No title in the text — opening words: རྗེ་འབངས་དང་བོད་བཙུན་རྣམས་ལ་སྤྲིང་ཡིག་བཞུགས་སོ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 173 · folio 135a

༄། །རྗེ་འབངས་དང་བོད་བཙུན་རྣམས་ལ་སྤྲིང་ཡིག་བཞུགས་སོ།། ༄༅༅། །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བོད་ཀྱི་སྤུ་རྒྱལ་མགོ་ནག་ཡོངས་ཀྱི་རྗེ། །

ཁྲི་སྲོང་ལྡེའུ་བཙན་ཨག་ཚོམ་མེས་ཀྱི་སྲས། །རླུང་ནམ་འཕྲུལ་གྱི་རྒྱལ་པོའི་དབོན་པོ་ཡི། །སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྐུ། །བྱང་ཆུབ་སེམས་དཔའི་སྐུ་རྒྱུད་གདུང་མ་ཆད། །འགྲོ་དྲུག་ནང་ན་ཤེས་རིག་ཆེ་བའི་མི། །དུག་ལྔ་སྡོང་པོ་རྒྱུད་དྲུག་ཀུན་གྱི་གཞི། །ཁྲི་རྗེ་ཐོག་བཙན་

མན་ཆད་བརྒྱུད་མ་ཡི། །དགེ་བཅུ་ཐང་ཁྲིམས་བཙུགས་ནས་དུལ་བར་མཛད། །རིགས་ཀྱི་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས། །འགྲོ་བའི་མུན་པའི་སྐར་ཁུང་དབྱེ་སླད་དུ། །རྒྱ་གར་ཡུལ་གྱི་རྡོ་རྗེ་གདན་སྟེངས་སུ། །སྡེ་སྣོད་གསུམ་པོ་ཤཱཀྱ་ཐུབ་པས་གསུངས། །ཀུན་དགའ་བོ་ལ་

སོགས་པའི་འཁོར་རྣམས་སྨིན། །འཛམ་བུའི་གླིང་གི་སྙིང་པོའི་དབུས་སུ་གྱུར། །བསོད་ནམས་ཆེ་བའི་མཁས་པ་གྲངས་ཀྱིས་སྨིན། །དེ་གསན་ཐུགས་ཀྱི་རུས་པ་བཅས་ནས་ནི། །བསོད་ནམས་ཆུང་བའི་རྒྱལ་ཁམས་སྨིན་བྱའི་ཕྱིར། །འཕགས་པའི་རིགས་ཅན་མ་ལུས་ཀུན་བཙལ་

Vol. 173 · folio 135b

ཏེ། བཻ་རོ་ཙ་ན་སྐ་བ་དཔལ་བརྩེགས་དང་། །ཀླུ་ཡི་རྒྱལ་མཚན་ཡེ་ཤེས་སྡེ་དང་ནི། །ཨེ་ར་ཨ་རོ་མཉྫུ་ལ་སོགས་ལ། །ནོར་གྱི་དམ་པ་གསེར་དངུལ་དབྱིག་བསྐུར་ནས། །རྒྱ་གར་ཡུལ་གྱི་དམ་ཆོས་ལེན་དུ་བརྫངས། །བོད་ཀྱི་མུན་རུམ་ནག་པོའི་སྐར་ཁུང་ཕྱེ། སྲིད་ཀྱི་ཆབ་སྲིད་

མངའ་ཐང་དགུང་ལ་རེག །བུ་དྡྷ་གུ་ཧྱ་བདག་དངོས་གློ་བ་དགའ། །ཆབ་སྲིད་ཡོ་བ་ཀུན་གྱི་གཞུང་སྲོང་ཞིང་། །སྤྲུལ་པའི་རྒྱུད་མ་ཆད་པའི་ནང་ན་ལྡེ། །ཁྲི་སྲོང་ལྡེའུ་བཙན་མངའ་བདག་ཞལ་སྔ་ནས། །མི་ཆོས་ལྷ་ཆོས་མངའ་ཐང་རྩེ་རུ་ཆིབས། །རིན་ཆེན་འབར་བའི་སྐུ་ཡི་ཕུང་པོ་

ལ། །རླུང་མཁྲིས་བད་ཀན་འདུས་པའི་ནད་ཆེན་དང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱིས་མ་བཙལ་བར། །འཇམ་དཔལ་དང་ནི་མུ་རི་ཏ་ལ་ཁུམས། ཡས་ཀྱི་ས་ནས་བདག་འདྲ་སྤྱན་འདྲེན་པ། །སྐུ་མཉེལ་ལགས་ཏེ་བདག་ལ་དབང་མ་མཆིས། །འཕགས་པ་འཇམ་

དཔལ་ཞལ་ནས་བོད་ཡུལ་དུ། །ཁྱོད་ཀྱིས་ཕྱིན་ན་སྲོག་དང་འབྲལ་བར་གསུངས། །བདག་ལ་དབང་མེད་ཁྲི་ལན་སྐྱེས་ལན་དུ། །མན་ངག་ཡོ་ག་ཨ་བ་ཏ་ར་བརྫངས། །བང་ཆེན་མི་གཉིས་པོ་ཡི་རྩེད་ལན་དུ། །མངོན་པར་བྱང་ཆུབ་པ་ཡི་ཏན་ཏྲ་བཤད། །ཕྱི་ནང་གཉིས་ཀྱི་ལག་

ལེན་མང་པོ་ཀུན། །གཅིག་ཀྱང་མ་ལུས་དགོས་པ་ཐམས་ཅད་བརྫངས། །གཟིགས་རྟོག་མཛད་ལ་གཞན་དུ་ཤོར་ར་རེ། །བོད་ཀྱི་མི་ནི་སྒྲིན་ལ་ཚོར་སྐྱེན་ཏེ། །མཐོང་བ་ཐམས་ཅད་ལ་འུར་བྱེད་པར་འགྱུར། །ཉེས་དམིགས་ཆ་མེད་དམ་ཆོས་སྟོང་བར་བྱེད། །དམྱལ་རྒྱུ་མང་ཞིང་འབྲས་

བུ་བརླག་པར་འཆིའོ། །ཕྱི་ནང་གཉིས་ཀྱི་ལག་ལེན་སྦ་བར་མཛོད། །རྩེད་ལ་སྐྱེས་ལན་གཉིས་ཀྱིས་འགྲོ་དོན་མཛོད། །ཁྲི་སྲོང་ལྡེའུ་བཙན་ཡས་ཀྱི་ཡང་དབོན་གྱི། །རཀྴ་གཉིས་ཀྱི་བུ་གཉིས་ཕྱོགས་རིགས་གཅོད། །བོད་ཀྱི་རྒྱལ་ཁམས་སྲིད་ཀྱི་མཁར་བུ་ཡང་། །ཞེ་དབོན་

མན་ཆད་སྲིད་མཁར་ཞིག་པར་མཆིའོ། །ཞབས་འདེགས་ཉུང་ཞིང་དམངས་མོ་ཆུང་མར་ལེན། །མཐའ་ཡི་ཁ་བཞི་ཀུན་དུ་གྲོང་སློང་བྱེད། །རྒྱལ་པོའི་དབྱར་ནི་བུས་པའི་རྩེ་འཇོ་འབུལ། །དམངས་མོ་ཚོལ་ཞིང་གྲོང་ཟན་སློང་བར་མཆི། །ཡར་འགྲོ་མར་འགྲོ་འགྲོན་པོ་མཐའ་དག་

Vol. 173 · folio 136a

དང་། །བཙན་པོ་འཇལ་ཡང་རྒྱལ་ཁམས་མི་བཞིན་དུ། །ངོ་མཚར་མི་ཆེ་ཞེས་ནི་མི་ཕྱོགས་པར། །འགྲོན་པོ་ཇི་བཞིན་རྒྱལ་ཉལ་བྱེད་པར་མཆིའོ། །ཕྱོགས་བཞིར་སྒྱུར་བའི་མཁས་པས་བསྒྱུར་བའི་ཆོས། །རྒྱལ་པོ་སྨོས་ཤིང་ཡོན་ཏན་བརྗོད་པའི་ཕྱིར། །

སྡེ་སྣོད་གསུམ་པོའི་བཀའ་རྒྱུད་མ་ལུས་པ། །མངའ་བདག་ཕྱིར་སྨོས་དཔོན་སྲས་དྲིན་དུ་མཆིའོ། །སྐུ་ཤུགས་ཕྱུང་ལ་བཀའ་རྒྱུད་མ་ལུས་པ། །ལྔ་བཅུ་རྩ་དགུའི་བར་དུ་བསྒྱུར་བ་མཛོད། །དྲུག་ཅུ་ན་ནི་འཇིག་རྟེན་འདས་ནས་ནི། །རྒྱལ་ཁམས་གཞན་དུ་སྐྱེ་བ་བཞེས་པར་

མཆིའོ། །འགྲོ་བ་རིས་དྲུག་མཐོ་དམན་གར་སྐྱེ་བ། །རང་བྱུང་རིག་པའི་རྒྱལ་པོ་རང་དབང་ཆེ། །རྫས་ཀྱི་ཤེས་པ་ཤེས་པའི་ནང་ན་དབུལ། །སེམས་ཀྱི་མཚན་ཉིད་ཤེས་པ་ཕྱུག་ཅེས་མཆིའོ། །དེ་ཕྱིར་སེམས་ཀྱི་མཚན་ཉིད་ལེགས་པར་རྟོགས། །སེམས་ནི་ཁང་སྤྲེའུ་གློག་སྟེ་རིས་

དྲུག་རྒྱུ། །མཐོ་དམན་གར་འགྲོ་རང་སེམས་ཉིད་དབང་ཆེ། །ལེ་ལོ་མ་མཛད་རང་སེམས་ལྟས་ཞེས་མཆིའོ། །གྲོས་ཀྱི་གདམས་ངག་མན་ངག་བསྟན་པ་ནི། །རྒྱལ་པོ་ཉུང་ན་བྲིན་ཕྱིར་ཁབ་གཞིས་སྐྱུངས། །བཙུན་མོ་གཅིག་ལ་དང་དུ་བཞེས་པ་ནི། །འཕྲ་མིག་གཡུས་སྤྲས་

བརྒྱན་ཅིང་མཛེས་པ་དང་། གཅིག་སེམས་གཅིག་ལ་ཆགས་ཤིང་ཤ་ཚ་མཆིའོ། །སྲིན་བུ་གདོང་དམར་བོད་ཀྱི་རྒྱལ་ཁམས་མི། །དམ་ཚིག་ཉམས་ཤིང་མནའ་ལ་མི་འཛེམ་ལ། །ཤེས་པ་རགས་ཤིང་ཁོང་བརྣགས་ཆུང་བ་ཡིས། །སྔར་བྱས་ཁྱད་དུ་གསོད་པར་འོས་ཞེས་

མཆིའོ། །བསོད་ནམས་ཆེ་བར་དཔག་བསམ་ཤིང་བུ་འཁྲུངས། །བསོད་ནམས་ཆུང་བའི་བོད་ཀྱི་རྒྱལ་ཁམས་སུ། །ཤིང་བུ་ཏ་ལ་ཕྱིས་མི་སྐྱེ་བ་འཁྲུངས། །ཤིང་ལ་གནོད་ཀྱིས་འཆད་པ་ཤོལ་ཅིག་མཆིའོ། །གཙུག་ལག་ཁང་དང་མཆོད་རྟེན་ཁང་བཟངས་རྣམས། །སྡིག་

པ་ཀུན་ལ་གནོད་དེ་ལས་རྨང་ཡིན། །དམ་ཆོས་བསྒྱུར་བ་ཞུ་ཐུག་དག་ཏུ་མཛོད། །ལན་ཅིག་དུས་སུ་ཚད་མར་བྱེད་པར་མཆིའོ། །རྒྱལ་པོའི་རང་བཞིན་གཞན་དང་སྨྲ་མི་བྱ། །ཟུགས་ཐུབ་གཟོབས་ལ་རབ་ཏུ་བརྟན་པར་མཛོད། །ཐུགས་ཆེན་ནང་བློན་དཔའ་བའི་མི་རྣམས་

Vol. 173 · folio 136b

ལ། །དགོས་དོན་གཅེས་སྤྲས་ལྷུག་པར་སྨྲོས་ཤེས་མཆིའོ། །སྲིད་ལ་གནོད་པའི་གྲོས་ནི་མི་སྙན་བོར། །ཁེངས་པར་མི་བྱ་ཞི་དུལ་བསྐྱར་ཞིང་སྨྲ། །གཙིགས་དང་བྱ་དགའ་བློན་པོ་རྣམས་ལ་ནི། །ཧ་ཅང་མ་ཆེ་རན་ཙམ་བྱ་ཞེས་མཆིའོ། །བློན་པོའི་འདོད་པ་ཆུ་བཞིན་མི་

བཟད་པས། །སྲིད་ཀྱི་མཁར་ནི་འཇིག་པའི་ཉེས་མཆིས་ཏེ། སྲིད་ཀྱིས་གལ་ལ་བབ་པའི་དུས་ན་ནི། །སྲས་ལ་མི་ཕངས་སྡིག་ལ་མི་འཛེམ་མཆིའོ། །བསྒྱུར་བ་མི་བླ་སྙན་ཁུང་བསྐྱེད་པ་དང་། །ཕྱེད་ཙམ་ཁྱད་དུ་ཁུམས་ལ་རྣ་ལ་བཟོད། །སྲིད་ཀྱི་ཆུ་མཐའ་རྟོག་ཅིང་ཟད་མི་

ཤེས། །དཀོན་མཆོག་གསུམ་ནི་སྤྱན་ལྟར་མཛོད་ཅེས་མཆིའོ། །ཐེག་པ་ཀུན་ལ་འཇུག་སྒོ་རེ་རེ་སྟེ། །ཀུན་གྱི་སྒོ་ནས་འབྲས་བུ་ཐོབ་མོད་ཀྱི། །གསང་སྔགས་རྡོ་རྗེ་ཐེག་པ་དང་དུ་བཞེས། །བཀྲི་བའི་དོན་དུ་ཀུན་ལའང་སྤྱད་ཚུལ་བསྟན། །རྡོ་རྗེ་ཐེག་པ་དང་དུ་བཞེས་མཆིའོ། །

མཐའ་ལྷོ་བལ་རིགས་ཤེས་པ་ཡོད་པ་ལ། །ཡིད་ཆེས་མ་མཛད་བོང་སོ་བཞུགས་གནས་རྣམས། །ཀུན་དུ་མ་སྤོང་ཕུང་བའི་ཉེན་མཆིས་ཏེ། །ཅལ་ཅོལ་མ་མཛད་ཅོ་གེ་བཞུགས་ཞེས་མཆིའོ། །བཙུན་མོ་རྣམས་དང་བུད་མེད་གཞན་དག་ལ། །འདོད་ཆགས་རང་བཞིན་ཕྱི་ཕྱིར་

འདོད་པའི་ཕྱིར། །ཐུགས་ཀྱིས་ཁུག་ལ་ཧ་ཅང་སྤྱད་མི་བྱ། །ང་ཁྱོད་སྲེ་ཞིང་མཐོ་དམན་མེད་པར་མཆིའོ། །ཡིད་ཆེས་མེད་པར་དགོས་དོན་བསྒྲུབ་མི་བྱ། །ཟས་ཀྱི་སྦྱོར་ཤོམ་ཞིམ་པོས་དགོས་མི་བསྟེན། །ཞེ་སས་ཕྱོགས་པའི་འབངས་ལ་ཉེ་རིང་མེད། །གཞན་གྱིས་མཐོང་བར་མ་ཡིན་གྲོང་གཞན་

དུ། །གཉེན་པོས་བདག་ཀྱང་འགྲོ་བར་མི་མཆིའོ། །རྒྱལ་པོའི་རང་བཞིན་རྒྱ་མཚོའི་ཆུ་ལྟ་བུ། །ཞ་ལག་ཕྱོགས་བཞིར་རྒྱས་ནས་སླར་ཡང་འདུ། །རྒྱལ་པོའི་རང་བཞིན་དེ་བཞིན་ཡོངས་ཀྱིས་བསྒྲུབ། །རྒྱ་མཚོས་ཀུན་སངས་ཆོས་ཀྱིས་འགྲོ་དྲུག་སྤོངས། །ཞ་ལག་ཕྱོགས་བཞིར་དོན་བྱེད་

སྐུ་གདུང་རྙེད། །སོ་སོ་སྣང་ཡང་སླར་ལ་འདུས་བཞིན་དུ། །རླན་གྱིས་མྱུ་གུ་སྐྱེད་བཞིན་གྲོས་རྒྱ་བསྐྱེད། །ཆུ་ཡིས་འབྲས་བུ་བསྒྲུབ་ལྟར་དམ་ཆོས་བསྒྲུབ། །རྒྱ་མཚོ་མ་གཡོས་བཞིན་དུ་གཡོ་མི་བྱ། །ཆུ་ནི་མཉེན་པ་བཞིན་དུ་ཁོང་མཉེན་བྱ། །རྒྱ་མཚོ་གཏིང་དཔག་དཀའ་

Vol. 173 · folio 137a

བཞིན་ཚོད་མི་གཟུང་། །ཆུ་ཆེན་བཟློག་ཐབས་མེད་བཞིན་སྲིད་ལ་བྱ། །རྒྱ་མཚོ་ཀུན་ལ་ཁྱབ་བཞིན་དང་ལག་བསྐྱེད། །ཆུ་འཐུངས་ངོམས་པ་བཞིན་དུ་གཞན་ངོམས་བྱ། །རྒྱ་མཚོས་ཆུ་རྣམས་སྡུད་བཞིན་འཁོར་རྣམས་བསྡུ། །ཆུར་ནི་གཟུགས་བརྙེན་གསལ་བཞིན་

གསལ་བར་བྱ། །རྒྱ་མཚོ་ཡོན་ཏན་ཇི་ལྟར་ལྡན་པ་བཞིན། །རྒྱལ་པོ་གཅིག་གི་སྐུ་ལ་ལྡན་གྱུར་ན། །སྤུ་རྒྱལ་བོད་ཀྱི་རྒྱལ་པོའི་མངའ་བདག་རྒྱུད། །མགོ་ནག་ཡོངས་ཀྱི་རྗེ་རུ་བསྐོས་ཞེས་མཆིའོ། །འོལ་བྱུང་གདམས་ངག་སྤྱན་སྔར་བརྫངས་པ་འདི། །མངའ་བདག་རྒྱལ་པོའི་མུན་པའི་

སྐར་ཁུང་མཛོད། །དུས་མིན་རྟག་ཏུ་ཐུགས་ལ་གདགས་པར་ཞུ།། །།བློན་པོ་རྣམས་ལ་བརྫངས་པ། །ཁོང་དལ་སྨྲས་པ་བཙན་ན་བློན་པོས་རབ་ཏུ་ཆུད། །བུད་སྲིད་ཁྱེ་འབྱིན་མི་ཡི་ཁོང་བརྣ་ཡིས། །སོ་ནམས་རྒྱ་ཡིས་ཆོད་ན་ཀུན་ཀྱང་དྲག་པར་འགྱུར། །དྲང་འཇམ་མིག་ཐག་

བྱེད་ན་སྲིད་མཐའ་ཡིན། །མཁས་བཙུན་སྔགས་པ་ཁྱད་དུ་མི་གསོད་བུ་ཚའི་གཏེར། །ཁོང་གདུག་ཁ་འཇམ་བྱེད་པའི་བློན་པོ་འཇིགས། །འོ་བྱམས་བན་དེ་འཁུར་བའི་བློན་པོ་ཆོས་དང་ལྡན། །ཀུན་ལ་སྙོམས་པར་ཟས་ཀྱིས་བསྟེན་པ་གཞན་ལ་བྱམས། །དུལ་ཞིང་གཏང་བ་ཐུབ་པའི་མི་ནི་

གྲོགས་པོར་བཙལ། །འཕྲལ་དུ་ཁྲོས་པ་ལན་མི་ལྡོན་པ་དགྲར་མི་བྱ། །དགྲ་ཐབས་ཟབ་མོ་དགྲ་ལ་བྱས་པ་རང་ལའོ། །ཉེ་དཔུང་མ་བཤིག་གཅིག་ཏུ་བསྡུས་ན་དགྲ་ཡང་འཇིགས། །བློ་གཏད་མི་ལ་བུ་བཞིན་བརྟན་པར་བྱེད་པའི་མི་ནི་བརླིང་པོ་ཡིན། །ཁ་ཚགས་དམ་ལ་ཟས་སྒོ་

ཡངས་ན་ཡུལ་མིས་རྩི། །ཕུར་མའི་མི་ལ་སྤྱི་ཆེད་དང་དུ་བླངས་ན་སྨྲས་པ་ཉན། །ཡོན་ཏན་ཅན་གྱི་མི་ལ་བཀུར་སྟི་བྱས་ན་བསོད་ནམས་ཆེ། །ཤེས་རབ་ཅན་གྱི་མི་ལ་བསླབ་སྦྱང་བྱས་ན་མཁས་པར་འགྱུར། །དགའ་བའི་མི་ལ་གཅམ་པར་ཕབ་ནས་སྨྲས་ན་ཁོང་བློ་གཏོད། །ཆུང་

མ་ཇི་ལྟར་མཛངས་ཀྱང་གྲོས་བློ་གཏིང་མི་གཏད། །སྐྱེས་བུ་ཀུན་དུ་གྲགས་པ་ཐ་ཤལ་ཆེ་ན་ཉམས། །ཅི་ལ་འང་ཚོད་ཟིན་སྒྲིན་ཁར་མི་འདོར་རང་ལུགས་བྱེད་པ་བཟང་། །སྔར་བྱས་འགྱོད་པ་མེད་པར་ཤེས་ན་མི་ཡི་བློན་པོ་ཡིན། །དགྲ་ཐབས་མཁས་ལ་རལ་ཀ་བྱེད་པ་བློན་པོ་

Vol. 173 · folio 137b

དཔའ་བོ་ཡིན། །ཁ་འཇམ་ཆེ་ལ་ཁང་བ་རྣ་ཆུང་བའི་མི་ལ་བློ་མི་གཏད། །བསྐོན་ཐོས་རྣ་གཟོད་གཡོས་པ་མེད་ན་གདེང་པོ་ཆེ། །ཕ་མ་དཀོན་མཆོག་ཕུད་དུ་ཁུར་ན་རང་གི་ལྟང་། །ངན་པ་རྣམས་ལ་ཞེ་སས་ཕྱོགས་ན་དམན་པའི་གཞི། །དགྲ་ལ་སྲན་དུ་འཛུགས་ན་ཕྱིས་དགྲ་འཇིགས། །

ཁོང་བརྣ་ཆུང་བའི་མི་ལ་གཉེར་མི་གཏད། །ཆུང་མ་མདོག་སྡུག་ཕོ་དང་ཆེ་བ་བླང་མི་བྱ། །སྒེའུ་སྲེས་གུད་དུ་བྱེད་པའི་ཆུང་མ་གཤིན་པའི་རྟགས། །ངག་འཇམ་ཁོང་ཡངས་སྨྲ་བ་བཙན་དེ་ཞི་ན་མཛངས། །དཔའ་ཞིང་ཕྱོགས་ཆེ་བློ་གཏད་ཐུབ་པ་ཕོ་ཞེས་བྱ། །ཚིག་མཁས་དགྲ་ལ་གནག་ན་

གཉེན་གྱི་རག་འཇིགས་ཆེ། །མི་དོན་བྱེད་པ་རང་དོན་བཞིན་དུ་འབད་ན་གཡོ་སྒྱུ་ཆུང་། །རང་དོན་བཞག་ནས་མི་དོན་བྱེད་པ་ངོ་མི་རྟག །ངོ་དགའ་རྨ་ཞིང་ཁ་རྔམ་ངོ་མི་རྟག་ན་ཁྱོ་གའི་མོ། །འཇམ་ལ་གྲོས་གལ་གཅོད་ཞི་བཙན་ན་གྲོས་ཟླ་བྱ། །དཔའ་ལ་གཉིད་ཆུང་ལག་པ་གཙང་བས་ལམ་

གྲོགས་བྱ། །ཉེ་རིང་གང་དུ་འགྲོ་ཡང་གྲོགས་དང་འགྲོགས། །སྤྲོ་རིང་ཁ་ཚགས་དམ་པའི་འཁོར་རེ་སྐྱིད། །ཕ་ཁུ་བཟང་པོའི་བུ་ཚ་ངན་པ་ཕོས་ཚིག་ཆེ། །འཕྲལ་དུ་ཁོང་གྱོད་ང་རོ་ཆེ་བའི་མི་དང་འགྲོགས་པ་བྱུར། །ཕ་ཚན་བཟང་པོའི་གསེབ་ཏུ་སྐྱེས་པའི་ངན་པ་རང་མཐོང་ཆེ། །ཁ་དམན་

ཁྱིམ་མཚེས་ཀུན་ལ་སྡང་བའི་མི་ནི་གླང་། །མནའ་མ་རྣམས་དང་འཁོན་པར་བྱེད་པའི་བཤལ་ཐག་ཡིན། །ངན་ལས་བུ་ཕོས་བྱས་ན་གྲོས་རེ་ཁུག་པ་རེ། །ཕར་ངན་བུ་རུ་ངན་ན་གྲོས་མཇུག་འཐབ་མོས་བྱེད། །སྔོན་དུ་དཔའ་བོ་ཐོད་རྒལ་བྱས་ན་སྐྱེས་བུར་འགྱུར་ཏེ་དགྲ་ཡང་རྩི། །མི་བཙན་བརྫུན་དུ་

སྨྲས་པའི་ཚིག་མི་བཙུན། །སྨྲ་མི་ཉན་པའི་ནང་དུ་སྨྲ་བ་བླུན་པ་མ་ཡིན་ནམ། །རང་ཤེས་ཆུང་བ་ཡོན་ཏན་ཅན་ལ་སྨོད་པ་ངན་པ་ཡིན། །ཕ་མེས་ཡོན་ཏན་སྨོས་ཤིང་རང་སྤུ་ངན་པ་ལོ་ཉེས་ཡིན། །ཁོང་གྱོད་གཉེན་ལ་སྡང་བ་བུ་ལོན་ངན་པ་བྱོལ་སོང་ཡིན། །བྱས་པ་མེད་པར་རང་མཐོང་ཆེ་བ་

གླེན་པ་ཡིན། །བཅོལ་བ་མེད་པའི་ལས་ལ་འཇུག་པ་སྨྱོན་བ་ཡིན། །ཟས་ངོར་འཁྲུག་ལྡན་བྱེད་པ་ཕུང་བ་ཡིན།། །།སྒོམ་ཆེན་རྣམས་ལ་བརྫངས་པ། །ཚུལ་ཆོས་མི་བྱ་ཤེས་པའི་ས་མི་གཟུང་། །སྡེ་སྣོད་གསུམ་པོ་ཀུན་ལ་ལྟ་རྟོག་བྱ། །བལྟས་པའི་ཚིག་ལ་མི་བརྟག་དོན་ལ་

Vol. 173 · folio 138a

དཔྱད། །ལུང་ལ་མཁས་པའི་སློབ་དཔོན་རྣམས་དང་འགྲོགས། །སྒོམ་ཆེན་ཡིན་ཞེས་ཕུག་ཏུ་ཡོང་མི་འདུག །ཡིད་ཆེས་མེད་པར་བསྒོམ་པར་ཚུལ་མི་བཅོས། །ཐེ་ཚོམ་བཅད་ཅིང་མཁས་པའི་ཞལ་ཡང་ལྟ། །ཐེ་ཚོམ་ཆོད་ཅིང་བློ་ལ་སྣང་བ་དང་། །སྒོམ་པའི་གོལ་

སྒྲིབ་ཆོད་ཅིང་དོན་ཤེས་ཤིང་། །རུས་སྦལ་ཁོ་གོར་ནང་ན་འདུག་པ་དེ། །བརྐྱང་བསྐུམ་འདུག་འགྲོ་གཞན་གྱིས་མ་མཐོང་ལྟར། །འཁོར་གྱིས་སླེབས་པར་མ་ཡིན་དབེན་པར་འདུག །སྙིང་པོ་དོན་ལས་ཉིན་མཚན་འབྱུང་མི་བྱ། །ཆུང་མ་གཤིན་ཡང་བསྒོམ་གཡོག་བྱ་བ་མིན། །འདུ་

ལོང་ངན་པར་འཁོར་དུ་བསྟེན་མི་རུང་། །རང་སེམས་དཔང་དུ་བཙུགས་ལ་ཡེངས་མི་བྱ། །གཡེང་དང་བྱིང་རྨུགས་ཡོང་ཞིག་ཡོད་གྱུར་ན། །ཚུལ་འཆོས་མི་བྱ་བླ་མ་རྣམས་ལ་དྲི། །ཐམས་ཅད་མཉམ་པའི་སྙིང་པོར་གྱུར་པའི་རྟགས། །ཅི་ལའང་ཆགས་ཐོགས་མི་མངའ་མཉམ་པར་

འགྱུར། །དེ་འདྲའི་སྒོམ་ཆེན་སངས་རྒྱས་རྣམས་དང་མཚུངས། །དུས་མིན་རྟག་ཏུ་སེམས་ལ་གདམས་ངག་འདི། །སྒོམ་ཆེན་རྣམས་ཀྱི་སེམས་ལ་ཤར་བར་སྨོན།། །།སྤྱིའི་བན་དེ་རྣམས་ལ་བརྫངས་པ། །མི་དགེ་བཅུ་སྤངས་དགེ་བ་བཅུ་ལས་ནི། །ལུས་ངག་

ཡིད་གསུམ་དུས་བཞིར་གཡོ་མི་བྱ། །དམ་ཆོས་ཟབ་མོའི་ཕྱིར་ནི་སྲོག་གིས་བོར། །མཁས་སུ་རེ་ཞེས་ཤེས་པའི་ས་མི་གཟུང་། །བདག་གིས་ཤེས་ཀྱང་ཐེ་ཚོམ་གཞན་ལ་དྲི། །ཆོས་ཀྱི་སྲིད་པ་ས་གསུམ་སེམས་པ་བཞིན། །ངོམས་པར་མི་བྱ་ཤེས་རབ་གསུམ་གྱིས་བསླབ། ངེས་

པ་རང་ལ་མེད་པར་གཞན་མི་བསླབ། །བསྲུང་བ་རྣམ་གསུམ་ཞིང་ཚིགས་བཞིན་དུ་བསྲུང་། །རྡོ་རྗེ་སློབ་དཔོན་ཡི་དམ་ལྷ་ལྟར་བཀུར། །མན་ངག་ཟབ་མོ་མིག་གི་འབྲས་ལྟར་བཙའ། །ཐེག་པ་ཀུན་ལ་མཁས་ཀྱང་གསང་ཐེག་ལ། །གཞན་ཤེས་དེ་ལ་མ་འབྱོར་བན་དེ་ནི། །ཐེག་གཞན་

ཤེས་ཀྱང་གསང་ཐེག་མ་འབྱོར་ན། །གསེར་འདོད་བོང་བ་རྙེད་པ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་སྐྱེ་རྒྱུད་མ་ཆོད་པར། །བཙུན་པར་སྐྱེ་རྒྱུད་གཅོད་པ་སྙིང་རེ་རྗེ། །ཉོན་མོངས་མ་སྤངས་བཙུན་པ་གཉིས་མི་འཕྲུགས། །ས་བོན་རུལ་བའི་འབྲས་བུ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་

Vol. 173 · folio 138b

དུག་སྡོང་མ་བསྒྱེལ་བར། །སྒུར་ནས་ལྷ་ཕྱག་འཚལ་བ་སྙིང་རེ་རྗེ། དུག་སྡོང་མ་བསྒྱེལ་ཟབ་སྲུང་གཉིས་མི་འཕྲུགས། །སྐྱེར་ཚེར་དར་གྱིས་ཕུར་པ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་དབྱིངས་སུ་མ་བསྐོར་བར། །མཆོད་རྟེན་བསྐོར་བ་བྱེད་པར་སྙིང་རེ་རྗེ། །ཆོས་དབྱིངས་མ་མཐོང་བསྐོར་

བ་གཉིས་མི་འཕྲུགས། །མར་འདོད་ལྷ་ཁང་ཁྱིས་བསྐོར་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་རྣམ་པར་མ་དག་པར། །གདོང་བཀྲུས་ལག་པ་བསྙལ་བ་སྙིང་རེ་རྗེ། །རྣམ་པར་མ་དག་འཁྲུ་བ་གཉིས་མི་འཕྲུགས། །བྲེ་ཀ་ནས་ཀྱིས་བཅད་པ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་ཞི་བར་མ་བྱས་

པར། །ཆོས་ཉིད་ཞི་བར་ལྟ་བར་སྙིང་རེ་རྗེ། །ཞི་བར་མ་བྱས་ལྟ་བ་གཉིས་མི་འཕྲུགས། །ཆར་མ་གནམ་སྡོད་ལྗོང་བུ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་མགོ་བོ་མ་བྲེགས་པར། །མགོ་ཟླུམ་དཔུང་ཟླུམ་བྱེད་པ་སྙིང་རེ་རྗེ། །ཉོན་མོངས་མ་བྲེགས་མགོ་ཟླུམ་གཉིས་མི་འཕྲུགས། །མུན་

གནག་ནང་ན་རྫས་ཚོལ་ཇི་བཞིན་ནོ། །ཉོན་མོངས་ལྔ་པོ་དུལ་བར་མ་བྱས་པར། །ཕ་རོལ་དགྲ་དཔུང་འཇོམས་པ་སྙིང་རེ་རྗེ། །དུལ་བར་མ་བྱས་དགྲ་འཇོམས་གཉིས་མི་འཕྲུགས། །རི་གཟར་རྦབ་ཤོར་འཛིན་པ་ཇི་བཞིན་ནོ། །ཆོས་ཉིད་ཟབ་མོ་ལྟ་བས་ཀློང་དུ་བྱ། །སྤྱོད་པས་འགྲོ་དོན་

བསམ་གཏན་རྒྱུན་མི་བཅད། །ཡེ་ཤེས་རལ་གྲིས་སྐྱེ་རྒྱུད་གཅད་པར་རིགས། །ཉོན་མོངས་ལྔ་པོས་ལྡང་བ་གནས་སུ་བསྟིམ། །ཡང་ལྡང་ཡང་ལྡང་བྱེད་ན་ཆོས་ཉིད་བསམ། །མཉམ་པའི་དོན་ལ་བསམ་བའི་གཏན་ལ་གཞུག །རང་དབང་མེད་པར་གཞན་དབང་བསྐུར་མི་བྱ། །དུས་

གསུམ་ཆོས་ཀྱི་མཚན་ཉིད་བློ་ལ་གཞག །གསང་སྔགས་ཟབ་མོ་གྲོང་ཡུལ་མི་ལ་ནི། །བསྟན་པར་མི་བྱ་རྔ་དྲིལ་ཡང་མི་བརྡུང་། །ཡས་ར་ཡས་ལུག་མཁས་ཞེས་གསད་མི་བྱ། །ཕོ་མོ་མང་པོའི་ནང་དུ་སྒྲུབ་པ་བྱེད་པར་ཁྲེལ། །ཟས་ནོར་གསང་སྔགས་ཟབ་མོ་ཡོན་དུ་འཚོང་བ་སྨྱོས། །

གསང་སྔགས་བསམ་གཏན་ཡི་དམ་ཉིད་དུ་ཉོ་ཚོང་བྱེད་པ་མེད། །བན་དེའི་རང་བཞིན་གྲོང་གི་དབུས་མི་འདུག །ཚོང་ལ་མི་བཟའ་སྡིག་པའི་རྨང་གཞིར་འགྲོ། །ཕོ་བླ་མི་བྱང་ཆུང་མའི་དད་ཀྱང་སྐྱུངས། །བེའུ་མང་པོ་མི་བསྲེལ་སྡིག་པའི་རྒྱུ། །ཉིན་མཚན་མེད་པར་འགྲོ་དོན་བྱེད་འདོད་

Vol. 173 · folio 139a

པས། །རང་སེམས་དག་ན་འདོད་པའི་དོན་ལ་སྒྲུབ། །མི་ནག་སྐྱེ་བོ་མང་པོའི་འགྲོ་དོན་ཡང་། །ཚོད་ཡོད་མི་བྱ་བསམ་གཏན་ཉིད་དུ་བྱ། །འདི་རྣམས་མ་ནོར་ཤེས་པ་བན་དེ་ཡིན། །ཉིན་རེ་བཟླས་པ་མི་གཅད་སྐྱོ་དུབ་ཀྱང་མི་བྱ། །རྩེ་གཅིག་དང་དུ་བླངས་ལ་བྱ་བ་ཡིན། །མཁས་

པའི་རང་བཞིན་དོན་ལ་མཁས་པ་ཡིན། །ཚིག་ལ་མཁས་པ་ནེ་ཚོ་ཚིག་ཟློས་མཁས། །རྩེ་གཅིག་ཡང་དག་བདེན་པའི་རླུང་ལས་ནི། །རང་སེམས་དཔང་དུ་བཙུགས་ལ་ཉམས་མི་བྱ། །ཉིན་མཚན་མེད་པར་ཆོས་ཀྱི་དོན་ལ་ནི། །དུས་གསུམ་འདུ་འབྲལ་མེད་པར་ཏིང་འཛིན་བྱ། །ཤེས་པ་ཆེ་

ཡང་མཁས་པའི་ས་མི་གཟུང་། །རྡོ་རྗེ་སློབ་དཔོན་ཡི་དམ་ལྷ་བཞིན་དུ། །ཁུར་ཞིང་རྩེ་གཅིག་ཡི་དམ་ཉིད་དུ་བྱ། །དེ་དང་མི་འབྲེལ་བརྩེ་གདུང་ཚེ་མར་འགྲོགས། །བདེན་པ་སྟོན་པའི་རྡོ་རྗེ་སློབ་དཔོན་ནི། །མིག་གི་འབྲས་ལྟར་བཀུར་བའི་རང་བཞིན་ལ། །གཡོག་འཁོར་ངན་པ་སློབ་དཔོན་

སྤོང་བྱེད་པ། །ཉན་བྱེད་མི་དེ་བླུན་པོ་སྤྲེའུ་ཞེས་བྱ། །འདི་རྣམས་བདག་གིས་མདོ་ཙམ་བསྟན་པ་འདི། །བོད་ཀྱི་རྒྱལ་ཁམས་བན་དེའི་སེམས་ལ་ནི། །གདམས་ངག་འདི་ནི་ཀུན་ལ་ཤར་བར་སྨོན།། །།སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས་བོད་ཀྱི་རྒྱལ་པོ་ཁྲི་སྲོང་

ལྡེའུ་བཙན་རྗེ་འབངས་དང་། བོད་བཙུན་རྣམས་ལ་བརྫངས་པའི་སྤྲིང་ཡིག་གོ།།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words