No title in the text — opening words: ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་བཞུགས་སོ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 175 · folio 245b

དཀར་སོགས་སྣང་འགྱུར་བ། །དཀར་པོ་དང་སེར་པོ་ལ་སོགས་པའི་དོན་སྐྱེས་བུས་འཛིན་པར་འགྱུར་བ་ན། དཀར་པོ་ལ་སོགས་པ་འཛིན་པའི་དུས་དེའི་ཚེ། ཅིག་ཅར་སྐྱེས་བུའི་ཉམས་སུ་མྱོང་བ་ནང་གི་གསལ་བ་གང་ཡིན་པ་དེ་རབ་ཏུ་གསལ་བའི་ངོ་བོ་ཅི་འདྲ་བ་ཞིག་ཅེ་ན། དཀར་སོགས་མངོན་པར་

གསལ་བ་ཅན། །དཀར་པོ་ལ་སོགས་པར་མངོན་པར་གསལ་བ་དཀར་པོ་ལ་སོགས་པའི་དམིགས་པའི་ངོ་བོ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་དང་འདྲ་བ་དེ་ཉམས་སུ་མྱོང་བ་གང་ཡིན་པ་འདི་ནི་སྣང་འགྱུར་བ་སོ་སོར་སྣང་ཞིང་གསལ་འགྱུར་བ་དེ་དང་དེ་ཉམས་སུ་མྱོང་བ་ཡིན་ནོ། །

དེ་ནི་དཀར་སོགས་གསལ་བ་ལས། །དཀར་པོ་ལ་སོགས་པའི་དོན་དམིགས་པ་ལས་སོ། །ཅི་གཞན་གྱི་ངོ་བོ་ནི་དོན་གཞན་དུ་གྱུར་པའོ། །ཅི་སྟེ་རང་དངོས་ཡིན་ཞེས་བྱ་བ་ནི། འོན་ཏེ་དཀར་པོ་ལ་སོགས་པའི་བདག་ཉིད་ཀྱིར་གྱུར་པ་ཞེས་བྱ་བའི་རྣམ་པར་རྟོག་པ་ཉིད་ཡིན་ཏེ། ཡོད་པ་ནི་དེ་ཉིད་དང་

གཞན་ཉིད་ལས་མ་འདས་པའི་ཕྱིར་རོ། །གལ་ཏེ་རེ་ཞིག་གཞན་གྱི་ངོ་བོ་ཡིན་ན། གཞན་དངོས་ཡིན་ན་དཀར་པོ་ལ་སོགས་པའི་དམིགས་པ་མངོན་སུམ་ཉིད་མ་ཡིན་པའི་ཕྱིར་གསལ་བ་མ་ཡིན་ཏེ། ཉམས་སུ་མྱོང་བ་གསལ་བ་གང་ཡིན་པ་དེ་ནི་དཀར་པོ་ལ་སོགས་པ་མངོན་པར་གསལ་བའི་ངོ་བོ་མ་

ཡིན་ནོ། །གཞན་གྱི་ངོ་བོ་ཁས་ལེན་པ་དེའི་ཕྱིར་དཀར་པོ་ལ་སོགས་པའི་གསལ་བ་གསལ་བ་མིན། ཇི་ལྟར་དངོས་པོ་དཀར་པོ་གསལ་བ་ཡིན་ཏེ། མ་ཡིན་ནོ། །དེ་ལྟར་ན་ཡུལ་ཡོད་པ་ཡིན་ནོ་ཞེས་བྱ་བ་ཉིད་ཀྱིས་གསལ་བར་མི་འགྱུར་གྱི། འོན་ཀྱང་དེ་མངོན་སུམ་ཉིད་ཀྱིས་གསལ་བ་ཡིན་ནོ། །གལ་

ཏེ་དེའི་གསལ་བ་མངོན་སུམ་མ་ཡིན་པ་དེའི་ཚེ། གསལ་བ་མ་ཡིན་པའི་ཕྱིར་ཡུལ་ཡང་གསལ་བ་མ་ཡིན་ནོ། །སྦྱོར་བ་ནི་གསལ་བར་བྱེད་པ་མ་ཡིན་པ་དེ་ནི་གསལ་བ་མ་ཡིན་ཏེ། དཔེར་ན་འགའ་ཞིག་གིས་ཅུང་ཟད་མི་ཤེས་པ་ལྟ་བུའོ། །དཀར་པོ་ལ་སོགས་པའི་ངོ་བོ་སྣང་བ་ཉིད་དུ་འདོད་པ་

ཡང་གསལ་བ་གསལ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གང་གི་ཕྱིར་གསལ་བ་ཞེས་བྱ་བ་ཡང་ཤེས་པ་ལ་བྱ་སྟེ། གང་གི་ཚེ། ཤེས་པ་གསལ་བ་ཡིན་ན་དཀར་པོ་ལ་སོགས་པར་སྣང་བ་དེ་གསལ་ཡིན་ཞེས་འདོད་པ་དེའི་ཚེ། འགྲོ་བ་མ་ལུས་

Vol. 175 · folio 246a

གསལ་མ་ཡིན། །ཞེས་ཐལ་བ་སྒྲུབ་པར་བྱེད་པའི་དོན་དེ་ཉིད་ཀྱི་གཞུང་བཙུགས་པ་ཡིན་ནོ། །དེ་ལྟར་ནི་དཀར་པོ་ལ་སོགས་པ་སྣང་བར་འགྱུར་བ་གསལ་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། གསལ་བ་ཡིན་ནོ། །དེའི་ཕྱིར་དཀར་པོ་ལ་སོགས་པའི་ངོ་བོར་སྣང་བར་གྱུར་པ་གསལ་བར་འདོད་པ་

གང་ཡིན་པ་དེ་ཉིད་གསལ་བ་གསལ་བར་བྱེད་པ་དེ་ཡིན་ནོ་ཞེས་བཟློག་པས་རང་རིག་པ་གྲུབ་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཡང་དཀར་པོ་ལ་སོགས་པ་རང་ཉིད་ལས་གྲུབ་པ་མ་ཡིན་པ་དེ་ལྟར་ན་ཡང་དཀར་པོ་ལ་སོགས་པའི་གསལ་བ་དེ་དུས་ཕྱིས་འབྱུང་བ་ཅན་གྱི་གསལ་བ་གཞན་གྱིས་

གསལ་བར་འགྱུར་རོ། །དེས་ན་ཐལ་བ་མ་གྲུབ་པ་ཡིན་ཞིང་བཟློག་པ་ལ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ། གསལ་བ་གསལ་གཞན་གྱིས་གསལ་ན། ཁས་ལེན་པར་བྱེད་པ་བཤད་མ་ཐག་པའི་སྐྱོན་གྱིས་ལན་མ་བཏབ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐུག་པ་མེད་

པའི་སྐྱོན་དུ་ཐལ་བའི་ཕྱིར་རོ། །དེ་ལྟར་ན་ཡུལ་ལ་དམིགས་པའི་དམིགས་པ་གང་ཡིན་པ་དེ་ནི་བདག་ཉིད་མངོན་པར་གསལ་བ་མ་ཡིན་ནོ། །དེའི་ཚེ་ཡུལ་ལ་དམིགས་པ་གསལ་བ་ལ་ནུས་པ་ཡོད་པ་མ་ཡིན་པ་དེ་ལྟར་ན་ཤེས་པའི་ཁྱད་པར་གཞན་དང་གཞན་གྱི་རྗེས་སུ་འབྲང་བ་ཐུག་པ་མེད་པ་ཡིན་ཏེ། ཇི་སྲིད་

དུ་ཐ་མ་གསལ་བའི་མཐར་ཐུག་པར་མི་འགྱུར་བ་དེ་སྲིད་དུ་ཐམས་ཅད་གསལ་བས་ན་དངོས་པོ་ཅུང་ཟད་ཀྱང་གསལ་བ་ཅན་དུ་མི་འགྱུར་རོ། །ལ་ལར་མཐར་ཐུག་པ་ཡིན་ན་ཡང་ཡུལ་དང་ཤེས་པའི་བདག་ཉིད་ཅིག་ཅར་མངོན་པར་གསལ་བ་ཡིན་ན། སྔར་ཡོད་པ་ཡིན་ན་ཡང་དེ་ལྟར་འགྱུར་ཏེ།

བྱེ་བྲག་མེད་པའི་ཕྱིར་རོ། །དེ་བས་ན་རང་རིག་པ་གྲུབ་པ་ཡིན་ནོ། །གཞན་ཡང་གང་གི་ཚེ་སྐྱེས་བུས་དཀར་པོ་ལ་སོགས་པ་ཤེས་པ་ན་དེ་དམིགས་པ་དེ་ཉིད་ཤེས་པར་མི་འགྱུར་བ་དེའི་ཚེ་དཀར་པོ་ལ་སོགས་པ་འདིའི་མཐོང་བ་འདི་ཡིན་ནོ་ཞེས་བྱ་བའི་དོན་གྱིས་འབྲེལ་པ་ཅི་ཡང་ཤེས་པ་མ་ཡིན་ནོ། །

དེ་ཡང་འབྲེལ་པ་ཤེས་མེད་ཅན། དཀར་པོ་ལ་སོགས་པའོ། །མཐོང་དེས་དོན་མཐོང་བས་ཇི་ལྟར་ཁྱད་པར་ཅན་དུ་འགྱུར། དཀར་པོ་ལ་སོགས་པ་མངོན་པར་གསལ་བས་ཁྱད་པར་ཅན་འདི་གསལ་བ་ཡིན་ནོ་ཞེས་ཤེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ཡང་གང་གིས་གང་རྟོགས་པ་མ་

Vol. 175 · folio 246b

ཡིན་པ་དེས་ནི་ཁྱད་པར་ཅན་དུ་གྱུར་པ་གཞན་འཛིན་པ་མ་ཡིན་ཏེ། དཔེར་ན། དབྱུག་པས་ཁྱད་པར་དུ་གྱུར་པའི་ལྷས་བྱིན་མི་འཛིན་པ་ལྟ་བུའོ། །སྐྱེས་བུ་གཟུགས་མཐོང་བ་ན་དེ་མཐོང་བ་ཡང་རྟོགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གང་ཕྱིར་ཞེས་བྱ་བ་ལ་སོགས་པས་དེ་ཉིད་འཆད་པར་བྱེད་

དོ། །གང་ཕྱིར་གཉིས་ལས་ཡུལ་དང་དམིགས་པ་ལས་གཅིག་རྟོགས་ལ། གཉིས་པ་མཐོང་བ་ཡོད་མ་ཡིན། །གང་གི་ཚེ་ཡུལ་དམིགས་པར་གྱུར་པ་དེའི་ཚེ། དེ་དམིགས་པ་མ་ཡིན་ཏེ། རང་རིག་པར་ཐལ་པའི་ཕྱིར་རོ། །གང་གི་ཚེ་ཤེས་པ་གཞན་གྱིས་ཡུལ་དམིགས་པ་རྟོགས་པ་དེའི་ཚེ། དོན་མ་

ཡིན་གྱི་དམིགས་པ་དེ་ཉིད་འབའ་ཞིག་ཡིན་ནོ། །དེའི་ཕྱིར་འདིས་འདི་མཐོང་ངོ་ཞེས་བྱ་བར་ཡང་མི་འགྱུར་རོ། །དེ་ལྟར་ན་ཡུལ་དང་དམིགས་པ་གཉིས་འདྲེས་པ་དག །དུས་མཚུངས་པར་འབྱུང་བ་ཅན་ཅིག་ཅར་རམ་རིམ་གྱིས་མཐོང་བ་ན། མཐོང་བ་ཡོད་ན་འདི་འདིས་མཐོང་། །ཞེས་ནི་ངེས་པར་

འགྱུར། དེ་ལྟ་མ་ཡིན་ནོ་རྣམ་པ་གཞན་དུ་ནི་མ་ཡིན་ནོ། །ཡུལ་དང་དེ་ལ་དམིགས་པ་གཉིས་ཅིག་ཅར་ཚོགས་པ་ན་མཐོང་བ་ལ་མཐོང་ངོ་ཞེས་ངེས་པ་མ་ཡིན་གྱི། འོན་ཀྱང་གལ་ཏེ་རང་གིས་ཞེས་བྱ་བ་སྔོན་པོ་ལ་སོགས་པའི་ཡུལ་འགའ་ཞིག་འདྲ་བ་མཐོང་། དེའི་ངོ་བོ་ཀུན་ནས་འཛིན་པའོ། །དོན་

འགག་ན་ཡང་ཉམས་སུ་མྱོང་བའི་ཤེས་པ་ལས། སེམས་གཞན་གྱིས་ནི་མཐོང་འགྱུར་བ། །ཡུལ་དེ་ལ་མཐོང་བ་ཞེས་བྱ་ན་དོན་འདི་ཤེས་པ་དེས་མཐོང་བའི་དེ་མཐོང་བ་འདི་ཡིན་ནོ་ཞེས་ཐ་སྙད་དུ་བྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན་ཤེས་པ་ཉིད་དོན་དང་འདྲ་བར་འབྱུང་བ་གསལ་བར་བྱེད་པ་

མ་ཡིན་ཏེ། དེའི་ཚེ་དོན་འགགས་ཟིན་པ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་ཤེས་པ་འདིའི་དེ་ལྟར་འདྲ་བ་ཡིན་ན་རང་རིག་གྲུབ་པ་ཡིན། དེ་ལྟར་ན་འདྲ་བ་དེ་ནི་ཤེས་པའི་བདག་ཉིད་ཡིན་ལ་དེ་ཡང་རབ་ཏུ་གསལ་བར་སྲོག་ཆགས་ཐམས་ཅད་ཀྱིས་མྱོང་བར་བྱེད་པ་ཉིད་ཡིན་ནོ། །དེ་རབ་ཏུ་མྱོང་པ་ན།

ཤེས་པས་བདག་ཉིད་ཉམས་སུ་མྱོང་བ་ཉིད་ཡིན་ནོ་ཞེས་བདག་ཉིད་ཉམས་སུ་མྱོང་བ་དོན་གྱིས་སྔར་ཇི་སྐད་བཤད་པ་བཞིན་དུ་གྲུབ་པ་ཡིན་ནོ། །གཞན་ཡང་ཤེས་པའི་ངོ་བོ་དང་ཡུལ་མ་བཟུང་བ་ཅན་ཡིན་ན་ཡང་དེ་ལས་གཞན་པའི་སེམས་བདག་ཉིད་མངོན་པར་གསལ་བའི་ངོ་བོ་ཅན་མ་ཡིན་

Vol. 175 · folio 247a

པས་མ་མཐོང་བ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་སྐྱོན་མ་བཟློག་པ་ཉིད་ཡིན་ནོ། །ཅི་སྟེ་དོན་དང་འདྲ་བ་མྱོང་བ་ན། །དོན་གྱིས་རང་རིག་པ་གྲུབ་པའི་ཕྱིར་དང་དངོས་བདག་ཉིད་དུ་འགྱུར་བ་དོན་དང་འདྲ་བ་ཤེས་པ་དེས་མི་རིག་གོ་ཞེས་འདོད་པ་དེའི་ཚེ་མྱོང་བ་མ་གྲུབ་པ་ཅན་གྱི་ཤེས་པ་

དེས་ཇི་ལྟར་གཞན་གྱི་ངོ་བོ་སྟེ། དོན་གཞན་གྱི་བདག་ཉིད་རིག་པར་འགྱུར་ཏེ་མ་ཡིན་ནོ། །གདོན་མི་ཟ་བར་འདི་ཉམས་སུ་མྱོང་བ་འདི་ཡིན་ནོ་ཞེས་བརྗོད་པས་དེ་དག་ལ་དེ་ལྟར་ཐ་སྙད་འདོགས་པའི་རྒྱུ་བརྗོད་པར་བྱའོ། །དོན་དང་འདྲ་བ་ལས་ཡུལ་མྱོང་བ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ཡང་བདེན་པ་མ་ཡིན་ཏེ། འདི་

ལྟར། འདྲ་བ་ལས་ཀྱང་མྱོང་ཞེས་པ། །སྔར་ཉིད་རབ་ཏུ་བསལ་བ་ཡིན། །དཔེར་ན་ཉམས་སུ་མྱོང་བའི་འདྲ་བ་རྒྱུ་མ་ཡིན་ནོ་ཞེས། འདྲ་བ་ཐམས་ཅད་ཕན་ཚུན་དག །མྱོང་བ་དག་ནི་ཐོབ་པར་འགྱུར། །ཞེས་བྱ་བའི་སྐབས་སུ་སྤངས་ཟིན་ཏོ། །གཞན་ཡང་འདྲ་བ་ལས་དེ་དག་མཐོང་བ་དག་ཉིད་ཡོད་ན་འདི་

ནི་འདི་དང་འདྲ་བ་ཡིན་ཞེས་འདྲ་བ་འཛིན་པར་འགྱུར་རོ། །སྐྱེས་བུ་འདི་ཡང་སྔར་ནི་དཀར་པོ་ལ་སོགས་པ་མཐོང་བའི་དུས་ན་དོན་མཐོང་མེད་པ་ཡིན། དཀར་པོ་ལ་སོགས་པ་མཐོང་བའི་དུས་ན་ཡང་། དོན་སྐད་ཅིག་མ་ཉིད་ཡིན་པས་འགགས་ཟིན་པ་ཉིད་ཀྱི་ཕྱིར། གཉི་ག་མཐོང་བ་མེད་པས་ན། དོན་འགའ་

ཞིག་ཀྱང་མཐོང་བ་ཡོད་པ་མ་ཡིན་ནོ། །ཇི་ལྟར་མཐོང་བས་འདི་ཡི་ནི། །ཡུལ་གྱི་འདྲ་བ་སྐྱེས་བུ་དེ་ཡིས་ངེས་པར་འགྱུར། གང་གིས་ནི་དེའི་རྣམ་པ་ཅན་གྱི་ཤེས་པ་འཛིན་པའི་ཕྱིར་དོན་མཐོང་བ་གྲུབ་པར་འགྱུར། འདྲ་བ་ནི་བདག་ཉིད་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་དང་དེ་ཡང་སོ་སོར་རང་རིག་པ་ཉིད་ཡིན་

པའི་ཕྱིར་བདག་ཉིད་མྱོང་བའི་དོན་གྱིས་གྲུབ་པར་མི་འགྱུར་རོ་ཞེ་ན། ཤེས་པའི་འདྲ་བ་ཉིད་ཀྱང་མི་འདོད་པའི་རྒོལ་བ། གང་ཡིན་པ་དེའི་གཉིས་མཐོང་མེད། དོན་གྲུབ་པ་མ་ཡིན་ཞིང་ཤེས་པ་ཡང་མ་ཡིན་ནོ། །དེ་ལྟར་ན་འདྲ་བ་ལས་དོན་འདིའི་མཐོང་བ་འདི་ཡིན་པར་འགྱུར་བ་དེ་ཡང་ཡོད་པ་མ་ཡིན་པ་དེ་

ལྟར་ན་གང་ལས་དོན་རིག་པར་འགྱུར། ཤེས་པས་ཀྱང་བདག་ཉིད་མྱོང་བ་མ་ཡིན་ཞིང་གཞན་འགའ་ཞིག་གིས་ཀྱང་མ་ཡིན་ཏེ་མི་རུང་བའི་ཕྱིར་རོ། །དེ་བས་ན་ཤེས་པ་འམ་ཤེས་བྱ་གྲུབ་པ་མ་ཡིན་ནོ། །གང་གི་ཚེ་དེ་ལྟ་ཡིན་པ་དེའི་ཚེ་དོན་འདིའམ། ཤེས་པ་འདི་ཞེས་དོན་དང་ཤེས་པ་གཉིས་པོ་དེ་དག་

Vol. 175 · folio 247b

ཤེས་པ་ཇི་ལྟར་ཡོད། བརྗོད་པ་ལྡོག་པ་དེ་ལྟར་ན། །འགྲོ་བ་མ་ལུས་པ་ལོང་བ་དང་ལྐུགས་པར་འགྱུར་རོ། །དེ་དེ་ལྟར་ན་ཉམས་སུ་མྱོང་བ་གཞན་གྱི་ངོ་བོ་ཡིན་པའི་སྐྱོན་བཤད་པ་ཡིན་ནོ། །ཅི་སྟེ་དཀར་པོ་ལ་སོགས་པ་མངོན་པར་གསལ་བའི་ངོ་བོ་གསལ་བར་ཉམས་སུ་མྱོང་བར་སྣང་བ་གང་ཡིན་པ་དེ་དཀར་པོ་

ལ་སོགས་པའི་ཤེས་པའི་རང་དངོས་བདག་ཉིད་དུ་གྱུར་པ་ཡིན་པ་དེའི་ཚེ། འོན་ཏེ་དཀར་པོ་ལ་སོགས་པ་དམིགས་པ། རང་ཉིད་རབ་ཏུ་གསལ་བར་གྱུར། །རང་རིག་པའི་ངོ་བོ་ཡིན་ཏེ། དཀར་པོ་ལ་སོགས་པ་ཉམས་སུ་མྱོང་བ་ན་གཉིས་པ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །གཞན་ཡང་གང་ཞིག་གང་

ལས་དཀར་པོ་ལ་སོགས་གསལ་བ་དེ་མི་གསལ་ན་ཡང་དཀར་པོ་ལ་སོགས་པ་སྣང་བ་དཀར་པོ་ལ་སོགས་པའི་དོན་མི་གསལ་བ་ཉིད་དུ་འགྱུར་ན་གསལ་བ་ཡང་འདོད་དོ། །དེ་བས་ན་གཟུང་བར་གྱུར་པ་གསལ་བ་གསལ་བར་བྱེད་པ་ཅན་ཉིད་དུ་ཡིན་པ་དེ་ལྟར་ན་རང་རིག་པ་གྲུབ་པ་ཡིན་ནོ། །དེས་ནི་

བདག་མི་རིག་པའི་ཕྱོགས་ལ་བདག་མི་རིག་པའི་ཕྱོགས་ཏེ། ཤེས་པ་ཉམས་སུ་མྱོང་བ་མ་ཡིན་པའི་ཕྱོགས་ལ་དོན་ཐམས་ཅད་མ་མཐོང་བར་བཤད་པ་གང་ཡིན་པ། དོན་ཀུན་མཐོང་མེད་འདི་ཡིས་ནི། །བདག་རིག་མིན་པའི་ཕྱོགས་དག་ལ། །གང་དེ་ལའང་ལན་བརྗོད་དོ། །དཔེར་ན་དེ་དག་གི་བློ་

མངོན་སུམ་ཉིད་མ་ཡིན་ན་དོན་ནམ་ཤེས་པ་དེ་དག་ཤེས་པའི་གཏམ་ལྡོག་པར་འགྱུར་ཞེས་བཤད་པ་ལྟ་བུའོ། །དེ་དག་གང་ཞེ་ན། བློ་མངོན་སུམ་མིན་པར་སྨྲ་བ་གང་ཡིན་པ་སྟེ་རྒྱལ་དཔོག་པའོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་སུམ་ཅུ་རྩ་བཞི་པ། གཞན་ཡང་འདིས་

ཀྱང་མངོན་སུམ་གྲུབ་པ་ཡིན་ཏེ། འདི་ལྟར། རྟེན་དམིགས་གོམས་པའི་ཁྱད་པར་ལས། །མིག་ལ་སོགས་པའི་རྟེན་གྱི་ཁྱད་པར་དང་དོན་བདེ་བ་ལ་སོགས་པ་དང་འདྲ་བའི་ཁྱད་པར་དང་གོམས་པའི་ཁྱད་པར་ཏེ་སྔར་གྱི་ནུས་པ་མཚན་ཉིད་ཅན་གྱི་ཡིད་ལ་བྱེད་པའི་ཁྱད་པར་ལས། ཐ་དད་པར་ནི་འཇུག་

པ་ཅན། །ཡང་དག་པར་དགའ་བ་ལ་སོགས་པའི་རྣམ་པས་སོ། །བདེ་སྡུག་འདོད་པ་ལ་སོགས་པའི། །ཁྱེད་པར་དགའ་བ་དང་གདུང་བའི་བྱེ་བྲག་འདོད་པ་ལ་སོགས་པའི་མཚན་ཉིད་ཅན་སོ་སོར་རིག་པའི་ངོ་བོ་ཉིད་འབྱུང་བར་འགྱུར་རོ། །དེ་ལྟར་ན་རྟེན་ལ་སོགས་པ་ཁྱད་པར་གྱིས་སྐྱེ་བ་ན་བདེ་བ་

Vol. 175 · folio 248a

ལ་སོགས་པ་རང་ཉིད་ནང་ནས་གསལ་བར་འགྱུར་ཞིང་དེ་དག་ཀྱང་སྔར་དམིགས་པའི་ངོ་བོར་རྣམ་པར་གཞག་པ་ཡིན་པ་དེ་ལྟར་ན། དེ་དག་ཉིད་བློ་ཡིན་ཏེ་རྟོགས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་སྣང་བར་གྱུར་པ་དེ་དག་ཀྱང་མངོན་སུམ་ཡིན་ནོ། །སོགས་

པ་སྨོས་པས་ནི་ཞེ་སྡང་དང་རྩོལ་བ་ལ་སོགས་པ་གཟུང་ངོ་། །དེ་ལས་ཐ་དད་དགའ་བ་དང་། །མི་དགའ་བ་ལ་སོགས་པའི་རྣམ་པ་དམིགས་པ་དང་བྲལ་བའོ། །དེ་དག་ཉམས་སུ་མྱོང་བ་ལས་ཐ་དད་པའི་གཞན། ཅུང་ཟད་ངེས་མེད་ཤེས་གང་དེ། །མངོན་སུམ་མ་ཡིན་པ་ཉིད་དུ་རྟོགས་པར་བྱེད།

བདེ་བ་ལ་སོགས་པ་དེའི་བདག་ཉིད་ཀྱིས་དེ་དག་རང་ཉིད་ཉམས་སུ་མྱོང་བའི་ངོ་བོ་གསལ་བ་ཡིན་པ་དེ་ལྟར་ན་དེ་དག་གི་ཉམས་སུ་མྱོང་བ་ཡོད་པ་ཡིན་ནོ། །དེ་བས་ན་བློའི་ངོ་བོ་དག་རང་ཉིད་གསལ་བ་ཡིན་པ་དེ་ལྟར་ན། བློ་མངོན་སུམ་མ་ཡིན་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་གཞན་

གྱི་རིག་ཡིན་ན། །བདེ་བ་ལ་སོགས་པ་ཡང་མངོན་སུམ་ཉིད་དུ་མི་འདོད་པ་གང་གིས་ན་བློ་མངོན་སུམ་ཉིད་དུ་འགྱུར། འོ་ན་ཅི་ཡིན་ཞེ་ན། བདེ་བ་ལ་སོགས་པ་ལས་གཞན་པའི་ཡིད་ཀྱི་རྣམ་པར་ཤེས་པས་ཉམས་སུ་མྱོང་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ་བདེ་བ་ལ་སོགས་པ། ཉམས་སུ་མྱོང་

བ་དགའ་བ་དང་གདུང་བ་ལ་སོགས་པ་མཚན་ཉིད་ཅན་སྐྱེས་བུ་གང་གི་རྒྱུད་ལ་གནས་པའི་བདེ་བ་ལ་སོགས་པའི་སྐྱེས་བུ་གཞན་གྱིས་དམིགས་པ་གང་ཡིན་པ་དེ་ཡང་གཞན་གྱིས་ཀྱང་ནི་དམིགས་པ་ན་བདེ་བ་ལ་སོགས་པ་དེ་ལས་གཞན་པའི་སྐྱེས་བུ་དང་འབྲེལ་པ་ཅན་མྱོང་འགྱུར་ཏེ། བདེ་བ་ལ་

སོགས་པ་མྱོང་བ་པོ་གཞན་དུ་བདེ་བ་ལ་སོགས་པ་མྱོང་བ་དང་ལྡན་པར་འགྱུར་ཏེ། འདི་ལྟར་དེ་ལ་དམིགས་པ་ཅན་གྱི་ཤེས་པ་དང་ལྡན་པ་ཉིད་ཀྱིས། དེའི་ལོངས་སྤྱོད་པར་བྱེད་པ་པོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། བདེ་བ་བསྐྱེད་པའམ་དེར་སྣང་བའི། གལ་ཏེ་བློ་རིག་གཞན་

མིན་ན། །བདེ་བ་ལ་སོགས་པ་བསྐྱེད་པ་དང་བདེ་བ་ལ་སོགས་པའི་སྣང་བའི་བློ་གང་ཡིན་པ་དེས་བདེ་བ་ལ་སོགས་པ་ཉམས་སུ་མྱོང་བ་ཡིན་ཏེ། དཔེར་ན་སྐྱེས་བུ་འགའ་ཞིག་ཉིད་རིག་པ་ལྟ་བུའོ། །གཞན་གྱི་རྒྱུད་ལ་གནས་པའི་བདེ་ལ་སོགས་པ་འཛིན་པར་བྱེད་པའི་བློ་ཡང་དེས་བསྐྱེད་པའམ།

Vol. 175 · folio 248b

དེར་སྣང་བ་མ་ཡིན་པ་དེ་ལྟར་ན། གཞན་མྱོང་བ་མ་ཡིན་ནོ་ཞེ་ན། དེ་དང་དེ་ནི་གཞན་ལ་ཡང་མཚུངས་ཏེ་སྐྱེས་བུ་དེས་གཞན་གྱི་རྒྱུད་ལ་གནས་པའི་བདེ་བ་ལ་སོགས་པ་དམིགས་པའམ། མ་ཡིན་པར་འགྱུར་གྲང་ན། གལ་ཏེ་དམིགས་པ་དེ་ཡི་ཚེ། །དམིགས་པ་བྱེད་པ་གཞན་ལ་ཡང་། །གཉིས་ནི་

གདོན་མི་ཟ་བར་ཡོད། །བདེ་བ་ལ་སོགས་པས་བསྐྱེད་པ་དེ་དང་དེར་སྣང་བ་ཉིད་དོ། །ཅི་སྟེ་དེ་ལས། གཞན་གྱི་རྒྱུད་ལ་ཡོད་པའི་གནས་པའི་བདེ་བ་ལ་སོགས་པ། གཞན་གྱི་བློ་དེ་སྐྱེ་མིན་ཞིང་། །དེར་སྣང་བ་ཅན་མ་ཡིན་པ་བདེ་བ་ལ་སོགས་པར་སྣང་བ་མ་ཡིན་པ་དེའི་ཚེ་བདེ་བ་ལ་སོགས་པ་

ཡུལ་མ་ཡིན་ནོ་ཞེ་ན། བློ་དེ་ནི་ཡུལ་མེད་ཐོབ་འགྱུར་རོ། །དེ་ལྟར་ན་དེས་རང་གི་བག་ཆགས་ཀྱི་རང་བཞིན་གྱི་རྗེས་སུ་བྱེད་ཅིང་སོ་སོར་མྱོང་ཞིང་དེ་བཞིན་དུ་གསལ་བར་རང་རིག་པའི་ངོ་བོ་སྐྱེ་བར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གཞན་གྱི་རྒྱུད་ལ་གནས་པའི་བདེ་བ་ལ་སོགས་པའི་ངོ་བོ་ལྐོག་ཏུ་གྱུར་པ་

ཉིད་ཀྱིས་སྐྱེས་བུ་གཞན་གྱིས་ངེས་པར་མི་འགྱུར་བ་དེ་ལྟར་ན་ཡང་བདེ་བ་ལ་སོགས་པ་སྤྱི་གང་ཡིན་པ་དེ་ནི་འཛིན་པར་འགྱུར་བ་དེས་ན་བློ་དེ་ཡུལ་མེད་ཅན་མ་ཡིན་ནོ་ཞེ་ན། དེ་ལ་འདི་ནི་ལན་ཉིད་མ་ཡིན་ནོ། །འདི་ལྟར་དེ་མི་འཛིན་ན་སྤྱི་དག་ཀྱང་གསལ་བར་མི་འཛིན་ན། མི་འཛིན་ཞེས་ནི་སྔར། ཇི་

ལྟར་གསལ་བ་ལ་ལྟོས་པ་མེད་པའི་སྤྱི་ཡན་གར་བ་ཡང་སྒྲས་བརྗོད་པ་ཡིན་ན་གསལ་བ་དེ་སྤྱིར་མི་འགྱུར་རོ། །གསལ་བས་གསལ་བར་བྱ་བ་ཉིད་ཀྱང་འདི་ལ་ཡོད་པ་མ་ཡིན་ནོ། །དེས་ན། དེ་མཚུངས་མིན་དང་གསལ་བ་མིན། །དེ་བས་ན་སྤྱི་དང་མཚུངས་པ་ཉིད་མ་ཡིན་ཞིང་གསལ་བ་མ་

ཡིན་པ་དེ་དག་ཏུ་འགྱུར་རོ། །དེ་ལྟར་ན་དངོས་སུ་དེ་ནི་འདིའི་ཞེས་བྱ་བའི་འབྲེལ་པ་ནི་གང་ཞིག་གང་ལ་སྐྱེ་བ་གཞན་གྱི་དབང་གིས་རག་ལས་པའམ་དེའི་སྒོ་ནས་རྟོགས་པ་གཞན་གྱི་དབང་སྟེ་གང་གིས་བདག་ཉིད་རྟོགས་པར་འགྱུར་བ་ཡིན་གྲང་ན་རེ་ཞིག་སྤྱི་ནི་གསལ་བ་ལས་སྐྱེ་བའི་གཞན་གྱི་

དབང་ཉིད་མ་ཡིན་ཏེ། རྟག་པ་ཉིད་ཀྱི་ཕྱིར་རོ། །རྟོགས་པ་གཞན་གྱི་དབང་ཡང་མ་ཡིན་ཏེ། གསལ་བ་ལྟོས་པ་མེད་པར་སྒྲས་བརྗོད་པ་ཁས་ལེན་པའི་ཕྱིར་རོ། །དེ་ལྟར་ན་གསལ་བ་ནི་དེ་དང་མཚུངས་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །གཞན་ཡང་གལ་ཏེ་སྤྱི་ཞེས་བྱ་བའི་དངོས་པོ་ཅུང་

Vol. 175 · folio 249a

ཟད་ཡོད་པར་འགྱུར་ན། དེའི་ཚེ་གསལ་བ་ལ་ལྟོས་པ་མེད་པར་བློ་འཛིན་པར་འགྱུར་ཏེ། འདི་ལྟར། དེ་དངོས་ཅུང་ཟད་ཀྱང་ཡོད་མིན། །ཞེས་བྱ་བ་ཡང་གོང་དུ་བསྟན་ཟིན་ཏོ། །གང་གི་ཕྱིར་བློ་གཞན་གྱིས་དེ་ལས་གཞན་པ་དང་འབྲེལ་པ་ཅན་གྱིས་བདེ་བ་ལ་སོགས་པ་མི་འཛིན་ཏེ། དེ་

འཛིན་པ་ན་ཡང་དེ་ཉམས་སུ་མྱོང་བར་ཐལ་བའི་ཕྱིར་རོ། །བཤད་མ་ཐག་པའི་རིགས་པས་བདེ་བ་ལ་སོགས་པའི་སྤྱི་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་ལས་གཞན་པའི་བདེ་བ་ལ་སོགས་པའི་འཛིན་པ་ཉིད་དུ་འདོད་པའི་བློ་གང་ཡིན་པའི་དོན་སྣང་བ་དེ་ནི་གསལ་བ་ཉེ་བར་མཚོན་པའི་སྣང་བ་གང་ཡིན་པ་དེ་ནི། བློ་

དེ་ལས་ནི་གཞན་མ་ཡིན། །འོན་ཀྱང་བདག་ཉིད་དུ་གྱུར་པ་ཡིན་ནོ་དེས་དེའི་ཕྱིར་མངོན་སུམ་དང་བདག་རིག་གྲུབ་བློ་དེ་མངོན་སུམ་ཉིད་དང་རང་རིག་པ་ཉིད་དུ་གྲུབ་པ་ཡིན་ཏེ། དེ་ལྟར་སྣང་བ་ན་བདག་ཉིད་གསལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་བདག་ཉིད་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་

མོད་ཀྱི། གལ་ཏེ་དེ་ལ་འཛིན་བྱེད་ཀྱང་། །མངོན་སུམ་ཉིད་ནི་མིན་ཞེ་ན། །གལ་ཏེ་ཡང་གཞན་དག་བདེ་བ་ལ་སོགས་པ་དེ་འཛིན་པར་བྱེད་པ་ན་དེ་དག་ཀྱང་མངོན་སུམ་ཉིད་ནི་མ་ཡིན་ནོ། །དེ་ལྟར་ན་ཡང་དེ་དག་དེའི་མངོན་སུམ་མ་ཡིན་ཞིང་དེའི་བདེ་བ་ལ་སོགས་པ་དེ་དག་མངོན་སུམ་གང་ཡིན་པ་དེའི་གདུང་བ་

དང་ཕན་འདོགས་པ་ཡིན་པར་འགྱུར་རོ། །གཞན་ནི་བདེ་བ་ལ་སོགས་པ་དེ་ལྐོག་ཏུ་གྱུར་པ་ཉིད་ཀྱིས་མངོན་སུམ་དུ་འཛིན་པ་མ་ཡིན་པ་དེ་ལྟར་ན་འདི་དགའ་བ་དང་། ཡོངས་སུ་གདུང་བའི་བྱེ་བྲག་མེད་པ་མ་ཡིན་ནོ་ཞེ་ན། དོན་མཚུངས་དེ་ཐ་དད་གང་ལས་དེ་ཉམས་སུ་མྱོང་བ་པོའི་ཤེས་པས་བདེ་བ་ལ་

སོགས་པ་འཛིན་པ་གང་ཡིན་པ་དེ་ངོ་བོ་ཉིད་ཀྱིས་གཞན་གྱི་གང་ཡིན་པ་དེ་ལྟར་ན་ཡུལ་མཚུངས་པ་ཅན་གྱི་ཤེས་པ་དེ་དག་གིས་འདི་ནི་མངོན་སུམ་ཡིན་ལ། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་ཁྱད་པར་འདི་གང་ལས་གང་ཡིན། དེ་ལྟར་ན་གཉི་ག་ཡང་མངོན་སུམ་ཉིད་དམ་ལྐོག་ཏུ་གྱུར་པ་ཉིད་དུ་

མཚུངས་པ་ཉིད་འགྱུར་ཏེ་གཟུང་བར་བྱེ་བྲག་མེད་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མཐོང་མེད་ལས་དོན་གཅིག །ལྡན་སོགས་མྱོང་བ་དེས་ཡིན་ན། །དོན་མཚུངས་པ་ཉིད་ཡིན་ན་ཡང་། །གཅིག་ནི་དགའ་བ་དང་གདུང་བའི་བྱེ་བྲག་ཅན་གྱི་ཉམས་སུ་མྱོང་བའི་མཚན་ཉིད་

Vol. 175 · folio 249b

ཅན་གྱི་མྱོང་བ་ཡིན་གྱི་སྐྱེས་བུ་གཞན་གྱི་གཞན་དང་འབྲེལ་པའི་བདེ་བ་ལ་སོགས་པ་འཛིན་པ་མ་ཡིན་པ་དེ་ལྟར་ན། དེ་དག་གིས་སོ་སོར་མྱོང་བའི་ངེས་པ་གང་ཡིན་པ་འདི་ནི་ཆོས་དང་ཆོས་མ་ཡིན་པའི་མཚན་ཉིད་མ་མཐོང་བ་ལས་ཡིན་ནོ། །ཡང་ན་གང་དོན་གཅིག་འདུས་པ་དང་ལྡན་པའི་རྣམ་པར་

ཤེས་པས་བདེ་བ་ལ་སོགས་པ་དེ་ལ་དེ་ཡིན་གྱི་རྣམ་པར་ཤེས་པ་གཞན་དང་འབྲེལ་པ་ཅན་གྱིས་བདེ་བ་ལ་སོགས་པ་དང་བདག་ཉིད་གཅིག་ལ་འདུ་བ་དང་ལྡན་པ་མ་ཡིན་ན། གང་གིས་ན་དོན་གཅིག་ལ་འདུ་བ་དང་ལྡན་པ་དེས་བདེ་བ་ལ་སོགས་པ་དམིགས་པར་འགྱུར། གང་གི་ཕྱིར་བདེ་

བ་ལ་སོགས་པའི་མྱོང་བ་པོ་བཞིན་དུ་འདིས་ཀྱང་མྱོང་བར་འགྱུར་རོ། །སོགས་པ་སྨོས་པས་ནི་དབང་ཕྱུག་དགའ་བ་དང་མི་དགའ་བ་ལ་སོགས་པ་གཟུང་ངོ་། །གལ་ཏེ་དེ་ལྟ་མ་ཡིན་ན་ཡང་མ་མཐོང་བ་ལ་སོགས་པ་ལས་ངེས་པར་འདོད་པ་དེའི་ཚེ། མ་མཐོང་བ་ལ་སོགས་པ་སྒྲིབ་པར་

བྱེད་པ་ཡོད་པའི་ཕྱིར་རོ། །གཞན་གྱི་རྣམ་ཀུན་མི་འཛིན་ཅིང་། །སྐྱེས་བུ་དང་འབྲེལ་པ་ཅན་གྱི་བདེ་བ་ལ་སོགས་པ་གཞན་རྣམ་པ་ཐམས་ཅད་དུ་རྣམ་པ་འགའ་ཞིག་ཀྱང་མི་འཛིན་པ་ཉིད་དུ་འགྱུར་རོ། །བདེ་བ་ལ་སོགས་པའི་ངོ་བོ་མཚུངས་པ་ལ་འཛིན་པར་བྱེད་པ་ཉིད་ཀྱི་ཤེས་པ་ཁྱད་པར་

མེད་པ་ཡིན་ན། གང་གིས་དེ་དག་ལ་སྐྱེས་བུ་གཅིག་ནི་བདེ་བ་ལ་སོགས་པ་མྱོང་བ་ཡིན་ལ་གཞན་གྱིས་ནི་མ་ཡིན། མ་མཐོང་བས་བདེ་བ་ལ་སོགས་པ་མི་འཛིན་པ་དེ་ལྟར་ན་ཡང་བློ་དེ་ལྟར་སྣང་བ་དེ་གསལ་བར་འགྱུར་བ་དེ་ལྟར་ན་མངོན་སུམ་ཉིད་དང་བདག་ཉིད་མྱོང་བ་ནི་བཟློག་ཏུ་མེད་པ་ཉིད་ཡིན་

ནོ། །བདེ་བ་ལ་སོགས་པ་འཛིན་པར་མཚུངས་པ་ཡིན་ན། སྐྱེས་བུ་གཉིས་པོ་དེ་དག་གི། །མྱོང་བའི་ཐ་དད་དག་ཀྱང་གསལ། །གང་གི་ཚེ་འཛིན་པ་མེད་པ་དེའི་ཚེ་འདོད་པ་ཉིད་ཡིན་པ་དེ་ལྟར་ན་ལན་ཉིད་མ་ཡིན་ནོ། །དེ་དེ་ལྟར་ན་རེ་ཞིག་རྒྱལ་དཔོག་པ་ལ་དེ་སྐད་དུ་བརྗོད་ནས། གང་དག་ཆོས་

འདི་ང་དང་གཞན་དག་གི་རྣལ་འབྱོར་ཡོད་པ་ཡིན་ནོ། །རྣལ་འབྱོར་པ་དེ་དག་གི་མངོན་སུམ་གྱིས། སེམས་ཅན་གྱི་བདེ་བ་ལ་སོགས་པ་མྱོང་ན་ཤེས་པ་ཡིན་པར་འདོད་ན་དེ་དག་གི་རྣལ་འབྱོར་པ་དེ་དག་གང་གིས་ཀྱང་སྡུག་བསྔལ་ལ་སོགས་པ་ལ་དམིགས་པར་འགྱུར་ཞིང་སྐྱེས་བུ་དེ་དང་དེ་བཞིན་དུ་

Vol. 175 · folio 250a

སྡུག་བསྔལ་ལ་སོགས་པ་དང་ལྡན་པའི་སྐྱེས་བུ་དེ་དང་ལྷན་ཅིག །ཉམས་སུ་མྱོང་བ་མཚུངས་འགྱུར་པས། །དེ་ཕྱིར་དེ་བཞིན་གདུང་བར་འགྱུར། །སྡུག་བསྔལ་ལ་སོགས་པས་གཟིར་བར་འགྱུར་རོ། །མངོན་སུམ་གྱིས་སྡུག་བསྔལ་ལ་སོགས་པ་རིག་པ་ཙམ་གྱི་སྡུག་བསྔལ་

ལ་སོགས་པ་ཉམས་སུ་མྱོང་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དབང་པོ་ལ་སོགས་པ་ཡུལ་འདུས་པ་འདོད་པ་དང་མི་འདོད་པ་གང་ཡིན་པ་དེའི་དེས་ཉམས་སུ་མྱོང་བར་འགྱུར་བ་ཡིན་ནོ། །ཡུལ་དང་དབང་པོ་འདུས་པ་དེ་ཡང་རྣལ་འབྱོར་པ་ལ་ཡོད་པ་མ་ཡིན་པ་དེ་བས་ན། གལ་ཏེ་ཡུལ་དབང་

འདུས་མེད་ཕྱིར། །རྣལ་འབྱོར་པ་དེ་དག་ནི་སྡུག་བསྔལ་དང་དེ་ལས་བྱུང་ཅན་ཏེ། ཡུལ་དང་དབང་པོ་ཕྲད་པ་ལས་སྐྱེ་བ་འབྱུང་སྐྱེ་མིན་ཞེས་དེ་ཅི་རང་གིས་ཁས་བླངས་པ་ཉིད་དུ་བརྗོད་དམ་དེ་ལྟར་ན། སྡུག་བསྔལ་ཀུན་ནས་འབྱུང་བ་དག །སྡུག་བསྔལ་མྱོང་བ་མིན་ཁྱེད་ཅག་སྡུག་བསྔལ་

རང་ཉིད་གསལ་བ་དེའི་བདག་ཉིད་དུ་སྐྱེས་པ་སྡུག་བསྔལ་ཉམས་སུ་མྱོང་བར་མི་འདོད་ན། གང་གི་ཚེ་སྡུག་བསྔལ་དུ་སྐྱེས་པ་ཉིད་སྡུག་བསྔལ་ཉམས་སུ་མྱོང་བ་མ་ཡིན་གྱི། འོན་ཀྱང་ནི། སྡུག་བསྔལ་ཤེས་པ་འབྱུང་བ་ཡིན། །སྡུག་བསྔལ་གྱི་ཡུལ་ཅན་གྱི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་

རྣལ་འབྱོར་པ་ལ་ཡང་ཡོད་པ་དེ་ལྟར་ན། སྡུག་བསྔལ་མྱོང་བ་པོ་དང་འདྲ་བ་དེ་དག་ཀྱང་མྱོང་བར་འགྱུར་རོ། །གལ་ཏེ་ཁྱོད་ཅག་གི་ཇི་ལྟར་ཞེ་ན། ཁོ་བོ་ཅག་གི་ནི་སྡུག་བསྔལ་ལ་སོགས་པ་དེ་རྣལ་འབྱོར་པ་དག་གིས་ཉམས་སུ་མྱོང་བ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། སྡུག་བསྔལ་ལ་སོགས་

པ་དེར་སྣང་བ་སྐྱེས་པས་དམིགས་པའི་ཕྱིར་དེའི་མངོན་སུམ་དུ་འགྱུར་བ་ཡིན་གྱི་ཉམས་སུ་མྱོང་བ་ནི་མ་ཡིན་ནོ། །གང་ལས་གདུང་བ་དང་ཕན་འདོགས་པ་ཡིན། སྡུག་བསྔལ་ལ་སོགས་མྱོང་མེད་ན། །གདུང་དང་ཕན་འདོགས་རྒྱུ་མ་ཡིན། །སྡུག་བསྔལ་ལ་སོགས་པ་ཉམས་སུ་མྱོང་བ་

མེད་པར་གདུང་བ་དང་ཕན་འདོགས་པའི་རྒྱུ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། སྡུག་བསྔལ་གྱི་བདག་ཉིད་དུ་སྐྱེས་པས་ན་སྡུག་བསྔལ་གྱིས་གཟིར་བ་ཡིན་ནོ། །དེ་དེ་ལྟར་ན། གང་ཚེ་བདག་ཉིད་སྡུག་བསྔལ་ནི། །རྒྱུད་ལ་ལར་བདག་ཉིད་སྡུག་བསྔལ་དུ་འབྱུང་བ། རང་ངོ་བོར་སྣང་གདུང་བ་

Vol. 175 · folio 250b

ཡིན་གྱི། དེ་དམིགས་ཤེས་པ་དེ་ལྟར་མིན། སྡུག་བསྔལ་ལ་སོགས་རྒྱུད་གཞན་ནམ། །རང་གི་རྒྱུད་ལས་འབྱུང་བ་གཟུང་བར་གྱུར་པ་ཡིན་གྱི་རྣམ་པར་ཤེས་པས་དམིགས་ཤིང་འཛིན་པ་གདུང་བ་མ་ཡིན་ནོ། །དེའི་ཚེ་ཁོ་བོ་ཅག་གིས་གཞན་ལ་བསྟན་པ་གང་ཡིན་པ་སྐྱེས་བུ་གཞན་སྡུག་

བསྔལ་ལ་དམིགས་པར་བྱེད་པ་ཡང་སྡུག་བསྔལ་བར་འགྱུར་རོ་ཞེས་བྱ་བ་གང་ཡིན་པ་དེ་ཐལ་བར་འགྱུར་བ་མེད་དོ། །གང་གི་ཕྱིར་དེ་ལྟར་ན་དམིགས་ཙམ་ལས་ཉམས་སུ་མྱོང་བ་མ་ཡིན་པའི་རྒྱུ། དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །དམིགས་པའི་དོན་ཡང་

གཞན་ཡིན་ལ་མྱོང་བའི་དོན་ཡང་གཞན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཞེ་ན། དོན་དང་འདྲ་བ་དམིགས་པ་སྟེ། །དམིགས་པར་བྱེད་པས་ན་དམིགས་པ་སྟེ་དོན་ལས་དེ་དང་འདྲ་བར་འབྱུང་བ་ནི་དམིགས་པའི་དོན་ཡིན་ནོ། །བདག་ཉིད་རིག་སྟེ་བདག་ནི་རང་བཞིན་གྱི་བྱེ་བྲག་འབའ་ཞིག་གོ། །རང་ཉིད་

ནི་ཆོས་གཞན་གྱི་ཁྱད་པར་དང་བྲལ་བར་རིག་ཅིང་ཉམས་སུ་མྱོང་བའོ། །ཅི་འདྲ་བ་ཞིག་ཅེ་ན། གསལ་བ་སྟེ་རབ་ཏུ་གསལ་བའི་ངོ་བོ་རྟོགས་པའི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །རང་རིག་པའི་ངོ་བོར་བདག་ཉིད་སྐྱེས་ཤིང་མྱོང་བ་སྟེ། དཔེར་ན་གསལ་བ་གསལ་བའི་བདག་ཉིད་དུ་

སྐྱེས་པ་ཉིད་གསལ་བ་ཉིད་ཡིན་པ་ལྟ་བུའོ། །དེ་བཞིན་དུ་སྡུག་བསྔལ་ལ་སོགས་པ་སྐྱེས་པ་ཉིད་མྱོང་བ་ཡིན་པ་དེ་ལྟར་ན་མྱོང་བ་ཞེས་བྱ་བ་གཞན་མ་ཡིན་ནོ། །གཞན་ཡང་མངོན་སུམ་མེད་པ་ནི། །བློ་ནི་རྟགས་ལས་རྟོགས་པར་འགྱུར། །འོན་ཏེ་བློ་མངོན་སུམ་མ་ཡིན་ན་རྟགས་ལས་རྟོགས་པ་

འབྱུང་བར་འགྱུར་རོ། །རྟགས་དེ་ཡང་དབང་པོའམ་འོན་ཏེ་གཟུགས་ལ་སོགས་པའམ། རང་བློ་ཉིད་དམ། ཡིད་བྱེད་སྔ་མ་སྔར་གྱི་ནུས་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པའི་ཡིད་ལ་བྱེད་པ་རྟགས་སུ་འགྱུར། གྲངས་ཡོངས་སུ་ཆད་པ་འདི་ཙམ་ཉིད་ཡིན་ན། ཅིའི་ཕྱིར་བདག་དང་ཡིད་ལ་

སོགས་པ་མ་ཡིན། འདི་ལྟར་འདིའི་རྒྱུ་འབྲས་ཚོགས་པ་ལ་འབྲེལ་པ་ཅན་གཞན་ཡོད་མིན་རེ་ཞིག་བློའི་རྒྱུ་ནུས་པའམ། མཐོང་བ་ཅན་ནི་དབང་པོ་དང་དོན་དང་ཡིད་ལ་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་དེ་ལས་གཞན་པའི་སྣང་བ་ལ་སོགས་པའི་ནུས་པ་ཡོད་ན་ཡང་མིག་གམ་གཟུགས་གང་ཡང་

Vol. 175 · folio 251a

རུང་བ་མེད་པ་ལས་རྣམ་པར་ཤེས་པ་མེད་པ་མཐོང་ངོ་། །དེ་བཞིན་དུ་རྣ་བ་ལ་སོགས་པའི་བློ་ལ་ཡང་བདག་ཉིད་ཇི་ལྟ་བ་བཞིན་དུ་དབང་པོ་དང་ཡུལ་དག་ནི་རང་རིག་འབྲས་བུ་ལྡོག་པ་རྒྱུ་ནུས་པ་མཐོང་བ་ཅན་ཡིན་ནོ། །མིག་ལ་སོགས་པ་ཡོད་ན་ཡང་རྣམ་པར་ཤེས་པ་སྔ་མ་ཡུལ་

གཞན་ལ་རྣམ་པར་གཡེང་བ་དང་ཐོགས་པ་དང་གཉིད་ལོག་པ་དང་སྨྱོ་བ་དང་བརྒྱལ་བ་ལ་སོགས་པའི་གནས་སྐབས་དག་ཏུ་ཕྱི་མ་མི་སྐྱེ་བ་དང་འཁྲུལ་པ་ལ་སོགས་པ་མཐོང་བའི་ཕྱིར་རྣམ་པར་ཤེས་པ་སྔ་མ་ནུས་པ་མཐོང་བ་ཅན་ཡིན་ནོ། །མིག་ལ་སོགས་པ་འབྲས་བུའི་ཚོགས་པ། དེ་ནི་འདི་མ་ཡིན་གྱི།

རྒྱུ་དང་འབྲས་བུའི་དངོས་པོར་འབྲེལ་པ་ཅན་བདག་ཡིད་ཕྲད་པ་ལ་སོགས་པ་ཡོད་པ་མ་ཡིན་ནོ་ཞེས་བརྗོད་དོ། །དེ་གང་ལས་ཤེ་ན། ནུས་པ་མཐོང་བ་མེད་ཕྱིར་རོ། །གལ་ཏེ་ཇི་སྐད་དུ་བཤད་པའི་རྒྱུ་ཐག་ཉེ་བ་ན་ཡོད་པ་ན་ཡང་བློ་ཡང་འབྱུང་བར་མི་འགྱུར་བ་དེའི་ཚེ་གཞན་ཡང་ནུས་པ་ཅན་དུ་འགྱུར་རོ། །

དེ་ལྟ་མ་ཡིན་ན་ནུས་པ་མཐོང་བ་མེད་པ་ཅན་ཡང་དེའི་རྒྱུ་ཉིད་ཡིན་པར་འདོད་ན་རྒྱུ་རྣམས་ཐུག་པ་མེད་པར་འགྱུར་རོ། །ཇི་སྐད་དུ་བཤད་པའི་རྟགས་དེ་དག་གི་ནང་ནས་རེ་ཞིག་དེ་ལ་དབང་པོ་མིན། བློའི་རྟགས་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཁྲུལ་ཕྱིར། གང་གི་ཚེ་དབང་པོ་ཡོད་པ་དེའི་ཚེ་བློ་མ་ཡིན་ཏེ་

གཉིད་ལོག་པ་དང་། བརྒྱལ་བ་དང་རྣམ་པར་གཡེང་བ་ལ་སོགས་པའི་གནས་སྐབས་ནས་བློ་མེད་པའི་ཕྱིར་རོ། །དེའི་བྱེ་བྲག་སྒྲིབ་གཡོགས་མེད་པ་ལ་སོགས་པ་ཡང་མ་ཡིན་ཏེ། ཤེས་པར་མི་ནུས་པ་ཅན་ཉིད་ཀྱིས་འདི་ཡང་རྟགས་ཉིད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡུལ་ལ་འཇུག་པ་ན་ཡང་དབང་

པོའི་བྱེ་བྲག་མ་བསྒྲིབས་པ་ལ་སོགས་པ་རྟོགས་པར་འགྱུར་རོ་ཞེ་ན། དེ་ལ་བློ་ལ་སོགས་པ་གཞན་པ་དེ་གང་ཡིན། དེ་ཡང་མ་གྲུབ་པ་དེ་ལྟར་ན་དབང་པོ་རྟགས་མ་ཡིན་ནོ། །དེ་བཞིན་དོན་རྟགས་མ་ཡིན་ཏེ། །འཁྲུལ་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་གང་གང་ལ་དོན་ཡོད་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་

ན་དོན་ཡོད་པ་ཙམ་གྱིས་བློ་འབྱུང་བར་འགྱུར་བ་ན་ནི་དོན་ཐམས་ཅད་ཡོད་པ་ཉིད་ན། སྐྱེས་བུ་ཐམས་ཅད་ལ་ཉེ་བ་དང་བསྐལ་པ་དག་མི་རུང་བའི་ཕྱིར་བློ་ཐམས་ཅད་རྗེས་སུ་དཔག་པར་འགྱུར་རོ། །བློ་ཡིད་བྱེད་དག་ཀྱང་རང་ཉིད་ཤེས་པ་ཡིན། ཤེས་པའི་ངོ་བོ་ཉིད་ཡིན་པ་དེས་ཀྱང་འདི་ཉིད་ཀྱི་རྒྱུ་ཚོལ་

Vol. 175 · folio 251b

བར་བྱེད་པ་ནི་མི་རྙེད་པ་དེ་ལྟར་ན་དེ་ཡང་འགྲུབ་མི་འགྱུར་ཤེས་པ་ལ་རྟགས་ཉིད་མེད། དེ་ལྟར་ན་རྟགས་ཐམས་ཅད་ནི་རང་གི་བདག་ཉིད་ལ་ཤེས་པ་ལ་ལྟོས་ནས་རྟགས་རྟོགས་པའི་རྒྱུར་འགྱུར་བ་ཡིན་ན་བློ་དང་ཡིད་ལ་བྱེད་པ་དེ་དག་ལ་ཡོད་པ་མ་ཡིན་པ་དེ་ལྟར་ན་དེ་དག་གི་རྟགས་ཉིད་མ་ཡིན་ནོ། །དེ་

ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་དོན་གསལ་ཡིན་པར་འདོད་ན། དོན་ནི་རྟགས་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དོན་གྱིས་གསལ་བ་ཡིན་ཞེ་ན། དེ་ལ་དོན་གྱིས་གསལ་བ་འདི་གང་ཡིན། གལ་ཏེ་ཡུལ་དམིགས་པ་ཡིན་པ་དེའི་ཚེ། གསལ་བ་དེ་ཤེས་པ་མ་ཡིན་ནམ། དེ་དང་དེ་གལ་ཏེ་གྲུབ་པར་

འགྱུར་ན། བློ་གཞན་གང་མ་གྲུབ་པ་ཡིན་པར་གྱུར་ན་དོན་གང་ལ་རྟགས་ཡིན་པར་འདོད། གང་ཚེ་དེ་ནི་ཅིར་ཡང་མི་རུང་ངོ་། །དོན་ནི་དོན་གསལ་བ་གསལ་བ་སྟེ། །དོན་གསལ་བ་རྟགས་ཡིན་གྱི་དོན་ཙམ་ནི་མ་ཡིན་ནོ་ཞེས་རྟོག་པ་གང་ཡིན་པ་དེ་ཡང་དོན་གསལ་བ་བཀག་པར་རིག་པར་བྱའོ། །དེ་ལྟར་

ན་གལ་ཏེ་གསལ་བའི་ཁྱད་པར་དུ་བྱས་པའི་དོན་ཡང་མ་གྲུབ་པ་ཡིན་པ་དེ་ལྟར་ན་བློ་ཁྱད་པར་ཅན་གྱི་དོན་གང་ལས་བློ་གྲུབ་པ་ཡིན། དེའི་ཕྱིར་དོན་གསལ་བ་ཉམས་མྱོང་མ་ཡིན་ལ། མངོན་སུམ་མ་ཡིན་པ། དེ་གསལ་ངེས་པ་མེད་ཕྱིར་རོ། །གསལ་བ་དེ་དོན་གྱི་གསལ་བ་ཉིད་ཡིན་པ་ངེས་པ་མེད་

པར་དེ་ལྟར་ན་གསལ་བ་གསལ་ཞེས་བྱ་བ་དོན་ལ་གསལ་བ་མ་ཡིན་པ་གང་གི་རྟགས་སུ་འགྱུར། ཅི་སྟེ་དོན་གྱི་གསལ་བ་བློའམ་དོན་རྟོགས་པས་གསལ་བར་མི་འདོད་ན་གང་གིས་ན་བློ་མ་གྲུབ་པའི་སྐྱོན་འདིར་འགྱུར། འོ་ན་ཅི་ཡིན་ཞེ་ན། དོན་གྱི་བྱེ་བྲག་འགའ་དེ་ཉིད། །བདག་ཉིད་དུ་གྱུར་

པའི་གསལ་བ་འདོད་ན་ནི། དེ་དང་དེ་ཡང་རུང་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར། སྐྱེ་བ་དང་ནི་འཇིག་མེད་པའི། །དོན་ལ་བྱེ་བྲག་ཅུང་ཟད་མེད། །ཕྱི་རོལ་གྱི་དོན་བརྟན་པ་ཉིད་ཡིན་ལ་སྐྱེ་བ་དང་འཇིག་པ་མེད་པ་ཡིན་པ་དེ་ལྟར་ན་འཕོ་བ་མེད་པ་དང་། སྐྱེ་བ་མེད་པའི་ཁྱད་པར་ཅན་འདིའི་དེ་འདྲ་

བའི་ཁྱད་པར་གང་ལ་ཡོད་པ་ཡིན། ཤེས་པ་འགའ་ཞིག་གིས་གཟུང་བར་བྱ་བ་གང་ཡིན་པའི་གསལ་བ་རྣམ་པར་གཞག་པ་ཡིན། དེ་འདོད་ནའང་། ཅི་སྟེ་དོན་དེ་སྐྱེ་བ་དང་འཇིག་པར་འདོད་པ་དེའི་ཚེ་ཤེས་པ་སོ་སོ་བ་ལ་དོན་སྐད་ཅིག་འཇིག་པར་ཐལ་བར་འགྱུར། རྣམ་པར་ཤེས་པ་ནི་སྐད་ཅིག་མ་

Vol. 175 · folio 252a

ཉིད་ཡིན་པའི་ཕྱིར་ཤེས་པ་རེ་རེ་སྐྱེ་བ་ལ་དེའི་རྒྱུར་གྱུར་པའི་དོན་ཡང་འཇིག་པ་ཐོབ་པར་རྒྱུར་འགྲུབ་པའི་ཕྱིར་རོ། །དེའི་ཕུལ་དུ་བྱུང་བ་བསྐྱེད་པ་ལས་རྒྱུའི་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་གསལ་བའི་བྱེ་བྲག་བློའི་རྟགས་ཉིད་དུ་འདོད་པ་དེ་ཡང་ཤེས་པ་རྟགས་སུ་འགྱུར་

རམ། ཤེས་མིན་རྟགས་སུ་འགྱུར་ཞེས་རྣམ་པར་རྟོག་པ་གཉིས་སུ་འགྱུར་གྲང་ན། གལ་ཏེ་དོན་གྱི་བྱེ་བྲག་ཤེས་པ་རྟགས་ཡིན་པ་དེའི་ཚེ་དེའི་ཡུལ་ཅན་གྱི་ཤེས་པ་ཡོངས་སུ་བཅད་མེད་པར། དོན་གྱི་བྱེ་བྲག་དེ་ཤེས་ཞེས་བྱ་བ་དེ་གང་ལས། དེ་ཤེས་པ་ཤེས་པ་དེ་མེད་ན་འདི་པ་ཉིད་ཡོད་པ་མ་ཡིན་

ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་ཡུལ་དམིགས་པ་ལ་དམིགས་པར་བྱེད་པ་ན་འགའ་ཞིག་དོན་ལ་དམིགས་པར་འགྱུར་རོ། །དེ་དང་དེ་ཡང་དམིགས་པ་མངོན་སུམ་ཉིད་མ་ཡིན་ན། ཡོད་པ་མ་ཡིན་པ་ན་དོན་ཤེས་པ་རྟགས་མ་ཡིན་ནོ། །གལ་ཏེ་ཡང་དེའི་ཤེས་པ་མ་གྲུབ་པའི་ཕྱིར་དོན་ཤེས་

པ་འདི་ཡིན་ནོ་ཞེས་ངེས་པར་མི་འགྱུར་བ་དེ་ལྟར་ན། ཡང་དེ་ལ་དེ་ཤེས་པ་ཉིད་དོན་དམ་པར་ཡོད་པ་ཡིན་པས་ན་རྟགས་སུ་འགྱུར་རོ་སྙམ་པའི་རྟོག་པར་ཡང་མི་འགྱུར་རོ། །དེ་ལྟར་ན་དོན་དམ་པར་དེ་ཉིད་ཤེས་པ་ཉིད་ཤེས་པ་ལ་མ་གྲུབ་པ་ན་གྲུབ་པར་མི་འགྱུར་ཞིང་རྟགས་ལ་གོ་བར་བྱེད་པའི་ངོ་བོ་ཉིད་

ཡོད་པ་ཡིན་ནོ་ཞེས་བྱ་བས་དེ་གོ་བར་བྱེད་པར་ཡང་མི་འགྱུར་རོ། །འོན་ཀྱང་དེ་ལྟར་ངེས་པ་ལ་ཤེས་པའི་བྱེ་བྲག་ཅན་གྱི་དོན་དེ་གོ་བར་བྱེད་པ་ཡིན་ཏེ། ཤེས་པ་རྟགས་ཡིན་པའི་ཕྱིར་རོ། །དེ་བས་ན་ཤེས་པ་ཉིད་ཡོངས་སུ་བཅད་པ་མེད་པར་ཡང་། དེ་ནི་གོ་བྱེད་ཇི་ལྟར་ཡིན། ཅི་སྟེ་ཤེས་པ་མ་ཡིན་པ་

རྟགས་ཡིན་པ་དེ་ལྟར་ན་ཡང་དོན་གང་དག་མ་མཐོང་བ་དེ་དག་ཡིན། དོན་དེ་དག་ནི་མ་མཐོང་བ་མཐོང་བ་ཅན་ནོ། །ལྟ་བ་པོར་མཐོང་བར་འདོད་པ་ལས་གཞན་གྱིས་ནི་སྐྱེས་བུ་འགའ་ཞིག་གིས། མཐོང་བ་ལ་ལར་མཐོང་བ་དེ་དག་མ་མཐོང་བ་ཉིད་ཡིན་ནོ། །དེ་ལྟ་བུའི་རྣམ་པ་ཅན་མཐོང་བར་

ཁས་ལེན་ན་ཐམས་ཅད་ཀྱིས་ཐམས་ཅད་ལ་དོན་ཐམས་ཅད་མཐོང་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དེ་མི་ཤེས་པའི་བྱེ་བྲག་དེ་སྐྱེས་བུ་གཞན་མཐོང་བ་ལ་ཡང་གཞན་གྱི་ཡོད་དེ་མ་ཤེས་པ་ཉིད་ཡིན་ན། སྐྱེས་བུ་གཅིག་ལ་ཡོད་པར་ངེས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རང་བློ་

Vol. 175 · folio 252b

རྟོགས་འགྱུར། དོན་དེ་མ་མཐོང་བ་ཡིན་ནོ་ཞེས་འདོད་པ་དེའི་ཡང་རང་ཉིད་བློ་རྗེས་སུ་དཔག་པར་འགྱུར་ན་རིགས་པ་མ་ཡིན་ནོ། །དོན་ཆོས་ཡན་གར་དེ་ལས་ནི། འོ་ན་ཅི་འདྲ་བ་ཞིག་ཅེ་ན། རང་གི་ཆོས་ལ་ལྟོས་མེད་ཅན། སྐྱེས་བུ་རྗེས་སུ་དཔོག་པའི་བདག་ཉིད་དུ་གྱུར་པའི་ཤེས་པ་ཞེས་བྱ་བའི་ཆོས་

ལ་ལྟོས་པ་མེད་པ་ལས། བློ་ནི་རྗེས་དཔོག་མ་ཡིན་ནོ། །སྲིད་པ་མ་ཡིན་ནོ། །ཅི་སྟེ་ཡང་དོན་གྱི་ཆོས་ལས་ནི་མི་འགྱུར་མོད་ཀྱི་རང་ཉིད་ལ་བརྟེན་པའི་ཆོས་འབའ་ཞིག་གང་ཡིན་པ་དེ་ནི་རྟགས་ཡིན་ནོ། །དེ་ལས་བློའི་རྟོགས་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་དེ་ཡང་རིགས་པ་མ་ཡིན་ནོ། །དེ་ལྟར་ན་

ཆོས་དེ་ནི་མངོན་སུམ་ཡིན་ན་རྟགས་སུ་འགྱུར་བར་རིགས་པ་ཡིན་གྱི་སྐྱེས་བུའི་ཆོས་འབའ་ཞིག་མངོན་སུམ་གྱིས་དམིགས་པ་མ་ཡིན་ན། གང་གིས་རང་གི་བློའི་རྗེས་སུ་དཔོག་པར་འགྱུར། གཞན་ཡང་རང་བློ་ལས་སྐྱེས་བུ་གཞན་དང་ཆོས་རང་གི་ཡུལ་ཞིག་ཡོད་ན་གང་ཡིན་མངོན་སུམ་བློ་རྒྱུ་སྟེ་རྟགས་

ཡིན་པར་འགྱུར། གཞན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་སྐྱེས་བུ་རང་གི་ཆོས་ཀྱང་རྟགས་ཉིད་དུ་བརྟགས་པ་གང་ཡིན་པ་དེའི་བློ་སྐྱེད་པར་བྱེད་པའི་ཚོགས་པ་དེ་ཉིད་ལས་སྐྱེ་བ་ཡིན་ནམ། འོན་ཏེ་གཞན་ལས་ཡིན། རྣམ་པར་རྟོག་པ་དང་པོ་ལ་བློ་དང་། རྒྱུ་མཚུངས་པ་ལས་

སྐྱེས་པ་ཅན། བློ་ལ་ཆོས་དེའི་ཐ་དད་གང་ལས་ཡིན་ཏེ་ཐ་དད་པ་ཉིད་མེད་དོ། །དེ་ལྟར་ན་རྒྱུའི་རང་བཞིན་གྱི་བྱ་བའི་འབྲས་བུའི་རང་བཞིན་དུ་རྣམ་པར་ངེས་པ་ཡིན་གྱི། དེ་ལྟ་མ་ཡིན་ན་ཡུལ་ལ་སོགས་པ་ངེས་པར་མི་འགྱུར་རོ། །འདི་ལྟར་དེ་འདྲ་བ་ལས་སྐྱེས་པ་དེ་ནི་དེ་དང་འདྲ་བ་ཡིན་ནོ་ཞེས་བཤད་

པའི་ངོ་བོ་ཡིན་ན། བློ་བཞིན་དུ་དེ་ཡང་མ་གྲུབ་པ་ཉིད་ཡིན་པས་ན་རྟགས་ཉིད་མ་ཡིན་ནོ། །གཞན་སྐྱེས་དེ་ཡང་འཁྲུལ་པ་ཅན། ཅི་སྟེ་བློའི། རྒྱུའི་ཚོགས་པ་ལས་ཐ་དད་པའི་རྒྱུ་གཞན་ལས་དེ་སྐྱེ་བར་འདོད་པ་དེའི་ཚེ་འབྲེལ་པ་མེད་པའི་ཕྱིར་འཁྲུལ་པ་ཅན་དུ་འགྱུར་རོ། །གཞན་ཡང་དོན་གཞན་དུ་

གྱུར་པའི་བློ་གཞན་དུ་གྱུར་པའི་རྟགས་ལས་རྗེས་སུ་དཔོག་པ་ན། དེའི་རྟགས་ནི་འབྲས་བུའི་སྒོ་ནས་འགྱུར་བ་ཡིན་ནོ། །དེ་ལ་བློའི་འབྲས་བུར་འགྱུར་ན་ཡུལ་ལ་སོགས་པར་འགྱུར་རོ། །དེ་ལྟར་ན། གཟུགས་སོགས་ཡུལ་ནི་ལྔ་པོ་དང་། །གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་མིང་

Vol. 175 · folio 253a

ཅན་མ་གཏོགས་པ་དང་། མིག་ལ་སོགས་པའི་དབང་པོ་དག་དང་དམིགས་པ་དག་སྟེ་བློ་མ་གཏོགས་པ་དེའི་འབྲས་བུ་གཞན་ཉེ་བར་མཚོན་པ་མ་ཡིན་ནོ། །དེ་ལྟར་ན་འབྲས་བུ་དེ་ཙམ་ཡོད་པར་འགྱུར་རོ། །དེ་ལ་འབྲས་བུ་ཉིད་དུ་བརྟག་པར་བྱ་བ་དེ་དག་གི་ནང་ནས་གཉིས་ནི་དབང་

པོ་འདས། དབང་པོ་དང་དམིགས་པའོ། །རེ་ཞིག་དེ་རྟགས་མ་ཡིན་ཞིང་བློ་མ་གྲུབ་ན། བློ་འབྲས་བུ་གྲུབ་པར་མི་འགྱུར་ཏེ། འབྲས་བུ་ལྡོག་པ་ཉིད་ལས་དབང་པོ་གྲུབ་པའི་ཕྱིར་རོ། །བློ་མ་གྲུབ་ན་དེ་མི་གྲུབ། །དེ་ལྟར་ན་དེའི་རྟགས་མ་ཡིན་ཞིང་བློ་ཡང་མ་ཡིན་ནོ། །འབྲས་བུ་ཡང་གང་འགའ་ཞིག་

ལྡོག་པ་ཙམ་ལས་དབང་པོ་གྲུབ་པ་བཞིན་དུ་སྤྱི་བློའི་རྒྱུ་ཉིད་ཡིན་པར་ཤེས་པར་མི་བྱའོ། །འོན་ཀྱང་བློའི་ངོ་བོ་ཉིད་ཀྱིས་བློ་འདིའི་འབྲས་བུ་འདི་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ན་བློའི་ངོ་བོ་ཉིད་དུ་མི་འགྱུར་རོ། །འོན་ཀྱང་རྒྱུ་ཅུང་ཞིག་ཀྱང་ཡོད་ཅེས་བྱ་བར་འགྲུབ་པར་འགྱུར་གྱི་བློ་གྲུབ་པ་ནི་

མ་ཡིན་ནོ། །བློའམ་དབང་པོ་དེ་དང་དེ་མངོན་སུམ་ཉིད་དུ་ཡོད་པ་མ་ཡིན་པ་དེ་ལྟར་ན་དབང་པོའམ་བློ་གང་ལས་རྗེས་སུ་དཔོག་པ་ཡིན། གཟུགས་ལ་སོགས་པས་རྟགས་སུ་འགྱུར་རོ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར། གཟུགས་ལ་སོགས་པ་ཡི། །དོན་ལྔ་དག་ལ་གཟུགས་མཐོང་

སྐྱེས། །གང་ཡིན་གཅིག་ཀྱང་མཐོང་བ་མེད། །བློ་ལས་སྐྱེས་གང་ཡིན་པའོ། །ཅི་འདྲ་བ་ཞིག་ཅེ་ན། རྣམ་གཞན་གསལ་བ་སྲིད་པ་ཅི། །རྣམ་པ་གཞན་དུ་གསལ་ཞིང་སྤངས་པ་གང་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །བློ་མེད་པར་གང་ཞིག་ཡོད་པ་མ་ཡིན་ཏེ་འཁྲུལ་པ་མེད་པ་ཅན་ཞེས་

བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ། བཤད་མ་ཐག་པའི་ཚུལ་གྱིས་ཤེས་མེད་ངེས་པ་མེད་པ་གང་ཡིན་པ་དེ་རྟགས་ཡིན་པར། ཀུན་དུ་བརྟགས་པ་འཇིག་རྟེན་འདས། །ཐ་སྙད་འདི་འཇིག་རྟེན་ལས་ཤིན་ཏུ་འདས་པ་ཡིན་ནོ། །དེ་དེ་ལྟར་ན་སྣ་ཚོགས་པ་ཐ་དད་པ་སྐྱེ་བ་ཅན་ཡང་རྒྱུ་དང་འབྲས་བུའི་དངོས་

པོ་ཡོད་པ་ཡིན་ན་རྟགས་ཡིན་ནོ། །དེ་འབྲས་བུ་ཉིད་མ་གྲུབ་པ་དེ་ལྟར་ན་བློའི་རྟགས་ཉིད་ཡིན་པ་མ་ཡིན་ཏེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །ཁས་བླངས་ནས་བརྗོད་པར་བྱ་སྟེ། རྟགས་ཡོད་པ་དག་ཡིན་ན་ཡང་། །རྟགས་དེ་དང་ལྷན་ཅིག་བློ་དེ་མཐོང་མེད་ན་ཇི་ལྟར་རྟགས་ཡིན། རྟགས་ཀྱི་རྗེས་

Vol. 175 · folio 253b

སུ་འགྲོ་བ་མཐོང་བ་མེད་པར་ལྡོག་པ་ཙམ་གྱིས་གོ་བར་བྱེད་པ་མ་ཡིན་པ་ཉིད་ཀྱི་ཕྱིར་ཤེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྗེས་སུ་འགྲོ་བ་མེད་པར་ཡང་དག་པར་ཡང་གསལ་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བདག་ལ་བློ་འགྲུབ་པར་འགྱུར་བ་དེའི་སྔོན་དུ་སོང་བ་ཅན་གྱི་ལས་ཀྱི་གཡོ་འགུལ་

ལ་སོགས་པ་མཐོང་བ་ལས་དེ་ལས་གཞན་ལ་བློ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །འདི་ལྟར་རང་གི་བློ་མངོན་སུམ་ཉིད་མ་ཡིན་ན་རྗེས་སུ་དཔག་པ་དེ་ཡོད་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །དེ་ཡང་ལྡོག་པ་ཅན་སྤྱོད་པའི་སྐབས་སུ་སྟོན་པར་འགྱུར་རོ། །ཅིའི་ཕྱིར་རྟགས་ཡོད་ན་

ཡང་རྟོག་པ་མེད་པ་ཡིན་ཞེ་ན། རྟགས་དག་ནི་ཞེས་བྱ་བ་སྨོས་ཏེ། མ་མཐོང་བ་ལ་གསལ་བྱེད་མིན། །གང་དང་ལྷན་ཅིག་འདིའི་འབྲེལ་པར་བཟུང་བ་མེད་པ་དེ་འབྲེལ་པ་མ་མཐོང་བ་ཅན་དེ་ནི་གསལ་བར་བྱེད་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི་རྟགས་གང་གིས་བདག་ཉིད་ལ་བློ་སྒྲུབ་

པར་འདོད་པའི་རྟགས་དེ་ཉིད་ལས་གཞན་ལ་བློ་གྲུབ་པར་འགྱུར་རོ། །དེ་སྒྲུབ་པས་གཞན་རྗེས་སུ་འགྲོ་བ་ལས་བདག་ཉིད་ལ་རྗེས་སུ་དཔོག་པ་ཡིན་ནོ་ཞེ་ན། དེ་དེ་ལྟར་ན་རྟགས་དེ་ཉིད་ལས་ནི་སྔར་འདི་ནི་རྗེས་སུ་འགྲོ་བ་དག་ལ་རྗེས་སུ་དཔག་པ་ལས་སྔར་འདི་ནི་གྲུབ་པ་ཡིན་པར་ཁས་ལེན་

ན་རྗོད་པར་བྱེད་ནའོ། །རེ་ཞིག་བསྒྲུབ་པར་བྱ་བ་གཞན་ལ་ཡང་དཔེ་ཉིད་དུ་བློ་ཉེ་བར་འགོད་པ་གང་ཡིན་པ་དེ་ཡང་། དཔེ་གཞན་བསྒྲུབ་པར་བྱ་བ་ཉིད་ཡིན་གྱི་དེ་ལྟ་མིན་ན་གལ་ཏེ་དེར་དཔེ་མེད་པར་འགྲུབ་པར་འགྱུར་ན། འདིར་ཡང་དེ་བཞིན་དུ་ཅིའི་ཕྱིར་གྲུབ་པར་མི་འགྱུར། དེ་ལྟར་ན་གཞན་ཡང་

དཔེ་མེད་པ་ཅན་གྲུབ་པ་མ་ཡིན་ནོ། །དེའི་ཕྱིར་དཔེ་གཞན་གྱི་རྗེས་སུ་འགྲོ་ན། དེའང་ཞེས་བྱ་ཐུག་མེད་འགྱུར། །དེས་ན་གཅིག་ལ་ཡང་མ་གྲུབ་པའི་ཕྱིར་ཐམས་ཅད་ལ་རྟོག་པ་མེད་པ་དེ་ལྟར་ན་འགའ་ཞིག་ལ་ཡང་རྗེས་སུ་འགྲོ་བ་གྲུབ་པ་མ་ཡིན་ནོ། །དེ་ལྟར་ན་སྟེ་དེའི་ཕྱིར་རང་ཉིད་གསལ་

བའི་བདག་ཉིད་དུ་སྐྱེ་བར་འགྱུར་བའི་བློ་ལས་དོན་གྲུབ་པར་འགྱུར་གྱི། དོན་ལས་དེ་བློ་ཇི་ལྟར་ཡང་གྲུབ་པ་མིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་མ་གྲུབ་ན་ཡུལ་དམིགས་པ་གྲུབ་པར་མི་འགྱུར་ན། དོན་རང་ཉིད་རབ་ཏུ་གྲུབ་པ་མེད་ཕྱིར་རོ། །དེ་ལྟར་ན་རེ་ཞིག་བདག་ལ་བློ་རྟོགས་པ་མ་

Vol. 175 · folio 254a

ཡིན་ནོ། །བདག་ལ་མངོན་སུམ་བློ་ནི་མཐོང་ནས་ཀྱང་། བདག་ལ་མངོན་སུམ་གྱི་བློ་དེའི་འབྲས་བུར་གྱུར་པ་གཡོ་འགུལ་བརྗོད་ལ་སོགས། གཡོ་འགུལ་དང་རྗོད་པར་བྱེད་པའོ། །སོགས་པ་སྨོས་པས་ནི་གདོང་གི་མདངས་དང་ཁ་དོག་འགྱུར་བ་མཐོང་བ་གང་ཡིན་པ་དེས། གཞན་

སེམས་རྗེས་དཔོག་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བདག་སྟེ་བློ་ལ་འབྲེལ་པ་མཐོང་བ་མེད་པའི་ཕྱིར་རོ། །བདག་ལ་བློ་མངོན་སུམ་དུ་འགྱུར་བ་ཡིན་པ་དེའི་གཡོ་འགུལ་ལ་སོགས་པ་འབྲས་བུ་ཉིད་དུ་འགྱུར་བ་དེའི་ཚེ་འབྲེལ་པ་གཟུང་བ་ཅན་དེ་ལས་གཞན་ལ་བློ་རྗེས་སུ་དཔོག་པར་འགྱུར་ན། འདི་

ལྟར་བདག་ཉིད་ལ་དེའི་རྟོགས་པའི་ཐབས་གཞན་ཡོད་པ་མ་ཡིན་ན། གང་ལས་དེ་དག་དང་ལྷན་ཅིག་འབྲེལ་པ་གཟུང་བ་ཅན་གྱི་གཡོ་འགུལ་ལ་སོགས་པ་ལས་རྗེས་སུ་དཔོག་པར་འགྱུར། ཡིད་ཀྱི་བློ་ཡང་རྗེས་སུ་དཔག་པར་འགྱུར་བ་མ་ཡིན་པ་ཉིད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་རྟོགས་སྒྲུབ་པ་

མེད་ཕྱིར་རོ། །མིག་ལ་སོགས་པའི་བློ་རྣམས་ནི་དོན་དང་ལྡན་པ་ཉིད་ཡིན་པའི་ཕྱིར་རྗེས་སུ་དཔག་པར་འདོད་ན་ཡང་ནང་གི་ཉེ་བར་ལེན་པའི་བག་ཆགས་སད་པ་ཙམ་ལས་བྱུང་བའི་ངང་ཚུལ་ཅན་ཕྱི་རོལ་གྱི་དོན་ལ་ལྟོས་པ་མེད་པའི་ཡིད་ཀྱི་བློ་གང་ཡིན་པ་དེའི་དོན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་

དེ་ལྟར་ན་དོན་ལས་རྗེས་སུ་དཔག་པ་མ་ཡིན་པས་མི་རྟོགས་པ་ཁོ་ནར་འགྱུར་རོ། །རྣམ་པར་རྟོག་པ་ཡིད་ཀྱི་བློ་ནི་འབད་རྩོལ་ཙམ་ལས་བྱུང་བའི་ཕྱིར། དོན་དང་ལྡན་པ་ཉིད་མ་ཡིན་ནོ། །དེ་དེ་ལྟར་རེ་ཞིག་བློ་མངོན་སུམ་ཉིད་མ་ཡིན་པར་ཁས་བླངས་ནས་དེ་སྐད་དུ་བཤད་དོ། །དེ་ཤེས་པ་གཞན་

གྱིས་རིག་པར་བྱ་བར་འདོད་པ་གང་ཡིན་པ་དེ་ལ་བརྟེན་ནས་ཁྱོད་ཀྱིས་ཞེས་བྱ་བ་སྨོས་ཏེ། གལ་ཏེ་བདག་ཉིད་ཉམས་སུ་མྱོང་བའི་ངོ་བོ་ཅན་དུ་བློ་སྐྱེས་པ་མ་ཡིན་གྱི། འོན་ཀྱང་བློ་གཞན་གྱིས་གསལ་བར་འགྱུར་བ་དེའི་ཚེ། བློ་ཡང་གཞན་གྱིས་ཇི་ལྟར་རབ་ཏུ་གསལ་བར་འགྱུར། རང་ཉིད་མྱོང་

བར་ཁས་ལེན་པ་མེད་པར་གསལ་བར་སྲིད་པ་མ་ཡིན་པས་འདྲི་བར་མཛད་པ་ཡིན་ནོ། །འདི་ལ་འདྲི་བར་བྱ་བ་ཅི་ཞིག་ཡོད། བློ་སྔ་མ་ལས་བློ་ཕྱི་མ་སྐྱེ་བ་དེའི་བདག་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་འདྲ་བ་ལས་བློ་ཕྱི་མས་བློ་སྔ་མ་གསལ་བ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་ཡིན་ནོ། །གསལ་མིན་

Vol. 175 · folio 254b

ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དོ། །དེ་ལྟར་གསལ་བྱ་དང་གསལ་བྱེད་ཀྱི་དངོས་པོར་གྱུར་པ་ཡིན་ན་ནི་གལ་ཏེ་དེ་ལ་གཅིག་བདག་ཉིད་གསལ་བར་འགྱུར་བ་དེའི་ཚེ་དེ་གསལ་བར་འགྱུར་ན། གཞན་མི་གསལ་བ་ཡང་གསལ་བར་འགྱུར་བ་དེ་ལྟར་ན་གསལ་བྱ་གསལ་བྱེད་པར་འགྱུར་ཏེ།

སྒྲོན་མ་བཞིན་དང་། བུམ་པ་བཞིན་ནོ། །གང་གི་ཚེ་གཉི་ག་ཡང་གསལ་བའི་རང་བཞིན་ཅན་མ་ཡིན་ན་ཡང་ཇི་ལྟར་ཡུལ་གཉིས་གསལ་བྱ་དང་གསལ་བྱེད་མ་ཡིན་པའི་མཚུངས་པ་གཉིས་པོ་དེ་དག །གསལ་མིན་བདག་ཉིད་མཚུངས་པའི་ཕྱིར། །འདྲ་བ་ཙམ་ཉིད་ཡིན་པའི་ཕྱིར། །གང་

ལས་གསལ་བྱ་གསལ་བྱེད་འདོད། །དེ་དེ་ལྟར་ན་བློ་གཉི་ག་ཡང་བདག་ཉིད་རིག་པའི་ངོ་བོ་ཡིན་པའི་ཕྱིར། གསལ་བ་མ་ཡིན་པའི་བདག་ཉིད་དག་ནི་གསལ་བྱ་གསལ་བྱེད་ཀྱི་དངོས་པོ་མ་ཡིན་ཏེ། འདྲ་བ་ཙམ་ལས་ཞེས་བྱ་བར་དགོངས་སོ། །གལ་ཏེ་བློ་འདི་རིག་པའི་ངོ་བོ་མ་ཡིན་པར་སྐྱེ་

བས་གསལ་བ་མ་ཡིན་པ་དེའི་ཚེ། དོན་ལ་ཡང་དེ་ལྟ་བུའི་ངོ་བོ་ཉིད་ཡིན་ནོ་ཞེས་གསལ་བ་ཞེས་བྱ་བའི་ཐ་སྙད་དུ་མི་འགྱུར་ན་འགྱུར་བ་ཡིན་པ་དེ་ལྟར་ན། བློ་ལ་ཡང་འགྱུར་རོ་སྙམ་དུ་བསམས་ནས་ཡུལ་ནི་ཇི་ལྟར་གསལ་བ་ཡིན། མ་ཡིན་པ་ཉིད་དོ་ཞེ་ན། འདིས་ནི་བདག་ཉིད་གསལ་བ་

ཉིད་དུ་སྐྱེས་པས་དེ་གསལ་བའི་ངོ་བོ་ཡིན་ནོ་ཞེས་གསལ་བར་བརྗོད་པ་ནི་མ་ཡིན་ན། འོ་ན་ཅི་ཡིན་ཞེ་ན། རང་ཉིད་གསལ་བའི་ངོ་བོ་ཤེས་པ་ལས་དོན་གྱི་ངོ་བོ་འཕོ་བས་དེའི་རྣམ་པར་སྐྱེས་པའི་ཕྱིར་རོ། །དེ་བས་ན་གསལ་བའི་ངོ་བོ་འཕོ་ཕྱིར་རོ། །རྒྱུའི་ཕྱིར་རོ། །ཤེས་པའི་བདག་

ཉིད་གསལ་བ་དེའང་དེའི་ངོ་བོ་སྟེ། དོན་གྱི་རྣམ་པའི་བདག་ཉིད་དུ་གྱུར་ཏེ། ཤེས་པའི་བདག་ཉིད་དུ་གྱུར་པ་ཉིད་ཀྱི་ཕྱིར། རང་ཉིད་རབ་ཏུ་གསལ་བྱེད། གསལ་བའི་བདག་ཉིད་དུ་སྐྱེས་པའི་ཕྱིར། དོན་ལ་ཡང་གསལ་བ་ཞེས་བརྗོད་དོ། །དེ་ལྟར་བློ་ནི་ཁས་ལེན་ན། སྔར་འབྱུང་བ་ཅན་

ཡུལ་དུ་མངོན་པར་འདོད་པའི་བློ་ཕྱི་མ་གང་ཡིན་པ་འདི་འཛིན་པར་བྱེད་པའོ། །བློ་སྔ་མ་པའི་ངོ་བོ་ཀུན་ནས་འཛིན་པ་ཅན་བདག་ཉིད་གསལ་བ་དེ་ལ་བློ་སྔ་མ་དོན་བཞིན་དུ་གསལ་བར་འདོད་པ་དེའི་ཚེ། དམིགས་པ་ཙམ་བཟློག་པ་མ་ཡིན་ནོ། །འོན་ཀྱང་རང་ཉིད་གསལ་བར་བྱེད་པའི་

Vol. 175 · folio 255a

བདག་ཉིད་ཅན་བློ་སྔ་མ་གསལ་བར་བྱེད་པའི་བློ་དེ་ནི་རང་རིག་པར་གྲུབ་པར་འགྱུར་གྱི་ཤེས་པ་གཞན་གྱིས་མྱོང་བ་མ་ཡིན་ནོ། །གཞན་དུ་གལ་ཏེ་དེ་ལྟར་མི་འདོད་པ་དེའི་ཚེ། ཆོས་མཚུངས་ཅན་ཡུལ་ཡང་བློ་དང་ལྷན་ཅིག་ཏུ་བདག་ཉིད་གསལ་བ་མ་ཡིན་པའི་བློ་དང་ལྷན་ཅིག་ཁྱད་

པར་ཅན་མ་ཡིན་པའི་བློ་བཞིན་དུ་བློ་དང་འདྲ་བ་ཉིད་ཀྱི་ཕྱིར་བློ་གསལ་བར་བྱེད་པར་འགྱུར་རོ། །དེ་ལྟར་དེའི་ཕྱིར་བློ་ནི་རབ་གསལ་བྱེད། རང་རིག་གསལ་བ་ཁོ་བོ་སྟེ། ངེད་ཅག་འདོད་ཀྱི། བློ་གཞན་གྱིས་གསལ་བར་བྱ་བ་ནི་མ་ཡིན་ནོ། །བློ་འདི་ལ་གཞན་གཟུགས་ལ་སོགས་པའི་དོན་

གྱི། དངོས་འཕོས་པས་ན། རང་གི་རྣམ་པར་འཇོག་པས། གསལ་བར་གྱུར་པས་བློའི་བདག་ཉིད་དུ་གྱུར་པས་བློ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར། གསལ་བ་ཡིན་ནོ། །དེ་དེ་ལྟར་ན་དུས་སྔ་ཕྱིར་འབྱུང་བའི་ངང་ཚུལ་ཅན་གྱི་བློ་དག་གསལ་བའི་བདག་ཉིད་དུ་གྱུར་པ་ན་ཡང་བློ་སྔ་མ་ལ་དམིགས་

ནས་དེ་དང་འདྲ་བའི་བློ་སྐྱེ་བ་གང་ཡིན་པ་དེ་ནི་འདྲ་བ་ཡིན་ན་ཡང་། ཕྱི་མ་དེ་ནི་དུས་སྔར་འབྱུང་བ་ཅན་གྱི་བློ་གཞན་གསལ་བར་མི་འདོད་དེ། དེ་ཅིའི་ཕྱིར་ཞེ་ན། རང་ཉིད་གསལ་བར་བྱེད་ཕྱིར་རོ། །བློ་སྔ་མ་རང་ཉིད་གསལ་བའི་བདག་ཉིད་དུ་སྐྱེས་པ་དེ་མྱོང་བ་ཉིད་ཡིན་པ་དེ་ལྟར་ན་བྱ་བ་རྫོགས་པ་

དང་། དུས་ཕྱིས་འབྱུང་བ་ཅན་ནི་ཕན་ཚུན་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་དངོས་པོ་མ་ཡིན་ནོ། །གལ་ཏེ་འོ་ན་དོན་ལ་ཇི་ལྟར་ན་དེ་དང་འདྲ་བ་ལས་བློ་གསལ་བར་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟར་ཡང་དོན་གཞན་དུ་གྱུར་པའི་དོན་འགའ་ཞིག་ཀྱང་དེས་གསལ་བར་བྱས་པ་མ་ཡིན་

ཏེ། འོན་ཀྱང་དོན་དེའི་ངོ་བོ་བློ་ལ་འཕོ་བའི་ངོ་བོ་ཉིད་ཀྱིས་འདིའི་བདག་ཉིད་དུ་གྱུར་པ་གསལ་བར་འགྱུར་རོ། །ཇི་ལྟར་བློ་གསལ་བའི་བདག་ཉིད་ཅན་གཉིས་དག་ཕན་ཚུན་གསལ་བར་བྱ་བ་དང་། གསལ་བར་བྱེད་པའི་བདག་ཉིད་མ་ཡིན་ཞེ་ན། དཔེར་ན་སྒྲོན་མ་དག་སྟེ། གཉིས་པོ་

དག་ལས་གཅིག་གསལ་བའི་བདག་ཉིད་དུ་སྐྱེས་པ་གསལ་བར་གྱུར་པ་དེ་གསལ་བ་གཞན་གསལ་བའི་ནུས་པ་དང་ལྡན་དུ་ཟིན་ཀྱང་གསལ་བར་བྱེད་པ་མ་ཡིན་ཏེ། རང་ཉིད་གསལ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་གཅིག་གསལ་བ་མ་ཡིན་པའི་བདག་ཉིད་དུ་གྱུར་པ། དེ་གཞན་གསལ་

Vol. 175 · folio 255b

བའི་བདག་ཉིད་དུ་གྱུར་པ་སྐྱེས་པས་གསལ་བར་འགྱུར་བ་དེའི་ཚེ་གསལ་བྱ་དང་གསལ་བྱེད་ཀྱི་དངོས་པོར་འགྱུར་ཏེ། དཔེར་ན་མར་མེ་བུམ་པ་དག་ལས་མར་མེ་གཅིག་པོ་གསལ་བའི་བདག་ཉིད་མ་ཡིན་པ་བུམ་པ་གསལ་བར་བྱེད་པ་ཡིན་པ་དེ་ལྟར་ན་དེ་རྟེན་ཅན། གསལ་བ་དང་གསལ་

བ་མ་ཡིན་པའི་རྟེན་ཅན། གསལ་བྱ་གསལ་བྱེད་ཁྱད་པར་གྱིས། འཇིག་རྟེན་ན། ཐ་སྙད་རབ་ཏུ་གྲགས་པ་ཡིན། །གཉིས་ཀ་གསལ་བའི་བདག་ཉིད་དམ། །གཉིས་ཀ་གསལ་བ་མ་ཡིན་པའི་བདག་ཉིད་དེ་གསལ་བྱ་དང་གསལ་བྱེད་ཀྱི་དངོས་པོར་ཁས་མི་ལེན་ཏོ། །དེ་དེ་ལྟར་

ན་བློ་གཞན་གྱིས་ཉམས་སུ་མྱོང་བའི་དོན་ནམ་བློ་ལ་མཐོང་བ་ཞེས་བྱར་ངེས་པ་མེད་དོ། །དོན་ནམ་བློའི་དོན་འདི་མཐོང་ངོ་ཞེས་རྣམ་པར་ངེས་པར་མི་རུང་ངོ་། །རྒྱལ་དཔོག་པ་བློ་མངོན་སུམ་མ་ཡིན་པར་སྨྲ་བའི་ཡང་། ཡུལ་དང་དབང་པོ་ཙམ་གྱིས་ནི། །མཐོང་བ་ཞེས་བྱ་ངེས་པ་མེད། །

དེའི་ཕྱིར་གང་ལས་མཐོང་བ་ངེས་པར་འགྱུར་བ་འདི་དེའི་འམ། གཞན་གྱི་ཡང་ནི། དོན་ལས་གཞན་པའི་བརྗོད་བྱ་མཐོང་། །དོན་མཐོང་བའི་དུས་ནའོ། །དེ་ཡང་བློ་ལས་གཞན་མ་ཡིན་ཏེ། རང་རིག་པ་མ་རྟོགས་པར་ཞེས་དགོངས་སོ། །དེ་དེ་ལྟར་ན་རང་ཉིད་ཀྱི་རིག་པས་བློ་དང་རིག་པ་

བསྒྲུབས་པ་རབ་ཏུ་བསྒྲུབ་པའི་ཕྱིར། སློབ་དཔོན་ཕྱོགས་ཀྱི་གླང་པོས་རིག་པ་གསུངས་པ། དྲན་པ་ལས་ཀྱང་ཞེས་བྱ་བ་ལ་སོགས་པས་སྟོན་པར་མཛད་དོ། །དྲན་པ་ལས་ཀྱང་བློའི་ཚུལ་གཉིས་ཉིད་འབའ་ཞིག་ཏུ་མ་ཟད་ཀྱི་བློའི། དྲན་པ་ལས་ཀྱང་བདག་རིག་གྲུབ། །དེ་ལྟར་དྲན་པ་གང་ཡིན་

པ་དེ་ཉམས་སུ་མྱོང་བ་ཉིད་ཡིན་པར་འགྱུར་རོ། །བློ་ཡང་དྲན་པར་འགྱུར་བ་དེའི་ཕྱིར་དྲན་པར་བྱ་བ་ཉིད་ཡིན་པའི་ཕྱིར། བློ་ཉམས་སུ་མྱོང་བ་ཡིན་ཏེ་ཡུལ་བཞིན་ནོ། །དེ་ལྟར་སྒྲུབ་པར་བྱེད་པ་ན་ཡང་གཞན་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ཡིན་ནོ་ཞེས་སེམས་པས་གྲུབ་པ་ལ་སྒྲུབ་པ་ཡིན་

ནོ་སྙམ་པ་ལ། རེ་ཞིག་སློབ་དཔོན་གྱིས་དེ་སྨྲ་བའི་གྲུབ་པ་ལ་སྒྲུབ་པའི་ལན་གཞག་ནས་རང་ཉིད་ལན་འདེབས་པར་བཞེད་པས་ཤེས་ཞེས་བྱ་བ་ལ་སོགས་པས་ཉེ་བར་དགོངས་པར་མཛད་དོ། །ཤེས་པ་སྔ་མ་བཞིན་ཕྱིས་འབྱུང་བ་ཅན་གྱི་ཤེས་པས་མྱོང་ཡིན་ན། ཁས་ལེན་པར་བྱེད་ན། ཡི་གེ་

Vol. 175 · folio 256a

རིང་སོགས་འཛིན་མི་འགྱུར། །སོགས་པ་སྨོས་པས་ནི་ཐུང་ངུ་དང་ཚད་གསུམ་པ་ལ་སོགས་པ་གཟུང་ངོ་། །ཡི་གེ་རྣ་བའི་རྣམ་པར་ཤེས་པས་འཛིན་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཡུན་རིང་གནས་པ་མེད་ཕྱིར་རོ། །འདི་སྐད་དུ་རྡུལ་ཕྲ་རབ་གཅིག་མངོན་པར་

འདྲེས་པའི་དུས་ནི་སྐད་ཅིག་མ་ཡིན་ལ། སྐད་ཅིག་མ་དུ་མ་འདས་པའི་དུས་ཀྱི་མཐའ་ཅན་ནི་མིག་འབྱེད་པ་དང་འཛུམས་པ་གཅིག་ཡིན་ཞིང་དུས་དེ་ཙམ་གྱིས་ཡི་གེ་ཨ་ལ་སོགས་པ་ཆེས་ཤིན་ཏུ་ཆུང་བ་ཡང་འགྲུབ་པར་འགྱུར་རོ། །ཡི་གེའི་ཡུལ་ཅན་རྣ་བའི་བློའི་ཡང་སྐད་ཅིག་མ་ཡིན་

པས་ཡི་གེ་འགྲུབ་པའི་དུས་ན་གནས་པ་ཡོད་པ་མ་ཡིན་ནོ། །ཡི་གེའི་ཆ་ཐམས་ཅད་ལ་ཡང་ཉམས་སུ་མྱོང་བའི་བློའི་རང་རིག་པའི་ངོ་བོར་འགྱུར་བ་མ་ཡིན་ན། གང་གིས་ན་དེ་དག་ཐམས་ཅད་ཀྱིས་ཕྱིས་དྲན་པ་སྐྱེད་པར་འགྱུར། རྟོག་པ་དང་བཅས་པ་དང་རྟོག་པ་མེད་པའི་བློ་དག་ཀྱང་ཅིག་

ཅར་མི་འཛིན་པའི་ཕྱིར་རོ། །ཡི་གེའི་ཆ་གཅིག་ཆེས་ཤིན་ཏུ་ཆུང་བར་འཛིན་པར་བྱེད་པ་སྐད་ཅིག་མ་ཙམ་གྱིས་འཇིག་པ་ཡིན་ན་དེ་མ་ཐག་ཏུ་དེ་མྱོང་བ་ནི་བློ་ཞེས་བྱ་བ་དེ་ལས་གཞན་པའི་ཡི་གེའི་ཆ་ཤེས་པ་ཆོད་པ་ཡིན་པ་དེ་ལྟར་ན་ཡི་གེ་རིང་པོ་འཛིན་པ་མི་རུང་ངོ་ཞེས་བསྟན་པར་འགྱུར་རོ། །དེ་

ལྟར་ན་རེ་ཞིག་བློ་སྐད་ཅིག་མ་དུས་རིང་པོར་མི་གནས་པའི་ཕྱིར་རིང་པོ་ལ་སོགས་པ་འཛིན་པ་མ་ཡིན། ཅི་སྟེ་ཡང་སྐད་ཅིག་མ་ནི་མ་ཡིན་གྱི་འོན་ཀྱང་དུས་རིང་པོར་གནས་པ་ཡིན་པ་དེའི་ཚེ། གནས་པ་མ་ཡིན་ན། རིམ་བཞིན་དུ་སྒྲ་དུ་མ་སྒྲའི་སྣང་བ་གནས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་

གོ། །དེར་སྣང་བ་དེ་ནི་བློ་རང་གི་བདག་ཉིད་དུ་གྱུར་པ་གཅིག་ཡིན་པར་འགྱུར་གྱི་གོ་རིམས་བཞིན་དུ་ནི་མི་འགྱུར་རོ། །གོ་རིམས་མེད་པ་ཡིན་ན་ཡང་རིམ་བཞིན་དུ་ཡི་གེའི་ཆ་རྣམས་སྣང་བར་མི་འགྱུར་བ་ནས། ཅིག་ཅར་སྣང་བར་འགྱུར་རོ། །བློ་ནི་ཅིག་ཅར་སྣང་བའི་ཕྱིར། ཡི་གེ་རིམ་མེད།

རིམ་པ་མེད་པའི་ཕྱིར་ཡི་གེ་རིང་མི་འགྱུར་དེ་ལྟར་ན་སྐད་གསང་མཐོན་པོ་ཅིག་ཅར་ཐོས་པ་ལས་རིང་པོའི་བློར་མི་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། བློ་གཞན་དང་གཞན་ལ་སྒྲའི་ཆ་གཞན་དང་གཞན་ལ་ཆ་དུ་མའི་རིམ་གྱིས་རྒྱུན་དུ་སྣང་བ་ལས་ཡིན་ནོ། །དེ་ཡང་གཅིག་ཉིད་ཡིན་པའི་ཕྱིར་

Vol. 175 · folio 256b

བློ་གོ་རིམས་མེད་པ་ལ་ཅིག་ཅར་སྣང་བ་ལ་ཡོད་པ་མ་ཡིན་པས་ན་ཡི་གེ་རིང་པོའི་བློར་མི་འགྱུར་རོ། །གཞན་ཡང་གཞན་དང་གཞན་སྐྱེ་བས་གཅིག་མེད་པའི་ཕྱིར། རིམ་ལྡན་ཇི་ལྟར་ཡི་གེ་ཆ། །སྐད་ཅིག་མ་ཙམ་གནས་པ་ཡིན་པའི་ཕྱིར། ཕན་ཚུན་འདྲེ་བ་མེད་པ་ཅན་དེ་འདྲ་བ་དེས་བློ་རིམ་མིན་

པར་ནི་སྐྱེད་པར་བྱེད། དེ་ལྟར་ན་རང་གི་རྣམ་པ་ཅན་གྱི་བློ་བསྐྱེད་པའི་སྒོ་ནས་དེ་ལས་ཕན་འདོགས་པར་བྱེད་པ་ཉིད་སྐྱེད་པར་འདོད་ན། གང་གི་ཚེ་ཡི་གེ་སྔ་མ་སྔ་མའི་ཆ་ཡོད་པའི་ཚེ་དེའི་ནུས་པའི་དུས་ཡིན་ནོ། །དེ་ལ་གཅིག་གི་ནུས་པ་ལ་ཡང་དེའི་སྟོབས་ལས་བདག་ཉིད་ཐམས་ཅད་གྲུབ་པའི་

ཕྱིར། ཕྱི་མའི་སྐབས་ཡོད་པ་ཉིད་མ་ཡིན་ཏེ། བྱས་ཟིན་པ་ཉིད་ལ་བྱེད་པ་མི་རུང་བའི་ཕྱིར་རོ། །སྐྱེད་ན་ཡང་སྔ་མའི་ཆ་ཕྱི་མའི་དུས་ན་མེད་པ་ཉིད་ཀྱིས་རྒྱུ་མ་ཡིན་པ་ཉིད་ཀྱི་ཕྱིར་གང་ལས་དུ་མས་བློ་རིམ་པ་མ་ཡིན་པ་བསྐྱེད་པར་འགྱུར། དེ་ལྟར་ནི་འགྱུར་མོད་ཀྱི་ཡི་གེ་སྔ་མ་སྔ་མའི་ཆ་སྐད་ཅིག་

མ་གཅིག་ཙམ་གནས་པ་མ་ཡིན་ན་ཡང་གང་གིས་ན་ཕན་ཚུན་ཐག་ཉེ་བ་མེད་པར་གོ་རིམས་དང་ལྡན་པའི་ཡི་གེ་ཆ། བློ་རིམ་པ་མ་ཡིན་པའི་བསྐྱེད་པར་མི་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། ཡི་གེ་ཆ་སྔ་མ་སྔ་མ་བྱུང་བས་ཡི་གེའི་ཆ་ཐ་མའི་བར་དུ་གནས་པ་ཡིན་ནོ། །དེ་ལྟར་ཡི་གེ་ཆ་སྔ་མ་ཐ་

མའི་བར་གནས་ན། ཁས་ལེན་པ་མེད་ན་རྒྱུ་མཚུངས་པའི་འབད་རྩོལ་གྱིས་བསླད་པའི་ཡི་གེ་ཨ་ལ་སོགས་པ་དེའི་ཆ་སྔ་མ་སྔ་མ་གནས་པ་ལས་ཕྱི་མ་ཕྱི་མ་སྟེ་ཡི་གེའི་ཆ་ཕྱི་མ་ཕྱི་མ་འཕེལ་བས་སྒྲ་ཙམ་འགྱུར། མཉན་པ་མཚུངས་པར་མི་འགྱུར་རོ། །འོན་ཀྱང་གོ་རིམས་ཀྱིས་སྐད་

གསང་མཐོན་པོར་ཐོས་པར་འགྱུར་རོ། །གཞན་ཡང་གལ་ཏེ་ཡི་གེའི་ཆ་སྔ་མ་སྔ་མ་ཡི་གེའི་ཆ་ཐ་མའི་དུས་ན་འཇུག་པར་འགྱུར་བ་དེའི་ཚེ། ཡི་གེའི་ཆ་ཐམས་ཅད་ཀྱི་ཐ་མར་ཏེ། ཡི་གེའི་ཆ་ཐ་མའི་དུས་ན་འབྲེལ་བ་ཅིག་ཅར་འཛིན་པར་འགྱུར་གྱི། རིམ་གྱིས་ནི་མ་ཡིན་ནོ། །རིམ་མིན་

པར་ནི་འཛིན་པའི་ཕྱིར། རྒྱུའི་ཕྱིར་རིམ་ལྡན་བློ་མི་འགྱུར་རོ། །ཡི་གེའི་ཆ་རིམ་བཞིན་དུ་འཛིན་པ་ཅན་དུ་བློ་གཞན་དང་གཞན་མི་འགྱུར་བ་དེ་ལྟར་ནི་རིང་པོར་འཛིན་པ་མ་ཡིན་ནོ། །དུས་མཚུངས་པ་དུ་མ་ཡང་ཐོས་པའི་ཕྱིར། རིང་པོའི་བློ་མ་ཡིན་ནོ། །དེ་ཕྱིས་ཡི་གེ་ཆ་ཐ་མའི་དུས་ན་

Vol. 175 · folio 257a

ཡི་གེ་ཆ་གཅིག་ཏུ་གྱུར་པ་ཅིག་ཅར་འཛིན་པ་ལས་ཕྱིས་སྐད་ཅིག་མ་ཉིད་ཀྱིས། བློ་ནི་རང་ཉིད་གནས་པ་མེད། །གནས་པ་ཡོད་པ་མ་ཡིན་ན་གང་གིས་དུས་ཅུང་ཟད་རྗེས་སུ་འཇུག་པར་འགྱུར་བའི་བློ་རིང་པོ་ལ་སོགས་པར་འགྱུར། ཅིའི་ཕྱིར་ཞེ་ན། ཡུལ་ནི་གནས་མེད་ཕྱིར། ཡི་གེའི་

ཆ་ཡུལ་དུ་གྱུར་པ་དུས་ཕྱིས་གནས་པ་མེད་པའི་ཕྱིར་རོ། །དེའི་ཡུལ་ཅན་གྱི་བློ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དུས་མཚུངས་པ་ཅན་གྱི་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཁས་ལེན་པ་ལ་དེ་སྐད་བརྗོད་དོ། །གནས་ན་རང་ཉིད་ཅི་སྟེ་བློ་དེ་དུས་ཕྱིས་གནས་པ་དེའི་ཚེ་བློ་དེ་ཕྱིས་ཀྱང་ནི། མི་

འཇིག་དུས་ཐམས་ཅད་དུ་གནས་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བྱེ་བྲག་མེད་ཕྱིར་རོ། །འཇིག་པ་མེད་པའི་རང་བཞིན་སྔ་མ་ལས་ཁྱད་པར་མེད་པའི་ཕྱིར་རོ། །བློ་ཅིག་ཅར་སྐྱེ་བ་ཡུན་རིང་པོར་གནས་པ་ཡིན་ན་བསྟན་མ་ཐག་པ་གང་ཡིན་པའི་ཅིག་ཅར་སྐྱེ་བ་སྐྱོན་འདི་ཡིན། ཡི་གེའི་གོ་རིམས་

མེད་པའོ། །གང་ལས་ཤེ་ན། གང་ལ་ཡི་གེའི་གོ་རིམས་གནས་པ་ལའང་། ཁས་ལེན་པར་བྱེད་པ་ལ་བལྟ་བར་བྱའོ། །གལ་ཏེ་དུས་འགའ་ཞིག་ཏུ་ཅིག་ཅར་སྐྱེ་བ་ཡི་གེ་གོ་རིམས་མེད་པར་ཅིག་ཅར་སྐྱེ་བ་གནས་པ་དེའི་ཚེ་འདིའི་དུས་རིང་པོར་གནས་པར་འགྱུར་ཏེ་བྱེ་བྲག་མེད་པའི་ཕྱིར་རོ། །འདིར་

འདི་ནི་སྐྱོན་གཞན་ཡིན་ཏེ། རྩོལ་ལས་ཅིག་ཅར་འབྱུང་བའི་ཕྱིར། །རྩོལ་བ་གཅིག་ལས་ཡི་གེའི་གོ་རིམས་མེད་པར་སྐྱེ་བས་ན་རྩོལ་བ་ལས་ཅིག་ཅར་འབྱུང་བའི་རྒྱུའི་ཕྱིར། རྩོལ་བ་ཕྱི་མ་དོན་མེད་འགྱུར། །གལ་ཏེ་རྩོལ་བའི་ཕྱི་མ་ཕྱི་མས་ཡི་གེའི་ཆ་འགའ་ཞིག་གྲུབ་པར་འགྱུར་བ་དེའི་ཚེ་འབད་

རྩོལ་དེའི་ཡི་གེ་རིང་པོ་དང་ཚད་གསུམ་པའི་འབྲས་བུ་དང་ལྡན་པར་འགྱུར་ན། འདི་ལྟར་འབད་རྩོལ་ལས་ཅིག་ཅར་ཡི་གེའི་གོ་རིམས་མེད་པར་འབྱུང་བར་འགྱུར་བ་དེ་ལྟར་ན། དེ་མེད་པ་ཉིད་ཡིན་ནོ། །ཡི་གེ་རྣམས་གསལ་བ་ཡིན་ན་ཡང་། སྐྱོན་དེ་དག་ནི་ཐོབ་པར་འགྱུར། །གང་ཡང་རླུང་

དང་འབྲེལ་པ་དང་ལྡན་པ་དང་རྣམ་པར་དབྱེ་བའམ། སྒྲ་ཙམ་དག་གིས་ཡི་གེའི་བདག་ཉིད་གོ་རིམས་མེད་པ་གསལ་བ་ཡིན་ནོ་སྙམ་དུ་སེམས་པ་དེའི་ཡང་འབད་རྩོལ་ལས་ཅིག་ཅར་གོ་རིམས་མེད་པ་གསལ་བ་ཡིན་ན། འབད་རྩོལ་ཕྱི་མ་ཕྱི་མ་དོན་མེད་པར་འགྱུར་རོ། །དེ་དེ་ལྟར་ནི་

Vol. 175 · folio 257b

འགྱུར་མོད་ཀྱི་ཡི་གེའི་ཡན་ལག་དུ་མའི་རང་གི་ཤེས་པས་མ་ཆོད་པ་བློ་དུ་མས་འཛིན་པར་འགྱུར་རོ། །ཡི་གེའི་ཡན་ལག་འཛིན་པ་ཅན་གྱི་བློ་དེ་དག་ནི་ཡི་གེའི་ཆ་ཐ་མ་འཛིན་པའི་ངང་ཚུལ་ཅན་གྱི་བློ་དེས་ཉམས་སུ་མྱོང་བར་འགྱུར་རོ། །ཉམས་སུ་མྱོང་བ་དེས་བློ་རིང་པོ་ལ་སོགས་པར་འགྱུར་ཞེ་

ན། །རྟོག་པ་འདི་ཡོད་པ་མ་ཡིན་ཏེ་རང་གི་བློ་དེའི་དེ་མ་ཐག་པའི་བློ་དུ་མས་དེ་འཛིན་ཡི་གེ་གཞན་འཛིན་པ་ན་ཡོད་པ་ན། བློ་ཐ་མ་གང་ཡིན་པ་དེ་ནི་མྱོང་འགྱུར་ན། བློ་གཞན་གྱིས་སོ། །དེ་ལྟར་ན་ཡི་གེའི་ཡན་ལག་གི་ཡུལ་ཅན་གྱི་རྣམ་པའི་བློ་སྔ་མ་གང་ཡིན་པ་དེ་རང་ཉིད་དམ་གཞན་གྱིས་

ཉམས་སུ་མྱོང་བ་མ་ཡིན་པའི་རང་བཞིན་ཐ་མ་གང་ཡིན་པ་དེ་ཡང་གཞན་གྱིས་ཉམས་སུ་མྱོང་བར་འགྱུར་བ་ཡང་དག་པར་རིག་པར་གྱུར་པ་དེ་ལྟ་ན་ཡང་ཡི་གེའི་ཆ་ཐ་མ་འཛིན་པར་བྱེད་པ་ཞེས་བྱ་བ་དེ་ཡང་རིང་པོ་ལ་སོགས་པའི་ཡི་གེ་འཛིན་བྱེད་མིན་དེས་ན་སྟེ། དེའི་ཕྱིར་ཡི་གེའི་ཡུལ་ཅན་རིང་

བློ་དྲན་མི་འགྱུར་རོ། །དེ་ལྟར་ན་ཡི་གེའི་ཡན་ལག་ཐ་མའི་བློས་རིང་པོ་ཉམས་སུ་མྱོང་བ་མ་ཡིན་ནོ། །ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་དྲན་པ་ཞེས་པ་གང་གིས་ཀྱང་རིང་པོ་བློ་དྲན་པར་མི་འགྱུར་ན། དྲན་པ་ཡང་འགྱུར་བ་དེའི་ཕྱིར། རྟོག་པ་དེ་ཡང་རིགས་པ་མ་ཡིན་ནོ། །ཅི་སྟེ་སྐྱོན་

དེར་མ་གྱུར་ཅིག་སྙམ་པས་ཡི་གེའི་ཡུལ་ཅན་གྱི་བློ་རེ་རེ་དེ་མ་ཐག་པ་དེ་ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་བློར་འདོད་དོ་ཞེ་ན། དེ་དེ་ལྟར་ན་བློ་རྣམས་སོ་སོར་ཐ་དད་པས་བདག་ཉིད་ཇི་ལྟ་བ་བཞིན་གྱི་བློ་རྣམས་ཀྱིས་མྱོང་བ་ཡིན་པར་འདོད་ན། དེ་སྒྲ་ཐོས་པ་ནི་ཡི་གེ་རིང་པོ་ལ་སོགས་པ་

ཐོས་ནའོ། །ཆོད་པ་མེད་པར་སྣང་མི་འགྱུར། །ཡི་གེའི་ཆ་འཛིན་པའི་ཤེས་པ་དག་གིས་ཆོད་པ་འཛིན་པར་འགྱུར་རོ། །དེ་ལྟར་ན་རིང་པོའི་བློ་མི་འགྱུར་རོ། །རྣམ་པར་ཆོད་པ་ཐོས་ན་ཡང་རྨོངས་པ་འཇུག་པ་མྱུར་བ་ལས་ཆོད་པ་མེད་པར་ཞེན་པ་ཡིན་ནོ་ཞེས་བྱ་བ་ཡང་ཡོད་པ་མ་ཡིན་ཏེ། འདི་

ལྟར་བསྲེ་བར་བྱེད་པ་ཡང་གསལ་བ་མ་ཡིན་ཏེ། དེ་གཞན་ལ་ཡང་མཚུངས་པ་ཡིན་ཞེས་བྱ་བ་ལ་སོགས་པས་སོ། །གཞན་ཡང་གལ་ཏེ་འདིས། སྐྱེས་བུས་ཆོད་པ་ཐོས་ན་ཡང་། །མགྱོགས་པའི་ཕྱིར། རྣམ་ཆོད་མེད་པར་འཁྲུལ་འགྱུར་ན། །དེའི་ཚེ་ཡི་གེ །ཐུང་གཉིས་དག་ནི་བརྗོད་པ་

Vol. 175 · folio 258a

ན། །ཆོད་པ་མེད་པར་འཁྲུལ་པར་འགྱུར། །དབང་པོ་ལས་ཆོད། མཐོང་ན་ཡང་རྣ་བའི་རྣམ་པར་ཤེས་པ་ལས་ཡི་གེའི་ཐོས་པ་རྣམ་པར་ཆོད་པ་ཡོད་ན་ཡང་། ཆོད་མེད་སྒྲོ་འདོགས་དབང་པོ་ལས། །རྣམ་པར་ཆོད་པ་མེད་པར་འཁྲུལ་པ་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། དབང་

པོའི་བློ་ཐམས་ཅད་ཕྱིན་ཅི་ལོག་ཏུ་ཐལ་ཕྱིར་རོ། །གཟུགས་དང་སྒྲ་དང་དྲི་དང་རོའི་ཤེས་པ་རྒྱུན་ཆད་པ་མེད་པར་སྣང་བ་དག་ཀྱང་ཉམས་སུ་མྱོང་བའི་ཤེས་པ་རྣམས་ཀྱིས་རྣམ་པར་ཆོད་པའི་ཕྱིར་རོ། །རྟོག་པའི་ཤེས་པ་ཡང་དེ་བཞིན་དུ་འགྱུར་གྱི་དབང་པོའི་ཤེས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། །།

ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། བམ་པོ་སུམ་ཅུ་རྩ་ལྔ་པ། དེ་བས་ན་ཡི་གེ་ཨ་ལ་སོགས་པའི་མིང་ཅན་གྱི། ཡི་གེའི་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམས་ཚད་དུ་གནས་པ་ཅན། །འདི་ལ་མིག་འཛུམས་པའི་ཚད་དུ་གནས་པ་ཡོད་པ་ཞེས་བྱ་བའི་ཚིག་རྣམ་པར་སྦྱར་རོ། །མིག་འཛུམས་

པའི་དུས་ཙམ་གྱིས་གྲུབ་པའི་ཆོས་ཅན་ཞེས་བྱ་བའི་ཐ་ཚིག་གོ། །མིག་འཛུམས་པ་དེ་ཡང་རིམ་གྱིས་རྡུལ་དུ་མ་བསྒྲེས་པ་ཡིས་ནི། རྡུལ་དུ་མ་འདས་པས་མཐར་ཕྱིན་པ་སྟེ། ཡོངས་སུ་རྫོགས་པར་གྱུར་པའོ། །རྡུལ་གཅིག་བསྒྲེས་པའི་དུས་དག་ཀྱང་། །རྡུལ་ཕྲ་རབ་གཅིག་བསྒྲེས་པའི་དུས་

དག་ཀྱང་དུས་ཆུང་ཆར་ཕྱེ་བར་མི་ནུས་པ་སྐད་ཅིག་མ་ཉིད་དུ་འགྱུར་རོ། །གཞན་ནི་རྡུལ་ཕྲ་རབ་གཉིས་དང་གསུམ་བསྒྲེས་པ་ལ་སོགས་པའི་ཁྱད་པར་གྱིས་དུས་ཐ་དད་པར་དབྱེ་བར་ནུས་པ་ཉིད་ཀྱིས་ན། དུས་ཀྱི་མཐའ་མི་རུང་བའི་ཕྱིར་རོ། །སྐད་ཅིག་མ་དེ་ཙམ་གྱིས་ནི་བློ་ཐམས་ཅད་ཀྱི་སྐད་ཅིག་མ་ཡིན་

ཏེ། །ཡི་གེ་རྣམས་ནི་སྐད་ཅིག་མ་དུ་མས་མངོན་པར་འགྲུབ་པའི་ཆོས་ཅན་དག་ཡིན་ནོ། །རིམ་དེ་ལས་ཡི་གེ་རྣམས་ནི་བློས་འཛིན་པར་འགྱུར། ཡི་གེ་འཛིན་པ་ཅན་གྱི་བློས་རིམ་གྱིས་རྟོགས་པ་རང་འཛིན་པ་ཅན་གྱིས་བར་དུ་ཆོད་པ་ཡིན་པ་དེ་ལྟར་ན་ཡི་གེ་མ་ཆོད་པ་འཛིན་པ་གང་ལས་ཡིན།

ཡི་གེ་རྣམས་ཆོད་པ་ཐོས་པ་ན་ཡང་དེ་དག་ལ་ཆོད་པ་མེད་པར་འཁྲུལ་པས་དབང་པོའི་བློ་རྣམས་ཡིན་པ་དེའི་ཚེ། དེ་ལྟ་ན་རིམ་གྱིས་ཡི་གེ་དབང་པོ་དག་ལ་འཛིན་པ་བར་བཅས་པ་དང་། གཟུགས་ལ་སོགས་པ་ན་ཡང་སྐད་ཅིག་མའི་བློས་འཛིན་པ་ནའོ། །གཞན་གྱིས་རྣམ་པར་

Vol. 175 · folio 258b

ཆོད་ན་ཡང་། དེ་ཉམས་སུ་མྱོང་བའི་བློས་བར་དུ་ཆོད་ན་ཡང་ཡི་གེ་འཛིན་པ་བཞིན་དུ་ཆོད་པ་མེད་པར་སྣང་བ་ཅན་ཡིན་པའི་ཕྱིར། ཆོད་པ་མེད་པ། བློ་ཀུན་ལོག་པའི་དོན་ཅན་འགྱུར་རོ། །དབང་པོའི་འཁྲུལ་པ་ལས་གཞན་དུ། དབང་པོའི་འཁྲུལ་པ་ནི་བསྲེ་བར་བྱེད་པ་མ་ཡིན་ན་ཡང་འཁོར་ལོ་ལ་

སོགས་པའི་རྣམ་པར་ཅིག་ཅར་བསྲེ་བར་སྣང་བ་ཡིན་གྱི། དེའི་ཁྱད་པར་མཚོན་པ་མེད་པར་དོན་བསྲེ་བར་འཁྲུལ་པ་མ་ཡིན་ནོ། །ཇི་ལྟར་དེ་ཉིད་འདི་ཡིན་ནོ། །ཞེས་ཆོད་པ་གཞན་དང་གཞན་མཐོང་བ་ཡོད་ན་བསྲེ་བ་ངོ་ཤེས་པའི་ངོ་བོ་དྲན་པ་བཞིན་དུ་དོན་གཅིག་ཏུ་སྣང་བའི་དབང་པོ་ལ་

བརྟེན་པ་ནི་མ་ཡིན་ནོ། །དངོས་པོ་རྣམས་ནི་བསྲེ་བྱེད་པ། །དངོས་པོ་གཞན་དང་གཞན་སྐྱེས་པ་ཕན་ཚུན་མཚམས་སྦྱོར་བ་ཅན་མ་ཡིན་པ་དག་ལ་དེ་ཉིད་འདི་ཡིན་ནོ་ཞེས་སྦྱོར་བ་གང་ཡིན་པ་དེ་ནི། ཐ་དད་མཚོན་མེད་འཁྲུལ་པ་ཅན། །དོན་སྔ་ཕྱི་ཐ་དད་པ་དག་ཡིན་ན་ཡང་ཉེ་བར་མཚོན་

པ་མེད་པའི་རྒྱུས་འཁྲུལ་པ། དྲན་པ་གང་དེ་རྣམ་རྟོག་ཡིན། །དབང་པོའི་ཤེས་པ་ནི་མ་ཡིན་ནོ། །དེ་བསྟན་མ་ཐག་པའི་དྲན་པ་གང་ཡིན་པ་དེ་ཡང་རྣམ་པར་རྟོག་པ་ཡིན་ཏེ། དེ་བརྗོད་པ་དང་བསྲེ་བ་ཅན། །ངོ་ཤེས་པ། གསལ་སྣང་ཉིད་ནི་གང་ལས་ཡིན། །གང་གིས་ན་འདིས་ནི་

ཡི་གེ་རིང་པོ་ལ་སོགས་པར་སྣང་བ་འཛིན་པར་འགྱུར་བ། དབང་པོའི་ཤེས་པ་གསལ་བར་སྣང་བ་གང་ཡིན་པ་དེ་ནི་སྒྲ་དང་འདྲེས་པ་མ་ཡིན་ཏེ། འདི་ལྟར་དབང་པོས་གཟུང་བའི་དོན་ལ་སྒྲ་སྦྱོར་བ། ཡོད་པ་མ་ཡིན་ཞེས་བཤད་ཟིན་ཏོ། །སྔར་བསྟན་ཟིན་ཏོ། །གང་གི་ཚེ་རྣམ་པར་ཤེས་པ་གང་གི་ཡུལ་ལ་སྒྲ་མི་

སྦྱོར་བ་དེའི་ཚེ། དེ་དང་འབྲེལ་པ་དེ་ཤེས་པ་དེ་མ་ཡིན་པ་དེ་ལྟར་ན། རྣམ་པར་རྟོག་པ་མེད་པའི་ཕྱིར། །དབང་པོའི་རྣམ་པར་ཤེས་པ་ནི་གསལ་བར་སྣང་བ་ཅན་ཡིན་པས་ན་སྔོན་ཉམས་སུ་མྱོང་བའི་དོན་དྲན་པར་ནུས་པ་མ་ཡིན་ན་དེ་ཉིད་འདི་ཡིན་ནོ་ཞེས་སྔ་མ་ཕྱི་མ་ལ་སྒྲོ་བཏགས་ནས་

འཛིན་པར་འགྱུར། གང་གིས་ན་ཐོས་པའི་རང་གི་ཤེས་པས་བསྒྲིབས་པ་ཡིན་ན་ཡང་ཡི་གེ་རིང་པོ་ལ་སོགས་པ་ཐོས་པ་ཆོད་པ་མེད་པར་སྣང་བར་འགྱུར། དེ་ལྟར་ནི་འགྱུར་མོད་ཀྱི། ཆོད་པ་དབང་པོས་མཐོང་བ་ཡང་། །གལ་ཏེ་རྟོག་པས་སྦྱོར་བྱེད་ན། །རང་གི་ཤེས་པ་ལ་ཆོད་པ་

Vol. 175 · folio 259a

ཉིད་ཡིན་ན་དོན་གཞན་དང་གཞན་མཐོང་བ་ཡིན་ཞིང་འདི་བསྲེ་བར་བྱེད་པ་ཡང་མ་ཡིན་མོད་ཀྱི་འོན་ཀྱང་ཤེས་པ་ལ། ཤེས་པ་རྗེས་སུ་དཔྱོད་པའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པས་དེ་ཉིད་འདི་ཡིན་ནོ་ཞེས་སྦྱོར་བར་བྱེད་དོ་ཞེས་དོན་མཐོང་བ་དེ་ཤེས་པས་ཆོད་པ་ཉིད་གྲུབ་

པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དོན་དང་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དོ། །དོན་ནི་གཟུགས་ལ་སོགས་པ་དང་དེ་ཉམས་སུ་མྱོང་བ་ན་འཛིན་པའི་རྣམ་པར་བགྲང་བའི་དོན་མྱོང་བ་ནི་ཆོད་པ་མེད་པར་སྣང་བའི་མཚོན་པར་བྱེད་པ་དེ་དག་ནི། དོན་དང་དེ་ཉིད་ཉམས་སུ་མྱོང་

བའི་རྒྱུན་གྱིས་ཤེས་པའི་ཤེས་པས་ཆོད་པ་མེད་པར་སྣང་བར་གྱུར་པ་དག་ཡོད་ན་རིགས་དེ་ལ་གནོད་པ་ཅན་མེད་ན་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་གནོད་པ་ཅན་གྱི་ཚད་མ་ཡོད་པ་མ་ཡིན་ན་དོན་དང་དེ་མྱོང་བ་དེ་དག་ཤེས་པའི་ཤེས་པས། ཆོད་པ་ཞེས་བྱ་བ་གང་ཡིན་པ་དེ་གང་ལས་གང་

གིས་ན་དབང་པོས་ཆོད་པ་མ་མཐོང་བ་ལ་ཡང་རྟོག་པས་སྦྱོར་བ་ཡིན་ནོ་ཞེས་བརྗོད་པ་དེ་ལྟར་ན་རེ་ཞིག་གང་ཞིག་ཇི་ལྟར་སྣང་བའི་ཤེས་པ་དེ་ནི་དེ་ལྟར་ཚད་མ་ཡིན་ནོ་ཞེས་བྱ་བར་རིགས་ཏེ་ཤེས་པའི་དབང་གིས་ཤེས་བྱ་རྣམ་པར་གཞག་པའི་ཕྱིར་རོ། །དེ་ལྟར་ན་ཤེས་པས་ཤེས་བྱ་རྣམ་པར་

གཞག་པ་ལ་ཚད་མས་གནོད་པ་ཡིན་ན་རྣམ་པ་གཞན་དུ་འགྱུར་རོ། །གང་གི་ཚེ་དེ་ལྟ་ཡིན་པ་དེའི་ཚེ་དེ་ནི་དེ་ལ་ཚད་མས་གནོད་པ་མེད་པ་ཚད་མ་ཉིད་ཡིན་ནོ། །དེ་ལྟར་ན་དོན་དང་དེ་མྱོང་བ་ཆོད་པ་མེད་པར་སྣང་བ་དེ་དག་གལ་ཏེ་ཆོད་པ་མེད་པ་ལ་གནོད་པ་ཅན་གྱི་ཚད་མ་ཡོད་པར་འགྱུར་ན་དེ་དེ་

ལྟར་འགྱུར་རོ། །གང་གི་ཕྱིར་ཡོད་པ་མ་ཡིན་པ་དེ་ལྟར་ན་གང་ལ་ཆོད་པ་མ་ཡིན། དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་བློ་ནུས་ངེས་པའི་ཕྱིར་ཞེ་ན། རེ་ཞིག་དོན་མཐོང་བ་དེས་བདག་ཉིད་མྱོང་བ་མ་ཡིན་པས་ན། ཤེས་པ་གཞན་གྱིས་མྱོང་བ་ཡིན་ནོ། །ཤེས་པ་གཞན་དེ་ཡང་ཅིག་ཅར་འཇུག་

པ་མ་ཡིན་ཏེ། བློ་སྔ་མ་སྔ་མ་བློ་རེ་རེ་སྐྱེད་པར་བྱེད་པའི་ཕྱིར་དོན་ཤེས་པའི་ཤེས་པ་དེ་ལྟར་ན་ཆོད་པ་མཐོང་བ་ཡིན་ནོ་ཞེས་འདིར་ཅིག་ཅར་བློ་གཉིས་མི་སྐྱེ་བའི་ཉེས་པ་གང་ཡིན་པ་དེ་ནི་གང་ལས་འདོད། འདི་ལའང་ངེས་པར་བྱེད་པའི་ཚད་མ་མེད་པའི་ཕྱིར། ཤེས་པ་ཅིག་ཅར་སྐྱེ་བ་གང་

Vol. 175 · folio 259b

གིས་བཟློག་པར་ནུས་ཞེས་བྱ་བར་དགོངས་སོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་ཅིག་ཅར་བློ་མཐོང་མེད། །བློ་ཅིག་ཅར་མཐོང་བ་དེས་ན། ངེས་པར་བྱེད་པ་མ་མཐོང་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་ན། མཐོང་བ་ཆོད་པ་ཅི་ཞིག་མཐོང་བ་གང་གིས་ན་དེ་ལྟར་འདོད། ཅི་སྟེ་ཆོད་པ་མ་མཐོང་ན་

ཡང་དཔྱོད་པ་ལས་དེ་གྲུབ་པ་ཡིན་ནོ་ཞེས་འདོད་པ་དེའི་ཚེ་འོ་ན་ཅིག་ཅར་བློ་མ་མཐོང་བ་ཡང་རྒྱུ་མ་ཡིན་ནོ། །དེ་འདི་ཉིད་ནི་རྣམ་དཔྱད་བྱ། །ཅི་རྣམ་པར་ཤེས་པ་ཅིག་ཅར་སྐྱེ་བ་མ་ཡིན་པ་ཡང་གང་གིས་ན་ཤེས་པ་དང་ཤེས་པ་ཅིག་ཅར་མེད་པའི་ཕྱིར། ཆོད་པ་མཐོང་བ་ཞེས་བྱ་བ་འདིའི་རྒྱུ་ཅི་

ཞིག་ཡིན། ལུང་ནི་འདི་ཡིན་ཏེ་འདི་ལྟར་སེམས་གཉིས་ལྷན་ཅིག་འབྱུང་བ་གང་ཡིན་པ་འདི་ནི་གནས་མ་ཡིན་ཏེ་གོ་སྐབས་མེད་དོ་ཞེས་འབྱུང་བ་ཡིན་ནོ་ཞེ་ན། འདི་ཡང་རྣམ་པ་གཞན་དུ་འགྱུར་བ་ཡིན་ནོ། །ཇི་ལྟར་རྣམ་པ་གཞན་དུ་ཡིན་ཞེ་ན། ཇི་ལྟར་བློ་དེ་རྣམས་རིགས་མཐུན་པ་དག་

ལས་རྣམ་པར་ཤེས་པར་བྱ་བ་ལ། ཤེས་པ་རེ་རེ་སྐྱེད་པར་བྱེད་པའི་མཚན་ཉིད་ཅན་གྱི་ནུས་པ་ཉིད་ནི་ངེས་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་རིགས་མཐུན་པའི་བློ་གཉིས་ཅིག་ཅར་འབྱུང་བ་བཟློག་པར་མཛད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་རིགས་པ་ཡིན་

ཏེ། འདི་ལྟར་རྣམ་པར་རྟོག་པ་རྣམས་རིམ་གྱིས་འབྱུང་བ་ཡང་དག་རྟོགས་པ་ཉིད་ཡིན་ནོ། །ཡིད་ཀྱིས་དོན་ལ་དཔྱོད་པ་ན། །མིང་དང་འདྲེས་པ་ཅན་ཡིན་ནོ། །དེ་ཡང་རྣམ་པར་རྟོག་པའི་ཤེས་པའི་རིམ་བཞིན་དུ་ཡི་གེའི་གོ་རིམས་ལ་དམིགས་པ་ཅན་ཡིན་པ་དེ་ལྟར་ན་རྣམ་པར་རྟོག་

པ་གཉིས་ཅིག་ཅར་འབྱུང་བ་ཡིན་ནོ། །ཇི་ལྟར་འདི་ལ་ཡིན་པ་དེ་ལྟར་དབང་པོའི་ཤེས་པ་དག་ལ་ཡང་ཅིག་ཅར་རིམ་བཞིན་དུ་འབྱུང་བ་ཡོད་ན་རྣམ་པར་རྟོག་པ་བཞིན་དུ་དབང་པོའི་ཤེས་པ་དག་གི་ཡང་གོ་རིམས་རྟོགས་པར་བྱའོ། །དབང་པོའི་ཤེས་པ་ཅིག་ཅར་དུ་སྐྱེ་བ་ནི་སྲིད་པ་

འདིས་ནི། རྒྱལ་དཔོག་པ། གང་གིས་མངོན་སུམ་དོན། མངོན་སུམ་གྱི་དོན་ལ་ངོ་ཤེས་པའི་རྟོག་པ་ལ་མངོན་སུམ་དུ་རྟོག་པར་བྱེད་པ་གསལ་བར་སྣང་བའི་ཕྱིར། རྒྱུའི་ཕྱིར་རྟོག་པ་ནི་མངོན་སུམ་རྣམ་པར་བཟློག་པ་ཡིན། ཇི་ལྟར་ངོ་ཤེས་པའི་རང་བཞིན་གྱི་རྟོག་པ་དེ་མངོན་སུམ་གྱི་

Vol. 175 · folio 260a

ཚད་མ་མ་ཡིན་ནོ། །དེ་ལྟར་ན་རིགས་མཐུན་པའི་རྣམ་པར་ཤེས་པ་ཡང་ཅིག་ཅར་མི་འབྱུང་ཞིང་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ཡང་ཅིག་ཅར་འཇུག་པ་མ་ཡིན་ནོ་ཞེས་གཞན་ཡང་འདོད་དོ། །གང་གིས་དེ་ཉིད་ཡིན་ནོ་ཞེས་དེ་བསྲེ་བར་བྱེད་པ་དེས་ངོ་ཤེས་པའི་རྣམ་

པར་རྟོག་པ་དེ་ཉིད་གསལ་བར་སྣང་བ་ཡིན་ནོ་སྙམ་དུ་སེམས་ན། ངོ་ཤེས་པ་གསལ་བར་སྣང་བ་མངོན་སུམ་གྱི་ཚད་མ་ཉིད་དུ་འགྱུར་བ་ནི་རིགས་པ་མ་ཡིན་ཏེ། གཅིག་ཉིད་འཁྲུལ་པའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར། སྐྲ་དང་སྒོང་དང་མར་མེ་སོགས། །ཞེས་བྱ་བ་ལ་སོགས་པ་

སྨོས་སོ། །སྐྲ་བྲེགས་པ་ལ་ཡང་སྐྱེ་བ་དང་། སྒྱུ་མའི་སྒོང་གཞན་དང་གཞན་ལ། མར་མེའི་སྐད་ཅིག་མ་ལ་སོགས་པ་གཞན་དང་གཞན་ལ་རྟོགས་པ་ཉིད་སྣ་ཚོགས་པ་ཉིད་ཡིན་ནོ། །དེ་ལྟར་ན། རྟོགས་པ་ཐ་དད་ཅན་ལའང་། །སྐྲ་དང་སྒོང་ལ་སོགས་པ་དག་ལ་གསལ་བར་སྣང་ཡོད།

གལ་ཏེ་གསལ་བར་སྣང་བ་དེའི་ཕྱིར་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བའི་ངོ་ཤེས་པའི་བློས་མངོན་སུམ་ཉིད་ཐོབ་པར་འགྱུར་ན། འདིར་ཡང་དོན་དམ་པར་ཐ་དད་པ་གསལ་བར་སྣང་བའི་རྒྱུ་ཉིད་ཀྱི་ཕྱིར་མངོན་སུམ་ཡིན་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཇི་ལྟར་ན་གསལ་བར་སྣང་བ་མངོན་སུམ་དེ་དང་

འདྲ་འགྱུར་ཞེས་སྨོས་ཏེ། འཁྲུལ་པ་ཡིན་པར་བསྟན་ཏོ། །གང་གི་ཕྱིར་དེ་ལྟར་ངོ་ཤེས་པ་འཁྲུལ་པ་ཡིན་པ། དེ་ཕྱིར་ངོ་ཤེས་པ་ལ་ནི། །ཡི་གེ་སོགས་གཅིག་ཉིད་ངེས་པ་མེད། སོགས་པ་སྨོས་པས་ནི་གཟུགས་ལ་སོགས་པ་གཟུང་ངོ་། །ངོ་ཤེས་པ་དེ་ཡང་དབང་པོ་ལ་བརྟེན་པ་མ་

ཡིན་ནོ། །གསལ་བར་སྣང་བ་དབང་པོ་ལ་བརྟེན་པ་དེ་ཡང་གཞན་ཡིན་ལ་ངོ་ཤེས་པ་རྣམ་པར་རྟོག་པ་ཡང་གཞན་ཡིན་ནོ། །གང་གི་ཕྱིར་སྔོན་ཉམས་སུ་མྱོང་བ་དྲན་པ་དང་། སྔོན་ཉམས་སུ་མྱོང་བ་རྗེས་སུ་དྲན་པ་དང་། གང་དེ་ཆོས་སྒྲོ་འདོགས། སྔོན་ཉམས་སུ་མྱོང་བའི་དོན་གྱི་རང་གི་ངོ་བོར་

སྒྲོ་འདོགས་པ་དེ་མེད་པར་ནི་དེ་ཉིད་འདི་ཤེས་མེད་ན། འདས་པའི་དོན་དྲན་པ་དང་གཅིག་ཉིད་དུ་སྒྲོ་འདོགས་པས་ངོ་ཤེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྔོན་ཉམས་སུ་མྱོང་བའི་དྲན་པ་དང་དེའི་ཆོས་སུ་སྒྲོ་འདོགས་པ་དེ་ཡང་གང་ལས་དབང་སྐྱེས་ཀྱི་ཤེས་པ་ཡིན་ཏེ་

Vol. 175 · folio 260b

མ་ཡིན་ནོ། །འགྱུར་ན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་དུ་དོན་རྟོགས་པའི་ཕྱིར་དེ་ལས་ཐ་དད་པ་མེད་པར་འགྱུར་རོ། །གལ་ཏེ་ཁྱོད་ཀྱིས་ཅིག་ཅར་ཤེས་པ་མི་འབྱུང་བར། བཀག་པ་དེའི་ཚེ་ཤེས་པའི་ཤེས་པ་དང་། མཐོང་བ་ཅིག་ཅར་འགྱུར་རོ་ཞེས་ཁས་བླངས་པའི་ཕྱིར་ལྷན་ཅིག་

འབྱུང་བའི་ཤེས་པས་མྱོང་བར་འགྱུར་རོ་ཞེས་གཞན་དག་སེམས་སོ། །དེ་ཡང་དོན་ཤེས་པ་མྱོང་བ་དག་དོན་གྱི་ཤེས་པ་དང་དེ་ཤེས་པ་ཅིག་ཅར་འབྱུང་བར་རིགས་པ་མ་ཡིན་ནོ་ཞེས་དམ་བཅས་པའོ། །དེ་གང་ལས་ཡིན་ཞེ་ན། ལན་དུ་འདི་ལྟར། གང་ཕྱིར་དོན་དང་ཤེས་པ་དག །

དོན་དང་ཤེས་པ་དེ་དག་གཉིས་སུ་སོ་སོར་སྣང་བ་རྟོགས་པ་མེད། འདི་སྐད་དུ་གལ་ཏེ་དོན་ཤེས་པ་གཅིག་དང་དེ་འཛིན་པར་བྱེད་པ་དེ་དང་ལྷན་ཅིག་འབྱུང་བར་འགྱུར་བ་དེའི་ཚེ། དོན་གྱི་ཤེས་པ་གཅིག་དོན་དུ་སྣང་བར་མཐོང་བར་འགྱུར་ཞིང་དེ་ཉིད་ཀྱི་ཚེ་ཉམས་སུ་མྱོང་བའི་ཤེས་པ་དོན་

དང་འདྲ་བ་འཛིན་པའི་ཕྱིར་དེའི་ཤེས་པ་ཡང་དོན་གྱི་རྣམ་པར་སྣང་བ་ཅིག་ཅར་རྟོགས་པར་འགྱུར་ན། འདི་ལྟར་ཤེས་པ་ཅིག་ཅར་སྣང་བ་འདི་གཉིས་ནི་ཐ་དད་པར་རྟོགས་པ་མ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །དེ་ཉིད་ནི་དོན་དུ་སྣང་བའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །

དེ་ལྟར་ནི། དོན་དུ་སྣང་བའི་རྣམ་ཤེས་དང་། །ཕྱི་རོལ་གྱི་ནི་དོན་འབའ་ཞིག །ཅེས་བྱ་བའི་དོན་དུ་སྣང་བ་གཉིས་སུ་འགྱུར་ན་ཡང་འགྱུར་བ་ཡང་མ་ཡིན་ནོ། །ཅི་སྟེ་འགྱུར་བ་ན་ཡང་ཤེས་པ་དེ་དག་གི་དོན་དུ་སྣང་བ་གཉིས་ཐ་དད་པ་ཡིན་མོད་ཀྱི་འོན་ཀྱང་རྣམ་པ་གཅིག་པ་ཅན་

གྱི་རྣམ་པར་རྟོག་པའི་བློ་ཕྱི་མས་ཤེས་པ་རྣམ་པ་གཅིག་པ་ཅན་དུ་འཛིན་པས་དེ་ལྟར་ཞེན་པ་ཡིན་ནོ། །གལ་ཏེ་འདི་ལྟར་ཤེས་ཏེ་ཤེས་པ་དེ་དག་འདོད་པ་དེའི་ཚེ་ཡང་རིགས་པ་མ་ཡིན་ཏེ། ཐ་དད་མེད་པར་ཐལ་བའི་ཕྱིར་རོ། །བློ་རྣམ་པ་ཐ་དད་པ་མེད་པ་དག་གིས་དངོས་པོ་རྣམ་པ་ཐ་དད་

པ་ཡིན་ནོ། །གང་གི་ཚེ་ཤེས་པ་དེ་དག་བློ་རྣམ་པ་གཅིག་པ་ཅན་གྱིས་ཡིན་པ་དེའི་ཚེ་དེ་དག་ཐ་དད་པར་འགྱུར་རོ། །གཞན་ཡང་དོན་དང་ཤེས། དོན་དང་དོན་ཤེས་པ་འདི་གང་གི་ཚེ་མྱོང་བའི་ཚེ། ཉམས་སུ་མྱོང་བའི་དུས་ན་ལེགས་པར་རྟོགས་པ་གསལ་བའི་ཁྱད་པར་གྱིས་རྟོགས་པ་

Vol. 175 · folio 261a

མེད་པར་འགྱུར་བ་དེའི་ཚེ་ཇི་ལྟར་གང་དེ་དག་ཕྱིས་ནི་སོ་སོར་ཏེ། སོ་སོར་ཐ་དད་པར་དྲན་པར་འགྱུར། དྲན་པར་མི་འགྱུར་ན་འགྱུར་ཏེ། དཔེར་ན་དོན་འདི་འདྲ་བ་དང་ཤེས་པ་འདི་འདྲ་བར་འགྱུར་རོ་ཞེས་བྱ་བ་ལྟ་བུའོ། །དེའི་ཕྱིར་དོན་དུ་སྣང་བ་གཉིས་རྟོགས་པ་མེད་པའི་ཕྱིར་

ཅིག་ཅར་དོན་ཤེས་པ་དང་ཤེས་དེ་ཤེས་པ་མ་ཡིན་ནོ། །དོན་ཤེས་པ་དང་དེ་ཤེས་པ་ཅིག་ཅར་སྐྱེ་བ་ཡིན་ན་དོན་དུ་སྣང་བ་དང་འདྲ་བར་ཤེས་པ་སྣང་བ་རྟོགས་པ་ཡིན་ནོ་ཞེས་བྱ་བ། སྣང་བ་སྣ་ཚོགས་པ་ཉིད་ཀྱི་རྩོད་པའི་སྐྱོན་གང་ཡིན་པར་འདི་གདོན་པར་དཀའ། ལན་གདབ་པར་དཀའ་བ་ཡིན་

ནོ། །འདི་ལྟར། དོན་དང་དོན་གྱི་ཡིད་དག་ནི། །མྱོང་བའི་རིམ་བཞིན་སྐྱེ་ན་ཡང་། །དོན་གྱི་ཤེས་པ་དང་ཤེས་པ་དག་རིམ་བཞིན་སྐྱེ་བར་འདོད་ན་སྣང་བ་གཉིས་རྣམ་པར་མ་ཆོད་པར་མི་འགྱུར་ན། རྣམ་པར་ཆོད་པར་རྟོགས་པར་འགྱུར་ཏེ། དེ་ནི་དེ་ལྟར་ཡང་མ་ཡིན་ཏེ། དེ་ལྟར་སྔོན་

པོ་ལ་སོགས་པའི། རྣམ་པ་གཅིག་རྟོགས་འགྱུར་ཞིང་། དོན་གྱི་ཤེས་པ་དང་མ་འདྲེས་པ་འབའ་ཞིག་མྱོང་བ་གཅིག་རྟོགས་འགྱུར་གྱི་སྔོན་པོ་སྣང་མྱོང་བའི། སྔོན་པོར་སྣང་བའི་མྱོང་བའི་མྱོང་བ་དེའི་ཡུལ་ཅན་དོན་གྱི་ཤེས་པར་རྣམ་པར་སྣང་བ་གཞན་གྱི་མྱོང་བ་སོ་སོར་རྟོགས་པ་མ་

ཡིན་ན། གང་གིས་ན་དོན་ཤེས་པ་ཤེས་པ་གཞན་གྱིས་མྱོང་བ་ཉིད་དུ་སྒྲུབ་པར་འགྱུར། ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ཉིད་ཡིན་ན་ཡང་གདོན་མི་ཟ་བར་ཇི་སྐད་དུ་བཤད་པའི་སྣང་བ་དག་གིས་མྱོང་བར་འགྱུར་བ་ཡིན་ཏེ། ཅིག་ཅར་རམ་རིམ་གྱིས་དོན་དུ་སྣང་བས་སམ།

དེའི་ཤེས་པར་སྣང་བ་ཡིན་པས་ན་དེ་དག་ནི་ཡིན་ནོ། །རང་རིག་པ་ལ་ནི་ཐལ་བ་འདི་ཡོད་པ་ཡང་མ་ཡིན་ཏེ། དོན་གྱི་ཤེས་པ་ཉིད་ནི་གསལ་བའི་བདག་ཉིད་དུ་སྐྱེས་པའི་ཕྱིར་དོན་གྱི་རྣམ་པ་དང་མྱོང་བའི་རྣམ་པ་གཅིག་ཉིད་ཡིན་པར་འགྱུར་རོ། །དེ་དེ་ལྟར་ན་རེ་ཞིག་བསྟན་བཅོས་

མཛད་པ་རང་ཉིད་ཀྱིས་གྲུབ་པ་ལ་སྒྲུབ་པ་བསྩལ་བ་ཡིན་ནོ། །ད་ནི་སློབ་དཔོན་གྱིས་གྲུབ་པ་ལ་སྒྲུབ་པ་གསལ་བ་ཤེས་པ་གཞན་གྱིས་ཞེས་བྱ་བ་ལ་སོགས་པས་གཞུང་འཛུགས་པར་བྱེད་དོ། །སྔོན་པོ་ལ་སོགས་པའི་ཡུལ་ཅན་གྱི་ཤེས་པ་ཤེས་པ་གཞན་གྱིས་རྗེས་མྱོང་བར། འགྱུར་

Vol. 175 · folio 261b

བ་ཞེས་བྱ་བ་དེ་ལྟ་ཡིན་ན་ཡང་ཤེས་པའི་ཤེས་པ་ལ་ཡང་དྲན་པ་གང་ཡིན་པ་དེ་མི་འགྱུར་ཏེ། དེ་རང་ཉིད་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ། །འདི་ལྟར་ཤེས་པ་གང་གིས་ཤེས་པ་ཉམས་སུ་མྱོང་བ་ཡིན་ནོ་ཞེས་འདོད་པ་དེ་ལ་ཡང་ཤེས་པ་ལ་དྲན་པ་སྐྱེ་བར་འགྱུར་བ་མཐོང་སྟེ། དཔེར་

ན་ངའི་ཤེས་པ་ཤེས་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །ཉམས་སུ་མྱོང་བ་མ་ཡིན་པ་དྲན་པ་མ་ཡིན་ནོ། །གང་གིས་དེ་ནི་མྱོང་བ་བཞིན། །གལ་ཏེ་རང་ཉིད་ཀྱིས་དེའི་བདག་ཉིད་ཉམས་སུ་མྱོང་བ་མ་ཡིན་པར་འདོད་ན་གང་གིས་ཤེས་པའི་ཤེས་པ་ཉམས་སུ་མྱོང་བ་ཡིན། དེ་

ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་གཞན་གྱིས་དེ་ཡིན་ན། ཤེས་པའི་ཤེས་པ་དེ་ཡང་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ཡིན་ནོ་ཞེ་ན། འདིར་ཕྱོགས་སྔ་མ་དེ་ལ་ཤེས་པའི་ཤེས་པ་ཐ་མ་ལ་ཡང་དྲན་པ་མཐོང་བ་དེ་ལྟར་ན་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ཐུག་པ་མེད་པ་ཡིན་ནོ། །དེ་

ལྟར་ན་དྲན་པའི་སྒོ་ནས་ཀྱང་ཡུལ་གཞན་ལ་འཕོ་བ་མེད་པའི་སྐྱོན་སློབ་དཔོན་གྱིས་བཤད་པ་གང་ཡིན་པ་དེ་རེ་ཞིག་གཞན་ནས་རྣམ་པ་གཞན་དུ་ཡུལ་གཞན་ལ་འཕོ་བ་མེད་པར་བསྟན་པའི་ཕྱིར་ཤེས་རིག་ཅེས་བྱ་བ་ལ་སོགས་པས་གཞན་ལ་འདྲི་བར་མཛད་པ་ཡིན་ནོ། །དོན་གྱི་ཤེས་

པ་ལ་སྐྱེས་པ་ན་དེའི་ཤེས་པ་དང་ཡང་དེའི་ཤེས་པའི་ཤེས་པ་ལྟར་ན་བརྒྱུད་པས་ཡིན་པ་དེ་ལྟར་ན་ཤེས་པའི་ཉམས་སུ་མྱོང་བ་རྣམས་ཀྱིས་ཤེས་རིག་ཕྲེང་བ་གང་ཡིན་པ་འདིའི་ན་ཤེས་པའི་ཉམས་སུ་མྱོང་བའི་ཕྲེང་བའི་རྗེས་སུ་འཇུག་ཅན། རྒྱུན་ཆད་པ་མེད་པར་འདི་བྱ་བ་གཞན་མེད་པ་

ཅན་གང་གིས་སྐྱེད། རེ་ཞིག་དོན་མ་ཡིན་ཏེ། རྩ་བའི་རྣམ་པར་ཤེས་པའི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །སྣང་བའམ་དབང་པོ་ཡང་མ་ཡིན་ཏེ། དོན་གྱི་ཤེས་པ་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །རྒྱུ་མེད་པ་ཡང་མ་ཡིན་ཏེ། ཐམས་ཅད་ལ་ཐམས་ཅད་ཀྱི་ཚེ་བདག་ཉིད་ཐམས་ཅད་ཀྱིས་

སྐྱེ་བའི་ཕྱིར་རོ། །འདིའི་སྐྱེ་བ་དེ་གང་ལས་ཡིན་བརྗོད་པར་བྱའོ། །དེ་ལྟར་ན་ནི་འགྱུར་མོད་ཀྱི། གལ་ཏེ་དེ་ཉིད་སྔ་བློས་ཡིན་བློ་སྔ་མ་སྔ་མ་གང་ཡིན་པས་རང་ཉིད་འཛིན་པར་བྱེད་པའི་བློ་ཕྱི་མ་ཕྱི་མ་དེ་ཉིད་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟར་ཡིན་པ་དེའི་ཚེ། ཡུལ་གཞན་

Vol. 175 · folio 262a

ལ་ནི་འཕོ་མི་འགྱུར། །དོན་གཅིག་གི་ཡུལ་ཅན་གྱི་ཤེས་པ་གཞན་དང་གཞན་ནི་འཁོར་བ་ཇི་སྲིད་པའི་བར་དུ་འཇུག་པ་དེ་ལྟར་ན། ཡུལ་གཞན་ལ་ཤེས་པ་ཅུང་ཟད་ཀྱང་འཇུག་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གཟུང་བ་སྐྱེད་བྱེད་ལས་གཞན་མིན། །འོན་ཀྱང་དེ་

ལྟར་སྐྱེད་པར་བྱེད་པ་ཉིད་ཡིན་པས་གཟུང་བའི་མཚན་ཉིད་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །དེས་ན་གཟུང་བའི་མཚན་ཉིད་ཀྱིར་གྱུར་པ་ཉེ་བ་སྟེ་ཉེ་བ་ཉིད་སྐྱེད་བྱེད་ཡིན་ནོ་ཞེས་བྱ་བ་འདིས་ནི་འདས་མ་ཐག་པ་སྟོན་པར་བྱེད་པས། རྒྱུ་གཅིག་ལ་གནས་པ་ཉིད་བཤད་དོ། །དེ་དེ་ལྟར་ན་ཉེ་

བར་ལེན་པའི་ངོ་བོར་སྐྱེད་པར་བྱེད་པའི་བློ་དེ་དག་གཟུང་བ་མེད་པར་ཤེས་པ་ཕྱི་མས་ཇི་ལྟར་གཞན་ནི་ཡུལ་གཞན་འཛིན་པར་འགྱུར་རོ། །བློ་སྔ་མ་དེ་ཉིད་ཐག་ཉེ་བ་བློ་ཕྱི་མས་འཛིན་པར་འགྱུར་རོ་ཞེས་བརྒྱུད་པས་ཡུལ་གཞན་ལ་འཕོ་བར་མི་འགྱུར་རོ། །དེ་ལྟར་ན་བློ་སྔ་མ་དེ་བདག་ལ་ཤེས་པ་

བསྐྱེད་པའི་རང་བཞིན་ལ་ངེས་པར་གནས་པ། བདག་ཉིད་ཤེས་པ་བསྐྱེད་པའི་རང་བཞིན་དུ་གནས་པའི་བློ་ནང་ཡན་ལག་རང་འཛིན་པར་བྱེད་པའི་ཤེས་པ་སྐྱེད་པ་ལ་ནང་གི་ཡན་ལག་ཏུ་གྱུར་པ། དེ་བདག་ལ་ཕྱི་ཡན་ལག་གཞན་གང་གིས་ཏེ། གཟུགས་ལ་སོགས་པའི་ཡུལ་འགའ་ཞིག་

གིས་གགས་ནི་བྱེད་པར་འགྱུར། གང་གིས་ནི་དེ་མ་གཏོགས་པར་ཤེས་པ་ཕྱི་མས་ཡུལ་འཛིན་པར་འགྱུར། དེ་ལྟར་ན་ཡུལ་གཞན་ལ་འཕོ་བ་མེད་པ་ཉིད་ཀྱིས་གཞུང་བཙུགས་པ་ཡིན་ནོ། །ཕྱི་རོལ་དོན་ནི་ཉེ་བས་ཀྱང་དེ་ལ་གགས་བྱེད་པ་ཡིན་ནོ་ཞེས་བྱ་བ་ཡོད་པ་མ་ཡིན་ཏེ། ནང་གི་

ཡན་ལག་ཏུ་གྱུར་པའི་བློ་དེ་ལ་ཕྱི་རོལ་གྱི་དོན་ཉེ་བ་ལ་ཡང་གགས་བྱེད་ནུས་པ་མེད་ནུས་པ་མ་ཡིན་ཏེ། ཕྱི་མའི་ཡན་ལག་ཉིད་ཡིན་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །གཞན་ཡང་ཕྱི་རོལ་དོན་ཉེ་བས་ཀྱང་དེ་ལ་བློ་དེ་འདྲ་བ་གགས་བྱེད་པར་འགྱུར་བ་དེའི་ཚེ། གཞན་དུ་དོན་ནི་ཉེ་བ་ན། ཉེ་བར་གྱུར་པ་ན་

སྐྱེས་བུ་འགས་བདག་བློ་མྱོང་བར་མི་འགྱུར་རོ། །དེ་ལྟར་ན་དོན་བློ་དང་བློ་གཅིག་གིས་ཉམས་སུ་མྱོང་བ་འགོག་པར་འགྱུར་རོ། །གང་གི་ཚེ་བློའི་དོན་གགས་བྱེད་པ་དེའི་ཚེ། སྲིད་པར་རྒྱུ་བ་ཅན་ལྔ་ལ་དོན་ཉེ་བ་ཅན་གནས་སྐབས་འགའ། ཡོད་མིན། གང་གིས་ན་འགའ་ཞིག་གི་ཚེ་

Vol. 175 · folio 262b

གགས་བྱེད་པ་མེད་པའི་ཕྱིར་འགའ་ཞིག་གིས་བློ་ཉམས་སུ་མྱོང་བར་འགྱུར། དེའི་ཕྱིར་བློ་འགའ་ཞིག་ཀྱང་ཉམས་སུ་མྱོང་བ་མེད་པའི་རྒྱུའི་ཕྱིར། བློའི་དྲན་པ་ཅན་ཡང་རྩ་ནས་བཏོན་པ་དང་། རྒྱུ་མཚན་མེད་པར་གྱུར་པའོ། །འང་གི་སྒྲས་ནི་ཉམས་སུ་མྱོང་བ་འགའ་ཞིག་མ་ཡིན་

གྱི་བློ་དེའི་དྲན་པ་ཡང་རྒྱུན་ཆད་པ་སྟེ་མེད་པ་ཡིན་ནོ། །དེ་ལྟར་འདོད་པ་མཛེས་ཞེས་བྱ་བ་ནི་དཔྱས་པ་ཡིན་ནོ། །མིག་ལ་སོགས་པའི་ཤེས་པ་གང་ཡིན་པ་དེ་དག་ལ་དོན་ཉེ་བ་ན་ཡོད་པ་ལ་གགས་བྱེད་པ་ཡོད་པའི་ཕྱིར་ཡུལ་གཞན་ལ་འཕོ་བ་ནི་བླ་སྟེ། འདས་པ་ལ་སོགས་པའི་རྣམ་

རྟོག་རྣམས། འབད་རྩོལ་ལས་འབྱུང་བའི་ངང་ཚུལ་ཅན། གང་ལ་ཕྱི་རོལ་གྱི་དོན་ལ་རེག་པ་མེད་པའམ། ཉེ་བ་ལ་ལྟོས་པ་མེད་པ་རྣམས་ལ་དོན་ནི་ཉེ་བ་མེད་པ་སྟེ། རྣམ་པར་རྟོག་པའི་ཤེས་པ་བརྒྱུད་པ་ཡིན་པ་དེ། སྐྱེད་པ་ལ་གགས་བྱེད་པ་ཡོད་པ་མ་ཡིན་པ་དེ་ལྟར་

ན་འཕོ་བར་བྱེད་པའི་དོན་མེད་པའི་ཕྱིར་ཤེས་པ་འཛིན་པ་ལས་གཞན་དུ་འཕོ་བའི་རྒྱུ་ཡོད་པ་མ་ཡིན་ནོ། །འཕོ་བའི་རྒྱུ་ནི་མེད་པའི་ཕྱིར། རྟག་ཏུ་རྣམ་པར་རྟོག་པའི་ཤེས་པའི་ཤེས་པ་བརྒྱུད་པ་ཡིན་པ་དེ་ལྟར་ན་དོན་གཞན་ཞིག་ལ་རྣམ་པར་རྟོག་པ་དཔྱོད་པ་འབྱུང་བར་འགྱུར་རོ་

ཞེས་བྱ་བའི་དོན་ལ་དཔྱོད་པ་རྒྱུན་ཆད་འགྱུར་ཏེ་དོན་ལ་དཔྱོད་པ་ཞེས་བྱ་བ་ཅུང་ཟད་ཀྱང་ཡོད་དོ་ཞེས་བྱ་བའི་གཏམ་དེར་ཡང་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཤེས་པ་སྐྱེད་པར་བྱེད་པ་ཐ་མར་བདག་ལ་སྟེ་བདག་གི་ཡུལ་ལ་ཤེས་པ་སྐྱེད་པར་བྱེད་པའི་ནུས་པ་རིམ་

གྱིས་ཟད་པར་འགྱུར་བས། འདིའི་ཤེས་པ་སྐྱེད་པར་བྱེད་པའི་ནུས་པ་ཟད་པར་འགྱུར་བས་རང་གི་ཡུལ་ལ་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་ཤེས་པ་ཡུལ་གཞན་ལ་ནི་འཕོ་བ་ཡིན་ན། ཡུལ་འདོད་པ་དེའི་ཚེ། སྔོན་བློའི་ནུས་པ་ཟད་ཡིན་ན། །གང་ལས་དོན་བློ་དེའི་དེ་

ཉིད་ཡིན། ཡུལ་གཅིག་ལས་སྐྱེད་པའི་ཤེས་པ་བརྒྱུད་པ་ཡིན་ན། ཤེས་པ་ཐ་མའི་ནུས་པ་ཟད་པའི་ཕྱིར་ཡུལ་གཞན་ལ་དོན་མཐོང་བ་ན་ཉེ་བར་ལེན་པའི་རྒྱུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེ་ལྟར་ན་མི་སྐྱེ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར།

Vol. 175 · folio 263a

སྔོན་བློ་མེད་པར་བློ་མ་ཡིན། །བློ་སྔ་མ་ནུས་པ་ཅན་མེད་པ་བློ་ཕྱི་མ་འབྱུང་བར་མི་འགྱུར་རོ། །རང་ཉིད་ཀྱང་གང་ལས་ཤེས། གཞན་ལ་ཆགས་པས་ནུས་བྲལ་བའི། །ཤེས་པ་ཡུལ་གཞན་ལ་སོགས་པས་ཤེས་པ་སྔ་མ་ནུས་པ་མེད་པར་བྱས་པར་གྱུར་པ་ཡིན་ན། ཤེས་པ་

སྐྱེ་བ་མེད་ཕྱིར་རོ། །རང་གི་ཡུལ་ཉེ་བ་ན་ཡོད་པ་ན་ཡང་ཤེས་པ་སྐྱེ་བ་མི་དམིགས་པའི་ཕྱིར་རོ། །ཤེས་པ་ཕྱི་མ་ཤེས་པ་སྔ་མ་ལ་ལྟོས་པ་སྔ་ན་ནུས་པ་དང་བྲལ་བ་ཞེས་བྱ་བ་ལ་ལྟོས་པ་མེད་པ་ཡིན་ན། ཕྱི་མ་ལྟོས་པ་མེད་པར་སྐྱེ་བ་ཅན་དེ་ཅིའི་ཕྱིར་ཉེ་བར་མི་འགྱུར་དེ་དེ་ལྟར་ན་ཤེས་པ་སྔ་

མའི་རྗེས་སུ་བྱེད་པའི་ཕྱིར། དེའི་འབྲས་བུ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟར་ན་རྣམ་པར་ཤེས་པ་སྔ་མ་རྣམ་པར་ཆགས་པ་དང་རྣམ་པར་གཡེང་བ་ལ་སོགས་པའི་རྗེས་སུ་བྱེད་པའི་ཕྱིར། ཕྱི་མའི་དེ་ཉེ་བར་ལེན་པའི་རྒྱུ་ཉིད་ཡིན་པ་དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་རྒྱུ་

ལས་ཅིག་ཅར་འཇུག་པའི་རྣམ་པར་ཤེས་པ་འཇུག་པར་འགྱུར་བ་གང་ཡིན་པ་དེའི་ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གཞན་ལ་ཆགས་པའམ་ཆགས་པ་མེད་པ་ཡིན་ནོ། །དེ་ལྟར་ན་དེ་ལ་ཆགས་པ་ཡོད་ན་ཡོད་ཡུལ་གཞན་ལ་ཤེས་པ་འཇུག་པར་འགྱུར་ན་འཇུག་པར་ཡང་མི་འགྱུར་བ་དེའི་

ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཉེ་བར་ལེན་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཡིན་ཏེ། དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེ་ན། དེ་ལ་སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཅིག་ཅར་རིགས་མི་མཐུན་སྐྱེ་ན། ཅིག་ཅར་

ཀུན་གཞི་རྣམ་པར་ཤེས་པ་ཉེ་བར་ལེན་པའི་རྒྱུ་ལས་རིགས་མི་མཐུན་པའི་རྣམ་པར་ཤེས་པ་རྣམས་སྐྱེ་བར་ཁས་བླངས་པ་ན་ཀུན་གཞིའི་རྣམ་པར་ཤེས་པ་ཅིག་ཤོས་ནི་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོར་ཡོད་པ་ཡིན་པ་དེ་ལྟར་ན། ཤིན་ཏུ་གསལ་བའི་སེམས་གཅིག་གིས་

ཡུལ་གཞན་ལ་ཆགས་པ་ནུས་པ་དང་བྲལ་བ་འཇུག་པའི་རྣམ་པར་ཤེས་པས་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དེ་ལས་གཞན་པའི་ཤེས་པ་སྐྱེད་པ་ལ་ནུས་པ་མེད་པར་བྱས་པ་ཡིན། དེ་ལྟར་ན་ནུས་པ་མེད་པར་བྱས་པ་ཅན་ཀུན་གཞི་ལས་རྣམ་པར་ཤེས་པ་གཞན་དུ་འབྱུང་བ་མེད།

Vol. 175 · folio 263b

ཡུལ་གཞན་དུ་འཛིན་པའི་ངང་ཚུལ་ཅན་གྱི་མིག་གི་རྣམ་པར་ཤེས་པ་ལ་སོགས་པར་འཇུག་པར་མི་འགྱུར་རོ། །དེ་དེ་ལྟར་ན་རྣམ་པར་ཤེས་པ་ནུས་པ་མེད་པ་མ་ཡིན་པ་སྔ་མ་ནི་ཕྱི་མའི་རྒྱུ་ཡིན་ནོ། །གལ་ཏེ་རྒྱུར་མི་འགྱུར་བ་དེའི་ཚེ་དེ་ལྟ་མིན་ན་ཡིད་འཇུག །ཤེས་པ་སྔ་མ་འཇུག་པ་གང་ཡིན་པ་དེ་

མཚུངས་པ་སྟེ་ནུས་པ་ཡིན་ནོ། །ཡིད་གཞན་ལ་ཤེས་པ་ཕྱི་མ་སྐྱེ་བ་ལ་ལྟོས་མི་འགྱུར། གཞན་ལ་ཆགས་པ་ལ་སོགས་པས་ནུས་པ་མེད་པ་ཡིན་ན་ཡང་ནུས་པ་མེད་པ་མ་ཡིན་པར་མི་འགྱུར་རོ། །སེམས་ནུས་པ་ཡོད་པ་ལ་ལྟོས་པ་དེའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་

རྐྱེན་ཇི་ལྟ་བ་བཞིན་དུ་ཅིག་ཅར་ཡང་འབྱུང་བར་འགྱུར་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ནི་མ་ཡིན་ནོ། །འོན་ཀྱང་ཡིད་ཀྱི་རྣམ་པར་ཤེས་པ་དག་ནི་རིམ་བཞིན་དུ་སྐྱེ་བར་འགྱུར་རོ། །དེ་ཡང་། ཡིད་ཤེས་རིམ་བཞིན་སྐྱེ་བ་ཡང་། །ལྟོས་པས་རབ་ཏུ་གྲུབ་པ་ཡིན། །ཤེས་པ་སྔ་མ་སྔ་མས་ནུས་

པ་མེད་པ་ཡིན་པ་ལྟོས་པ་མེད་པ་ཕྱི་མ་ཕྱི་མ་དག་རིམ་པ་བཞིན་དུ་སྐྱེ་བར་བསྟན་ཏོ། །དེ་ལྟར་ན་ཤེས་པ་ནི་གཅིག་ཉིད་ཀྱིར་རྒྱུར་འགྱུར་བ་དེ་ལྟ་ན་ཡང་ཤེས་པ་རེ་རེ་བཞིན་དུ་སྐྱེ་བར་འགྱུར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་ཤེས་པ་སྐྱེད་པར་བྱེད་པའི་བློ་སྔ་མ་སྔ་མ་རེ་རེ་ལྟོས་པ་མེད་

པར་ཕྱི་མ་ཕྱི་མ་སྐྱེ་བར་འགྱུར་ན་རེ་རེ་སྐྱེད་པའི་སོ་སོར་ངེས་པར་མི་འགྱུར་རོ། །དེའི་ཚེ་ཅིག་ཅར་རྣམ་པར་རྟོག་པའི་བློ་ཐམས་ཅད་འབྱུང་བར་འགྱུར་ན་དེ་ལྟར་ཡང་མ་ཡིན་པ་དེའི་ཕྱིར་བློ་གཅིག་སྔ་མ་སྔ་མ་སོ་སོར་ངེས་པ་ལས་བློ་གཅིག་པོ་ཕྱི་མ་སྐྱེ་བར་ངེས་པ་ཡིན་ནོ། །གང་གི་

ཚེ་ཡིད་གཅིག་པོ་རྟག་པ་རྡུལ་ཕྲན་ཡིན་པར་སེམས་པ་གང་ཡིན་པ་དེའི་གལ་ཏེ་ཡིད་ནི་དེ་གཅིག་ཉིད་ཕྱིར། རྒྱུའི་ཕྱིར་དེ་ལས་གཞན་པ་སྟེ། དབང་པོ་ལས་འབྲེལ་པར་འགྱུར་བ་དེའི་ཚེ། དབང་པོ་གཞན་ལ་མི་རྟེན་པར་དེའི་ཕྱིར་བློ་རེ་རེ་སྐྱེ་བར་ངེས་པ་ཡིན་ནོ། །གལ་ཏེ་དེ་

ལྟར་ན་གཞན་དབང་པོ་གཅིག་ལ་ཆགས་པ་ཡིད་གཞན་མི་རྟེན་དབང་པོའི་ཁྱད་པར་གཞན་ལ་མི་རྟེན་པའི་རྒྱུའི་ཕྱིར། ཅིག་ཅར་ཤེས་པ་གཞན་མི་སྐྱེ། །ཁས་ལེན་པས་བློ་གཅིག་པོ་སྔ་མའི་ནུས་པ་སོ་སོར་ངེས་པ་ལས་མ་ཡིན་ནོ་ཞེ་ན། དེ་དང་དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།

Vol. 175 · folio 264a

ལ་ལར་ཅིག་ཅར་འབྱུང་ཕྱིར་རོ། །ལ་ལར་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཡུལ་ཉེ་བ་ན་ཅིག་ཅར་མིག་གི་རྣམ་པར་ཤེས་པ་ཡང་སྐྱེ་བ་མཐོང་ཕྱིར་སྔ་མ་ཡང་རབ་ཏུ་བསྒྲུབས་ཟིན་པ་ཡིན་ནོ། །འདིས་ཀྱང་འཇུག་པ་མཚུངས་ན། མཚུངས་ཉིད་ཕྱིར། གང་གི་ཚེ་ཡུལ་ཤིན་

ཏུ་གསལ་བ་མ་ཡིན་པ་ཐག་ཉེ་བ་ན་ཡོད་པ་དེའི་སྒོ་ནས་སམ། སྐྱེས་བུ་བདག་ཉིད་འགའ་ཞིག་གི་ཚེ་ཡུལ་གཞན་མཐོང་བར་མི་འདོད་ན། གང་གིས་ན་དེ་ཀུན་ནས་སློང་བའི་འབད་རྩོལ་ལས་དབང་པོ་གཞན་ལ་ཡིད་རྟེན་པར་འགྱུར། དེ་དེ་ལྟར་ན་སྐྱེས་བུ་དང་ཡུལ་དག་ལ་མཚུངས་

པ་ཡོད་ན་དབང་པོ་གཅིག་ལ་མཚུངས་པ་སྟེ། བྱེ་བྲག་མེད་པར་འཇུག་པ་དེའི་ཚེ་མཚུངས་པ་ཉིད་ཀྱི་ཕྱིར་གནས་སྐབས་འདི་ཉིད་དུ་འགྱུར་ཏེ། ཐམས་ཅད་ནི་གཞན། ཡུལ་གཞན་མི་རྟོགས་མི་དམིགས་པར་འགྱུར་ན། དམིགས་པར་ཡང་འགྱུར་བ་དེའི་ཕྱིར་རོ། །རྣམ་པར་ཤེས་པ་

རྣམས་ལ་ཡིད་འགའ་ཞིག་གི་ཚེ་ཡང་ལྟོས་པ་མ་ཡིན་པ་དེ་ལྟར་འབྲས་བུ་དེ་དག་ཅིག་ཅར་ཉིད་དུ་འགྱུར་རོ། །གང་ལ་ཡིད་དབང་པོ་དང་འབྲེལ་པར་གྱུར་པ་དེ་ལ་དབང་པོ་གཞན་ལ་བརྟེན་པ་མེད་པའི་ཕྱིར། དེས་བྱས་པའི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རིམ་བཞིན་དུ་སྐྱེ་བར་རྟོགས་

པར་འགྱུར་བ་གང་གི་ཚེ་བདག་དང་ལྷན་ཅིག་འབའ་ཞིག་འབྲེལ་པར་འགྱུར་བ་དེའི་ཚེ་བདག་ཉིད་དང་ནི་ལྡན་ཙམ་ལས། སྐྱེས་རྣམས་ཅིག་ཅར་སྐྱེ་བར་འགྱུར། །བདག་དང་ཡིད་ལྡན་པ་ཙམ་ལས་འབྱུང་བ་ངང་ཚུལ་ཅན་གྱི་ཤེས་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཅིག་ཅར་སྐྱེ་བར་འགྱུར་

རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཡིད་ཀྱི་གོ་རིམས་ཀྱི་རྒྱུ་འགའ་ཞིག་ཀྱང་མེད་པའི་ཕྱིར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གཅིག་ལས་བྱ་བ་གཅིག་ཡིན་ནའང་། །བྱེད་པ་གཅིག་ཉིད་ཀྱིས་བྱ་བ་གཅིག་ཉིད་བྱེད་དོ། །ཡིད་ཀྱང་བྱེད་པ་གཅིག་ཉིད་ཡིན་ཏེ། བློའི་ངོ་བོའི་བྱ་བ་གཅིག་ཉིད་

བྱེད་ཀྱི་གཅིག་བདག་དང་ཡིད་དང་ལྡན་པ་ཙམ་ལས་འབྱུང་བའི་ངང་ཚུལ་ཅན་གྱི་བློ་རྣམས་སྐྱེ་བ་ནི་མ་ཡིན་ནོ་ཞེ་ན། གལ་ཏེ་བྱེད་པ་གཅིག་ཉིད་ཡིན་པའི་ཕྱིར་དེས་རྣམ་པར་ངེས་པར་བྱ་བ་ཡང་གཅིག་ཉིད་ཡིན་པར་འདོད་པ་དེའི་ཚེ། ཅིག་ཅར་མར་མེ་དུ་མས་མཐོང་། །ཅིའི་ཕྱིར་སྐྱེས་བུ་

Vol. 175 · folio 264b

དུ་མས་མཐོང་བ་དུ་མ་སྒྲུབ་པར་བྱེད་པ་ཞེས་བྱ་བའི་ངེས་པ་བསྟན་ཏོ། །ཅི་སྟེ་ཡང་ལྟ་བ་པོ་དུ་མའི་དབང་གིས་མར་མེའི་ཤེས་པ་དུ་མ་སྒྲུབ་པར་བྱེད་པར་འགྱུར་བ་ཡིན་ནོ་ཞེ་ན། འོ་ན་ནི་ཡིད་ངེས་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་རྣམ་པར་ཤེས་པ་རྣམས་བདག་ཉིད་བག་ཆགས་ཡོངས་

སུ་སྨིན་པའི་ཁྱད་པར་ཅན་གྱི་ངོ་བོ་ངེས་པར་བྱེད་པ་ཡིན་པར་འགྱུར་རོ། །དེ་ལྟར་ཅིག་ཅར་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་པས་ན། རྗེས་སུ་དཔག་པར་བྱ་བ་མ་ཡིན་པ་དེ་ལྟར་ན་འབྲེལ་པ་མེད་པ་ཡིན་ནོ། །འོན་ཀྱང་གང་གི་ཚེ་ཡིད་ཤེས་པ་ཕྱི་མ་སྐྱེད་པར་མི་བྱེད་པ་དེའི་ཚེ་

ཅི་སྟེ་སྐྱེད་པར་མི་བྱེད་པའི་རང་བཞིན་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་སྐྱེད་པར་བྱེད་པའི་རང་བཞིན་ཅན་ཡིན་ན་དེའི་རང་བཞིན་ཙམ་ལས་བྱུང་བའི་ངང་ཚུལ་ཅིག་ཅར་འགྱུར་རོ། །ཅི་སྟེ་སྐྱེད་པར་བྱེད་པའི་རང་བཞིན་ཅན་མ་ཡིན་པ་དེའི་ཚེ་རིམ་གྱིས་ཀྱང་རྣམ་པར་ཤེས་པ་

སྐྱེད་པ་ལ་ནུས་མེད་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཕྱིས་ཀྱང་བྱེ་བྲག་མེད་ཕྱིར་རོ། །རྟག་པ་ཉིད་ཀྱི་ཕྱིར་སྔར་བྱེད་པ་པོའི་རང་བཞིན་མ་ཡིན་པར་བྱེ་བྲག་མེད་པའི་ཕྱིར་རོ། །བཤད་མ་ཐག་པ་དེས་ལུས་སྐྱེས་བུ་བཤད་པ་ཡིན། ལུས་ལས་བློ་སྐྱེ་བར་འགྱུར་རོ་ཞེས་སེམས་གང་ཡིན་དེའི་

གལ་ཏེ་ལུས་གཅིག་པོ་དེ་སྔར་སྐྱེད་པ་མ་ཡིན་ན། ཕྱིས་ཀྱང་སྐྱེད་པར་བྱེད་པར་མི་འགྱུར་བྱེ་བྲག་མེད་པའི་ཕྱིར་རོ། །དེ་བཞིན་དུ་སྐྱེས་བུ་ཡང་ཞེས་བྱ་བས་ལན་བསྟན་ཟིན་ཏོ། །གལ་ཏེ་འདུ་བྱེད་ལས་ངེས་ཡིན་ཤེས་ལས་སྐྱེས་པའི་རྒྱུ་འདུ་བྱེད་པ་དེ་ལས་བློ་རེ་རེས་སོ་སོར་ངེས་པ་ཡིན་

ནོ་ཞེ་ན། དེ་ནི་འདི་ལྟར་ཡང་འདུ་བྱེད་དེ་དག་བདག་ཉིད་ལ་གནས་པ་ཡོད་ན་འབྱུང་བའི་ངང་ཚུལ་ཅན་གྱི་ཤེས་པ་ཐམས་ཅད་ཅིག་ཅར་འཇུག་པར་འགྱུར་རོ། །ཅི་སྟེ་ཡང་འདུ་བྱེད་ཉེ་བ་ཡིན་ན་དེའི་ཚེ་འདུ་བྱེད་གང་ཡིན་པ་དེ་ཕྱིས་གང་ལས་འོངས་པ་ཡིན་ཞིང་དེའི་ཚེ་སྐྱེད་པར་འགྱུར།

དེ་ལྟར་ནི་འགྱུར་མོད་ཀྱི་གལ་ཏེ་བློ་ཡིན་ན། བློ་ལས་འདུ་བྱེད་ཡིན་ཞིང་དེ་ལས་བློ་འབྱུང་བ་ཡིན་ནོ་ཞེ་ན། འདོད་པར་འགྱུར་བ་ཡིན། བློའི་བག་ཆགས་ཀྱི་བྱེ་བྲག་ཁོ་བོ་ཅག་འདུ་བྱེད་ཉིད་དུ་འདོད་དོ། །དེ་ལས་བློ་སྐྱེ་བའི་ཕྱིར་བློ་ལས་སྐྱེ་བར་འདོད་པར་འགྱུར་རོ། །དེ་བས་ན་དེ་

Vol. 175 · folio 265a

སྐད་དུ་བཤད་པ་གང་ཡིན་པ་དེ་འདོད་པ་ཉིད་ཡིན་པ་དེ་ལྟར་ན་བློ་སྔོན་མེད་པར་བློ་མ་ཡིན་ཞེས་བྱ་བ་དེ་གྲུབ་པ་ཡིན་ན། བློ་སྔ་མ་ནི་བློ་ཕྱི་མ་སྐྱེད་པར་བྱེད་པ་མེད་པ་ལ་ཉེ་བར་ལེན་པའི་ངོ་བོར་ཡོད་པ་ཡིན་ནོ། །དེ་བས་ན་བློ་ནི་བློ་སྐྱེད་པར་བྱེད་པའི་ནུས་པ་ཉམས་པ་མ་ཡིན་པ་དེ་

ལྟར་ན་བློ་སྔ་མ་ཅིག་ཤོས་ཀྱིས་གཟུང་བ་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། ཉེ་བར་ལེན་པའི་ངོ་བོ་ཙམ་ཡིན་པ་ནི་བླ་སྟེ་གཞན་གཟུང་བ་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ་ཞེ་ན། དེ་ལ། གཟུང་བ་སྐྱེད་བྱེད་ལས་གཞན་མིན། །གཟུང་བའི་མཚན་ཉིད་ཀྱི་དངོས་པོ་འཛིན་པའི་མཚན་ཉིད་སྐྱེད་པར་

བྱེད་པ་ཉིད་གཟུང་བ་ཉིད་ཡིན་ནོ། །རྣམ་པར་ཤེས་པ་སྐྱེད་བྱེད་གཟུང་མཚན་ཉིད་མིན་ཏེ། སྣང་བ་གཟུང་བ་མ་ཡིན་ནོ་ཞེ་ན། གལ་ཏེ་གཟུང་བ་སྐྱེད་པར་བྱེད་པ་ཉིད་མ་ཡིན་པ་ནི་མ་ཡིན་ཏེ། གཟུང་བའི་མཚན་ཉིད་སྐྱེད་པར་འགྱུར་བ་གཟུང་བ་ཉིད་ཡིན་པར་འགྱུར་རོ། །ཆ་མེད་ཅན་

ལ་ཡང་ཕྲ་སོགས་མེད། །སྣང་བའི་ཡན་ལག་ཕྲ་བ་ལ་སོགས་པའི་རྣམ་པར་ཆོད་པའི་ཕྱིར་དང་། ཐག་རིང་པོ་ན་གནས་པའི་ཕྱིར་ཤིན་ཏུ་ཉེ་བའི་ཕྱིར་དང་། ཡན་ལག་ཁྱད་པར་བྱེ་བྲག་ཅན་ཕྲ་བའི་གཟུང་བ་ཉིད་དུ་འགྱུར་བ་མ་ཡིན་པ་ཉིད་ནི་ཆ་མེད་ཅན་ལ་ཡང་ཕྲ་སོགས་མེད། འཛིན་པའི་

ཉེ་བར་ལེན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རིང་པོར་གནས་པ་མ་ཡིན་པ་དང་ལྡན་པའི་ཤེས་པའི་བདག་ཉིད་ཡན་ལག་མེད་པ་ལ་ཕྲ་བ་ལ་སོགས་པ་མེད་པ་དེ་ལྟར་ན་གང་ལས་གཟུང་བའི་མཚན་ཉིད་མ་ཡིན། དེ་ལྟར་ནི་འགྱུར་མོད་ཀྱི། གཟུང་བའི་ནུས་པ་ཉམས་འགྱུར་གྱི། །འདི་བསྐྱེད་

བདག་ཉིད་གཞན་མ་ཡིན། །ཤེས་པ་དེའི་ནུས་པ་ནི་གཉིས་ཡིན་ཏེ། གཟུང་བ་ཉིད་ཀྱི་ནུས་པ་དང་། ཤེས་པ་སྐྱེད་པར་བྱེད་པའི་ནུས་པའོ། །དེ་བས་ན་ཤེས་པའི་གཟུང་བའི་ནུས་པ་ཉམས་པ་ཡིན་གྱི་གཞན་སྐྱེད་པར་བྱེད་པའི་བདག་ཉིད་ཉེ་བར་ལེན་པའི་ངོ་བོའི་སྒོ་ནས་སྐྱེད་པར་བྱེད་པ་

ཉིད་ཉམས་པ་ཡིན་ན། དེས་ན་ཉེ་བར་ལེན་པའི་ངོ་བོ་ཡིན་ན་ཡང་ཤེས་པའི་གཟུང་བའི་མཚན་ཉིད་མ་ཡིན་པ་དེ་བས་ན་ཡུལ་གཞན་ལ་འཕོ་བ་ཡིན་ནོ་ཞེ་ན། དེ་ལྟར་ནི་འགྱུར་མོད་ཀྱི་གལ་ཏེ་གཟུང་བའི་མཚན་ཉིད་ཀྱིར་གྱུར་པའི་རྣམ་པ་ཇི་ལྟར་ཡང་སྐྱེད་པར་བྱེད་པ་གང་ཡིན་པ་དེ་གཟུང་

Vol. 175 · folio 265b

བ་ཉིད་ལས་གཞན་དུ་འགྱུར་ན་ཇི་ལྟར་བདག་ཉིད་ཇི་ལྟ་བ་བཞིན་དུ་འཛིན་པ་གང་གིས་གཟུགས་ཤེས་པ་ལ་སོགས་པ་གཟུང་བའི་མཚན་ཉིད་ཡིན་ན། གཟུང་བ་ཉིད་ལ་སྐྱེད་བྱེད་ནི། །གཞན་མིན་དེས་ན་གཟུང་བའི་མཚན་ཉིད་དུ་གྱུར་པ་སྐྱེད་པར་བྱེད་པའི་བློ་གཟུང་བ་ཉིད་དུ་སྐྱེད་པར་བྱེད་

དོ་མ་ཡིན་ན་སྐྱེད་པ་ཉིད་མ་ཡིན་ནོ། །དེ་ལྟ་མིན་ན། གཟུགས་ལ་སོགས་པ་གཟུང་བའི་མཚན་ཉིད་སྐྱེད་པར་བྱེད་པ་མ་ཡིན་ནོ། །གལ་ཏེ་གཟུང་བའི་མཚན་ཉིད་དུ་སྐྱེད་པར་མི་བྱེད་པ་དེའི་ཚེ་བརྒྱུད་པས་ཕན་འདོགས་པར་བྱེད་པར་མི་འགྱུར་ཏེ། དངོས་སུ་མིག་ལ་སོགས་

པའི་བློ་ལ། གཟུགས་སོགས་ཕན་འདོགས་བྱེད་མ་ཡིན། །གཟུང་བའི་མ་ཡིན་ནོ། །དེ་བས་ན་གཟུང་བའི་མཚན་ཉིད་ལས་ཡུལ་ལ་སོགས་པ་བསྐལ་པ་མ་ཡིན་པ། ལས་འདིའི་གཟུགས་ལ་སོགས་པའི། དེ་དངོས་ངེས་པར་གཞན་ཅི་ཡིན། །གཟུང་བ་ཉིད་དུ་ངེས་པ་

ཡིན་ན་ཡང་གང་གིས་ན་དེ་ལྟ་བུར་འགྱུར་བའི་རང་གི་ཡུལ་ཅན་གྱི་རྣམ་པར་ཤེས་པ་སྐྱེད་པར་མི་འགྱུར། བློ་ལའང་བློ་ཕྱི་མ་སྐྱེད་པ་ལ་དངོས་སུ་ཕན་འདོགས་པ་ཡིན་པ་ཉིད། དེ་ཡོད་དེ་ལྟར་ན་དེ་ཙམ་གྱི་བློ་དེ་ཡང་དེ་ཉིད་གཟུང་བ་ཉིད་དུ་ངེས་པར་རྣམ་པར་གནས་པ་གཟུགས་ལ་

སོགས་པ་བཞིན་དུ་ཡུལ་གྱིས་བསྐལ་པ་ལ་སོགས་པ་མེད་པ་དང་མིག་ལ་སོགས་པ་ཉེ་བ་ན་ཡོད་པའི་གཟུང་བའི་མཚན་ཉིད་གཞན་ལྟོས་པར་བྱ་བ་མ་ཡིན་ཏེ། ལུས་ཅན་མ་ཡིན་པའི་ཕྱིར་དང་། ཡུལ་ན་མི་གནས་པ་ཉིད་ཀྱི་ཕྱིར་དང་། མིག་ལ་སོགས་པ་ཉེ་བར་སྦྱོར་བའི་ཕྱིར་

རོ། །འོན་ཀྱང་སེམས་དེ་ཉིད་ནི་གཟུང་བའི་མཚན་ཉིད་ཡིན། འདི་ལྟ་སྟེ་འཛིན་པའི་ཉེ་བར་ལེན་དང་མྱོང་བ་དེ་ཙམ་ཉིད་ཡིན་ནོ། །ངར་འཛིན་པར་བྱེད་པའི་རྣམ་པར་ཤེས་པའི་ཉེ་བར་ལེན་པ་དང་བློའི་ངོ་བོ་ཉིད་ཅེས་བྱ་བ་དེ་གཉིས་སོ། །དེ་ལྟར་ན་བློ་ཤེས་བྱའི་གཟུང་བ་མ་ཡིན་ཏེ།

གཞན་གྱི་ཤེས་པ་ཡང་གཟུང་བའི་མཚན་ཉིད་དུ་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པའི་རྒྱུའི་ངོ་བོ་འབའ་ཞིག་ཀྱང་མ་ཡིན་ཏེ། དབང་པོ་ཡང་གཟུང་བའི་མཚན་ཉིད་ཀྱི་དངོས་པོར་འགྱུར་བའི་ཕྱིར་རོ། །དེ་བས་ན་དེ་གཉིས་འཁྲུལ་པ་མ་ཡིན་ནོ། །དེ་ཡང་བློའི་བདག་ཉིད་

Vol. 175 · folio 266a

དུ་ཡོད་པ་ཡིན་པ་དེ་ལྟར་ན་གཟུང་བའི་མཚན་ཉིད་ཡིན་ནོ། །དེ་ལྟར་མ་ཡིན་ན་དེ་བློ་གཞན་གྱིས་འཛིན་ན། གཞན་གྱི་སེམས་ཅིའི་ཕྱིར་ཉམས་སུ་མི་མྱོང་ཞེས་འདྲི་བར་བྱེད་པ་ལ་གདོན་མི་ཟ་བར་བྱེད་པ་གཞན་གྱི་ཉིད་ཡིན་པའི་ཕྱིར་རོ། །དེའི་ཉེ་བར་ལེན་པའི་ངོ་བོ་

ལ་སོགས་པ་མ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །གཞན་གྱི་ཉིད་ཡིན་པ་དེ་ཡང་རྣམ་པར་དཔྱད་ན་འཛིན་པའི་ཤེས་པའི་ཉེ་བར་ལེན་པ་མ་ཡིན་པ་ཉིད་དུ་གནས་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །གལ་ཏེ་བདག་ཉིད་ཀྱི་ཆོས་ལ་སོགས་པའི་ཕྱིར་རོ་ཞེ་ན། བདག་ཉིད་

ཀྱང་ཉེ་བར་ལེན་པ་ཉིད་དུ་འདུས་པ་ཡིན་ནོ། །དེ་བས་ན་འདི་གཟུང་བ་ཉིད་དུ་ངེས་པ་ཡིན་ནོ། །གལ་ཏེ་ཕྲ་བ་ལ་སོགས་པ་ཡིན་པའི་གཟུགས་ལ་སོགས་པ་གཟུང་བའི་མཚན་ཉིད་མ་ཡིན་པ་དང་ཉེ་བར་ལེན་པར་གྱུར་པ་མ་ཡིན་པའི་ཕྱིར་གཞན་གྱི་སེམས་ཀྱང་མ་ཡིན་པ་དེའི་ཚེ།

རྣལ་འབྱོར་པ་རྣམས་ཀྱི་དེ་གཉི་ག་གཟུང་བར་མི་འགྱུར་ན། འགྱུར་བ་ཡིན་པ་དེའི་ཕྱིར་གཟུང་བའི་མཚན་ཉིད་འཁྲུལ་པ་ཡིན་ནོ་ཞེ་ན། དེ་ལ་སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར། གཟུགས་སོགས་དང་ནི་སེམས་དེ་ལྟར། །མ་དག་བློ་ཅན་ལ་ཡིན་གྱི། །ཞེས་བྱ་བ་ལ། ཚུ་རོལ་མཐོང་

བ་ལ་བརྟེན་ནས་གཟུང་བའི་མཚན་ཉིད་དཔྱོད་པ་འདི་བྱས་པ་ཡིན་གྱི། རྣལ་འབྱོར་པ་ལ་ནི་མ་ཡིན་ཏེ། རྣལ་འབྱོར་པ་དེ་དག་གི་ཡང་། རྟོག་པ་བསམ་མི་ཁྱབ། ཕྲ་བ་ལ་སོགས་པའི་མཐོང་བ་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །དེ་དག་གི་དངོས་པོ་རྣམས་ལ་གཟུང་བའི་མཚན་

ཉིད་ནི་ཡོད་པའི་ཁྱད་པར་ཉིད་ཡིན་པ་དེ་ལྟར་ན་དེ་ལ་བརྟེན་ནས་གཟུང་བའམ་འཛིན་པར་རྣམ་པར་གཞག་པ་ཡོད་པ་མ་ཡིན་ནོ། །གཞན་ཡང་། ཕྲ་རབ་ལ་སོགས་ངོ་བོ་ཡིས། །གཟུང་བ་སྟེ་གཟུགས་ལ་སོགས་པ་འགའ་ཞིག་གི་ཚེ། གཟུང་མེད་ཉིད་དུ་འགྱུར་རོ། །གཟུགས་སོགས་

བློ་ལ་དེ་དག་ཐམས་ཅད་ཡོད་པ་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་འདིའི་སྣང་བའི་གནས་སྐབས་ན། གཟུང་བ་ཉིད་མ་ཡིན་པའི་རྒྱུ་སྔར་མེད་གང་དེ་འདྲ་དེ་ཕྱིས་སྐྱེས་པ་ཡང་ཅི་ཞིག་ཡིན། གང་གིས་ན་གཟུང་བ་ཉིད་མ་ཡིན་པར་འགྱུར་ཏེ། མ་ཡིན་

Vol. 175 · folio 266b

པ་ཉིད་དོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་སེམས་གཞན་གྱིས་རང་བློ་འཛིན་ཡོད་ན། རང་གི་བློ་ལ་འཛིན་པ་ཡོད་པ་ཉིད་མ་ཡིན་ནོ། །དེ་ལྟར་ན་ཡང་འདི་ལྟར་ཁས་བླངས་ནས། དེ་མ་ཐག་པའི་སེམས་ཀྱི་རྒྱུ་ཉིད་སེམས་གང་ཡིན་པ་དེ་ཉིད་གཟུང་བ་ཉིད་ཡིན་པས་ན་གཟུང་བ་ཉིད་ཡིན་

པ། དེའི་ཕྱིར་གཟུང་བའི་མཚན་ཉིད་དུ་གྱུར་པ་ཉེ་བར་མ་གཏོགས་པ་དོན་གཞན་དང་གཟུགས་ལ་སོགས་པ་ལ་བརྟེན་མིན་ཏེ། མཐོང་བ་མེད་པ་དེ་ལྟར་ན་ཡུལ་གཞན་ལ་འཕོ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །གལ་ཏེ་གཟུང་བའི་མཚན་ཉིད་ཉེ་བར་ལེན་པའི་ངོ་བོ་

ཉིད་དུ་འགྱུར་རོ་ཞེས་བཤད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། འདི་ལྟར་རྣམ་པར་ཤེས་པ་ཐ་དད་པའི་ནུས་པ་སྟེ། ཉེ་བར་ལེན་པའི་ནུས་པ་གཞན་ཡིན་ཞིང་གཞན་པ་ཉིད་ཀྱི་ནུས་པ་ཡང་གཞན་ཡིན་པ་དེ་ལྟར་ན། ཇི་ལྟར་ན་ཉེ་བར་ལེན་པའི་ནུས་པ་གཅིག་གིས་ཉེ་བར་སྦྱོར་བར་བྱེད་

ན་གཟུང་བའི་ནུས་པའི་ཉེ་བར་སྦྱོར་བ་མེད་པར་གཟུང་བ་ཉིད་དུ་འགྱུར་ཞེ་ན། ནུས་པ་གཅིག་དང་ལྡན་པའམ། །ནུས་པ་དུ་མ་དང་ལྡན་པ་ལས་འགའ་ཞིག་འབྲས་བུ་གཅིག་དང་དུ་མ་མེད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ནུས་པ་དུ་མ་གཅིག་མེད་པ་ན་ཡང་ནུས་པ་དུ་མ་

མེད་ན། ངོ་བོ་ཉིད་ཀྱིས་ནི་འབྲས་བུ་དུ་མ་བྱེད། ཅི་ནུས་པ་དུ་མ་གཅིག་མེད་ན་ཡང་། དངོས་པོ་ཐ་དད་པ། འབྲས་བུ་གཅིག་བྱེད་ཅེས་སྔར་བསྟན་ཞིང་བརྗོད་པ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་གཅིག་ལས་དུ་མ་མི་འགྱུར། །དངོས་པོ་གཅིག་ལས་འབྲས་བུ་དུ་མ་

འབྱུང་བར་མི་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། དུ་མ་ནི་རྒྱུ་དུ་མ་ལས་ཡིན་ནོ་ཞེས་རང་གི་སྡེ་པའི་ཡིན་ནོ། །དེ་དེ་ལྟར་ནི་ཡིན་ན། གཅིག་ལས་གཅིག་ནི་ཅིར་མི་རུང་། །འོན་ཀྱང་། ཚོགས་པ་དག་ལས་ཐམས་ཅད་འབྱུང་། །ཚོགས་པ་གཅིག་ལས་ཚོགས་པ་ཅིག་ཤོས་འབྱུང་

བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་འདི་ལྟར་གཅིག་དུ་མའི་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་སྐབས་གཞན་དུ་བརྗོད་པ་གང་ཡིན་པ་དེ་དང་ཇི་ལྟར་ན་འགལ་བར་མི་འགྱུར་ཞེ་ན། དེ་ནི་འགལ་བ་མ་ཡིན་ཏེ་དགོངས་པ་གཞན་གྱིས་དེ་སྐད་དུ་བསྟན་པའི་ཕྱིར་རོ། །དེ་ལྟར་

Vol. 175 · folio 267a

ན་གཅིག་དུ་མ་བྱེད་པ་ཞེས་བཤད་པ་གང་ཡིན་པ་དུ་མར་གྱུར་པ་ཉིད་ཀྱི་སྐྱེད་པར་བྱེད་པ་ཉིད་ཡིན་ནོ་ཞེས་བཤད་དོ། །འོན་ཀྱང་ཚོགས་པ་དག་ནི་རང་གི་འབྲས་བུ་སྐྱེད་པ་ལ་ཉེ་བར་གནས་པ་དག་ནི། དེ་འདྲ་བར་གྱུར་པའི་དངོས་པོ་གཅིག་འགྱུར་བ་ཡང་། ཉེ་བར་

སྦྱོར་བ་ཐ་དད་པས་འབྲས་བུ་དུ་མ་ལ་ཉེ་བར་སྦྱོར་བའི་ཕྱིར་གཅིག་དུ་མ་བྱེད་པར་བཤད་པ་ཡིན་གྱི། གཅིག་པོ་དེ་ནི་བྱེད་པ་པོ་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དཔེར་ན་གཟུགས་གཅིག་ཉེ་བར་ལེན་པའི་ངོ་བོའི་སྒོ་ནས། སྐད་ཅིག་མ་གཅིག་ལ་རིགས་མཐུན་པའི་གཟུགས་སྐྱེད་པར་

བྱེད་པ་དེ་ལ་རོ་ལ་སོགས་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བ་ནི་ཚོགས་པ་གཅིག་ཡིན་ནོ། །ཚོགས་པ་གཅིག་པོ་འདི་ལ་གནས་པ་དམིགས་པའི་ངོ་བོར་ཉེ་བར་སྦྱོར་བར་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་དེ་ལ་ཡང་རྣམ་པར་ཤེས་པ་ཉེ་བར་ལེན་པའི་རྒྱུ་ཡིན་ཞིང་མིག་ལ་སོགས་

པ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གཞན་ཡིན་ནོ། །དེ་དེ་ལ་གནས་པ་ལྟ་བུའོ། །དེ་དེ་ལྟར་ན་ཚོགས་པ་གཉིས་པོ་དག་ནི་དུ་མའི་རྒྱུའི་གཟུགས་དུ་མ་ཉིད་བྱེད་པར་བརྗོད་ཀྱི། དེ་ཉིད་གཅིག་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ལྟར་ན་འགལ་བ་མེད་དོ། །དེའི་ཕྱིར་

འཛིན་པའི་མཚན་ཉིད་སྐྱེད་པར་བྱེད་པ་གཟུང་བ་ཉིད་ཡིན་པ་ལྟ་བུའོ། །གལ་ཏེ་ཉེ་བར་ལེན་པའི་སྒོ་ནས་སྐྱེད་པར་འགྱུར་བ་གཟུང་བ་ཉིད་དུ་འགྱུར་བ་དེའི་ཚེ། ཤེས་པ་དྲན་པ་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ཡང་འདི་གཟུང་བ་ཉིད་དུ་འགྱུར་རོ། །དེ་ལྟར་ན་རྟག་ཏུ་ཤེས་པ་གཞན་

དང་གཞན་སྐྱེད་པས་འདི་ཡུལ་གཞན་ལ་འཕོ་བ་མ་ཡིན་ནོ་ཞེ་ན། དེ་ནི་དྲན་པ་ལས་ཡང་ཐལ་བ་མ་ཡིན་ཏེ། འདི་ལྟར་ཤེས་པའི་ཤེས་པ་དེ་ཉམས་སུ་མྱོང་བ་དེ་ཉིད་ཀྱིས། མངོན་སུམ་དུ་འགྱུར་བ་ནི་ཤེས་པ་སྔ་མ་སྐྱེད་པར་བྱེད་པ་ཉིད་ཀྱིས། དེའི་གཟུང་བའི་མཚན་ཉིད་ཡིན་པའི་ཕྱིར་

གཟུང་བ་ཉིད་དུ་ངེས་པ་ཡིན་པ་དེ་ལྟར་ན། དངོས་པོའི་སྟོབས་ཀྱིས་འོངས་པ་ཤེས་པ་ཕྱི་མ་འཇུག་པས་ཡུལ་གཞན་དུ་འཕོ་བར་མི་འགྱུར་རོ། །དེ་ལྟར་དྲན་པའི་ཉེ་བར་ལེན་པར་གྱུར་པའི་ཤེས་པའམ། གཞན་གཟུང་བའི་མཚན་ཉིད་མ་ཡིན་ན། གང་གིས་ན་གཟུང་བ་ཉིད་

Vol. 175 · folio 267b

དུ་ངེས་པ་ཉིད་ཀྱི་ཕྱིར་དངོས་པོའི་སྟོབས་ལ་བརྟེན་ནས་སྐྱེས་པ་ལས་འཕོ་བ་མ་ཡིན་ནོ། །མངོན་སུམ་ལ་ནི་ཡུལ་གྱི་གཟུང་བའི་མཚན་ཉིད་འདི་རྣམ་པར་གཞག་པ་ཡིན་ཏེ། དེ་ནི་ཡུལ་གྱི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་རོ། །ཡུལ་གཟུང་བའི་མཚན་ཉིད་ནི་རང་གི་ནུས་པ་ལ་ངེས་པ་

ཡིན་ནོ། །དྲན་པ་ནི་བག་ཆགས་སད་པ་ཙམ་ལས་སྐྱེས་པ་དེ་ལྟར་ན་སྐྱོན་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་བློ་གཞན་དོན་དང་ནི། །རྣམ་ཤེས་སྔ་མ་འཛིན་འགྱུར་ན། །གཞན་ནི་ཤེས་པ་འཛིན་པའི་ངང་ཚུལ་ཅན་གྱི་བློ་ཕྱི་མ་སྟེ། དོན་གང་ལ་འཕོ་བར་

འདོད་པའི་དོན་དེ་དང་རྣམ་པར་ཤེས་པ་སྔ་མ་དེ་མ་ཐག་ཏུ་འདས་པ་ཅིག་ཅར་འཛིན་པར་འགྱུར་བ་དེས་ན་ཡུལ་གཞན་ལ་འཕོ་བ་མེད་པའི་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་གང་ཞེ་ན། སེམས་གཅིག་ལ་རིམ་བཞིན་མཐོང་བ་ཅན་ཏེ། རིམ་བཞིན་

དུ་འགྱུར་བའི་བརྗོད་པ་གཉིས་མཐོང་བ་དེ་ཉིད། རྟག་ཏུ་གོ་རིམས་ཅན་མི་འགྱུར། །ཅིག་ཅར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྔ་ཕྱིར་སྣང་བ་ཉིད་ཕྱིར་རོ། །གང་གི་ཚེ་ཨ་ཞེས་བྱ་བ་ལ་སོགས་པ་དཔྱོད་པར་བྱེད་པ་དེའི་ཚེ། ཡི་གེ་ཨ་འཛིན་པའི་ངང་ཚུལ་ཅན་གྱི་ཤེས་པ་འཛིན་

པར་བྱེད་པ་ཕྱི་མ། ཡི་གེ་ཨི་ལ་སོགས་པ་འཛིན་པར་བྱེད་པའི་ངང་ཚུལ་ཅན་གྱི་ཤེས་པ་གང་ཡིན་པ་དེ་ལ་ཡི་གེ་ཨི་དང་ཤེས་པ་སྔ་མ་ཡོད་པའི་ཡི་གེ་ཨ་སྣང་བ་དེ་ལྟར་ན། བློ་གཅིག་ལ་བརྗོད་པ་གཉིས་སུ་འགྱུར་ན། དེ་ཡང་ཡོད་པ་མ་ཡིན་ཏེ། ཡི་གེ་འཛིན་པ་ལས་གཞན་

དུ་ཞེས་བྱ་བའི་ཐ་ཚིག་གོ། །སོགས་པ་སྨོས་པས་ནི་མིག་གི་རྣམ་པར་ཤེས་པ་ལས། ལ་ལར་སྣང་བའི་རྣམ་པར་ཤེས་པ་དང་ལ་ལར་གཞན་ཡིན་ནོ་ཞེས་ཡུལ་ལ་འཇུག་པ་ངེས་པ་མེད་པ་ཅན་གྱིས་ཤེས་པ་དག་གཟུང་ངོ་། །དེས་ན་མིག་གི་རྣམ་པར་ཤེས་པ་འཛིན་པའི་ངང་ཚུལ་ཅན་

གྱི་ཤེས་པ་ལ་གཟུགས་ཀྱི་སྣང་བ་དང་། སྒྲའི་སྣང་བ་སྟེ། སྣང་བ་འདི་གཉིས་ཅིག་ཅར་སྣང་བར་འགྱུར་ན། སྣང་བར་འགྱུར་བ་ཡང་མ་ཡིན་ནོ། །གཅིག་ཀྱང་གཉིས་གཉིས་སྣང་བ་ནི། །ཡི་གེ་ཨ་དང་ཡི་གེ་ཨི་ལ་སོགས་པ་གཉིས་གཉིས་སུ་སྣང་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན།

Vol. 175 · folio 268a

བདག་དང་དེ་བློ་སྣང་ཕྱིར་རོ། །དུས་གཅིག་གི་ཚེ་ཡི་གེ་ཨ་རང་འཛིན་པའི་ངང་ཅན་གྱི། ཤེས་པ་ལ་སྣང་བར་འགྱུར་ཞིང་ཡི་གེ་ཨིའི་ཤེས་པ་ལ་རང་གི་ཤེས་པ་ཡོད་པར་སྣང་བ་དེ་ལྟར་ན། གཅིག་ལ་གཉིས་སྣང་བ་ཡིན་ནོ། །དེ་བཞིན་དུ་ཡི་གེ་ཨི་ལ་སོགས་པ་ལ་ཡང་ཡིན་ནོ། །ཡི་

གེ་རེ་རེ་འཛིན་པའི་ངང་ཚུལ་ཅན་གྱི་སེམས་པ་ཡང་འགའ་ཞིག་གི་ཚེ་མི་འགྱུར་རོ། །དེ་བཞིན་དུ་གཟུགས་ལ་སོགས་པ་གཅིག་ལ་ཡང་རིམ་བཞིན་དུ་སྣང་བས། གཉིས་གཉིས་སྣང་བར་འགྱུར་ན་སྣང་བ་ཡང་མ་ཡིན་ནོ། །དེ་བས་ན་གཉི་ག་འཛིན་པ་མ་ཡིན་ནོ། །དེ་དེ་ལྟར་ན་རང་ཉིད་ཀྱིས་གྲུབ་པ་ལ་སྒྲུབ་པ་

བསལ་ནས། སློབ་དཔོན་གྱིས་གྲུབ་པ་ལ་སྒྲུབ་པའི་ལན་གྱི་གཞུང་འཛུགས་པའི་ཕྱིར། གལ་ཏེ་ཡུལ་གཞན་འཕོ་བ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་གང་གིས་ཤེས་པ་ཉམས་སུ་མྱོང་བ་དེ་ལ་དུས་དྲན་པ་མཐོང་གི་ཉམས་སུ་མྱོང་བ་མེད་པ་ལ་དྲན་པའི་རིགས་པ་མ་ཡིན་པ་དེ་བས་ན།

ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ཡིན་ན་ཐུག་པ་མེད་པར་འགྱུར་ཞིང་ཡུལ་གཞན་ལ་འཕོ་བར་ཡང་མི་འགྱུར་ན་འཕོ་བ་ཡང་མ་མཐོང་ངོ་། །དེ་ལ་ཤེས་པ་གང་ལས་འཕོ་བ་དེ་ན་རང་རིག་པར་འགྱུར་རོ། །དེའི་ཕྱིར་ཤེས་པ་གཞན་གྱིས་མྱོང་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་སློབ་དཔོན་གྱི་ཡིན་ནོ། །

དེ་ལ་གཞན་གྱི་ལན་དུ་ཤེས་པ་ཐ་མ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་དྲན་པ་ཡིན་ནོ། །གཅིག་པོ་དེ་ཉམས་སུ་མྱོང་བ་མ་ཡིན་པ་དང་། དྲན་པ་མ་ཡིན་པར་གནས་པ་དེའི་ཕྱིར། ཡུལ་གཞན་ལ་འཕོ་བར་ཡང་འགྱུར་རོ་ཞེས་སྨྲས་པ་ཡིན་ནོ། །དེ་ལྟར་གནས་པ་ལ་བསྟན་བཅོས་མཛད་པ་རང་ཉིད་

ཀྱིས། གལ་ཏེ་ཡུལ་གཞན་འཕོ་བ་ན། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་མཛད་དོ། །གལ་ཏེ་ཡུལ་གཞན་ལ་འཕོ་བའི་དུས་ན། ཤེས་པ་ཐ་མ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་མིན་ན། དེའི་ཚེ། ཐམས་ཅད་མྱོང་མེད་ཐལ་བར་འགྱུར། །ཤེས་པ་སྔ་མ་སྔ་མར་འབྱུང་བའི་ངང་ཚུལ་ཅན་ཐམས་

ཅད་ཉམས་སུ་མྱོང་བ་ཉིད་དུ་མི་འགྱུར་ཏེ། ཐ་མའི་ཤེས་པ་གཅིག་པོ་མ་གྲུབ་ན། །ཞེས་བྱ་བའི་ཐ་ཚིག་གོ། །ཅི་དང་འདྲ་བར་ཞེ་ན། གཞན་གྱིས་ཉམས་སུ་མྱོང་བ་བཞིན། །དཔེར་ན་གཞན་གྱིས་ཤེས་པའམ། །ཡུལ་ཉམས་སུ་མྱོང་བ་ཉམས་སུ་མྱོང་བར་འགྱུར་བ་མ་ཡིན་པ་དེ་བཞིན་དུ། ཉམས་སུ་

Vol. 175 · folio 268b

མྱོང་བར་མི་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་བདག་མྱོང་མངོན་སུམ་ཡིན། །གཞན་གྱིས་མྱོང་བ་མ་ཡིན་ན། །གང་གི་ཚེ་བདག་གིས་ཉམས་སུ་མྱོང་བ་དེ་ཉིད་མངོན་སུམ་ཞེས་བརྗོད་པ། དེས་ན་གཞན་གྱིས་ཉམས་སུ་མྱོང་བ་གང་ཡིན་པ་དེ་ནི་མངོན་སུམ་མ་ཡིན་ནོ་ཞེ་ན། བདག་

ཉིད་ཉམས་སུ་མྱོང་བ་དེ་གང་ལས་གྲུབ་ན་གང་གིས་དེ་སྐད་བརྗོད། གལ་ཏེ་ཉམས་སུ་མྱོང་བ་དེའི་ཚེ་བདག་གམ་གཞན་ལ་རྣམ་པར་དབྱེ་བར་འགྱུར་ན། འདི་ལྟར་དེ་ཉིད་མ་གྲུབ་པ་ཡིན་ནོ། །མ་གྲུབ་པ་དེ་གཉི་ག་ལ་ཡང་ལྐོག་ཏུ་གྱུར་པ་ཉིད་དུ་བྱེ་བྲག་མེད་པའི་ཕྱིར། དམིགས་པ་འདི་ནི་

བདག་ལ་ཡིན་གྱི་གཞན་ལ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་ལྐོག་ཏུ་གྱུར་པ་དམིགས་པ་ཅན་ཤེས་པར་དཀའ་བ་ཡིན་ན། དེ་གང་ལས་བདག་ཉམས་སུ་མྱོང་བར་འགྱུར། གཞན་ཡང་གསལ་བའི་རྒྱུ་མིག་ལ་སོགས་པ་གང་ཡིན་པ་དེ་དག་གི་གསལ་བའི་རྒྱུར་ནི་གྲུབ་མི་འགྱུར། གསལ་བ་

སྟེ། དམིགས་པ་མ་གྲུབ་པ་ཡིན་ནོ། །དེ་ལས་དེ་ལ་གསལ་བ་སྟེ་དོན་འདོད་པ་ནི་གལ་ཏེ་གསལ་བ་མི་འགྲུབ་ན། ཡུལ་དམིགས་པ་མ་གྲུབ་ན་ཡང་དངོས་པོ་གཟུང་བ། གསལ་བ་ཡིན་པ་དེའི་འདོད་པ་དེའི་ཚེ། འགྲོ་བ་འདི་ཐམས་ཅད་གསལ་བར་འགྱུར་ཏེ། ལྐོག་ཏུ་གྱུར་

པར་བྱེ་བྲག་མེད་པའི་ཕྱིར་རོ། །འགྱུར་བ་ཡང་མ་ཡིན་པ་དེའི་ཕྱིར། ཤེས་པ་རང་རིག་པ་ཉིད་ཡིན་པར་འདོད་པར་བྱའོ། །ཚད་མ་རྣམ་འགྲེལ་གྱི་འགྲེལ་པ། སློབ་དཔོན་ལྷ་དབང་བློས་སྦྱར་བ་ལས་མངོན་སུམ་གྱི་ལེའུ་སྟེ་གསུམ་པའོ།། །།ཚད་མ་རྣམ་འགྲེལ་གྱི་

འགྲེལ་པ། བམ་པོ་སུམ་ཅུ་རྩ་དྲུག་པ། རྗེས་སུ་དཔག་པ་ནི་རྣམ་པ་གཉིས་ཏེ། རང་གི་དོན་དང་གཞན་གྱི་དོན་ཏོ། །དེ་ལ་འདིར་རང་གི་དོན་གྱི་རྗེས་སུ་དཔག་པའི་སྐབས་སུ་བབ་པ་ལས། དེ་སྔར་བསྟན་ཟིན་པ་དེ་ལྟར་ན་མི་འཆད་དོ། །གོ་རིམས་བཟློག་པའི་དགོས་པ་ནི་སྔར་བསྟན་

ཟིན་ཏོ། །ད་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལུས་པས་བཤད་པར་བྱ་བའི་ཕྱིར་གཞན་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚད་མ་རྣམ་པར་ངེས་པ་ལས་བཤད་ཟིན་པ་དེ་ལྟར་ན། འདི་ལས་རབ་ཏུ་བྱེད་པའི་རྣམ་པར་འགྲེལ་པ་ཅུང་ཟད་ཙམ་རྩོལ་བ་མཛད་དོ། །གཞན་

Vol. 175 · folio 269a

དོན་རྗེས་སུ་དཔག་པ་ནི། །རང་གིས་མཐོང་དོན་གསལ་བྱེད་ཡིན། །བདག་ཉིད་ཀྱིས་མཐོང་བ་ནི་རང་གིས་མཐོང་བའོ། །རང་གིས་མཐོང་བ་ཡང་ཡིན་ལ་དོན་ཡང་ཡིན་པ་དེ་གསལ་བར་བྱེད་པ་སྟེ་ཚིག་གོ། །ཚུལ་གསུམ་པའི་རྟགས་བརྗོད་པ་ཞེས་བྱ་བ་དེ་ཙམ་མཚན་

ཉིད་ཅན་གྱི་ཚིག་ཡིན་པ་ནི་བླ་སྟེ། རང་གིས་མཐོང་བ་སྨོས་པས་ཅི་ཞིག་བྱ་ཞེ་ན། གཞན་ལ་བསྟན་པར་བྱ་ཉིད་ཕྱིར། །ཞེས་བྱ་བ་སྨོས་ཏེ། རྒྱུའི་ཕྱིར་དོན། བདག་མཐོང་མིན་ཡང་གཞན་དག་གིས། །མཐོང་བ་གཞན་དག་གི་ལུང་ལས་ཤེས་པ་གང་ཡིན་པ་དེ་སྒྲུབ་བྱེད་ཅེས་ཁ་ཅིག་

གྲངས་ཅན་ནོ། །སྟོན་པར་བྱེད་པ་ལ་མ་གྲུབ་ཏུ་ཟིན་ཀྱང་། གཞན་ལ་བསྟན་པར་བྱ་བའི་ཕྱིར། །བརྗོད་པར་འདོད་པའི་རྟགས་ཏེ། ལུང་ལས་གྲུབ་པའི་རྟགས་ཡིན་ནོ་ཞེས་བྱ་བ་ནི་སེར་སྐྱ་པའིའོ། །དེ་སྤང་ཕྱིར་དེ་སྐད་དུ་བརྗོད་པ་དེ་ངེས་གསལ་བར་བྱ་བའི་ཕྱིར། བདག་གིས་མཐོང་བའི་

ཚིག །རང་གིས་མཐོང་བ་སྨོས་སོ། །བསྟན་པར་བྱ་བ་ལུང་ལས་གྲུབ་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྒྲུབ་པར་བྱེད་པ་སྔོན་དུ་སོང་བ་ཅན་གྱི་གྲུབ་པ་དེ། གལ་ཏེ་ཚད་མས་མ་གྲུབ་ན། །རྟགས་དེ་མ་གྲུབ་པ་ཉིད་ཡིན་ཏེ། ལུང་ཙམ་གྱིས་གྲུབ་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་ལུང་ནི་

ཚིག་ཡིན་ན། དངོས་པོའི་སྟོབས་ཀྱིས་ཞུགས་པ་ཡི། །རྗེས་སུ་དཔག་པའི་ཡུལ་ལ་ཚིག །ཚད་མ་ཉིད་དུ་མི་འདོད་ཅིང་། །ཅི་སྟེ་ཡང་ལུང་ཚད་མ་མ་ཡིན་པ་དེ་ལྟ་ན་ཡང་ལུང་ལས་གྲུབ་པ་རྟགས་མ་ཡིན་ནོ། །འདི་ལྟར་ལུང་གི་ཡུལ་འདི་ལ་རྗེས་དཔག་སྒྲུབ་པར་བྱེད་པའམ། གནོད་པ་ཅན་

མི་འཇུག་སྟེ། དོན་གྲུབ་པ་ཡང་སྒྲུབ་པར་བྱེད་པ་མི་རུང་བའི་ཕྱིར་དང་། ཚད་མས་གྲུབ་པ་ལ་གནོད་པ་མེད་པའི་ཕྱིར་རོ། །ཡོངས་བརྟགས་ཡོངས་སུ་ལེན་ཕྱིར་རོ། །ཡོངས་སུ་བརྟགས་པ་ལས་དུས་ཕྱིས་ཁས་ལེན་པ་དེ་ལྟར་ན། ཚད་མས་ཡོངས་སུ་ངེས་པ་ལ་ཚད་མ་གཞན་འཇུག་པ་མ་ཡིན་ནོ། །

འདིས་ཀྱང་ལུང་གིས་གྲུབ་པ་མ་ཡིན་ནོ། །དེ་ལྟར་ན། ལུང་ལ་གནོད་ཕྱིར་གཞན་ལ་ནི། །བསྟན་པར་བྱ་བ་ལ་སྟོན་པར་བྱེད་པ་ལུང་ལ་གནོད་པའི་ཕྱིར་སྒྲུབ་པར་བྱེད་པ་སྨྲ་བ་ནི། དེ་ཚེ་ལུང་དེ་ཚད་མིན་ཏེ། ཚད་མས་གནོད་པ་ཡིན་ནོ། །དེའི་ཕྱིར་དེ་གྲུབ། ལུང་གྲུབ་ན་རྟགས་མ་

Vol. 175 · folio 269b

ལུས་པ་གྲུབ་པ་མ་ཡིན་ནོ། །གལ་ཏེ་ལུང་དེ་ལྡན་ལ་གྲུབ་ཅེ་ན། ལུང་ཡང་ཡིན་ལ་དེ་ཡང་ཡིན་པས་ན་ལུང་དེའོ། །དེ་ཡང་གང་གིས་ཁས་བླངས་པ་དེ་ནི་ལུང་དེ་ལྡན་ནོ། །ལུང་དེ་དང་ལྡན་པ་དེ་ལ་དེ་གྲུབ་པར་འགྱུར་རོ་ཞེ་ན། གལ་ཏེ་འབྲེལ་པ་གྲུབ་ན་ཡང་འགྱུར་མོད་ཀྱི། འདི་ལྟར་གང་

གིས་གང་ལུང་ཡིན། །གང་ཞིག་གང་དང་ལྷན་ཅིག་འདིའི་འདི་ཡིན་ནོ་ཞེས་འབྲེལ་པ་གྲུབ་པའི་ཚད་མ་ཡོད་པ་མ་ཡིན་ཏེ། དེའི་དེ་མེད་པའི་ཕྱིར་འབྲེལ་པ་ཡོད་པ་མ་ཡིན་ནོ། །གཞན་ཡང་། ཚད་མ་ཉིད་ཀྱིས་གནོད་གྱུར་པ། །ལུང་དེ་ཇི་ལྟར་གྲུབ་པ་ཡིན། །གྲུབ་པ་ཉིད་དུ་མི་འགྱུར་རོ། །

ཚད་མས་གནོད་པ་གང་ཡིན་པ་དེ་ནི་རྟོག་པ་སྔོན་དུ་གཏོང་བ་ཅན་གྱི་ལུང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་དང་འགལ་བ་ཁས་བླངས་པ། །དེ་ཉིད་ཀྱིས་ནི་ཇི་ལྟར་འགྱུར། །གང་ཞིག་ལུང་དང་འགལ་བ་གང་ཡིན་པ་དེ་ནི་དེ་ལ་གནས་པས་ལུང་དེ་ཉིད་ཀྱིས་ཁས་ལེན་པར་མི་འགྱུར་རོ། །དེ་

ལས་གཞན་པ་ཁས་ལེན་ན། །དོར་བར་བྱ་བ་ཉིད་ཀྱིས་དོར་བ་ལ་བརྟེན་ཏེ་ཚད་མིན་ཏེ་མི་འགྱུར་རོ། །ཅི་སྟེ་ཡང་བསྟན་པར་བྱ་བས་ལུང་དང་འགལ་བ་ཁས་ལེན་པར་འགྱུར་བ་དེའི་ཚེ། དེས་ལུང་དེ་དོར་བར་འགྱུར་བ་དེ་ལྟར་ན། དེ་ཁས་ལེན་པ་ན་ལུང་དེ་དོར་བའི་རྒྱུའི་ཕྱིར། དེ་རྟོགས་

པའི་ཡན་ལག་མ་ཡིན་པས་ན། དེས་གྲུབ་པ་རྟགས་སུ་གྲུབ་པ་མ་ཡིན་ནོ། །དེ་བས་ན་རྟགས་མ་གྲུབ་པས་གོ་བར་བྱ་བ་ལ་ཚད་མ་ཉིད་མ་ཡིན་ནོ། །དེ་བས་ན་དེས་བསྒྲུབ་པར་བྱ་བ་ནི་ཚད་མས་གྲུབ་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་སྟོན་པར་བྱེད་པས་ཅུང་ཞིག་སྟོན་པ་ན་

རང་ཉིད་ཀྱིས་ཤེས་པ་བརྗོད་པར་འགྱུར་རོ། །དེ་ནི་འདི་བདེ་བ་ལ་སོགས་པ་གཞན་གྱིས་ཁས་བླངས་པའི་སྐྱེ་བ་ལ་སོགས་པས་སེམས་པ་མེད་པ་ཉིད་དུ་བསྒྲུབ་པར་བྱ་བ་ལ། སྟོན་པར་བྱེད་པ་རང་ཉིད་ཀྱིས་ཤེས་པའི་ཡན་ལག་འགའ་ཞིག་གིས་འགྱུར་ཞིང་། གང་གིས་རང་ཉིད་ལ་

ངེས་པས་གཞན་ཡང་སྟོན་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་གང་གི་ཚེ་ཤེས་པས་ཁོ་བོ་སེམས་པ་མེད་པ་སྟོན་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་བ་དེའི་ཚེ། དེའི་ཚིག་བཞད་གད་དུ་འགྱུར་རོ། །དེས་ན་རང་ཤེས་གང་ལས་བྱུང་བ། ཚད་མ་གང་ལས་གྲངས་ཅན་གྱི་སེམས་པ་མེད་

Vol. 175 · folio 270a

པའི་ཤེས་པ་སྐྱེས་པ་སྟེ། ཅི་ཕྱིར་སྒྲུབ་པར་བྱེད་མི་སྨྲ། །སྒྲུབ་པར་བྱེད་པ་དེ་ཉིད་བསྟན་པར་བྱ་བ་ལ་བསྟན་པའི་ཕྱིར་ཅིའི་ཕྱིར་མི་བརྗོད་དོ། །གང་གིས་ན་ལུང་ལས་གཞན་གྱི་མཐོང་བ་རྗོད་པར་བྱེད། དེ་ལྟར་ན་རང་དང་གཞན་གྱིས་ཁས་བླངས་པ་ཉིད་སྒྲུབ་པར་བྱེད་པ་

ཉིད་ཡིན་ནོ། །གལ་ཏེ་ཁོ་བོས་གཞན་ལ་གྲུབ་པའི་སྐྱེ་བ་ལ་སོགས་པས་བདེ་བ་ལ་སོགས་པ་སེམས་པ་མེད་པ་ཉིད་དུ་ཁས་ལེན་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། རང་གི་ལུང་ལ་སོགས་པ་ལས་དེ་ཡིན་པ་དེ་བས་ན་རིགས་པ་གཞན་ལ་མ་བརྗོད་པ་ཡིན་ནོ་ཞེ་ན། དེ་ནི་གང་གི་གང་ལུང་

ཡིན། །ཞེས་བཤད་ཟིན་ཏོ། །རིགས་པ་ནི་ལུང་དང་སྦྱོར་བར་བྱེད་དེ། ཡོངས་བརྟགས་ཡོངས་སུ་ལེན་ཕྱིར་རོ། །དེ་ལ་སྟོན་པར་བྱེད་པས་ལུང་དེ་རིགས་པས་སམ་གྲགས་པས་གཟུང་བར་བྱ་བ་ཡིན་གྲང་ན། དེས་ལུང་གང་གིས་སེམས་མེད་པར་གྲུབ་པར་སྟོན་པར་འགྱུར།

གལ་ཏེ་རིགས་པས་ཡིན་པ་དེའི་ཚེ། རིགས་པ་གང་གིས་ལུང་གཟུང་ཡིན། །རིགས་པ་དེ་འདིས་ཀྱང་བསྟན་པར་བྱ་བ་འཛིན་ཅིས་མ་ཡིན། ཅིའི་ཕྱིར་འཛིན་པར་བྱེད་པ་པོ་མ་ཡིན། གཞན་ཡང་དེ་ཉིད་སེམས་པ་མེད་པ་སྒྲུབ་པར་བྱེད་པ་ཁས་བླངས་པ་འཛིན་པར་བྱེད་པ་པོར་འགྱུར་བ། དེ་

ལྟར་ན་སྐྱེ་བ་ལ་སོགས་པ་སྒྲུབ་པར་བྱེད་པར་བརྗོད་པ་ནུས་པ་མེད་ཅིང་། དོན་མེད་པ་ཡིན་ནོ། །ཅི་སྟེ་རིགས་པས་གཟུང་བར་བྱ་བ་མ་ཡིན་པ་དེའི་ཚེ། དེ་ཉིད་ཚད་མ་དང་བཅས་པ་མ་ཡིན་པ་དེ་ལྟར་ན་གཟུང་བར་བྱ་བ་ཉིད་མ་ཡིན་ནོ། །དེ་བས་ན་དེས་གྲུབ་པའི་སེམས་པ་མེད་པ་ཉིད་མ་

གྲུབ་པ་ཡིན་ནོ། །གལ་ཏེ་རྣལ་འབྱོར་ལས་སྐྱེས་པའི་མངོན་སུམ་གྱིས་སེམས་པ་མེད་པ་ངེས་པ་དེ་ནི་རྣམ་པ་གཞན་དུ་བྱ་བར་མི་ནུས་པ་དེས། རྣམ་པ་འགའ་ཞིག་གིས་གཞན་ལ་བསྟན་པར་བྱ་བ་ཡིན་ནོ་ཞེ་ན། དེ་ལ་སྟོན་པར་བྱེད་པའི་མངོན་སུམ་གྱི་ཤེས་པ་གློ་བུར་དུ་སྐྱེ་བ་ནི་མ་ཡིན་ནོ། །

འོ་ན་ཅི་ཡིན་ཞེ་ན། སྒྲུབ་པར་བྱེད་པ་འགའ་ཞིག་གིས་འདི་འདིའི་གྲུབ་པར་བྱེད་པ་ཡིན་ནོ་ཞེས་ཤེས་ནས་ནན་ཏན་དུ་བྱེད་ཅིང་། ནན་ཏན་དུ་བྱས་པ་ལས་མངོན་སུམ་ཡིན་ལ། དེ་ནི་སྔར་ནི་སྒྲུབ་པར་བྱེད་པ་གང་གིས་སྟོན་པར་བྱེད་པ་ཐ་མལ་པ་སྟེ། ཚུ་རོལ་མཐོང་བར་གྱུར་པའི་སྒྲུབ་

Vol. 175 · folio 270b

པ་དང་། དབང་པོ་ལས་བྱུང་སྟེ། ནན་ཏན་དུ་བྱེད་པ་དང་། མངོན་སུམ་སྒྲུབ་པར་བྱེད་པ་གང་གིས་སྐྱེད་པ་སྒྲུབ་པ་དེ་དག་བསྟན་པར་བྱ་བ་དེ་དོན་ནུས་ཤེས་ལ། འདི་ལས་འདི་འགྱུར་རོ་ཞེས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ནུས་པ་ཤེས་པ་ལ་ནུས་པ་ཡིན་པ་དེ་ལྟར་ན་ཅིའི་ཕྱིར་དེ་སྟོན་

པར་མི་བྱེད། ཇི་ལྟར་ཐར་བ་ལྐོག་ཏུ་གྱུར་པ་འདི་ལ་ཡང་ཁོ་བོ་ཅག་གིས་སྔར་བཤད་ཟིན་ཏེ། དཔེར་ན་མ་རིག་པ་དང་སྲེད་པ་དག་དང་། སྐྱེ་བ་འབྲེལ་པ་བསྟན་ཞིང་དེ་དག་གི་གནོད་པ་ཅན་སྟོང་པ་ཉིད་དུ་ལྟ་བ་ཡང་བཤད་པ་ལྟ་བུའོ། །གནོད་པ་བྱ་བ་དང་གནོད་པར་བྱེད་པའི་འབྲེལ་

པ་གཞན་ཡོད་པ་ནི་མ་ཡིན་གྱི། དེ་ལ་གནོད་པར་བྱེད་པའི་སྟོང་པ་ཉིད་དུ་ལྟ་བ་གོམས་པ་དང་། དེའི་བདག་ཉིད་དུ་གྱུར་པ་རྒྱུ་དང་འབྲས་བུའི་དངོས་པོར་འབྲེལ་པ་ཡིན་པ་དེ་ལྟར་ན། ཐར་པ་དངོས་པོའི་སྟོབས་ལས་བྱུང་བ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་མངོན་སུམ་དེ་དང་།

དེའི་སྒྲུབ་པར་བྱེད་པ་རྣམས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་དངོས་པོ་བསྟན་པས་གང་གིས་བསྟན་པར་བྱ་བ་ལ་སེམས་པ་མེད་པ་ཉིད་གྲུབ་པར་འགྱུར་བའི་མངོན་སུམ་དེ་འདྲ་བ་ཡོད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་སྟོན་པར་བྱེད་པས་དོན་འདི་ཤེས་པ་ཉིད་མ་ཡིན་གྱི།

འོན་ཀྱང་ཁོ་བོ་ལ་དེ་སྐད་དུ་སྟོན་པར་བྱེད་པ་ཡིན་ནོ་ཞེས་རྟོག་པ་སྔོན་དུ་སོང་བའི་ངང་ཚུལ་ཅན་དཔྱོད་པར་འགྱུར་བས། སེམས་པ་མེད་པ་ཉིད་གཟུང་བར་བྱ་བ་ཉིད་མ་ཡིན་པར་འགྱུར་རོ། །དེ་ལྟར་ནི་འགྱུར་མོད་ཀྱི་འགའ་ཞིག་དང་ལྷན་ཅིག་མངོན་སུམ་དེ་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་

བྱེད་པའི་དངོས་པོ་ཡོད་པ་མ་ཡིན་ཏེ། འབྲེལ་པ་བསྐལ་པ་ཉིད་ཀྱི་ཕྱིར་རོ། །སྤྱིས་ཀྱང་ཤེས་པ་མ་ཡིན་པས་དེ་མ་བསྟན་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ཡིན་པ་དེའི་ཚེ། གང་ཡང་འབྲེལ་པ་རྣམ་ཆད་ཅན། །ཡང་གི་སྒྲ་ནི་དང་གི་དོན་ཡིན་ཏེ། གང་དང་དེ་ལྟར་འབྲེལ་པ་ཆད་པ་

ཅན་ནི། སྤྱིས་ཀྱང་སྤྱོད་ཡུལ་མ་ཡིན་པའི་དོན་ཡུལ་མ་ཡིན་པའོ། །འབྲེལ་པ་བསྐལ་པ་ཅན་གྱི་དོན་དེ་དག་ལ་བསྒྲུབ་བྱ་དང་། སྒྲུབ་བྱེད་སྤྱོད་པ་ཅུང་ཟད་མེད། །དེ་ལྟར་ན་གཞན་ལ་བསྟན་པར་བྱ་བའི་ཕྱིར། སྒྲུབ་པར་བྱེད་པ་དགོད་པར་བྱ་བ་མ་ཡིན་ཏེ། དེ་ནི་ཡུལ་དེ་འདྲ་བ་ལ་

Vol. 175 · folio 271a

གོ་བར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །གཞན་ཡང་བསྟན་པར་བྱ་བ་ཡང་འདོད་པ་ཙམ་གྱིས་ལུང་འཛིན་པར་འགྱུར་ཞིང་། ལུང་དེས་སྐྱེ་བ་ལ་སོགས་པའི་སྒྲུབ་པར་བྱེད་པ་རབ་ཏུ་སྒྲུབ་པར་བྱེད་པ་དེ་བས་ན་གང་གི་ཚེ་སེམས་པ་མེད་པ་ཉིད་དུ་འགྱུར་བ་དེའི་ཚེ། སྐྱེས་བུའི་

བསམ་པའི་དབང་གིས་དངོས་པོའི་དེ་ཁོ་ན་ཉིད་དང་། དེ་ཁོ་ན་ཉིད་མ་ཡིན་པ་རྣམ་པར་གཞག་པར་འགྱུར་རོ། །དེ་ལྟ་ན་ཡང་། སྐྱེས་བུའི་བསམ་པའི་དབང་དག་གིས། །དེ་ཉིད་དེ་ཉིད་མིན་རྣམ་གཞག །བྱེད་པ་ཡིན་ན་གཏན་ཚིགས་དང་། །དེར་སྣང་བ་དག་སྐྱེས་བུའི་འདོད་པ་ཙམ་གྱིས་

ཉེ་བར་བཏགས་པ་ཡིན་པར་འགྱུར་གྱི། དོན་དམ་པ་རྣམ་པར་གཞག་པའི་མཚན་ཉིད་ཅན་མ་ཡིན་པ་དེ་ལྟར་ན། གཏན་ཚིགས་དེར་སྣང་མེད་འགྱུར་རོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུའི་བསམ་པ་དེ་ནི་དངོས་རྟེན་མིན་ཕྱིར་རོ། །དེ་ནི་དངོས་པོ་ལ་ངེས་པར་འཇུག་པ་མེད་པའི་ཕྱིར་རོ། །གཏན་

ཚིགས་སུ་མངོན་པར་འདོད་པ་གང་ཡིན་པ་དེ་ཉིད་རྟགས་ཡིན་ཞིང་། དེ་ཉིད་རྣམ་གྲངས་གཞན་གྱིས་ཀྱང་མི་འདོད་པ་དེ་ལྟར་ན། གཏན་ཚིགས་མ་ཡིན་པའི་ཕྱིར། གཏན་ཚིགས་དང་དེར་སྣང་བ་དག་རང་བཞིན་དུ་གནས་པ་ཅན་མ་ཡིན་ན། གཞན་ཡང་། དོན་ཡོད་ཤེས་ལ་ལྟོས་བཅས་ཡིན། །

སྒྲུབ་པར་བྱེད་པ་ཡིན་གྱི་དོན་དམ་པར་དོན་མེད་པས་ཤེས་པས་ཏེ། ཤེས་པ་ཙམ་གྱིས་སྒྲུབ་བྱེད་མིན། །དཔེར་ན་མེ་ལ་ཀུན་དུ་བརྟགས་པའི་དུ་བ་ལྟ་བུའོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་མི་རྟག་པ་ཉིད་དང་། །སྐྱེ་བ་ལ་སོགས་པ་རྟགས་སུ་མ་གྲུབ་པ་ཡིན་པ་དེ་ལྟར་ན་ཡང་། དོན་

དམ་པར་བདེ་བ་ལ་སོགས་པ་ནི་སེམས་པ་མེད་པ་ཉིད་དུ་ཡོད་པ་ཡིན་ནོ། །དེ་ནི་དངོས་པོའི་བཀོད་པས་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་རྣམ་པ་འགའ་ཞིག་གིས་གཞན་ལ་བསྟན་པར་བྱ་བ་ཡིན་ནོ་ཞེ་ན། དེ་དང་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཡོད་ན་ཡང་། ཡོན་ཏན་དང་ལྡན་པའི་དོན་ཡང་ངོ་། །

དངོས་དང་འབྲེལ་པ་མེད་པའི་སྟེ། །དངོས་པོར་གྱུར་པ་མ་ཡིན་པའི་རྟགས་ཀྱི་སྒོ་ནས་ཀྱང་འོངས་པའི་རྟོགས་པ་དེ་ཁོང་དུ་ཆུད་པ་དེ་མེད་རྟོགས་ཡོན་ཏན་དང་ལྡན་པ་མེད་པར་རྟོགས་པ་དང་འདྲ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚད་མ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གལ་ཏེ་ཚད་མའི་

Vol. 175 · folio 271b

སྟོབས་ལས་འཁྲུལ་པ་དང་འཁྲུལ་པ་མ་ཡིན་པ་རྣམ་པར་འཇོག་པར་བྱེད་པ་དེ་མེད་ན། གང་ལས་འདི་འཁྲུལ་པའམ་མ་ཡིན་ན་ཞེས་ངེས་པར་འགྱུར། གཞན་ཡང་། རང་བཞིན་དག་གམ་འབྲས་བུའམ། །དངོས་པོ་སྒྲུབ་པར་བྱེད་པ་ཉིད་ཡིན་པ། སྣང་བ་མཐོང་བ་མེད་པ་ཉིད། །སྣང་

བ་སྟེ་དོན་ནོ་མཐོང་བ་མེད་ཉིད་དེ། མི་དམིགས་པ་མེད་པའི་ཐ་སྙད་འཇུག་པར་བྱེད་པ་ཡིན་པ་དེ་ལྟར་ན་རྣམ་པ་གསུམ་ཡིན་ནོ། །རྟགས་འབྲེལ་པ་སྟེ། གོ་བར་བྱེད་པ་ཡིན་གྱི་གོ་བར་བྱེད་པ་གཞན་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་གསུམ་པོ་དེ་དག་གི་ནང་དུ་སྐྱེ་བ་ལ་སོགས་པ་འདུས་པ་

ཡིན་པ་དེའི་ཚེ་དེ་དངོས་གྲུབ་ཡིན་ན། སྐྱེ་བ་ལ་སོགས་པའོ། །གྲངས་ཅན་རང་ལ་ཅིའི་ཕྱིར་མ་གྲུབ། གཉི་ག་ལ་གྲུབ་པ་ཡིན་པར་འགྱུར་རོ། །ཅི་སྟེ་ནང་དུ་འདུས་པ་མ་ཡིན་པ་དེའི་ཚེ། བསྟན་པར་བྱ་བ་གཞན་གྱིས་ཀྱང་གཞན་ཏེ། ཚུལ་གསུམ་པའི་རྟགས་ལས་སེམས་པ་

མེད་པ་རྟོགས་པ་ནི། ཁོང་དུ་ཆུད་པ་ལ། མི་རིགས་པ་ཉིད་ཡིན་ནོ། །དེ་ལྟར་ནི་འགྱུར་མོད་ཀྱི། གལ་ཏེ་གཞན་གྱིས་ཁས་བླངས་པ་སྒྲུབ་པར་བྱེད་པ་མ་ཡིན་ན། འདི་ལྟར་ན་དེས་དེ་དང་དེར་ཐལ་བ་སྒྲུབ་པར་བྱེད་པ་བརྗོད་པ་ཡིན་ཞེ་ན། སྐྱོན་དེ་ཡོད་པ་མ་ཡིན་ཏེ། འདི་ལྟར་

གཞན་གྱིས་བརྟགས་པ་ཡིས། །སྒྲུབ་པར་བྱེད་པས། ཐལ་བ་གང་ཡིན་པ་འདིས་བརྗོད་པ་གང་གཏན་ཚིགས་ངེས་པར་བསྒྲུབ་པར་བྱས་ནས་དེས་ན་དོན་འགའ་ཞིག་སྒྲུབ་པ་ནི་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། གཉིས་འབྲེལ་ཕྱིར། གཅིག་མེད་ན་ནི་གཞན་མེད་ཕྱིར་སྐབས་འགའ་

ཞིག་ཏུ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཆོས་འབྲེལ་པ་ཅན་དུ་འགྱུར་བ་དེ་དག །སྒྲུབ་པར་བྱེད་པའི་ཆོས་ལ་འབྲེལ་པ་ཡོད་ན་དེ་དང་འབྲེལ་པ་ཅན་གྱི་བསྒྲུབ་པར་བྱ་བའི་ཆོས་ཀྱང་ཡོད་པ་ཡིན་ནོ། །ཅི་སྟེ་བསྒྲུབ་པར་བྱ་བ་མི་འདོད་པ་དེའི་ཚེ། སྒྲུབ་པར་

བྱེད་པའི་ཆོས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་གིས་མཐོང་བ་སྨོས་པ་བཤད་ནས། དོན་སྨོས་པའི་མཚན་ཉིད་དུ་བྱས་པ་གང་ཡིན་པ་དེ་དོན་སྨོས་པས་རྟགས་ཉིད་མིན་པར་སྒྲུབ་དོན་ཏོ། །གང་དག་ཅེ་ན་སྒྲ་དག་དང་། །རྟོག་པས་སྒྲོ་བཏགས་བདག་ཉིད་ཅན། །

Vol. 175 · folio 272a

ལུང་རྣམ་པར་རྟོག་པས་སྒྲོ་བཏགས་པའི་བདག་ཉིད་ཅན་ཏེ། ལུང་དང་རྣམ་པར་རྟོག་པས་སྒྲོ་བཏགས་པའི་བདག་ཉིད་ཀྱི་རང་བཞིན་གང་ལ་ཡོད་པ་དེ་དག་ནི། རྟགས་མ་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱ་བའི་དོན་དུ་སྨོས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་

ལས་དོན་ནི་སྒྲུབ་ཕྱིར་རོ། །དངོས་པོ་ནི་དངོས་པོ་ལ་རག་ལུས་པ་དེའི་ཕྱིར། དེ་ཉིད་དེའི་གོ་བར་བྱེད་པ་ཡིན་ནོ། །དེ་ལྟར་ན་རྟོག་པ་དང་ལུང་གི་དངོས་པོའི་རྗེས་སུ་འཇུག་པ་མ་ཡིན་གྱི། འོན་ཀྱང་བྱེད་པ་པོའི་འདོད་པ་ཙམ་ཡིན་ནོ། །དེ་ལྟར་ན། རྟོག་དང་ལུང་དག་བྱེད་པ་པོའི། །

འདོད་པ་ཙམ་རྗེས་སུ་འཇུག་པ་དང་། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི། དངོས་ལས་གཞན་དུ་འགྱུར་ཕྱིར་རོ། །དངོས་པོ་ཇི་ལྟ་བ་བཞིན་དུ་འཇུག་པ་མེད་པའི་རྒྱུའི་ཕྱིར། ལུང་དང་རྟོག་པ་དག་གིས་གཏན་ཚིགས་ཉིད་དུ་བརྟགས་པ་གང་ཡིན་པ་དེ་དག་རྣམ་པར་འཁྲུལ་པ་

ཡིན་ནོ། །དོན་སྨོས་པ་ཡང་བཤད་ཟིན་ཏོ། །ད་ནི་ཕྱོགས་སྒྲུབ་པར་བྱེད་པ་ཉིད་ཡིན་པ་དོན་གྱིས་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དོ། །ཚུལ་གསུམ་པའི་རྟགས་བརྗོད་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་དོན་གྱི་ཕྱོགས་ཀྱི་ཚིག་

སྒྲུབ་པར་བྱེད་པ་མ་ཡིན་ཞེས་བཤད་པར་རིག་པར་བྱའོ། །ཇི་ལྟར་ན་སྒྲུབ་པར་བྱེད་པ་མ་ཡིན་ཞེ་ན། དངོས་སམ་བརྒྱུད་པས་སྒྲུབ་པར་བྱེད་པ་ཡིན་པར་འགྱུར་གྲང་ན། དེ་ལ་རེ་ཞིག་དངོས་སུ་ནི། དོན་ལ་སྟེ་བསྒྲུབ་པར་བྱ་བ་ལ། ཕྱོགས་དང་གཏན་ཚིགས་བརྗོད་ནུས་མེད། །

ཕྱོགས་ཀྱི་ཚིག་གམ་གཏན་ཚིགས་ཀྱི་ཚིག་སྟོན་པར་ནུས་པ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་གྱིས་དོན་རྟོགས་ཕྱིར་རོ། །གང་གི་ཕྱིར་དུ་བ་ལ་སོགས་པ་ཚུལ་གསུམ་པའི་རྟགས་ལ། མེ་ལ་སོགས་པ་རྟོགས་པ་ཡིན་གྱི། སྒྲ་ལས་མ་ཡིན་པའི་རྒྱུ་དེས་ན་དེ་དག་

ཕྱོགས་དེ་གཏན་ཚིགས་བརྗོད་པ་དག་ལ་རང་ཉིད་ལས་དངོས་སུ་སྒྲུབ་བྱེད་གནས་པ་ཡོད་མ་ཡིན། སྒྲུབ་པར་བྱེད་པར་རྣམ་པར་གཞག་པའོ། །གལ་ཏེ་སློབ་དཔོན་གྱིས་སྒྲ་ལས་བྱུང་བ་ཚད་མ་ཉིད་དུ་བཞེད་པ་ཡིན་ཇི་ལྟར་ན་དེས་དོན་གྲུབ་པ་མ་ཡིན། གང་གི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words