ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད
Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 176 · folio 270a
འགོག་པར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ནི་ངག་ཉེ་བར་དགོད་པའམ་དེའི་ཕྱིར་གྱི་དོན་ཏེ། ཡི་གེ་རྣམས་རྗོད་པར་བྱེད་པ་ཉིད་མ་ཡིན་ན་ཡང་ཚིག་ལ་སོགས་པ་རྗོད་པར་བྱེད་པ་ཡིན་པར་འགྱུར་རོ་སྙམ་ན། ཚིག་ལ་སོགས་པ་དེ་ནི་ཅི་ཡང་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། ཡི་
གེ་རྣམས་ལས་ཚིག་ལ་སོགས་པ་དེ་ཐ་དད་པ་དང་ཐ་དད་པ་མེད་པ་དག་ཀྱང་འགལ་བའི་ཕྱིར་རོ། །ཐ་དད་པ་ཡིན་ན་ནི་སྣང་བ་ཐ་དད་པར་དམིགས་པར་འགྱུར་ལ། མི་སྣང་བ་ཉིད་ཡིན་ན་ཡང་རྗོད་པར་བྱེད་པ་ཉིད་མ་ཡིན་ཏེ། མ་བཟུང་བར་ཤེས་པར་བྱེད་པ་ཉིད་དུ་མི་རུང་བའི་ཕྱིར་རོ། །ཐ་དད་པ་མེད་
པ་ཡིན་ན་ཡང་ཡི་གེ་ཉིད་དང་འདྲ་བར་བརྗོད་པ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ཡི་གེ་རྣམས་ལས་ཚིག་ལ་སོགས་པ་ཐ་དད་པ་དང་ཐ་མི་དད་པ་འགལ་བ་དེ་བས་ན། ཚིག་ལ་སོགས་པ་དངོས་པོར་གྱུར་པ་མ་ཡིན་ནོ། །དབང་པོའི་རྣམ་པར་ཤེས་པ་ཁྱད་པར་ཅན་ཏེ།
ཡི་གེ་བཀོད་པ་འཛིན་པ་ལ་གསལ་བའི་རྣ་བའི་རྣམ་པར་ཤེས་པ་དེའི་རྗེས་སུ་འཇུག་པ་ཞེས་བྱ་བ་དེས་ཉམས་སུ་མྱོང་བའི་སྒོ་ནས་འོངས་པ། རིགས་མཐུན་པའི་བག་ཆགས་རིགས་གཅིག་པའི་རྣམ་པར་རྟོག་པའི་ནུས་པ་ཉེ་བར་ལེན་པ་རྣམ་པར་རྟོག་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །
རིགས་མཐུན་པའི་བག་ཆགས་ཀྱི་ཉེ་བར་ལེན་པ་ཅན་ཡང་དེ་ཡིན་ལ་རྣམ་པར་རྟོག་པ་ཡང་ཡིན་པ་དེ་བས་ན་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །དེ་ལ་སྣང་བའི་ཚིག་དང་ངག་ལ་གཅིག་ཏུ་སྣང་བས་སྣང་བར་འགྱུར་བ་ན། གཅིག་ཏུ་འཁྲུལ་ཅིང་རྣམ་པར་འཁྲུལ་པར་འགྱུར་རོ། །འདི་སྐད་དུ་རྣ་
བའི་རྣམ་པར་ཤེས་པ་ཁྱད་པར་ཅན་གྱི་ཕྱིས་འབྱུང་བའི་ཡིད་རྣམ་པར་ཤེས་པ་རྟོགས་པ་དང་བཅས་པ། ཚིག་དང་ངག་ལ་གཅིག་ཏུ་སྒྲོ་འདོགས་པར་བྱེད་དོ་ཞེས་སྟོན་པར་འགྱུར་རོ། །འཁྲུལ་པའི་དབང་གིས་སྒྲོ་འདོགས་པ་དེ་ཉིད་ཀྱི་ཕྱིར། ཚིག་ལ་སོགས་པ་གཅིག་ཏུ་སྣང་བ་ཅན་དེ་ཡང་
ལོག་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་སྣང་བ་ཅན་གྱི་ཚིག་ལ་སོགས་པ་དོན་དམ་པར་གཅིག་དང་དུ་མ་ཉིད་དུ་མི་རུང་བའི་ཕྱིར་རོ། །རེ་ཞིག་ཚིག་ལ་སོགས་པ་གཅིག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བློས་ཡི་གེ་བཀོད་པ་དུ་མ་རིམ་པར་འཛིན་པར་མི་རུང་བའི་ཕྱིར་རོ། །གཅིག་ཉིད་
Vol. 176 · folio 270b
ཡིན་ན་ནི་བློ་གཅིག་ཉིད་ཀྱིས་ཐམས་ཅད་དུ་གཟུང་བར་འགྱུར་རོ། །གཅིག་ལ་བཟུང་བ་མ་བཟུང་བའི་རང་བཞིན་མི་རུང་བའི་ཕྱིར་རོ། །གལ་ཏེ་བློ་གཅིག་གིས་ཚིག་ལ་སོགས་པ་འཛིན་པ་ཡིན་ནོ་ཞེ་ན། དེ་ནི་ཅི་ཞིག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིག་ལ་སོགས་པ་དེ་ནི་བློ་གཅིག་གིས་
གཟུང་བར་བྱ་བ་མ་ཡིན་ཏེ། ཡི་གེའི་ཚོགས་གོ་རིམས་ཇི་ལྟ་བ་བཞིན་དུ་འཛིན་པའི་ཕྱིར་རོ།། །།བམ་པོ་ཉི་ཤུ་རྩ་དྲུག་པ། རེ་ཞིག་ཡི་གེ་གཅིག་རྫོགས་པའི་དུས་ན་བློ་དུ་མ་འདས་པ་ཡིན་ན། ཡི་གེ་མང་པོ་རྣམས་ལ་ལྟ་ཅི་སྨོས་ཞེས་བསྟན་པའི་ཕྱིར་ཡི་གེ་གཅིག་ཅེས་བྱ་བ་
ལ་སོགས་པ་སྨོས་ཏེ། ཡི་གེ་གཅིག་འཛིན་པའི་དུས་ན་བློ་དུ་མ་འགག་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། བློ་རྣམས་ནི་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེ་ལྟ་ནི་བདེན་ན། དུས་ཇི་སྲིད་ཚིག་ལ་སོགས་པ་འཛིན་པའི་དུས་དེ་སྲིད་ནི་སྐད་ཅིག་མ་གཅིག་ཡིན་པ་དེ་བས་ན། བློ་གཅིག་ཁོ་ནས་ཚིག་
ལ་སོགས་པ་འཛིན་པར་འགྱུར་རོ་ཞེ་ན། སྐད་ཅིག་མ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་མ་ནི་དུས་ཇི་སྲིད་ཀྱི་རྡུལ་ཕྲ་རབ་གཞན་ལས་འདས་པ་དུས་དེ་སྲིད་པ་ཉིད་ཡིན་པའི་ཕྱིར་ཏེ། སྐད་ཅིག་མ་ནི་ཆ་དང་བྲལ་བའི་དུས་ཅན་ཡིན་
པའི་ཕྱིར་རོ། །སྐད་ཅིག་མ་ནི་ཆ་དང་བྲལ་བའི་དུས་ཅན་གྱི་མཐར་ཐུག་པའོ། །དེ་ཡང་རྡུལ་ཕྲ་རབ་གཅིག་ལས་འདས་པའི་དུས་ཅན་ཁོ་ན་ཡིན་པར་རིགས་སོ། །ཇི་སྐད་བཤད་པའི་དུས་ལས་སྐད་ཅིག་མ་ལྷག་པ་ཡིན་པར་ཁས་ལེན་ན་ནི། ཆ་ཅན་ཏེ་སྐད་ཅིག་མ་ཆར་ཆེ་བ་ལ་དུས་ཀྱི་མཐའ་མི་རུང་
བའི་ཕྱིར་རོ། །ཡི་གེ་ཤིན་ཏུ་ཚད་ཆུང་བ་གཅིག་ཀྱང་སྐད་ཅིག་མ་དུ་མས་རྫོགས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྡུལ་ཕྲ་རབ་དུ་མ་འདས་པ་ཅན་དེ་འདས་པའི་མིག་འབྱེད་པ་གང་ལ་ཡོད་པ་དེ་ནི་རྡུལ་ཕྲ་རབ་དུ་མ་འདས་པ་ཅན་གྱི་མིག་འབྱེད་པ་དེ་དང་དུས་མཚུངས་པ་ཅན་ཉིད་ཡིན་
པའི་ཕྱིར། ཨ་ལ་སོགས་པའི་ཡི་གེ་ཐུང་ངུ་སྟེ་ཤིན་ཏུ་ཚད་ཆུང་བ་ཡོངས་སུ་རྫོགས་པ་ཡིན་ནོ། །གལ་ཏེ་ཇི་ལྟར་ཉམས་སུ་མྱོང་བའི་ཤེས་པ་ཡི་གེ་བཀོད་པའི་ཚིག་ལ་སོགས་པ་ལ་འཇུག་པ་དེ་ལྟ་ན་ཡང་ཡི་གེའི་གོ་རིམས་ཉམས་སུ་མྱོང་བའི་སྟོབས་ལས་དྲན་པ་གང་ཡིན་པ་དེ་ནི་ཚིག་ལ་སོགས་
Vol. 176 · folio 271a
པ་བཀོད་པ་མེད་པ་འཛིན་ཏོ་ཞེ་ན་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཉམས་སུ་མྱོང་བ་བཞིན་དུ་དྲན་པའི་ཕྱིར་རོ། །ཇི་ལྟར་སྒྲའི་གོ་རིམས་བཞིན་དུ་ཉམས་སུ་མྱོང་བ་ཇི་ལྟར་དྲན་པས་ཀྱང་ཡིན་ཏེ། དེ་ལྟར་དྲན་པ་ཡང་རིམ་གྱིས་འབྱུང་བ་ཅན་ཡིན་པ་དེ་ལྟ་ན། དེའི་དུས་
ཅན་ཏེ་ཉམས་སུ་མྱོང་བའི་དུས་ཅན་ཁོ་ན་ཡིན་ནོ། །ཇི་ལྟར་ཉམས་སུ་མྱོང་བའི་གོ་རིམས་བཞིན་དུ་ཡིན་པ་དེ་ལྟར་སྒྲ་རྗེས་སུ་དྲན་པའི་གོ་རིམས་ཀྱང་སྲོག་ཆགས་ཐམས་ཅད་ཀྱི་རང་རིག་པའི་ངོ་བོ་ཅན་ཉིད་ཡིན་པ་དེ་ལྟར་ན། ཉམས་སུ་མྱོང་བ་དང་འདྲ་བའི་གོ་རིམས་འདི་ལ་ཁྱད་པར་བརྟགས་པ་
མེད་དོ། །དེ་བས་ན་ཉམས་སུ་མྱོང་བའི་དྲན་པའི་གོ་རིམས་དག་གི་ཁྱད་པར་རྟོགས་པ་མེད་པའི་ཕྱིར་རོ། །དྲན་པ་གཅིག་གིས་ཚིག་དང་ངག་འཛིན་པ་མ་ཡིན་ནོ། །ཚིག་ལ་སོགས་པ་དུ་མ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བློ་ལ་ཐ་དད་པ་མེད་པར་བློ་ལ་ཐ་དད་པར་མི་སྣང་བའི་ཕྱིར་ཏེ། ཚིག་དང་
ངག་གི་རྣམ་པ་ཅན་གྱི་བློ་ལ་ཐ་དད་པ་མེད་པར་གཅིག་ཉིད་དུ་སྣང་བའི་ཕྱིར་རོ། །བློ་ལ་སྣང་བའི་དབང་གིས་གཅིག་ཉིད་དང་དུ་མ་ཉིད་རྣམ་པར་འཇོག་པར་འགྱུར་ཏེ། བློ་ལ་ཚིག་ལ་སོགས་པ་སྣང་བ་གཅིག་གི་ངོ་བོ་ཅན་ཉིད་ཡིན་པས་ཚིག་དང་ངག་གཅིག་གོ་ཞེས་གཅིག་ཉིད་དུ་སྒྲོ་འདོགས་པའི་
རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རོ། །རེ་ཞིག་ཡི་གེ་རྣམས་ཀྱི་བཀོད་པའི་སྒོ་ནས་ཉམས་སུ་མྱོང་བའི་བློ་སྐྱེ་ཞིང་། དེ་ལ་གཅིག་ཏུ་སྣང་བ་ཡོད་པ་མ་ཡིན་ལ་དྲན་པ་ཡང་ཇི་ལྟར་ཉམས་སུ་མྱོང་བ་བཞིན་སྐྱེ་བར་འགྱུར་ཞིང་དེ་ཡང་གཅིག་པར་འཛིན་པ་མ་ཡིན་ནོ་ཞེས་བཤད་པ་མ་ཡིན་ནམ་དེ་ལ་གང་ལ་ཚིག་
དང་ངག་ཐ་དད་པ་མེད་པར་སྣང་བའི་བློ་གཞན་ཅི་ཞིག་ཡོད་ཅེ་ན། དེ་ལ་ཁ་ཅིག་ནི་ཉམས་སུ་མྱོང་བ་དང་དྲན་པ་གོ་རིམས་བཞིན་དུ་སྐྱེས་ནས་ཕྱིས་འབྱུང་བ་ཅན་གཅིག་ཏུ་ཞེན་པའི་བློ་སྐྱེ་བའི་དབང་དུ་མཛད་ནས་དེ་སྐད་དུ་བཤད་པར་འདོད་དོ། །དཔེར་ན། གཞན་དག་སྒྲ་ཡིས་བསྒོས་པའི་ས་བོན་
ཅན། །ཐ་མའི་སྒྲ་དང་བཅས་པར་ནི། །ཡོངས་སྨིན་སྐྱེ་བ་ཅན་གྱིས་ནི། །བློ་ལ་མིང་དག་ངེས་པར་བྱེད། །ཅེས་བྱ་བ་ལྟ་བུའོ། །དེ་ལྟ་བུར་གྱུར་པའི་བློའི་དབང་གིས་ཀྱང་ཕྱི་རོལ་ལ་ཚིག་དང་ངག་གི་གཅིག་པ་ཉིད་ཁས་བླང་བར་རིགས་པ་མ་ཡིན་ཏེ། གཅིག་ཏུ་སྒྲོ་འདོགས་པའི་བློ་དེ་ནི་
Vol. 176 · folio 271b
འཁྲུལ་པ་ཉིད་ཀྱི་ཕྱིར་རོ། །གཞན་དག་ནི་བློ་ལས་ཞེས་ལྔ་པ་བརྗོད་དོ། །ཚིག་དང་ངག་གི་རྣམ་པ་ཅན་གྱི་རྣམ་པར་རྟོག་པའི་བློ་ལ་ཚིག་དང་ངག་དག་ཐ་དད་པ་མེད་པར་སྣང་བའི་ཕྱིར་ཏེ། བློ་གཅིག་ལས་ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བློ་གཅིག་ལས་ཐ་དད་པ་མེད་པ་ཡིན་ན་ནི་ཇི་ལྟར་ན་
དུ་མར་འགྱུར་ཞེ་ན། དེའི་དུ་མ་ཉིད་དེ་ཚིག་ལ་སོགས་པའི་དུ་མ་ཉིད་ནི་འོག་ནས་འགེགས་པར་འགྱུར་བ་ཉིད་ཕྱིར་རོ། །དེ་ཞེས་བྱ་བ་ནི་གཅིག་དང་དུ་མ་ཉིད་དུ་མི་རུང་བ་དེའི་ཕྱིར། ཚིག་ལ་སོགས་པ་དངོས་པོ་མ་ཡིན་ནོ། །ཡང་ན་དེ་ནི་ཞེས་བྱ་བ་ནི་ཚིག་ལ་སོགས་པ་དང་སྦྱར་ཏེ། ཚིག་ལ་སོགས་པ་ནི་དངོས་
པོ་མ་ཡིན་ཏེ། གཅིག་ཉིད་དང་དུ་མ་ཉིད་མི་རུང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཅིའི་ཕྱིར་ཞེ་ན། དངོས་པོ་དེའི་རྣམ་པར་རྟོག་པ་དེ་ལས་མ་འདས་པའི་ཕྱིར་ཏེ། གཅིག་དང་དུ་མའི་རྣམ་པར་རྟོག་པ་ལས་མ་འདས་པའི་ཕྱིར་རོ། །གཞན་གྱིས་འདོད་པའི་སྒྲ་དང་དོན་དག་གི་འབྲེལ་པ་དངོས་
པོ་ཡིན་ན་ཡང་། དེ་ཇི་ལྟར་དེའི་རྟེན་ཅན་དུ་འགྱུར་ཏེ། ཚིག་དང་ངག་དངོས་པོར་འགྱུར་བ་མ་ཡིན་པ་དེའི་རྟེན་ཅན་དུ་འགྱུར། གང་ལ་ཚིག་དང་ངག་དེའི་རྟེན་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ཚིག་ལ་སོགས་པ་མེད་པ་ཉིད་ཀྱི་ཕྱིར་རྟེན་དུ་བྱ་བར་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་
ཞེས་བྱ་བ་རྟེན་དུ་གྱུར་པར་བྱ་བ་མེད་པ་ཡིན་ན་འབྲེལ་པ་བརྟེན་པ་མ་ཡིན་པར་འགྱུར་རོ། །དེ་ལྟར་རྟེན་མེད་པ་ཅན་ཉིད་ཡིན་པ་དེའི་ཕྱིར་འབྲེལ་པ་མ་ཡིན་པར་འགྱུར་ཏེ། འབྲེལ་པ་ནི་རྟག་ཏུ་གཞན་དབང་ཉིད་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་སྒྲ་དང་དོན་དག་གི་འབྲེལ་པ་ནི་རང་
བཞིན་ཅན་ཉིད་མ་ཡིན་ནོ། །དེའི་བསམ་པ་ཅན་གྱིས་ཞེས་བྱ་བ་ལ་སོགས་པས་སྒྲ་དང་དོན་དག་གི་འབྲེལ་པ་ཅི་འདྲ་བར་རིགས་པ་དང་ལྡན་པ་ཡིན་པ་དེ་སྟོན་པར་བྱེད་དོ། །དེའི་བསམ་པ་ཅན་གྱི་ཞེས་བྱ་བ་ནི་དོན་སྟོན་པར་བྱེད་པའི་བསམ་པ་ཅན་གྱི་སྦྱོར་བ་སྟེ། ནང་གི་གཡོ་འགུལ་ལ་སོགས་པ་གང་ཡིན་པ་
དེ་ལས་བྱུང་བའི་སྒྲའོ། །དེ་ནི་རིགས་པ་དང་ལྡན་པའི་སྟོབས་ཀྱིས་བཤད་དོ། །མངོན་པར་གསལ་བའི་སྒྲ་ནི་གཞན་གྱི་བསམ་པའི་སྒོ་ནས་དེ་སྐད་དུ་བཤད་དོ། །དེར་འཁྲུལ་པ་མེད་པ་ཞེས་བྱ་བ་ནི་དོན་བསྟན་པའི་བསམ་པ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །སྒྲའི་འབྲེལ་པ་འདི་ནི་དེ་ཁོ་ན་ཉིད་དེ་
Vol. 176 · folio 272a
དོན་བསྟན་པ་ལ་འཁྲུལ་པ་མེད་པ་ཉིད་ཡིན་ཏེ། དོན་བསྟན་པའི་བསམ་པས་སྒྲ་སྦྱོར་བའི་ཕྱིར་རོ། །སྒྲའི་འབྱུང་བ་དང་མངོན་པར་གསལ་བ་དེ་ཡང་དོན་བསྟན་པ་ལ་འཁྲུལ་པ་མེད་པ་ལ་བརྟེན་པ་སྟེ། འཁྲུལ་པ་མེད་པའི་རྒྱུ་མཚན་དེ་ཡང་སྐྱེས་བུའི་སྦྱོར་བས་བྱས་པ་ཉིད་ཀྱི་ཕྱིར་སྐྱེས་
བུས་བྱས་པ་ཡིན་པས་ན། སྒྲ་དང་དོན་དག་གི་འབྲེལ་པ་ནི་སྐྱེས་བུས་བྱས་པ་ཁོ་ན་ཡིན་ནོ། །དེའི་སྒོ་ནས་ཏེ་ཇི་སྐད་དུ་བཤད་པའི་འབྲེལ་པའི་སྒོ་ནས་ནི། དོན་རྟོགས་པ་ལ་ངེས་པ་ཡིན་པ་དེ་ལྟར་ན། སྒྲ་རྣམས་སྐྱེས་བུས་མ་བྱས་པ་ཉིད་ཡིན་པར་བརྗོད་པར་འགྱུར་བ་ན་ཡང་དེ་ཉིད་འཁྲུལ་པ་སྟེ་བླ་བ་ཡིན་
ཏེ། སྐྱེས་བུས་བྱས་པའི་འབྲེལ་པ་ནི་འཁྲུལ་པའི་རྒྱུར་ཁས་ལེན་པའི་ཕྱིར་རོ། །དེ་ལྟར་ན་སྐྱེས་བུས་མ་བྱས་པ་ཉིད་དུ་རྟོག་པ་ནི་དོན་མེད་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དཔྱོད་པ་པ་རྣམས་ཀྱིས་རིག་བྱེད་ཀྱི་ངག་རྣམས་སྐྱེས་བུས་མ་བྱས་ཀྱང་འདོད་ལོ། །རིག་བྱེད་ཀྱི་རྩོམ་པ་པོ་རྣམས་བྱེད་པ་
པོ་རྣམས་མི་དྲན་ཕྱིར་ཏེ། རྟགས་ཀྱི་ཕྱིར་རོ། །གང་འདི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དོན་མང་པོ་དག་གིས་བྱེད་པ་པོ་མི་དྲན་པ་དེ་ཙམ་གྱིས་མ་བྱས་པ་དག་མ་ཡིན་ཏེ། དཔེར་ན་ཁྲོན་པ་རྙིང་པ་ལ་སོགས་པ་ལྟ་བུའོ། །དེ་ལྟར་ན་གཏན་ཚིགས་འཁྲུལ་པའི་ཕྱིར། རིག་བྱེད་པའི་ངག་
རྣམས་བྱེད་པ་པོ་མི་དྲན་པའི་ཕྱིར་སྐྱེས་བུས་མ་བྱས་པ་འདི་ནི་རིགས་པའི་ཚུལ་ཅན་མ་ཡིན་པ་རྒྱལ་དཔོག་པས་རྗོད་པར་བྱེད་དོ། །དེ་ལྟར་ཡང་དེ་ལྟ་བུའི་རྣམ་པའི་དངོས་པོ་འདི་ལ་ཡང་རྗེས་སུ་བརྗོད་པ་ཡོད་དོ། །འདི་ལ་ཅི་ཞིག་བརྗོད་པར་བྱ་སྟེ། གཅིག་ཏུ་དེ་ལྟར་ངན་པ་མུན་ཁྱབ་བྱེད། དེ་ལྟར་ན་རེ་
ཞིག་བྱེད་པ་པོ་མི་དྲན་པའི་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་དུ་སྨྲ་བའི་རྒྱལ་དཔོག་གང་ཡིན་པ་དེ་ཉིད་ཤེས་རབ་འཚལ་བ་དེ་འདྲ་བ་སྟེ། ཤིན་ཏུ་རྨོངས་པ་ཇི་ལྟར་སྐྱེ་ཞིང་འབྱུང་སྙམ་པས། ཁོ་བོ་ཅག་གི་སེམས་ངོ་མཚར་དང་རྗེས་སུ་བརྩེ་བ་དང་བཅས་པར་འཇུག་པའི་ཕྱིར་རོ། །སེམས་ངོ་མཚར་དང་
རྗེས་སུ་བརྩེ་བ་དང་བཅས་པའོ། །ཐོབ་པ་ཅན་ཡིན་དུ་ཟིན་ཀྱང་དེ་དང་འདྲ་བའི་མ་རིག་པས་རྣམ་པར་འཚེ་བའི་ཕྱིར་རོ། །ངོ་མཚར་དང་བཅས་པ་དང་མ་རིག་པའི་འཆིང་བ་བརྟེན་པོས་སེམས་ཅན་རྣམས་གདུང་བར་བྱེད་པའི་ཕྱིར་རྗེས་སུ་བརྩེ་བ་དང་བཅས་པའོ། །འདི་ལ་འདིར་གཞན་དག་ཀྱང་
Vol. 176 · folio 272b
སྟེ། ད་ལྟར་དེའི་གཞུང་གི་རྗེས་སུ་འབྲང་བ་རྟོག་པ་དང་ལྡན་པ་སྙམ་སེམས་པ་དེ་ནི་འདི་ལྟར་ཡིན་ནོ་ཞེས་རྗེས་སུ་རྗོད་པར་བྱེད་པས། སྲིད་པ་སྟེ་འགྲོ་བ་བརྩེ་བ་མེད་ཅིང་སྙིང་རྗེ་མེད་པས་གནོད་པ་ཅན་དུ་མུན་པ་གང་གིས་གནོད་པ་དེ་ནི། སྲིད་པ་བརྩེ་བ་མེད་པས་གནོད་པ་ཅན་ངན་པ་མུན་པ་ཁྱབ་པ་ཡིན་
ནོ། །འདིར་མི་ཤེས་པ་ཉིད་ལ་ངན་པར་བརྗོད་པར་རིགས་ཀྱི་སྲོག་ཆགས་ནི་མ་ཡིན་ནོ། །འདི་ལྟར་སྲོག་ཆགས་དེ་སྐད་དུ་སྨྲ་ན་ཡང་ཕན་འདོགས་པ་སྟེ། ཕན་པ་ཐོབ་པར་འདོད་པ་དེ། དེས་སླུ་བར་བྱེད་ཅིང་འཁྲུལ་པར་བྱེད་པ་ལ་ཉེས་པ་ཅི་ཞིག་ཡོད། འོན་ཀྱང་ཉེས་པ་འདི་ནི་མི་ཤེས་པ་ཁོ་ན་ཡིན་ནོ། །
ཅིའི་ཕྱིར་དེ་ལྟར་སྨྲ་བ་དེ་ཡང་ཤེས་རབ་འཆལ་བ་ཡིན་སྙམ་ན། འདི་ལྟར་སྒྲུབ་པར་བྱེད་པ་འདི་ནི་མ་གྲུབ་པ་དང་མ་ངེས་པ་ཅན་ཡིན་པས་སོ། །དེ་ལ་མ་གྲུབ་པའི་དབང་དུ་མཛད་ནས། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བར་གཤེགས་པ་པ་དག་གིས་རིག་བྱེད་ཀྱི་བྱེད་པ་པོ་བརྒྱད་ལ་
སོགས་པ་དྲན་ནོ། །སོགས་པའི་སྒྲས་ནི་མི་ཐུང་མི་ཐུང་ལྷ་དང་། སྣ་ཚོགས་བཤེས་གཉེན་ལ་སོགས་པའོ། །གཟེགས་ཟན་ཏེ་བྱེ་བྲག་དག་གིས་དབྱིག་གི་སྙིང་པོ་ཅན་ནི་ཚངས་པ་སྟེ། རིག་བྱེད་ཀྱི་བྱེད་པ་པོར་དྲན་པར་བྱེད་དོ། །དེ་བས་ན་བྱེད་པ་པོ་མི་དྲན་པ་མ་གྲུབ་པ་ཡིན་ནོ། །གལ་ཏེ་
བདེ་བར་གཤེགས་པ་པ་དག་དང་གཟེགས་ཟན་དེ་དག་རིག་བྱེད་ཀྱི་བྱེད་པ་པོ་དྲན་པ་སྨྲ་བ་དེ་ལོག་པར་སྨྲ་བ་ཡིན་པ་དེ་བས་ན་གཏན་ཚིགས་གྲུབ་པ་ཡིན་ནོ་ཞེ་ན། ད་ནི་རིག་བྱེད་ལས་གཞན་པའི་སྒྲ་གང་སྐྱེས་བུས་བྱས་པ་ཡིན་ཏེ། འགའ་ཞིག་ཀྱང་སྐྱེས་བུས་བྱས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །
དེ་ལྟར་ཞེས་བྱ་བ་ནི་བྱེད་པ་པོ་དྲན་པར་སྨྲ་བ་ལོག་པ་པོ་ཉིད་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། གཞོན་ནུ་འབྱུང་བ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་གཞོན་ནུ་འབྱུང་བ་ཅན་ལ་སོགས་པའི་གཞུང་ནག་མོའི་འབངས་ལ་སོགས་པ་བདག་གམ་གཞན་རྩོམ་པ་པོ་ཡིན་
པར་སྟོན་པར་བྱེད་པ་དེའི་ཚེ། ཁྱེད་ཅག་གི་ལོག་པར་སྨྲ་བ་ཡིན་ཏེ། ཁྱེད་ཅག་ནི་རྩོམ་པར་བྱེད་པ་མ་ཡིན་ནོ་ཞེས་དེ་ལྟར་གཞན་དག་སྤོང་བར་བྱེད་པར་འགྱུར་རོ། །གལ་ཏེ་གཞོན་ནུ་འབྱུང་བ་ཅན་ལ་སོགས་པ་དེ་ལ་བྱེད་པ་པོ་སྤོང་བ་ལ་ཁས་བླངས་པས་གནོད་པ་སྟེ། གཞོན་ནུ་འབྱུང་བ་ཅན་ལ་
Vol. 176 · folio 273a
སོགས་པ་སྐྱེས་བུས་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། བྱེད་པ་པོ་མི་དྲན་པ་འདི་ཉིད་སྐྱེས་བུས་མ་བྱས་པར་ཁས་བླངས་པའི་ཡན་ལག་སྟེ། སྒྲུབ་པར་བྱེད་པ་དེ་ཡང་གཞོན་ནུ་འབྱུང་བ་ཅན་ལ་སོགས་པ་ལ་ཡོད་པ་ཡིན་ནོ་ཞེས་བྱ་བ་ཇི་སྐད་དུ་བཤད་པའི་རིགས་པ་འདིས་ཇི་ལྟར་ན་གཞོན་ནུ་
འབྱུང་བ་ཅན་ལ་སོགས་པ་སྐྱེས་བུས་བྱས་པར་འདོད་པ་མ་ཡིན་ནམ། གང་ལ་གང་གིས་གནོད་པ་ཡིན། ཅི་སྟེ་རིགས་པ་མཚུངས་པ་ཡིན་དུ་ཟིན་ཀྱང་གཞོན་ནུ་འབྱུང་བ་ཅན་ལ་སོགས་པ་སྤོང་བ་ཁས་བླངས་པ་དང་འགལ་བར་འདོད་ན། ཁས་བླངས་པས་གནོད་པ་དེ་རིག་བྱེད་སྨྲ་བ་གཞན་ལ་ཡང་
རིག་བྱེད་ཀྱི་ངག་རྣམས་ཀྱི་རྩོམ་པ་པོ་སྤོང་བར་མཚུངས་པ་ཁོ་ན་ཡིན་ནོ། །གལ་ཏེ་རིག་བྱེད་སྨྲ་བ་དེའི་མ་བྱས་པ་ཉིད་འདོད་པ་ཡིན་པའི་ཕྱིར། བྱེད་པ་པོ་སྐྱོན་ཡང་མེད་པ་སྟེ། ཁས་བླངས་པ་ལ་གནོད་པའི་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། རིག་བྱེད་སྨྲ་བ་འདིའི་རིག་བྱེད་སྐྱེས་བུས་མ་བྱས་པ་ཡིན་ནོ་
ཞེས་འདོད་ཅིང་ཁས་བླངས་པ་འདི་ཚད་མ་མེད་པ་ཅན་ཏེ། ཚད་མ་དང་བྲལ་བ་ལུང་མཚོན་པའི་རྒྱུ་མཚན་གྱི་བརྟག་པ་གང་ལས་ཐོག་མ་ནས་ཡོད་པར་འགྱུར། དེ་ལྟར་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་ཁས་ལེན་པ་ན། བྱེད་པ་པོ་མི་དྲན་པར་ཚད་མར་འཆད་པ་དེ་ལ་སྐྱོན་བསྟན་མ་ཐག་པ་ཡིན་
པ་དེ་ལྟར་ན། འདི་ནི་ཚད་མ་མེད་པ་ཅན་འདོད་པ་ཡིན་ཏེ། ཅི་སྟེ་ཚད་མ་མེད་པར་རིག་བྱེད་སྨྲ་བས་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་ཁས་ལེན་པ་དེའི་ཚེ་གློ་བུར་དུ་འཛིན་པ་ཅན་ཏེ། རིགས་པ་མེད་པར་འཛིན་པ་ཅན་གྱི་དཔྱོད་པ་པ་འདི་ཡང་། སྐྱེས་བུས་མ་བྱས་པ་ཉིད་ལ་སོགས་པ་འགའ་
ཞིག་ཏུ་སྒྲུབ་པར་བྱེད་པ་སྟེ། ཚད་མ་ལ་ལྟོས་པས་ཅི་ཞིག་བྱ། གང་གིས་སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་དཔྱོད་པས་ཞེས་བྱ་བས་སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་ཉིད་སྒྲུབ་པར་བྱེད་པ་ཉེ་བར་དགོད་པས་བདག་ཉིད་དུབ་པར་བྱེད་དོ། །རིགས་མ་ཡིན་པ་འཛིན་པ་གང་
ཡིན་པ་དེ་ནི་ཐམས་ཅད་དུ་དེ་ཁོ་ན་བཞིན་དུ་འཇུག་པར་འགྱུར་ན། འགའ་ཞིག་ལ་ཚད་མ་འགོད་པའི་སྒོ་ནས་བདག་ཉིད་སྡུག་བསྔལ་བར་བྱེད་པས་ཅི་ཞིག་བྱ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་ཚད་མ་མེད་པ་ཅན་དེ་ཉིད་འདོད་པའི་གཏན་
Vol. 176 · folio 273b
ཚིགས་ཀྱིས་རིག་བྱེད་སྨྲ་བའི་རིག་བྱེད་ཀྱི་བྱེད་པ་པོ་སྤོང་བ་ལ་ཁས་བླངས་པས་གནོད་པ་མེད་པར་འདོད་ན་དེ་ལས་གཞན་པ་སྟེ། དཔྱོད་པ་པ་དེ་ལས་གཞན་པའི་སྐྱེས་བུ་གཞོན་ནུ་འབྱུང་བ་ཅན་ལ་སོགས་པ་སྐྱེས་བུས་བྱས་པ་ཉིད་དུ་འདོད་པས། དེ་བྱེད་པ་པོ་སྤོང་བ་ཁས་བླངས་པ་ལ་ཡང་གནོད་པ་མེད་
པར་མཚུངས་པའི་ཕྱིར་ཀླན་ཀ་བཙལ་དུ་མེད་དོ། །དེ་ལ་སྤོང་བ་ལ་ཁས་བླངས་པ་ལ་ཡང་གནོད་པ་ཡིན་ནོ་ཞེས་བྱ་བ་ཀླན་ཀ་འདི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕུལ་དུ་བྱུང་བ་མཐོང་བ་མེད་པ་ཅན་ཞེས་བྱ་བ་ལ་སོགས་པ་ལ་སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་ཉིད་དུ་མངོན་པར་འདོད་
པའི་ངག་རྣམས་རྣམ་པ་དེ་ལྟ་བུར་ཏེ། བྱེད་པ་པོ་མི་དྲན་པའི་ཕྱིར་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་པར་བྱེད་པ་རྣམས་ནི་ཕུལ་དུ་བྱུང་བ་མཐོང་མེད་ཅན་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན་སྐྱེས་བུས་བྱས་པ་བྱེད་པ་དུ་མ་བྱེད་པ་པོ་དུས་རིང་པོར་འདས་པ་ཅན་དག་ཀྱང་བྱེད་
པ་པོ་དྲན་པ་མེད་པ་ཡོད་པ་དེ་ལྟར་ན། གང་ལས་རིག་བྱེད་ཀྱི་ངག་རྣམས་ཕུལ་དུ་བྱུང་བ་མཐོང་བ་དེ་ཡོད་པ་མ་ཡིན་ཏེ། གང་རིག་བྱེད་ལ་སྐྱེས་བུས་མ་བྱས་པ་རྣམས་ལ་བྱེད་པར་མི་ནུས་པ་ཅན་གྱི་རྣམ་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །སྐྱེས་བུའི་འབྲས་བུའི་སྒྲའི་ཆོས་རྣམས་ནི་འབྲས་
བུའི་ཆོས་རྣམས་ཏེ། སྐྱེས་བུའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཅན་ཉིད་ལ་སོགས་པ་འབྲས་བུའི་ཆོས་དེ་རྣམས་ལས་ཁྱད་པར་མཐོང་བ་ཅན་མ་ཡིན་ནོ། །ཇི་ལྟར་སྐྱེས་བུས་བྱས་པ་སྐྱེས་བུའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཅན་ཡིན་པ་དེ་ལྟར་རིག་བྱེད་པའི་ཡིན་ན་ཡང་དེ་
བཞིན་དུ་ཕུལ་དུ་བྱུང་བ་མཐོང་བ་ཅན་དུ་འགྱུར་ན་རིག་བྱེད་ཀྱི་སྒྲ་འགའ་ཞིག་ལས་ཕུལ་དུ་བྱུང་བ་སྟེ། སྐྱེས་བུས་མ་བྱས་པའི་མཚན་ཉིད་ཅན་ཁས་ལེན་ཞིང་གཞན་ལ་ནི་མ་ཡིན་པས་ན། ཁས་བླངས་པ་ལ་སྒྲུབ་པར་བྱེད་པ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་པ་དེ་ལྟར་ན། རིག་བྱེད་སྨྲ་བ་འདིའི་
འཇུག་པ་རིགས་པ་མེད་པ་སྟེ་ཚད་མ་མེད་པ་ཁོ་ན་ཡིན་ནོ། །དེ་བས་ན་འདི་ལྟར་ཇི་སྐད་དུ་བཤད་པའི་རྣམ་པས་བྱེད་པ་པོ་མི་དྲན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །འདིར་མ་ངེས་པ་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར་བྱེད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མན་ངག་
Vol. 176 · folio 274a
གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་ཡང་དག་པའི་མན་ངག་གོ། །བྱེད་པའི་ཡང་དག་པའི་མན་ངག་སྟེ། སྐྱེས་བུས་བྱས་པ་ཉིད་ཀྱི་ཡང་དག་པའི་མན་ངག་རྒྱུན་ཆད་པ་ནྱ་གྲོ་ལ་རྣམ་ཐོས་ཞེས་བྱ་བ་ལ་སོགས་པའི་སྒྲ་གང་དག་ལ་ཡོད་པ་དེ་དག་ནི་བྱེད་པའི་ཡང་དག་པའི་
མན་ངག་རྒྱུན་ཆད་ན། འདིས་ནི་བྱེད་པ་པོ་ཉིད་མི་དྲན་པ་ཅན་བསྟན་ཏོ། །བྱས་པ་ནི་སྐྱེས་བུས་བྱས་པའོ། །དེ་བས་ན་སྐྱེས་བུས་བྱས་པའི་ངག་ལ་ཡང་བྱེད་པ་པོ་མི་དྲན་པ་གནས་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །གལ་ཏེ་བྱེད་པའི་ཡང་དག་པའི་མན་ངག་རྒྱུན་ཆད་པ་ཅན་གྱིས་
བྱས་པ་དེ་འབད་རྩོལ་དང་ལྡན་པའི་སྐྱེས་བུས་འདི་དག་བྱས་པ་ཡིན་ནོ་ཞེས་དམིགས་པ་དེ་བས་ན། གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་གནས་པ་ཅན་མ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འབད་རྩོལ་དང་ལྡན་དུ་ཟིན་ཀྱང་བྱེད་པ་པོ་དྲན་པར་མི་བྱེད་པར་ངེས་པའི་ཕྱིར་རོ། །
འབད་རྩོལ་ཡོད་དུ་ཟིན་ཀྱང་གདོན་མི་ཟ་བར་བྱེད་པ་པོ་དམིགས་པ་མེད་པའི་ཕྱིར་ཐེ་ཚོམ་ཁོ་ན་ཡིན་ནོ། །གཞན་ཡང་སྐྱེས་བུས་མ་བྱས་པར་མངོན་པར་འདོད་པར་གཞན་ལ་ཡང་སྒྲའི་བྱེད་པ་པོ་དམིགས་པ་མེད་པའི་ཕྱིར་མི་དམིགས་པ་དང་། འདིའི་བྱེད་པ་པོ་དམིགས་པའི་ཕྱིར་དམིགས་
པ་ནི་ཚད་མ་གང་ལས་ཀྱང་ངེས་པ་མེད་དོ། །འོན་ཀྱང་གཞན་གྱིས་བསྟན་པ་ལས་སོ། །ཅི་ལྟ་བུར་གྱུར་པ་ཞེ་ན། ཡིད་ཆེས་པར་བྱ་བ་མ་ཡིན་པ་སྟེ། ཚད་མ་ཅན་མ་ཡིན་པ་ལས་སོ། །དེ་ལྟ་བུར་གྱུར་པའི་བསྟན་པ་ལས་དད་པར་བྱེད་པ་པོ་དམིགས་པ་དང་མི་དམིགས་པ་ངེས་པར་རིགས་པ་ཉིད་
མ་ཡིན་པའི་ཕྱིར་རོ། །གལ་ཏེ་རིག་བྱེད་ཀྱི་ངག་རྣམས་ནི་ཁོ་བོས་བྱས་པ་དག་ཡིན་ནོ་ཞེས་དེ་སྐད་དུ་སྨྲ་བ་མི་དམིགས་པ་དེས་ན་རིག་བྱེད་ཀྱི་ངག་རྣམས་བྱེད་པ་པོ་མེད་པར་ངེས་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་རྣམས་བདག་ཉིད་ཀྱིས་བྱས་པ་ལ་ཡང་བསྙོན་པ་མཐོང་
བའི་ཕྱིར་རོ། །སྒྲའི་བདག་ཉིད་ཀྱིས་བྱས་སུ་ཟིན་ཀྱང་། ཁོ་བོས་དེ་དག་མ་བྱས་སོ་ཞེས་དེ་ལྟར་བསྙོན་པར་བྱེད་པ་སྟེ། རྗོད་པར་བྱེད་པ་མཐོང་ངོ་། །དེ་ལ་ཅི་འདིས་དེ་དག་བྱས་པའམ་སྤྱི་གཞན་གྱིས་ཞེས་ངེས་པ་ལ་བརྟེན་པ་སྟེ། མཐའ་ལ་བརྟེན་པ་མི་ནུས་པའི་ཕྱིར་རོ། །དེ་བས་ན་དེ་
Vol. 176 · folio 274b
ལྟར་བྱེད་པ་པོ་མི་དྲན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདིས་མ་གྲུབ་པ་དང་མ་ངེས་པ་དག་གི་སྒོ་ནས་སུན་ཕྱུང་བ་ཡིན་ནོ། །ད་ནི་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་རབ་ཏུ་བསྒྲུབ་པའི་ཕྱིར་གཞན་གྱིས་སྨྲས་པའི་གཏན་ཚིགས་གཞན་དག་ཀྱང་སུན་དབྱུང་བའི་ཕྱིར་ཉེ་བར་དགོད་པར་བྱེད་དེ། ཇི་ལྟར་
སྐྱེས་བུ་འདི་སྟེ། རིག་བྱེད་འདོན་པ་དེ་ལྟ་བས་གཞན་ལས་ཐོས་པ་མེད་པར་རིག་བྱེད་འདིའི་ཡི་གེ་དང་ཚིག་གིས་བཀོད་པའོ། །དེ་ཡང་ཡི་གེའི་བཀོད་པ་ནི་ཚིག་ཡིན་ལ་ཚིག་གི་བཀོད་པ་ནི་ངག་ཡིན་ཏེ། འདོན་པའི་ཕྱིར་བརྗོད་ནུས་མེད་དོ། །དེ་
ལྟར་གཞན་ལ་ཡང་སྟེ་རིག་བྱེད་ཀྱི་བྱེད་པ་པོར་མཐོང་བར་འདོད་པ་དེ་ཡང་གཞན་གྱིས་བསྟན་པ་ལ་ལྟོས་པ་ཡིན་ལ། དེ་ཡང་གཞན་གྱིས་ཞེས་བྱ་བ་ཐོག་མ་མེད་པ་ཉིད་ཀྱི་སྐྱེས་བུས་མ་བྱས་པ་ཉིད་དུ་གྲུབ་པ་ཞེས་བྱ་བ་འགའ་སྨྲའོ། །དང་པོ་ཉིད་དུ་མངོན་པར་འདོད་པའི་རིག་བྱེད་འདོན་པ་ནི་
རིག་བྱེད་འདོན་པར་བྱེད་པ་ཉིད་ཡིན་པའི་ཕྱིར། རིག་བྱེད་འདོན་པ་སྔོན་དུ་སོང་བ་ཅན་ཡིན་ཏེ། ད་ལྟར་བའི་རིག་བྱེད་འདོན་པར་བྱེད་པ་དང་འདྲའོ་ཞེས་བྱ་བ་ནི་སྦྱོར་བའོ། །དེ་སྐད་དུ་སྨྲ་བ་དེ་ཡང་གང་བྱེད་པ་པོ་མི་དྲན་པའི་ཕྱིར་ཞེས་བྱ་བ་དེར་བཤད་པ་དེ་ཉིད་ལན་ཡིན་ནོ། །དེ་ལྟར་བཤད་མ་
ཐག་པའི་རྣམ་པས་དེ་ནི་སྐྱེས་བུས་མ་བྱས་པ་ཡིན་ན། གང་སྐྱེས་བུས་མ་བྱས་པ་ཡིན་པར་འགྱུར་ཏེ། གཞན་གཞོན་ནུ་འབྱུང་བ་ཅན་ལ་སོགས་པ་འདོན་པར་བྱེད་པ་སྔོན་དུ་སོང་བ་ཅན་ཉིད་ཡིན་པས་ན་ཐོག་མ་མེད་པ་ཅན་ཉིད་དུ་རབ་ཏུ་གྲུབ་པའི་ཕྱིར་རོ། །དེ་ལ་གལ་ཏེ་རབ་ཏུ་སྒྲུབ་པར་
བྱེད་པ་ཁས་བླངས་པ་ལ་གནོད་པ་ཡིན་ནོ་ཞེ་ན། འདི་ཉིད་ཁས་བླངས་པའི་ཡན་ལག་ཅེས་བྱ་བ་ལ་སོགས་པ་ནས་ཀླན་ཀ་བཙལ་དུ་མེད་དོ་ཞེས་བྱ་བའི་བར་ཐམས་ཅད་བརྗོད་པར་བྱ་སྟེ། དེ་དག་བསྡུ་བའི་ཕྱིར་སོགས་པའི་སྒྲས་རབ་ཏུ་སྦྱར་རོ། །ཐལ་ཆེས་པ་ཉིད་དུ་བསྟན་པའི་ཕྱིར་དེ་ལྟར་ན་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་གཞོན་ནུ་འབྱུང་བ་ཅན་ལ་སོགས་པའི་གཞུང་དུ་བཀོད་པ་གཞན་དག་ཏུ་ཡང་དག་པའི་མན་ངག་དང་བྲལ་བ་སྟེ། མན་ངག་མེད་པ་གཞན་རྣམས་ཀྱིས་བརྗོད་པ་ཅི་མཐོང་ན་སྟེ་ཅུང་ཟད་ཀྱང་མཐོང་བ་མེད་པར་རོ། །རྒྱུ་གང་གིས་དེ་ཡང་སྟེ་རིག་བྱེད་ལས་གཞན་པའི་
Vol. 176 · folio 275a
སྒྲའོ། །དེ་ལྟར་ཞེས་བྱ་བ་ནི་སྐྱེས་བུས་མ་བྱས་པར་ཅིའི་ཕྱིར་རྗེས་སུ་དཔོག་སྟེ་རྗེས་སུ་དཔོག་པར་མི་བྱེད། ད་ལྟར་བ་རྣམས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ད་ལྟར་བ་རྣམས་མན་ངག་མེད་པར་ཀློག་པར་མི་ནུས་པ་ལས་གཞན་དུ་སྐྱེས་བུས་མ་བྱས་པ་
ཉིད་ཀྱི་རྟེན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པའི་རྒྱུ་མཚན་ནོ། །གཞན་གྱི་མན་ངག་མེད་པར་རིག་བྱེད་ཀློག་པར་ནུས་པ་མེད་པ་དེ་ལྟར་ན། རིག་བྱེད་ཀྱི་ངག་རྣམས་སྐྱེས་བུས་མ་བྱས་པ་ཉིད་དུ་འདོད་དོ། །མན་ངག་མེད་པར་ཀློག་པར་མི་ནུས་པ་དེ་ནི་
གཅིག་གིས་ཏེ། སྐྱེས་བུ་འགའ་ཞིག་གིས་སྦྱར་བའི་གཞུང་སྐྱེས་བུས་བྱས་པ་ཉིད་དུ་མངོན་པར་འདོད་པ་གཞན་ལ་ཡང་འདོན་པར་བྱེད་པ་གཞན་གྱི་དང་མཚུངས་སོ། །དེའི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ནི་མན་ངག་མེད་པར་ཀློག་པར་མི་ནུས་པ་སྐྱེས་བུས་མ་བྱས་པ་ཉིད་ཀྱི་རྟགས་ཀྱི་
སྒོ་ནས་ངག་གི་རྗེས་སུ་འབྲང་བར་བྱེད་པ་དེས། འཇིག་རྟེན་པའི་སྒྲ་ཐམས་ཅད་དེ་ལྟར་ཞེས་བྱ་བ་སྐྱེས་བུས་མ་བྱས་པ་ཉིད་རྗེས་སུ་དཔོག་ཅིང་རྗེས་སུ་དཔྱོད་པའམ་འགའ་ཞིག་ཀྱང་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །ཅི་སྟེ་གཞན་གྱིས་འཇིག་རྟེན་པའི་སྒྲ་རྣམས་སྐྱེས་བུས་མ་བྱས་པ་
ཉིད་དུ་འདོད་ན། དེ་ལ་སྐྱེས་བུས་མ་བྱས་པ་ཉིད་དུ་རྗེས་སུ་དཔོག་པ་ན་ཁས་བླངས་པ་ལ་སོགས་པའི་སྐྱོན་ཡོད་དོ་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་པའི་ངག་དེ་ནི་དེ་ལྟར་ཞེས་བྱ་བ་སྐྱེས་བུས་མ་བྱས་པ་ཉིད་དུ་མི་འདོད་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །སོགས་
པའི་སྒྲས་ནི་ཁས་བླངས་པ་ལ་གནོད་པ་ལ་སོགས་པ་གཟུང་ངོ་། །འདོད་པ་ནི་དེའི་རྟེན་ཉིད་ཡིན་པའི་ཕྱིར་ཏེ། སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་པར་བྱེད་པའི་རྟེན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དེ་མ་ཐག་ཏུ་བཤད་ཟིན་ཏོ། །གཞན་ཡང་རིགས་གང་སྟེ། རྫས་སུ་མཚུངས་པའི་རིགས་
གང་ཡིན་པ་རྒྱུ་གང་ལ་རྗེས་སུ་མཚུངས་པའི་ལྡོག་པ་གྲུབ་པས། རྒྱུ་མ་མཐོང་བ་ཅན་གཞན་ལ་གང་གི་རིགས་ཅན་ཉིད་དུ་བྱེ་བྲག་མེད་པར་རྒྱུ་དེ་ལས་གྲུབ་པ་ཡིན་ནོ་ཞེས་དེ་དག་ཡང་དག་པར་ཤེས་སོ། །ཅི་དང་འདྲ་བར་ཞེ་ན། མེ་ཤིང་བཞིན་ཏེ། དཔེར་ན་ཤིང་ལས་མེ་གཅིག་མཐོང་བ་དེ་
Vol. 176 · folio 275b
དང་མཚུངས་པའི་རང་བཞིན་ཅན་རྒྱུ་མ་མཐོང་བ་ཅན་གཞན་ཡང་དེ་དང་མཚུངས་པའི་རྒྱུ་ཅན་ཉིད་ཡིན་པ་ཁོ་ནར་ཡང་དག་པར་ཤེས་པ་ལྟ་བུའོ། །རྒྱུ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། རྒྱུ་མ་མཐོང་བའི་ཕྱིར་ཏེ། དེའི་རྒྱུ་མ་མཐོང་བ་ཞེས་བྱ་བ་དེ་ཙམ་གྱིས་རྒྱུ་མེད་པ་ཅན་ཞེས་བྱ་
བ་མ་ཡིན་ནོ། །དངོས་པོ་རྒྱུ་མ་མཐོང་བ་ཅན་ཡིན་ན་ཡང་སྟེ། དེ་དག་གི་རྒྱུ་མ་མཐོང་བར་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དངོས་པོ་དེ་ལྟ་བུར་གྱུར་པ་ཡིན་ན་ཡང་དེ་ལས་གཞན་པ་རྒྱུ་མཐོང་བ་ཅན་དག་གིས་རང་བཞིན་ཐ་དད་པ་ཉམས་སུ་མྱོང་བ་མེད་པ་སྟེ། རང་བཞིན་མཚུངས་པ་
ཅན་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུ་རྣམ་པ་ཞེས་བྱ་བ་རྒྱུ་མཚུངས་པ་ཅན་ཡང་དག་པར་རྗེས་སུ་དཔོག་པར་འགྱུར་རོ། །འདི་ལྟར་འཇིག་རྟེན་པའི་སྒྲ་དང་མཚུངས་པའི་ཆོས་ཅན་རིག་བྱེད་པའི་སྒྲ་རྣམས་ཀྱང་འཇིག་རྟེན་པ་དང་འདྲ་བར་སྐྱེས་བུའི་རྒྱུ་ཅན་དུ་འགྱུར་བའམ། འགའ་ཞིག་ཀྱང་
མ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྡུས་པའི་དོན་ཏོ། །ཅི་སྟེ་རྒྱུའི་ངོ་བོ་རང་བཞིན་ལྡོག་ཏུ་ཟིན་ཀྱང་དེའི་ངོ་བོ་སྟེ། རྒྱུ་མཐོང་བ་ཅན་སྐྱེས་བུས་བྱས་པའི་སྒྲ་དང་མཚུངས་པའི་ངོ་བོ་རིག་བྱེད་པའི་སྒྲ་གང་གི་ཚེ་ལྡོག་པ་མ་ཡིན་པར་འདོད་པ་དེའི་ཚེ། འབྲས་བུའི་ཆོས་ལས་འདས་པ་སྟེ། འབྲས་བུའི་
ཆོས་འདིའི་རྒྱུར་མངོན་པར་འདོད་པ་གང་ཡིན་པ་ལྡོག་པ་ཡིན་ན། གང་གི་ཚེ་རྒྱུ་ལོག་ཏུ་ཟིན་ཀྱང་འབྲས་བུ་མི་ལྡོག་པ་དེའི་ཚེ། དེའི་འབྲས་བུའི་ཆོས་ལས་འདས་པར་འགྱུར་རོ། །འབྲས་བུའི་ཆོས་ལས་འདས་པ་དེའི་ཕྱིར་སྐྱེས་བུ་དེ་ལས་ངག་ཅུང་ཟད་ཀྱང་འགྱུར་བ་མེད་པས། འཇིག་རྟེན་
པའི་སྒྲ་ཅུང་ཞིག་ཀྱང་དེ་ལྟར་ཏེ། སྐྱེས་བུས་བྱས་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་རོ། །ཅི་སྟེ་འཇིག་རྟེན་པ་དག་གི་ལས་རིག་བྱེད་པ་དག་གི་བྱེ་བྲག་ཡོད་པ་ཡིན་ཏེ། ཁྱད་པར་གང་གིས་འཇིག་རྟེན་པ་ཁོ་ནའི་སྐྱེས་བུས་བྱས་པ་ཡིན་གྱི་རིག་བྱེད་པའི་ནི་མ་ཡིན་པར་འདོད་དོ་ཞེ་ན།
དེའི་ཕྱིར་ངོ་བོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་པ་རྣམས་དང་ཐུན་མོང་མ་ཡིན་པའི་སྐྱེས་བུས་བྱས་པ་དག་གི་ངོ་བོའི་བྱེ་བྲག་བསྟན་པར་བྱ་བ་ཡིན་ན་ནི་ངོ་བོའི་བྱེ་བྲག་གང་ཁོ་ནས་སྐྱེས་བུ་ཞེས་བྱ་བ་རྒྱུ་དེའི་རྗེས་སུ་བྱེད་པར་འགྱུར་རོ། །ཁྱད་པར་འདི་ལྟ་བུ་དང་ལྡན་པ་ནི་སྐྱེས་
Vol. 176 · folio 276a
བུས་བྱས་པ་ཡིན་ལ། དེ་དང་བྲལ་བ་ཡང་སྐྱེས་བུས་མ་བྱས་པ་ཡིན་ནོ་ཞེས་དེ་ཉིད་བསྟན་པའི་ཕྱིར། གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱད་པར་གང་གིས་རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་འདོད་པ་དང་། འཇིག་རྟེན་པ་མི་འདོད་པ་ནི་འདོད་པ་ཕྱིན་ཅི་ལོག་ཏུ་མི་འགྱུར་བ་
དག་སྟེ། གོ་རིམས་བཞིན་དུ་སྐྱེས་བུ་ཉིད་དང་། སྐྱེས་བུས་མ་བྱས་པ་ཉིད་དུ་མི་འགྱུར་ན། རིག་བྱེད་པ་དག་གིས་འཇིག་རྟེན་པ་དག་གི་ལས་གང་ཡང་སྐྱེས་བུས་བྱས་པར་མི་ནུས་པ་ཅན་དུ་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཁྱད་པར་ཐམས་ཅད་ནི་སྐྱེས་བུ་དག་གིས་བྱས་པར་ནུས་པ་ཅན་ཉིད་
ཡིན་པའི་ཕྱིར་རོ། །དེ་བས་ན་སྐྱེས་བུའི་ངག་རྣམས་ཀྱིས་སྦྱར་བ་ལ་སོགས་པའི་བྱེ་བྲག་ཅན་དུ་མཚུངས་པ་ཉིད་ཀྱི་ཕྱིར། རིག་བྱེད་པའི་སྒྲ་དག་ཀྱང་སྐྱེས་བུས་བྱས་པ་ཁོ་ན་ཡིན་ནོ། །དངོས་པོ་རྣམས་ཀྱིས་ཐ་དད་པ་ནི་རྒྱུ་ཐ་དད་པས་བྱས་པའི་ཕྱིར་རོ། །ཅི་སྟེ་ངག་རྣམས་ཐ་དད་པ་མེད་པའི་རྒྱུ་
སྐྱེས་བུ་གང་ཡིན་པ་དེ་ནི་རིག་བྱེད་ལ་ལོག་ཏུ་ཟིན་ཀྱང་སྐྱེས་བུས་བྱས་པའི་སྒྲ་དང་རིག་བྱེད་པ་དག་གི་མཚུངས་པ་ཉིད་དུ་ཁས་ལེན་པར་བྱེད་པ་དེའི་ཚེ། རྒྱུའི་རང་བཞིན་ལྡོག་པ་ལས་ཀྱང་སྟེ། ངག་རྣམས་ཐ་དད་པ་མེད་པའི་རྒྱུ་སྐྱེས་བུ་གང་ཡིན་པ་དེའི་རང་བཞིན་གང་ཡིན་པ་དེ་ལྡོག་པ་ལས་སོ། །
འདི་ནི་མ་གུས་པ་བརྗོད་པར་འདོད་པའི་དྲུག་པ་ཡིན་ཏེ། ཐ་དད་པ་མེད་པ་ངེས་པའི་རྒྱུའི་རང་བཞིན་ལྡོག་པ་མ་གཏོགས་པར་ཡང་རིག་བྱེད་པའི་དངོས་པོ་རྣམས་སྐྱེས་བུས་བྱས་པའི་ངག་རྣམས་དང་ཐ་དད་པ་མེད་པར་མཚུངས་པ་ཉིད་དུ་ཁས་ལེན་པ་ན་འཇིག་རྟེན་པ་དེ་དག་གི་ཐ་དད་པ་སྐྱེས་བུས་
བྱས་པའི་ཁྱད་པར་དེ་ནི་གོ་བར་འགྱུར་ཏེ། སྐྱེས་བུ་མེད་པར་ཡང་རིག་བྱེད་པ་རྣམས་ལ་ཡང་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་ལྟར་ན་འགའ་ཞིག་ཏུ་ཡང་ལྡོག་པར་མི་འགྱུར་ཏེ། ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་བདག་ཉིད་ཐམས་ཅད་འགྱུར་ན་དེ་ལྟར་ནི་མ་ཡིན་ནོ། །དེ་བས་ན་རང་བཞིན་
གང་ལས་སྐྱེས་པ་ཅན་ཏེ། གང་ལ་གང་ལས་སྐྱེས་པ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་ཏེ། གང་ལས་འབྱུང་བ་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །དེའི་རྒྱུ་མ་མཐོང་བ་ཅན་གཞན་ལ་ཡང་ཐ་དད་པར་མི་བྱེད་པ་སྟེ། རྒྱུ་མཐོང་བ་ཅན་གྱི་འབྲས་བུ་དང་ཐ་དད་པར་ཉམས་སུ་མྱོང་བ་མེད་པར་རང་གི་
Vol. 176 · folio 276b
བདག་ཉིད་དེ། རང་གི་ངོ་བོ་ཉིད་ཀྱིས་དེའི་འབྲས་བུ་སྟེ། གང་ལས་བྱུང་བ་མཐོང་བ་དེའི་འབྲས་བུ་ཉིད་ལས་འདས་པ་མ་ཡིན་ནོ། །ཅི་དང་འདྲ་བར་ཞེ་ན། ཤིང་དང་མེ་བཞིན་ཤིང་དང་མེ་ནི་ཤིང་དང་མེ་སྟེ། དེ་དང་མཚུངས་ཤིང་དེ་དང་འདྲའོ། །དཔེར་ན་རྒྱུ་མ་མཐོང་བ་ཅན་གྱི་མེ་ཡང་རྒྱུ་ཤིང་
མཐོང་བ་ཅན་གྱི་མེ་དང་ཐ་དད་པ་མེད་པར་ཉམས་སུ་མྱོང་བ་ཡིན་ཏེ། ཤིང་གི་འབྲས་བུ་ཉིད་ལས་མ་འདས་པ་དེ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །རིགས་དེ་ལས་འཇིག་རྟེན་པ་དང་རིག་བྱེད་པའི་ངག་གང་དག་གི་ཁྱད་པར་མ་བསྟན་པ་སྟེ། ཁྱད་པར་བསྟན་པར་ཡང་མི་ནུས་སོ། །ཅིའི་ཕྱིར་ཞེ་ན།
དེ་ལས་འབྲས་བུ་མཚུངས་པ་མཐོང་བའི་ཕྱིར་ཏེ། འབྲས་བུར་གྱུར་པའི་འཇིག་རྟེན་པའི་དང་མཚུངས་ཤིང་འདྲ་བ་ཉིད་དུ་མཐོང་བའི་ཕྱིར་རོ། །དེ་ལྟར་ན་འཇིག་རྟེན་པ་དག་གི་འབྲས་བུའི་ཆོས་གང་ཡིན་པ་དེ་དག་རིག་བྱེད་པ་དག་ལ་ཡང་མཐོང་ངོ་། །དེ་བས་ན་ཁྱད་པར་དེ་ལྟར་མ་བསྟན་
པར་འཇིག་རྟེན་པ་དག་ལས་ཐ་དད་པར་རིག་བྱེད་པ་དག་གི་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར། གཏན་ཚིགས་རབ་ཏུ་སྤྲོས་པ་གང་དེ་དག་ཐམས་ཅད་འཁྲུལ་པ་ཡིན་ཏེ་མ་ངེས་པ་དག་ཡིན་ནོ། །དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་དེ་ལ་འབྲས་བུ་མཚུངས་པ་མཐོང་བའི་
ཕྱིར་ཞེས་བྱ་བའི་དོན་འདི་རྣམ་པ་གཞན་དུ་འཆད་པར་བྱེད་དེ། ཇི་ལྟར་ད་ལྟར་རིག་བྱེད་འདོན་པར་བྱེད་པ་སྔོན་དུ་སོང་བ་ཅན་ཡིན་པ་དེ་ལྟར་ཐོག་མ་ཉིད་དུ་མངོན་པར་འདོད་པའི་དབྱིག་གི་སྙིང་པོ་ལ་སོགས་པ་རིག་བྱེད་འདོན་པར་བྱེད་པ་ཡང་རིག་བྱེད་འདོན་པ་སྔོན་དུ་སོང་བ་ཅན་ཡིན་པ་དེ་ལྟར་ན་རིག་བྱེད་
འདོན་པར་བྱེད་པའི་མཚན་ཉིད་ཅན་གྱི་འབྲས་བུ་མཚུངས་པར་མཐོང་བའི་ཕྱིར། གཏན་ཚིགས་རབ་ཏུ་སྤྲོ་བ་གང་སྟེ། རྒྱས་པར་བསྟན་པ་དེ་དག་ཐམས་ཅད་འཁྲུལ་པ་ཡིན། དཔེར་ན་ཐོག་མར་འགྲོན་པོས་བཏང་བའི་མེ་བསྐྱེད་པའི་བྱེ་བྲག་མ་མཐོང་བ་ཅན་ཡང་མེ་གཞན་གྱི་རྒྱུ་མཚན་ཅན་
ཡིན་གྱི། གཙུབ་ཤིང་གཙུབས་པ་སྔོན་དུ་སོང་བ་ཅན་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་དམ་བཅས་པའོ། །ཅིའི་ཕྱིར་ཞེ་ན། འགྲོན་པོས་བཏང་བའི་མེ་ཉིད་ཡིན་པའི་ཕྱིར་རོ། །ཅི་འདྲ་བ་ཞེ་ན་དེ་མ་ཐག་པའི་མེ་བཞིན་ཏེ། མེ་གཞན་ལས་ཀུན་འབྱུང་བར་འགྱུར་བའི་མེ་ལྟ་བུའོ། །འཁྲུལ་པ་ཉིད་
Vol. 176 · folio 277a
དུ་བསྒྲུབ་པའི་ཕྱིར་འདི་ཉིད་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པས་རྩོད་པ་དགོད་པར་མཛད་དེ། མེ་གཞན་སྔོན་དུ་སོང་བ་ཅན་དང་གཙུབ་ཤིང་གཙུབས་པ་སྔོན་དུ་སོང་བ་ཅན་གྱིས་ཅི་ལྟར་འགྲོན་པོས་བཏང་བའི་འཁྲུལ་པ་ཡིན། མེ་སྔོན་དུ་སོང་བ་ཅན་ཉིད་ཅིའི་ཕྱིར་མི་འདོད། མེ་
ལས་བྱུང་བས་ཞེས་བྱ་བ་ལ་སོགས་པས་མ་འཁྲུལ་པ་སྨྲ་སྟེ། འབར་བ་ལས་བྱུང་བའི་ནུས་པ་ལ་བརྟེན་ནས་འགྲོན་པོས་བཏང་བའི་མེའི་རྒྱུ་གཞན་གཙུབ་ཤིང་གཙུབས་པ་སྤོང་བར་བྱེད་དོ། །དང་པོ་ཡང་འགྲོན་པོས་བཏང་བའི་མེ་ནི་གཙུབ་ཤིང་གིས་གཙུབས་པ་སྔོན་དུ་སོང་བ་ཅན་ནི་མ་ཡིན་ནོ། །ཅིའི་
ཕྱིར་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མེ་འདི་མེ་མེད་པར་འགྱུར་ན་གཞན་ལ་ཡང་སྟེ། དེ་ལྟར་བའི་འགྲོན་པོས་བཏང་བའི་མེའི་གནས་སུ་མངོན་པར་འདོད་པ་ལ་ཡང་མེ་མེད་པར་འགྱུར་རོ་ཞེ་ན། དེ་ལ་སྟེ་སྒྲུབ་པར་བྱེད་པ་དེ་ཡང་མ་ངེས་པ་ཉིད་དུ་བརྗོད་དོ། །ཅི་ལྟར་ཞེ་ན། མེ་
དང་ཅིག་ཤོས་ལས་བྱུང་བ་དག་སྟེ། མེ་ལས་བྱུང་བ་གང་ཡིན་པ་དང་། ཅིག་ཤོས་གཙུབ་ཤིང་གཙུབས་པ་ལས་བྱུང་བ་གང་ཡིན་པ་དེ་དག་ལ་མེའི་སྤྱི་ཕན་ཚུན་གནོད་པར་བྱ་བ་དང་། གནོད་པར་བྱེད་པ་དག་མེད་པ་ཉིད་ཀྱི་ཕྱིར། འདིར་མེ་ཡང་ཡིན་ལ་མེ་གཞན་སྔོན་དུ་སོང་བ་ཅན་ཡང་མ་ཡིན་
པ་ལ་འགལ་བ་ཅི་ཞིག་ཡོད། དེ་ལྟར་ན་གནོད་པར་བྱ་བ་དང་གནོད་པར་བྱེད་པ་ཉིད་ཡོད་ན་ཡང་། མེ་ལས་བྱུང་བ་ཅན་གྱི་མེའི་ངོ་བོ་ནི་གཞན་དག་ལ་ཡང་འགྱུར་ཏེ། གཙུབ་ཤིང་གཙུབས་པ་ལས་ཀྱང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། མེ་དང་ཅིག་ཤོས་ལས་བྱུང་བ་འགལ་བའི་ཆོས་ཉིད་དག་
མེའི་སྤྱིའི་དོན་གཅིག་ལ་ཕན་ཚུན་གནོད་པར་བྱ་བ་དང་གནོད་པར་བྱེད་པ་མེད་པ་ཉིད་དུ་སྲིད་པའི་རྒྱུའི་ཕྱིར་རོ། །འགྲོན་པོས་བཏང་བའི་མེ་ལས་བྱུང་བ་ཅན་དེའམ། རིག་བྱེད་འདོན་པར་བྱེད་པ་ལ་སོགས་པ་གཞན་ནི་གཅིག་ལ་སོ་སོར་ངེས་པ་སྟེ། སྔོན་དུ་སོང་བ་ཅན་ནམ། རིག་བྱེད་འདོན་པར་བྱེད་
པ་སྔོན་དུ་སོང་བ་ཅན་ཡང་ཡིན་ནོ་ཞེས་བྱ་བ་འགལ་བ་མེད་པའི་ཕྱིར་དེ་ལྟར་དགོངས་པ་ཡིན་ནོ། །འདོན་པར་བྱེད་པ་ལ་སོགས་པ་སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་པར་བྱེད་པའི་གཏན་ཚིགས་ནི་འཁྲུལ་པ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་རོ། །རིག་བྱེད་འདོན་པར་བྱེད་པ་ཡང་ཡིན་
Vol. 176 · folio 277b
ལ། རིག་བྱེད་འདོན་པར་བྱེད་པའི་སྔོན་དུ་སོང་བ་ཅན་ཡང་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ལ་འགལ་བ་ཅི་ཞིག་ཡོད་དེ། དཔེར་ན་ད་ལྟར་བ་དག་བདག་ཉིད་རྩོམ་པར་བྱེད་ལ། ཚངས་པ་ལ་སོགས་པ་ཡང་བྱེད་པས་གཅིག་ལ་སོ་སོར་ངེས་པ་ཡོད་པ་མ་ཡིན་པ་ལྟ་བུ་དང་དཔེར་ན་མེ་འགའ་ཞིག་མེ་སྔོན་དུ་སོང་བ་
ཅན་ཡིན་ལ། འགའ་ཞིག་གཙུབ་ཤིང་གཙུབས་པ་སྔོན་དུ་སོང་བ་ཅན་ཡིན་པས་ན་གཅིག་ལ་སོ་སོར་ངེས་པ་ལྟ་བུའོ། །མེ་ལས་བྱུང་བ་ཅན་ཉིད་དང་གཙུབ་ཤིང་གཙུབས་པ་ལས་བྱུང་བ་ཅན་གྱི་ཆོས་གཉིས་པོ་དེ་ནི་ཕན་ཚུན་འགལ་བ་མ་ཡིན་ནམ། ཅི་སྟེ་མེ་གཅིག་ལ་གནས་པ་ན་གང་གིས་འགལ་བའི་
ཆོས་གཉིས་གཅིག་ལ་གནས་པ་བརྗོད་ཅེ་ན། བརྗོད་པར་བྱ་སྟེ། འོན་ཀྱང་ཕན་ཚུན་ཐ་དད་པ་ཅན་ཏེ། གཅིག་ལ་གཅིག་སྤངས་པའི་ངོ་བོ་ཅན་གྱི་ཆོས་གཉིས་མེ་ལས་བྱུང་བ་ཅན་དང་། གཙུབ་ཤིང་གཙུབས་པའི་མཚན་ཉིད་ཅན་འཇུག་ཅིང་གནས་པ་དེ་ཡང་དངོས་པོའི་སྤྱི་སྟེ། མེའི་སྤྱི་དེ་ལ་
འགལ་བ་མེད་དོ་ཞེས་བརྗོད་པར་བྱ་བའི་གནས་སྐབས་ཐ་དད་པ་ཅན་གྱི་མེའི་ཁྱད་པར་མེ་ལས་བྱུང་བ་ཅན་ནམ། གཙུབ་ཤིང་གཙུབས་པ་ལས་བྱུང་བ་ཅན་ཉིད་ལ་ནི་འགལ་བ་མེད་པར་མི་བརྗོད་དོ། །འོན་ཀྱང་དེ་ལས་འགལ་བ་ཡོད་པ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཆ་མེད་པའི་བདག་ཉིད་ལ་སྟེ་
ཆ་མེད་པའི་རང་བཞིན་ལ་དེ་ཉིད་དང་དེ་ཉིད་མ་ཡིན་པ་འགལ་བའི་ཕྱིར་རོ། །མེ་ལས་བྱུང་བ་ཅན་ནི་སྔོན་དུ་སོང་བ་ཅན་ཉིད་དང་། དེ་སྔོན་དུ་སོང་བ་ཅན་མ་ཡིན་པ་ཉིད་ནི་འགལ་བ་ཡིན་ལ། གཙུབ་ཤིང་ལས་བྱུང་བ་ཅན་དག་ཀྱང་དེ་སྔོན་དུ་སོང་བ་ཅན་ཉིད་དང་དེ་སྔོན་དུ་སོང་བ་ཅན་མ་ཡིན་པ་ཉིད་ནི་
འགལ་བ་ཡིན་ཞིང་། འགྲོན་པོས་བཏང་བའི་མེའི་སྤྱི་ལ་ནི་གཉི་ག་འགལ་བ་མེད་དོ་ཞེས་བསྟན་པའི་ཕྱིར་རོ། །འགྲོན་པོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོན་པོས་བཏང་བའི་མེ་སྟེ། འགྲོན་པོས་བཏང་བའི་མེའི་སྤྱི་ལ་མེ་དང་ཅིག་ཤོས་ཀྱིས་བསྐྱེད་པ་སྟེ། མེ་ལས་བྱུང་བ་དང་གཙུབ་
ཤིང་གཙུབས་པ་ལས་བྱུང་བ་ནི་གནོད་བྱ་གནོད་བྱེད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འགྲོན་པོས་བཏང་བའི་མེ་ཙམ་དེ་ནི་མེས་བསྐྱེད་པ་མེད་པ་སྟེ། མེ་ལས་བྱུང་བ་མ་གཏོགས་པར་གཙུབ་ཤིང་གཙུབས་པ་ལས་ཀྱང་སྲིད་པ་གང་ཡིན་པ་དེ་མེད་པའི་ཕྱིར་ཏེ། མེ་མེད་པར་གཞན་ལ་ཡང་སྲིད་
Vol. 176 · folio 278a
པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མེ་ལས་བྱུང་བ་ཅན་ཅི་འདྲ་མཐོང་བ་དེ་ལྟ་བུར་གྱུར་པ་གཞན་ལ་ཡང་མེ་ལས་བྱུང་བ་ཅན་དུ་འགྱུར་གྱི། ཁྱད་པར་མེད་པར་མེ་ཐམས་ཅད་ལ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུ་ཐ་དད་པས་ཐ་དད་པ་ཅན་གྱི་མེ་དེ་ལ་ཁྱད་པར་སྤོང་བར་ཏེ།
གཙུབ་ཤིང་གཙུབས་པ་ལས་བྱུང་བའི་ཁྱད་པར་བསྙོན་པར་བྱེད་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །མེ་ལ་རྒྱུས་བྱས་པའི་ཁྱད་པར་ཡོད་པ་ཡིན་པ་དེ་བས་ན། ཁྱད་པར་ཡོད་པ་ཅན་ཏེ། གང་ལ་རྒྱུས་བྱས་པའི་ཁྱད་པར་ཡོད་པ་དེ་ནི་ཁྱད་པར་ཡོད་པ་ཅན་ཡིན་ལ། དེ་ཡང་དེའི་གནས་སྐབས་ཉིད་ལ་ངེས་
པ་མེད་པའི་ཕྱིར་རོ། །མེ་ལས་བྱུང་བའི་མཚན་ཉིད་ཅན་གྱི་གནས་སྐབས་ལ་ངེས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གང་ཡང་ཐོག་མར་འགྲོན་པོས་བཏང་བའི་མེ་མེད་པར་ཡང་འགྱུར་ན་ནི་གཞན་དག་ལ་ཡང་སྟེ། མེས་སྟོང་པའི་ཕྱོགས་དག་ལས་འགྱུར་རོ་ཞེས་བྱ་བ་སྨོས་སོ། །
དེ་ལ་ལན་རྗོད་པར་བྱེད་དེ། གལ་ཏེ་གཙུབ་ཤིང་གཙུབས་པའི་མཚན་ཉིད་ཅན་གྱི་ཚོགས་པ་གང་གིས་འགྲོན་པོས་བཏང་བའི་མེ་དེ་བཏང་བར་འགྱུར་བ་ན་ཚོགས་པ་དེ་འགྱུར་ཏེ། མེས་སྟོང་པའི་ས་ཕྱོགས་གཞན་དག་ལ་ཡང་འགྲོན་པོས་བཏང་བའི་མེ་ཉིད་འགྱུར་བ་ཡིན་ནོ། །འདི་སྐད་དུ་མེ་མེད་
པའི་ཕྱིར་ཐོག་མར་འགྲོན་པོས་བཏང་བའི་མེ་མེད་པར་འགྱུར་བ་མ་ཡིན་གྱི། འོན་ཀྱང་རང་ཉིད་ཀྱིས་གཙུབ་ཤིང་གཙུབས་པའི་ཚོགས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་ཡང་ཚོགས་པ་དེ་ཡོད་པ་བསྟན་ནས་དེ་མེད་པ་སྟེ། དེ་མེད་ན་མེད་པ་སྟོན་པར་འགྱུར་རོ། །ཇི་སྐད་དུ་
བཤད་པའི་ཚོགས་པ་ཡོད་པར་བསྟན་པ་དེ་ལ་མེ་ཡོད་པར་སྟོན་པར་འགྱུར་བ་དེའི་ཚེ་མེ་ནི་མེ་སྔོན་དུ་སོང་བ་ཅན་ཁོ་ན་ཉིད་ཡིན་པར་འགྱུར་ན། དེ་ལྟར་ནི་མ་ཡིན་ནོ། །དེ་བས་ན་འགྲོན་པོས་བཏང་བའི་མེ་ཐམས་ཅད་ནི་མེ་སྔོན་དུ་སོང་བ་ཅན་དུ་གྲུབ་པ་མ་ཡིན་ནོ། །ཇི་ལྟར་འགྲོན་པོས་བཏང་བའི་མེ་ཐམས་
ཅད་སྔོན་དུ་སོང་བ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་འཁྲུལ་པ་ཡིན་པ་དེ་ལྟར་རིག་བྱེད་འདོན་པར་བྱེད་པ་ཐམས་ཅད་ནི་རིག་བྱེད་འདོན་པ་སྔོན་དུ་སོང་བ་ཅན་ཉིད་དུ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་འཁྲུལ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་
Vol. 176 · folio 278b
ཕྱིར་ད་ལྟ་ཡིན་པ་དེ་བས་ན། དེ་ལྟར་བ་རིག་བྱེད་བྱེད་པའི་ནུས་པ་དང་བྲལ་བ་གཅིག་གིས་འདོན་པར་བྱེད་པ་གཞན་སྔོན་དུ་སོང་བ་ཅན་ཏེ། ལུང་སྟོན་པའི་སྐྱེས་བུ་སྔོན་དུ་སོང་བ་ཅན་མཐོང་བ་གཞན་སྔོན་དུ་སོང་བ་ཅན་དེ་ལྟ་བུའི་ངོ་བོར་དབྱིག་གི་སྙིང་པོ་ལ་སོགས་པ་འདོན་པར་བྱེད་པ་ཐམས་ཅད་ཀྱི་ཡང་སྒྲུབ་
པར་བྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབྱིག་གི་སྙིང་པོ་ལ་སོགས་པ་འདོན་པར་བྱེད་པར་འདོད་པ་དེ་ལ་རྣམ་པ་གཞན་དུ་སྟེ། གཞན་སྔོན་དུ་སོང་བ་ཅན་མེད་པར་མི་སྲིད་པ་གང་ཡིན་པ་དེ་ནི་མེད་པའི་ཕྱིར་རོ། །གཞན་སྔོན་དུ་སོང་བ་ཅན་མེད་པར་ཡང་བདག་ཉིད་ཀྱིས་སྦྱར་བ་ཡོད་པའི་ཕྱིར་རོ་ཞེས་
བྱ་བའི་དོན་ཏོ། །དབྱིག་གི་སྙིང་པོ་ལ་སོགས་པ་ནི་རིག་བྱེད་རྩོམ་པའི་ནུས་པ་ཡོད་པའི་ཕྱིར། ད་ལྟར་བ་ནུས་པ་དང་ལྡན་པ་གང་ཡིན་པ་དེ་ནི་དེ་བྱེད་པ་སྟེ། རིག་བྱེད་བྱེད་པ་གང་ཡིན་པ་དེ་ལ་སྤོབས་པ་གང་ཡིན་པ་དེ་དང་བྲལ་བ་དེ་ལྟར་བདག་ཉིད་ཀྱིས་བྱས་ནས། རིག་བྱེད་འདོན་པ་མེད་པའི་རྣམ་པ་དེ་ལྟ་
བུ་ལ་སྟེ། རིག་བྱེད་བྱེད་པའི་ནུས་པའི་བློ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །སྐྱེས་བུ་དེ་ལྟར་གྱུར་པའི་རིག་བྱེད་འདོན་པ་གང་ཡིན་པ་དེ་ནི་དེ་ལྟ་བུར་གྱུར་པ་སྟེ། འདོན་པར་བྱེད་པ་གཞན་སྔོན་དུ་སོང་བ་ཅན་གྱི་ཕྱིར་རོ། །དེ་ལྟ་བུར་གྱུར་ཞེས་བྱ་བ་རིག་བྱེད་བྱེད་པའི་ནུས་པ་དང་བྲལ་བའི་འདོན་
པར་བྱེད་པ་གང་ཡིན་པ་དེ་ལ་དེ་ལྟར་བརྗོད་པར་བྱ་བར་འགྱུར་གྱི་ཁྱད་པར་སྲིད་པ་ཅན་གྱི་ཡིན་ནོ། །སྐྱེས་བུ་ཕུལ་དུ་བྱུང་བ་ཡོད་པས་བདག་ཉིད་ཀྱིས་བྱས་ནས་འདོན་པར་བྱེད་པའི་ཕྱིར་ཁྱད་པར་སྲིད་པ་ཅན་གྱི་འདོན་པར་བྱེད་པ་དེ་ཡང་། བྱེ་བྲག་མེད་པ་སྟེ་འདོན་པར་བྱེད་པ་ཐམས་ཅད་འདོན་པར་
བྱེད་པ་ཅན་གཞན་སྔོན་དུ་སོང་བ་ཅན་ཡིན་ནོ་ཞེས་བརྗོད་པ་ན། ཁྱབ་པ་མ་གྲུབ་པས་འཁྲུལ་པ་ཉིད་ཡིན་པའི་ཕྱིར། མཛེས་པ་ཐོབ་པ་མ་ཡིན་ཏེ། བརྗོད་པར་འདོད་པའི་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར། སྒྲུབ་པར་བྱེད་པ་མཛེས་པ་གསོ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
གཞན་གྱིས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་ཀྱི་ངག་རྣམས་བདག་ཉིད་ཀྱིས་བརྩམས་ནས་འདོན་པར་བྱེད་པ་དེ་ཇི་ལྟར་ཁྱད་པར་སྲིད་པ་ཡིན་ཏེ་མ་ཡིན་ནོ་ཞེས་བསམས་པའོ། །ཅིའི་ཕྱིར་ཞེ་ན། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་སྐྱེས་བུ་དེ་དག་ཅེས་བྱ་བ་རིག་
Vol. 176 · folio 279a
བྱེད་ཀྱི་བྱེད་པ་པོ་ཉིད་དུ་མངོན་པར་འདོད་པའི་ཚངས་པ་ལ་སོགས་པ་དག་ཀྱང་། རིག་བྱེད་རྩོམ་པའི་ནུས་པ་མེད་པ་ཡིན་ཏེ་སྐྱེས་བུ་ཉིད་ཡིན་པའི་ཕྱིར་ད་ལྟར་བའི་ནུས་པ་མེད་པའི་སྐྱེས་བུ་དང་འདྲའོ་སློབ་དཔོན་གྱིས་འདི་ལ་ཡང་ཞེས་བྱ་བ་སྨོས་ཏེ། སྦྱོར་བ་འདི་ལ་ཡང་སྐྱེས་བུ་དང་ནུས་
པ་དག་ལ་ཞེས་བྱ་བ་རིག་བྱེད་བྱེད་པའི་ནུས་པ་དང་སྐྱེས་བུ་ལ་ཕན་ཚུན་འགལ་བ་ཅུང་ཟད་ཀྱང་མཐོང་བ་མེད་དོ། །དེ་བས་ན་ཚངས་པ་ལ་སོགས་པ་དག་ལ་སྐྱེས་བུ་ཉིད་གཏན་ཚིགས་ཉིད་དུ་བཤད་པ་ལ་འགལ་བ་མེད་པ་ཉིད་ཀྱི་ཕྱིར་རིག་བྱེད་བྱེད་པའི་ནུས་པ་མ་བསལ་བ་ཡིན་ནོ། །གང་གི་ཕྱིར་མི་འགལ་
བ་བསྒྲུབ་པ་ཅན་ཏེ། མི་འགལ་བ་བསྒྲུབ་པ་མི་དམིགས་པའི་སྦྱོར་བ་གང་ལ་ཡོད་པ་ཞེས་བྱ་བ་གོ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་གཞི་ཐ་དད་པའི་འབྲུ་མང་པོའོ། །ཡང་ན་སྒྲུབ་པའི་སྒྲ་ནི་བསྒྲུབ་པར་བྱ་བ་ཡིན་པས་ན་སྒྲུབ་པ་སྟེ་ལས་སྒྲུབ་པར་བྱེད་པ་ཡིན་ཏེ། མི་དམིགས་པའི་སྦྱོར་བ་གང་ལ་མི་
འགལ་བ་བསྒྲུབ་པ་ཡོད་པ་ཞེས་བྱ་བ་ནི་གཞི་མཐུན་པ་ཁོ་ན་ཉིད་ཡིན་ནོ། །དེ་ལྟ་བུར་གྱུར་པའི་མི་དམིགས་པའི་སྦྱོར་བ་ནི་གོ་བར་བྱེད་པ་མ་ཡིན་ནོ། །གལ་ཏེ་རིག་བྱེད་བྱེད་པའི་ནུས་པ་དང་སྐྱེས་བུ་ཉིད་ལ་འགལ་བ་ཡོད་པ་ཁོ་ན་ཡིན་ནོ་ཞེ་ན། དབང་པོ་ལས་འདས་པ་ཉིད་ལ་ནི་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དབང་པོ་ལས་འདས་པ་ཤིན་ཏུ་ལྐོག་ཏུ་གྱུར་པ་དག་ལ་ནི་འགལ་བ་རྟོགས་པ་དག་ནི། འགལ་བ་རྟོགས་པ་ཡོད་པ་མ་ཡིན་ཏེ། ལྷན་ཅིག་མི་གནས་པའི་མཚན་ཉིད་ཅན་དང་། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་གྱི་འགལ་བ་རྣམ་པ་གཉི་ག་ཡང་དེ་ལ་མི་རུང་བའི་
ཕྱིར་རོ། །ཚངས་པ་ལ་སོགས་པ་རིག་བྱེད་བྱེད་པའི་ནུས་པ་ཡང་དབང་པོ་ལས་འདས་པ་ཡིན་ནོ། །དེ་བས་ན་འདིར་འགལ་བ་རྣམ་པ་གཉི་ག་ཡང་འགལ་བར་མི་རྟོགས་སོ། །སྐྱེས་བུ་གང་ཡིན་པ་དེ་ནི་རིག་བྱེད་ལ་ནུས་པ་མ་ཡིན་ཏེ། དཔེར་ན་ད་ལྟར་བའི་སྐྱེས་བུ་ལྟ་བུའོ་ཞེས་བྱ་བའི་སྦྱོར་བ་འདི་ལ་
ཡང་སྦྱོར་བ་སྔ་མ་ལས་ཏེ་རིག་བྱེད་འདོན་པར་བྱེད་པ་ནི་རིག་བྱེད་འདོན་པར་བྱེད་པ་སྔོན་དུ་སོང་བ་ཅན་ཡིན་ཏེ། ད་ལྟར་བ་རིག་བྱེད་འདོན་པར་བྱེད་པ་ལྟ་བུའོ་ཞེས་བྱ་བའི་སྦྱོར་བ་སྔ་མ་དེ་ལས་མ་ངེས་པ་ཉིད་དུ་ཐ་དད་པ་མ་ཡིན་ཏེ། གང་གིས་འདོན་པར་བྱེད་པ་ལ་ཁྱད་པར་ཡོད་པ་ལ་གནོད་པར་འགྱུར།
Vol. 176 · folio 279b
གང་ཡང་གལ་ཏེ་ཐོག་མའི་སྐྱེས་བུའི་རིག་བྱེད་བདག་ཉིད་ཀྱིས་བྱས་ནས་འདོན་པར་བྱེད་པར་ནུས་པར་གྱུར་ན་ཡང་། ད་ལྟར་བས་ཀྱང་ནུས་པར་འགྱུར་རོ་ཞེ་ན། འདིར་ལན་བརྗོད་པར་བྱ་སྟེ། སྐྱེས་བུ་རྣམས་ལ་ཁྱད་པར་མེད་པ་ཡིན་ན་ནི་བཤད་མ་ཐག་པ་དེར་འགྱུར་ན། སྐྱེས་བུ་རྣམས་ལ་ཁྱད་པར་མེད་
པ་དེ་ཡང་བསྒྲུབ་པར་དཀའ་བ་སྟེ། བསྒྲུབ་པར་ནུས་པ་མ་ཡིན་ཏེ། གནོད་པ་ཅན་མ་ཡིན་པའི་ཕྱིར་རོ། །དེ་བས་ན་གང་ལ་སྐྱེས་བུ་གཅིག་ལ་ནུས་པ་མེད་པ་དེ་ལ་སྐྱེས་བུ་ཐམས་ཅད་ནུས་པ་མེད་པ་ཡིན་ཏེ། སྐྱེས་བུ་ཉིད་དུ་མཚུངས་པའི་ཕྱིར་རོ་ཞེས་བྱ་བའི་སྒྲུབ་པར་བྱེད་པ་འདི་ལ་ཡང་འདོན་
པར་བྱེད་པ་ཉིད་ལ་སོགས་པ་སྔ་མ་བཞིན་དུ་རྟགས་སྐྱེས་བུ་ཉིད་ནི་འཁྲུལ་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྐྱེས་བུས་བྱས་པ་ཉིད་དུ་མངོན་པར་འདོད་པ་བ་ར་ཏ་ལ་སོགས་པ་ཡང་ད་ལྟར་བའི་སྐྱེས་བུ་རྣམས་ལ་ནུས་པ་མེད་པ་ཡིན་ན་ཡང་རྒྱས་པ་ལ་སོགས་པ་འགའ་ཞིག་ལ་སྐྱེས་བུ་ཕུལ་དུ་བྱུང་བའི་ནུས་
པས་གྲུབ་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན་རྒྱུ་རྣམས་འབྱེད་པར་བྱེད་པ་སྟེ། འདིའི་རྒྱུ་ནི་འདི་ཡིན་ལ་འདིའི་ནི་འདི་མ་ཡིན་ནོ་ཞེས་རྣམ་པར་འབྱེད་པར་བྱེད་པ་དོན་རྣམས་ཀྱི་རང་བཞིན་གྱི་ཁྱད་པར་བསྟན་པར་བྱའོ། །ཅི་ལྟ་བུར་གྱུར་པ་དག་གི་ཞེ་ན་དེ་ལས་བྱུང་བ་ཅན་ཏེ། རྒྱུ་དེ་ལས་དེའི་
རྒྱུ་ཅན་མ་ཡིན་པ་ཞེས་བྱ་བའི་དོན་ཏོ། །རང་བཞིན་གྱི་ཁྱད་པར་བསྟན་པར་བྱ་སྟེ། དེ་དང་འདྲ་བའི་རང་བཞིན་ནི་རྒྱུ་དེ་ལས་བྱུང་བ་ཅན་དང་རྒྱུ་དེ་ལས་བྱུང་བ་ཅན་མ་ཡིན་པ་དག་ནི་དེ་དང་འདྲ་བ་མ་ཡིན་ནོ་ཞེས་དེ་ལྟར་རང་བཞིན་སྣ་ཚོགས་པ་ཉིད་བསྟན་པར་བྱ་ཞིང་། དེ་དང་དེ་ལས་བྱུང་བ་ཅན་མ་
ཡིན་པ་རྣམ་པར་འབྱེད་པ་གང་གིས་ཤེས་པར་འགྱུར། དེ་མེད་ན་སྟེ་རང་བཞིན་གྱི་ཁྱད་པར་མེད་ན་ཐམས་ཅད་དེའི་བདག་ཉིད་ཅན་དུ་འགྱུར་བ་སྟེ། དེ་དང་མཚུངས་པའི་རྒྱུའི་རང་བཞིན་ཅན་དུ་འགྱུར་རོ། །འགའ་ཞིག་ཀྱང་མ་ཡིན་ཏེ། དེའི་རྒྱུ་ཅན་གྱི་རང་བཞིན་ཏེ། སྒྲ་ཐམས་ཅད་སྐྱེས་
བུས་བྱས་པར་འགྱུར་བའམ་འགའ་ཞིག་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་པར་གྱུར་ན་འཇིག་རྟེན་པ་དང་རིག་བྱེད་པ་དག་གི་རང་བཞིན་གྱི་ཁྱད་པར་ནི་སྐྱེས་བུས་བྱས་པ་ཉིད་དུ་ངེས་པ་ཡོད་པ་ཡིན་ནོ་ཞེ་ན། དེའི་ཕྱིར་འདི་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་འདི་ལའམ་སྒྲའི་
Vol. 176 · folio 280a
སྦྱོར་བ་འདི་ལ་འཇིག་རྟེན་པ་དང་རིག་བྱེད་ཀྱི་ངག་དག་སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་ཉིད་དུ་རྣམ་པར་འཇོག་པར་བྱེད་པའི་རང་གི་ངོ་བོ་སྣ་ཚོགས་པ་ཉིད་ནི་མ་མཐོང་ངོ་། །རྣམ་པ་དེ་ལྟ་བུའི་རང་བཞིན་གྱི་ཁྱད་པར་དེ་ལ་ཡོད་པ་མ་ཡིན་པ་འཇིག་རྟེན་པ་དང་རིག་བྱེད་པའི་
ངག་དེ་དག་མཚུངས་པ་ཉིད་དེ་འདྲ་བའི་ངོ་བོ་ཁོ་ནའི་ཡི་གེའི་གོ་རིམས་ཀྱི་མཚན་ཉིད་ཅན་མཐོང་བའི་ཕྱིར་འཇིག་རྟེན་པ་དང་རིག་བྱེད་ཀྱི་ངག་གཅིག་པའི་སྐྱེས་བུའི་བྱས་པ་ཉིད་དམ་སྐྱེས་བུས་མ་བྱས་པ་ཉིད་རྣམ་པར་འབྱེད་ཅིང་ཐ་དད་པར་འཇོག་པར་བྱེད་པ་ན་སྐྱེས་བུ་ལ་འཁྲུལ་པར་དོགས་པའི་
བརྗོད་པ་ཅན་དུ་བྱེད་དོ། །སྐྱེས་བུ་གང་ལ་འཁྲུལ་པར་དོགས་པ་བརྗོད་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་གིས་བྱེད་ཅེ་ན། དེའི་རང་བཞིན་སྲིད་པ་དེས་ཏེ། འཇིག་རྟེན་པ་དང་རིག་བྱེད་པའི་ངག་སྲིད་པའི་ཡི་གེ་དང་ཚིག་བཀོད་པའི་མཚན་ཉིད་ཀྱི་སྤྱི་དེས་སོ། །སྐྱེས་བུས་བྱས་པ་ཉིད་དུ་མཚུངས་
པའི་ཆོས་ཅན་གྱི་རིག་བྱེད་ནི་སྐྱེས་བུས་མ་བྱས་པ་ཉིད་དུ་བརྗོད་པ་ན། འདི་བརྫུན་དུ་སྨྲ་བ་ཅན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རིག་བྱེད་དང་རིག་བྱེད་མ་ཡིན་པ་དག་ལ་དེ་ཉིད་ཀྱི་མཚན་ཉིད་ཅན་ཏེ། རིག་བྱེད་དང་རིག་བྱེད་མ་ཡིན་པའི་རང་བཞིན་གྱི་མཚན་ཉིད་ལ་རིག་བྱེད་པའི་སྒྲ་རྣམས་ནི་
རིག་བྱེད་ཀྱི་རང་བཞིན་གྱི་ཕྱིར་དང་། འཇིག་རྟེན་པ་དག་ནི་རིག་བྱེད་མ་ཡིན་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་ཁྱད་པར་ཡོད་པ་མ་ཡིན་ནམ། དེ་བས་ན་ཇི་སྐད་དུ་བཤད་པའི་ཁྱད་པར་གྱིས་གོ་རིམས་བཞིན་དུ་འཇིག་རྟེན་པ་དང་རིག་བྱེད་པའི་ངག་དང་། སྐྱེས་བུས་བྱས་པ་ཉིད་དང་། སྐྱེས་བུས་མ་
བྱས་པ་ཉིད་དུ་འགྱུར་རོ་ཞེས་བསམས་པའོ། །སློབ་དཔོན་གྱིས་ཡོད་པ་བདེན་ཏེ་ཞེས་སྨོས་ཏེ། ཇི་སྐད་དུ་བཤད་པའི་ཁྱད་པར་ཡོད་པ་ནི་བདེན་ཏེ། ཁྱད་པར་དེ་འདྲ་བ་ནི་འཇིག་རྟེན་པ་དང་རིག་བྱེད་པ་དག་གི་ངག་དང་། སྐྱེས་བུས་བྱས་པ་དང་སྐྱེས་བུས་མ་བྱས་པ་ཉིད་དུ་རྣམ་པར་སྒྲུབ་པར་
བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་འཇིག་རྟེན་པ་དང་རིག་བྱེད་པ་དག་འབའ་ཞིག་ཁོ་ནའི་ཁྱད་པར་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། ཁ་བྱའི་གནའ་གཏམ་དང་ཅིག་ཤོས་དག་ལ་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ཁ་བྱ་སྟེ་ལོ་རྒྱུས་མཁན་དག་གིས་བྱས་པའི་གནའ་གཏམ་དང་། ཅིག་ཤོས་
Vol. 176 · folio 280b
ཡིད་ཆེས་པར་མངོན་པར་འདོད་པར་བྱས་པ་ལ་དེ་འདྲ་བའི་ཁྱད་པར་ཡོད་པ་ཡིན་ནོ། །དེ་ཙམ་གྱིས་རང་ཉིད་ཀྱི་ཐ་སྙད་ཀྱི་དོན་དུ་རང་གི་ལོ་རྒྱུས་ཀྱིས་བྱེ་བྲག་གསལ་བར་བྱེད་པའི་རང་ཉིད་ཀྱི་བརྡས་ཐ་སྙད་དུ་བྱས་པ་ཉེ་བར་བཏགས་པའི་མིང་གི་ཁྱད་པར་གྱིས་ནི་རིག་བྱེད་སྐྱེས་བུས་བྱས་པ་ལ་
གནོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་པ་གཞན་དག་ལ་ཡང་རང་ཉིད་ཀྱིས་ཉེ་བར་སྦྱར་བ་མིང་ཙམ་གྱི་ཁྱད་པར་གྱིས་སྐྱེས་བུས་མ་བྱས་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་རིག་བྱེད་ཀྱི་ངག་དག་ལ་ཡི་གེ་དང་ཚིག་བཀོད་པ་མཐོང་བ་གང་ཡིན་པ་དེ་འདྲ་བའི་སྦྱོར་བ་སྐྱེས་
བུས་རྣམ་པ་ཐམས་ཅད་དུ་བྱེད་པར་མི་ནུས་པར་འགྱུར་བའམ་བྱས་པ་སྟེ། ཡི་གེ་དང་ཚིག་གི་བཀོད་པ་རིག་བྱེད་ཀྱི་རྗེས་སུ་བྱེད་པ་གྲུབ་པའི་ངོ་བོ་ལ། སྐྱེས་བུས་མ་བྱས་པའི་བརྡ་ཐོས་པ་ཙམ་ལས། འདི་སྐྱེས་བུ་ཙམ་གྱིས་བྱས་པ་འཕངས་པ་མ་ཡིན་ནོ་ཞེས་རྣམ་པར་འབྱེད་པར་འགྱུར་ན། རིག་བྱེད་
དེ་སྐྱེས་བུས་མ་བྱས་པར་གསལ་བ་ཡིན་གྱི། དེ་ལྟ་མ་ཡིན་ན་གང་ལས་རིགས་མི་མཐུན་པ་ཉིད་ཁོང་དུ་ཆུད་པར་འགྱུར་རོ། །དེ་ལྟར་འགྱུར་བ་ནི་བདེན་ན། སྐྱེས་བུ་དག་གིས་སྔགས་ཇི་ལྟར་འདོད་པའི་དོན་སྒྲུབ་པར་བྱེད་པ་དང་མི་ལྡན་པ་དེ་བས་ན། རིག་བྱེད་ནི་སྐྱེས་བུས་མ་བྱས་པ་ཉིད་ཡིན་ནོ་ཞེ་ན། གལ་ཏེ་
དེ་ལྟར་འགྱུར་ན་ནི་དེ་ལྟར་འགྱུར་བ་ཡིན་ནོ། །འོན་ཀྱང་སྔགས་ཀྱང་སྐྱེས་བུས་བྱས་པ་ཁོ་ན་ཡིན་ནོ་ཞེས་དེ་ནི་འོག་ནས་སྐབས་སུ་བབ་པ་དང་རྣམ་པར་དཔྱད་པར་བྱའོ། །གཞན་ཡང་སྔགས་ཞེས་བྱ་བ་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། བདེན་པ་དང་ཞེས་བྱ་བ་ལ་
སོགས་པ་ལ། ཡང་དག་པ་ཇི་ལྟ་བ་བཞིན་དུ་སྟོན་པ་ནི་བདེན་པ་ཡིན་པ་ལ་དབང་པོ་དང་ཡིད་ཐུལ་བ་ནི་དཀའ་ཐུབ་ཡིན་ནོ། །དེ་དག་གི་མཐུ་ནི་དུག་བཅོམ་པ་ལ་སོགས་པའི་ནུས་པ་སྟེ། གང་ལ་དེ་ཡོད་པ་དེ་དག་ནི་བདེན་པ་དང་དཀའ་ཐུབ་ཀྱི་མཐུ་དང་ལྡན་པའོ། །བདེན་པ་དང་དཀའ་ཐུབ་ཀྱི་
མཐུ་དང་ལྡན་པའི་སྐྱེས་བུ་དེ་དག་ནི་འདོད་པའི་དོན་སྒྲུབ་པར་བྱེད་པ་སྟེ། རྒྱུར་གྱུར་པའི་ཚིག་གང་ཡིན་པ་དེ་ཉིད་སྔགས་ཡིན་ནོ། །དེ་འདྲ་བར་གྱུར་པའི་སྔགས་ཀྱི་མཚན་ཉིད་ཀྱི་ཚིག་དེ་དང་དེ་ནི་ད་ལྟར་ཉིད་ཀྱང་སྐྱེས་བུ་རྣམས་ལ་སྣང་བ་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་ཉིད་ཇི་ལྟ་བ་བཞིན་དུ་
Vol. 176 · folio 281a
བདེན་པའི་བྱིན་གྱི་རླབས་ཀྱི་སྟོབས་ལས་མེ་དང་དུག་ལ་སོགས་པ་རེངས་པར་བྱེད་པ་སྟེ། འཇོམས་པར་བྱེད་པའི་ནུས་པ་མཐོང་བའི་ཕྱིར་རོ། །བདེན་པ་ལ་སོགས་པ་དང་ལྡན་པ་འདོད་པའི་དོན་སྒྲུབ་པར་བྱེད་པའི་ཚིག་གི་མཚན་ཉིད་ཅན་གྱི་སྔགས་འབའ་ཞིག་བྱེད་པ་ནི་མ་
ཡིན་གྱི། འོན་ཀྱང་ད་ལྟར་ཡང་རི་ཁྲོད་ལ་འགའ་ཞིག་རང་གི་ངེས་པ་ལ་གནས་པ་དུག་ལ་སོགས་པ་སེལ་བའི་ནུས་པ་དང་ལྡན་པའི་སྔགས་བྱེད་པའི་ཕྱིར་སྐྱེས་བུ་སྔགས་བྱེད་པའི་ནུས་པ་དང་ལྡན་པ་ཉིད་ཡིན་ནོ། །རིག་བྱེད་མ་ཡིན་པ་ནི་རིག་བྱེད་ལས་གཞན་པ་དག་གོ། །སངས་རྒྱས་པའི་ཞེས་
བྱ་བ་ལ་སོགས་པའི་སྒྲས་ནི་འོངས་པ་ཉིད་དང་། ནམ་མཁའ་ལྡིང་དང་དབང་ཕྱུག་ཆེན་པོ་ལ་སོགས་པའི་སྔགས་དང་སྔགས་ཀྱི་རྟོག་པ་དག་མཐོང་བའི་ཕྱིར་རོ། །རིག་སྔགས་ཀྱི་ཡི་གེ་རྣམས་ནི་རིག་བྱེད་སྐྱེད་པར་བྱེད་པའི་སྔགས་སོ། །དེ་སྒྲུབ་པར་བྱེད་པའི་ཆོ་ག་སྟོན་པར་བྱེད་པའི་སྔགས་ཀྱི་རྟོག་པ་
ཡིན་ནོ། །སངས་རྒྱས་པ་ལ་སོགས་པའི་སྔགས་དང་རྟོག་པ་དེ་དག་ཀྱང་སྐྱེས་བུས་བྱས་པ་སྟེ། སྐྱེས་བུས་བརྩམས་པ་ཡིན་པ་དེའི་ཕྱིར། འཇིག་རྟེན་པ་དག་གི་ལས་རིག་བྱེད་པ་དག་གི་རང་བཞིན་ཐ་དད་པ་ཡོད་པ་མ་ཡིན་ནོ།། །།བམ་པོ་ཉི་ཤུ་རྩ་བདུན་པ། དེ་ལྟར་ན་རིག་བྱེད་པ་
ལ་སོགས་པ་སྔགས་དང་རྟོག་པ་དག་ཀྱང་སྐྱེས་བུས་མ་བྱས་པ་ཉིད་དུ་འདོད་ཅིང་། སངས་རྒྱས་ལ་སོགས་པའི་སྔགས་དང་རྟོག་པ་དེ་ལ་སྐྱེས་བུས་མ་བྱས་པ་ཉིད་དུ་རྟོགས་པ་ན། ཇི་ལྟར་ན་ད་སྐྱེས་བུས་མ་བྱས་པའི་ངག་ཐམས་ཅད་བདེན་པར་འགྱུར་ཏེ། འོན་ཀྱང་ལོག་པའི་དོན་ཅན་དུ་ཡང་འགྱུར་
རོ། །འདི་ལྟར་སངས་རྒྱས་པ་དང་ཅིག་ཤོས་པ་དག་གིས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་པའི་སྔགས་དང་རྟོག་པ་ལས་འཚེ་བ་དང་། འཁྲིག་པའི་འདོད་ཆགས་དང་། བདག་ཏུ་ལྟ་བ་ལ་སོགས་པ་སྟེ། སོགས་པའི་སྒྲས་བརྫུན་དུ་སྨྲ་བ་ལ་སོགས་པ་མངོན་པར་མཐོ་བ་མ་ཡིན་པའི་རྒྱུ་སྟེ།
སྡུག་བསྔལ་གྱི་རྒྱུར་གསུངས་སོ། །ཅིག་ཤོས་ཏེ་སངས་རྒྱས་པ་མ་ཡིན་པའི་སྔགས་ལས་འཚེ་བ་ལ་སོགས་པ་དེ་དག་རྣམས་གཞན་དུ་སྟེ། མངོན་པར་མཐོ་བའི་རྒྱུར་བརྗོད་དོ། །གལ་ཏེ་སྔགས་དང་རྟོག་པ་ཐམས་ཅད་སྐྱེས་བུས་མ་བྱས་པ་ཡིན་པར་འགྱུར་བ་དེའི་ཚེ། འགལ་བ་བརྗོད་པའི་ངག་
Vol. 176 · folio 281b
གཉིས་སྐྱེས་བུས་མ་བྱས་པ་གཅིག་ལ་ཇི་ལྟར་བདེན་པར་འགྱུར་ཞེ་ན། དེ་ལྟར་མི་འགྱུར་ན་སངས་རྒྱས་པའི་སྔགས་དང་རྟོག་པ་ལས་འཚེ་བ་ལ་སོགས་པའི་སྒྲ་རྣམས་རབ་ཏུ་མ་གྲགས་པའི་དོན་གཞན་གང་ཡིན་པ་དེ་ནི་རིག་བྱེད་པའི་སྔགས་དང་རྟོག་པ་འགལ་བ་མེད་པ་ཡིན་ནོ་ཞེ་ན་དེའི་ཕྱིར། དེ་ལ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་པའི་སྔགས་དང་རྟོག་པ་དེ་ལ་རབ་ཏུ་གྲགས་པའི་དོན་ལས་གཞན་དུ་རྟོགས་ན། དོན་གཞན་དུ་རྟོགས་པ་དེ་ནི་སངས་རྒྱས་པ་མ་ཡིན་པའི་རིག་བྱེད་པའི་སྔགས་དང་རྟོག་པ་གཞན་ལ་ཡང་མཚུངས་པའི་ཕྱིར་སྔགས་དང་རྟོག་པ་ཐམས་ཅད་ལ་དོན་གཞན་དུ་
ཡོངས་སུ་རྟོགས་པ་སྲིད་པས་དོན་ལ་ངེས་པ་མེད་པའི་ཕྱིར་ཏེ། དོན་གཏན་ལ་མ་ཕབ་པའི་ཕྱིར་དེས་བསྟན་པའི་དོན་འགའ་ཞིག་ཀྱང་རྟོགས་ཤིང་ནན་ཏན་དུ་བྱས་པར་མི་འགྱུར་རོ། །དེ་ལྟར་ན་ཞེས་བྱ་བ་དོན་ངེས་པར་ནན་ཏན་དུ་བྱས་པ་མེད་པ་ན། སྐྱེས་བུས་མ་བྱས་པའི་ངག་ཡོད་དུ་ཟིན་ཀྱང་
སྐྱེས་བུའི་དོན་ལ་ཉེ་བར་མཁོ་བ་མ་ཡིན་ནོ། །གལ་ཏེ་སངས་རྒྱས་པ་ལ་སོགས་པའི་སྔགས་ལ་སོགས་པ་མ་ཡིན་པར་འགྱུར་རོ་ཞེ་ན། སངས་རྒྱས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་པ་ལ་སོགས་པ་དག་གི་སྔགས་ཉིད་མ་ཡིན་ན་དེ་ལས་གཞན་པ་ལ་ཡང་སྟེ། སངས་
རྒྱས་པ་ལ་སོགས་པ་དག་གི་སྔགས་དེ་ལས་གཞན་པ་རིག་བྱེད་པའི་སྔགས་ཀྱང་སྔགས་ཉིད་དུ་བསྒྲུབ་པའི་ཕྱིར་མནའ་ཆུ་བཏུང་དགོས་པར་འགྱུར་ཏེ། གང་གིས་སངས་རྒྱས་ལ་སོགས་པ་དག་གི་སྔགས་ཉིད་མ་ཡིན་པ་དང་། རིག་བྱེད་ལ་སོགས་པའི་སྔགས་ཉིད་དུ་འགྱུར་བའི་རིགས་པ་ནི་
ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །སངས་རྒྱས་པ་ལ་སོགས་པའི་སྔགས་མ་ཡིན་ནོ་ཞེས་བྱ་བའི་མངོན་སུམ་དང་འགལ་བ་མ་ཡིན་ཏེ། འདི་ལྟར་སངས་རྒྱས་པ་ལ་སོགས་པ་དག་གི་སྔགས་ཀྱིས་ཀྱང་དུག་གི་ལས་ལ་སོགས་པ་བྱེད་པ་མཐོང་བ་སྟེ། དུག་གི་ལས་ལ་སོགས་པ་བྱེད་པ་
མཐོང་བ་དེས་སངས་རྒྱས་ལ་སོགས་པའི་སྔགས་དེ་ལ་སྔགས་ཉིད་དུ་བཀག་པ་མེད་དེ་དུག་ལ་སོགས་པའི་ལས་བྱེད་པའི་སྒོ་ནས་རིག་བྱེད་པ་དག་གི་ཡང་སྔགས་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ། །སངས་རྒྱས་པ་ལ་སོགས་པའི་སྔགས་རྣམས་དུག་ལ་སོགས་པའི་ལས་བྱེད་པ་ལ་བསྙོན་
Vol. 176 · folio 282a
བར་མི་ནུས་ཏེ། མཐོང་བ་ཉིད་ཀྱི་ཕྱིར་རོ། །དེ་ལ་བསྙོན་ན་ནི་དེ་ལ་ཡང་མཚུངས་པ་ཉིད་ཀྱི་ཕྱིར་རོ། །རིག་བྱེད་པའི་ངག་རྣམས་དུག་ལ་སོགས་པ་སེལ་བར་ནུས་པས་ངག་གཞན་ལས་ཁྱད་པར་ཅན་ཡིན་པ་ནི་བླ་སྟེ། དེ་ཙམ་གྱིས་དེ་རྟག་པ་ཉིད་དུ་རིགས་པ་ནི་མ་
ཡིན་ནོ། །གང་གི་ཕྱིར་ཕྱག་རྒྱ་དང་དཀྱིལ་འཁོར་དང་བསམ་གཏན་དག་གིས་ཀྱང་ཞེས་བྱ་བ་ལ་ཕྱག་རྒྱ་ནི་སྲོག་ཆགས་དག་གི་སོར་མོ་རྣམས་ཀྱི་དབྱིབས་སོ། །དཀྱིལ་འཁོར་ནི་ལྷ་ལ་སོགས་པ་བཀོད་པའི་ཁྱད་པར་རོ། །བསམ་གཏན་ནི་ནམ་མཁའ་ལྡིང་ལ་སོགས་པ་སེམས་པ་སྟེ། ཕྱག་རྒྱ་
དང་དཀྱིལ་འཁོར་དང་བསམ་གཏན་ཞེས་ཟླས་དབྱེ་བའམ། ཕྱག་རྒྱ་དང་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པ་བྱའོ། །དེ་དག་གི་ཡི་གེ་མེད་པ་ཅན་ཏེ་སྒྲ་མེད་པའི་རང་བཞིན་ཅན་དག་གིས་དུག་ལ་སོགས་པ་སེལ་བར་བྱེད་པ་ལ་སོགས་པའི་མཚན་ཉིད་ཅན་གྱི་ལས་རྣམས་བྱེད་པར་འགྱུར་ཏེ།
ཕྱག་རྒྱ་དང་དཀྱིལ་འཁོར་དང་བསམ་གཏན་དེ་དག་ནི་སྐྱེས་བུས་མ་བྱས་པར་རིགས་པ་མ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་ཕྱག་རྒྱ་ལ་སོགས་པ་ཡི་གེ་མེད་པའི་རང་བཞིན་རྣམས་ལ་སྐྱེས་བུ་རྣམས་ཀྱི་དུག་ལ་སོགས་པ་སེལ་བར་བྱེད་པ་ལ་སོགས་པའི་ནུས་པ་མེད་པའི་ནུས་པ་ཡོད་པ་ཡིན་གྱི། ཡི་
གེ་དང་ཚིག་གི་གོ་རིམས་ཅན་གྱི་སྔགས་ལ་ནི་མ་ཡིན། དེ་བས་ན་སྔགས་རྣམས་ཀྱིས་དུག་ལ་སོགས་པ་སེལ་བར་བྱེད་པ་ལ་སོགས་པའི་ནུས་པ་སྐྱེས་བུས་བྱས་པ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱག་རྒྱ་ལ་སོགས་པ་དེ་དག་གི་བྱེད་པ་ཡོད་ན། སྐྱེས་བུ་སྟེ་
བདེན་པ་དང་དཀའ་ཐུབ་ཀྱི་མཐུ་དང་ལྡན་པ་རྣམས་ལ་ཡི་གེ་འགོད་པར་བྱེད་པ་འགལ་བ་ཅི་ཞིག་ཡོད་དེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་བས་ན་སྐྱེས་བུ་དེ་དག་གི་བྱེད་པ་ནུས་པ་མེད་པར་ནི་ཅིར་ཡང་མི་རུང་སྟེ། གང་གིས་སྐྱེས་བུ་དག་གི་ནུས་པ་མེད་པ་ཕུལ་དུ་བྱུང་བ་ཉེ་བར་བསྟན་པས་འཇིག་
རྟེན་པ་དག་གི་ལས་རིག་བྱེད་པ་དག་གི་རང་བཞིན་ཐ་དད་པ་རྟོགས་པར་འགྱུར་རོ། །གལ་ཏེ་སངས་རྒྱས་པ་དང་ཅིག་ཤོས་དག་གི་སྔགས་དང་རྟོག་པ་སྐྱེས་བུས་བྱས་པ་གཉིས་པོ་བདེན་པ་ལས་བྱུང་བ་ཅན་བདེན་པ་སྟོན་པའི་སྐྱེས་བུ་ལས་སྐྱེས་པ་དེ་དག་ཀྱང་། ད་ནི་ཇི་ལྟར་ན་བདེན་པ་ལས་བྱུང་
Vol. 176 · folio 282b
བ་ཅན་སངས་རྒྱས་པ་དང་ཅིག་ཤོས་ཀྱི་སྔགས་དང་རྟོག་པ་དེ་དག་ཕན་ཚུན་འགལ་བ་དག་ཏུ་མི་རིགས་པར་འགྱུར་ཏེ། གཅིག་ལ་འཚེ་བ་ལ་སོགས་པ་དག་ནི་མངོན་པར་མཐོ་བ་མ་ཡིན་པའི་རྒྱུ་ཉིད་དང་གཞན་དག་ཏུ་བསྟན་པའི་ཕྱིར་རོ། །དེ་དག་ནི་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་པར་བྱེད་དེ།
སྔགས་དང་རྟོག་པ་དེ་དག་ནི་ཐམས་ཅད་དུ་བདེན་པ་ལས་བྱུང་བ་ཅན་དག་མ་ཡིན་ན། གང་གིས་འདི་ལ་འགལ་བ་ཡིན། འོན་ཀྱང་སྐྱེས་བུ་མཐུ་དང་ལྡན་པའི་དམ་བཅས་པའི་མཚན་ཉིད་ཅན་དག་ལ་ཡང་སྔགས་དང་རྟོག་པ་དེ་དག་འགྱུར་ཏེ། སྐྱེས་བུ་མཐུ་དང་ལྡན་པས་ཡི་གེ་དང་ཚིག་བཀོད་པ་
འདི་གོམས་པར་བྱེད་པ་དང་དེའི་ཆོ་ག་རྗེས་སུ་སྒྲུབ་པར་བྱེད་པ་གང་ཡིན་པ་དེའི་ཇི་ལྟར་དམ་བཅས་པའི་དོན་བདག་གིས་བསྒྲུབ་པར་བྱའོ་སྙམ་པའི་དམ་བཅས་པ་གང་ཡིན་པ་དེའི་མཚན་ཉིད་ཅན་དག་ལ་ཡང་སྔགས་དང་རྟོག་པ་དག་འགྱུར་རོ། །དེ་བས་ན་གཞན་དུ་སྨྲ་བ་ཡིན་དུ་ཟིན་ཀྱང་མཐུ་
དང་ལྡན་པས་སྔགས་དང་རྟོག་པ་དག་བྱས་པའི་ཕྱིར་འགལ་བ་ཡོད་པ་མ་ཡིན་ནོ། །གལ་ཏེ་བདེན་པ་མེད་པའི་ཕྱིར་མཐུ་དེ་ཉིད་གང་ལས་ཡིན་ཞེ་ན། མཐུ་དེ་ནི་འགྲོ་བ་དང་གྲུབ་པའི་ཁྱད་པར་དག་ལས་ཀྱང་འགྱུར་བ་སྟེ། བསོད་ནམས་བྱ་བ་ལ་སོགས་པས་བསྡུས་པའི་འགྲོ་བའི་ཁྱད་པར་དེ་དང་འདྲ་
བ་རྙེད་པའམ། སྔགས་གྲུབ་པའི་ཁྱད་པར་གང་གིས་དེ་དང་འདྲ་བའི་མཐུ་དང་ལྡན་པར་འགྱུར་རོ། །གལ་ཏེ་སྔགས་སྐྱེས་བུས་བྱས་པ་ཡིན་པ་དེའི་ཚེ། སྐྱེས་བུ་ཉིད་ཡིན་པའི་ཕྱིར། སྐྱེས་བུ་ཐམས་ཅད་ཅིའི་ཕྱིར་སྔགས་མི་བྱེད་དེ། བྱེད་པ་ཡང་མ་ཡིན་ནོ། །དེ་བས་ན་མངོན་པར་འདོད་པའི་སྐྱེས་
བུ་དག་གིས་ཀྱང་སྔགས་མ་བྱས་སོ་ཞེས་བསམས་པའོ། །དེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། སྔགས་དེ་དག་བྱེད་པའི་སྒྲུབ་པར་བྱེད་པ་བདེན་པ་དང་དཀའ་ཐུབ་དང་མཐུ་ལ་སོགས་པ་གང་ཡིན་པ་དེ་དང་བྲལ་བའི་ཕྱིར་ཐམས་ཅད་སྔགས་བྱེད་པ་མ་ཡིན་ནོ། །གལ་
ཏེ་བདེན་པ་དང་དཀའ་ཐུབ་ལ་སོགས་པ་སྔགས་བྱེད་པའི་རྒྱུ་དེ་དང་འདྲ་བ་དག་དང་སྐྱེས་བུ་ལྡན་པར་འགྱུར་བ་དེའི་ཚེ་སྔགས་བྱེད་པ་ཉིད་དུ་འགྱུར་རོ། །གཞན་ཡང་སྐྱེས་བུ་སྙན་དངགས་བྱེད་པའི་སྤོབས་པ་དང་ལྡན་པ་བྱེད་པའི་ཕྱིར་དེ་བྱེད་པའི་སྤོབས་པ་དང་བྲལ་བའི་སྐྱེས་བུ་ཐམས་ཅད་ཀྱང་
Vol. 176 · folio 283a
སྐྱེས་བུ་ཉིད་དུ་མཚུངས་པའི་ཕྱིར་སྙན་དངགས་བརྗོད་པར་འགྱུར་རོ། །འགའ་ཞིག་ཀྱང་མི་བྱེད་ན་གཞན་འགའ་ཞིག་ཀྱང་མི་བྱེད་པ་དེ་དང་འདྲ་བ་སྟེ། སྐྱེས་བུ་སྙན་དངགས་བྱེད་པའི་ནུས་པ་མེད་པ་དང་འདྲ་བ་དེ་ལྟར་ན་རིགས་པ་དེ་དག་ནི་སྔ་ནས་མེད་པ་ཡིན་ནོ། །སྔགས་བྱེད་
པའི་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། སྔགས་བྱེད་པ་སྒྲུབ་པར་བྱེད་པ་དང་བྲལ་བའི་སྐྱེས་བུ་དག་སྔགས་མི་བྱེད་པ་ནི་བདེན་ཏེ། འོན་ཀྱང་སྔགས་བྱེད་པའི་སྒྲུབ་པར་བྱེད་པ་བདེན་པ་དང་དཀའ་ཐུབ་ལ་སོགས་པའི་ཚོགས་པ་དེ་ཉིད་ཀྱང་སྐྱེས་བུ་འགའ་ཞིག་ལ་ཡང་མ་མཐོང་སྟེ། སྐྱེས་བུ་
ཐམས་ཅད་ནི་ཆོས་མཚུངས་པ་ཅན་ཉིད་ཀྱི་རྒྱུའི་ཕྱིར་རོ། །འདིར་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། བརྒལ་བ་འདིར་ལན་བཤད་ཟིན་ཏོ། །ཅི་ཞིག་བཤད་ཟིན་ཅེ་ན། སྔགས་ཞེས་བྱ་བ་ལ་སོགས་པ་ལ། ཚིག་དམ་བཅས་པ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །བདེན་པ་ལ་སོགས་པ་དང་
ལྡན་པའི་སྐྱེས་བུ་རྣམས་ཀྱི་འདོད་པའི་དོན་གྲུབ་པར་བྱེད་པའི་ཚིག་དང་། དེ་བཞིན་དུ་འགྲོ་བ་ལ་སོགས་པ་དང་ལྡན་པའི་སྐྱེས་བུ་ཁས་བླངས་པའི་མཚན་ཉིད་ཅན་གྱི་དམ་བཅས་པ་ལས་སྔགས་ཞེས་བྱ་བ་གཞན་ཅུང་ཟད་ཀྱང་མེད་དོ། །བདེན་པ་དང་དཀའ་ཐུབ་དང་འགྲོ་བ་དང་གྲུབ་པའི་
ཁྱད་པར་གྱི་མཚན་ཉིད་དེ་དག་ཀྱང་སྐྱེས་བུ་འགའ་ཞིག་ལ་མཐོང་ངོ་། །དེ་ལྟར་ནི་འགྱུར་ན་གང་དང་གང་སྐྱེས་བུ་ཡིན་པ་དེ་ནི་སྔགས་བྱེད་པའི་སྒྲུབ་པར་བྱེད་པ་དང་བྲལ་བ་ཡིན་ཏེ། དཔེར་ན་ལམ་པོ་ཆེའི་སྐྱེས་བུ་ལྟ་བུའོ། །སྔགས་བྱེད་པར་འདོད་པའི་སྐྱེས་བུ་འདི་ཡང་སྐྱེས་བུ་ཡིན་ནོ་ཞེ་
ན། དེ་བས་ན་འདི་ལ་ཡང་སྐྱེས་བུ་ཐམས་ཅད་དེ་དང་བྲལ་བ་སྟེ། སྔགས་བྱེད་པའི་སྒྲུབ་པར་བྱེད་པ་དེ་དང་བྲལ་བ་དེ་ལྟར་ཡང་ངེས་པ་ཡོད་པ་མ་ཡིན་ཏེ། སྔགས་སྐྱེད་པའི་སྒྲུབ་པར་བྱེད་པ་དེ་ཡོད་ཅིང་སྲིད་པའི་སྐྱེས་བུ་དང་ལྷན་ཅིག་འགལ་བ་མེད་པའི་ཕྱིར་རོ། །གལ་ཏེ་སྔགས་བྱེད་པའི་སྒྲུབ་
པར་བྱེད་པའི་རང་བཞིན་མི་དམིགས་པ་ཉིད་ཀྱི་ཕྱིར་སྐྱེས་བུ་རྣམས་ལ་མེད་པར་ངེས་པ་ཡིན་ནོ་ཞེ་ན། ལྐོག་ཏུ་གྱུར་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྐོག་ཏུ་གྱུར་པའི་རང་བཞིན་ཅན་དག་སྟེ། གང་ལ་དབང་པོ་ལས་འདས་པའི་རང་བཞིན་ཡོད་པ་དེ་དག་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཞེས་བྱ་བའི་
Vol. 176 · folio 283b
དོན་ཏོ། །མི་དམིགས་པ་ནི་མེད་པར་ངེས་པའི་གཏན་ཚིགས་མ་ཡིན་ནོ། །གལ་ཏེ་བདག་ཉིད་ལ་སྔགས་བྱེད་པའི་སྒྲུབ་པར་བྱེད་པ་དྲན་པ་ལ་སོགས་པ་དག་མི་དམིགས་པས་གཞན་དག་ལ་ཡང་མེད་པར་ངེས་པ་ཡིན་ནོ་ཞེ་ན། དྲན་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲན་པ་ནི་འདས་པའི་སྐྱེ་བོ་
ལ་སོགས་པ་དྲན་པའོ། །བློ་ནི་གཞན་གྱི་སེམས་པའོ། །སོ་སོར་རིག་པ་ནི་དངོས་པོ་མཐོང་བའི་དེ་ཁོ་ན་ཉིད་མཐོང་བའོ། །བདེན་པ་ནི་རྣམ་པ་གཞན་དུ་མ་ཡིན་པར་སྨྲ་བ་ཉིད་དོ། །ནུས་པ་ནི་མཐུའི་རང་བཞིན་ནོ། །དྲན་པ་དང་བློ་དང་། སོ་སོར་རིག་པ་དང་། བདེན་པ་དང་ནུས་པ་ཞེས་བྱ་བ་ནི་
ཟླས་དབྱེ་བའོ། །ཐམས་ཅད་ལ་འགྱུར་བ་སྟེ། སྐྱེས་བུའི་རྒྱུད་ཐམས་ཅད་ལ་འགྱུར་བ་མ་ཡིན་ཏེ། གང་གིས་དེ་དག་བདག་ཉིད་ལ་མ་མཐོང་བས་གཞན་ལ་ཡང་སྤོང་བར་འགྱུར་བ་གང་གིས་སྔགས་བྱེད་པའི་སྒྲུབ་པར་བྱེད་པ་དང་བྲལ་བའི་སྐྱེས་བུ་རྣམས་ལ་ངེས་པར་འགྱུར་རོ། །འདི་ལྟར་དེ་སྒྲུབ་
པར་བྱེད་པའི་ཡང་དག་པའི་མན་ངག་གི་ཁྱད་པར་དང་འདྲ་བ་སྟེ། ཇི་སྐད་དུ་བཤད་པའི་དྲན་པ་ལ་སོགས་པ་དག་འདིས་སྒྲུབ་པར་བྱེད་པས་ན་སྒྲུབ་པར་བྱེད་པ་སྟེ། སྐྱེད་པར་བྱེད་པའི་རྒྱུ་གང་ཡིན་པ་དེའི་ཡང་དག་པའི་མན་ངག་གདམས་ངག་དེའི་ཁྱད་པར་གྱི་བྱེ་བྲག་ཡིད་ཆེས་པའི་ལུང་འགའ་ཞིག་
ལ་ཡོད་པ་ཡིན་གྱི་ཐམས་ཅད་ལ་མ་ཡིན་པ་དེ་དང་འདྲ་བར་ཡོན་ཏན་གཞན་སྒྲུབ་པར་བྱེད་པ་དག་ཀྱང་ཡོད་པར་འགྱུར་རོ། །སྒྲུབ་པ་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་དངོས་པོ་གྲུབ་པར་བྱེད་པ་ཡིན་ཏེ། སྒྲུབ་པར་བྱེད་པའི་སྒྲ་ནི་གྲུབ་པའི་ཚིག་ཡིན་ནོ། །རྒྱུ་དྲན་པ་ལ་སོགས་པའི་འབྲས་བུར་གྱུར་པའི་
ཡོན་ཏན་གཞན་དྲན་པ་ལ་སོགས་པ་དེ་དག་སྒྲུབ་པར་བྱེད་པ་སྟེ། གྲུབ་པ་དག་ཀྱང་སྐྱེས་བུ་འགའ་ཞིག་ལ་ཡོད་པར་འགྱུར་རོ། །ཇི་ལྟར་དེ་སྒྲུབ་པར་བྱེད་པའི་ཡང་དག་པའི་མན་ངག་སྐྱེས་བུ་འགའ་ཞིག་ལ་ཡོད་པ་དེ་ལྟར་ནན་ཏན་དུ་སྒྲུབ་པ་ལས། དྲན་པ་ལ་སོགས་པ་དག་ཀྱང་འགའ་ཞིག་
ལ་ཡོད་པར་འགལ་བ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དྲན་པ་ལ་སོགས་པ་དེ་དག་སྒྲུབ་པར་བྱེད་པ་ཡོད་པར་འགྱུར་ན། ཅིའི་ཕྱིར་མི་སྣང་ཞེ་ན་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པ་སྟེ་སྣང་དུ་ཟིན་ཀྱང་རྒྱུད་གཞན་ལ་བརྟེན་པའི་ཡིད་ཀྱི་ཡོན་ཏན་སྐྱེས་བུ་ཙམ་གྱིས་
Vol. 176 · folio 284a
མཐོང་བར་ནུས་པ་མ་ཡིན་ནོ། །གང་གི་ཕྱིར་ཡོད་དུ་ཟིན་ཀྱང་མཐོང་བར་མི་ནུས་པ་དེ་ཉིད་ཀྱི་ཕྱིར་རྒྱུད་གཞན་ལ་ཡོད་པ་ཡིད་ཀྱི་ཡོན་ཏན་མ་མཐོང་བ་ལས་བསྙོན་དུ་མེད་པ་སྟེ་སྤང་དུ་མེད་དོ། །གལ་ཏེ་སྐྱེས་བུ་རྣམས་ལ་ཡིད་ཀྱི་ཡོན་ཏན་ཐུན་མོང་མ་ཡིན་པ་སྐྱེ་བ་ན་གནོད་པ་ཅན་ཡོད་
དོ་ཞེ་ན། སྐྱེས་བུ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེས་བུ་རྣམས་ལ་ཡིད་ཀྱི་ཡོན་ཏན་སྐྱེ་བར་འདོད་པ་འགལ་བ་ཡོད་པ་མ་ཡིན་ན་གང་གིས་དེ་ལས་གཞན་པའི་ཡོན་ཏན་ཕུལ་དུ་བྱུང་བའི་ཡོན་ཏན་གང་ཞིག་མེད་པར་འགྱུར། གལ་ཏེ་སྐྱེས་བུ་ཉིད་ལ་སོགས་པའི་ཆོས་གནོད་པར་བྱེད་
པ་ཡིན་ཞེ་ན། དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུད་གཞན་ལ་ཡོད་པའི་གནོད་པར་བྱ་བ་ཡོན་ཏན་དེ་ནི་སྐྱེས་བུ་ཙམ་གྱིས་མ་མཐོང་བས། སྐྱེས་བུ་ཉིད་ལ་སོགས་པའི་ཆོས་དང་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་ངོ་བོ་མ་གྲུབ་པའི་ཕྱིར་རོ། །གནོད་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་དོར་བར་བྱ་བ་
མ་ཡིན་ནོ། །བཤད་མ་ཐག་པ་འདིས་ནི་དོན་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་འགོག་པ་དང་། སོགས་པ་སྨོས་པས་འདོད་ཆགས་དང་བྲལ་བ་ལ་སོགས་པའི་ལན་ངེས་པར་བརྗོད་ཅིང་ལན་བཏབ་པ་ཡིན་ཏེ། དཔེར་ན་སྨྲ་བ་ཉིད་ལ་སོགས་པའི་རྟགས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ལ་
སོགས་པ་དག་སྤོང་བ་མ་ཡིན་པ་ལྟ་བུའོ། །འདོད་ཆགས་དང་བྲལ་བ་ལ་སོགས་པ་སྤོང་བ་དེ་ལ་ཡང་སྐྱེས་བུས་དེ་ལྟ་བུར་གྱུར་པ་འདོད་ཆགས་དང་བྲལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་སྟེ། མི་འགྱུར་བར་རོ་ཞེས་བྱ་བར་རིགས་པ་སྟེ་ཚུལ་ཡིན་ནོ། །སྐྱེས་བུ་ཇི་ལྟ་བུར་
གྱུར་པ་ཞིག་ཅེ་ན། དེ་སྒྲུབ་པར་བྱེད་པའི་ཡང་དག་པའི་མན་ངག་མེད་པ་འདི་ཅི་འདྲ་བ་སྟེ། གང་དེ་ལ་སྒྲུབ་པར་བྱེད་པའི་ཡང་དག་པའི་མན་ངག་འདོད་ཆགས་དང་བྲལ་བ་ལ་སོགས་པ་སྒྲུབ་པར་བྱེད་པའི་མན་ངག་མེད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འདོད་ཆགས་དང་བྲལ་བ་ལ་སོགས་པ་
སྒྲུབ་པར་བྱེད་པའི་ཐབས་དང་བྲལ་བ་གང་ཡིན་པ་དེ་འདོད་ཆགས་དང་བྲལ་བར་མི་འགྱུར་རོ་ཞེས་བྱ་བ་དེ་ལྟར་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པར་བྱེད་པ་མ་མཐོང་བ་ཅན་དེའི་རང་བཞིན་ཅན་ལ་མ་ཡིན་ནོ་ཞེས་བྱ་བར་ཡང་མ་ཡིན་པ་སྟེ། གང་ལས་འདོད་ཆགས་དང་བྲལ་བ་ལ་
Vol. 176 · folio 284b
སོགས་པའི་རྟགས་ཤེས་པར་བྱེད་པ་མ་མཐོང་བ་དེ་ནི་ཤེས་པར་བྱེད་པ་མ་མཐོང་བ་ཙམ་གྱིས་དེའི་རང་བཞིན་ཅན་མ་ཡིན་ན། འདོད་ཆགས་དང་བྲལ་བ་ལ་སོགས་པའི་ཡོན་ཏན་དང་མི་ལྡན་པའི་རང་བཞིན་ཅན་དུ་འགྱུར་རོ་ཞེས་བྱ་བ་ཡང་བརྗོད་པར་རིགས་པ་མ་ཡིན་ཏེ། ཤེས་པར་བྱེད་པ་མི་དམིགས་པ་
ཙམ་གྱིས་ཤེས་པར་བྱ་བ་མེད་པ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དོན་འགའ་ཞིག་ཡོད་དུ་ཟིན་ཀྱང་རྟགས་སུ་གྱུར་པའི་འབྲས་བུ་རྩོམ་པ་མེད་པའི་ཕྱིར་རོ། །བསམ་པ་ཞེས་བྱ་བ་དབང་པོ་ལས་འདས་པའི་དོན་རྣམས་ཀྱི་འབྲས་བུ་ཡིན་པ་དེ་ལྟ་ན་ཡང་རང་བཞིན་གྱིས་བསྐལ་པ་འདི་རྣམས་ཀྱི་
འབྲས་བུ་འདི་ཡིན་ནོ་ཞེས་མཐོང་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་སྔགས་བྱེད་པའི་བསྒྲུབ་པར་བྱ་བ་དང་བྲལ་བ་ནི་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་ཐམས་ཅད་ལ་ཞེས་དེ་ལྟར་ངེས་པ་ཅན་དུ་ནུས་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །གང་གི་ཕྱིར་དེ་ཡིན་པ་དེ་བས་ན་འདོན་པར་བྱེད་པ་ནི་འདོན་པར་བྱེད་པ་
གཞན་སྔོན་དུ་སོང་བ་ཅན་ཡིན་ནོ་ཞེས་བསྒྲུབ་པར་བྱ་བ་ལ། འདོན་པར་བྱེད་པའི་ཕྱིར་ཞེས་བྱ་བའི་རྟགས་ནི་འཁྲུལ་པ་ཡིན་ཏེ། སྐྱེས་བུས་བྱས་པ་བྷ་ར་ཏ་འདོན་པར་བྱེད་པ་ཡང་འདོན་པར་བྱེད་པ་ཉིད་ཡོད་པའི་ཕྱིར་རོ། །རིག་བྱེད་ཀྱི་ཁྱད་པར་དུ་བྱས་པའི་ཕྱིར་སྐྱོན་མེད་པ་ཡིན་ཏེ། གཞན་གྱིས་བསམ་
པ་ནི་འདོན་པར་བྱེད་པ་ཙམ་ནི་རྟགས་མ་ཡིན་ན་གང་གིས་ན་དེ་ལྟར་འགྱུར། འོན་ཀྱང་རིག་བྱེད་ཁྱད་པར་ཅན་འདོན་པར་བྱེད་པ་ནི་འདོན་པར་བྱེད་ལ་གཞན་སྔོན་དུ་སོང་བ་ཅན་བསྒྲུབ་པར་བྱ་བ་ཡིན་ཞིང་། དེ་ལ་རིག་བྱེད་འདོན་པར་བྱེད་པ་ཡིན་པའི་ཕྱིར་ཞེས་བྱ་བ་གཏན་ཚིགས་ཁྱད་པར་ཅན་དང་བཅས་པ་ནི་མི་
མཐུན་པའི་ཕྱོགས་ལ་འཇུག་པ་མ་ཡིན་ནོ། །རིག་བྱེད་འདོན་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའི་ཡིན་ཏེ། རིག་བྱེད་འདོན་པར་བྱེད་པ་ལ་ཕུལ་དུ་བྱུང་བ་ཡང་ཅི་ཞིག་ཡོད་ན་གང་གིས་རིག་བྱེད་འདོན་པར་བྱེད་པ་རྣམས་གཞན་གྱིས་ཞེས་བྱ་བ་བདག་གིས་སྦྱར་ནས་འདོན་པར་མི་
བྱེད་པ་ཡིན་ན་ཕུལ་དུ་བྱུང་བ་ཉིད་དུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་རིག་བྱེད་འདོན་པར་བྱེད་པར་འགྱུར་བ་དང་། འདོན་པར་བྱེད་པ་གཞན་སྔོན་དུ་སོང་བ་ཅན་མ་ཡིན་པ་ཞེས་བྱ་བ་འགལ་བ་མེད་པའི་ཕྱིར་དེ་ཉིད་འཁྲུལ་པ་ཡིན་ནོ། །འདི་ལྟར་མི་མཐུན་པའི་ཕྱོགས་ཏེ་འདོན་པར་བྱེད་པ་
Vol. 176 · folio 285a
གཞན་སྔོན་དུ་སོང་བ་ཅན་མ་ཡིན་པ་དང་ལྷན་ཅིག་བྱེད་ཀྱི་ཁྱད་པར་འགལ་བ་མེད་པ་མི་མཐུན་པའི་ཕྱོགས་འདི་ལས་གཏན་ཚིགས་ལྡོག་པར་བྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རིག་བྱེད་ཉིད་དང་འདོན་པ་གཞན་སྔོན་དུ་སོང་བ་ཅན་མ་ཡིན་པ་འགལ་བ་མེད་པ་དག་ནི། རིག་བྱེད་ཀྱི་
ངག་གཅིག་ལ་སྲིད་པའི་ཕྱིར་རིག་བྱེད་འདོན་པར་འགྱུར་བ་ཡང་ཡིན་ལ། འདོན་པར་བྱེད་པ་གཞན་སྔོན་དུ་སོང་བ་ཅན་མ་ཡིན་པ་ཞེས་བྱ་བ་འདི་ལ་འགལ་བ་ཅི་ཞིག་ཡོད། སྐྱེས་བུ་ད་ལྟར་བ་རྣམས་འདོན་པར་བྱེད་པའི་ཕྱིར་ཏེ། འདོན་པར་བྱེད་པ་གཞན་སྔོན་དུ་སོང་བ་ཅན་ཉིད་ཀྱི་སྒོ་ནས་འདོན་
པར་བྱེད་པའི་ཕྱིར་རོ། །གཞན་གྱིས་བསྟན་པ་མེད་པར་འདོན་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ལན་ནི་བྷ་ར་ཏ་འདོན་པར་བྱེད་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་ཏེ། དེ་ཡང་ད་ལྟར་བདག་གཞན་གྱིས་བསྟན་པའི་སྒོ་ནས་འདོན་པར་བྱེད་པའི་ཕྱིར་དེ་ཡང་དང་པོ་ཉིད་དུ་མངོན་
པར་འདོད་པའི་འདོན་པ་བྱེད་པ་གཞན་སྔོན་དུ་སོང་བ་ཅན་ཡིན་པས་ན་རིག་བྱེད་དང་འདྲ་བར་སྐྱེས་བུས་མ་བྱས་པ་ཡིན་པར་འགྱུར་རོ་ཞེས་བཤད་ཟིན་ཏོ། །གལ་ཏེ་རིག་བྱེད་འདོན་པར་བྱེད་པ་ཡིན་ན་ནི་རིག་བྱེད་འདོན་པར་བྱེད་པ་སྔོན་དུ་སོང་བ་ཅན་ཡིན་ཏེ། བྱེད་པ་པོ་མ་མཐོང་བའི་ཕྱིར་རོ་ཞེ་ན། འདི་
ཡང་སྤངས་ཟིན་པ་སྟེ། བྱེད་པའི་ཡང་དག་པའི་མན་ངག་རྒྱུན་ཆད་པ་ཅན་གྱིས་བྱས་པ་ཡང་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་གོང་དུ་གསལ་བ་ཡིན་ནོ། །གལ་ཏེ་དེ་ལྟར་རིག་བྱེད་ཀྱི་བྱེད་པ་པོ་མ་མཐོང་བ་དེ་ལྟར་སྔོན་ཡང་མེད་པ་ཡིན་ནོ་ཞེས་ངེས་པར་ནུས་པ་མ་ཡིན་ཏེ། གང་གི་ཕྱིར་མ་མཐོང་བ་
ཙམ་མེད་པ་གོ་བར་བྱེད་པ་ཉིད་ཀྱི་ཕྱིར། རིག་བྱེད་འདོན་པར་བྱེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་འཁྲུལ་པ་ཁོ་ན་ཡིན་ནོ། །དེ་བས་ན་རིག་བྱེད་ཀྱི་ཁྱད་པར་འདོན་པར་བྱེད་པའི་གཏན་ཚིགས་ཕུལ་དུ་བྱུང་བ་ལ་བརྟེན་པར་མི་འགྱུར་བ་སྟེ། མི་འགྱུར་བའི་ཕྱོགས་དང་འགལ་བ་མེད་
པས་ཁྱད་པར་ཅན་དུ་བྱེད་པར་འགྱུར་བ་མ་ཡིན་ཞིང་མི་མཐུན་པའི་ཕྱོགས་ལས་མ་ལོག་པའི་ཕྱིར་ཁྱད་པར་བཟུང་དུ་ཟིན་ཀྱང་མ་བཟུང་བ་དང་མཚུངས་པ་ཡིན་ནོ། །གང་གི་ཕྱིར་ཁྱད་པར་མ་བཟུང་བ་དང་མཚུངས་པ་ཡིན་པ་དེའི་ཕྱིར། གང་ཅུང་ཟད་རིག་བྱེད་འདོན་པར་བྱེད་པ་དེ་དག་ཐམས་ཅད་ནི་
Vol. 176 · folio 285b
རིག་བྱེད་འདོན་པ་གཞན་སྔོན་དུ་སོང་བ་ཅན་ཡིན་ནོ་ཞེས་བྱ་བ་ལ། རིག་བྱེད་ཀྱིས་ཁྱད་པར་དུ་བྱས་པ་གཏན་ཚིགས་ཡིན་དུ་ཟིན་ཀྱང་ཁྱབ་པར་མ་གྲུབ་པ་ཡིན་ཏེ། བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་མེད་པས་རིག་བྱེད་འདོན་པར་བྱེད་པ་ཐམས་ཅད་དེ་ལྟ་བུའི་ངོ་བོར་མ་གྲུབ་པའི་ཕྱིར་ཏེ། འདོན་པར་བྱེད་
པ་སྔོན་དུ་སོང་བ་ཅན་ཉིད་མ་གྲུབ་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཅན་ཏེ་འདོན་པར་བྱེད་པ་གཞན་གྱི་རྒྱུ་མཚན་ཅན་བདག་ཉིད་འདོན་པར་བྱེད་པར་ནུས་པ་མེད་པ་ཅི་འདྲ་བ་མཐོང་བ་དེ་ནི་དེ་ལྟར་ཞེས་བྱ་བ་འདོན་པར་བྱེད་པ་གཞན་སྔོན་དུ་སོང་བ་ཅན་ཁོ་ན་ཞེས་བྱ་བར་འགྱུར་རོ། །བདག་ཉིད་འདོན་
པར་བྱེད་པར་ནུས་པ་མེད་པར་འདོན་པར་བྱེད་པ་གང་ཡིན་པ་དེའི་ཁྱད་པར་མཐོང་བ་སྟེ། གླེན་པ་ལ་སོགས་པའི་མཚན་ཉིད་ཅན་དེ་དོར་བར་ཞེས་པ་གླེན་པ་ལ་སོགས་པའི་རྒྱུ་མཚན་འདོན་པར་བྱེད་པ་ཇི་ལྟར་ཡོངས་སུ་མཐོང་བའི་ཁྱད་པར་ཅན་དེ་དོར་ཞིང་དེའི་རྒྱུ་མཚན་གཞན་སྔོན་
འདོན་པའི་རྒྱུ་མཚན་ཉིད་ཀྱིས་རིག་བྱེད་འདོན་པར་བྱེད་པ་ཉིད་ཀྱི་སྤྱི་སྨོས་པ་ནི་ནུས་པ་དང་མི་ནུས་པ་ཐམས་ཅད་རིག་བྱེད་འདོན་པ་ནི་འདོན་པར་བྱེད་པ་གཞན་སྔོན་དུ་སོང་བ་ཅན་ཡིན་ཏེ། རིག་བྱེད་པ་ཉིད་དུ་མཚུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་འཁྲུལ་པ་ཉིད་ཡིན་ནོ། །བསྲེག་ཟ་སྒྲུབ་པ་སྟེ་མེ་གྲུབ་
པ་ལས་རྫས་སྔོན་པོ་དང་འདྲའོ། །མེ་བསྒྲུབ་པར་བྱ་བ་ལ་དུ་བ་སྔོན་པོའི་ཁྱད་པར་མཐོང་བ་གང་ཡིན་པ་དེ་དོར་ཞིང་རྫས་སྔོན་པོའི་སྤྱི་རྗོད་པར་བྱེད་པ་ན། ཅི་ལྟར་མེ་ལ་འཁྲུལ་པ་ཡིན་པ་དེ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །བཤད་མ་ཐག་པའི་འཁྲུལ་པ་ཉིད་དུ་བསྟན་པ་འདིས་ན་ཚིག་ལ་
སོགས་པ་སྟེ། སོགས་པའི་སྒྲས་ནི་སྐྱེས་བུ་ཉིད་དང་ལག་པ་ལ་སོགས་པ་དང་ལྡན་པ་ལ་སོགས་པའི་གཏན་ཚིགས་ཇི་ལྟར་འཁྲུལ་པ་ཡིན་པ་བཞིན་དུ་ལན་བཏབ་པ་ཡིན་ནོ། །བསྒྲུབ་པར་བྱ་བ་གང་ལ་ཞེ་ན། འདོད་ཆགས་ལ་སོགས་པ་སྒྲུབ་པར་བྱེད་པ་ལ་སྟེ། འདོད་ཆགས་དང་ཞེ་སྡང་ལ་
སོགས་པ་དེ་དག་ལ་འདོད་ཆགས་པ་ལས་བྱུང་བའི་ཚིག་གི་ཁྱད་པར་ཅི་འདྲ་བ་མཐོང་བ་དེ་དོར་ཞིང་། རྗོད་པར་བྱེད་པ་ཉིད་ཀྱི་སྤྱི་བརྗོད་པ་ནི་འཁྲུལ་པ་ཡིན་པའི་ཕྱིར་རོ། །རིག་བྱེད་འདོན་པར་བྱེད་པ་འདི་འདོན་པར་བྱེད་པ་སྔོན་དུ་སོང་བ་ཅན་སྒྲུབ་པར་བྱེད་པ་ཡིན་པ་ཡང་བླ་སྟེ། ཁོ་བོ་ཅག་
Vol. 176 · folio 286a
ཤིན་ཏུ་ཞེན་པས་ཅི་ཞིག་བྱ། འོན་ཀྱང་དེ་ལྟར་བྱས་ནས་ཀྱང་རིག་བྱེད་ནི། རྣམ་ཀུན་ཐོག་མེད་གྲུབ་འགྱུར་ཏེ། །ཐོག་མ་སྤངས་པ་ཉིད་ཙམ་གྲུབ་པའི་ཕྱིར་རོ། །ད་ལྟར་སྐྱེས་མིན་རྟེན་ཅན་མིན་ཏེ། སྐྱེས་བུས་མ་བྱས་པ་ཉིད་དུ་ཡང་གྲུབ་པར་མི་འགྱུར་རོ། །ཅི་སྟེ་ཐོག་མ་མེད་པ་ཉིད་ཡིན་པ་
དེའི་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་དུ་འདོན་ན་དེའི་ཚེ། ཐོག་མ་མེད་པ་ནས་འཇུག་པ་ཉིད་ཡིན་པ་དེའི་ཕྱིར། འཇིག་རྟེན་གྱི་ཐ་སྙད་གཞན་ཡང་མི་མིན་རྟེན་ཅན་དུ་འགྱུར་ཏེ། སྐྱེས་བུས་མ་བྱས་པ་ཉིད་དུ་འགྱུར་རོ། །སྐྱེས་བུ་བདག་ཉིད་ཀྱིས་བརྟགས་པ་སྟེ་ཉེ་བར་བརྟགས་ནས་འདོན་པར་བྱེད་པའམ། གཞན་སློབ་
དཔོན་ལས་འདོན་པར་བྱེད་པ་ན། བྱེད་པའི་བྱ་བ་མེད་པ་ཅན་གྱི་སྐྱེས་བུ་དེ་དག་གི་སྒྲ་རང་ཉིད་སྒྲོགས་པར་བྱེད་པ་སྟེ། རང་གི་ངོ་བོ་གསལ་བར་བྱེད་པ་མ་ཡིན་ནོ། །དེ་བས་ན་སྐྱེས་བུའི་བྱ་བའི་སྒོ་ནས་རིག་བྱེད་ཀྱི་སྒྲ་དེ་དག་སྒྲོགས་པའི་ཕྱིར། དེ་ལས་གཞན་པའི་ངག་དང་འདྲ་བར་སྐྱེས་བུས་བྱས་པ་ཉིད་དུ་འགྱུར་རོ། །
བདག་ཉིད་སྒྲོགས་པར་བྱེད་པ་གང་གིས་སྐྱེས་བུས་མ་བྱས་པ་ཉིད་དུ་འགྱུར་ཏེ། གལ་ཏེ་དེ་དག་རང་ཉིད་སྒྲོགས་པར་བྱེད་པར་འགྱུར་བ་དེའི་ཚེ། སྐྱེས་བུས་མ་བྱས་པ་ཉིད་དུ་འགྱུར་ན་དེ་ཡང་ཡོད་པ་མ་ཡིན་ནོ། །སྐྱེས་བུས་མ་བྱས་པ་ཉིད་ཡིན་པར་ཡང་འགྱུར་ཏེ། གལ་ཏེ་སྐྱེས་བུ་དག་ལས་སྔར་ཡོད་པ་ཉིད་དུ་
རིག་བྱེད་གྲུབ་པར་འགྱུར་ན་རིག་བྱེད་སྐྱེས་བུས་མ་བྱས་པར་འགྲུབ་པར་འགྱུར་མོད་ཀྱི། འོན་ཀྱང་སྐྱེས་བུ་དག་ལས་སྔར་གནས་པ་ཉིད་དུ་རིག་བྱེད་དེ་ཉིད་མ་གྲུབ་པ་ཡིན་ནོ། །སྐྱེས་བུ་རྣམས་ལ་ཐོག་མ་ཉིད་ཡོད་ལ། རིག་བྱེད་ཐོག་མ་དང་ལྡན་པ་ཉིད་མ་ཡིན་ན་དེ་གྲུབ་པར་འགྱུར་རོ། །འདོན་པར་བྱེད་པ་ཐོག་མ་མེད་
པ་ཅན་དེ་ཡང་འདོན་པར་བྱེད་པ་གཞན་སྔོན་དུ་སོང་བ་ཅན་ཉིད་དུ་བསྒྲུབ་པ་ན། སྐྱེས་བུ་རྣམས་ཐོག་མ་ཅན་ཉིད་ཡིན་པ་དེའི་ཚེ་ཡང་། དང་པོའི་སྐྱེས་བུ་འདོན་པར་བྱེད་པ་གཞན་སྔོན་དུ་སོང་བ་ཅན་ཏེ། འདོན་པར་བྱེད་པ་གཞན་སྔོན་དུ་སོང་བ་ཅན་དུ་མི་འགྲུབ་པོ། །ཅིའི་ཕྱིར་ཞེ་ན། འདོན་པ་པོ་གཞན་མེད་
པའི་ཕྱིར་རོ། །དེའི་དང་པོའི་འདོན་པར་བྱེད་པ་སྟེ། རིག་བྱེད་དེའི་དང་པོའི་འདོན་པར་བྱེད་པ་པོ་བདག་ཉིད་ཀྱིས་བརྟགས་ནས་རིག་བྱེད་འདོན་པར་བྱེད་པའི་ཕྱིར་རིག་བྱེད་ཀྱི་བྱེད་པ་པོར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་དེའི་ཕྱིར་རིག་བྱེད་འདོན་པར་བྱེད་པའི་མཚན་ཉིད་ཅན་འདི་ནི་གཅིག་གི་ཐ་དད་ལས་འདོན་
Vol. 176 · folio 286b
པར་བྱས་ནས་གཞན་འདོན་པར་བྱེད་པ་དེ་ལྟར་ན་སྔ་མ་སྔ་མ་མཐོང་བས་འཇུག་པ་ཡིན་པས་ན་སྐྱེས་བུའི་ཐ་སྙད་ཐོག་མ་མེད་པ་ཅན་དུ་འགྱུར་གྱི། སྐྱེས་བུས་མ་བྱས་པ་ཉིད་ནི་མ་ཡིན་ནོ། །ཅི་དང་འདྲ་བ་ཞེ་ན། བྱིས་པས་རྡུལ་གྱི་རྩེད་མོ་དང་འདྲ་བར་ཏེ། བྱིས་པ་དེ་དག་གིས་རྡུལ་གྱི་རྩེད་མོ་ཇི་ལྟར་སྔ་མས་
མཐོང་བ་འཇུག་པ་ཉིད་ཀྱི་ཕྱིར། སྐྱེས་བུའི་ཐ་སྙད་ཐོག་མ་མེད་པ་ཅན་ཡིན་པ་དེ་དང་འདྲའོ། །སོགས་པའི་སྒྲས་ནི་ཟས་ལ་སོགས་པ་གཟུང་ངོ་། །གལ་ཏེ་རིག་བྱེད་ནི་ཐོག་མ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་ཡིན་ནོ་ཞེ་ན། ཐོག་མ་མེད་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། ཐོག་མ་མེད་པ་ཉིད་ཀྱི་ཕྱིར་རིག་བྱེད་ནི་སྐྱེས་བུས་མ་བྱས་པ་ཉིད་དུ་ཁས་ལེན་ན། ད་ནི་རིག་བྱེད་ལས་གཞན་པ་ཤིན་ཏུ་མང་པོ་སྐྱེས་བུས་མ་བྱས་པ་ཉིད་ཐོབ་སྟེ་ཐོག་མ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ཉིད་ནི་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར། ཀླ་ཀློ་ལ་སོགས་ཐ་སྙད་དང་སྟེ། རང་གི་རིགས་ཀྱི་
རིམ་པ་ལས་འོངས་པ་མ་བག་མར་ལེན་པ་ལ་སོགས་པའི་མཚན་ཉིད་ཅན་དག་ནི་ཐོག་མ་མེད་པ་ཉིད་ཀྱི་ཕྱིར་རིག་བྱེད་དང་འདྲ་བར་སྐྱེས་བུས་མ་བྱས་པ་ཉིད་དུ་འགྱུར་རོ། །སོགས་པའི་སྒྲས་ནི་ཐོག་མ་མེད་པའི་འཕགས་པའི་ཐ་སྙད་གཞན་ཡང་གཟུང་ངོ་། །དེ་བཞིན་དུ་མེད་པར་སྨྲ་བའི་ཚིག་རྣམས་ནི་སྟེ། ཆོས་དང་
ཆོས་མ་ཡིན་པ་དང་འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་སྐུར་པ་འདེབས་པར་འཇུག་པ་རྣམས་ཐོག་མེད་ཕྱིར་ན་དེ་བཞིན་འགྱུར་ཏེ། སྐྱེས་བུས་མ་བྱས་པ་ཉིད་དུ་འགྱུར་རོ། །གལ་ཏེ་དེ་དག་གི་ཐོག་མ་ཉིད་ཇི་ལྟར་ཡིན་ཞེ་ན། སྔོན་ལེགས་བྱས་པའི་རྒྱུན་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་དུ་བྱས་པའི་དབང་
གིས་རྒྱུན་གྱིས་འཇུག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཀླ་ཀློ་ཐ་སྙད་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཀླ་ཀློའི་ཐ་སྙད་ཀྱང་ཐོག་མ་མེད་པ་ཅན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་དག་ཀྱང་གང་ཞེ་ན། མ་བག་མར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕ་ཤི་ནས་བུ་ཕོས་མ་བག་མར་བླང་བར་བྱའོ་ཞེས་
བྱ་བ་ནི་ཀླ་ཀློ་ལ་ལ་དག་གི་ཐ་སྙད་ཡིན་ནོ། །སོགས་པའི་སྒྲས་ནི་འཁོར་བ་ལས་ཐར་བར་བྱས་པའི་ཕྱིར་རྒན་རབས་གསད་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་ཐ་སྙད་གཟུང་ངོ་། །འདི་ཙམ་གྱིས་ནི་ཀླ་ཀློའི་ཐ་སྙད་རྣམ་པར་བཤད་པ་ཡིན་ནོ། །སོགས་པའི་སྒྲས་གཟུང་བ་གཞན་ནི་འདོད་པའི་དགའ་སྟོན་ཞེས་བྱ་བ་
Vol. 176 · folio 287a
ལ་སོགས་པ་གསུངས་ཏེ། འདོད་པས་ཉེ་བར་མཚོན་པའི་ཚེས་བཅུ་གསུམ་གྱི་དུས་སྟོན་ནི་འདོད་པའི་དགའ་སྟོན་ནོ། །འདིར་ཡང་སོགས་པའི་སྒྲས་ནི་བུ་ལ་སོགས་པའི་བཙའ་སྟོན་པ་ལ་སོགས་པ་ཡང་ཐོག་མ་མེད་པ་ཅན་ཡིན་ནོ། །མེད་པར་སྨྲ་བ་དག་སྟེ། འཇིག་རྟེན་རྒྱང་འཕེན་པ་དག་གི་ཚིག་
ཀྱང་སྦྱར་རོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། སྔ་ན་མེད་པ་དང་འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་སྐུར་པར་བྱེད་པ་དག་སྟེ། ཆོས་དང་ཆོས་མ་ཡིན་པ་སྔ་ན་མེད་པ་དང་། འཇིག་རྟེན་ཕ་རོལ་ལ་སྐུར་བར་བྱེད་ཅིང་སྤོང་བར་བྱེད་པ་དེ་དག་ཀྱང་ཐོག་མ་ཅན་ཡིན་ནོ་ཞེས་བརྟགས་པར་བསྒྱུར་ནས་སྦྱར་རོ། །ཇི་ལྟར་ན་ཀླ་ཀློའི་ཐ་སྙད་ལ་
སོགས་པ་གཞན་དག་ཀྱང་ཐོག་མ་མེད་པ་ཉིད་ཅན་ཡིན་ཞེ་ན། དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་སྙད་དེ་དག་དང་མེད་པར་སྨྲ་བ་དེ་དག་ཅེས་བྱ་བ་མ་ནིང་དང་མ་ནིང་མ་ཡིན་པ་ལས། ལུས་པ་གཅིག་གི་ཚིག་ཅན་དུ་འགྱུར་བའམ་འབྱུང་བ་ཡིན་ནོ། །དེ་བས་ན་དོན་ནི་ཀླ་ཀློའི་ཐ་སྙད་དང་མེད་པར་སྨྲ་བའི་ཚིག་
དེ་དག་ནི་སྔོན་འབྱུང་བ་ཅན་གྱི་སྐྱེས་བུ་གཞན་རྣམས་ཀྱི་ལེགས་པར་མ་བསྒོས་པ་སྟེ། བློ་མ་སྦྱངས་པ་ཅན་ད་ལྟར་བ་དག་འཇུག་པར་མི་འགྱུར་གྱི། འོན་ཀྱང་བློ་མ་སྦྱངས་པ་ཅན་དུ་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །དེ་དག་ཀྱང་གཞན་དག་གིས་ཡིན་ལ་དེ་དག་ཀྱང་གཞན་དག་གིས་ཡིན་པའི་ཕྱིར་ཐོག་མ་མེད་པ་
ཉིད་དུ་འགྲུབ་པོ། །སྔ་ན་མེད་པའི་སྙན་དངགས་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་གཞན་གྱིས་བྱས་པའི་ལེགས་པར་བྱས་པ་ཁོ་ན་འཇུག་ཅིང་། དེས་བྱས་པའི་ཐ་སྙད་ཀྱང་ཐོག་མ་མེད་པ་ཅན་ཡིན་ནོ་ཞེས་བསྟན་པའི་ཕྱིར་བདག་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་བདག་ཉིད་ཀྱི་སྤོབས་པ་སྟེ་གང་དག་
གིས་རང་ཉིད་ཀྱི་བློས་བཀོད་པའི་སྙན་དངགས་ལ་སོགས་པའི་མཚན་ཉིད་ཅན་གྱི་ཐ་སྙད་བརྡར་བྱེད་པའི་སྐྱེས་བུ་དེ་དག་ཀྱང་གཞན་ལས་མདོར་བསྡུས་པ་དང་རྒྱས་པ་ལྟར་ཐོས་པ་དེ་ལ་རྣམ་པར་རྟོག་པ་གང་ཡིན་པ་དེ་དག་གིས་བསྡུས་པ་ན་སྦྱར་བ་སྟེ། སྡེ་ཚན་དུ་བྱས་ཞེས་བྱ་བའི་དོན་ཏོ། །རྣམ་པ་དེ་ཉིད་ཀྱིས་གཞུང་
ལ་སོགས་པ་འཇུག་པའི་རྒྱུའི་ཕྱིར་རོ། །བདག་ཉིད་ཀྱི་སྤོབས་པས་གཞུང་བརྩམས་སུ་ཟིན་ཀྱང་དངོས་སུ་གཞན་སྔོན་དུ་སོང་བ་ཅན་ཉིད་ཡིན་ནོ། །གལ་ཏེ་འོ་ན་ཇི་ལྟར་ན་དེ་དག་གཞན་སྔོན་དུ་སོང་བ་ཅན་མ་ཡིན་པ་ཉིད་དུ་བསྟན་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙན་དངགས་ལ་སོགས་པ་དེ་
Vol. 176 · folio 287b
ནི་གཞན་སྔོན་དུ་སོང་བ་ཅན་མ་ཡིན་ནོ་ཞེས་བརྗོད་དོ་ཞེས་བྱ་བ་འདི་དང་སྦྱར་རོ། །གཞན་སྔོན་དུ་སོང་བ་ཅན་མ་ཡིན་གྱི། འོན་ཀྱང་ལྷ་སྦྱིན་ལ་སོགས་པ་འདི་ཉིད་ཀྱིས་བྱས་པ་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། སྟོན་པ་འགའ་ཞིག་ལས་དོན་གྱི་རྣམ་པ་ཅུང་ཟད་འོངས་པའི་ཕྱིར་དེ་སྟོན་པར་བྱེད་པ་གཅིག་ནི་རྒྱུན་
གྱིས་མེད་པའི་ཕྱིར་རོ། །རེ་ཞིག་ཇི་སྐད་དུ་བཤད་པའི་རྣམ་པས་བདག་ཉིད་ཀྱི་སྤོབས་པས་བཀོད་པའི་གཞུང་ཡང་དོན་དམ་པར་གཞན་སྔོན་དུ་སོང་བ་ཅན་ཁོ་ན་ཡིན་ན། ཕལ་ཆེར་ཇི་ལྟར་མཐོང་བ་བཞིན་དུ་འཇུག་པ་ཅན་ཏེ། གང་དག་ལ་གཞན་དག་ལས་ཇི་ལྟར་མཐོང་བ་བཞིན་དུ་འཇུག་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །
ཡང་དག་པ་དང་ལོག་པར་འཇུག་པ་ཅན་དག་སྟེ། འཇིག་རྟེན་གྱི་ཐ་སྙད་གང་དག་ལ་ཡང་དག་པར་ལོག་པར་འཇུག་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཡང་དག་པར་འཇུག་པ་ཅན་ནི་མཆོད་པར་བྱ་བ་ལ་མཆོད་པ་ལ་སོགས་པའོ། །ལོག་པར་འཇུག་པ་ཅན་ནི་འདོད་པ་དང་ཉེ་བར་ལྡན་པ་ལ་སོགས་
པ་དག་སྟེ། དེ་དག་ནི་གསལ་བ་ཁོ་ནར་གཞན་སྔོན་དུ་སོང་བ་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལ་འཁྲུལ་པར་དོགས་པ་ནི་ཐོག་མ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཐོག་མའི་རྟོག་པ་ནི་དང་པོའི་རྟོག་པ་དག་སྟེ། དེ་རྣམས་ལ་མཐོང་བ་མེད་པར་ཐ་སྙད་རྣམས་ལས་ཕྱིས་འཇུག་པར་འདོད་པ་
མ་ཡིན་ནམ། དེ་དག་གི་སྔ་མ་རྣམས་ལས་ཐ་སྙད་དམིགས་པ་མ་ཡིན་ཏེ། དེ་དག་ཉིད་ཐོག་མ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །ལེགས་པར་བྱས་པ་གཞན་གྱིས་བསྒོམས་པས་ཏེ། སྔོན་གྱི་སྐྱེ་བའི་རྒྱུན་རྣམས་སྔར་མཐོང་བའི་ཐ་སྙད་ཀྱིས་
བག་ཆགས་སུ་བསྒོས་པའི་དང་པོར་བརྟགས་པའི་སྐྱེས་བུ་དེ་དག་ཀྱང་རྐྱེན་ཇི་ལྟ་བ་བཞིན་ཏེ། ལྷན་ཅིག་བྱེད་པ་ཐག་ཉེ་བ་ཇི་ལྟ་བ་བཞིན་དུ་སད་ཅིང་འཇུག་པའི་ཕྱིར། དེ་དག་ཀྱང་གཞན་སྔོན་དུ་སོང་བ་ཅན་མ་ཡིན་པ་དག་མ་ཡིན་ནོ། །གལ་ཏེ་ཐོག་མ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་ཀླ་ཀློ་ལ་སོགས་པའི་ཐ་
སྙད་སྐྱེས་བུས་མ་བྱས་པ་ཉིད་དུ་འགྱུར་རོ་ཞེ་ན། ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་ཐམས་ཅད་གང་གི་ཚེ། རིག་བྱེད་དང་འདྲ་བར་སྐྱེས་བུས་མ་བྱས་པ་དེའི་ཚེ། ཐ་སྙད་ཐམས་ཅད་ཐོག་མ་མེད་པ་ཙམ་དེ་དང་འདྲ་བའི་སྐྱེས་བུས་མ་བྱས་པ་ཉིད་གྲུབ་ནའང་ཡོན་ཏན་ཅི་ཞིག་འགྱུར་ཏེ་ཅིར་ཡང་མི་རུང་ངོ་། །
Vol. 176 · folio 288a
དེ་ལྟར་ན་རྣམ་པ་གང་གིས་མི་སླུ་བའི་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་དུ་འདོད་ཀྱི་རིགས་ཀྱི་ཆོས་བསྲུང་བའི་ཕྱིར་ནི་མ་ཡིན་ན། གང་གིས་སྐྱེས་བུས་མ་བྱས་པ་དེ་ནི་སླུ་བར་བྱེད་པ་ལ་ལ་དག་ལ་སྟེ། འཇིག་རྟེན་གྱི་ཐ་སྙད་གང་དག་ལ་ཡོད་པས་སྐྱེས་བུས་མ་བྱས་པ་ཉིད་དེ། ཕྱིན་ཅི་མ་ལོག་པ་ཉིད་སྒྲུབ་པར་
བྱེད་པ་མ་ཡིན་པ་ནི་འཁྲུལ་པའི་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་ཀྱི་བརྟགས་པ་དེས་ཅི་ཞིག་བྱ། དེ་ལྟར་འཇིག་རྟེན་པ་དང་རིག་བྱེད་པའི་ངག་ཐོག་མ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་དུ་མཚུངས་པར་འགྱུར་བ་ཉིད་དུ་ཟིན་ཀྱང་། གལ་ཏེ་རིགས་པ་ལས་འདས་ནས་རིག་བྱེད་ཀྱི་ངག་སྐྱེས་བུས་མ་
བྱས་པ་ཉིད་དུ་འདོད་པ་དེའི་ཚེ། རིག་བྱེད་ཀྱི་ངག་དག་ཁོ་ན་སྐྱེས་བུས་མ་བྱས་པ་ཡིན་ན་ཡང་དེའི་བརྗོད་པར་བྱ་བའི་དོན་རྣམས་ལ་ཐེ་ཚོམ་དག་ཀྱང་ཡིན་ཏེ། སྐྱེས་བུས་མ་བྱས་པ་ཉིད་དུ་རྟོག་པ་ན་ཡང་ཐེ་ཚོམ་ཁོ་ནར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དོན་ནི་འདུས་བྱས་ཁྱད་པར་རྣམས་ཏེ། རིག་བྱེད་ཀྱི་དོན་
འཆད་པར་བྱེད་པའི་སློབ་དཔོན་དག་གི་རྟོག་པ་དག་གོ། །ཁྱད་པར་རྣམས་མཐོང་བའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་ཡང་དེའི་དོན་སྤོབས་པ་སྟེ། གལ་ཏེ་རིག་བྱེད་ཀྱི་ངག་གིས་འཇུག་པར་འདོད་པ་ཅན་གྱི་རིག་བྱེད་ཀྱི་ངག་གི་དོན་ལ་
དམིགས་པ་ཅན་གྱི་བློ་ལ་བདག་ཉིད་ཇི་ལྟ་བ་བཞིན་དུ་སོ་སོར་ངེས་པ་བསྐྱེད་པར་འགྱུར་བ་དེའི་ཚེ། ཕྱིན་ཅི་ལོག་པའི་དོན་སྲིད་པ་མེད་པའི་ཕྱིར་ཡིད་ཆེས་པར་འགྱུར་ཏེ། སྐྱེས་བུས་ཡིད་ཆེས་པ་རྙེད་པར་འགྱུར་ན། དེ་ནི་ཡོད་པར་མ་ཡིན་ཏེ། འདི་ཇི་ལྟར་འདོན་པ་བཞིན་དུ་སྒྲོ་འདོགས་པ་དང་སྐུར་པ་འདེབས་
པ་དག་གིས་ཏེ། དོན་ལ་ལྷག་པར་འཇོག་པ་དང་དོན་གཞན་ལ་བསྙོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །ངེས་བརྗོད་ཀྱི་བསྟན་བཅོས་ཀྱི་ཐ་སྙད་དུ་བྱེད་པ་ན་ངེས་བརྗོད་པའོ། །སོགས་པའི་སྒྲས་ནི་བརྡ་སྤྲོད་པ་ལ་སོགས་པ་གཟུང་ངོ་། །རིག་བྱེད་ཀྱི་ངག་རྣམས་ཐ་དད་པར་བྱེད་པ་སྟེ། དོན་སྣ་ཚོགས་སུ་བྱེད་པ་
མཐོང་ངོ་། །འཆད་པ་ཐ་དད་པས་བརྟགས་པའི་དོན་རིག་བྱེད་ཀྱི་ངག་རྣམས་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཡང་ལོག་པ་ཡིན་ཏེ། གང་གི་ཕྱིར་འཆད་པ་པོ་ཐ་དད་པས་ཉེ་བར་བྱས་པའི་ཕན་ཚུན་འགལ་བའི་དོན་དེ་རྣམས་ཀྱང་རིག་བྱེད་ཀྱི་ངག་དེ་དག་ལ་ནི་འཐད་པར་འགྱུར་བ་ཉིད་མ་ཡིན་ཏེ། སྲིད་པར་འགྱུར་
Vol. 176 · folio 288b
རོ་ཞེས་བྱ་བའི་དོན་ཏོ། །སྒྲ་དེ་དག་ནི་འཆད་པ་པོ་ཐ་དད་པས་ཉེ་བར་བརྟགས་པའི་དོན་ཐམས་ཅད་རྗོད་པར་བྱེད་པ་ནི་སྲིད་པའི་ཕྱིར་རོ། །རིགས་པ་དང་འགལ་བ་ལ་སོགས་པ་ཡང་དབང་པོ་ལས་འདས་པ་དག་ལ་མི་འཇུག་པའི་ཕྱིར་རོ། །དེ་བས་ན་རེ་ཞིག་རང་གི་དོན་དག་ལ་ཐེ་ཚོམ་ཟ་བའི་ཕྱིར་རིག་བྱེད་ཀྱི་ངག་
རྣམས་ལ་ཡིད་ཆེས་པ་ཉིད་མེད་དོ། །རིག་བྱེད་ཀྱི་ངག་རྣམས་ནི་བདག་ཉིད་དོན་དང་ལྡན་པ་མ་ཡིན་གྱི། འོན་ཀྱང་བརྡའི་དབང་གིས་ཡིན་ཏེ། གང་ཞིག་གང་ལ་འཇུག་པར་བྱེད་པ་དེ་ནི་དོན་དེས་དོན་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་ལ་འཇུག་པ་སྟེ་རྗོད་པར་བྱེད་པ་ཉིད་དང་འཇུག་པ་ནི་བརྡ་གཙོ་བོ་ཡིན་ཏེ།
བརྡ་ལ་རག་ལས་པའི་རྒྱུའི་ཕྱིར་རོ། །ངག་གཅིག་ལ་ཡང་བརྡ་ཇི་ལྟ་བ་བཞིན་དུ་དོན་གྱི་རྣམ་པར་རྟོག་པ་དུ་མ་སྲིད་པའི་ཕྱིར་ཐེ་ཚོམ་ཁོ་ན་ཡིན་ནོ། །རང་བཞིན་དང་རྐྱེན་གྱི་རྗེས་སུ་འབྲངས་ནས་རིག་བྱེད་ཀྱི་ངག་དག་བཤད་པའི་ཕྱིར་དེ་དག་ཀྱང་དོན་ངེས་པ་ཅན་ཉིད་ཡིན་པས་ན། རིག་བྱེད་ཀྱི་ངག་རྣམས་དོན་གྱི་
རྣམ་པར་རྟོག་པ་དུ་མ་སྲིད་པ་མ་ཡིན་ནོ་ཞེས་བྱ་བ་ཡང་ལོག་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་བཞིན་དང་རྐྱེན་རྣམས་ནི་དོན་དུ་མ་བརྗོད་པ་སྲིད་པའི་ཕྱིར་རོ། །རང་བཞིན་གཅིག་ནི་དོན་དུ་མ་དག་རྗེས་སུ་བརྗོད་པ་ཡིན་པ་དེ་བཞིན་དུ་རྐྱེན་དག་ཀྱང་ཡིན་པའི་ཕྱིར་དེའི་གནས་སྐབས་ཅན་ཁོ་ན་ཡིན་ཏེ། བསམ་པ་
ཇི་ལྟ་བ་བཞིན་དུ་བྱས་པ་ཐ་དད་པའི་ཕྱིར་ཐེ་ཚོམ་ཟ་བ་ཁོ་ན་ཡིན་ནོ། །དེ་ལྟར་ནི་འགྱུར་ན་གྲགས་པ་ལ་བརྟེན་ནས་རིག་བྱེད་ཀྱི་དོན་ངེས་པའི་ཕྱིར་སྒྲོ་འདོགས་པ་དང་སྐུར་པ་འདེབས་པ་དག་གིས་བཤད་པའི་ཁྱད་པར་གྱིས་དེའི་དོན་ཐེ་ཚོམ་ཟ་བ་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་སྙིང་པོ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་
ཞེ་ན། གྲགས་སུ་ཟིན་ཀྱང་གཅིག་ཉིད་དུ་བདག་ཉིད་དུ་ཁས་མི་ལེན་པ་སྟེ། ཁས་མ་བླངས་པའི་ཕྱིར་རོ། །འདི་ལྟར་མཐོ་རིས་དང་ལྷའི་བུ་མོ་ལ་སོགས་པའི་སྒྲ་འཇིག་རྟེན་པ་ལ་དོན་གཞན་ཉིད་དུ་གྲགས་ལ། དཔྱོད་པ་པ་རྣམས་ནི་དོན་གཞན་ཉིད་དུ་དོན་དང་ལྡན་པར་བརྗོད་མོད་ཀྱི། འོན་ཀྱང་མ་གྲགས་པའི་
སྒྲ་མང་བ་ཉིད་ཀྱི་ཕྱིར་རོ། །འཇིག་རྟེན་ལ་མ་གྲགས་པའི་སྒྲ་ཉིད་གང་དག་ཡིན་པ་དེ་དག་ཉིད་རིག་བྱེད་ལ་མང་དུ་མཐོང་བ་དེ་བས་ན་དེ་ལ་གྲགས་པའི་དབང་གིས་ངེས་པ་མ་ཡིན་ནོ། །དེ་ལ་དེའི་དོན་ཏེ། མ་གྲགས་པའི་སྒྲའི་དོན་ངེས་པར་བྱེད་པ་ལ་སྐྱེས་བུའི་འཆད་པ་པོས་བསྟན་པ་ལ་རག་ལུས་པའི་ཕྱིར་
Vol. 176 · folio 289a
རོ། །དེས་བསྟན་པ་ནི་སྐྱེས་བུས་བསྟན་པ་སྟེ། དེའི་འདོད་པའི་རྗེས་སུ་འཇུག་པའི་ཕྱིར་ཏེ། སྐྱེས་བུའི་འདོད་པའི་རྗེས་སུ་འཇུག་པའི་ཕྱིར། རིག་བྱེད་ཀྱི་དོན་རྣམས་ངེས་པ་མེད་པ་ཁོ་ན་ཡིན་ནོ། །གཞན་ཡང་རིག་བྱེད་སྨྲ་བ་འདི་སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་ན། ཡི་གེ་རྣམས་སམ་
ངག་སྒྲུབ་པར་བྱེད་པར་འགྱུར་གྲང་ན་སྟེ། གང་གི་རྣམ་པར་རྟོག་པ་ཉིད་ཀྱིས་ཚིག་རྟོག་པ་ཉིད་ཀྱི་ཕྱིར། རྣམ་པར་རྟོག་པ་གཉིས་ཉེ་བར་བཀོད་པ་ཡིན་ནོ། །ཡི་གེའི་རྣམ་པར་རྟོག་པའི་དབང་དུ་མཛད་ནས་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་པའི་ཡི་གེ་དག་ལས་རིག་བྱེད་པ་དག་གི། ཡི་གེ་རྣམས་
གཞན་ལས་ཁྱད་པར་མེད་ཕྱིར། ཡི་གེ་རྣམས་ལ་མ་བྱས་པ་ཉིད་དུ་སྒྲུབ་པར་བྱེད་ན་འབྲས་བུ་ཅིར་འགྱུར་ཏེ་ཅིར་ཡང་མི་འགྱུར་རོ། །འཇིག་རྟེན་པའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། གང་གི་ཕྱིར་འཇིག་རྟེན་པ་དང་རིག་བྱེད་པའི་ངག་དག་གིས་ཡི་གེ་དག་ཐ་དད་པ་མ་ཡིན་ནོ། །འོ་ན་ཅིའི་ཕྱིར་ཞེ་ན། ཇི་
ལྟར་རིག་བྱེད་པའི་ཡི་གེ་ཨ་ལ་སོགས་པ་མེད་པར་དེ་ལྟར་འཇིག་རྟེན་པའི་ཡང་ཡིན་ཏེ། གཅིག་ཉིད་དུ་ངོ་ཤེས་པ་ཉིད་ཀྱི་ཕྱིར་རོ། །ངོ་ཤེས་པ་ཡོད་དུ་ཟིན་ཀྱང་། གལ་ཏེ་འཇིག་རྟེན་པ་དག་ལས་རིག་བྱེད་པ་ཐ་དད་པ་དེའི་ཚེ། འཇིག་རྟེན་པ་དག་ལས་རིག་བྱེད་པ་དག་གི་ཐ་དད་པར་ཁས་ལེན་པ་ན་འཇིག་
རྟེན་པ་དང་རིག་བྱེད་པ་དག་གི་ཡི་གེ་དག་ཐ་དད་པ་ཡོད་དུ་ཟིན་ཀྱང་ངོ་ཤེས་པ་ཡོད་པ་ན། གཉི་ག་ལ་ཡང་གཅིག་གི་རྣམ་པ་ཅན་གྱི་ཤེས་པ་ཐམས་ཅད་སྐྱེ་བ་དེའི་ཕྱིར། ཐ་དད་དུ་ཟིན་ཀྱང་ངོ་ཤེས་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །ངོ་ཤེས་པ་དེ་ལས་གཅིག་ཉིད་མ་གྲུབ་པར་ཐལ་བར་འགྱུར་བའི་ཕྱིར་ཏེ།
ངོ་ཤེས་པའི་ཤེས་པ་མཚན་ཉིད་འདྲ་བ་ཅན་ལས་རིག་བྱེད་ཀྱི་ངག་གིས་ངག་ཐམས་ཅད་ལ་ཡི་གེ་རྣམས་གཅིག་ཉིད་དུ་འདོད་པར་གྲུབ་པར་མི་འགྱུར་རོ། །ཇི་སྐད་དུ་བཤད་པའི་རྣམ་པས་ངོ་ཤེས་པ་འཁྲུལ་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དེ་བས་ན་རིག་བྱེད་སོ་སོའི་ངག་ཡི་གེ་དུ་མའི་ངོ་བོ་
ཡིན་པའི་ཕྱིར་བྱས་པ་དག་ལས་ཁྱད་པར་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བར་དགོངས་སོ། །ཁྱད་པར་རྟོགས་པ་མེད་པའི་ཕྱིར་ཏེ། གལ་ཏེ་འཇིག་རྟེན་པ་དེ་དག་གི་ལས་རིག་བྱེད་པའི་ཡི་གེ་ཐ་དད་པར་འགྱུར་བ་དེ་བས་ན། དེ་དག་ཁྱད་པར་དང་བཅས་པར་རྟོགས་པར་འགྱུར་ན་དེ་ལྟར་ཡང་མ་ཡིན་ཏེ། ཁྱད་
Vol. 176 · folio 289b
པར་རྟོགས་པ་མེད་པ་རྒྱུ་དེའི་ཕྱིར་རོ། །རིག་བྱེད་པའི་ཡི་གེ་རྣམས་མ་གྲུབ་པ་ཡིན་ཏེ། འཇིག་རྟེན་པ་དག་ལས་རིག་བྱེད་དག་གི་ཁྱད་པར་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འཇིག་རྟེན་དང་རིག་བྱེད་དག་གི་ཡི་གེ་དུ་མའི་ངོ་བོ་ཡིན་ནོ་ཞེས་བྱ་བ་དེ་ལྟར་གནས་སོ། །ཅི་སྟེ་འཇིག་རྟེན་པ་དག་གི་ལས་རིག་བྱེད་
རྣམས་ཁྱད་པར་ཡོད་པ་ཁོ་ན་ཡིན་མོད་ཀྱི་དེ་ཡང་དེའི་བྱེ་བྲག་བཟུང་དུ་ཟིན་ཀྱང་ཕྱིས་འབྱུང་བ་གཅིག་གི་རྣམ་པ་སྒྲོ་འདོགས་པ་འཁྲུལ་པ་ཅན་གྱི་ངོ་ཤེས་པས་བསྒྲིབས་པ་དེ་ཉིད་ཀྱི་ཕྱིར་མ་ངེས་པ་ཡིན་ནོ་ཞེ་ན། དེའི་ཕྱིར་ངོ་ཤེས་པ་ལས་རྟོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། བུམ་པ་ལ་
སོགས་པ་དག་གི་སྐད་ཅིག་མ་རེ་རེ་ཐ་དད་པར་འཛིན་པ་ཉིད་དུ་ཟིན་ཀྱང་དེ་ལ་ངོ་ཤེས་པ་འཁྲུལ་པ་སྐྱེ་བར་འགྱུར་བ་དེ་བས་དེ་ལ་ཡང་ངོ་ཤེས་ལས་གཅིག་ཉིད་རྟོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཁས་བླངས་ནས་དེ་སྐད་དུ་བཤད་ནས་འཇིག་རྟེན་པ་དང་རིག་བྱེད་པ་དག་གི་ངག་གི་ཡི་གེ་ཐ་དད་པར་
དཔྱོད་པ་པ་རྣམས་ཁས་མི་ལེན་ཏོ་ཞེས་བསྟན་པའི་ཕྱིར་ཁས་མི་ལེན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཡི་གེའི་ཁྱད་པར་བདག་ཉིད་ཁས་མི་ལེན་པའི་ཕྱིར་རོ། །འཇིག་རྟེན་དང་རིག་བྱེད་ཀྱི་ཡི་གེ་ཐ་དད་པ་སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་པར་བྱེད་པ་ན། ཡི་གེ་དེ་དག་འཇིག་རྟེན་པ་དང་རིག་བྱེད་ཐམས་ཅད་ལ་
མཚུངས་པའི་ཕྱིར་རོ། །དཔྱོད་པ་འདིས་དེ་ལྟར་སྐྱེས་བུས་མ་བྱས་པ་ཉིད་དུ་སྒྲུབ་པར་བྱེད་པ་ལ་ཡང་ཡོངས་སུ་སྤངས་ཤིང་ལྷག་མར་བྱས་པ་ཅི་ཞིག་ཡོད་དེ་ཡི་གེའི་རྣམ་པ་གང་ཞིག་སྐྱེས་བུས་མ་བྱས་པ་མེད་ཅིང་། ཅུང་ཟད་ཀྱང་ལྷག་མར་བྱས་པར་འགྱུར་བ་མེད་དོ། །དེ་ལྟར་ན་འཇིག་རྟེན་དང་རིག་
བྱེད་དག་གི་ཡི་གེ་ཐམས་ཅད་སྐྱེས་བུས་མ་བྱས་པའི་རྟེན་ཅན་དུ་ཁྱད་པར་མེད་པའི་ཕྱིར། འཇིག་རྟེན་པ་དང་རིག་བྱེད་པའི་སྒྲའི་ཐ་སྙད་ཐམས་ཅད་སྐྱེས་བུས་མ་བྱས་པ་ཉིད་ཡིན་ན་ཐམས་ཅད་བདེན་པ་མ་ཡིན་པ་སྟེ། ཐམས་ཅད་ཕྱིན་ཅི་ལོག་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེས་བུས་མ་བྱས་པ་ཉིད་ལ་
ཡང་དོན་ཕྱིན་ཅི་ལོག་པ་སྲིད་པའི་ཕྱིར་རོ། །ཕྱིར་ཏེ་གཏན་ཚིགས་ཀྱི་ཕྱིར་སྐྱེས་བུས་མ་བྱས་པ་ཉིད་དུ་རྟོགས་པའི་ཡོངས་སུ་ངལ་བ་དོན་མེད་པ་ཡིན་ནོ། །དེ་ལྟར་དོན་ཕྱིན་ཅི་མ་ལོག་པ་ཉིད་སྐྱེས་བུས་མ་བྱས་པ་ཉིད་ཡིན་པའི་ཕྱིར། དེར་རྟོགས་པར་འདོད་པ་ཕྱིན་ཅི་མ་ལོག་པ་དག་སྐྱེས་བུས་མ་བྱས་པ་ཉིད་
Vol. 176 · folio 290a
ཡིན་ན་དེ་དོན་མེད་པར་འགྱུར་རོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་ཕྱོགས་གཉིས་པ་ཉེ་བར་དགོད་པ་ཡིན། ངག་སྐྱེས་བུས་མ་བྱས་པར་འདོད་པ་དེ་ནི་བདེན་པ་མ་ཡིན་ཏེ་འདི་ལྟར། ངག་ནི་ཡི་གེ་ལས་ཐ་དད་པར་ཡོད་མིན་ཏེའོ། །ཅིའི་ཕྱིར་ཞེ་ན། ངག་ཡི་གེ་རྣམས་ལས་ཐ་དད་པར་མི་དམིགས་
པའི་ཕྱིར་རོ། །ཁོ་བོ་ཅག་གི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཁོ་བོ་ཅག་གིས་ལྷ་སྦྱིན་ལ་སོགས་པའི་ཚིག་དང་ངག་རྣམས་ཀྱི་སྟེ། ལྷ་སྦྱིན་ལ་སོགས་པའི་ཚིག་རྣམས་ཀྱི་ངག་བ་དཀར་མོ་སྐྲོད་ཅིག་ཅེས་བྱ་བ་དེ་ལྟ་བུ་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱིའོ། །ཡང་ན་ལྷ་སྦྱིན་ལ་སོགས་པའི་
ཚིག་རྣམས་དང་ངག་རྣམས་ཀྱི་ཞེས་བྱ་བའི་དོན་དུ་བལྟ་བར་བྱའོ། །ཡི་གེ་ད་ལ་སོགས་པ་སྣང་བ་གང་ཡིན་པ་དེ་མ་གཏོགས་པར་ཡི་གེའི་རྣམ་པ་ཅན་མ་ཡིན་པའི་ཚིག་དང་ངག་ཏུ་སྣང་བ་གཞན་གྱི་བློ་ལ་མ་མཐོང་ངོ་། །ཡི་གེ་གཉིས་པ་སྣང་བ་དང་འདྲ་བ་སྟེ། དཔེར་ན་ཡི་གེ་ད་གཅིག་སྣང་བར་གྱུར་པ་ན་དེ་དང་
དུས་མཚུངས་པ་ཉིད་ཀྱི་ཡི་གེ་གཉིས་པར་སྣང་བ་མེད་པ་དེ་དང་འདྲ་བར་རོ། །ཡི་གེ་དག་ལས་ཐ་དད་པ་ཚིག་དང་ངག་སྣང་བ་མེད་པ་དེ་ལྟ་ན་ཡང་ཚིག་དང་ངག་ཡོད་པ་ཡིན་ལ། ད་ཡང་ཡི་གེ་དག་ལས་ཐ་དད་པ་ཡིན་ནོ་ཞེ་ན། འཛིན་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཛིན་པ་སྟེ་བློ་ལ་སྣང་བར་འགྱུར་
བ་མེད་ནའོ། །ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན། གཟུང་བར་འདོད་པ་སྟེ། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཡོད་པའི་ཕྱིར་ངེས་པར་ཡོད་པ་མ་ཡིན་པའམ། དེ་བཞིན་དུ་གཞན་ཡི་གེ་དག་ལས་ཤེས་པར་ནུས་པ་མ་ཡིན་ནོ། །གལ་ཏེ་ཡོད་པ་ཉིད་དགག་པས་གཞན་ཉིད་ཀྱང་བཀག་པ་ཡིན། ཅིའི་
ཕྱིར་གཞན་ཞེས་སྨོས་ཤེ་ན། དེ་ནི་བདེན་ཏེ། འོན་ཀྱང་གཞན་དག་ཡི་གེ་དག་ལས་ཚིག་དང་ངག་གཞན་དུ་ཡོད་པར་འདོད་པ་དེ་བས་ན། གང་གི་ཡོད་པ་ཉིད་བསྟན་པར་དཀའ་བ་ཉིད་ཡིན་ན་དེའི་གཞན་པ་ཉིད་གང་ལས་ཡིན་ཞེས་ཁྱད་པར་དུ་བསྟན་པའི་ཕྱིར་དེ་སྐད་དུ་བརྗོད་དོ། །རྣམ་པ་གཞན་བཞིན་ཏེ།
དཔེར་ན་རྣམ་པ་གཞན་ཅི་སྣང་བར་གྱུར་པ་ན་དེ་ལ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་རྣམ་པ་ཁྱད་པར་གཞན་སྣང་བ་མེད་པ་དེ་ཁོ་ན་བཞིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ནོ། །གལ་ཏེ་ཡི་གེ་གཞན་ལ་མི་སྲིད་པ་ཅན་ཏེ། དོན་ཤེས་པའི་མཚན་ཉིད་ཀྱི་
Vol. 176 · folio 290b
འབྲས་བུ་ཚིག་དག་ཐ་དད་པར་བྱེད་པ་གོ་བར་བྱེད་པ་ཡིན་ནོ་ཞེ་ན་སྟེ། འདི་ལྟར་དོན་རྟོགས་པའི་ལྷ་སྦྱིན་ལ་སོགས་པའི་ཚིག་དང་ངག་རྣམས་ལས་མཐོང་གི འདི་ཡི་གེ་རྣམས་ལས་ནི་མ་ཡིན་ཏེ། དེ་དག་སོ་སོ་དོན་མེད་པ་ཅན་ཉིད་ཡིན་པའི་ཕྱིར་དང་། ཡི་གེ་གཅིག་ཡོད་པའི་དུས་ན་ཡི་གེ་གཞན་མེད་པས་
ཚོགས་པ་མེད་པའི་ཕྱིར་རོ། །དེ་བས་ན་ཚིག་དང་ངག་གང་ཡིན་པ་དེ་ལས་དོན་འདི་རྟོགས་པར་འགྱུར་བ་ཤེས་པ་ཡོད་དོ་ཞེ་ན། འགྱུར་ན་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དེ། ཡི་གེ་དེ་དག་ལས་དོན་གཞན་ཚིག་ལ་སོགས་པ་འགྱུར་ན། གལ་ཏེ་ཡི་གེ་ཡོད་པ་དེ་དག་ལ་ཡང་དོན་རྟོགས་
པའི་མཚན་ཉིད་ཅན་གྱི་འབྲས་བུ་དེ་གཉིས་པར་འགྱུར་ན་འགྱུར་བ་ཉིད་ཡིན་ཏེ། ཇི་སྲིད་ཡི་གེ་ཚོགས་པ་དོན་རྟོགས་པའི་ཕྱིར་རོ། །བརྡས་བྱས་པའི་བསྡུས་པ་དེ་ཙམ་གྱིས་དོན་རྟོགས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་ཡིན་ཏེ། ཡི་གེ་དག་ལས་དོན་རྟོགས་པར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་
ཞེ་ན། ཚིག་དང་ངག་གཞན་དག་ལ་ཡི་གེ་དེ་ཁྱད་པར་མེད་པ་ཡིན་ན་ཡང་དོན་རྟོགས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཡི་གེ་དག་ལས་དོན་རྟོགས་པར་འགྱུར་བ་དེའི་ཚེ། མཚོ་ཞེས་བྱ་བའི་ཚིག་འདི་ལས་དོན་ཅི་འདྲ་བར་རྟོགས་པར་འགྱུར་བ་ཉིད་དོ་ཞེས་བྱ་བ་འདི་ལས་ཀྱང་འགྱུར་ཏེ། གཉི་ག་ལ་ཡི་
གེ་ངག་མཚུངས་པའི་ཕྱིར་རོ། །དེ་བཞིན་དུ་ཡི་གེ་དང་འདྲ་བ་ཅན་གྱི་ངག་སྔ་མར་འགྱུར་བ་ཅན་གྱི་ངག་ལས་ཀྱང་དོན་རྟོགས་པར་འགྱུར་བ་བས་ཕྱི་མ་ལས་ཀྱང་འགྱུར་ན། འགྱུར་བ་མ་ཡིན་པ་དེ་བས་ན་ཡི་གེ་དག་ལས་དོན་རྟོགས་པའི་མཚན་ཉིད་ཅན་གྱི་འབྲས་བུ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་
པས་ལན་འདེབས་པར་བྱེད་དེ། ཡི་གེ་དེ་དག་ནི་ངག་གཞན་དག་ལ་ཁྱད་པར་མེད་པར་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་གང་གཅིག་གི་ཡི་གེ་གང་ཡིན་པ་དེ་དག་ཉིད་ངག་གཞན་གྱི་མ་ཡིན་ཏེ། སྐྱེས་བུའི་འབད་རྩོལ་གྱི་བྱེ་བྲག་གིས་ངག་སོ་སོ་ལ་ཡི་གེ་ཐ་དད་པ་ཁོ་ན་འབྱུང་བའི་ཕྱིར་རོ། །གལ་ཏེ་ངག་
གཞན་ལ་ཡང་ཡི་གེ་གཅིག་གི་རྣམ་པ་ཅན་གྱི་བློས་ཡི་གེ་དེ་ཉིད་འདི་ཡིན་ནོ་ཞེས་ངོ་ཤེས་པ་ཡིན་ལ། ངོ་ཤེས་པའི་རྟགས་དེ་ལས་ངག་རྣམས་ལས་ཡི་གེའི་ཁྱད་པར་ཡང་གྲུབ་པ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ངོ་ཤེས་པ་དེ་ནི་འཁྲུལ་པའི་ཕྱིར་ཏེ་ངོ་ཤེས་པ་ནི་གཟུགས་
Vol. 176 · folio 291a
མཚུངས་པ་ལུས་ལ་སོགས་པ་དངོས་སུ་ངོ་བོ་ཐ་དད་པ་ཅན་རྣམས་ལ་ཡང་འདྲ་བས་འཁྲུལ་པ་ལ་སྣང་ངོ་། །དཔེ་མེད་པ་ཉིད་ཀྱི་ཕྱིར་ཏེ། ངོ་ཤེས་པ་ལ་དཔེ་ཉིད་མེད་པའི་ཕྱིར། ངོ་ཤེས་པར་འགྱུར་བ་གཉི་ག་ལ་གྲུབ་པའི་དཔེ་གཅིག་ཡོད་པ་མ་ཡིན་ཏེ། ངོ་ཤེས་པ་ནི་སྔོན་མཐོང་བའི་དྲན་པ་བསྐྱེད་པར་
འགྱུར་བ་ན། འགའ་ཞིག་གི་ཚེ་ཡང་གཅིག་ལས་གྱུར་པ་མ་ཡིན་ཏེ། རྟག་ཏུ་ཐ་དད་པ་རྣམས་ངོ་ཤེས་པའི་ཕྱིར་རོ། །དེ་བས་ན་ངག་སོ་སོ་ལ་ཡི་གེ་ཐ་དད་པ་དེ་དགེ་ཉིད་ཀྱི་ཁྱད་པར་ལས་དོན་རྟོགས་པའི་ཁྱད་པར་ཡིན་ནོ་ཞེས་བྱ་བ་དེར་གནས་པ་ཡིན་ནོ། །གལ་ཏེ་ཡི་གེའི་ཁྱད་པར་ལས་དོན་འདི་རྟོགས་
པའི་ཁྱད་པར་མི་འདོད་ཀྱི། འོན་ཀྱང་ཡི་གེའི་ཁྱད་པར་མེད་པ་ཡིན་ན་ཡང་དེ་ལས་ཐ་དད་པའི་ངག་གི་ཁྱད་པར་དོན་རྟོགས་པའི་ཁྱད་པར་དེ་ཉིད་ནི་འབྲས་བུའི་ཁྱད་པར་ཡིན་པར་འགྱུར་ན། དོན་རྟོགས་པ་དེ་ཡང་དག་ལས་འགྱུར་རོ། །ངག་དེ་ཡང་དབང་པོ་ལས་འདས་པ་སྟེ། ཡི་གེ་མ་གཏོགས་པར་
བློའི་དབང་པོ་ལ་མི་སྣང་བའི་ཕྱིར་རོ། །གང་ལས་འགྱུར་བ་སྟེ། ངག་ལ་རྟོགས་པར་མི་འགྱུར་རོ། །གང་གིས་འབྲས་བུར་གྱུར་པ་དེས་ཚིག་དང་ངག་རྗེས་སུ་དཔོག་པར་འགྱུར་ཏེ། ཚིག་ལ་སོགས་པ་དམིགས་པར་མ་གྱུར་པ་ནི་དོན་རྟོགས་པའི་ཡན་ལག་མ་ཡིན་ནོ།། །།བམ་པོ་ཉི་ཤུ་རྩ་
བརྒྱད་པ། དེ་ལྟར་མི་འགྱུར་ན་དབང་པོ་དང་འདྲ་བར་ངག་མ་མཐོང་དུ་ཟིན་ཀྱང་ཐག་ཉེ་བ་ཙམ་གྱིས་རྟོགས་པ་སྐྱེད་པར་འགྱུར་རོ་ཞེ་ན། དེ་ནི་འདི་ལྟར་ངག་ཐག་ཉེ་བ་ཙམ་གྱིས་རྟོགས་པ་སྐྱེད་པར་ཁས་ལེན་ན་ནི་མ་བྱང་བའི་ཡང་སྟེ། སྐྱེས་བུ་བརྡ་ལ་མ་བྱང་བས་ཀྱང་ངག་ལས་དོན་རྟོགས་པར་འགྱུར་ན།
དེ་ལྟར་ནི་མ་ཡིན་ནོ། །དེ་བས་ན་ངག་ཅེས་བྱ་བ་ཡི་གེ་དག་ལ་དོན་གཞན་དུ་འགྱུར་བ་ཅུང་ཟད་ཀྱང་མེད་ན་གང་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པར་འགྱུར། དེ་མེད་པའི་ཕྱིར་ཏེ། ངག་མེད་པའི་ཕྱིར་ཡི་གེ་འབའ་ཞིག་ལྷག་མར་བྱས་པར་འགྱུར་རོ། །ཐམས་ཅད་ལ་ཁྱད་པར་མེད་ཅིང་དེ་དག་ཀྱང་སྐྱེས་བུས་
མ་བྱས་པ་ཉིད་དུ་སྒྲུབ་པར་བྱེད་པ་ན། རིག་བྱེད་ཀྱིས་ཁྱད་པར་དུ་མ་བྱས་པའི་ངོ་བོ་ཅིན་དུ་འཇིག་པའི་ངག་ལ་གནས་པའི་ཡི་གེ་རྣམས་ཀྱང་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱོགས་དང་པོ་སྟེ། ཡི་གེ་སྐྱེས་བུས་མ་བྱས་པར་སྒྲུབ་པའི་ཕྱོགས་འདི་ལ་ཡོངས་སུ་ངལ་བ་དོན་མེད་པ་ཡིན་ནོ་ཞེས་བྱ་
Vol. 176 · folio 291b
བ་ལན་བཏབ་ཟིན་པ་ཡིན་ནོ། །གཞན་ཡང་ཡི་གེ་དག་ལས་དོན་གཞན་དུ་འགྱུར་བའི་ངག་ཡོད་པ་ནི་བླ་སྟེ། ངག་དོན་གཞན་དུ་འགྱུར་བ་དེ་རྟོགས་པར་འགྱུར་ན། ཡན་ལག་དུ་མའི་བདག་ཉིད་ཅན་ནམ། ཡན་ལག་མེད་པ་ཅན་དུ་འགྱུར་གྲང་སྟེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །ངག་ཡན་ལག་དུ་མ་ཅན་
ཉིད་དུ་རྟོགས་པར་འགྱུར་ན། ངག་གི་བདག་ཉིད་དུ་འགྱུར་བའི་ཡན་ལག་དེ་དག་རེ་རེ་དོན་དང་མི་ལྡན་པའམ་དོན་དང་ལྡན་པ་ཅན་དུ་འགྱུར་གྲང་ན། དེ་ལ་ཕྱོགས་དང་པོ་ལ་བརྟེན་ནས་ཡན་ལག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ངག་ཡན་ལག་དུ་མའི་བདག་ཉིད་ཡིན་པར་རྟོགས་པ་ན་ངག་གི་བདག་
ཉིད་དུ་འགྱུར་བའི་ཡན་ལག་དེ་རྣམས་ཐ་དད་དོན་མེད་ཉིད་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ངག་དེའི་ཡན་ལག་དེ་དག་ཀྱང་དུ་མ་ཡིན་ན་ཐ་དད་པའི་རང་བཞིན་ཏེ། ངོ་བོ་ཉིད་དོན་མེད་པ་ཅན་དག་ཡིན་པ་དེའི་ཚེ། ཡན་ལག་དུ་མ་ཚོགས་པའི་ཡན་ལག་ཅན་ཡང་དོན་མེད་པ་ཅན་དེ་
དང་འདྲའོ། །དེ་བས་ན་དོན་མེད་པ་ཅན་ཉིད་ཀྱི་རྗོད་པར་བྱེད་པའི་ངོ་བོ་མ་ཡིན་པ་ཅན་གྱི་ཡན་ལག་འདུས་པ་དེ་དངོས་པོ་ཅན་མིན་ཏེ། དངོས་ཅན་ཏེ་རྗོད་པར་བྱེད་པའི་ངག་གི་ངོ་བོ་སྟེ། དོན་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲོ་བཏགས་པར་འགྱུར་བ་བརྟགས་པ་སེང་གེ་ཉིད་སོགས་བཞིན་ཏེ། དཔེར་ན་
བྲམ་ཟེའི་བུ་སང་གེ་ཞེས་བྱ་བ་ལ་སོགས་པ་བྲམ་ཟེའི་བུ་ལ་སོགས་པ་ལ་ཉེ་བར་བཏགས་པ་དེའི་ངོ་བོ་ཅན་མ་ཡིན་པ་རྣམས་ལ་སེང་གེ་ཉིད་ལ་སོགས་པ་སྒྲོ་བཏགས་པ་དེ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །དོན་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ་བས། འཆད་པར་བྱེད་དེ་དོན་དང་ལྡན་པའི་བདག་ཉིད་རྗོད་
པར་བྱེད་པའི་རང་བཞིན་ཁོ་ན་དག་ཡིན་ནོ། །ངག་གི་ཡན་ལག་དེ་དག་ཀྱང་བདག་ཉིད་དོན་མེད་པ་ཅན་གྱི་ཡན་ལག་དེ་དག་ལ་ངག་གི་བདག་ཉིད་དོན་དང་ལྡན་པ་དེས་རྟོགས་པས་སྒྲོ་བཏགས་པར་འགྱུར་རོ། །བྲམ་ཟེའི་ཁྱེའུ་ལ་སོགས་པ་ལ་སེང་གེ་ཉིད་ལ་སོགས་པ་དང་འདྲ་བ་ཡིན་པ་རྒྱུའི་ཕྱིར། རྗོད་
པར་བྱེད་པའི་བདག་ཉིད་དེ་རྟོགས་པས་སྦྱར་བ་ཉིད་ཡིན་པའི་ཕྱིར། སྐྱེས་བུས་བྱས་པ་ཁོ་ན་ཡིན་ནོ། །བཤད་མ་ཐག་པའི་ཉེས་པར་མ་གྱུར་ཅིག་སྙམ་པས་ངག་གི་ཡན་ལག་དེ་དག་སོ་སོར་དོན་དང་བཅས་པར་འདོད་པ་དེའི་ཚེ། ཡན་ལག་རྣམས་རེ་རེ་དོན་དང་བཅས་ཉིད་ཡིན་ན་ཡང་། དུ་མ་ཉིད་རྟོགས་ལོག་པ་ཡིན་ཏེ།
Vol. 176 · folio 292a
ངག་ཡན་ལག་དུ་མ་ཅན་ཉིད་དུ་རྟོགས་པ་དོན་མེད་པ་ཡིན་ནོ། །ཡན་ལག་གཅིག་ཀྱང་དོན་ཡོངས་སུ་རྫོགས་པ་ཅན་ཉིད་ཡིན་པའི་ཕྱིར་གང་གི་ཚེ། ངག་གི་དོན་མ་ལུས་པར་རྫོགས་པ་དེའི་ཚེ། དེ་ལྟ་བུར་གྱུར་པའི་ཡན་ལག་མང་པོ་བརྟགས་པ་དག་གིས་ཅི་ཞིག་བྱ་ཞེས་བྱ་བའི་དོན་ཏོ། །གང་གི་
ཚེ་ཡན་ལག་ཀྱང་དོན་དང་ལྡན་པ་ཡིན་པ་དེའི་ཚེ། ཡན་ལག་གཅིག་ནི་རྟོགས་པས་ཀྱང་སྟེ། ངག་གི་ཡན་ལག་གཅིག་གཟུང་བས་ཀྱང་ངག་གི་དོན་དག་རྟོགས་པར་འགྱུར་རོ། །དོན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། སྒྲའི་ངོ་བོ་གང་ལ་དོན་ཡོངས་སུ་རྫོགས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལྟར་
གྱུར་པའི་སྒྲའི་ངོ་བོ་ནི་ངག་ཡིན་གྱི་གཞན་ནི་ངག་གི་མཚན་ཉིད་མ་ཡིན་ནོ། །ངག་ཏུ་རྟོགས་པའི་ཡན་ལག་དེ་དག་ཀྱང་སོ་སོ་སོ་སོར་ཏེ། རེ་རེ་དེ་ལྟ་བུའི་རྣམ་པ་ཞེས་བྱ་བའི་དོན་ཡོངས་སུ་རྫོགས་པ་ཅན་ཡིན་ཏེ། ངག་གི་དོན་རྟོགས་པ་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །ཕྱིར་ཏེ་གཏན་ཚིགས་ཀྱི་ཡན་
ལག་སོ་སོ་དེ་དག་ངག་གི་ཡིན་པར་འགྱུར་རོ། །དེ་ལྟར་ཡན་ལག་དུ་མ་ཅན་ནི་ངག་མ་ཡིན་ཏེ། ཡན་ལག་དུ་མ་དང་ལྡན་པ་ངག་གཅིག་ཏུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ངག་ཏུ་མ་ཐོབ་པ་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡན་ལག་རེ་རེ་དག་རྗོད་པར་བྱེད་པ་ཉིད་ཡིན་ན་ཡན་ལག་གཅིག་
རྟོགས་པས་ཀྱང་ངག་གི་དོན་མ་ལུས་པར་རྟོགས་པའི་ཕྱིར་ཡན་ལག་གཞན་ལ་ཉན་པར་ལྟོས་པར་མི་འགྱུར་རོ། །ཡན་ལག་གཅིག་རྟོགས་པས་ཀྱང་ངག་གི་དོན་རྟོགས་པ་ཡིན་ན་ནི་ཡན་ལག་དེ་དུས་ལ་སྡོད་པར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། ཆ་ཤས་མེད་པའི་བདག་ཉིད་ཅན་ཏེ། ཆ་ཤས་
མེད་པའི་རང་བཞིན་ཅན་གྱི་ཡན་ལག་དག་དེ་ནི་སྐད་ཅིག་མ་གཅིག་གིས་རྟོགས་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཤེས་པ་གཅིག་སྐྱེད་པས་ན་ཡན་ལག་ཆ་མེད་པར་མ་ལུས་པར་ཁོང་དུ་ཆུད་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཤེས་པའི་སྐད་ཅིག་མ་གཅིག་གིས་ཐམས་ཅད་འཛིན་པར་མི་
འགྱུར་བ་དེའི་ཚེ། བཟུང་བ་དང་མ་བཟུང་བའི་རང་བཞིན་དག་གཅིག་པ་ཉིད་དུ་འགལ་བའི་ཕྱིར་ཏེ། གཅིག་ལ་གཉིས་དག་མི་རུང་བའི་ཕྱིར་རོ། ཅི་སྟེ་ངག་ལ་ཡན་ལག་དུ་མ་ཉིད་དུ་བརྟགས་པ་ཉམས་པར་མ་གྱུར་ཅིག་སྙམ་པས་ཡན་ལག་ཐམས་ཅད་ཅིག་ཅར་ཐོས་པར་འདོད་པ་དེའི་ཚེ། ཡན་ལག་ཐམས་
Vol. 176 · folio 292b
ཅད་ཅིག་ཅར་ཐོས་པ་ན་ཡང་དུས་ཀྱི་ཐ་དད་དུ་མི་རུང་ངོ་། །ཡན་ལག་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཡན་ལག་གཞན་ལ་ལྟོས་པ་མེད་པར་ཡན་ལག་གཅིག་ཁོ་ན་ལས་ངག་གི་དོན་གྲུབ་པའི་ཕྱིར་ཏེ། ངག་གི་དོན་ངེས་པའི་རྒྱུའི་ཕྱིར་ངག་གི་ཡན་ལག་དུ་མ་ཉམས་པར་མ་གྱུར་ཅིག་སྙམ་པས་ངག་གི་ཡན་
ལག་ཐམས་ཅད་ཅིག་ཅར་ཐོས་པར་འདོད་པ་དེའི་ཚེ་ཡང་དུས་ལ་སྡོད་པ་མི་རིགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡན་ལག་གཅིག་རྟོགས་པའི་དུས་ཉིད་ན་ཡན་ལག་སོ་སོར་དོན་དང་ལྡན་པར་འགྱུར་བ་ཐམས་ཅད་དོན་གཅིག་ཁོ་ན་ལས་དེའི་དོན་གྲུབ་པའི་ཕྱིར་ཡན་ལག་གཞན་ནི་དོན་མེད་པ་ཅན་དུ་འགྱུར་བའི་ཕྱིར་
རོ། །དེ་ཡང་བཤད་མ་ཐག་པ་ཁོ་ན་ཡིན་ནོ། །ཡན་ལག་ཐམས་ཅད་ཅིག་ཅར་འཛིན་པ་ལ་གཞན་སྐྱོན་འདི་ཡོད་དོ་ཞེས་བསྟན་པའི་ཕྱིར་ཅིག་ཅར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིག་ཅར་ཐོས་ན་ཡང་སྟེ་ཡན་ལག་ཐམས་ཅད་ཅིག་ཅར་འཛིན་པར་ཁས་ལེན་པ་ན་དོན་ཐ་དད་པ་དག་ལ་ཞེས་བྱ་བ་བརྗོད་པར་བྱ་བ་
སོ་སོ་ངག་ལ་ཡན་ལག་ཚོགས་པ་རྣམས་མཐོང་བའི་ནུས་པ་མེད་པ་ཅན་དག་གིས་དོན་དང་ལྡན་པ་ཉིད་ཀྱང་མི་འགྲུབ་པོ། །དེ་ནི་དེ་ལྟར་འགྱུར་ན་གལ་ཏེ་ཡན་ལག་ཚོགས་པ་རྣམས་ཀྱི་དོན་མཐོང་བ་སྟེ། དོན་རྟོགས་པའི་ཕྱིར་ཡན་ལག་ཐ་དད་པ་རྣམས་ཀྱང་དོན་རྟོགས་པ་སྐྱེད་པའི་ནུས་པ་ཡོད་པ་དེ་བས་ན་
སྐྱོན་འདི་མེད་དོ་ཞེ་ན་དེ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐ་དད་པ་སྟེ། ཡན་ལག་སོ་སོ་དག་ལ་ཡོད་པ་མ་ཡིན་པའི་ངོ་བོ་དོན་སྟོན་པར་བྱེད་པའི་རང་བཞིན་ནི་ཚོགས་པ་རྣམས་ལ་ཡང་མི་སྲིད་པའི་ཕྱིར་རོ། །ཡན་ལག་ཐ་དད་པའི་ངོ་བོ་གང་ཡིན་པ་དེ་ལས་གཞན་པའི་ཚོགས་པ་དག་གི་དོན་སྟོན་པར་ནུས་པའི་ངོ་
བོ་གཞན་འབྱུང་བ་དེ་བས་ན་སྐྱོན་ཡོད་པ་མ་ཡིན་ནོ་ཞེ་ན། དོན་གཞན་གྱི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ནུས་པ་མེད་པའི་ངོ་བོ་སྔ་མ་ལས་དོན་གནས་ནུས་པ་མི་སྐྱེ་བའི་ཕྱིར་ཏེ། ཡི་གེ་རྣམས་ནི་རྟག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བར་དགོངས་སོ། །གལ་ཏེ་མི་རྟག་པར་སྨྲ་བ་ལ་ཡང་སྐྱོན་འདི་ཅིའི་ཕྱིར་མེད་ཅེ་ན།
རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་སྒྲ་སྐྱེ་བར་སྨྲ་བ་གང་ཡིན་པ་དེ་ལ་བཤད་མ་ཐག་པའི་སྐྱོན་འདི་ཉིད་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་སྐྱེ་བར་སྨྲ་བ་དེའི་སོ་སོར་ནུས་པ་མེད་པའི་ཡན་ལག་རྣམས་ཀྱང་སྐྱེས་བུའི་འབད་རྩོལ་ལ་སོགས་པའི་ཕན་འདོགས་པའི་ཁྱད་པར་ལས་ཚོགས་
Vol. 176 · folio 293a
པའི་གནས་སྐབས་ཀྱི་དོན་སྟོན་པར་ནུས་པའི་མཚན་ཉིད་ཀྱིས་ཕུལ་དུ་བྱུང་བ་དང་ལྡན་པའི་དོན་རྟོགས་པའི་མཚན་ཉིད་ཅན་གྱི་འབྲས་བུའི་ཁྱད་པར་ལ་ཉེ་བར་སྦྱོར་བའི་ཕྱིར་རོ། །རྟག་པར་སྨྲ་བའི་ཡན་ལག་རེ་རེ་དག་གི་ནང་ནས་ཡན་ལག་གཅིག་ལས་ཀྱང་དོན་རྟོགས་པའི་ཕྱིར་ཡན་
ལག་གཞན་དུ་རྟོགས་པ་དོན་མེད་པའི་ཕྱིར་རོ། །རེ་ཞིག་དེ་ལྟར་ངག་ཡན་ལག་དང་བཅས་པའི་སྐྱོན་བཤད་ནས། ད་ནི་ཡན་ལག་མེད་པའི་ཕྱོགས་ཀྱི་དབང་དུ་མཛད་ནས་ཅི་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངག་གཅིག་ཁོ་ན་ཡན་ལག་མེད་པར་འགྱུར་བ་ཡིན་ན་དེ་ལ་ངག་གཅིག་ཉིད་ན་ཡང་ཐ་དད་པ་
མེད་པ་སྟེ། ཐ་དད་པ་མེད་ཅིང་ཆ་མེད་པའི་གོ་རིམས་འཛིན་པར་མི་སྲིད་ཕྱིར་དུས་ཐ་དད་པ་ཉིད་ནི་མི་རུང་ངོ་། །གང་གི་ཕྱིར་གཅིག་ལ་རིམ་བཞིན་དུ་རྟོགས་པར་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། བཟུང་བ་དང་མ་བཟུང་བ་དག་ཐ་དད་པ་མེད་པའི་ཕྱིར་གོ་རིམས་བཞིན་དུ་གཟུང་བར་འགྱུར་བ་གང་ཡིན་པ་དེ་
ནི་བཟུང་བའི་རང་བཞིན་ལས་གཞན་མ་བཟུང་བའི་རང་བཞིན་ཡོད་པ་མ་ཡིན་ནོ། །གལ་ཏེ་ངག་དག་གོ་རིམས་མེད་པར་འཛིན་པར་འགྱུར་རོ་ཞེ་ན། གོ་རིམས་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། ངག་ཐམས་ཅད་ཀྱི་འཆད་པ་པོའི་ཐ་སྙད་ཀྱི་དུས་དང་ཉན་པ་པོའི་ཐོས་པའི་དུས་དང་དྲན་
པའི་དུས་གང་ཡིན་པ་དེ་ནི་མིག་འཛུམས་པའི་སྐད་ཅིག་མ་དུ་མ་ཅན་གྱི་གོ་རིམས་ཀྱིས་ཡོངས་སུ་རྫོགས་པའི་ཕྱིར་རོ། །མིག་འཛུམས་པའི་གང་ལ་སྐད་ཅིག་མ་དུ་མ་ཡོད་པ་དེ་ནི་མིག་འཛུམས་པའི་སྐད་ཅིག་མ་དུ་མ་ཅན་ནོ། །དེའི་གོ་རིམས་ཀྱང་རིམ་པ་བཞིན་དུ་སྐྱེ་བ་ཡིན་ཏེ་གོ་རིམས་དེས་སོ་སོར་སྐྱེད་
པའི་ཕྱིར་རོ། །སྐད་ཅིག་མ་དུ་མར་གྱུར་པའི་མིག་འཛུམས་པའི་སྐད་ཅིག་མ་དུ་མ་ཅན་གྱི་གོ་རིམས་སུ་འགྱུར་བ་དག་དང་། ངག་གཅིག་གི་ཐ་སྙད་ལ་སོགས་པའི་མཚན་ཉིད་མཚུངས་པ་ཉིད་ཀྱི་ཕྱིར་རོ། །བློའི་སྐད་ཅིག་མ་གཅིག་གིས་ངག་འཛིན་པ་ནི་མ་ཡིན་གྱི། འོན་ཀྱང་གོ་རིམས་སུ་གྱུར་པ་དུ་མས་ཡིན་
ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །གལ་ཏེ་ཡི་གེ་ངག་གི་གོ་རིམས་ཀྱིས་འདི་འཛིན་པ་ཡིན་གྱི་གོ་རིམས་བཞིན་དུ་མ་ཡིན་ནོ་ཞེ་ན། ཡི་གེའི་ངོ་བོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེའི་ངོ་བོ་ལ་མ་རེག་པ་ཅན་ཏེ་ཡི་གེའི་ངོ་བོ་ལས་ཐ་དད་པ་དང་བློའི་སྐད་ཅིག་མ་ལ་སྣང་བ་ཅན་གྱི་སྒྲའི་བདག་ཉིད་ནི་མི་སྣང་
Vol. 176 · folio 293b
བའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ཡི་གེའི་གོ་རིམས་ཀྱིས་རྟོགས་པའི་ཕྱིར་ཏེ། ཡི་གེའི་གོ་རིམས་ཁོ་ནས་ངག་རྟོགས་པའི་ཕྱིར་རོ། །ཡི་གེས་བྱས་པའི་གོ་རིམས་མེད་པ་སྣང་བ་ནི་ཡང་དག་པར་རིག་པ་མེད་པའོ། །དེ་བས་ན་ཡི་གེའི་གོ་རིམས་ཙམ་གྱིས་ངག་ཐ་དད་པར་རིགས་པ་མ་ཡིན་ནོ། །དེ་ཁྱད་
པར་མེད་པ་ཡིན་ན་ཡང་སྟེ། ཡི་གེ་རྣམས་ཁྱད་པར་མེད་པར་འདོད་ན་ཡང་ངག་གི་ཁྱད་པར་ཡི་གེའི་གོ་རིམས་བཞིན་དུ་བྱས་པ་ཉིད་ཀྱི་ཕྱིར་གོ་རིམས་དང་ལྡན་པར་རྟོགས་པ་ཡིན་གྱི་ཅིག་ཅར་འགྱུར་བ་ནི་མ་ཡིན་ནོ། །གང་གི་ཚེ་ངག་གི་ཡི་གེའི་གོ་རིམས་ཀྱིས་བྱས་པ་ལ་ལྟོས་པ་མེད་པ་དེའི་ཚེ། ཡི་གེའི་གོ་
རིམས་ཀྱིས་ཕན་བཏགས་པ་ལ་ལྟོས་པ་མེད་པའི་ཕྱིར་གང་ཅི་ལྟར་ཡང་རུང་བའི་ཡི་གེ་དེ་དག་གི་གོ་རིམས་གཞན་དག་གི་གོ་རིམས་དེའམ། གོ་རིམས་གཞན་དག་ཏུ་ཡང་རབ་ཏུ་སྦྱར་བ་དག་གི་ངག་ལས་རྟོགས་པར་འགྱུར་ཏེ། མཚོ་ཡོད་དོ་ཞེས་རབ་ཏུ་སྦྱར་བ་ན་རོ་ཡོད་པར་རྟོགས་པར་འགྱུར་རོ། །ཡི་
གེས་ཕན་བཏགས་ལ་ལྟོས་པ་མེད་པ་ཉིད་ཀྱི་ཕྱིར་ཡི་གེ་མེད་པ་དག་གིས་ཀྱང་ངག་རྟོགས་པར་འགྱུར་རོ། །ཡི་གེའི་ཕན་འདོགས་པ་ལ་ལྟོས་སུ་ཟིན་ཀྱང་ཡི་གེ་རྣམས་ཀྱིས་ངག་ལ་ཕན་འདོགས་པར་ནུས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གོ་རིམས་དང་ལྡན་པའི་ཡི་གེ་དེ་དག་གིས་ངག་གི་གོ་
རིམས་མེད་པ་ལ་ཕན་འདོགས་པར་མི་རུང་བའི་ཕྱིར་རོ། །གོ་རིམས་དང་ལྡན་པ་དག་གིས་གོ་རིམས་དང་ལྡན་པ་ཉིད་ལ་ཕན་འདོགས་པར་བྱ་བ་ཡིན་པ་དེ་ལྟར་ན་ཕན་གདགས་པར་བྱ་བའི་གོ་རིམས་དང་ལྡན་པ་ཉིད་དུ་འགྱུར་ན། དེ་ལྟར་ནི་མ་ཡིན་ཏེ། འདི་ལྟར་ཡི་གེ་མེད་པར་ཡང་ངག་འཛིན་པར་འགྱུར་
རོ། །གལ་ཏེ་ཡི་གེ་གོ་རིམས་དང་མི་ལྡན་པ་ཉིད་ངག་ལ་ཕན་འདོགས་པར་མི་འགྱུར་རོ་ཞེ་ན། གོ་རིམས་མེད་པ་ཡང་ཞེས་བྱ་བ་སྨོས་ཏེ། ཡི་གེ་རྣམས་ཀྱི་གོ་རིམས་མེད་པར་བརྗོད་པ་སྟེ། ཐ་སྙད་དུ་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཡི་གེའི་གོ་རིམས་མེད་པ་ཅན་ཡང་ངག་ལ་ཕན་འདོགས་པར་བྱེད་པ་མ་
ཡིན་ནོ། །དེ་བས་ན་འདི་ལྟར་གོ་རིམས་མེད་པ་དག་ཡིན་ཏེ། གོ་རིམས་དང་ལྡན་པ་ཉིད་དང་གོ་རིམས་དང་མི་ལྡན་པ་ཉིད་དག་ལས་རྣམ་པ་གཞན་ཡོད་པ་མ་ཡིན་པ་དེ་ལྟར་ན། རྣམ་པ་གཞན་མེད་པའི་ཕྱིར་ཡི་གེ་དག་ལ་ཕན་འདོགས་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །ངག་ལ་ཡི་གེ་དག་ཡོད་པ་མ་
Vol. 176 · folio 294a
ཡིན་ཏེ། ངག་གི་ཡི་གེའི་བདག་ཉིད་ཅན་མ་ཡིན་པ་གང་གིས་ཡི་གེའི་གོ་རིམས་ཀྱིས་ཕན་བཏགས་པའི་ཕྱིར་རོ། །གོ་རིམས་ཀྱིས་ངག་རྟོགས་པས་གཅིག་པ་ཉིད་ཉམས་པ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། གལ་ཏེ་ཡི་གེ་དག་ལ་དོན་གཞན་དུ་འགྱུར་བ་སྒྲའི་ངོ་བོ་དག་ཅེས་བྱ་བ་གཅིག་པོ་
ཉིད་ནི་གསལ་བྱེད་ཡི་གེ་དག་ནི་གོ་རིམས་དང་ལྡན་པས་གསལ་བར་བྱེད་པས་ན་གསལ་བྱེད་ཀྱི་གོ་རིམས་ཀྱི་དབང་གིས་ངག་གཅིག་པོ་དེ་ཡང་དོན་དམ་པར་གོ་རིམས་དང་ཡི་གེ་རྣམ་པར་འབྱེད་པ་དག་དང་བྲལ་དུ་ཟིན་ཀྱང་། གོ་རིམས་དང་ལྡན་པ་དང་ཡི་གེ་རྣམ་པར་འབྱེད་པ་དང་ལྡན་པར་སྐྱེས་བུ་ལ་སྣང་ངོ་ཞེ་ན།
ལན་དུ་གསལ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་ལ་ནི་རིམ་བཞིན་དུ་རྟོགས་པར་མི་རིགས་ཏེ་ཞེས་བྱ་བ་ལ་སོགས་པས་གསལ་བྱེད་ཀྱི་གོ་རིམས་དང་ལྡན་པས་གསལ་བྱ་ངག་གོ་རིམས་མེད་པ་སྤངས་ཟིན་པ་སྟེ་ལན་བཏབ་ཟིན་ཏོ། །ཅིའི་ཕྱིར་ཞེ་ན། གཅིག་ལ་གསལ་བ་དང་གསལ་བ་མ་ཡིན་
པའི་ངོ་བོ་མ་ཡིན་པ་ནི་འགལ་བའི་ཕྱིར་རོ། །གསལ་བའི་རང་བཞིན་ལས་གཞན་གསལ་བའི་ངོ་བོ་ཁྱད་པར་ཅན་གཅིག་ལ་ཡོད་པ་མ་ཡིན་ན་གང་གིས་ཕྱིས་གསལ་བར་བྱེད་པར་འགྱུར། སུན་འབྱིན་པ་གཞན་ཡང་བསྟན་པའི་ཕྱིར་ངག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ངག་གང་ལ་ཡི་གེ་དང་ཆ་ཡོད་པ་མ་
ཡིན་པ་སྟེ་ངག་ཡི་གེ་དང་ཆ་མེད་པ་ཅན་དེ་ཁས་ལེན་ན་སྐྱེས་བུ་མ་ལུས་པར་ཐོས་པ་མེད་ན་ནི་ལུས་པ་མེད་པར་མ་ཐོས་པ་སྟེ། ཡི་གེའི་གོ་རིམས་བཞིན་དུ་མཉན་པའི་ཕྱིར་དུམ་བུར་ཉན་པར་བྱེད་ཅེས་བྱ་བའི་དོན་ཏོ། །འགའ་ཞིག་གི་ཚེ་ཡང་ངག་ཆ་མེད་པ་མཉན་པ་དང་རྟོགས་པར་མི་འགྱུར་རོ། །ཅིའི་ཕྱིར་
ཞེ་ན། ངག་གཅིག་ལ་ཆ་སྟེ་ཆ་ཤས་མེད་པའི་ཕྱིར་རོ། །གང་ཞིག་གང་ལ་ཡོད་པ་མ་ཡིན་པ་དེ་ནི་དེ་ལ་བློ་མ་འཁྲུལ་པས་གཟུང་བར་བྱ་བ་མ་ཡིན་ཞིང་། གསལ་བར་བྱེད་པ་གོ་རིམས་དང་ལྡན་པས་ཕན་བཏགས་པའི་ཕྱིར་དེ་འཁྲུལ་པ་ཡིན་ནོ་ཞེས་བརྗོད་པར་མི་ནུས་ཏེ། གོ་རིམས་དང་ལྡན་པ་དེ་དག་
གི་གོ་རིམས་མེད་པ་ཕན་འདོགས་པར་མི་རུང་བའི་ཕྱིར་རོ་ཞེས་བཤད་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་གོ་རིམས་དང་ལྡན་པའི་གསལ་བྱེད་ཀྱི་རྗེས་སུ་བྱེད་པ་རིགས་པ་མ་ཡིན་དུ་ཟིན་ཀྱང་ཁས་ལེན་པ་དེ་བས་ན་ཆ་མེད་པ་མཉན་པ་ཡིན་ནོ་ཞེ་ན། ཡང་འགའ་ཞིག་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
Vol. 176 · folio 294b
སྐྱེས་བུ་འགའ་ཞིག་གིས་ཆ་མེད་པ་སྟེ། ཆ་གཟུང་བ་དང་བྲལ་བའི་ངག་མ་ལུས་པ་མཉན་པར་མི་འགྱུར་ཏེ་ཆ་རྣམས་ནི་གོ་རིམས་བཞིན་དུ་རྟག་ཏུ་ཐོས་པའི་ཕྱིར་རྟག་ཏུ་ཆ་ཉིད་མཉན་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཡི་གེ་མ་ལུས་པས་ལེགས་པར་བྱས་པ་གང་ཡིན་པ་དེ་བློ་གང་ལ་ཡོད་པ་དེ་ནི་ཡི་གེ་མ་ལུས་པས་
ལེགས་པར་བྱས་པ་དང་ལྡན་པའོ། །ཡི་གེ་ཐ་མའི་དེ་མ་ཐག་ཏུ་འབྱུང་བ་ཅན་ནི་བློ་ཐ་མ་སྟེ་ངག་ཆ་མེད་པ་ངེས་པར་གཟུང་ངོ་ཞེས་བྱ་བའི་རྟོགས་པ་ཡང་ལེགས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཇི་སྐད་དུ་བཤད་པའི་ཡི་གེའི་ངོ་བོ་ལ་མ་རེག་པ་ཅན་ཡིན་ཏེ། ཡི་གེའི་ངོ་བོ་ལ་རེག་པ་དང་བྲལ་བ་དེ་ལ་སྟེ་ཆ་མེད་པ་
ཞེས་བྱ་བའི་དོན་ཏོ། །སྐྱེས་བུ་འགའ་ཞིག་ཀྱང་འགའ་ཞིག་གི་ཚེ་ཡང་རྟོགས་པ་མེད་པའི་ཕྱིར་རོ། །འདི་ལྟར་བློ་ཐ་མ་ལ་ཡང་དག་ངེས་པར་གཟུང་བ་ན། ཡི་གེའི་གོ་རིམས་དང་ལྡན་པ་ཁོ་ན་ངེས་པར་བྱེད་ཀྱི་ཆ་མེད་པ་ནི་མ་ཡིན་ནོ། །ཡི་གེ་རྣམས་ཀྱི་གོ་རིམས་མེད་པར་མི་འཛིན་པ་དེ་བས་ན། ཡི་གེ་རྣམས་
ཀྱང་གོ་རིམས་མེད་པར་རྟོགས་པ་མེད་པའི་ཕྱིར། འོན་ཀྱང་གོ་རིམས་ཁོ་ན་བཞིན་དུ་རྟོགས་པའི་ཕྱིར་རོ། །གསལ་བྱེད་གོ་རིམས་བཞིན་དུ་ངེས་པར་གཟུང་བའི་ཕྱིར་གང་ལས་ངག་ཅེས་བྱ་བ་གོ་རིམས་མེད་པ་བློ་གཅིག་གིས་གཟུང་བར་བྱ་བ་ཡིན། གལ་ཏེ་ཡི་གེ་ཐ་མ་རྟོགས་པའི་དུས་ཕྱིས་ངག་མ་ལུས་པ་ངེས་
པར་གཟུང་བ་ཡོད་དོ་ཞེ་ན། ཡི་གེ་ཐ་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེ་ཐ་མ་རྟོགས་པ་ལས་ཕྱིས་ཏེ། ཡི་གེ་ཐ་མ་རྟོགས་པར་ཆ་མེད་པ་གཞན་ཏེ་ཆ་ཤས་མེད་པའི་དུམ་བུ་མེད་པ་ཞེས་བྱ་བའི་དོན་ཏོ། །སྒྲའི་བདག་ཉིད་ལྟ་བུར་གྱུར་པ་ཉེ་བར་རྟོགས་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྨྲ་བ་པོ་བདག་
ཉིད་འདིས་ཀྱང་ཇི་སྐད་བཤད་པའི་སྒྲའི་བདག་ཉིད་ངེས་པར་བྱེད་པ་སྟེ། ངེས་པར་གཟུང་བ་མ་ཡིན་ནོ། །སྨྲ་བ་པོ་འདི་གལ་ཏེ་འདི་ལྟར་བློ་ཐ་མ་ལ་ངག་འདི་སྒྲ་ཆ་ཤས་རྫོགས་པ་ཡན་གར་བ་སྣང་བར་འགྱུར་རོ་ཞེས་ཁོ་བོས་སྨྲས་པ་གལ་ཏེ་འགྱུར་ན་ལེགས་པར་འགྱུར་བ་དེ་ལྟར་ན་དགེ་བ་འདོད་པ་ན་མངོན་
པར་འདོད་པའི་དོན་ལ་བསྔགས་པས་རྨོངས་པའི་བློ་ཅན་རྨི་ལམ་བཞིན་དུ་སྤྱོད་དེ་གཉིད་མ་ལོག་ཏུ་ཟིན་ཀྱང་རྨི་ལམ་ལ་གནས་པ་བཞིན་དུ་བདག་ཉིད་ལ་སྤྱོད་པར་བྱེད་དོ། །གལ་ཏེ་ཉམས་སུ་མྱོང་བའི་ཤེས་པས་ཚིག་དང་ངག་གོ་རིམས་མེད་པར་འཛིན་པར་འགྱུར་བ་ནི་མ་ཡིན་གྱི། འོན་ཀྱང་དྲན་པའི་ཤེས་
Vol. 176 · folio 295a
པས་ཚིག་དང་གོ་རིམས་མེད་པ་གཟུང་བ་ཡིན་ནོ་ཞེ་ན། ཚིག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲན་པར་འགྱུར་བའི་ཚིག་དང་ངག་གི་འབྲེལ་པ་ཅན་གྱི་ཡི་གེ་དག་ཀྱང་ཚིག་དང་ངག་གི་ཁྱད་པར་རྣམ་པར་འཇོག་པར་བྱེད་པ་ན། ཡི་གེའི་གོ་རིམས་ཀྱིས་ཁྱད་པར་མེད་པར་གོ་རིམས་
མེད་པ་ཅན་གྱི་བློ་གཅིག་ལ་ངེས་པར་འགྱུར་བ་མ་ཡིན་གྱི། འོན་ཀྱང་ཉམས་སུ་མྱོང་བ་དང་འདྲ་བར་དྲན་པས་ཀྱང་གོ་རིམས་ཁོ་ནས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བློ་ཐ་མ་གོ་རིམས་མེད་པ་ཅན་ལ་ཡི་གེའི་གོ་རིམས་ཀྱི་ཁྱད་པར་མེད་པར་ངེས་པར་འགྱུར་བ་དེའི་ཚེ། བློ་གོ་རིམས་མེད་པ་ཅན་དེ་ལ་ཡང་སྔ་ཕྱི་མེད་
པའི་ཕྱིར་ཡི་གེ་ཅིག་ཅར་སྣང་བར་འགྱུར་བས་ན། དེས་བྱས་པ་སྟེ་ཡི་གེའི་གོ་རིམས་དང་བྲལ་བའི་ཚིག་དང་ངག་གི་ཁྱད་པར་དེ་དག་ཁྱད་པར་ཏེ་བྱེ་བྲག་མེད་པར་གྱུར་ཏོ། །ཡི་གེ་རྣམས་ཀྱི་གོ་རིམས་ཀྱི་ཁྱད་པར་སྣང་བ་ཉིད་ཀྱི་ཕྱིར་ཚིག་དང་ངག་དག་ཕན་ཚུན་ཐ་དད་པ་ཡིན་ནོ། །དེ་མེད་ན་དེ་མི་འགྱུར་རོ་ཞེས་
བྱ་བའི་དོན་ཏོ། །ཡི་གེའི་གོ་རིམས་དང་བྲལ་བའི་སྒྲའི་ངོ་བོ་གཞན་ཁོ་ན་ཚིག་དང་ངག་ཏུ་འགྱུར་རོ་ཞེ་ན། ཡི་གེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲའི་ངོ་བོ་གང་ལ་ཡི་གེའི་གོ་རིམས་མེད་པ་དེ་ནི་ཡི་གེའི་གོ་རིམས་མེད་པ་ཅན་གྱི་སྒྲའི་ངོ་བོ་སྟེ། ཡི་གེ་དག་ལས་གཞན་མ་མཐོང་ངོ་ཞེས་ཡི་གེའི་ངོ་བོ་ལ་མ་རེག་
པ་དེའི་ཚེ་འགའ་ཞིག་གི་ཚེ་རྟོགས་པ་མེད་པ་ཉིད་དང་། ཡི་གེ་རྣམས་ཀྱང་གོ་རིམས་མེད་པ་རྟོགས་པ་མེད་པའི་ཕྱིར་ཞེས་འདས་མ་ཐག་ཏུ་བཤད་ཟིན་པའི་ཕྱིར་རོ། །གཞན་སྒྲའི་ངོ་བོ་ཚིག་དང་ངག་གི་བདག་ཉིད་ཅན་ཡི་གེའི་གོ་རིམས་མེད་པ་ཅན་ཡོད་ན་ཡང་སྒྲའི་ངོ་བོ་དེ་མི་རྟག་པའམ། རྟག་པར་འགྱུར་
གྲང་ན་སྟེ་དངོས་པོ་རྣམ་པ་གཞན་མེད་པའི་ཕྱིར་རོ། །གལ་ཏེ་མི་རྟག་པ་ཡིན་ན། དེའི་ཚེ་སྐྱེས་བུ་སུའི་འབད་རྩོལ་གྱི་རྗེས་སུ་བྱེད་པའི་ཕྱིར་རྩོལ་བ་ལས་བྱུང་མི་རྟག་ན། དེ་ཅི་སྐྱེས་བུས་བྱས་པ་མིན་ཏེ། དེ་ལྟར་ན་སྐྱེས་བུས་བྱས་པ་ཡིན་པར་འགྱུར་རོ། །མི་རྟག་པ་ནི་གདོན་མི་ཟ་བར་མི་འགྱུར་རྒྱུ་
འགའ་ཞིག་ལས་སྐྱེས་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་བས་ན་ཡོད་པ་ཉིད་གློ་བུར་བ་སྟེ་རྒྱུ་དང་བྲལ་བ་ཉིད་དུ་ཁས་ལེན་ན་ཡུལ་ལ་སོགས་པ་ངེས་པར་མི་འགྱུར་རོ། །སོགས་པའི་སྒྲས་ནི་དུས་དང་དངོས་པོ་ངེས་པར་མི་འགྱུར་ཏེ། ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་དངོས་པོར་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words