱི་གཏི་མུག་གོ། །གཏི་མུག་ནི་ཕྱིན་ཅི་ལོག་གི་ཤེས་པའོ། །ཕྱིན་ཅི་ལོག་

གི་ཤེས་པ་ཡང་ངར་འཛིན་པའི་རྣམ་པ་ཅན་ནོ། །དེ་ཡི་སྟོབས་ཀྱིས་ནི་ཡང་སྲིད་པ་ལ་སྲེད་པ་དང་བཅས་པའི་ལས་འཁོར་བ་དང་མཐུན་པའོ། །དེ་ལས་ནི་ཕུང་པོ་ལྔ་འབྱུང་བའི་མཚན་ཉིད་ཀྱི་སྐྱེ་བའོ། །རྒྱུ་དང་འབྲས་བུ་ནི་རྒྱུ་དང་འབྲས་བུ་དག་སྟེ་དེ་དག་གི་སྐྱེ་བའོ། །འཇིག་པས་ན་འཇིག་

རྟེན་ཏེ་དེ་ལའོ། །སྡུག་བསྔལ་ཐམས་ཅད་ཟད་པའི་ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་སྟོན་ཏེ། འདིས་འཇིགས་པ་མེད་པས་ན་མི་འཇིགས་པ་སྟེ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་མར་མེ་ཤི་བ་ལྟ་བུའོ། །ཕུང་པོ་མེད་པའི་མྱ་ངན་ལས་འདས་པ་དེ་ལའོ། །འདིར་ཞེས་བྱ་བ་ནི་ད་

ལྟར་རོ། །དེ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་ངོ་བོའི་འཁོར་བའོ། །ཁྱོད་ཅེས་བྱ་བ་ནི་ཁྱོད་དེ། ཅི་སྟེ་ཅིའི་ཕྱིར་འཇིགས་པར་བྱེད་ཅེས་བྱ་བ་ཡིན་ནོ། །གང་ཞིག་དེ་ལྟ་བུ་མི་འདོད་པ་དེའི་ཕྱིར་བསམ་པ་མ་ཡིན་གྱི། གང་ཞིག་འདོད་པ་དེ་ལ་བྱ་བ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་ཅི་སྟེ་ཞེས་

Vol. 172 · folio 138a

བྱ་བའི་དོན་ཏོ། །བསལ་བ་ནི་མེད་པའོ། །འདིར་ཞེས་བྱ་བ་ནི་དུས་འདི་ཉིད་དོ། །གལ་ཏེ་དམིགས་པ་ཅན་ལ་ལ་ནི་འདི་སྙམ་དུ་མྱ་ངན་ལས་འདས་པ་དངོས་པོ་ཡོད་པའོ་སྙམ་དུ་སེམས་ན། དེ་དགག་པའི་ཕྱིར། མྱ་ངན་འདས་པ་དངོས་མེད་པའང་། །ཞེས་བྱ་བ་ལ་སོགས་

པ་སྨོས་སོ། །འང་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ། དངོས་པོ་ཡིན་པར་མི་སྲིད་པ་འབའ་ཞིག་ཏུ་མ་ཟད་ཀྱི་འོ་ན་ཅི་ཞེ་ན། དངོས་པོ་མེད་པ་ཡང་ངོ་། །འོ་ན་མྱ་ངན་ལས་འདས་པའི་མཚན་ཉིད་ཇི་ལྟ་བུ་ཡིན་ཞེས་བྱ་བ་ནི་བཤད་པའི་ལྷག་མ་ཡིན་ནོ། །འཛིན་པ་ནི་རེག་པ་སྟེ་དེ་དག་གིས་མ་རེག་

ཅིང་ཡུལ་དུ་མ་བྱས་པའོ། །དེ་ཟད་པ་ནི་འགོག་པ་སྟེ། སོ་སོར་མ་བརྟགས་པའི་འགོག་པའི་མཚན་ཉིད་ཡིན་ནོ། །གལ་ཏེ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ནོ་ཞེས་སྨྲ་ན་མེད་པར་ལྟ་བ་ལ་བརྟེན་པར་འགྱུར་རོ་ཞེ་ན། དེའི་མཚན་ཉིད་ནི་མ་ཡིན་ནོ། །དེའི་མཚན་ཉིད་ནི་ཇི་ལྟ་བུ་ཡིན་ཞེ་ན།

མཇུག་ཐོགས་ཀྱི་ཚིགས་སུ་བཅད་པས་དེ་སྟོན་ཏེ། མདོར་བསྡུ་ན་མཚན་ཉིད་འདི་ཡིན་ནོ། །རྒྱས་པར་བྱ་ན་ནི་བདེ་བ་དང་། དཀོན་མཆོག་དང་། ལས་དང་འབྲས་བུ་འབྲེལ་པ་དང་། ཏིང་ངེ་འཛིན་དང་བསམ་གཏན་ལ་སོགས་པ་མེད་དོ་ཞེས་ལྟ་བ་ནི་མེད་པར་ལྟ་བ་སྟེ། འབྲས་བུ་ནི་མི་འདོད་

པ་ཡིན་པས་དེའི་ཕྱིར་ཡོངས་སུ་སྤང་བར་བྱ་བ་ཡིན་ནོ། །བསོད་ནམས་མ་ཡིན་ཞེས་བྱ་བ་ལ་སོགས་པས་དེའི་འབྲས་བུ་སྟོན་ཏེ། ངན་སོང་རྣམས་ལས་སྲུང་ཞིང་སྐྱོབ་པས་ན་བསོད་ནམས་སོ། །དེ་ལྟ་བུ་མ་ཡིན་པས་ན་བསོད་ནམས་མ་ཡིན་པའོ། །རང་གི་ངོ་བོ་ངན་སོང་གི་རྒྱུ་མཚན་ཡིན་

པས་ན་ངན་སོང་བའོ། །ཡང་ན་ངན་སོང་དུ་འབྱུང་བ་ཡིན་པས་ན་ངན་སོང་བའོ། །ལོག་པར་ལྟ་བ་ནི་ཕྱིན་ཅི་ལོག་གི་ཤེས་པའོ། །གང་ལ་ཤེས་པ་ཡོད་པ་དེ་ན་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ཡང་ཡོད་ལ། དེ་ལ་རྟེན་གཟུགས་ཀྱི་ཕུང་པོ་ཡང་གདོན་མི་ཟ་བར་ཡོད་དོ། །སེམས་ཅན་

ནི་དེ་ཙམ་དུ་ཟད་པས་དེའི་འབྲས་བུ་ངན་སོང་གི་འགྲོ་བ་དེ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱས་ནས་དེ་ལ་སྲིད་པ་ཞེས་བྱའོ། །མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པར་ཡང་མེད་དོ་ཞེས་དེ་སྐད་དུ་སྨྲ་བས་ཡང་དག་པའི་ལྟ་བ་བསལ་ནས་མེད་པར་ལྟ་བ་ལ་བརྟེན་པའི་ཕྱིར་ལོག་པར་ལྟ་

Vol. 172 · folio 138b

བ་ཁོ་ན་ལ་ཡང་དག་པར་བརྟེན་པར་འགྱུར་རོ་ཞེས་དེ་དགག་པའི་ཕྱིར་མེད་པ་དང་། ཡོད་པ་དང་མྱ་ངན་ལས་འདས་པ་གསུམ་ཆར་གྱི་མཚན་ཉིད་མདོར་བསྟན་པ་ཡིན་ཏེ། འདི་ལས་བདེ་འགྲོ་རྒྱུ་མཐུན་པར་འགྱུར་ཞིང་འབྱུང་བར་འགྱུར་བས་འབྲས་བུ་བདེ་འགྲོ་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །

ཡང་དག་པ་ཕྱིན་ཅི་མ་ལོག་པའི་ལྟ་བ་ནི་བློ་གྲོས་དང་འདོད་པ་ཡིན་ཏེ། དེ་ཡང་ཁོ་བོ་ཅག་ལ་ཐ་སྙད་དུ་ཡོད་ན་ཇི་ལྟར་དེ་བསལ་བ་ཡིན། མྱ་ངན་ལས་འདས་པ་ཡང་ཐར་པ་འཆིང་བ་དང་བྲལ་བ་ཡིན་ལ། དེ་ཡང་དོན་འགའ་ཡང་མ་ཡིན་ན་དེ་བཞིན་དུ་བརྗོད་པ་ལ་ཉེས་པ་ཅི་ཞིག་ཡོད། མྱ་ངན་

འདས་པ་ནི་རྣམ་པ་གཉིས་ཏེ། ཕུང་པོའི་ལྷག་མ་དང་བཅས་པ་དང་ཅིག་ཤོས་སོ། །རེ་ཞིག་ཕུང་པོའི་ལྷག་མ་མེད་པ་གང་ཡིན་པ་དེ་ལ་ནི་དངོས་པོ་ལ་སོགས་པའི་རྣམ་པར་རྟོག་པ་ཤིན་ཏུ་མི་སྲིད་དོ། །ཕུང་པོའི་ལྷག་མ་དང་བཅས་པ་ལ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར། ཤེས་པས་མེད་དང་ཡོད་ཞིའི་

ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཤེས་པ་ནི་འདིར་བསྒོམས་པའི་རབ་ཀྱི་མཐའ་ལས་སྐྱེས་པ་རྣམ་པར་རྟོག་པའི་ཚོགས་མ་ལུས་པར་བསལ་བ་ཉམས་སུ་མྱོང་བའི་རྣམ་པར་ཞུགས་པ་དོན་ཕྱིན་ཅི་མ་ལོག་པར་དམིགས་པ་ཡིན་པར་བཤད་དོ། །མེད་པ་དང་ཡོད་པར་ལྟ་བ་

ཉེ་བར་ཞི་བའི་ངོ་བོ་དེའི་ཕྱིར་རོ། །བསྲུང་ཞེས་བྱ་བའི་སྒྲ་ནི་བསོད་ནམས་དང་གཞན་ལ་བྱ་སྟེ། བསོད་ནམས་དང་གཞན་བསྲུང་བས་དེའི་ཕྱིར་བསྲུང་བ་ཞེས་བྱ་བའི་སྒྲས་ནི་བསོད་ནམས་བརྗོད་དོ། །གསོད་པ་ལ་སོགས་པའི་མཚན་ཉིད་ཀྱི་བྱ་བ་ནི་བསོད་ནམས་བསྲུང་བ་ཐུང་ཞིང་

མི་སྣང་བར་བྱེད་པས་ན་སྡིག་པ་ཞེས་བྱའོ། །འདས་པ་ནི་རྒལ་བ་སྟེ། སྡིག་པ་དང་བསོད་ནམས་དང་ལས་འདས་པ་དེ་ཡིས་རྒྱུ་མེད་པའི་ཕྱིར་ངན་འགྲོ་དང་བདེ་འགྲོ་ལས་འདས་པ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ནོ། །དེ་ལྟ་བུ་དེ་ནི་ཐར་པ་ཡིན་པར་དམ་པ་མཁས་པ་རྣམས་

ཀྱིས་བཤད་དོ། །དེ་ལྟར་ཐར་པ་ནི་ངན་འགྲོ་དང་བདེ་འགྲོ་ལས་འདས་པ་ཡིན་པར་བཤད་ལ། འདས་པ་ཞེས་བྱ་བའི་དོན་ཡང་འགའ་ཡང་ཡོད་པ་མ་ཡིན་ན་ཇི་ལྟར་དངོས་པོ་ལ་སོགས་པའི་ངོ་བོ་ཡིན་པར་འགྱུར། གཞན་ལ་ལྟོས་ཏེ་ཡང་མེད་པར་བརྗོད་པར་བྱ་བ་མ་ཡིན་

Vol. 172 · folio 139a

ཏེ། ཡང་དག་པར་ན་དེ་ཡང་མ་གྲུབ་པའི་ཕྱིར་རོ། །ད་ནི། སྐྱེ་བ་རྒྱུ་དང་བཅས་མཐོང་བས། །ཞེས་བྱ་བ་ལ་སོགས་པས་ཆད་པ་དང་རྟག་པར་ལྟ་བ་མི་སྲིད་པར་སྟོན་ཏེ། སྐྱེ་བ་ནི་འབྱུང་བའོ། །འགྲོ་བས་ན་རྒྱུའོ། །རྒྱུ་ནི་འགྲོ་བས་ཏེ། འབྲས་བུ་ལ་འགྲོ་ཞིང་སྒྲུབ་པར་

བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །རྒྱུ་དང་བཅས་པར་འཇུག་པས་ན་དེ་སྐད་ཅེས་བྱའོ། །མཐོང་བ་རྟོགས་པའོ། །འགོག་པ་ནི་ཉེ་བར་ཞི་བ་སྟེ། སྔར་བཤད་པ། ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ཞེས་བྱ་བ་དེས་ནི་སྐྱེ་བ་དང་རྒྱུ་དང་བཅས་པ་བཤད་དོ། །དེ་ནི་

རང་གཞན་གཉི་ག་དང་། །ཞེས་བྱ་བ་དང་། ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང་། །ཞེས་བྱ་བ་དེས་ནི་འགོག་པའོ། །ཚིགས་སུ་བཅད་པ་འདིས་སྐྱེ་བ་རྒྱུ་དང་བཅས་པ་དེ་ཀུན་རྫོབ་པ་ཡིན་གྱི། ཡང་དག་པ་མ་ཡིན་ནོ་ཞེས་བྱ་བར་སྔར་སྐྱེས་པ་དང་ཞེས་བྱ་བ་ལ་

སོགས་པས་སྟོན་པར་བྱེད་དེ། འབྲས་བུ་བས་སྔར་སྐྱེས་ཤིང་བྱུང་བ་ལ་དེ་སྐད་ཅེས་བྱའོ། །ལྷན་ཅིག་སྐྱེས་པ་ནི་དུས་མཉམ་དུ་སྐྱེས་པའོ། །རྒྱུ་མིན་ཞེས་བྱ་བ་ནི་རྒྱུ་མ་ཡིན་པ་སྟེ་དེ་ཉིད་དུ་རྒྱུ་མེད་པའོ། །དོན་དུ་ཞེས་བྱ་བ་ནི་དོན་དམ་པར་རོ། །དོན་ནི་རིགས་པས་བསམས་པ་ལས་བྱུང་

བའི་ཤེས་རབ་ཕྱིན་ཅི་མ་ལོག་པར་དོན་འཛིན་པ་ལ་བྱ་སྟེ། དེ་ལ་འཇུག་པའི་ཐབས་ཡིན་པའི་ཕྱིར་རོ། །དེས་རྒྱུ་མ་ཡིན་པ་ཉིད་དུ་དཔྱད་ན་རྣམ་པ་གཉི་ག་ལ་ཡང་རྒྱུ་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། རྒྱུ་མ་ཡིན་པ་ཉིད་ནི་འབྲས་བུ་བས་སྔར་སྐྱེས་པའི་གནས་སྐབས་ཀྱི་རྒྱུ་ཅན་ཡིན་ནོ། །འབྲས་བུ་བྱུང་བ་ཡིན་

ན་དེའི་རྟེན་སྐྱེད་པར་བྱེད་པ་རྒྱུ་ཡིན་ལ། དེ་མེད་ན་གོ་ཇི་ལྟར་རྒྱུ་ཡིན། ལྷན་ཅིག་བྱུང་བ་ཡང་སྐྱེད་པར་བྱེད་པ་མ་ཡིན་པས་རྒྱུ་མ་ཡིན་ཏེ། ད་ལྟར་འབྱུང་ན་ངེས་པ་མེད་པའི་ཡང་ཕྱིར་རོ། །དོན་འདི་ནི་འདི་ལྟ་བུར་གྲགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བཏགས་དང་ཡང་དག་ཉིད་

དུ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཏགས་པ་ནི་འདོགས་པ་སྟེ་ཐ་སྙད་དོ། །གྲགས་པ་ནི་རབ་ཏུ་གྲགས་པ་སྟེ་ཐ་སྙད་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དག་པ་ཉིད་ཀྱི་དབང་དུ་མཛད་ནས་ཡང་དག་པ་ཉིད་དུ་སྐྱེ་བ་ནི་འབྱུང་བའོ། །དེ་ཡང་རབ་ཏུ་མ་གྲགས་པའི་

Vol. 172 · folio 139b

ཕྱིར་ཏེ། འདི་ནི་རང་གཞན་གཉི་ག་དང་ཞེས་བྱ་བ་དེར་སྐྱེ་བ་མེད་པ་ཡང་བསྟན་ཟིན་ཏོ། །དེ་ལྟར་ཡང་དག་པ་ཉིད་དུ་སྐྱེ་བ་བཀག་པ་བྱས་པ་དང་། གང་ལ་ལ་འོ་ན་རྐྱེན་ཉིད་འདི་པ་ཙམ་ཡང་བཀག་གོ་ཞེས་ཟེར་བ་དེ་ལ་བརྗོད་པར་བྱ་སྟེ། རྐྱེན་ཉིད་འདི་པ་ཙམ་ནི་འདི་ལྟ་སྟེ། འདི་ཡོད་པས་

ན་འདི་འབྱུང་ཞེས་བྱ་བ་འདི་ཡིན་ནོ། །འདི་ཞེས་བྱ་བ་ནི་རྒྱུའོ། །ཡོད་པས་ན་ཞེས་བྱ་བ་ནི་ཡོད་ནའོ། །འདི་ཞེས་བྱ་བ་ནི་འབྲས་བུའོ། །འདི་ཇི་ལྟ་བུ་ཞིག་ཅེ་ན་དཔེར་ན་རིང་པོ་ཡོད་ན་ཐུང་ངུ་བཞིན་ནོ། །དོན་དེ་ཉིད་དཔེ་གཞན་གྱིས་སྒྲུབ་པར་བྱེད་དེ། འདི་ཞེས་བྱ་བ་ནི་རྒྱུའོ། །འདི་ཞེས་

བྱ་བ་ནི་འབྲས་བུའོ། །ལྷག་མ་ནི་གོ་སླའོ། །འདི་མཇུག་ཐོགས་པ་ནི་སུན་འབྱིན་ཏེ། སྔར་ཐ་སྙད་དུ་རིང་པོ་ལ་ལྟོས་ནས་ཐུང་ངུར་བཤད་པ་གང་ཡིན་པ་དེ་ཉིད་ཡང་དག་པར་ན་རིང་པོ་མེད་པའི་ཕྱིར་ལ། ཐུང་ངུའི་རང་གི་ངོ་བོ་མེད་པའི་ཕྱིར་དེ་ལ་ལྟོས་པ་ཅན་གྱི་རིང་པོ་ཡང་མེད་དོ། །འོན་

ཏེ་ཐུང་ངུའི་མིང་མེད་ཀྱང་མིང་ཅན་ནི་ཡོད་པ་ཁོ་ནའོ་ཞེ་ན། དེ་ཡང་རུང་བ་མ་ཡིན་ཏེ། ཡང་དག་པར་ན་སྐྱེ་བ་མེད་པའི་ཕྱིར་ཏེ། གཉི་ག་ཡང་མི་སྲིད་དོ། །དེ་བཞིན་དུ་འདི་སྐྱེས་པས་ན་འདི་སྐྱེ་སྟེ། དཔེར་ན་མར་མེ་བྱུང་ན་འོད་བྱུང་བ་བཞིན་ནོ་ཞེས་བྱ་བ་མར་མེ་ལ་ཡང་བརྗོད་པར་

བྱའོ། །དེ་ལྟ་ཡིན་དང་རྒྱུ་དང་འབྲས་བུ་སྐྱེ་བ་ནི་ཡང་དག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ཐ་སྙད་པ་ཡིན་ནོ་ཞེས་མཇུག་ཐོགས་པས་སྟོན་པར་བྱེད་དེ། རྒྱུ་དང་འབྲས་བུ་ནི་རྒྱུ་དང་འབྲས་བུ་དག་སྟེ་དེ་དག་གི་སྐྱེ་བའོ། །མཐོང་ཞིང་ཞེས་བྱ་བ་ནི་ཤེས་ཤིང་ངོ་། །ཇི་བཞིན་ཞེས་བྱ་བ་ནི་རང་གི་ངོ་བོ་

ཇི་ལྟ་བ་བཞིན་ནོ། །རང་གི་ངོ་བོ་ཅི་ཡིན་ཞེ་ན། སྤྲོས་ལས་བྱུང་བར་ཞེས་བྱ་བ་སྨོས་ཏེ། སྤྲོས་པ་ནི་རྣམ་པར་རྟོག་པའི་མངོན་པར་བརྗོད་པས་རྒྱས་པར་ཐ་སྙད་འདོགས་པའོ་ཞེས་བྱ་བའི་དོན་དེ་དེ་ལས་བྱུང་བའོ། །ཡང་དག་པར་སྐྱེ་བ་མེད་ཀྱང་མེད་པ་ཉིད་དུ་ཁས་མི་ལེན་ཅིང་ཉེ་བར་མི་འགྲོ་སྟེ་མེད་

པ་ཉིད་ཀྱི་ལྟ་བ་མི་འཛིན་ཏོ། །ཡང་དག་ཇི་བཞིན་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་སྟེ་དེའི་ངོ་བོ་ལ་དེ་སྐད་ཅེས་བྱའོ། །དེ་ཡོངས་སུ་ཤེས་པ་དེས་ན་འཆིང་བ་ཐམས་ཅད་དང་སྡུག་བསྔལ་དག་ལས་གྲོལ་བར་འགྱུར་རོ། །ཡོད་པ་དང་མེད་པའི་ལྟ་བ་གཉིས་ཉིད་གཉིས་སོ། །གཉིས་པོ་དེ་ལ་མི་

Vol. 172 · folio 140a

བརྟེན་པ་སྟེ། དེ་ལ་མི་གནས་ཤིང་གཉིས་ཀྱི་འདུ་ཤེས་དང་བྲལ་བ་ཡིན་ནོ། །སོ་སོའི་སྐྱེ་བོའི་གནས་སྐབས་ན་མི་ཤེས་པའི་དབང་གིས་ཕྱིན་ཅི་ལོག་པའི་བློ་ཅན་ལ་རྟག་པ་དང་ཆད་པའི་རྣམ་པར་ཡོད་པ་དང་མེད་པར་ལྟ་བ་དག་འབྱུང་ངོ་། །མྱ་ངན་ལས་འདས་པ་དང་

བར་ཆད་མེད་པར་གནས་པ་ལ་མི་ཤེས་པ་ཆུང་ངུའི་ཆུང་ངུ་ཡང་འགག་པ་ལ་མངོན་དུ་ཕྱོགས་སོ། །དེ་བས་ན་ཕྱིན་ཅི་ལོག་ཏུ་འཛིན་པ་མེད་པའི་ཕྱིར་དེ་ལྟར་མ་གྱུར་པ་ནི་དེ་ལ་མི་བརྟེན་པ་སྟེ། དེའི་ཕྱིར་གྲོལ་ཞེས་བཤད་དོ། །ཐག་རིང་ནས་ཞེས་བྱ་བ་ལ་སོགས་པས་ནི་དོན་དེ་ཉིད་དཔེས་

གསལ་བར་བྱེད་དེ། ཐག་རིང་པོ་ན་གནས་པའི་མིས་ཆུ་མ་ཡིན་པ་ལ་ཆུའི་རྣམ་པར་མཐོང་བས་ན་མི་གསལ་བ་ལྟར་ཡུལ་དང་དུས་ཀྱི་དབང་གིས་འཁྲུལ་པའི་མིག་གིས་ཐག་རིང་པོ་ནས་མཐོང་བའི་གཟུགས་ཀྱང་མི་གསལ་ལོ། །ལག་པ་དང་བོང་བ་དང་དབྱུག་པ་ལ་སོགས་པས་

གཟུགས་སུ་རུང་ཞིང་གནོད་པ་བྱར་རུང་བས་ན་གཟུགས་སོ། །མཐོང་ན་གོ་ཇི་ལྟར་མི་གསལ་བ་ཡིན་ཞེ་ན། ཆུ་མ་ཡིན་པ་ལ་ཆུའི་རྣམ་པར་མཐོང་བས་སོ། །དེ་དང་ཉེ་བ་རྣམས་ཀྱིས་ནི་གཟུགས་ཉིད་གསལ་ཞིང་མངོན་པར་མཐོང་གི་ཆུའི་རྣམ་པར་ནི་མ་ཡིན་ཏེ། ཇི་ལྟར་ཐག་རིང་པོ་

ནས་མཐོང་བའི་སྨིག་རྒྱུའི་གཟུགས་མི་གསལ་བ་ཞེས་བྱ་བ་ནི་ཚིག་ལྷག་མ་ཡིན་ནོ། །དེ་བཞིན་དུ་ཇི་ལྟར་མྱ་ངན་ལས་འདས་པ་དང་ཐག་རིང་བ་ཉེས་པ་ཐམས་ཅད་ཀྱི་གཞིར་གྱུར་པ་རྣམས་ཀྱིས་འཇིག་རྟེན་འཁོར་བ་ལ་ཡང་དག་པའི་ངོ་བོར་མཐོང་བ་དེ་ལྟར་དེ་དང་ཉེ་བ་རྣམས་ཀྱིས་དེ་མྱ་ངན་ལས་

འདས་པ་དང་ཉེ་བ་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པ་རྣམས་ཀྱིས་ནི་མ་ཡིན་ནོ། །འཇིག་རྟེན་ཇི་ལྟ་བུ་ཞིག་ཅེ་ན། མཚན་མེད་ཅེས་བྱ་བ་སྨོས་ཏེ། མཚན་མ་ནི་བུད་མེད་ལ་སོགས་པ་སྟེ་དེ་དག་ཏུ་བརྗོད་པ་དང་ཤེས་པའི་རྒྱུ་ཡིན་ནོ། །གང་ལ་མཚན་མ་མེད་པ་ཡོད་པ་དེ་ནི་མཚན་མ་མེད་པ་སྟེ་

སྟོང་པ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟ་བུ་ཞིག་ཏུ་མཚན་མ་མེད་ཅེ་ན། སྨིག་རྒྱུ་བཞིན་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་སྨིག་རྒྱུ་ཆུའི་རྣམ་པས་སྟོང་པ་དེ་བཞིན་དུ་འཇིག་རྟེན་འདི་ཡང་གང་དང་གང་གི་རྣམ་པར་སྣང་བ་དེས་ཐམས་ཅད་སྟོང་ངོ་། །ཇི་ལྟར་སྨིག་རྒྱུ་ཆུ་འདྲ་བར་མཐོང་བ་ཡང་དག་པར་

Vol. 172 · folio 140b

བརྟགས་ན་ཆུའི་ངོ་བོ་ཉིད་ཀྱང་མ་ཡིན་ལ་སྨིག་རྒྱུ་ཡང་ངོ་བོ་ཉིད་དང་བཅས་པ་ཡིན་པ་དེ་བཞིན་དུ་ཕུང་པོ་ཆུ་དང་འདྲ་བ་རྣམས་ཀྱང་དོན་དམ་པར་ན་བདེན་པ་མ་ཡིན་ནོ། །དེའི་ཕྱིར་བདག་གི་རང་བཞིན་མ་ཡིན་ལ། ཕུང་པོའི་རང་བཞིན་ཡང་མ་ཡིན་ནོ། །དེ་ལྟ་བུའི་ཆོས་རྣམས་ལ་གང་དག་

མངོན་པར་ཞེན་པ་ཡོད་པ་དེ་དག་ནི་ཤིན་ཏུ་བླུན་པ་སྟེ་འཁོར་བ་པ་ཡིན་ནོ་ཞེས་མཇུག་ཐོགས་ཀྱི་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏོ། །སྨིག་རྒྱུ་ལ་འདི་ནི་ཆུ་ཡིན་ནོ་ཞེས་བྱ་བའི་རྣམ་པར་བསམས་ནས་ཏེ། དེར་ཞེས་བྱ་བ་ནི་སྨིག་རྒྱུ་དེར་རོ། །སྨིག་རྒྱུ་དང་ཉེ་བ་ལ་སྨིག་རྒྱུའི་སྒྲར་བརྗོད་དེ་དཔེར་ན།

གངྒཱའི་གནག་ལྷས་ཞེས་བྱ་བ་ཡིན་ནོ། །སྨིག་རྒྱུའི་ཕྱོགས་དང་ཉེ་བར་སོང་བ་ལས་གལ་ཏེ་ཆུ་དེ་འདི་ན་མེད་དོ་ཞེས་འཛིན་པའོ། །འདི་སྐད་དུ་བཤད་པ་ཡིན་ཏེ། གལ་ཏེ་ལན་འགའ་ཞིག་སྨིག་རྒྱུ་དེ་ལ་ཆུ་ཡོད་པར་མཐོང་བར་གྱུར་ན་ནི་ལ་ལར་ཡོད་པར་མཐོང་བས་འདི་ན་མེད་དོ་ཞེས་བྱ་བར་རུང་ངོ་། །གང་

གི་ཚེ་ཐམས་ཅད་ན་དེ་གཏན་མེད་པ་དེའི་ཚེ་ཆུ་དེ་མེད་དོ་ཞེས་འཛིན་པ་དེ་ནི་བདག་ཉིད་ཤིན་ཏུ་བླུན་པར་སྒྲོགས་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་བཞིན་དུ་སྨིག་རྒྱུ་ལྟ་བུའི་ཞེས་བྱ་བ་ནི་ཡང་དག་པར་ན་སྨིག་རྒྱུ་དང་འདྲའོ། །འདི་སྐད་དུ་བཤད་པ་ཡིན་ཏེ། ཐ་སྙད་དུ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །

གལ་ཏེ་དངོས་པོའི་སྟོབས་ཀྱིས་ཡོད་པ་ཉིད་སྤངས་པའི་ཕྱིར་མེད་པ་པར་འགྱུར་ན་མེད་པ་ཉིད་སྤངས་པའི་ཕྱིར་ཡོད་པ་པར་ཡང་ཅིའི་ཕྱིར་མི་འགྱུར། གལ་ཏེ་འདི་སྙམ་དུ་རེ་ཞིག་མྱ་ངན་ལས་འདས་པའི་གནས་སྐབས་ན་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོད་པས་དེ་ལྟར་ཡང་འགྱུར་གྲང་ན། སོ་སོའི་

སྐྱེ་བོའི་གནས་སྐབས་ན་དེ་འཐོབ་པའི་ཐབས་ཀྱི་ལམ་མམ། གཞན་ལ་ཡོད་པ་གང་ཡིན་པ་སུན་ཕྱུང་བ་བྱས་པ་གང་ཡིན་པ་དེ་ཉིད་དངོས་པོའི་སྟོབས་ཀྱི་དོན་གྱིས་མེད་པར་བསླན་དགོས་ཞེས་བྱ་བར་སེམས་ན་དེ་དྲང་བའམ་འཐོབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཐབས་དེས་མེད་པ་པ་ཉིད་ཀྱི་

དོན་རྒྱས་པར་བཀག་པས་ན། གང་དག་དོན་གྱི་མེད་ཉིད་དུ། །དམ་མི་འཆའ་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དོན་གྱི་སྟོབས་ཀྱིས་མེད་པ་ཉིད་དུ་བསྒྲུབ་པར་བྱ་བར་རོ། །ཡང་ན་དམ་འཆའ་བ་ལ་སོགས་པ་མེད་པ་པ་ཞེས་བྱའི་གཞན་དུ་ནི་མ་ཡིན་ན་དེ་དག་ཐམས་ཅད་ནི་འདི་ལ་

Vol. 172 · folio 141a

མེད་དོ་ཞེས་བྱ་བ་སྟོན་པ་ཡིན་ནོ། །དམ་འཆའ་བ་ནི་འཇིག་རྟེན་ཕ་རོལ་ལ་སོགས་པ་མེད་དོ་ཞེས་ཁས་ལེན་པ་ཡིན་ན་ཐ་སྙད་དུ་ཐམས་ཅད་ཁས་ལེན་པ་ཁོ་བོ་ཅག་ལ་ནི་དེ་མེད་དོ། །འོན་ཏེ་འཇིག་རྟེན་ཁ་ཟེར་བས་འཇིགས་པས་དེ་མི་བྱེད་དོ་ཞེ་ན། འོ་ན་ནི་ལུས་དང་ངག་

གི་ཉེས་པར་སྤྱོད་པའི་མཚན་ཉིད་ཀྱི་སྤྱོད་པ་ཡོད་པར་འགྱུར་བ་ཞིག་ན། དེ་ཡང་བསམ་གཏན་དང་འདོན་པ་ལྷུར་ལེན་པའི་ཚངས་པར་སྤྱོད་པ་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པ་ལ་མེད་དོ། །འོན་ཏེ་རྙེད་པ་དང་བཀུར་སྟི་རྣམ་པར་ཆད་ཀྱིས་དོགས་པས་ཉེས་པར་སྤྱོད་པ་བོར་ནས་ལེགས་པར་སྤྱད་པ་

སྤྱོད་དུ་ཟད། སེམས་ནི་མེད་པར་ལྟ་བས་གནས་སོ་ཞེ་ན། བྱང་ཆུབ་རྟེན་ཕྱིར་སེམས་མེད་ན། །ཞེས་བྱ་བ་སྨོས་སོ། །བྱང་ཆུབ་ནི་བླ་ན་མེད་པའི་ཡེ་ཤེས་ཏེ། །དོན་འདི་ལ་ནི་སྡེ་པ་མི་འཇུག་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ནི་རྒྱུ་གང་གིས་ནའོ། །དམིགས་པའི་གདོན་གྱིས་ཟིན་པ་རྣམས་ཀྱིས་

བཤད་ཅིང་སྨྲས་ཞེས་བྱ་བ་ཡིན་ནོ། །ཆོས་འདི་ནི་དམིགས་པ་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ་ཞེས་བྱ་བར་ཚིགས་སུ་བཅད་པ་གཉིས་ཀྱིས་སྟོན་ཏོ། །ཡང་ན། གཉིས་ལ་མི་བརྟེན་ཐར་བར་འགྱུར། །ཞེས་བྱ་བའི་དོན་འདི་སུ་ཞིག་གིས་མ་སྨྲས་ན་གང་གི་ཕྱིར་བཤད་ཅེས་བྱ་བའི་ཕྱོགས་སྔ་མ་

འདི་ལ་མཇུག་ཐོགས་ཀྱི་ཚིགས་སུ་བཅད་པ་སྨོས་སོ། །འདི་ལ་གང་ཟག་དང་ཕུང་པོར་སྨྲ་བའི་ངང་ཚུལ་ཡོད་པས་ན་དེ་དག་ནི་དེ་དག་ཏུ་སྨྲ་བའོ། །དྲང་སྲོང་སེར་སྐྱ་ནི་བགྲང་བར་བྱེད་པས་ན་གྲངས་ཅན་ཞེས་བྱ་ལ། དེའི་སློབ་མ་སེར་སྐྱ་བ་རྣམས་ལ་ཡང་གྲངས་ཅན་ཞེས་བྱའོ། །འུག་པ་ནི་གཟེགས་ཟན་

ཏེ་གཟེགས་མ་ཟ་ཞིང་འུག་པ་ལྟར་སྤྱོད་པས་སོ། །དེའི་སློབ་མ་རྣམས་ནི་བུ་དང་འདྲ་བས་ན་འུག་ཕྲུག་གོ། །གོས་ནི་བགོ་བའོ། །འདི་དག་གོས་དང་བྲལ་བས་ན་དེ་སྐད་ཅེས་བྱ་སྟེ་གཅེར་བུ་ཞེས་བྱ་བའི་དོན་ཏོ། །གྲངས་ཅན་དང་འུག་ཕྲུག་དང་གོས་མེད་པ་རྣམས་ལ་དེ་སྐད་ཅེས་བྱའོ། །འདི་དག་དང་

བཅས་པས་ན་གྲངས་ཅན་འུག་ཕྲུག་དང་གོས་མེད་བཅས་པའོ། །གལ་ཏེ་དྲིས་ན་ཡོད་པ་དང་མེད་པ་ལས་འདས་པ་གཉིས་དང་བྲལ་བ་སྨྲ་ན་དེ་ལ་དྲིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །གྲངས་ཅན་ལ་སོགས་པ་ཇི་ལྟར་མི་སྨྲ་ཞེ་ན། འདི་ལྟར་རེ་ཞིག་གྲངས་ཅན་རྣམས་ནི་སྐྱེས་བུ་དང་གང་ཟག་ལ་ནི་

Vol. 172 · folio 141b

ཡོད་པ་ཉིད་དུ་ཤེས་སོ། །ས་ལ་སོགས་པ་ལ་ནི་བསྐལ་པ་ཆེན་པོའི་བར་དུའོ། །འདས་པ་དང་མེད་པ་དག་ལ་ནི་མེད་པ་ཉིད་དུའོ། །འགྱུར་བའི་ཚོགས་ལ་ནི་ཡང་དག་པར་ན་མེད་པ་ཉིད་དུ་ཤེས་ཏེ། དེ་ལྟར་ལ་ལ་ནི་ཡོད་པ་ལ་ནི་མེད་པས་ན་ཡོད་པ་དང་། མེད་པ་ལས་འདས་པ་ཡིན་ནོ་ཞེས་

སྨྲ་བ་ལ་དགོངས་ནས་དྲིས་ཞེས་བྱ་བ་སྨོས་སོ། །བྱེ་བྲག་པ་རྣམས་ཀྱང་རྡུལ་ཕྲ་རབ་རྣམས་དང་རྡུལ་གཉིས་པ་ལ་སོགས་པས་བརྩམས་པ་བུམ་པ་ལ་སོགས་པ་ལ་ཡོད་པ་དང་མེད་པ་ཉིད་དུ་ཤེས་སོ། །གོས་མེད་པ་རྣམས་ཀྱང་ཡིན་པར་སྨྲ་བ་སྟེ། ཡོད་པ་ཡང་ཡིན་མེད་པ་ཡང་ཡིན་ཞེས་

བྱ་བ་དང་། དེ་བཞིན་དུ་སྲོག་ལ་ནི་ཡོད་པ་ཉིད་དང་། ལྷག་མ་ལ་ནི་མེད་པ་ཉིད་དུ་ཤེས་སོ། །གང་ཟག་དང་ཕུང་པོར་སྨྲ་བ་གང་ཡིན་པ་དེ་དག་ཀྱང་གང་ཟག་ལ་ནི་ཡོད་པ་ཉིད་དུ། ས་ལ་སོགས་པ་ལ་ནི་བསྐལ་པ་ཆེན་པོའི་བར་དུ། འདས་པ་དང་མ་འོངས་པ་དག་ལ་ནི་མེད་པ་ཉིད་དུ་ཤེས་ཏེ། དེ་

ལྟར་ལ་ལ་ནི་ཡོད་ལ། ལ་ལ་ནི་མེད་པས་ན་ཡོད་པ་དང་མེད་པ་ལས་འདས་པ་ཡིན་ནོ་ཞེས་སྨྲ་བ་ལ་དགོངས་ནས་དྲིས་ཞེས་བྱ་བ་སྨོས་སོ། །དེ་ལྟར་བཤད་མ་ཐག་པའི་རྒྱུ་དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ནི་བྱ་བ་དང་བྱ་བ་མ་ཡིན་པ་བླང་བ་དང་དོར་བ་སྟོན་པའོ། །འཆི་མེད་

ཅེས་བྱ་བ་ལ། འཆི་བ་མེད་པ་ནི་མྱ་ངན་ལས་འདས་པ་ལ་སྟེ་འདི་ལ་འཆི་བ་མེད་པས་ན་འཆི་བ་མེད་དོ། །དེ་འཐོབ་པའི་ཐབས་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཇི་སྐད་སྨོས་པའི་རིགས་པས་ཡོད་པ་དང་མེད་པ་ལས་འདས་པར་བཤད་པ་ཟབ་མོ་གཏིང་དཔག་དཀའ་བ་དེ་ཁོ་ན་ཆོས་ཀྱི་ཁུད་པ་ཡིན་

ནོ་ཞེས་བྱ་བར་ཤེས་ཤིང་ཁོང་དུ་ཆུད་པར་གྱིས་ཤིག །སྒོ་རིས་དང་འདྲ་བས་ན་ཁུད་པ་སྟེ་ཐུན་མོང་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །གོང་དུ་ནི། དེ་ནི་རང་གཞན་གཉི་ག་དང་། །དུས་གསུམ་ཉིད་དུའང་མ་ཐོབ་ཕྱིར། །ཞེས་སྐྱེ་བ་མེད་པར་བཤད་དོ། །ད་ནི་སྐྱེ་བ་ཁས་བླངས་ནས་འཇིག་རྟེན་ཞེས་བྱ་བ་འགའ་ཡང་

མེད་དོ་ཞེས་མཇུག་ཐོགས་པས་སྟོན་ཏོ། །སྐྱེ་བ་ནི་འབྱུང་བའོ། །འཇིག་པ་ནི་ཉམས་པ་སྟེ་འཇིག་ཅིང་ཉམས་པ་ན་ཡང་འགྲོ་བ་མེད་ཅིང་གང་དུ་ཡང་འཕོ་བ་མེད་ལ། སྐྱེ་བ་ན་ཡང་གནས་གང་ནས་ཀྱང་འོང་བ་མེད་དོ། །སྐྱེས་པ་ཡང་སྐད་ཅིག་ཀྱང་མི་གནས་པ་སྟེ། དེ་ལྟ་ཡིན་དང་འདས་པའི་དུས་

Vol. 172 · folio 142a

ན་ཡང་མེད། མ་འོངས་པ་ན་ཡང་མེད། ད་ལྟར་ཡང་མེད་པ་ཡིན་ནོ། །གང་ལས་དུས་གསུམ་ཆར་ལས་འདས་ཤིང་རྣམ་པར་འདས་པའི་བདག་སྟེ། ངོ་བོ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དམ་ཞེས་བྱ་བའི་སྒྲ་ནི་རྣམ་པར་རྟོག་པ་སྟེ། དེ་ལྟ་བུ་ཡང་ཐ་སྙད་དུ་ནི་ཡོད་

དོ་སྙམ་དུ་དགོངས་པ་ཡིན་ནོ། །འདས་མ་ཐག་པས་འགྲོ་བ་དང་འོང་བ་དགག་པ་མཛད་ནས། གང་ཕྱིར་གཉི་ག་འོང་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་དང་མྱ་ངན་ལས་འདས་པ་དག་དོན་དམ་པར་ན་ཁྱད་པར་མེད་པར་སྟོན་ཏེ། གང་ཕྱིར་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །

གཉི་ག་ཞེས་བྱ་བ་ནི་འཇིག་རྟེན་དང་མྱ་ངན་ལས་འདས་པ་དག་གོ། །གལ་ཏེ་འགའ་ཞིག་གནས་པ་ཡོད་ན་ནི་འདི་གཉིས་རུང་བ་ཞིག་ན་མ་སྐྱེས་པ་ལ་གནས་པ་དེ་མེད་པའི་ཕྱིར་དེ་ནི་མེད་དོ། །དེ་མེད་པ་ཉིད་ཀྱིས་འགག་པ་ཡང་མེད་དེ། འདི་ཐམས་ཅད་ཡང་དག་པར་ཡོད་པ་མ་ཡིན་ནོ། །ཐ་སྙད་

དུ་ནི་རྒྱུན་གྱིས་འཇུག་པ་ཡོད་དོ་ཞེས་བྱ་བར་གཟུང་ངོ་ལྷག་མ་ནི་གོ་སླའོ། །དེ་ལྟར་སྐྱེ་བ་ལ་སོགས་པ་དགག་པ་མཛད་པ་དང་། རྒོལ་བ་ལ་ལ་འདི་སྙམ་དུ་གང་དག་དངོས་པོ་ཐམས་ཅད་སྐྱེ་ཞིང་དགག་པར་འདོད་ན་དེ་དག་ཁོ་ན་ལ་ཉེས་པ་འདིར་འགྱུར་གྱི། ཁོ་བོ་ཅག་ནི་སྐྱེ་བ་མེད་པ་དང་འགག་པ་མེད་པ་

དང་སྐད་ཅིག་མ་མ་ཡིན་པར་འདོད་དེ། དེའི་ཕྱིར་ཁོ་བོ་ཅག་ལ་ཉེས་པ་འདི་མེད་དོ་སྙམ་དུ་སེམས་པ་དེའི་ཕྱིར། གལ་ཏེ་རྟག་པར་འགྱུར་ན་ནི། །ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ཡང་འཇིག་པར་མི་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་སུན་དབྱུང་བ་ཞིག་ཀྱང་ཡོད་ན་གཞན་དུ་

བཤད་ཟིན་པས་འདིར་མི་བརྗོད་དོ། །དེ་ཇི་ལྟར་སྐད་ཅིག་མ་མ་ཡིན་ཞེས་བྱ་ཞེས་དྲི་བ་སྟེ། རྣམ་པ་གང་གིས་ཡིན་པ་སྨྲོས་ཤིག་ཅེས་བྱ་བར་དགོངས་པ་ཡིན་ནོ། །ཅིའི་ཕྱིར་མ་ཡིན་ཞེ་ན། གལ་ཏེ་རྟག་པར་འགྱུར་ན་ནི། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཞེས་བྱ་བ་ནི་ཁས་ལེན་པའམ། གང་

གི་ཕྱིར་ཞེས་བྱ་བའི་དོན་ཏོ། །རྟག་པར་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ། །འགྱུར་བ་ནི་ཡོངས་སུ་འགྱུར་བ་སྟེ་གནས་སྐབས་གཞན་འཐོབ་པའོ། །དོན་ནི་རྟག་པའི་དོན་དཔྱད་པ་ཉིད་ཀྱིས་གནས་སྐབས་དཔྱད་པ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །སྐད་ཅིག་མ་མ་ཡིན་པའི་དངོས་པོ་ནི་མེད་

Vol. 172 · folio 142b

དེ། རྟག་ཏུ་འགྱུར་བའི་ཕྱིར་བློ་དང་སྒྲ་དང་མེ་ལྕེ་བཞིན་ནོ། །གང་ཞིག་སྐད་ཅིག་མ་མ་ཡིན་པ་དེ་ལ་ནི་འགྱུར་བ་ཡང་མེད་དེ་དཔེར་ན་ནམ་མཁའ་ལྟ་བུའོ། །འོན་ཏེ་དེས་འཇིག་པར་འགྱུར་བར་མི་འདོད་ན་དེའི་ཚེ་ཉེས་པ་གཞན། གལ་ཏེ་འགྱུར་བ་མེད་ན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་

ཞེས་བྱ་བ་ནི་གལ་ཏེ་ན་ཞེས་བྱ་བའི་དོན་ཏོ། །དོན་དུ་གཞན་ཉིད་དུ་མི་འདྲ་བ་ཉིད་དུ་ག་ལ་འགྱུར་ཏེ། དེ་ལྟ་བུར་སྣང་བའི་ཕྱིར་མེད་དོ་ཞེས་བྱ་བ་བརྗོད་པར་ཡང་མི་ནུས་སོ། །འོན་ཏེ་ཉེས་པ་འདིར་འགྱུར་དུ་འོང་ཞེས་ཏེ། རྟག་པའི་ཕྱོགས་གཅིག་ཟད་པར་སྐད་ཅིག་མ་ཉིད་དུ་འདོད་ལ། ཕྱོགས་གཅིག་དང་ལྡན་པ་

འགའ་ཞིག་ནི་འགྱུར་གྱི་ཐམས་ཅད་དུ་ནི་ཁས་མི་ལེན་ཏེ། བྱེ་བྲག་པ་རྣམས་ཀྱི་ལྟར་ན་བུམ་པ་ལ་སོགས་པ་རྡུལ་ཕྲ་རབ་ཀྱི་ཕྱོགས་གཅིག་ཡིན་གྱི་རྡུལ་ཕྲ་རབ་ནི་སྐད་ཅིག་མ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་རྣམས་གཉི་གའང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རིགས་པ་ནི་འཐད་པའོ། །དེ་འདི་ལས་

ཡོད་པས་ན་རིགས་པ་དང་ལྡན་པའོ། །དེ་ལྟ་བུ་མ་ཡིན་པས་ན་རིགས་ལྡན་མིན་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུ་མི་འདྲ་བ་ཉིད། མི་དམིགས་ཕྱིར་ཞེས་བྱ་བ་སྨོས་སོ། །འདྲ་བ་ནི་མཚུངས་པ་སྟེ་མཉམ་པའོ། །དེ་ལྟ་བུ་མ་ཡིན་པས་ན་མི་མཉམ་པའོ། །དེའི་ངོ་བོ་ནི་མི་མཉམ་པ་ཉིད་དེ། དེ་མི་

དམིགས་ཤིང་མི་སྣང་བའི་ཕྱིར་རོ། །བསྟན་བཅོས་དང་འགལ་བའི་ཡང་ཕྱིར་ཏེ། བསྟན་བཅོས་ནི་འགའ་ལས་ཀྱང་ཕྱོགས་གཅིག་ཟད་པས་སྐད་ཅིག་མར་མི་འདོད་དོ། །ཐམས་ཅད་དུ་ཟད་པས་སྐད་ཅིག་མ་ཡིན་པར་ཡང་རྟག་པར་སྨྲ་བ་རྣམས་མི་འདོད་པས་རྣམ་པ་གཉི་ག་ཡང་རིགས་པ་དང་ལྡན་པ་ཡིན་

ནོ། །རྟག་པ་ཉིད་དུ་ཡང་རུང་བ་མ་ཡིན་ཏེ། གཞན་དུ་གྱུར་པ་སྣང་བའི་ཕྱིར་རོ། །རྡུལ་ཕྲ་རབ་རྣམས་རྡུལ་གཉིས་ལ་སོགས་པའི་རིམ་གྱིས་འབྲས་བུ་རས་ཡུག་ལ་སོགས་པ་བྱེད་པ་ན་སྔོན་གྱི་ངོ་བོ་དབང་པོ་མི་གསོད་པས་བྱེད་པ་ནི་མ་ཡིན་ཏེ། དེ་དང་འདྲ་བ་ཁོ་ནར་རས་ཡུག་ལ་སོགས་པ་ཡང་མི་

དམིགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གདོན་མི་ཟ་བར་འགྱུར་བས་ཁས་བླངས་དགོས་སོ། །ཡང་ན་རང་གི་སྡེ་པ་དག་ཁོ་ན་སྐད་ཅིག་མ་དགག་པ་མཛད་པ་དང་། འདི་སྐད་ཅེས་སྐད་ཅིག་མ་མ་ཡིན་པ་ནི་འགའ་ཡང་མེད་དེ། །འོ་ན་ཅི་ཞེ་ན། སྐད་ཅིག་མ་ཁོ་ནའོ་ཞེས་ཟེར་བ་དེའི་

Vol. 172 · folio 143a

ཕྱིར་འདི་བཤད་དེ། ཐ་སྙད་དུ་ཡང་མི་འདྲ་བ་ཉིད་མི་དམིགས་པའི་ཕྱིར་དང་། ཡང་དག་པར་ན་མི་འཐད་པའི་ཕྱིར་དེ་ལྟར་སྐད་ཅིག་མ་མ་ཡིན་ནོ། །ཡང་འདི་ལ་ཁྱབ་འཇུག་པ་ལ་ལ་ཁོ་བོ་ཅག་གི་ཁྱབ་འཇུག་ནི་སྐྱེ་བ་ཐོག་མ་དང་ཐ་མ་མེད་པས་རྟག་པ་རྙིང་པ་ཡིན་ནོ་ཞེས་ཟེར་ཏེ།

དེ་ལ་ཉེས་པ་དེ་དག་མེད་ཀྱང་སྐད་ཅིག་མ་མ་ཡིན་པའི་ཕྱོགས་ལ་ཉེས་པ་གང་དག་བཤད་པ་དེ་དག་གོ། །ཇི་ལྟར་མེད་ཅེས་བརྗོད་པར་བྱ། །གཞན་ཡང་དངོས་པོ་སྐད་ཅིག་མ་ཡིན་ན་རིལ་གྱིས་མེད་པའི་ཕྱིར་ག་ལ་ཞིག་ཡོད་དེ་མེད་པ་ཁོ་ནའོ། །བརྟེན་ཕྱིར་ཞེས་བྱ་བ་ནི་རྟག་པའི་ཕྱིར་རོ། །རྟག་པ་ནི་ཁོ་ན་ཉིད་

གཅིག་པ་ཡིན་པའི་ཕྱིར་རྟག་ཏུ་སར་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་རྙིང་པ་ཉིད་མི་རིགས་ཏེ། རྙིང་པ་ནི་རྒས་པ་ཉིད་ཡིན་ནོ། །ཕྱི་ནང་གི་དངོས་པོ་རྣམས་ལ་རྙིང་བ་ཉིད་སྣང་བ་མ་ཡིན་ནམ། དེ་ཇི་ལྟར་རྙིང་པ་མེད་ཅེ་ན། ཐ་སྙད་དུ་ལྟ་སྐྱེ་བ་དང་། གནས་པ་དང་འཇིག་པ་ཅི་སྟེ་མི་སྣང་ན། འདི་ནི་དེ་ཁོ་ན་ཉིད་བསམ་

པར་བརྗོད་པ་ཡིན་ནོ། །དེ་ལྟ་བུའི་ཞར་ལ་འོངས་པ་བཞག་ནས་ཡང་། ཇི་ལྟར་ཞེས་བྱ་བ་ལ་སོགས་པས་དཀྱུས་མ་རྩོམ་སྟེ་མཐའ་ནི་ཐ་མའོ། །ཐོག་མ་ནི་གང་ལས་སྔོན་རོལ་ན་མེད་པའོ། །དབུས་ནི་མཐའ་གཉིས་ཀྱིས་ཡོངས་སུ་བཅད་པའོ། །བརྟག་དགོས་ཞེས་བྱ་བ་འདིས་ནི་འདི་རྟོག་པས་ཀུན་

ནས་བསླང་བ་ཐ་སྙད་པ་ཡིན་གྱི་ཡང་དག་པ་ནི་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་ལྟར་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཚུལ་གྱིས་སོ། །གང་ལ་གསུམ་གྱི་བདག་ཉིད་ཀྱིས་རང་གི་ངོ་བོ་ཡོད་པ་དེ་ནི་གསུམ་བདག་གོ། །འཇིག་རྟེན་ནི་སེམས་ཅན་དང་སྣོད་དུ་བགྲང་བའོ། །སྐད་ཅིག་མ་ནི་སྐྱེས་མ་ཐག་

ཏུ་འཇིག་པའི་དུས་སོ། །ཇི་ལྟར་སྐད་ཅིག་མའི་ཐ་མ་ལ་སོགས་པ་ལ་བསམ་པ་བྱས་པ་དེ་བཞིན་དུ་ཐོག་མ་ལ་སོགས་པ་ལ་ཡང་བྱའོ། །དེ་ལྟ་ཡིན་ན་གནས་མེད་པའི་ཕྱིར་ངོ་བོ་མང་པོ་ཁོ་ནར་འགྱུར་གྱི་སྐད་ཅིག་ཅེས་བྱ་བ་གཅིག་ནི་ཡོད་པ་མ་ཡིན་ནོ། །བརྒྱ་ལ་གལ་ཏེ་སྐད་ཅིག་མ་གཅིག་མེད་ན་

འོ་ན་ཐོག་མ་ལ་སོགས་པ་ཡོད་དོ་སྙམ་དུ་སེམས་ན། རང་བཞིན་ལས་ཀྱང་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་དེ་དགག་པ་མཛད་དོ། །འདི་སྐད་དུ་བཤད་པ་ཡིན་ཏེ། ཅུང་ཟད་ཅིག་སྐྱེ་ན་རང་ངམ་གཞན་ལས་རང་གི་ངོ་བོ་ཐོབ་གྲང་ན། དེ་ལ་རེ་ཞིག་རང་ལས་ནི་མ་ཡིན་ཏེ་འགལ་བའི་ཕྱིར་རོ། །

Vol. 172 · folio 143b

གཞན་ལས་ཀྱང་མ་ཡིན་ཏེ། རྒྱུ་ཁྱད་པར་མེད་པ་ལས་འབྲས་བུ་ཐ་དད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་རང་དང་གཞན་ལས་ཀྱང་མ་ཡིན་པས་གསུམ་ཆར་ཡང་དེ་ལྟ་བུ་ཉིད་དུ་མི་འགྱུར་རོ། །དེ་ལྟར་ན་དུ་མའི་བདག་ཉིད་ཡིན་པའི་ཕྱིར་གཅིག་ཅེས་བྱ་བ་མེད་

དོ། །གལ་ཏེ་དེ་ལྟར་ཕྱོགས་ཐ་དད་པའི་ཕྱིར་གཅིག་པ་མེད་ན་གང་ཞིག་ཕྱོགས་མེད་ཅིང་ཆ་ཤས་མེད་པ་གང་ཡིན་པ་དེ་དེ་འདྲ་བ་ཡིན་ན་འགྱུར་རོ། །དེ་གང་ཞིག་ཡིན་སེམས་རེ་ཞིག་དེ་ནི་གཅིག་པ་མ་ཡིན་ཏེ། སྐྱེ་བ་དང་གནས་པ་དང་། འཇིག་པ་དུས་མང་པོ་དང་ལྡན་པ་ཉིད་ཀྱིས་

གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་རོ། །འོ་ན་རྡུལ་ཕྲ་རབ་དག་ཡིན་ནོ་ཞེ་ན། དེ་དག་ཀྱང་ཆ་ཤས་དང་བཅས་པ་ཉིད་དུ་བརྒྱ་པ་དང་བདུན་བརྒྱ་པ་ལས་རབ་ཏུ་བསྒྲུབས་ཟིན་ཏོ། །འོ་ན་བརྡ་སྤྲོད་པ་པས་བརྟགས་པ་སྒྲ་གསལ་ཞེས་བྱ་བའི་སྒྲ་ཡིན་པར་འགྱུར་རོ་ཞེ་ན། དེ་ཡང་ཆ་ཤས་མེད་པ་ཉིད་

ཡིན་ན་ང་རོ་བཞིན་གསལ་བར་བྱེད་པ་མ་ཡིན་པས་ཆ་ཤས་དང་བཅས་པ་ཡིན་ནོ། །དེ་དག་ཐམས་ཅད་ཀྱང་སྐད་ཅིག་མ་ཡིན་པའི་ཕྱིར་ཆ་ཤས་དང་བཅས་པ་ཡིན་ཏེ། དེས་ན་སུན་དབྱུང་བ་དེ་ཉིད་ཡིན་ནོ། །དེའི་ཕྱིར་དེ་ལྟར་ན་ཕྱོགས་མེད་པ་ནི་འགའ་ཡང་མེད། གལ་ཏེ་འདི་སྙམ་དུ་

གཅིག་པ་མ་ཡིན་དུ་ཟད། མ་ཡིན་པར་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར་གཅིག་མེད་པར་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུ་མ་ནི་གཅིག་ལ་ལྟོས་ནས་ཡིན་གྱི་དེ་མེད་པར་ནི་མ་ཡིན་པས་གཅིག་ཀྱང་མེད་ལ་དུ་མ་ཡང་མེད་དོ། །མེད་པ་ཉིད་ཁོ་ནར་འགྱུར་རོ་ཞེ་ན། དེ་ལྷག་མས་

འགག་གོ། །དོན་ནི་འདི་ཡིན་ཏེ། གལ་ཏེ་ཡོད་པ་ཉིད་གཅིག་ཁས་བླངས་པར་གྱུར་ན་ནི་དེ་ལ་ལྟོས་ནས་དེར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ཇི་ལྟར་དེ་ལྟ་བུ་ཡིན་ཞེ་ན། དོན་དེ་མཇུག་ཐོགས་ཀྱི་ཚིགས་སུ་བཅད་པས་སྟོན་ཏོ། ཡོད་པ་ཉིད་དང་ལྡན་པ་ན་ཡོད་པ་ཉིད་དེ། དཔེར་ན་བྱ་རོག་ནག་པོ་

ཉིད་ཅེས་བྱ་བ་ལྟ་བུའོ། །དེ་ཞིག་ཅིང་ཟད་པའམ་གཉེན་པོ་སྟེ་དཔེར་ན་འདི་ན་སྦྲུལ་ཡོད་དོ་ཞེས་སྦྲུལ་གྱི་དུག་གིས་འཇིགས་པར་གྱུར་པ་ལས་དེའི་གཉེན་པོ་ནེའུ་ལེ་ཡོད་པས་མེད་དོ་ཞེས་བྱ་བ་ལྟ་བུས་སོ། །མེད་པ་ཉིད་ནི་དེ་ལྟ་ཡིན་པར་འགྱུར་གྲང་ན། ཡོད་པ་སྲིད་པ་མ་ཡིན་ཕྱིར། །ཡོད་

Vol. 172 · folio 144a

པ་ཉིད་མི་སྲིད་ཅིང་ཁས་མ་བླངས་པའི་ཕྱིར་གཉི་ག་མི་རིགས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དེ་མྱ་ངན་ལས་འདས་པའི་རྒྱུས་སེམས་ཅན་ཞེས་བྱ་བའི་འཇིག་རྟེན་དོན་དུ་དོན་དམ་པར་འགྲིབ་ཅིང་འབྲི་བར་མི་འགྱུར་ཉེ་བར་མི་འགྲོའོ། །དེའི་ཕྱིར་འཇིག་རྟེན་འདི་མཐའ་དང་

ལྡན་ནམ་ཅི་ལགས་ཞེས་ཞུས་ན། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་ཏེ། སྐྱེ་བ་ཡོད་ན་ཡོད་པ་ཉིད་ཡོད་ལ། །དེའི་མཐའ་མ་ནི་མཐའ་ཡིན་ན་དེ་མེད་པའི་ཕྱིར་དེ་ནི་མེད་ལ། འདི་ཡང་ཆོས་དེ་ལྟ་བུ་མཉན་པར་བྱ་བའི་སྐལ་བ་ཅན་མ་ཡིན་པས་དེ་ཡོངས་སུ་སྤང་བར་བཞེད་ནས་ཅང་མི་

གསུང་བར་བཞུགས་པ་ཡིན་ནོ། །དོན་དེ་ཉིད་གསལ་བར་མཛད་པ་དང་། ཕན་ཡོན་བསྟན་པར་མཇུག་ཐོགས་པས་སྨོས་ཏེ་རྒྱུ་གང་གི་ཕྱིར་རོ། །ཟབ་མོའི་ཆོས་ནི་འདི་ཟབ་པ་ཡང་ཡིན་ལ་ཆོས་ཀྱང་ཡིན་པས་སོ། །མི་གསུང་བ་ནི་བཀའ་མི་སྩོལ་པའོ། །གང་ལ་ཞེ་ན། སྣོད་མིན་ཞིང་སྣོད་དུ་མ་གྱུར་

པའི་འགྲོ་བའོ། །རྒྱུ་དེ་ཉིད་ཀྱི་ཕྱིར་མཁས་པ་ཤེས་ཉེན་ཅན་རྣམས་ཀྱིས་ཀུན་མཁྱེན་པའི་ངོ་བོར་ཐམས་ཅད་མཁྱེན་པའོ་ཞེས་བྱ་བར་ཤེས་ཤིང་རྟོགས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། ཡང་དག་པར་ན་ངོ་བོ་ཉིད་མེད་པ་ཡིན་པས་ཆོས་ཐམས་ཅད་ནི་གཉིས་སུ་མེད་པ་ཡིན་ལ། དེ་དག་ཀྱང་

བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་དང་དེ་དག་ལས་དེ་ཁོ་ན་བཞིན་དུ་གསུངས་ཏེ། འདི་སྐད་དུ། ཆོས་ཀུན་རྟག་ཏུ་ངོ་བོ་ཉིད་ཀྱིས་སྟོང་། །རྒྱལ་བའི་སྲས་རྣམས་དངོས་པོ་རྣམ་པར་འཇིག །སྲིད་པ་ཐམས་ཅད་རྣམ་པ་ཀུན་དུ་སྟོང་། །ཉི་ཚེའི་སྟོང་ཉིད་མུ་སྟེགས་ཅན་རྣམས་ཀྱིས། །ཞེས་

གསུངས་པ་དང་། ཡང་། གང་ཞིག་སྟོང་ཉིད་ཤེས་པ་དེ་བག་ཡོད། །ཅེས་གསུངས་པ་ལྟ་བུའོ། །བརྗོད་པ་ནི་ཤེས་པའི་འབྲས་བུ་ཡིན་ནོ་ཞེས་གཞན་ནས་རྒྱས་པར་བསྟན་ཟིན་ཏོ། །དོན་འདི་ནི་འཇིག་རྟེན་ཐམས་ཅད་ཀྱིས་ཉམས་སུ་མྱོང་བས་གྲུབ་པ་ཡང་ཡིན་ཏེ། རྣམ་པར་བསམས་ནས་དེ་

བཞིན་དུ་སྨྲ་བའི་ཕྱིར་རོ། །གང་ལ་ཤེས་པ་སྣང་བར་གྱུར་པ་ཡོད་པ་དེ་ལ་མི་ཤེས་པ་མུན་པར་གྱུར་པ་འགག་སྟེ་སྣང་བ་དང་མུན་པ་བཞིན་ནོ། །གང་ལ་ཡུལ་ཐམས་ཅད་པའི་ཡེ་ཤེས་ཡོད་པ་དེ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །དེ་ལྟར་ཞེས་བྱ་བ་ནི་དེ་ལྟར་ཇི་སྐད་བཤད་པའི་རིམ་པས་ཞེས་

Vol. 172 · folio 144b

མཇུག་སྡུད་པ་སྟོན་པ་ཡིན་ནོ། །གང་ལ་ཡོངས་སུ་འཛིན་པ་སྟེ་རང་གིར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གནས་ནི་རྟེན་ནོ། །འདི་ལ་གནས་ཡོད་པ་མ་ཡིན་པས་ན་གནས་མེད་པའོ། །རྫོགས་སངས་རྒྱས་ནི་ཀུན་ནས་མཁྱེན་པ་ཅན་ནོ། །ཐམས་ཅད་གཟིགས་པ་རྣམས་ཀྱིས་ཞེས་བྱ་བ་ལ་གཟིགས་

པ་ནི་གཟིགས་པར་བྱེད་པ་སྟེ་སྤྱན་གྱི་རྣམ་པར་ཤེས་པའོ། །ཐམས་ཅད་དུ་གཟིགས་པས་ཐམས་ཅད་གཟིགས་པའོ། །ཐམས་ཅད་དུ་འགྲོ་བའི་སྤྱན་གྱིས་རྣམ་པར་ཤེས་པ་ཅན་རྣམས་ཀྱིས་ཏེ་ལྷའི་སྤྱན་ཅན་རྣམས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དང་ཡང་དུ་བཀའ་སྩལ་པ་ནི་གསུངས་པའོ། །ཆོས་

འདིས་སྐྲག་པར་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་གིས་ཤེ་ན་གནས་མེད་པས་སོ། །ཅིའི་ཕྱིར་སྐྲག་ཅེ་ན། གནས་ལ་མངོན་དགའ་ཞེས་བྱ་བ་སྨོས་ཏེ། དེ་དང་དེར་སྐྱེ་བས་ན་སྐྱེ་བའོ། །གནས་དང་བཅས་པ་ཁོ་ནའི་ཆོས་ལ་མངོན་པར་དགའ་ཞིང་ཆགས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྐྲག་

པའི་རྒྱུ་གཞན་ནི་འདི་ཡིན་ཏེ། མ་འདས་པ་ནི་དེ་ཉིད་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །མི་མཁས་པ་ནི་ཤེས་རབ་ཅན་མ་ཡིན་པའོ། །དེ་ལྟ་བུ་དེ་དག་ཅིར་འགྱུར་ཞེ་ན་ཕུང་བར་འགྱུར་ཏེ། མྱ་ངན་ལས་འདས་པ་དང་བདེ་འགྲོ་ལ་ལན་མང་དུ་མི་སྣང་ཞིང་ཉམས་པར་འགྱུར་རོ། །དེ་ལྟ་བུ་དེ་དག་བདག་ཉིད་

ཕུང་བ་ཡིན་ནོ་ཞེས་དེ་ལྟར་བསམས་ནས་ཅི་ཕུང་བར་མི་འགྱུར་བ་དེ་ལྟར་སྔར་བཤད་པའི་དོན་དེ་ལ་སེམས་བརྟན་པོར་གྱིས་ཤིག །ཁྱོད་ཆོས་ཀྱི་སྣོད་ཡིན་ནོ་ཞེས་ཁྱོད་མི་རུང་ཞིང་ཡོངས་སུ་ཉམས་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། །འཇིག་རྟེན་འཁོར་བ་ལས་འདས་པ་ནི་མཆོག་གོ། །འདིས་ལན་

ཅིང་འཐོབ་པས་ན་དེ་སྐད་ཅེས་བྱའོ། །ཡང་ན་ཁྱེར་བར་བྱེད་པས་ན་ཚུལ་དེ་ཡང་དག་པའི་གདམས་ངག་གོ། །གཉིས་པ་རྟེན་ཅིང་འབྲེལ་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཡང་དག་པ་ཇི་ལྟ་བུ་བཞིན་ནི་བདེན་པའོ། །ལུང་ནི་ཡིད་ཆེས་པའི་བཀའ་སྟེ། དེའི་དབང་གིས་ཞེས་བྱ་བ་ནི་དེ་

གསུངས་པའི་ལུགས་ཀྱིས་རྗེས་སུ་འབྲངས་ནས་ཡིན་གྱི་རང་གི་བློ་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །སྡིག་དང་ཞེས་བྱ་བ་ལ་སོགས་པ་ནི་སྡིག་པ་ལ་སོགས་པ་མི་སྲིད་པར་སྟོན་ཏེ། སྡིག་པ་དང་བསོད་ནམས་ནི་སྡིག་དང་བསོད་ནམས་དག་སྟེ་དེ་དག་ཉིད་བྱ་བ་ཡིན་ཏེ། དེ་དག་ནི་ལུས་དང་ངག་དང་

Vol. 172 · folio 145a

ཡིད་རབ་ཏུ་འཇུག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གང་ལ་དེ་དག་འདས་ཤིང་རྒལ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཚུལ་དེ་ཞེས་བྱ་བར་སྦྱར་རོ། །དེ་ནི་བཀྲོལ་ཞིང་རབ་ཏུ་བསྟན་པ་ཡང་ཡིན་ལ་དོན་ཡང་ཡིན་པས་བཀྲོལ་བའི་དོན་ཏོ། །དེ་འདི་ལ་ཡོད་པས་ན་བཀྲོལ་བའི་

དོན་དང་ལྡན་པའོ། །ཆུ་བོ་དང་རྒྱ་མཚོར་འཇུག་པའི་ལམ་ནི་མུ་སྟེགས་ཏེ། གྲུབ་པའི་མཐའ་ཐམས་ཅད་ཀྱང་འཁོར་བ་དང་མྱ་ངན་ལས་འདས་པའི་རྒྱ་མཚོའི་རང་གི་ངོ་བོ་ལ་འཇུག་པའི་ཕྱིར་རབ་ཏུ་སྦྱར་བ་ཡིན་པས་མུ་སྟེགས་ཡིན་པར་བརྟག་གོ། །དེ་འདི་ལ་ཡོད་པས་ན་མུ་སྟེགས་ཅན་ནོ། །གསུང་

རབ་འདི་ལས་གཞན་པ་འདི་དག་གིས་མ་མྱངས་ཤིང་རོ་མྱངས་པ་སྟེ་བྱེ་བྲག་ཏུ་མ་ཤེས་པ་ཞེས་བྱ་བའི་དོན་ཏོ། །གནས་ནི་དམིགས་པའོ། །འདི་ལ་བརྟེན་པས་ན་དེ་སྐད་ཅེས་བྱ་སྟེ། དེས་འཇིགས་ཤིང་སྐྲག་པ་རྣམས་ཀྱིས་སོ། །འཇིག་རྟེན་འདས་ཀྱི་ཚུལ་བཤད་ཅེས་སྨོས་པ་སྟེ། དེ་སྐྱེས་བུས་མིན་

ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །འདི་སྐད་དུ་བཤད་པ་ཡིན་ཏེ། འཇིག་རྟེན་ཞེས་བྱ་བའམ་འཁོར་བ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཕུང་པོ་འདི་དག་ཁོ་ན་ལ་བྱའོ། །དེ་ལ་གཟུགས་ཀྱི་ཕུང་པོ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཚོགས་ཡིན་ནོ། །ཚོར་བ་ལ་སོགས་པའི་ཕུང་པོ་

ཡང་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཡིན་ནོ། །འདི་ལ་ནི་འཇིག་རྟེན་ཕོ་དང་མོ་ཞེས་བྱ་བར་མངོན་པར་ཞེན་པས་དེ་དཔྱད་པར་མཛད་དེ། རེ་ཞིག་འབའ་ཞིག་ནི་སྐྱེས་བུ་མ་ཡིན་ནོ། །ལྷག་མ་རྣམས་ཀྱང་འབའ་ཞིག་ནི་དེ་དང་འདྲའོ། །ཀུན་འདུས་པ་ཡང་མ་ཡིན་ཏེ། དེ་ལྟ་བས་

ན་སྐྱེས་བུ་ནི་དེ་ལྟར་ངོ་བོ་ཉིད་མེད་དོ། །དེའི་ཕྱིར་སྐྱེས་བུ་ནི་མེད་པ་ཁོ་ན་སྟེ། ཁམས་དྲུག་ལ་སྐྱེས་བུ་ཞེས་བཤད་ཀྱི་གཞན་ནི་མ་ཡིན་ན་དེ་དག་ཀྱང་དེ་ལྟར་དཔྱད་ན་ཁམས་དྲུག་ཅར་ཡང་སྐྱེས་བུ་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་སྐྱེས་བུ་མ་ཡིན་དུ་ཟད། ཁམས་རྣམས་ནི་ཡོད་དོ་སྙམ་

དུ་སེམས་ན། མཇུག་ཐོགས་ནས་འབྱུང་བས་དེ་འགོག་སྟེ། ཁམས་དྲུག་ལ་བཏགས་པར་ཟད་པས་ཁམས་དྲུག་སྐྱེས་བུ་འདུས་པའི་ཕྱིར་དེའི་ངོ་བོ་ཡིན་པ་ཇི་ལྟ་བ་ཡིན་པ་དེ་བཞིན་ཁམས་ལ་སོགས་པའི་མཚན་ཉིད་ཀྱང་ཚུལ་འདི་ཉིད་ཀྱིས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། ས་ལ་སོགས་

Vol. 172 · folio 145b

པ་ཡང་རྡུལ་ཕྲ་རབ་འདུས་པ་ཡིན་པ་དེའི་ཕྱིར་དེ་དག་ཀྱང་ཡང་དག་པར་ན་ས་ལ་སོགས་པའི་ངོ་བོ་ཉིད་དུ་མི་འགྱུར་རོ། །གལ་ཏེ་བདག་ཏུ་སྨྲ་བ་རྣམས་འདི་སྙམ་དུ་སེམས་ཏེ། སྐྱེས་བུ་དང་ཁམས་རྣམས་ལྟ་མེད་དུ་ཟད་བདག་ནི་ཡོད་དོ་ཞེ་ན། མཇུག་ཐོགས་ནས་འབྱུང་བས་དེ་འགོག་སྟེ།

རེ་ཞིག་ཕུང་པོ་རྣམས་ནི་བདག་མ་ཡིན་ཏེ། དེའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་དེར་ཕུང་པོ་དེ་རྫ་མ་དང་རྒྱ་ཤུག་གི་ཚུལ་དུ་ནི་མ་ཡིན་ཏེ། གལ་ཏེ་ཡིན་པར་གྱུར་ན་སོ་སོ་རང་གི་ངོ་བོ་དམིགས་པར་འགྱུར་བ་ཞིག་ན་དེ་ལྟ་ན་ཡང་མ་ཡིན་ནོ། །འོན་ཏེ་ལུས་ཅན་མ་ཡིན་པའི་ཕྱིར་ད་

ལྟར་མི་འགྱུར་རོ་ཞེས་ལུས་ཅན་མ་ཡིན་པ་ནམ་མཁའ་དང་འདྲ་བ་ལྟ། རྟེན་ཀྱང་ཇི་ལྟ་བུ་ཞིག་ཡིན་པར་འགྱུར། །ཆུ་ལ་སོགས་པ་རླུང་གི་དཀྱིལ་འཁོར་ལ་གནས་པ་ཞེས་བྱ་བ་དཔེར་བྱར་ནི་མི་རུང་ངོ་། །ཕུང་པོ་དེ་ལ་བདག་དེ་ཡང་མ་ཡིན་ནོ། །དེ་མེད་པར་ཏེ་ཕུང་པོ་དེ་མེད་པར་ཡང་རིགས་

པའི་སྒོ་ནས་དམིགས་པ་མ་ཡིན་ནོ། །ཕུང་པོ་དག་དང་ལྷན་ཅིག་མེ་དང་བུད་ཤིང་ལྟར་འདྲེས་ཤིང་གཅིག་ཏུ་གྱུར་པ་ཡང་མ་ཡིན་ཏེ། དེ་ལྟ་ཡིན་ན་ནི་འདི་ནི་བདག་གོ། །འདི་དག་ནི་ཕུང་པོ་ཞེས་བྱ་བར་ཕྱེད་པར་མི་འགྱུར་ཏེ་ཆུ་དང་འོ་མ་བཞིན་ནོ། །དེའི་ཕྱིར་ཇི་ལྟར་ན་ཡོད་ཅེས་བྱ་བར་ཤེས། ཇི་ལྟར་

བདག་དང་སྲོག་མེད་པ་ལྟར་ས་ལ་སོགས་པ་ཡང་དེ་དང་འདྲའོ་ཞེས་བྱ་བར་བསྟན་པའི་ཕྱིར་འབྱུང་གསུམ་ས་མིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རེ་ཞིག་ས་འདི་འབྱུང་བ་གསུམ་མ་ཡིན་ཏེ། དེའི་ངོ་བོ་ཉིད་མ་ཡིན་ནོ། །ས་འདི་ལ་འབྱུང་བ་གསུམ་ཡང་མ་ཡིན་ཏེ་སྔ་མ་ཡིན་ཏེ་སྔ་མ་བཞིན་ནོ། །

འབྱུང་བ་གསུམ་ལ་ཡང་ས་འདི་མ་ཡིན་ནོ། །དེ་མེད་པར་ཏེ་འབྱུང་བ་གསུམ་མེད་པར་མ་ཡིན་ནོ། །ས་ཇི་ལྟ་བར་ལྷག་མ་གསུམ་ཡང་དེ་དང་འདྲ་བའོ། །ཡིན་ཞེས་བྱ་བའི་སྒྲ་ནི་དེ་ལྟ་བས་ན་ཞེས་པའི་དོན་ཡིན་ཏེ། གཏན་ཚིགས་དེའི་ཕྱིར་རོ། །ས་ལ་སོགས་པ་འབྱུང་བ་རེ་རེ་ཡང་ངོ་བོ་ཉིད་མེད་དོ་ཞེས་

བྱ་བའི་གཏན་ཚིགས་སུ་གང་ཞེས་བྱ་བའི་སྒྲ་སྨོས་ཏེ། གང་གི་ཕྱིར་གསུམ་མེད་པར་རེ་རེ་མེད་ལ། གཅིག་མེད་པར་ཡང་གསུམ་མེད་པ་ཞེས་བྱ་བ་ནི་ཚིག་ལྷག་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བའི་སྒྲ་ནི་ཅི་སྟེ་ཞེས་བྱ་བའི་དོན་ཡིན་ཏེ། ཅི་སྟེ་གསུམ་མེད་པར་ཡང་རེ་རེ་མེད་ལ། གཅིག་མེད་

Vol. 172 · folio 146a

པར་ཡང་གསུམ་མེད་ན། ས་ལ་སོགས་པ་སོ་སོར་རང་ཡོད་པ་མ་ཡིན་ནོ། །སོ་སོ་རང་སྟེ་རང་གི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །ཡོད་པ་མ་ཡིན་པ་ནི་མེད་པ་སྟེ། འདི་སྐད་དུ་རང་རང་གི་ངོ་བོར་ཡོད་པ་རྣམས་འདུས་པ་ནི་འདྲེས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འོན་ཏེ་

སོ་སོ་རང་སྟེ་རང་རང་གི་ངོ་བོར་སོ་སོར་ལོགས་ཤིག་ན་ཡོད་ནའོ། །ཅིས་མེད་དེ། དེ་ཅིའི་ཕྱིར་མེད། གཡོ་བ་ནི་རླུང་ངོ་། །ཐོགས་པ་ནི་རྡུགས་པ་སྟེ་སའི་ཁམས་སོ། །སྡུད་པ་ནི་འབྱར་བའི་ངོ་བོ་སྟེ་ཆུའི་ཁམས་སོ། །དེ་དག་མེད་པར་ཆུ་དང་རླུང་དང་ས་རེ་རེ་ཡང་དེ་བཞིན་ནོ། །འོན་ཏེ་མེ་འདི་བུད་ཤིང་

མེད་ན་མི་དམིགས་པའི་ཕྱིར། ལོགས་ཤིག་ཏུ་རང་གི་ངོ་བོ་མེད་ན་ཇི་ལྟར་ཐབས་གང་གིས་ཁྱོད་ཀྱི་ལྷག་མ་གསུམ་པོ་རང་བཞིན་ཏེ། དེ་དག་ཕན་ཚུན་མ་འདྲེས་པར་ལོགས་ཤིག་ན་སོ་སོའི་རང་གི་ངོ་བོར་ཡོད་དོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟ་བས་ན་དེ་ནི་འདྲ་བར་བལྟ་བར་བྱའོ། །འདི་ལ་

གཏན་ཚིགས་ཅི་ཡོད་སྙམ་ན། ལྷག་མས་གཏན་ཚིགས་སྨོས་ཏེ། གསུམ་པོ་ནི་མེ་མ་གཏོགས་པ་ལྷག་མ་རྣམས་སོ། །རྒྱུ་ལ་བརྟེན་ཅིང་གནས་ནས་འབྱུང་བ་ནི་སྐྱེ་བའོ། །ཆོས་མི་མཐུན་པ་ནི་མི་འདྲ་བའོ། །འང་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་སྐད་དུ་བཤད་པ་ཡིན་

ཏེ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་དེ་ལ་གཟུགས་ཞེས་བྱ་བ་ནི་འབྱུང་བ་ཆེན་པོ་བཞི་དང་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་དག་ཡིན་ནོ། །གལ་ཏེ་མེ་ལོགས་ཤིག་ཏུ་རང་གི་ངོ་བོར་ཡོད་པར་གྱུར་ན་གསུམ་ཁོ་ན་ལྷན་ཅིག་འབྱུང་བས་རྟེན་ཅིང་འབྲེལ་པར་འབྱུང་བ་དང་

ཆོས་མི་མཐུན་པར་འགྱུར་ཏེ། དེ་ལྟར་ནི་རུང་བ་མ་ཡིན་ནོ། །ཡང་ན་ཉེས་པ་གཞན་འདི་ཡང་ཡོད་དོ་ཞེས་བྱ་བ་ཚིག་ལྷག་མ་ཡིན་ཏེ། འང་ཞེས་བྱ་བའི་སྒྲ་ནི་བསྡུ་བའི་དོན་དུ་བྱའོ། །སོ་སོ་རང་ཡོད་ཀྱང་རུང་མེད་ཀྱང་རུང་ཕན་ཚུན་བསྟེན་པ་ཡང་སྐྱོན་ཡིན་པར་ནི་མཇུག་ཐོགས་ནས་འབྱུང་བས་

སྟོན་ཏོ། །གལ་ཏེ་ཉེས་པ་དེར་འགྱུར་དུ་འོང་ཞེས་ཏེ། གང་ན་འབྱུང་བ་གཅིག་ཡོད་པ་དེ་ན་ལྷག་མ་རྣམས་ཡོད་དོ་ཞེས་བྱ་བར་ཁས་ལེན་ན་གཅིག་ཏུ་གནས་པ་ཉིད་ལ་གཞན་དུ་གྱུར་པ་མི་འཐད་པས་དེ་ལྟ་ན་གཅིག་ཏུ་གནས་པ་ཉིད་དུ་ཁས་བླངས་པར་འགྱུར་རོ། །གྱུར་དུ་ཟད་མོད་ཉེས་པ་ཅི་ཡོད་ཅེ་ན།

Vol. 172 · folio 146b

མ་འདྲེས་པ་རྣམས་གཅིག་གནས་མེད། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདྲེས་པ་རྣམས་ནི་སོ་སོ་ལོགས་ཤིག་གི་རང་གི་ངོ་བོ་ཉམས་པར་འགྱུར་ཏེ། སྦྲང་རྩི་དང་མར་དང་འོ་མ་དང་ཆུ་བཞིན་ནོ། །འབྱུང་བ་རྣམས་ཀྱི་མཚན་ཉིད་ཀྱང་རུང་བ་མ་ཡིན་ནོ་ཞེས་མཇུག་ཐོགས་ནས་འབྱུང་བས་སྟོན་ཏེ་

ཤས་ཆེ་བ་ནི་ལྷག་པའོ། །འོ་ན་མཚན་ཉིད་ཇི་ལྟར་བཀའ་སྩལ་ཞེ་ན། མཚན་ཉིད་དག་ནི་ཀུན་རྫོབ་བཤད། །ཞེས་བྱ་བ་སྨོས་ཏེ། ཀུན་རྫོབ་ཏུ་ཐ་སྙད་དུ་ཡིན་ལ། འདི་ནི་དེ་ཁོ་ན་ཉིད་བསམ་པ་ཡིན་པས་ཉེས་པ་མེད་དོ། །འབྱུང་བ་ཆེན་པོ་མེད་པར་བསྟན་པའི་ཚུལ་ཏེ། ཐབས་

བཤད་པ་གང་ཡིན་པའི་ཐབས་དེ་ཉིད་ཁ་དོག་ལ་སོགས་པའི་ཡང་ཡིན་ནོ། །འབྱུང་བ་དགག་པ་འདས་མ་ཐག་པས་བརྟེན་པ་ཡང་བཀག་ཟིན་པ་ཉིད་ཡིན་མོད་ཀྱི་གསལ་བར་བྱ་བའི་ཕྱིར་འདིར་སྨོས་པར་ཟད་དེ། ཁ་དོག་ནི་གཟུགས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། འདི་

དག་ཀྱང་འདྲེས་པར་འགྱུར་བར་འདོད་དོ། །ཕྲ་རབ་རྡུལ་ནི་རྫས་བརྒྱད་དོ། །ཞེས་བྱ་བས་སོ། །དེ་ལྟ་བས་ན་དེ་དག་ཀྱང་འབྱུང་བ་བཞིན་མེད་པར་སྒྲུབ་པ་ལ་རིགས་པ་ནི་དེ་ཉིད་ཡིན་ནོ། །དེ་ལྟར་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ཡོད་པ་མ་ཡིན་པར་བསྟན་ནས། ད་ནི་མིག་ཅེས་

བྱ་བ་ནས་བཟུང་སྟེ། མིང་དང་མིང་ཅན་ཞེས་བྱ་བའི་བར་སྤྱིར་གཟུགས་ཅན་མ་ཡིན་པའི་དོན་རྣམས་ལ་ཡང་ཚུལ་ནི་འདི་ཉིད་ཡིན་ནོ་ཞེས་བྱ་བར་དེ་བཞིན་ནོ་ཞེས་བྱ་བའི་སྒྲས་སྟོན་ཏོ། །མིག་གིས་མཚོན་པ་རྣ་བ་ལ་སོགས་པ་དང་། གཟུགས་ཀྱིས་མཚོན་པ་སྒྲ་ལ་སོགས་པ་དང་། མིག་གི་

རྣམ་པར་ཤེས་པས་མཚོན་པ་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལ་ཡང་ངོ་། །ཡང་ན་གཟུགས་ཞེས་བྱ་བ་ངོ་བོ་ཉིད་ཀྱི་རྣམ་གྲངས་སུ་བྱས་ནས་མིག་གི་ངོ་བོ་ཉིད་ཀྱི་རྣ་བ་ལ་སོགས་པ་འབྱུང་བ་ལས་གྱུར་པའི་ངོ་བོ་ཉིད་ལ་བརྟེན་པ་དང་། དེ་བཞིན་དུ་རྣམ་པར་ཤེས་པའི་ངོ་བོ་ཉིད་རྣ་བའི་

རྣམ་པར་ཤེས་པ་ལ་སོགས་པ་རྣམ་པར་ཤེས་པའི་ངོ་བོ་ཉིད་ལ་བརྟེན་ནས་སོ། །མིག་ལ་སོགས་པའི་གཟུགས་རྣམས་ངོ་བོ་ཉིད་ཡིན་པ་ནི་དེ་དག་ཀྱང་བསགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་ལ་སོགས་པ་ཡང་ཚོགས་པའི་ངོ་བོར་འབྱུང་བའི་ཕྱིར་དེ་དང་འདྲ་

Vol. 172 · folio 147a

བར་བསམ་པར་བྱ་བ་ཡིན་ནོ། །མ་རིག་པ་ཡང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་དང་འདྲ་བ་ཡིན་པས་དེ་དང་འདྲ་བ་ཉིད་དོ། །རྣམ་པར་ཤེས་པ་སྨོས་པས། སེམས་ལས་བྱུང་བ་ཡིན་པའི་ཕྱིར་མ་རིག་པ་ཡང་སྨོས་པ་ཉིད་མ་ཡིན་ནམ། ཡང་ཅི་སྟེ་སྨོས་ཤེ་ན།

དེ་ནི་བདེན་ན་འོན་ཀྱང་དེ་ནི་གཙོ་བོ་ཡིན་པའི་ཕྱིར་ཡང་སྨོས་ཏེ། འདི་ལྟར་དེའི་སྟོབས་ཀྱིས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཞན་དག་ཀྱང་རབ་ཏུ་འཇུག་ལ་འཁོར་བ་ཡང་དེ་ལས་འབྱུང་ངོ་། །ལས་གཉིས་སྨོས་པའི་ཕྱིར་འདི་གང་གིས་ཡིན་པར་བཟུང་ངོ་། །ལས་ཞེས་བྱ་བའམ་བྱ་

བ་ཕུང་པོ་ལ་མ་གཏོགས་པ་དོན་གྱི་ཁྱད་པར་གཞན་དུ་བརྗོད་པའམ་དམིགས་པ་ནི་མ་ཡིན་ཏེ། རྒྱུ་མ་རིག་པ་ལ་སོགས་པ་སྔ་མ་ལ་བརྟེན་ནས་ཕུང་པོའི་ཚོགས་ཕྱི་མ་ཕྱི་མ་ལ་ལས་ཞེས་བྱ་བར་ཟད་དོ། །མ་རིག་པ་དང་སྲེད་པ་དང་ལེན་པའི་རྒྱུ་ཅན་གྱི་ཕུང་པོ་འབྱུང་བ་ཚོགས་པའི་ངོ་བོ་ནི་སྐྱེ་

བའོ། །མ་རིག་པ་དང་ལས་དང་སྐྱེ་བ་ནི་མ་རིག་པ་དང་ལས་དང་སྐྱེ་བ་རྣམས་ཏེ་དེ་རྣམས་ལའོ། །བྱེད་པས་ན་རང་དབང་ཅན་གྱི་བྱེད་པ་ནི་བྱེད་པ་པོ་སྟེ་ཕུང་པོ་ལྔའི་ངོ་བོ་ཉིད་ཡིན་ནོ། །དེའི་བྱ་བས་ཁྱབ་པ་ནི་ལས་ཏེ་འདོད་པའམ་མི་འདོད་པ་ཡིན་ནོ། །ཡང་ན་འགའ་ཡང་མི་འདོད་པ་དུག་འཐུང་བའམ།

གཡང་སར་མཆོང་བ་མེད་པས་གང་གིས་མི་འདོད་པ་དེ་རེས་འགའ་དེ་ཉིད་ཀྱི་འདོད་པ་ཡིན་པའི་ཕྱིར་ཏེ། དེ་ཡང་ཕུང་པོ་འདུས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་དག་ཉིད་ཚོགས་པའི་སྟོབས་ཀྱིས་དེ་དང་དེར་སྐྱེ་བ་ན་ཞེས་བྱ་བའི་མིང་འཐོབ་པོ། །གྲངས་ནི་གཅིག་ལ་སོགས་པ་སྟེ། །དེ་ཡང་

བགྲང་བར་བྱ་བ་ལས་མ་གཏོགས་པ་གཞན་ནི་མེད་དོ། །རྫས་དང་རྫས་གཞན་དུ་སྦྱོར་བ་ནི་ལྡན་པ་སྟེ། དེ་ཡང་དེ་ལས་གཞན་པ་ནི་མ་ཡིན་ནོ། །འོན་ཏེ་བསམ་གཏན་གྱི་མཚན་ཉིད་ཡིན་ན་ཡང་དེའི་ཚེ་བསམ་གཏན་ནི་སེམས་རྩེ་གཅིག་པའི་ཚོགས་ཀྱི་ངོ་བོ་ཡིན་ནོ། །རྒྱུ་ནི་ཕྱིའི་ས་བོན་ནོ། །འབྲས་བུ་ནི་

དེ་ལས་སྐྱེས་པ་འབྲུ་ལ་སོགས་པའོ། །དུས་ནི་འདས་པ་ལ་སོགས་པའི་ངོ་བོ་གསུམ་མོ། །དེ་དག་ཀྱང་ཕུང་པོ་ལས་མ་གཏོགས་པ་གཞན་ནི་མ་ཡིན་ཏེ། དེ་སྐད་དུ། དེ་དག་ཉིད་དུས་གཏམ་གཞི་དང་། །ངེས་པར་འབྱུང་བཅས་གཞིར་བཅས་པ། །ཞེས་བཤད་པས་སོ། །རིང་པོ་བས་ཐུང་

Vol. 172 · folio 147b

བ་ནི་ཐུང་ངུའོ། །དེ་བས་སྲིད་དུ་ལྷག་པ་ནི་རིང་བའོ། །སྩོགས་ཞེས་སྨོས་པ་ནི་གྲུ་བཞི་དང་ཟླུམ་པོ་ལ་སོགས་པ་བསྡུའོ། །གང་དག་ལ་ཐུང་ངུ་དང་རིང་པོ་ཞེས་བྱ་བ་ལ་སོགས་པའི་མིང་ཡོད་པ་དེ་དག་ནི་དེ་དག་ཅེས་བྱའོ། །དེ་དག་ཐམས་ཅད་ཀྱང་འདུས་པའི་ངོ་བོ་ཡིན་པས་ཚུལ་ནི་དེ་ཉིད་ཡིན་ཏེ། བདག་

བཞིན་དུ་བརྫུན་པའི་ཆོས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རྒྱས་པར་བརྗོད་ནས། ཡང་མིང་དང་ཞེས་བྱ་བ་ལ་སོགས་པས་མདོར་བསྡུ་བ་མཛད་དེ་མིང་ཞེས་བྱ་བའི་སྒྲ་ནི་མིང་གི་རྣམ་གྲངས་ཡིན་ནོ། །འདི་ལ་མིང་དུ་བཏགས་པ་ཡོད་པས་ན་མིང་ཅན་ཏེ་དེ་དག་ལའོ། །ཇི་ལྟར་འབྱུང་བ་དང་འབྱུང་བ་

ལས་གྱུར་པ་རྣམས་འདུས་པའི་ངོ་བོ་ཡིན་པའི་ཕྱིར་བརྟགས་ན་བདག་བཞིན་དུ་བརྫུན་ཏེ་བདེན་པ་མ་ཡིན་པ་ལྟར་འདི་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཀྱིས་དེ་དང་དེ་ནས་ས་ལ་སོགས་པ་བཤད་པ་མ་ཡིན་ནམ། དེ་ཇི་ལྟར་དེ་སྐད་ཅེས་བྱ་ཞེ་ན། དེ་ནི་ཐ་

སྙད་དུ་གསུངས་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །འདི་ལྟར་ཡང་དག་པར་བསྒོམས་པའི་མཐར་ཕྱིན་པ་ལས་སྐྱེས་པའི་རྣམ་པར་ཤེས་པ་དེ་འགག་པར་གྱུར་ཏེ་མི་དམིགས་སོ་ཞེས་བྱ་བའི་དོན་ཏོ། །རྒྱས་པར་སྟོན་ཏེ་བྱེ་བྲག་ཏུ་ཤེས་པས་ན་རྣམ་པར་ཤེས་པའོ། །འདི་ནི་འདི་ནའོ། །ཕ་བི་ནི་ཕ་བི་ནའོ་

ཞེས་བྱ་བར་བསྟན་པར་མི་ནུས་པས་ན་བསྟན་དུ་མེད་དོ། །གཞི་མཐའ་ཡས་པ་ལ་དམིགས་པས་ན་མཐའ་ཡས་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོན་ཏན་མཐའ་ཡས་པ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་སྟོབས་ཀྱིས་ཐམས་ཅད་རབ་ཏུ་འཇུག་སྟེ། དེ་བས་ན་ཀུན་དུ་ཆོས་ཐམས་

ཅད་ལ་བདག་པོ་དང་དབང་སྒྱུར་བ་ཡིན་ནོ། །ཇི་སྐད་བཤད་པའི་རྣམ་པར་ཤེས་པ་དེ་ལ་ནི་གནས་ཐོད་པར་འགྱུར་བ་མ་ཡིན་ཏེ། གནས་སྐབས་རྙེད་པར་མི་འགྱུར་རོ། །རེ་རེ་ལ་བརྟེན་ནས་གཅིག་གི་ཚིག་ཏུ་བྱས་ཏེ་བསྟན་དུ་མེད་པ་ལ་དེ་དག་གི་གནས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་དེ་

དག་ལྟ་མེད་དུ་ཟད། གཞན་དག་ཡོད་པར་འགྱུར་རོ་ཞེ་ན། འདིར་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །གང་ཞེས་བྱ་བ་ནི་གང་གི་ཕྱིར་རམ། གང་འདི་ཞེས་བྱ་བར་ཐམས་ཅད་ཀྱི་ཁྱད་པར་ཡིན་ཏེ། སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་ཀྱི་རྣམ་པར་ཤེས་པ་ལས་བྱུང་ཞིང་སྐྱེས་པ་དེ་ཐམས་ཅད་

Vol. 172 · folio 148a

ནི་ཟག་པ་དང་བཅས་པའི་རྣམ་པར་ཤེས་པས་བརྟགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡོད་པ་མ་ཡིན་པ་ལས་བརྟགས་པ་དེ་ཤེས་པའི་ཕྱིར་ཏེ་འདི་ལ་བདེན་པ་གང་ཡིན་ཞེས་དེ་ལྟར་བརྟགས་ན་ཡང་དག་པ་ཇི་ལྟ་བ་བཞིན་ཡོངས་སུ་ཤེས་པའི་ཕྱིར་བྱིས་པ་སོ་སོའི་སྐྱེ་

བོའི་གནས་སྐབས་ཀྱི་འོག་རོལ་ཏུ་རྣམ་པར་ཤེས་པ་ཁོ་ནར་འགག་པར་འགྱུར་ཞིང་དེ་ལ་མི་སྣང་བར་འགྱུར་རོ། །རྣམ་པར་ཤེས་པ་མེར་གྱུར་པ་དེ་ལྟ་བུ་ནི་བུད་ཤིང་མེད་ན་ཡོད་པར་མི་འགྱུར་རོ་ཞེས་བྱ་བར་རྣམ་ཤེས་མེའི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །སྐྱེས་ནས་འགྲོ་བ་གཞན་དེ་དང་དེར་འགྲོ་བས་

ན་འགྲོ་བའོ། །དེའི་ཆོས་ནི་སྐྱེ་བ་ལ་སོགས་པའི་མཚན་ཉིད་དོ། །ཕྱིན་ཅི་མ་ལོག་པར་རྟོག་པ་ནི་ཇི་བཞིན་རབ་འབྱེད་པའོ། །འདི་ལ་འོད་ཟེར་དེ་ཉིད་ཡོད་པས་ན་དེ་ལྟ་བུ་སྟེ། གང་གི་ཚེ་རང་གི་ངོ་བོ་ཉིད་ཀྱང་མི་མཐོང་བ་དེའི་ཚེ་ཉེ་བར་ཞི་བ་ཞེས་བྱའོ། །དེ་ལྟར་ན་ཐམས་ཅད་མེད་པར་ཁས་བླངས་པའི་ཕྱིར་

དེ་ཉིད་དངོས་པོ་མེད་པར་སྨྲ་བ་ཁས་བླངས་པ་ཡིན་ནོ་ཞེ་ན། མཇུག་ཐོགས་ནས་འབྱུང་བས་དེ་འགོག་སྟེ། ངེས་པ་ནི་དེ་གཏན་ལ་ཕབ་པའོ། །གལ་ཏེ་ནམ་མཁའ་དངོས་པོར་ཡོད་པར་འགྱུར་རོ་ཞེ་ན། གཟུགས་ཀྱི་ཞེས་བྱ་བ་ལ་སོགས་པས་དེ་འགོག་གོ། །འོ་ན་གཟུགས་ཀྱི་ཞེས་སྨོས་

པས་དེ་ནི་ཡོད་དོ་ཞེ་ན། འབྱུང་མེད་ཅེས་བྱ་བས་དེ་འགོག་གོ། །འབྱུང་བ་མེད་པའི་གཟུགས་མེད་དེ་དེའི་ཕྱིར་མིང་ཅན་མེད་པས་མིང་ཡང་མེད་པའི་ཕྱིར་མིང་ཙམ་མེད་དོ། །སྔར་ནི་ཁྱད་པར་དུ་མིག་དང་། རྣམ་པར་ཤེས་པ་དང་། གཟུགས་དང་མ་རིག་པ་མེད་པར་སྟོན་ཏོ། །ད་ནི་སྤྱིར་

ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་ཞེས་བྱ་བ་ལ་སོགས་པའི་འབྱུང་བ་བཞིན་དང་། བདག་བཞིན་དུ་མེད་པའི་ངོ་བོ་ཞེས་སྟོན་ཏོ། །དེའི་ཕྱིར་ཁམས་དྲུག་བདག་མེད་དོ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུའི་

ཆོས་སོ་སོར་རྣམ་པར་ཕྱེ་སྟེ་བསྟན་ནས་ཡང་། ཇི་ལྟར་ཆུ་ཤིང་ཡན་ལག་དག །ཅེས་བྱ་བ་ལ་སོགས་པས་རིགས་པ་གཞན་གྱིས་བསྒྲེས་ཏེ་བསྟན་པ། ཇི་ལྟར་ཡན་ལག་ཇི་སྙེད་ཀྱིས་ཆུ་ཤིང་བཞིན་དུ་བསྒྲུབས་པའི་ཡན་ལག་དེ་དག་ཐམས་ཅད་མ་ལུས་པ་དང་བཅས་ཏེ་བཤིག་ཅིང་སོ་སོར་ཕྱེ་ན་དེ་

Vol. 172 · folio 148b

ལ་ཆུ་ཤིང་ཞེས་བྱ་བ་ཅི་ཡང་མེད་པ་དེ་བཞིན་དུ་ཁམས་ཇི་སྙེད་ཀྱི་སྐྱེས་བུར་བརྗོད་པ་དེ་དག་མ་ལུས་པ་དང་བཅས་ཏེ་བཤིག་ཅིང་དཔྱད་ན་མི་དམིགས་སོ། །ཅི་ཡང་ཞེས་བྱ་བ་ནི་རྫས་ལ་ལྟོས་ནས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་

ཐམས་ཅད་བདག་མེད་པར་གསུངས་ཏེ། སྐྱེས་བུ་མེད་དོ་ཞེས་བྱ་བར་བལྟ་བར་བྱའོ། །ཁམས་དྲུག་ཡོད་པར་འགྱུར་རོ་ཞེ་ན། ལྷག་མས་དེ་འགོག་གོ། །གཏན་ལ་ཕབ་པས་ན་མེད་དོ་ཞེས་ངེས་པར་བྱ་སྟེ། ཁམས་དྲུག་པོ་དེ་ཡང་གཏན་ལ་ཕབ་པ་དེས་ན་མེད་དོ། །དེ་ལྟར་ཡང་དག་

པར་ན་ཆོས་ཐམས་ཅད་བདག་མེད་པ་ཡིན་དང་། དེ་ལ་ལྟོས་ནས་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་ལྷག་མས་སྟོན་ཏེ། རྒྱུ་དེའི་ཕྱིར་སྐུ་དང་གསུང་དང་ཐུགས་ཐུབ་ཅིང་ཡང་དག་པར་བསྡོམས་པས་ཐུབ་པ་ཆེན་པོ་སྟེ་བཅོམ་ལྡན་འདས་སོ། །བཟློག་པ་ནི་ཟློག་པར་གྱུར་པའོ། །དེ་ལྟར་མཐོང་

བ་དང་ཐོས་པ་ལ་སོགས་པ་སྟེ། སྩོགས་པ་ནི་དང་པོའོ། །བྱེ་བྲག་ཕྱེད་པ་དང་རྣམ་པར་ཤེས་པ་གང་ལ་དང་པོ་མཐོང་བ་དང་ཐོས་པ་ཡོད་པ་དེ་ནི་མཐོང་བ་དང་ཐོས་པ་ལ་སོགས་པ་སྟེ། དེ་ཐུབ་པས་བདེན་པ་མ་ཡིན་པ་སྟེ། འདི་ནི་དེ་ཁོ་ན་ཉིད་ལ་བརྟེན་ནས་གསུངས་སོ། །བརྫུན་པ་མ་ཡིན་པ་

ནི་ཐ་སྙད་དུའོ། །འདི་གཉི་ག་བདེན་པ་མ་ཡིན་པ་ལ་བརྟེན་ནས་ཅི་སྟེ་མ་གསུངས་ཤེ་ན་ཕྱོགས་ལས་ཞེས་བྱ་བ་ལ་སོགས་པས་དེ་འགོག་སྟེ། མངོན་ཞིང་གསལ་བར་བྱེད་པས་ན་ཕྱོགས་སོ། །གལ་ཏེ་དོན་འགའ་ཞིག་སྔར་ཕྱོགས་སུ་བྱས་པར་གྱུར་ན་དེ་ལ་ལྟོས་ནས་འགལ་བའི་ཕྱོགས་མི་

མཐུན་པའི་ཕྱོགས་སུ་འགྱུར་རོ། །དེ་ལྟ་བས་ན་ཐབས་འདིས་ཡོད་པ་ཉིད་དང་མེད་པ་ཉིད་དུ་ཞལ་གྱིས་བཞེས་པར་མི་མཛད་དེ་དེའི་ངོ་བོ་ཉིད་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གང་ཞིག་དེ་ལྟར་བཤད་པའི་ལུགས་ཀྱིས་རྣམ་པ་ཐམས་ཅད་དུ་ངོ་བོ་ཉིད་ཡོད་པ་མ་ཡིན་པའི་འཇིག་རྟེན་

དེ་ལྟ་བུ་དེ་ལ་མཐའ་ཡོད་ཅེས་བྱ་བ་ལ་སོགས་པར་ཇི་སྐད་བསྟན། ཅི་སངས་རྒྱས་བཅོམ་ལྡན་འདས་ཀྱང་ཐ་སྙད་དུ་ཡོད་པ་དང་མེད་པའི་ཞལ་གྱིས་མི་བཞེས་སམ་ཞེ་ན། དུས་གསུམ་དུ་གནས་པར་ཞལ་གྱིས་མི་བཞེས་ཏེ། དེ་ཁོ་ན་ཉིད་དུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་དོན་དེ་མཇུག་

Vol. 172 · folio 149a

ཐོགས་ཀྱི་ཚིགས་སུ་བཅད་པས་སྟོན་ཏོ། །གང་དག་ལ་གྲངས་ལེའུ་དྲུག་ཅུ་ལས་འདས་པ་ཡོད་པ་དེ་དག་ནི་གྲངས་མེད་པའོ། །གཤེགས་པ་ནི་འདས་པའོ། །དེ་བཞིན་ཞེས་བྱ་བ་སྤྱིར་བརྗོད་པར་བྱའོ། །བྱོན་པར་འགྱུར་བ་ནི་མ་འོངས་པའོ། །དང་ཞེས་བྱ་བ་ནི་སྐབས་གཞན་

ནོ། །ཡང་ན་དེ་བཞིན་ཞེས་བྱ་བ་ནི་མགོན་པོ་རྣམས་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་སོང་བ་དང་། འོང་བར་འགྱུར་བ་དང་འགྲོའོ་ཞེས་སེམས་ཅན་རྣམས་དང་སྦྱར་བ་ཡིན་ནོ། །ཡང་ན་མང་པོ་ཞེས་བཤད་པ་ཡིན་ནོ། །སྐྱེས་ནས་འཇིག་པའམ་རོ་མྱང་བའི་དངོས་པོ་དེ་དང་། དེ་དག་ལ་ཆགས་པས་ན་

སེམས་ཅན་རྣམས་སོ། །བྱེ་བར་གྱུར་ཅེས་བྱ་བ་ལ་གྱུར་ཅེས་བྱ་བ་ནི་ལྷག་པའོ། །བྱེ་བ་པས་གྱུར་པ་ནི་དེ་བས་ཆེས་མང་བ་ཞེས་བྱ་བའི་ཐ་ཚིག་གིས་འདི་ནི་ཐ་སྙད་ལ་བརྟེན་ནས་བསྟན་པ་ཡིན་ནོ། །ལྷག་མས་ནི་དེ་ཁོ་ན་ཉིད་ལ་བརྟེན་པའོ། །དེ་དག་ལས་དུས་གསུམ་དུ་གནས་པ་དགོངས་ཤིང་བཞེད་དེ། ཆོས་ཐམས་

ཅད་བདག་མེད་པ་ཡིན་པས་འདོད་པ་ལ་བརྟེན་པ་མེད་དོ་སྙམ་དུ་དགོངས་པ་ཡིན་ནོ། །དོན་དེ་ཉིད་མཇུག་ཐོགས་ནས་འབྱུང་བ་ཟད་པ་ཞེས་བྱ་བ་ལ་སོགས་པས་གསལ་བར་བྱེད་དེ། འཕེལ་བ་ནི་སྐྱེ་བའོ། །དེའི་རྒྱུ་དེ་བྱེད་རྒྱུ་མ་ཡིན་ནོ། །གང་གི་ཞེ་ན། འཇིག་རྟེན་གྱི་སྟེ་འཁོར་བའོ། །མ་ཡིན་པ་དེ་གང་

ཞེ་ན། ཟད་ཅིང་མི་སྐྱེ་བ་སྟེ་ཟད་པ་དང་འདྲ་བས་སོ། །ངོ་བོ་ཇི་ལྟ་བུ་ཞིག་ཅེ་ན། དུས་གསུམ་དུ་གནས་པའོ། །འདི་སྐད་དུ་བཤད་པ་ཡིན་ཏེ། གང་གི་ཚེ་དངོས་པོ་འདི་རྣམས་རྟག་ཏུ་བདག་མེད་པ་དེའི་ཚེ་གང་ཞིག་ནི་སྐྱེ་ལ་གང་ཞིག་ནི་སྐྱེད་ཅེས་བྱ་བ་ཡིན་ནོ། །དེ་ལྟར་མཁྱེན་ནས་ཀྱང་བཅོམ་ལྡན་

འདས་ཐམས་ཅད་མཁྱེན་པས་ཇི་ལྟར་རྒྱུ་གང་གིས་འཁོར་བ་དེའི་སྔོན་དང་མཐའི་ལུང་མ་བསྟན་ཅིང་ལུང་བསྟན་པར་བྱ་བ་མ་ཡིན་པར་མཛད་ཅིང་བསྟན་ཞེ་ན། འདི་ནི་མུ་བཞི་དང་བྲལ་བ་ཡིན་པས་དེའི་ཕྱིར་དེ་ལྟར་མཛད་དོ་སྙམ་དུ་དགོངས་པ་ཡིན་ཏེ། འདི་ནི་འོག་ནས་སྟོན་པར་འགྱུར་རོ། །ཆོས་

འདི་ཁོ་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སོ་སོའི་སྐྱེ་བོ་ལ་གསང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོ་སོའི་སྐྱེ་བོ་ལ་གསང་བ་གང་ཡིན་པ་དེ་ནི་ཞེས་བྱ་བ་ནི་ངེས་པར་ལེགས་པའི་ཆོས་ཀྱི་སྐབས་སུ་དོན་དམ་པར་ཅུང་ཟད་ཀྱང་མེད་དོ་ཞེས་བཤད་

Vol. 172 · folio 149b

པ་གང་ཡིན་པ་དེ་སྟེ། ཆོས་དེ་ལྟ་བུ་ནི་ཐོས་པ་ལ་སོགས་པ་དང་བྲལ་བའམ། ལོག་པར་འཛིན་པ་ལ་མངོན་པར་ཞེན་པའི་དམིགས་པ་ཅན་ལ་གསང་ཞིང་བསྟན་པར་བྱ་བ་མ་ཡིན་པའོ། །སྒྱུ་མའི་རིག་སྔགས་ལ་ལེགས་པར་གོམས་པས་འཇིམ་པའི་དུམ་བུ་བླངས་ཏེ་གསང་སྔགས་ཀྱི་སྟོབས་ཀྱིས་

བསྒྲུབས་པའི་གླང་པོ་ཆེ་ལ་སོགས་པའི་གཟུགས་ནི་སྒྱུ་མའོ། །འཇིག་རྟེན་གང་ལ་སྒྱུ་མ་ལྟ་བུ་སྟེ། །མཚུངས་པ་ཡོད་པ་དེ་ནི་འཇིག་རྟེན་སྒྱུ་མ་ལྟ་བུའོ། །དེའི་ངོ་བོ་ནི་དེ་ཉིད་དེ། འདི་ཁོ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསྟན་པ་བདུད་རྩི་ཡིན་གྱི་དམིགས་པའི་གདོན་གྱིས་ཟིན་པས་བརྟགས་པ་

གཞན་ནི་མ་ཡིན་ནོ། །འདི་ཇི་ལྟར་སྒྱུ་མ་དང་འདྲ་ཞེ་ན། མཇུག་ཐོགས་ནས་འབྱུང་བས་སྟོན་པར་བྱེད་དོ། །སྒྱུ་མའི་ངོ་བོའི་གླང་པོ་ཆེ་སྟེ་སླུ་བའི་གླང་པོ་ནི་སྒྱུ་མའི་གླང་པོ་སྟེ་སླུ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་སྐྱེ་ཞིང་འབྱུང་བ་དང་འཇིག་ཅིང་འགག་པ་ཇི་ལྟར་སྣང་ཞིང་ཇི་ལྟར་དམིགས་ཀྱང་ངོ་། །སྐྱེ་བ་

ཉིད་དུ་སྣང་གི་མི་སྐྱེ་བར་ནི་མ་ཡིན་ལ། འཇིག་པ་ཉིད་དུ་སྣང་གི་ཐེར་ཟུག་ཏུ་མ་ཡིན་ཏེ། ཉིད་ཅེས་བྱ་བའི་དོན་ནི་དེ་ཡིན་ནོ། །དོན་གྱི་ཡང་དག་ཏུ་ཞེས་བྱ་བ་ནི་དོན་དམ་པར་ཏེ། དེ་ནི་དོན་ཡང་ཡིན་ལ་ཡང་དག་པ་ཡང་ཡིན་པས་སོ། །སྐྱེ་བ་ཉིད་དང་འཇིག་པ་ཉིད་དོ། །དཔེ་འདི་བརྗོད་

ནས་དོན་དེ་བཞིན་སྒྱུ་འདྲའི་ཞེས་བྱ་བ་ལ་སོགས་པས་དངོས་དང་སྦྱོར་བར་བྱེད་དོ། །སྒྱུ་མའི་གླང་པོ་ཆེ་རྒྱུ་དང་རྐྱེན་ལས་བྱུང་བ་ཡིན་ཡང་ཇི་ལྟར་དེ་ཁོ་ན་ཉིད་དུ་མ་ཡིན་ནོ་ཞེ་ན། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏེ། བདེན་པའི་ངོ་བོར་མ་སྐྱེས་པའི་ཕྱིར་སྐྱེ་བ་ན་ཡང་གང་ནས་ཀྱང་

མ་འོངས་ལ་མཇུག་བརྟུལ་བ་ན་ཡང་གང་དུ་མི་འགྲོའོ། །སེམས་རྨོངས་ཙམ་དུ་ཟད་པས་ན། །ཞེས་བྱ་བ་རྨོངས་པ་ནི་ནོར་བའོ། །ཙམ་ཞེས་སྨོས་པ་ནི་ལྷག་པའི་དོན་དགག་གོ། །ཡང་དག་ཉིད་དུ་སྟེ་བདེན་པའི་ངོ་བོར་གནས་པ་མེད་དོ། །དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་རིགས་པས་

སོ། །ཐ་སྙད་གདགས་པ་མ་གཏོགས་པར། །གང་ཞིག་ཡོད་པའམ་མེད་པར་འགྱུར་བ་སྟེ། །ཅི་ཞིག་ཡོད་ཅེས་བྱ་བ་ནི་རྟོག་པའོ། །ད་ནི། སངས་རྒྱས་ཀྱིས་ནི་རྒྱུ་འདི་ལས། །ཞེས་བྱ་བ་ལ་སོགས་པས། ཐམས་ཅད་མཁྱེན་པས་ཇི་ལྟར་དེའི། །སྔོན་མཐའ་ལུང་མ་བསྟན་པར་མཛད། །

Vol. 172 · folio 150a

ཅེས་གང་བཤད་པ་དེའི་རྒྱུ་སྟོན་ཏོ། །འདི་ལས་ཞེས་བྱ་བ་ནི་རྒྱུའོ། །འཇིག་རྟེན་གང་ལ་མཐའ་ཡོད་པ་ལ་སོགས་པ་རྣམས་བྱེ་བྲག་བཞི་ཡོད་པ་དེ་ནི་རྣམ་པ་བཞི་སྟེ། འཆད་པར་འགྱུར་བའི་ཚུལ་གྱིས་དེ་ལྟ་བུ་ལ་དགོངས་ནས་ཞེས་བྱ་བ་ནི་ཚིག་ལྷག་མ་ཡིན་ནོ། །གལ་ཏེ་ཆོས་

རྣམས་དེ་ལྟར་བདག་མེད་པ་ཡིན་ན་འཇིག་རྟེན་འདིས་དེ་ལྟར་ཅི་སྟེ་མི་རྟོགས་ཤེ་ན། དེའི་ཕྱིར་མཇུག་ཐོགས་ཀྱི་ཚིགས་སུ་བཅད་པ་སྨོས་སོ། །མི་གཙང་ཉིད་ནི་མི་གཙང་བའི་ངོ་བོ་ཉིད་དོ། །རགས་པ་ནི་ཆེ་ལོང་ངོ་། མངོན་སུམ་སྤྱོད་ཡུལ་བ་ནི་རྗེས་སུ་དཔག་པར་བྱ་བ་མ་ཡིན་ནོ། །སེམས་ལ་བདེ་བླག་

ཏུ་ཚོགས་མེད་པར་འཇུག་པར་འགྱུར་ཏེ། དེའི་སྤྱོད་ཡུལ་དུ་མི་འགྱུར་རོ། །སྐྱེ་བོ་རྣམས་ཀྱིས་ཤེས་པར་དཀའོ་ཞེས་ཤེས་པར་དཀའ་བར་ཐུགས་སུ་ཆུད་པ་དེ། རྒྱུ་དེས་ན་སངས་རྒྱས་ནས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཆོས་བསྟན་པའི་དགོངས་པ་ལོག་ཅིང་སྤྲོ་བ་ལོག་པར་གྱུར་ཏོ། །

ཅིའི་ཕྱིར་ལོག་པར་གྱུར་ཞེ་ན། འདིར། ཆོས་འདི་ལོག་པར་ཤེས་གྱུར་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོག་པར་ཤེས་པ་ནི་ཐ་སྙད་དུ་ཡང་ཅི་ཡང་མེད་དོ་ཞེས་ལོག་པར་ཤེས་པའོ། །མི་མཁས་པ་ནི་མཁས་པ་མ་ཡིན་ཏེ་མི་ཤེས་པའོ། །ཇི་ལྟར་ན་ཆུད་ཟ་ཞིང་ཕུང་བའི་རྒྱུར་འགྱུར་ཞེ་ན།

འདི་ལྟར་ཞེས་རྒྱུ་སྨོས་སོ། །མེད་པ་ཉིད་དུ་ལྟ་བ་ཉིད་མི་གཙང་བ་སྟེ་སྨེ་ཞིང་བཙོག་པ་ཡིན་ནོ། །དེར་བྱིང་བར་གྱུར་པ་ནི་ལྟུང་བར་འགྱུར་བའོ། །དེར་ཞེས་བྱ་བ་ནི་ལེགས་པར་ཤེས་པ་སྟེ་ཡོད་ནའོ། །ཡང་ན་ལྟ་བ་མི་གཙང་བ་དེར་རོ། །དེ་ལྟར་རེ་ཞིག་ལ་ལ་ནི་ཅི་ཡང་མེད་དོ་སྙམ་ནས་ལོག་པར་ཤེས་པས་ལོག་

པར་ལྟ་བར་ལྟུང་བར་འགྱུར་རོ། །གཞན་གཉིས་པ་ཡང་ཆོས་འདི་ལ་མེད་དོ་སྙམ་དུ་ཤེས་པས་ལོག་པར་བཟུང་ནའོ། །བླུན་པོ་ནི་གཞན་གྱི་བསྟན་བཅོས་ཐོས་པ་དང་ལྡན་ཡང་ཆོས་འདི་མི་ཤེས་པའི་ཕྱིར་རམ། དྲང་བའི་དོན་ལ་ངེས་པའི་དོན་ཏོ་ཞེས་ཤེས་པ་མི་ཤེས་པ་སྟེ། བླུན་པོ་དང་འདྲ་བར་བླུན་པོ་

ཡིན་ནོ། །མཁས་པའི་ང་རྒྱལ་ཅན་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ཇི་ལྟ་བ་བཞིན་ཤེས་པའི་ཕྱིར་མཁས་པ་ཞེས་བྱ་ན། དེ་ལྟ་བུ་མ་ཡིན་པ་བཞིན་དུ་ང་ནི་མཁས་པའོ་སྙམ་དུ་ང་རྒྱལ་སྐྱེད་པའོ། །ཆོས་འདི་ལ་བརྙས་པའི་བསམ་པས་ཚིག་ངན་པ་འབྱིན་པའམ། ལས་བཟང་པོ་མ་ཡིན་པ་ལ་སྤྱོད་པ་ནི་སྤོང་བ་

Vol. 172 · folio 150b

སྟེ། གང་ལ་དེས་མ་རུངས་པའི་བདག་ཉིད་ཀྱི་སེམས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མ་རུངས་པའི་དོན་ཅི་ཞེ་ན། བསོད་ནམས་སམ་རང་གི་དོན་ཕུན་ཕུན་སུམ་ཚོགས་པ་ལ་མི་སྣང་བས་ན་མ་རུངས་པ་ཡིན་ནོ། །ཡང་ན་རང་དང་གཞན་གྱི་དོན་གྱི་ནུས་པ་དང་བྲལ་བས་ཤི་བ་དང་འདྲ་བར་ཤི་བ་ཡིན་ཏེ། དགེ་

བ་ཆད་པ་ནི་ངན་སོང་ལ་མངོན་དུ་ཕྱོགས་པས་སོ། །དེ་ཉིད་ལྷག་མས་སྟོན་པར་བྱེད་དོ། །དོན་དེ་ཉིད། ཇི་ལྟར་ཁ་ཟས་བཟའ་ཉེས་པས། །ཞེས་བྱ་བ་ལ་སོགས་པས་དཔེ་གསལ་བར་བྱེད་དོ། །ཉེས་ཞེས་བྱ་བའི་སྒྲས་ནི་སྨད་པའི་དོན་ཏེ་མི་འཕྲོད་པ་བརྗོད་པའོ། །མི་འཕྲོད་པ་ཟོས་པ་ནི་ཁ་ཟས་

བཟའ་ཉེས་པ་སྟེ་དེས་སོ། །ལེགས་ཞེས་བྱ་བའི་སྒྲ་ནི་བསྔགས་པའི་དོན་ཏེ་འཕྲོད་པ་བརྗོད་པའོ། །བདེ་བ་ནི་ལུས་དང་སེམས་ཀྱིའོ། །འགྱུར་བ་ནི་འཐོབ་པའོ། །ལེགས་པ་ནི་ཇི་ལྟ་བ་བཞིན་དུའོ། །བདེ་བ་ནི་ལྷ་དང་མིའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཆོས་འདི་ལའོ། །མེད་པའི་ལྟ་བ་ནི་

མེད་པའི་རྣམ་པ་ཅན་ནོ། །དོན་ཀུན་ནི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་སྟེ། དེ་རྣམས་གྲུབ་ཅིང་གྲུབ་པར་བྱ་བའི་ཕྱིར་རོ། །ཇི་སྲིད་དུ་ཆོས་འདི་ཉམས་སུ་མྱོང་བའི་རྣམ་པར་མི་ཤེས་པ་དེ་སྲིད་དུ་འཁོར་བར་འཇུག་གོ་ཞེས་མཇུག་ཐོགས་ནས་འབྱུང་བས་སྟོན་ཏེ། ཡོངས་སུ་མ་ཤེས་

པ་ལས་དམིགས་པའོ། །དེ་ལས་ངར་འཛིན་པའོ། །དེ་ལས་དགེ་བ་དང་མི་དགེ་བའི་ལས་ཏེ། དགེ་ལེགས་དང་དགེ་ལེགས་མ་ཡིན་པའོ། །དེ་ལས་སྐྱེ་བ་ནི་བཟང་པོ་དང་ངན་པ་སྟེ། བདེ་འགྲོ་དང་ངན་འགྲོའི་མཚན་ཉིད་འདོད་པ་དང་མི་འདོད་པའོ། །ཆོས་འདི་ཤིན་ཏུ་མྱུར་བར་ཡང་མི་འཐོབ་སྟེ།

གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རོ། །སེལ་བ་ནི་འཇིག་པའོ། །གུས་པ་ནི་དེའི་གཞི་ལས་ཡིད་རབ་ཏུ་དང་བའི་ལུས་དང་ངག་དང་ཡིད་ཀྱིས་བརྩོན་པའི་འབད་པ་སྟེ། དེ་དང་ལྡན་པར་མཛོད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །རྟག་ཏུ་སྦྱིན་པ་ལ་སོགས་པའི་སེམས་པ་ལ་གཞོལ་བའི་རྒྱལ་པོའི་བྱ་བ་

རྣམས་ཇི་ལྟ་བུ་སྙམ་དུ་དོགས་པ་ལ། དེ་དག་ཀྱང་ཐོག་མ་དང་བར་དང་ཐ་མར་ཆོས་དང་ལྡན་པར་གྱིས་ཤིག་ཅེས་མཇུག་ཐོགས་ནས་འབྱུང་བས་སྟོན་ཏོ། །སྔོན་ཞེས་བྱ་བའི་སྒྲ་ནི་ཐོག་མའི་རྣམ་གྲངས་ཡིན་གྱི་ཕྱོགས་བརྗོད་པ་ནི་མ་ཡིན་ནོ། །འདི་སྐད་དུ་བཤད་པ་ཡིན་ཏེ། ལས་འདིས་ཆོས་འདི་འགྲུབ་

Vol. 172 · folio 151a

པར་འགྱུར་རོ་ཞེས་ཐོག་མར་ཆོས་ལ་བརྟེན་པ་བྱས་ནས་ལས་རྩོམ་པར་བྱེད་པའི་ལས་དེ་ནི་ཆོས་སྔོན་དུ་བཏང་བ་ཡིན་ནོ། །ཁ་ཅིག་ཆོས་ལ་བརྟེན་ཏེ་བརྩམས་ན་ཕྱིས་སྡིག་པ་དང་འདྲེས་མར་བྱེད་པ་སྣང་བས་དེ་བཟློག་པའི་ཕྱིར་བར་མ་དང་ཐ་མར་ཞེས་བྱ་བ་སྨོས་ཏེ། ཐ་མ་

ནི་མཇུག་གོ། །སྒྲུབ་པ་ནི་སྒྲུབ་པར་བྱེད་པའོ། །ས་བདག་ནི་སའི་དབང་ཕྱུག་གོ། །འདི་ནི་འཇིག་རྟེན་འདིར་རོ། །དེ་ལྟར་སེམས་ཅན་རྣམས་རྗེས་སུ་དགའ་བར་བྱེད་པས་ཆོས་ཀྱིས་སྤགས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། དེ་སྐད་དུ། ལྷ་ཡི་བདག་པོའི་དཔལ་ཡང་ཡོན་ཏན་རྣམས་ལ་ལྟ། །

ཡོན་ཏན་ལྡན་རྣམས་ཉིད་ལ་ཡང་དག་འདུད་པར་འགྱུར། །ཡོན་ཏན་རྣམས་ལ་གྲགས་པ་རབ་ཏུ་འབྱུང་བ་ཉིད། །དེ་ལྟས་མཐུ་ཡི་བདག་ཉིད་ཆེན་པོ་ཡོན་ཏན་བརྟེན། །ས་ཡི་བདག་པོའི་ལས་མཆོག་སྐྱེས་བུ་ལ་ཕན་པ། །དེ་ནི་འདི་ཕྱི་གཉི་གར་འབྱོར་བྱེད་ལམ་ཡིན་ཏེ། །དེ་ཡང་ཆོས་ལ་

དགའ་བའི་རྒྱལ་པོ་དག་ལ་འབྱུང་། །མི་དབང་སྤྱོད་པའི་རྗེས་སུ་སྐྱེ་བོ་འཇུག་པར་འགྱུར། །ཞེས་འབྱུང་བ་དང་། དེ་བཞིན་དུ། དུལ་བའི་སྒྲུབ་པ་དབང་པོ་ཐུལ་བ་ཉིད་ཡིན་ཏེ། །དུལ་བས་ཡོན་ཏན་ཕུལ་དུ་ཕྱིན་པ་འཐོབ་པར་འགྱུར། །ཡོན་ཏན་སྤགས་པའི་མི་ལ་སྐྱེ་བོ་རྗེས་སུ་དགའ། །སྐྱེ་

བོ་རྗེས་སུ་དགའ་བས་ཕུན་སུམ་ཚོགས་རབ་འབྱུང་། །ཞེས་བཤད་པ་ཡིན་ནོ། །གཞན་ཚེ་རབས་གཞན་དུ་གནོད་པར་མི་འགྱུར་ཞིང་ཉམ་ང་བར་གནས་པར་མི་འགྱུར་རོ། །སྔར་ནི་ལྟ་བའི་སྐབས་ཀྱི་ཆོས་དང་ཆོས་མ་ཡིན་པ་དག་གི་ཡོན་ཏན་དང་སྐྱོན་བརྗོད་པ་ཡིན་ནོ། །ཆོས་ཀྱིས་ཞེས་བྱ་བ་

ལ་སོགས་པ་ལ། གྲགས་པ་ནི་སྙན་པའོ། །འཆི་ཁ་ནི་འཆི་བར་འདོད་པའོ། །ཅིའི་ཕྱིར་འཆི་ཞེ་ན། དེ་ནི་འཆི་བ་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །སྡིག་པ་བྱེད་བྱེད་པ་ནི་འཆི་ཁར་འཇིག་རྟེན་ཕ་རོལ་དུ་སྡུག་བསྔལ་གྱིས་དོགས་པས་འཇིགས་པར་འགྱུར་གྱི་བསོད་ནམས་

ཅན་ནི་མ་ཡིན་ནོ། །རྒྱས་པ་ནི་རྒྱས་པར་འགྱུར་བ་སྟེ་ཆེན་པོ་ཞེས་བྱ་བའི་ཐ་ཚིག་གོ། །བརྟེན་མཛོད་ཅེས་བྱ་བ་ནི་རྟེན་ཅིག་པའོ། །གང་དག་འཇིག་རྟེན་སྡིག་པའི་རྒྱུའི་དོན་གྱི་རིགས་པའི་ལུགས་ལ་འཇུག་པར་བྱེད་པ་དེ་དག་གིས་གལ་ཏེ་ན་ཁྱོད་ཀྱང་ཁྲིད་དུ་འོང་ངོ་ཞེས་དེ་དགག་པའི་དོགས་པ་

Vol. 172 · folio 151b

བསུ་བར་མཇུག་ཐོགས་ཀྱི་ཚིགས་སུ་བཅད་པ་སྨོས་ཏེ། ལུགས་ནི་ཚུལ་དེ་བདེ་བ་འཐོབ་པའི་ཐབས་སོ། །དམ་པ་ནི་མཆོག་གོ། །ཀྱང་ཞེས་བྱ་བའི་སྒྲ་ནི་རྒྱུའོ། །ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བ་སྟེ་ཁོ་ནས་ཞེས་བྱ་བ་ཡིན་ནོ། །མི་དགར་འགྱུར་ཞེས་བྱ་བ་ནི་ཕུན་སུམ་ཚོགས་པས་

བྱས་པའི་ཡིད་བདེ་བ་མི་འཐོབ་པའོ། །འདིས་ཆོས་མ་ཡིན་པ་དང་མཐུན་པའི་ལུགས་སྨད་པ་ཉིད་དུ་བསྟན་ནས། དེ་ལ་ཕན་པའི་རྒྱུར་སེམས་པ་གང་ཡིན་པ་དེ་སྨད་པ་ཉིད་དུ་མཇུག་ཐོགས་ནས་འབྱུང་བས་སྟོན་ཏོ། །དོན་མེད་པ་སྒྲུབ་པས་ན་དོན་མེད་པའི་རིག་པའོ། །དོན་མེད་པའི་ཤེས་པ་

སྟེ། དོན་མེད་པ་ཁོ་ན་ཤེས་པས་ན་དེ་སྐད་ཅེས་བྱའོ། །སླུ་ཞིང་འདྲིད་པ་ལྷུར་ལེན་པ་ནི་དེ་གཅེས་སུ་བྱེད་པའོ། །མི་བཟད་པ་ནི་ངན་པ་སྟེ། དོན་ངན་པ་སྒྲུབ་པས་སོ། །ཇི་ལྟར་དེ་སྐད་ཅེས་བྱ་ཞེ་ན། འདི་ལྟར་དེ་ནི་ངན་འགྲོའི་ལམ་སྟེ་སྲོལ་ཡིན་པས་སོ། །ཤེས་རབ་འཆལ་པ་རྣམས་ཀྱིས་

ཞེས་བྱ་བ་ནི་འཁྲུལ་པ་རྣམས་ཀྱིས་སོ། །དོན་གྱིས་རིག་པ་ནི་དོན་རབ་ཏུ་སྒྲུབ་པའི་རིག་པའོ། །ཇི་ལྟར་ཞེས་བྱ་བ་ནི་རྒྱུ་གང་གིས་སོ། །བྱས་ཞེས་བྱ་བ་ནི་བསྒྲུབ་པའམ་བཤད་པའོ། །བདག་གིས་དེ་ཤེས་སོ་ཞེས་རློམ་པ་གང་ཡིན་པ་དེ་ཡང་ཕྱིན་ཅི་ལོག་པ་ཁོ་ན་ཡིན་ནོ་ཞེས་མཇུག་ཐོགས་

ནས་འབྱུང་བས་སྟོན་ཏེ། ཆོས་དང་མཐུན་པ་ལ་ཡང་གལ་ཏེ་འགའ་ཞིག་རང་གི་ཉེས་པས་དགྲ་བྱེད་ན་ཆོས་དང་མཐུན་པས་དེ་ལ་བྱམས་པ་ཁོ་ན་བྱ་དགོས་པས། གལ་ཏེ་དགྲ་མི་དགའ་བར་བྱ་བར་འདོད་ཅིང་དོན་དུ་གཉེར་ན་ཡང་ཡོན་ཏན་ལ་བརྟེན་ཅིང་རྟེན་ཅིག །ཡོན་ཏན་ལ་བརྟེན་ན་ཇི་ལྟར་

དགྲ་མི་དགའ་བར་འགྱུར་ཞེ་ན། འདི་ལྟར་ཡོན་ཏན་དེ་དག་དང་ལྡན་ན་སྐྱེ་བོ་དགའ་བར་འགྱུར་ཏེ། དེས་ན་ཕུན་སུམ་ཚོགས་པར་འགྱུར་ལ། དེ་ལྟ་བུ་ནི་ཟིལ་གྱིས་གནོན་པར་མི་ནུས་ཀྱི་དེ་ཉིད་ཀྱིས་ཟིལ་གྱིས་གནོན་པས་དེ་མི་དགའ་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་

འཇིག་རྟེན་གཉི་གར་ཡང་འབྱོར་པ་འདོད་པས་བསྡུ་བའི་དངོས་པོ་རྣམས་ཀྱིས་འཇིག་རྟེན་སྡུས་ཤིག་ཅེས། སྦྱིན་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། སྦྱིན་པ་ཞེས་བྱ་བ་ནི་ཟང་ཟིང་དང་། མི་འཇིགས་པ་དང་ཆོས་ཀྱི་མཚན་ཉིད་དོ། །དེ་ནི་སྨྲ་བར་བྱ་བ་ཡང་ཡིན་ལ་སྙན་པ་ཡང་ཡིན་པས་དེ་

Vol. 172 · folio 152a

སྐད་ཅེས་བྱའོ། །ཕན་པ་ཞེས་བྱ་བ་ནི་དོན་སྤྱོད་པའོ། །དོན་གཅིག་སྤྱོད་པ་ནི་དོན་མཐུན་པར་སྤྱོད་པ་སྟེ། འདི་ཡང་སྦྱིན་པའི་ཁྱད་པར་གནོད་པའི་སྦྱིན་པ་དུག་དང་མཚོན་ལ་སོགས་པ་སྤོང་བའོ། །དེ་བཞིན་དུ་དོན་མེད་པའི་རྒྱུ་གཞན་གང་ཡིན་པ་ཡང་སྤོང་སྟེ། འདི་ལྟ་སྟེ་

འདོད་པ་ཅན་ནི་གཞན་གྱི་བུད་མེད་དག་ལ་རྗེས་སུ་ཆགས་ནས་འདོད་པ་དང་ལྡན་པའི་ཚིག་སྙན་པ་སྨྲ་ལ། དེ་བཞིན་དུ་དགྲ་ལ་ཡང་སྨྲ་བས་དེ་འགོག་གོ། །བསྡུ་བ་ནི་སེམས་དད་པར་བྱའོ། །ད་ནི་རྒྱལ་པོ་དག་ལ་ཇི་ལྟ་བུར་ཞེས་བྱ་བ་ལ་སོགས་པས་རྒྱལ་པོའི་ལུགས་ཆོས་དང་མཐུན་པ་སྟོན་ཏོ། །

ཚིག་ཅེས་བྱ་བ་ནི་གཞིའོ། །དེ་ཅི་ཞེ་ན་བདེན་པའོ། །ཡིད་ཆེས་ཞེས་བྱ་བ་ནི་བག་ཕེབས་པའོ། །བརྟན་པ་ཞེས་བྱ་བ་ནི་མི་སླུ་བའམ་བག་ཕེབས་པའི་ཁྱད་པར་ཏེ། བརྟན་པ་ནི་གཏན་དུ་བ་དང་མི་ཕྱེད་པའོ། །བདེན་པ་དང་ཅིག་ཤོས་ཀྱི་ཡོན་ཏན་དང་སྐྱོན་བརྗོད་ནས། དེ་གཉིས་ཀྱི་མཚན་ཉིད་སྟོན་ཏེ།

སྨྲས་པ་ལས་གཞན་དུ་སྣང་བ་ནི་སླུ་བའོ། །སེམས་པ་ནི་བསམ་པའོ། །དེས་སྒྱུར་བ་ནི་འབྱུང་བ་སྟེ། བདེན་པ་ལྟར་སྣང་ལ་དོན་དུ་བདེན་པ་མ་ཡིན་པའོ། །དོན་ནི་ཐ་སྙད་ཀྱི་བདེན་པ་སྟེ་དེར་མ་ཡིན་ནོ། །ཕན་པ་ཁོ་ན་བྱེད་པས་ན་གཅིག་ཏུ་ཕན་པ་བདེན་པ་ཡིན་ནོ། །བདེན་པ་དང་གཏོང་བ་

དག་རྒྱལ་པོའི་དོན་ཐམས་ཅད་སྒྲུབ་པ་ཡིན་པ་ལས་དེ་ལ་བདེན་པ་ནི་བཤད་ཟིན་ཏོ། །གཏོང་བ་སྟོན་ཏེ་ཉེས་པ་ནི་ང་རྒྱལ་ལ་སོགས་པའིའོ། །སྦྱིན་པ་ནི་སྦྱིན་པའི་སེམས་པ་དང་རབ་ཏུ་ལྡན་པའི་ནོར་གཏོང་བའོ། །གསལ་བ་ནི་དད་པ་ལ་སོགས་པ་དང་ལྡན་པའི་ཕྱིར་དང་ཆེ་བའི་ཕྱིར་རོ། །སྦེད་པ་ནི་

མི་མངོན་པར་བྱེད་པའོ། །འཇུངས་པ་ནི་སེར་སྣའོ། །ཡོན་ཏན་ནི་ཤེས་རབ་ལ་སོགས་པའི་རང་གི་ངོ་བོ་ཐམས་ཅད་དོ། །དེ་དག་ཉིད་དམ་པ་རྣམས་ཀྱི་བདོག་པ་ཐམས་ཅད་དེ་ནོར་ཐམས་ཅད་ཡིན་ནོ། །ཡོན་ཏན་དེ་རྣམས་འཇོམས་པ་ནི་འཇིག་པར་བྱེད་པའོ། །རྒོད་པ་ལ་སྐྱེ་བོས་བཀུར་སྟི་ལ་སོགས་

པ་ཐོག་འདྲེན་པར་མི་བྱེད་དེ། དེ་བས་ན་ཉེ་བར་ཞི་བའི་རིགས་སོ་ཞེས་སྟོན་ཏེ། ཉེ་བར་ཞི་བ་ནི་དབང་པོ་ཡང་དག་པར་བསྡམས་པའོ། །ཟབ་པ་ནི་བསམ་པའི་གཏིང་དཔག་དཀའ་བའོ། །དེས་ན་གུས་པ་ནི་བླ་མར་བྱེད་པའོ། །རྒོད་པ་ནི་རྩབ་ཀྲོལ་བྱེད་པས་སྤོང་ངོ་། །དེས་ན་བརྗིད་པ་ནི་

Vol. 172 · folio 152b

བསྙེན་པར་དཀའ་བའོ། །དེས་ན་བཀའ་བརྩན་པ་ཕུན་སུམ་ཚོགས་སོ། །གང་གི་ཕྱིར་ཡོན་ཏན་དེ་དག་ཉེ་བར་ཞི་བས་འཐོབ་པོ་དེའི་ཕྱིར་དེ་རྟེན་ཅིག །ཤེས་རབ་དང་བྲལ་བའི་བླུན་པོ་ནི་གཞན་དག་གིས་བློ་འཕྲོགས་པའི་ཕྱིར་སླུ་ཞིང་བྲིད་པར་འགྱུར་བས་ཤེས་རབ་ཐོབ་པ་ལ་འབད་པར་བྱའོ་ཞེས་མཇུག་

ནས་འབྱུང་བས་སྟོན་ཏོ། །རང་གི་དོན་ལ་གཞན་དུ་བཀྲི་བར་ནུས་པས་ན་འཕྲོགས་པའོ། །དེ་ལྟ་བུ་མ་ཡིན་པས་ན་མི་འཕྲོགས་པའོ། །གང་ཡང་རུང་བ་ཞིག་གིས་དོན་འགའ་ཞིག་ལ་བློ་གཏད་པ་ལས་གལ་ཏེ་ཤེས་རབ་དང་བྲལ་བར་གྱུར་ན་དེའི་བློ་དེ་གཡོན་ཅན་གཞན་དག་གིས་དེ་ནས་

ཕྲལ་ཏེ་གཞན་དུ་ཁྲིད་དོ། །དེས་ན་གཞན་གྱི་དྲིང་འཇོག་པ་ནི་བསླུས་པ་ཡིན་ནོ། །དེ་ལྟ་བས་ན་རྒྱལ་པོས་ཤེས་རབ་ཅན་དུ་བྱ་དགོས་སོ་ཞེས་སྟོན་པར་བྱེད་དོ། །ཇི་ལྟར་ན་བློ་མི་འཕྲོགས་པར་འགྱུར་ཞེ་ན། ཤེས་རབ་དང་ལྡན་པས་སོ། །ཇི་ལྟར་ན་ཤེས་རབ་དང་ལྡན་ཞེ་ན། དེ་བཞིན་དུ་སྒྱུ་

སྨོས་པ་འདི་ལྟར་དེ་ནི་གཞན་གྱི་དྲིང་མི་འཇོག་གོ། །གཞན་དག་ལ་དྲིང་འཇོག་ཅིང་བག་ཕེབས་པ་ནི་དེའི་སྟོབས་ཀྱིས་ཕན་ཚུན་འཁྲིད་པ་ཞིག་ན་དེ་ལྟ་བུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤེས་རབ་དང་ལྡན་པས་སོ། །དེའི་ཕྱིར་ན་བརྟན་ཞིང་མི་གཡོ་སྟེ། གང་གིས་ཀྱང་གཞན་དུ་བཀྲི་

བར་མི་ནུས་སོ། །བདེན་པ་ལ་སོགས་པའི་ཆོས་བཞི་པོ་ཕན་ཡོན་དང་བཅས་པར་བཤད་པ་གང་ཡིན་པ་དེ་དང་ལྡན་པའི་ཕན་ཡོན་གཞན་ཡང་བདེན་གཏོང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། བཟང་པོའི་དོན་བསྒྲུབ་པའི་ཕྱིར་བདེན་པ་ལ་སོགས་པ་ཡོན་ཏན་བཞི་དང་ལྡན་པ་ནི་

བཟང་བ་ཡིན་ནོ། །བདེན་པ་ལ་སོགས་པ་བཞིས་བཟང་ན་ཅིར་འགྱུར་ཞེ་ན། བསྟོད་ཅིང་བསྔགས་པར་འགྱུར་རོ་ཇི་ལྟ་བུར་ཞེ་ན། ཆོས་བཞི་པོ་འདི་བཟང་བ་ཇི་ལྟ་བུར་ཏེ། རྣམ་པ་བཞི་ཡང་ཡིན་ལ་བཟང་བ་ཡང་ཡིན་པས་དེ་སྐད་ཅེས་བྱའོ། །མཇུག་ཐོགས་ནས་འབྱུང་བས་ཤེས་རབ་དང་ཆོས་

འཕེལ་བའི་ཐབས་བསྟན་ཏོ། །གང་དག་ལ་ལུས་ལ་གནོད་པ་བྱས་ནས་ཕེབས་པར་སྨྲ་བའི་ངང་ཚུལ་ཡོད་པ་དེ་དག་ནི་ཕེབས་པར་སྨྲ་བས་ཏེ། དེ་སྐད་དུ། དབང་ཕྱུག་ཕལ་ཆེར་འདོད་པ་ལ་ཆགས་པས་ཆོས་མ་ཡིན་པའི་ལམ་ལ་ཡང་འཇུག་ལ། དེ་དག་དེ་ལས་བཟློག་ན་མི་དགའ་བས་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words