ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད

Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 177 · folio 80b

བྱེད་པ་ནན་ཏན་དུ་བྱེད་པའི་རྒྱུས་དེས་ཐོབ་པར་བྱ་བའི་འབྲས་བུ་སྐྱེར་རུང་བ་རྗེས་སུ་དཔག་པར་བྱ་བ་ཉིད་ཡིན་པའི་ཕྱིར་འདི་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ་རུང་བ་ཉིད་དུ་རྗེས་སུ་དཔག་པའི་ཕྱིར་རོ། །ཇི་སྐད་དུ། རྒྱུ་ཚོགས་པ་ཡིས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་

ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་བཤད་པ་ཡིན་ནོ། །བཅོམ་ལྡན་འདས་ཀྱང་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པར་ནན་ཏན་དུ་མཛད་པ་ཅན་ཡིན་ནོ་ཞེས་བྱ་བ། བཅོམ་ལྡན་འདས་ནན་ཏན་དུ་མཛད་པ་ཉིད་ངེས་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་གཏན་ཚིགས་ལ་ཐེ་ཚོམ་ཟ་བའི་མ་

གྲུབ་པ་ཡིན་ནོ། །སྒྲུབ་པར་བྱེད་པ་ནན་ཏན་དུ་བྱེད་པ་སྲིད་པ་ཅན་གང་ཡིན་པ་དེ་ནི་འབྲས་བུ་ཐོབ་པ་ཡང་སྲིད་པ་ཞེས་བྱ་བར་བྱེ་བྲག་མེད་པར་དེ་ཙམ་ཞིག་ནི་ནུས་མོད་ཀྱི། ཚད་མ་ཉིད་དུ་བསྟན་པ་རྟོགས་པར་ནི་མི་ནུས་སོ། །སྐྱོན་འདི་ནི་མེད་དེ་འདིར་ཡང་སྐྱེས་བུའི་ངེས་པས་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ནན་ཏན་

དུ་བྱེད་པ་འདོད་པ་ནི་མ་ཡིན་གྱི། འོན་ཀྱང་སྤྱིར་ནན་ཏན་དུ་བྱེད་པ་ཉིད་ཡོད་པ་ལ་གནོད་པ་ཅན་གྱི་ཚད་མ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཕྱིན་ཅི་མ་ལོག་པ་ནན་ཏན་དུ་མཛད་པ་ཅན་སྲིད་པ་གང་ཡིན་པ་དེ་ཉིད་ཁོ་བོ་ཅག་གི་བཅོམ་ལྡན་འདས་ཡིན་ནོ། །དེ་ཉིད་ཀྱི་བསྟོད་པ་ནི། ཚད་མར་

གྱུར་པ་སྟོན་པ་བདེ་གཤེགས་སྐྱོབ། །འགྲོ་ལ་ཕན་པར་བཞེད་ལ་ཕྱག་འཚལ་ནས། །ཞེས་བྱ་བ་འདི་ཡིན་ནོ། །གཞན་དག་ནི་གང་གིས་དང་པོར་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པའི་དངོས་པོ་ཐམས་ཅད་ཀྱི་རང་དང་སྤྱིའི་མཚན་ཉིད་ཀྱི་བྱེ་བྲག་ཐ་དད་པ་རྣམ་པ་ཐམས་ཅད་ཚད་མས་མི་སླུ་བ་ཅན་དང་།

དེ་དང་འགལ་བ་མེད་པ་སྟོན་པར་མཛད་པའི་སྟོན་པ་པོ་དེ་ནི་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ནན་ཏན་དུ་མཛད་པ་འབྲས་བུར་གྱུར་པ་ཉིད་ཀྱི་སྟོན་པས་རྗེས་སུ་དཔོག་གོ། །མངོན་སུམ་དུ་མ་མཛད་པར་རྣམ་པ་ཐམས་ཅད་ཚད་མ་དང་མི་འགལ་བར་སྟོན་པ་མི་སྲིད་དོ་ཞེས་སྨྲས་སོ། །ཇི་སྐད་དུ། རང་རྟོགས་རྗེས་སུ་

འབྲང་བས་ནི། །ཇི་ཙམ་ཞིག་ནི་རྟོགས་པར་ནུས། །ཞེས་བཤད་པ་ཡིན་ནོ། །ཇི་སྐད་དུ་འདིར་ཡང་། བླང་བྱ་དེ་རྒྱུ་ལྐོག་གྱུར་ཅན། །དེ་བཤད་པ་ནི་དཀའ་བ་ཡིན། །ཞེས་འཆད་པར་འགྱུར་རོ། །ནམ་མཁའ་ལ་སོགས་པ་ཁྱབ་པར་བྱེད་པ་ཉིད་ཡིན་པ་དེ་བཞིན་དུ་ཞེས་བྱ་བ་ནི། བྱེ་བྲག་པ་དག་གིས། ནམ་

Vol. 177 · folio 81a

མཁའ་ཁྱབ་པར་བྱེད་པ་ཉིད། །ཅེས་བྱ་བའི་ཡོན་ཏན་ཡིན་ནོ་ཞེས་འདོད་དོ། །དངོས་པོ་མཐོང་བའི་ཡུལ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དུས་གང་གི་ཚེ་ཞེ་ན་དངོས་པོའི་སྔ་ན་མེད་པ་དང་། ཞིག་ནས་མེད་པའི་གནས་སྐབས་ཀྱི་ཞེས་བྱ་བ་སྨོས་ཏེ། དངོས་པོ་

ཞེས་བྱ་བའི་སྔ་ན་མེད་པའི་གནས་སྐབས་དང་། ཞིག་ནས་མེད་པའི་གནས་སྐབས་ཀྱི་ཞེས་བྱ་བའི་དོན་ཏོ། །མེ་མཐོང་བ་ལྟ་བུའོ་ཞེས་བྱ་བ་ནི་མེ་དང་དེ་མཐོང་བ་ནི་མི་རྟག་པ་ཉིད་དུ་གཞན་ཡང་འདོད་པའི་ཕྱིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་རྗེས་སུ་འགྲོ་བའི་དཔེ་ཡིན་ནོ། །རང་བཞིན་གྱི་

གཏན་ཚིགས་སོ་ཞེས་བྱ་བ་ལ། ཤེས་པ་མི་རྟག་པ་ཉིད་ནི་མི་རྟག་པའི་ཡུལ་ཉིད་ཙམ་གྱི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཤོལ་བར་བྱེད་པར་འགྱུར་བ་ཞེས་བྱ་བ་ནི་རིམ་བཞིན་བྱེད་པར་འགྱུར་བའོ། །དེ་ནི་དེ་དང་ལྡན་པ་ཉིད་དུ་ཞེས་བྱ་བ་ལ་དེ་ནི་ཞེས་བྱ་བ་ནི་ཕན་འདོགས་པར་བྱེད་པ་མེད་པའོ། །དེ་དང་

ནི་ཕན་གདགས་པར་བྱ་བ་མ་ཡིན་པའི་ཆོས་དང་ཐ་སྙད་དུ་བྱ་བར་རིགས་པ་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །ཐ་སྙད་དུ་བྱ་བ་ཇི་ལྟ་བུར་གྱུར་པ་ཞིག་ཅེ་ན་དེ་དང་ལྡན་པ་ཉིད་དུ་ཞེས་བྱ་བ་སྨོས་ཏེ་ཕན་གདགས་པར་བྱ་བའི་ཆོས་དང་ལྡན་པ་ཉིད་དུའོ། །གསུམ་པ་འདི་ནི་དེ་ལྟ་བུར་གྱུར་པའི་མཚན་ཉིད་ལ་སྦྱར་བ་

ཡིན་ནོ། །གཞན་འགའ་ཞིག་འགའ་ཞིག་དང་ཞེས་བྱ་བ་ནི་དཔེར་ན་བ་ལང་རྟ་དང་ལྡན་པ་མ་ཡིན་པ་ལྟ་བུའོ། །དེ་དང་ལྡན་པ་ཉིད་དུ་ཐ་སྙད་དུ་བྱ་བར་རིགས་པ་ཉིད་ལ་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པའི་ངོ་བོས་ཁྱབ་པ་ཡིན་ན་དེ་ནི་འདི་ལ་མེད་པའི་ཕྱིར་ཁྱབ་པར་བྱེད་པ་མི་

དམིགས་པ་ཡིན་ནོ། །འདིའི་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་པས་ན་ཚད་མ་མེད་པ་ཅན་ནོ། །དེའི་དངོས་པོ་ནི་ཚད་མ་མེད་པ་ཅན་ཉིད་དོ། །མི་རྟག་པ་ངོ་བོ་ཉིད་ཀྱིས་གྲུབ་པ་སྟེ་རང་བཞིན་གྱིས་གྲུབ་པའི་ཚད་མ་སྐྱེས་བུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྡོད་ནས་འཇུག་པའི་ཕྱིར་ཞེས་

བྱ་བ་ལ་སོགས་པས་དབང་ཕྱུག་སྒྲུབ་པར་བྱེད་པའི་ཚད་མ་གསུམ་འགོད་པར་བྱེད་དོ། །ལུས་ཀྱི་དབང་པོ་ལ་སོགས་པ་དུས་གཞན་དུ་སྡོད་ནས་འཇུག་པའི་ཕྱིར་རོ། །ལུས་ནི་སེམས་ཅན་གྱི་ལུས་སོ། །གནས་ནི་སྣོད་ཀྱི་འཇིག་རྟེན་ནོ། །བྱེད་པ་ནི་དབང་པོའོ། །ཕུལ་དུ་བྱུང་བ་དང་ལྡན་པ་སྟེ་ཚིག་གི་དོན་སྣ་

Vol. 177 · folio 81b

ཚོགས་པ་རྩོམ་པར་ནུས་པའི་བློ་གང་ལ་ཡོད་པ་དེ་ནི་ཕུལ་དུ་བྱུང་བ་དང་ལྡན་པའི་བློ་ཅན་གྱི་སྐྱེས་བུའོ། །ལུས་དང་གནས་ལ་སོགས་པ་གང་དག་ལ་དེ་སྔོན་དུ་སོང་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྐྱེས་བུ་དེ་ཡང་དབང་ཕྱུག་ཡིན་ནོ་སྙམ་དུ་སེམས་སོ། །ལུས་དང་གནས་དང་བྱེད་པ་ཞེས་བྱ་བ་དེ་ལ་

ལྟོས་ནས་འཇིག་རྟེན་གྱི་ཞེས་བྱ་བ་དྲུག་པ་ཡིན་ནོ། །ལུས་དང་གནས་དང་བྱེད་པ་དག་གིས་འཇིག་རྟེན་ཐམས་ཅད་བསྡུས་པའི་ཕྱིར་ཐམས་ཅད་ཕྱོགས་སུ་བྱས་པ་ཉིད་ཡིན་ནོ། །དེ་བས་ན་གང་གིས་ན་གཞན་སྟེའུ་ལ་སོགས་པ་དཔེར་འགྱུར་ཞེ་ན་གང་ལ་ལོག་པར་རྟོགས་པ་ཡོད་པ་དག་ལ་ཡིན་ནོ་ཞེས་

བྱ་བ་སྨོས་སོ། །དེ་སྐད་དུ་ཐམས་ཅད་ཕྱོགས་སུ་བྱས་པ་ནི་མ་ཡིན་གྱི། འོན་ཀྱང་ཕུལ་དུ་བྱུང་བ་དང་ལྡན་པའི་བློ་ཅན་གྱི་སྐྱེས་བུས་བྱིན་གྱིས་བརླབས་པ་སྔོན་དུ་སོང་བ་ཉིད་གཞན་གྱིས་མ་རྟོགས་པ་དེ་ཉིད་ཕྱོགས་སུ་བྱས་པ་ཡིན་ལ། སྟེའུ་ལ་སོགས་པ་དག་ལ་ཇི་སྐད་དུ་བཤད་བའི་སྒྲུབ་པར་བྱེད་

པའི་ཆོས་ཡོད་པ་ཉིད་ཀྱི་ཕྱིར་དེ་དག་ཕྱོགས་སུ་བྱས་པ་ནི་མ་ཡིན་ནོ་ཞེས་སྨྲའོ། །དེ་དག་སྒྲུབ་པར་བྱེད་པ་གཞན་དག་ཅེས་བྱ་བ་ནི་དབང་ཕྱུག་སྒྲུབ་པར་བྱེད་པ་དག་སྟེ། གང་སེམས་མེད་པ་དེ་ནི་སྐྱེས་བུ་དང་བློ་དང་ལྡན་པ་སྔོན་དུ་སོང་བ་ཅན་ཡིན་ཏེ་དཔེར་ན་སྟེའུ་ལ་སོགས་པ་ལྟ་བུའོ། །ལུས་དང་བྱེད་པ་

ལ་སོགས་པ་ཡང་སེམས་མེད་པ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ལའོ། །འདོད་པ་གྲུབ་པའམ་ཞེས་བྱ་བའི་མདོ་འདིའི་བཤད་པ་ནི་གྲུབ་པ་ལ་སྒྲུབ་པ་ཞེས་བྱ་བ་ཡིན་ནོ། །གང་གི་ཚེ་རྟག་པ་ཉིད་ལ་སོགས་པའི་ཁྱད་པར་ལ་ལྟོས་པ་མེད་པ་སྐྱེས་བུ་ཙམ་གྱིས་བྱིན་གྱིས་བརླབས་པ་སྔོན་དུ་

སོང་བ་ཅན་ཉིད་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །དེ་ཉིད་ནི་དངོས་སམ་བརྒྱུད་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་སེམས་ཅན་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ལུས་དང་གནས་དང་བྱེད་པ་ལ་སོགས་པ་དག་གི་ཞེས་བྱ་བ་ལ་ལྟོས་པ་དང་སེམས་པའི་ཁྱད་པར་ལ་ལྟོས་ནས་འབྲེལ་པའི་

དྲུག་པ་ཡིན་ནོ། །ལུས་དང་གནས་དང་བྱེད་པ་ལ་སོགས་པ་དག་གི་ཞེས་བྱ་བ་འདི་ཡང་མངོན་པར་འགྲུབ་པའི་ཕྱིར་ཞེས་བྱ་བའི་ཚིག་ལ་ལྟོས་ནས་དྲུག་པ་ཡིན་ནོ། །སེམས་ཅན་རྣམས་ཀྱི་ལུས་དང་གནས་དང་བྱེད་པ་གང་ཡིན་པ་དེ་རྣམས་ནི་སེམས་ཅན་ཐམས་ཅད་དང་འབྲེལ་པའི་སེམས་པའི་ཁྱད་པར་ལས་

Vol. 177 · folio 82a

མངོན་པར་འགྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སེམས་རྣམས་ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། དངོས་སམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཚེ་ཕན་ཚུན་བདག་པོ་ཉིད་དུ་ཆོད་པ་མེད་པ་ལ་བརྟེན་ནས་འཇུག་པ་དེའི་ཚེ་དངོས་དང་ཆོད་པ་ཉིད་ལ་བརྟེན་པ་ནི་

བརྒྱུད་པས་སོ། །སེམས་པ་བློའི་མཚན་ཉིད་ཅན་མ་ཡིན་པར་གྲངས་ཅན་འདོད་པའི་ཕྱིར་དེ་བསལ་བར་བྱ་བའི་དོན་དུ་བློའི་མཚན་ཉིད་ཅན་སྨོས་སོ། །དབང་ཕྱུག་ཏུ་མངོན་བར་འདོད་པ་དེ་ལས་གཞན་པ་དེའི་ཕན་འདོགས་པར་བྱེད་པ་དེ་ལ་ལྟོས་པ་མེད་པའོ། །དེས་ནི་ཕུལ་དུ་བྱུང་བ་ཉིད་དུ་བྱར་མེད་

པ་ཉིད་ཀྱི་ཕྱིར་རྟག་པ་ཉིད་དང་གཅིག་གི་ཞེས་བྱ་བ་འདིས་གྲོགས་གཞན་ལ་ལྟོས་པ་མེད་པ་ཉིད་སྨྲས་སོ། །གལ་ཏེ་གྲོགས་གཞན་ལ་ལྟོས་པ་མེད་པ་སྐྱེས་བུ་རྟག་པའི་བློས་བྱིན་གྱིས་བརླབས་པ་སྔོན་དུ་སོང་བ་ཅན་ཉིད་བསྒྲུབ་བྱ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དཔེ་མ་གྲུབ་ཅེས་བྱ་བའི་མདོ་འདིའི་དཔེ་

བསྒྲུབ་པར་བྱ་བས་སྟོང་པ་ཞེས་བྱ་བ་ནི་བཤད་པ་ཡིན་ནོ། །དེ་ལྟ་བུར་གྱུར་པའི་ཞེས་བྱ་བ་ལ་སོགས་པས་དེ་ཉིད་རྣམ་པར་འབྱེད་པར་བྱེད་དོ། །དེ་ལྟ་བུར་གྱུར་པའི་སྐྱེས་བུས་ཞེས་བྱ་བ་ནི་གཞན་ཕན་འདོགས་པར་བྱེད་པ་ལ་ལྟོས་པ་མེད་པ་ལ་སོགས་པ་དང་ལྡན་པས་སོ། །སྐྱེས་བུ་མི་རྟག་པས་བྱིན་གྱིས་

བརླབས་པའི་སྟེའུ་ལ་སོགས་པ་རྣམས་ཀྱི་འཇུག་པ་མཐོང་བའི་ཕྱིར་རོ། །དེས་ནི་གང་སྡོད་ནས་འཇུག་པ་ཞེས་བྱ་བའི་སྦྱོར་བ་དེའི་དཔེ་གང་ཡིན་པ་དེ་ལ་བསྒྲུབ་པར་བྱ་བས་སྟོང་པ་ཉིད་བཤད་དོ། །དེ་བཞིན་དུ་གཞལ་ཡས་ཁང་ལ་སོགས་པ་གྲུབ་པ་ནི་དེ་ལྟ་བུར་གྱུར་པའི་སྐྱེས་བུས་བྱིན་གྱིས་བརླབས་པའི་

དབང་གིས་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདིས་ནི་སྦྱོར་བ་བར་མའི་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཉིད་བཤད་དོ། །དེ་ལྟ་བུར་གྱུར་པའི་སྐྱེས་བུས་བྱིན་གྱིས་བརླབས་པ་ལ་སོགས་པ་ཞེས་བྱ་བ་འདི་ལ་ཡང་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འདིས་ནི་སྦྱོར་བ་གསུམ་པའི་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཉིད་

བཤད་དོ། །དེ་ལྟར་རེ་ཞིག་སྐྱེས་བུ་གཞན་གྱི་ཕན་འདོགས་པ་ལ་ལྟོས་པ་མེད་པ་སྐྱེས་བུའི་བློ་སྔོན་དུ་སོང་བ་ཅན་ཉིད་ཀྱིས་དཔེ་མ་གྲུབ་པ་བརྗོད་ནས། ད་ནི་སྐྱེས་བུ་གཅིག་གི་ཁྱད་པར་གྱི་བློ་སྔོན་དུ་སོང་བ་ཅན་ཉིད་ཀྱི་ནི་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཐམས་ཅད་དུ་སྟེའུ་ལ་སོགས་པ་ལའོ། །

Vol. 177 · folio 82b

དེ་བས་ན་སྐྱེས་བུ་གཅིག་གི་བློ་སྔོན་དུ་སོང་བ་ཅན་ཉིད་མ་གྲུབ་པ་ཡིན་ནོ། །ཅི་སྟེ་སྐྱེས་བུ་དུ་མ་ཉེ་བར་སྦྱོར་བ་ཉིད་ཡིན་དུ་ཟིན་ཀྱང་དེ་ལ་གཅིག་ནི་གཙོ་བོ་ཉིད་ཡིན་ཏེ་དེ་ཉིད་དབང་ཕྱུག་ཏུ་འགྱུར་བར་འདོད་དོ་ཞེ་ན། ཉེ་བར་སྦྱོར་བ་དག་ལ་ཡང་ཞེས་བྱ་བ་སྨོས་ཏེ། གནས་སྐབས་གཞན་ཐོབ་པ་གགས་བྱ་

བར་མི་ནུས་པ་ཅན་ཐམས་ཅད་ནི་གཙོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་ཐམས་ཅད་དེ་ལ་ཉེ་བར་སྦྱོར་བ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་དེ་འགྲུབ་པར་བྱ་བའི་ཕྱིར་ཉེ་བར་སྦྱོར་བ་ནི་དེ་ལ་ཉེ་བར་སྦྱོར་བ་ནའོ། །དེ་ལྟ་བུའི་རྣམ་པ་ཅན་གྱི་སྐྱེས་བུ་དེ་ཉིད་ཀྱིས་ཞེས་བྱ་

བ་ནི་དབང་ཕྱུག་གིས་སོ། །དེ་ལྟར་ན་དབང་ཕྱུག་ཀྱང་སྡོད་ཅིང་སྡོད་ནས་ལུས་ལ་སོགས་པ་ལ་འཇུག་པར་བྱེད་ནའོ། །སོགས་པའི་སྒྲས་ནི་བྱེད་པ་དང་གནས་ཡོངས་སུ་གཟུང་ངོ་། །དེ་ལྟ་བུའི་རྣམ་པ་ཅན་གྱི་སྐྱེས་བུ་གཞན་གྱིས་བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་རང་ཉིད་ཀྱིས་མ་ངེས་པ་ཡིན་ནོ། །ཅི་སྟེ་དེ་

ལ་ཡང་བྱིན་གྱིས་རློབ་པ་པོ་འདོད་ན་བྱིན་གྱིས་རློབ་པ་པོ་གང་ཡིན་པ་དེས་མ་ངེས་པ་མ་ཡིན་ནོ། །དེ་ལ་ཡང་བྱིན་གྱིས་རློབ་པ་པོ་གཞན་ཁས་ལེན་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །དེ་ལྟར་རེ་ཞིག་སྡོད་ནས་འཇུག་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་ཉིད་དུ་བཤད་ནས་དོན་བྱེད་པར་ནུས་

པའི་ཕྱིར་ཞེས་བྱ་བ་འདི་མ་ངེས་པ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཐུག་པ་མེད་པའི་སྐྱོན་ཡོད་པ་ཉིད་ཀྱི་ཕྱིར་དེ་ལྟ་བུའི་རྣམ་པ་ཅན་གྱི་སྐྱེས་བུས་བྱིན་གྱིས་རློབ་པ་སྟེ་དབང་ཕྱུག་གིས་དོན་གྱི་བྱ་བ་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་ཡང་རང་ཉིད་ཀྱིས་མ་ངེས་པ་མ་ཡིན་ནོ། །དེ་ནི་སྡོད་ནས་འཇུག་

པར་བྱེད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ་དབང་ཕྱུག་འདི་ནི་རྟག་ཏུ་འཇུག་པ་ཉིད་ཡིན་ནོ། །དེ་བས་ན་དེ་ལ་གཏན་ཚིགས་འཇུག་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་གང་གིས་ན་མ་ངེས་པ་མ་ཡིན་སྙམ་དུ་བསམས་པའོ། །དེའི་འབྲས་བུ་ཐམས་ཅད་ལ་ཞེས་བྱ་བ་ལ་རིམ་བཞིན་དུ་བྱེད་པ་ཅན་ཉིད་

མ་ཡིན་པར་ཁས་ལེན་པ་ན་ཅིག་ཅར་འབྲས་བུ་སྐྱེད་པར་འགྱུར་རོ། །གལ་ཏེ་རྟག་པར་རིམ་གྱིས་བྱེད་པ་ཉིད་ཡིན་ན་ཡང་ཇི་ལྟར་འགྱུར་ཞེ་ན་ཉེས་པ་གཞན་འདིར་འགྱུར་རོ། །རང་བཞིན་ཉམས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐམས་ཅད་དུ་དོན་བྱེད་པ་ཁས་མི་ལེན་ན་དངོས་པོ་ཉིད་ཉམས་པར་འགྱུར་རོ། །གཞན་

Vol. 177 · folio 83a

ཡང་ཞེས་བྱ་བ་ལ་སོགས་པ་ལ་སྡོད་ནས་འཇུག་པ་ལ་སོགས་པའི་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །ཁྱབ་པ་མེད་པའི་ཕྱིར་མ་ངེས་པ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བས་སྒྲུབ་པར་བྱེད་པ་ལ་ཁྱབ་པ་མེད་པའི་ཕྱིར་མ་ངེས་པ་ཡིན་ནོ། །སྔར་རང་ཉིད་ཀྱི་དང་དེས་ནི་རྣམ་

པ་ཐམས་ཅད་དུ་མ་ངེས་པར་བསྟན་ཏོ། །སྒོ་ཁང་ནི་སྒོའི་བྱེ་བྲག་གོ། །དེའི་བྱེད་པ་མ་མཐོང་དུ་ཟིན་ཀྱང་སྟེ་གང་གིས་ཁང་བཟངས་ལ་སོགས་པ་དེ་བྱེད་པ་མ་མཐོང་ན་ཡང་ངོ་། །གང་ལས་རི་ལ་སོགས་པ་དག་ལ་དེ་ལྟ་བུའི་རྣམ་པ་ཅན་གྱི་དབྱིབས་ཡོད་པ་མ་ཡིན་པ་དེའི་ཕྱིར་མ་གྲུབ་པ་ཉིད་ཡིན་ནོ། །

དེ་སྐད་དུ་སྡོད་ནས་འཇུག་པ་ལ་སོགས་པ་དག་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཅི་འདྲ་བའི་སྡོད་ནས་འཇུག་པ་དང་དོན་བྱེད་པར་ནུས་པ་བློ་སྔོན་དུ་སོང་བ་ཅན་ཅི་འདྲ་བ་དེ་འདྲ་བ་ཉིད་གལ་ཏེ་ལུས་དང་བྱེད་པ་ལ་སོགས་པ་དག་ལ་ཡོད་པར་གྱུར་ན་དེར་འགྱུར་ཏེ། གང་ལས་ཡོད་པ་མ་ཡིན་ཞེའོ། །

ཅི་འདྲ་བ་གྲུབ་པ་ཞེས་བྱ་བ་ནི་བཀོད་པ་ལ་སོགས་པ་ཞེས་བྱ་བ་འཆད་པར་འགྱུར་བ་དང་སྦྱར་རོ། །དབྱིབས་ཀྱི་ཁྱད་པར་ལ་སོགས་པ་ཐ་དད་པ་ལ་ཞེས་བྱ་བའི་སོགས་པའི་སྒྲས་ནི་སྡོད་ནས་འཇུག་པ་དང་དོན་བྱེད་པར་ནུས་པ་གཟུང་ངོ་། །རྫས་སྔོན་པོའི་ཁྱད་པར་ནི་དུ་བའོ། །གང་ཁོ་ན་མེ་ལས་སྐྱེ་བའི་

ཆོས་དེ་ལ་གཞན་དང་ཐུན་མོང་མ་ཡིན་པའི་ཆོས་ནི་སྔོན་པོ་ཉིད་དོ། །དེ་བས་ན་སྤྱི་དེ་འདྲ་བ་ཞེས་བྱ་བ་ལ་སོགས་པས་ཁྱབ་པ་མེད་པའི་ཕྱིར་དང་གཏན་ཚིགས་མ་ངེས་པ་ཉིད་ཀྱང་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་མཇུག་སྡུད་པར་བྱེད་དོ། །ཅི་སྟེ་ཡང་ཞེས་བྱ་བ་ལ་སོགས་པས་མ་གྲུབ་པ་ཉིད་བསྟན་

ཏོ། །དབྱིབས་ཀྱི་ཁྱད་པར་དེ་ཉིད་ཅེས་བྱ་བ་ནི་ཁང་བཟངས་ལ་སོགས་པ་སྐྱེས་བུས་བྱས་པ་ཉིད་དུ་གྲགས་པ་གང་ཡིན་པའོ། །དེའི་འབྲས་བུ་ཉིད་དུ་ཞེས་བྱ་བ་ནི་སྐྱེས་བུའི་འབྲས་བུ་ཉིད་དུའོ། །དེ་བཞིན་དུ་སྡོད་ནས་འཇུག་པ་ལ་སོགས་པའི་ཁྱད་པར་སྟེའུ་ལ་སོགས་པ་དག་ལ་ཡང་ཡིན་པ་དེ་ནི་རི་བོ་

ལ་སོགས་པ་དག་ལ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེས་བྱས་ཞེས་བྱ་བ་དེའི་བཤད་པ་ནི་རྫ་མཁན་གྱིས་བྱས་པར་རོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་སྤྱི་གཏན་ཚིགས་སུ་བྱས་པ་ལ་ཁྱད་པར་ཀུན་ཏུ་བརྟགས་པའི་ཕྱིར་དེ་ནི་འབྲས་བུ་དང་མཚུངས་པ་ཞེས་བྱ་བའི་ལྟག་ཆོད་ཡིན་ནོ། །གལ་

Vol. 177 · folio 83b

ཏེ་བུམ་པའི་བྱས་པ་ཉིད་གཏན་ཚིགས་ཡིན་ན་དེ་ནི་སྒྲ་ལ་ཡོད་པ་མ་ཡིན་ཏེ་གཞན་གྱི་ཆོས་གཞན་ལ་མེད་པའི་ཕྱིར་རོ། །སྤྱི་གཏན་ཚིགས་ཡིན་ན་ཞེས་བྱ་བ་ནི་དབྱིབས་ལ་སོགས་པ་ཙམ་ཡིན་ནོ། །ཁྱད་པར་གཏན་ཚིགས་ཡིན་ན་ནི་མ་གྲུབ་པ་ཡིན་ནོ། །རིགས་ཀྱི་ཁྱད་པར་ནི་རྫས་ཀྱི་བྱེ་བྲག་གོ། །

རིགས་ཀྱི་སྤྱི་བཟུང་བའི་ཕྱིར་ཞེས་བྱ་བ་ནི་དབྱིབས་ཀྱི་སྤྱི་གཟུང་བའི་ཕྱིར་རོ། །ངག་ལ་སོགས་པ་ཞེས་བྱ་བ་ནི། ངག་ཕྱོགས་པ་དང་འོད་ཟེར་དང་ཞེས་བྱ་བ་ལ་སོགས་པའོ། །བ་ལང་ཉིད་ཀྱི་ཕྱིར་ནི་བ་ལང་གི་སྒྲའི་བརྗོད་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ཐམས་ཅད་ཀྱིས་ནི་མ་གྲུབ་པ་ཉིད་དང་མ་ངེས་པ་ཉིད་དུ་

ཞེས་བྱ་བ་ནི་ཁྱད་པར་གཏན་ཚིགས་ཡིན་ན་མ་གྲུབ་པ་དང་སྤྱི་ཡིན་ན་མ་ངེས་པ་ཉིད་དུའོ། །སེར་སྐྱ་ལ་སོགས་ཀྱི་ཞེས་བྱ་བའི་སོགས་པའི་སྒྲས་ནི་འུག་པ་པ་གཟུང་ངོ་། །སེམས་མེད་སོགས་ཞེས་བྱ་བའི་སོགས་པའི་སྒྲས་ནི་བདེ་བ་ལ་སོགས་པ་ནི་ནང་གི་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་གཟུང་ངོ་། །

བློ་དང་བདེ་བ་ལ་སོགས་པའི་ཆོས་ཅན་ནི་མི་རྟག་པ་ཉིད་ལ་སོགས་པའི་གཏན་ཚིགས་ལས་སེམས་མེད་པ་ལ་སོགས་པའི་བསྒྲུབ་པར་བྱ་བའི་དཔྱད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དཔེར་ན་བློ་དང་བདེ་བ་ལ་སོགས་པ་ནི་མི་རྟག་པ་ཉིད་ཀྱི་ཕྱིར་དང་། སྐྱེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་སེམས་མེད་པ་དང་ནང་

གི་ཉིད་མ་ཡིན་ཏེ་གཟུགས་ལ་སོགས་པ་བཞིན་ནོ། །ཡང་གི་སྒྲ་ནི་རིམ་པ་གཞན་དུ་སྦྱར་རོ་ཞེས་བྱ་བ་མི་རྟག་པ་ལ་སོགས་པ་ཕྱིར་ཡང་ཞེས་བྱ་བ་འདིའི་ཡང་གི་སྒྲ་རིམ་པ་གཞན་དུ་སྦྱར་བ་ནི་སེམས་དང་ལྡན་པ་ཡང་ཞེས་བྱ་བ་འདི་དང་སྦྱར་རོ། །ཤུན་ལྤགས་ཐམས་ཅད་བཤུས་ན་འཆི་བའི་གཏན་

ཚིགས་ཀྱི་ཕྱིར་ཞེས་བྱ་བ་འདི་ལས་ཤིང་རྣམས་སེམས་དང་ལྡན་པར་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཡང་དཔྱད་པ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །འདི་ལྟར་སངས་རྒྱས་པ་ལ་སོགས་པ་ཞེས་བྱ་བ་ནི། དེ་དག་གིས་གཏན་དུ་འཇིག་པ་ཅན་གྱིས་འཇིག་པ་ཁས་བླངས་པ་ཉིད་ཀྱི་ཕྱིར་རོ། །རང་དང་

གཞན་གྱིས་མངོན་པར་འདོད་པའི་མི་རྟག་པའི་དོན་ཞེས་བྱ་བ་ལ། རང་གིས་མངོན་པར་འདོད་པའི་མི་རྟག་པའི་དོན་ནི་གྲངས་ཅན་གྱི་ནུབ་པ་ཙམ་མོ། །གཞན་གྱིས་མངོན་པར་འདོད་པ་ནི་སངས་རྒྱས་པའི་གཏན་དུ་འཇིག་པའོ། །ཅི་རིགས་པར་ཞེས་བྱ་བ་ནི་རང་གིས་མངོན་པར་འདོད་པའི་མི་རྟག་པའི་དོན་

Vol. 177 · folio 84a

བཟུང་བ་ནི་གཞན་ལ་མ་གྲུབ་པ་ཡིན་ནོ། །གཞན་གྱིས་མངོན་པར་འདོད་པ་ཁས་བླངས་པ་ནི་བདག་ཉིད་ལ་མ་གྲུབ་པ་ཡིན་ནོ། །མི་རྟག་པའི་སྤྱི་གཏན་ཚིགས་སུ་བྱས་པ་ན་རྒོལ་བ་བྱེ་བྲག་ལ་ཁྱད་པར་དུ་རྟོག་པ་ནི་ལྟག་ཆོད་དུ་འགྱུར་རོ་ཞེ་ན། འབྲས་བུ་དང་མཚུངས་པའི་ཞེས་བྱ་བ་ལ་

སོགས་པ་སྨོས་སོ། །སྤྱི་ཉིད་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་གྱིས་ཀུན་ཏུ་བརྟགས་པ་ཉིད་ཀྱི་མི་རྟག་པ་ཉིད་ཀྱི་ཁྱད་པར་དང་། སངས་རྒྱས་པས་ཀུན་ཏུ་བརྟགས་པ་ཉིད་གཅིག་ལ་གཅིག་གྲུབ་པར་འགྱུར་བ་དེའི་ཚེ་གསལ་བའི་བྱེ་བྲག་གིས་མི་རྟག་པ་ཉིད་ཀྱི་ཁྱད་པར་གཉིས་གནས་པ་ཡོད་

ན་དེའི་རྟེན་ཅན་གྱི་སྤྱི་གྲུབ་པར་འགྱུར་ཏེ། དཔེར་ན་སྒྲ་དང་བུམ་པ་ཡང་བྱས་པ་ཡིན་ན་དེ་དག་གི་བྱས་པ་ཉིད་སྤྱི་གཏན་ཚིགས་སུ་འགྱུར་བ་ལྟ་བུའོ། །འདིར་ནི་གསལ་བ་ཉིད་མ་གྲུབ་པའི་ཕྱིར་གང་ལས་དེའི་རྟེན་ཅན་གྱི་སྤྱི་གྲུབ་པར་འགྱུར། དེ་ཡང་ཚད་མ་རྣམ་པར་ངེས་པ་ལས་རྒྱས་པར་བཤད་ཟིན་ཏོ། །

དེ་བས་ན་ཚད་མ་རྣམ་པར་ངེས་པ་ལས་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བར་སྨོས་སོ། །ཤུན་ལྤགས་བཤུས་པས་འཆི་བའི་ཕྱིར། །ཞེས་བཤད་པ་གང་ཡིན་པ་དེ་ཡང་མ་གྲུབ་པ་ནི་ཤིང་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་རྣམས་ལ་ཞེས་བྱ་བ་ལ་སོགས་པ་དགག་པའི་མཚན་ཉིད་ཅན་གྱི་འཆི་བ་ནི་མ་

གྲུབ་པ་ཡིན་ནོ། །གྲུབ་ན་ཡང་སེམས་པ་ཡང་གྲུབ་པའི་ཕྱིར་སྒྲུབ་པར་བྱེད་པ་དོན་མེད་དོ། །གལ་ཏེ་བསྐམས་པ་ཙམ་ཉིད་འཆི་བ་ཡིན་པར་འདོད་པ་ཡིན་ལ་དེ་ཡང་ཤིང་རྣམས་ལ་ཡོད་པ་ཡིན་ནོ་ཞེ་ན་འཆི་བའི་སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མི་འཇུག་ན་ཡང་ཞེས་བྱ་བ་ནི་ཤ་སྐམ་ལ་སོགས་པ་ལ་

སྐམ་པ་ཞེས་བྱ་བ་མི་འཇུག་གོ་ཞེས་ཁས་ལེན་པའི་བརྗོད་པ་འདི་ཡིན་མོད་ཀྱི་དེ་ལྟ་ན་ཡང་གང་ཞིག་བསྐམས་པ་དང་ལྡན་པ་དེ་ལ་སེམས་ཡོད་པ་ཞེས་བྱ་བའི་ཁྱབ་པ་གྲུབ་པ་མ་ཡིན་ཏེ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རོ། །འབྲེལ་པ་ཅན་ཐ་དད་པའི་རྟེན་གྱིས་ཞེས་བྱ་བ་ནི་ཅིའི་སྒྲའི་བྱས་

པ་ཉིད་དམ་འོན་ཏེ་བུམ་པའི་བྱས་པ་ཉིད་བརྗོད་པར་འདོད་པ་ཡིན་ཞེའོ། །ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་དངོས་པོར་གྱུར་པའི་ལྡན་པ་དང་རྣམ་པར་ཕྱེ་བ་དག་གིས་སྐྱེད་པ་ཉིད་ལ་སོགས་པ་གཟུང་ངོ་། །ལུས་སོགས་སྒྲུབ་བྱེད་ཅེས་བྱ་བའི་སོགས་པ་སྨོས་པས་ནི་ཐོགས་པ་དང་

Vol. 177 · folio 84b

བཅས་པ་ཉིད་ལ་སོགས་པ་གཟུང་ངོ་། །འདིའི་ཡང་ཞེས་བྱ་བ་ནི་བྱེ་བྲག་པའིའོ། །དེའི་རྫས་ནི་རྣམ་པ་གཉིས་ཏེ་ཕྱོགས་དང་བདག་དང་དུས་དང་ནམ་མཁའ་ཞེས་བྱ་བ་ནི་ཐམས་ཅད་དུ་འགྲོ་བའོ། །ས་ལ་སོགས་པ་ནི་ཐམས་ཅད་དུ་འགྲོ་བ་མ་ཡིན་པའོ། །དེའི་ཚད་ཚིག་གི་དོན་གང་ཡིན་པ་དེ་ནི་

ལུས་ཅན་ཡིན་ནོ། །ཕན་ཚུན་མངོན་པར་འདོད་པའི་ཡུལ་ལ་ཞེས་བྱ་བ་ནི། རེག་བྱ་དང་ཚད་ལ་སྟེ་དོན་ལ་མ་གྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ལུས་ཅན་གྱི་སྒྲའི་དོན་རེག་བྱའི་མཚན་ཉིད་ཅན་བརྗོད་པར་འདོད་པ་གང་ཡིན་པ་དེ་མ་གྲུབ་པ་མ་ཡིན་པ་སྟེ། བརྗོད་པར་འདོད་པ་ཉིད་ཡིན་ནོ། །

དེ་ཉིད་ནི་གཉི་གས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་རེག་བྱ་ནི་སྒྲུབ་པར་བྱེད་པ་ཉིད་ཡིན་ནོ་ཞེས་རྣམ་པར་དབྱེ་བ་བསྒྱུར་ནས་སྦྱར་རོ། །འགལ་བ་ནི་བསྒྲུབ་པར་བྱ་བ་བཟློག་པས་ཁྱབ་པའོ། །སྒྲ་འཁྲུལ་པ་ཙམ་གྱིས་སྒྲུབ་པར་བྱེད་པ་སྐྱོན་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །

གང་ལ་ཡང་དོན་འཁྲུལ་པ་ཅན་ཡིན་ཞིང་སྒྲ་འཁྲུལ་པ་མེད་པ་ཅན་ཡིན་ཞེ་ན་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྲ་མོ་རྭ་ཅན་ཉིད་དུ་བསྒྲུབ་པར་བྱ་བའམ་གླང་པོའི་ཕྲུག་གུའི་ཁྱད་པར་ལ་རྭ་ཅན་དུ་ཞེས་བྱ་བར་སྦྱར་རོ། །བ་ལང་ཉིད་ལག་ཅན་ཉིད་ཕྱིར། །ཞེས་བྱ་བ་ནི་གོ་རིམས་བཞིན་དུ་

གཏན་ཚིགས་ཡིན་ནོ། །གཏན་ཚིགས་འདི་གཉིས་ཀྱི་དོན་ཀྱང་གོ་རིམས་བཞིན་དུ་འགྲོ་བའི་ཕྱིར་རམ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བ་ལང་གི་སྒྲ་ལ་སོགས་པའི་བརྗོད་པར་བྱ་བ་ཉིད་གྲགས་པ་བརྗོད་པར་འདོད་པ་མ་ཡིན་པ་ཞེས་བྱ་བ་ནི་རིགས་ཐ་དད་པར་མི་འདོད་པ་གང་ཡིན་པ་དེ་དག་ནི་གྲགས་

པ་ཉིད་ཀྱི་དབྱིབས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའི་རྫས་ལ་བ་ལང་ལ་སོགས་པའི་སྒྲ་འཇུག་པར་འགྱུར་རོ། །དེ་དག་ནི་བ་ལང་ལ་སོགས་པ་བརྗོད་པར་བྱ་བ་ཉིད་དེ་རྫས་དབྱིབས་ཀྱི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པ་བརྗོད་པར་འདོད་པ་མ་ཡིན་ནོ། །དེ་བརྗོད་པར་འདོད་པ་ཡིན་ན་ནི་དོན་ཉིད་

འཁྲུལ་པ་ཅན་མ་ཡིན་ནོ། །བ་ལང་གི་རིགས་སམ་ཞེས་བྱ་བ་ནི་རིགས་ཐ་དད་པའི་སྨྲ་པའི་གཞུང་གིས་དེ་སྐད་དུ་བཤད་དོ། །རིགས་བརྗོད་པར་འདོད་པ་ཡིན་ན་ནི་དོན་འཁྲུལ་པ་མེད་པར་འགྱུར་རོ། །དེ་ལྟ་ན་ཡང་གྲགས་པས་ངེས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གལ་ཏེ་བ་ལང་ཉིད་དང་གླང་པོ་ཆེ་ཉིད་ཀྱི་

Vol. 177 · folio 85a

སྒྲ་དག་གིས་འགྲོ་བ་དང་ལག་པ་དང་འབྲེལ་པ་རྗོད་པར་འདོད་པ་དེ་ལྟ་ན་ཡང་གྲགས་པས་ངེས་པར་བྱས་པ་ཉིད་ཀྱི་ཕྱིར་འགྲོ་བ་དང་ལག་པ་དང་འབྲེལ་བ་བཟུང་ནས་བ་ལང་དང་གླང་པོ་ཆེའི་སྒྲ་ལ་འཇུག་པ་ན་ཡང་དེའི་རིགས་ཏེ་བ་ལང་དང་གླང་པོ་ཆེའི་རིགས་ལ་འཁྲུལ་པ་མ་ཡིན་ནོ། །འགྲོ་

བས་ན་བ་ལང་ཞེས་བྱ་བའི་བརྗོད་པ་ལ་ཡང་རབ་ཏུ་གྲགས་པ་ཉིད་ཀྱི་བ་ལང་ལ་བ་ལང་གི་སྒྲ་གནས་པའི་ཕྱིར་རོ། །དེ་བཞིན་དུ་གླང་པོ་ཆེའི་སྒྲ་ཡང་ཡིན་ནོ། །འདིས་ནི་སྒྲ་འཁྲུལ་པ་མེད་པ་ཅན་བཤད་དོ། །བརྗོད་པར་འདོད་པའི་དོན་ཡང་ཞེས་བྱ་བ་ནི་འགྲོ་བ་དང་ལག་པ་དང་འབྲེལ་པའོ། །འཁྲུལ་པར་

བྱེད་པ་ནི་རྭ་མེད་པའི་མི་དག་ལ་ཡང་འཇུག་པའི་ཕྱིར་རོ། །དོན་དེ་བརྗོད་པར་འདོད་པས་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་བ་ལ་སོགས་པའི་དོན་བརྗོད་པར་འདོད་པས་བ་ལང་ཉིད་ལ་སོགས་པའི་སྒྲ་སྦྱོར་བར་བྱེད་པའིའོ། །འཁྲུལ་པ་མེད་པ་ཅན་ཡིན་ན་ཡང་ཞེས་བྱ་བ་ནི་གལ་ཏེ་གྲགས་པས་ངེས་པ་

ཉིད་ཀྱི་ཕྱིར་སྒྲ་འཁྲུལ་པ་མེད་པ་ཅན་ཡིན་པ་དེ་ལྟ་ན་ཡང་དེ་ལ་སྒྲ་ནི་གཏན་ཚིགས་མ་ཡིན་ནོ། །འོ་ན་ཅི་ཡིན་ཞེ་ན། དོན་ཉིད་དེ་འགྲོ་བ་དང་ལག་པ་དང་འབྲེལ་པའི་མཚན་ཉིད་ཅན་ནོ། །དེ་ཡང་འཁྲུལ་པ་ཡིན་ཏེ། མི་མཐུན་པའི་ཕྱོགས་ལ་ཡང་འཇུག་པའི་ཕྱིར་རོ། །དེ་འདྲ་བའི་རྣམ་པ་ནི་བ་ལང་ཉིད་

ལ་སོགས་པའོ། །དེ་འདྲ་བའི་ཞེས་བྱ་བ་ནི་འགྲོ་བ་ལ་སོགས་པའི་དོན་བརྗོད་པར་འདོད་པ་ལའོ། །གལ་ཏེ་བ་ལང་དང་གླང་པོ་ཆེའི་སྒྲ་དག་ལ་བ་ལང་དང་གླང་པོ་ཆེ་གང་དག་གི་འགྲོ་བ་དང་ལག་པ་དང་འབྲེལ་པའི་ཁྱད་པར་ཅན་དག་ལ་བསྟན་པ་དེའི་ཚེ་སྒྲ་དང་འདྲ་བའི་དོན་ནི་འཁྲུལ་པ་མེད་པའི་ཕྱིར་གོ་བར་

བྱེད་པའི་གཏན་ཚིགས་ཉིད་ཡིན་ནོ། །ཅི་སྟེ་འགྲོ་བ་དང་ལག་པ་དང་འབྲེལ་པ་ཙམ་གཏན་ཚིགས་ཡིན་པ་དེའི་ཚེ། དེ་ནི་སྐྱེས་བུ་ལ་ཡང་ཡོད་པ་ཉིད་ཀྱི་ཕྱིར། རང་གི་རྒྱུ་མཚན་གྱིས་རབ་ཏུ་སྦྱར་བའི་སྒྲ་ནི་སྐྱེས་བུ་ལ་ཡང་ཐལ་བར་འགྱུར་བ་དེ་ལྟར་ན་སྒྲ་ཡང་འཁྲུལ་པ་ཡིན་ནོ་ཞེ་ན། དེའི་ཕྱིར་བརྗོད་པར་

འདོད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བ་ལ་སོགས་པའི་སྤྱི་ཉིད་སྒྲའི་དོན་ཉིད་དུ་བརྗོད་པར་འདོད་ཀྱི་ཁྱད་པར་ནི་མ་ཡིན་ནོ། །བརྗོད་པར་འདོད་པའི་དོན་གྱི་སྤྱིའི་མཚན་ཉིད་ཀྱང་སྐྱེས་བུ་ལ་ཡོད་པ་ཡིན་ནོ། །དེ་ལྟ་ན་ཡང་བ་ལང་གི་སྒྲ་དང་གླང་པོ་ཆེའི་སྒྲ་ནི་སྐྱེས་བུ་ལ་ཡོད་པ་ཡིན་ནོ། །འཆད་པ་

Vol. 177 · folio 85b

པོ་འདི་སྐྱེས་བུ་ལ་བ་ལང་ལ་སོགས་པའི་སྒྲ་འདོད་པ་ཡང་མ་ཡིན་ཏེ། བ་ལང་ལ་སོགས་པའི་ཡུལ་ཉིད་ལ་འགྲོ་བ་ལ་སོགས་པའི་སྤྱི་བསྟན་པའི་ཕྱིར་རོ། །སྤྱི་ཉིད་སྒྲའི་དོན་ཉིད་དུ་བརྗོད་པར་འདོད་པ་དང་། དེ་ནི་གཞན་ལ་ཡང་ཡོད་པ་ཡིན་ན་དེའི་རྒྱུ་ཅན་གྱི་སྒྲ་ནི་འདི་ལ་འཇུག་པ་ཡོད་པ་མ་ཡིན་ན་དེ་ཉིད་ཇི་

ལྟར་ཐོབ་པར་འགྱུར་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བ་ལང་དང་གླང་པོའི་སྒྲ་དག་ནི་འགྲོ་བ་ལ་སོགས་པའི་སྤྱིའི་རྒྱུ་མཚན་རུང་བ་མ་ཡིན་མོད་ཀྱི་འོན་ཀྱང་སྨྲ་བ་པོའི་ཚིག་ལ་མཁས་པ་མེད་པའི་ཕྱིར་དེ་སྐད་དུ་བརྗོད་དོ། །སྨྲ་བ་པོ་དེ་དེ་སྐད་དུ་བརྗོད་ན་ཡང་བ་ལང་ལ་སོགས་པའི་སྒྲ་དེ་ནི་འགྲོ་

བ་ལ་སོགས་པའི་སྤྱི་དེའི་རྗོད་པར་བྱེད་པར་གྲགས་པར་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་སྐྱེས་བུ་ལ་སོགས་པ་གཞན་ལ་སྤྱི་དེ་རྗེས་སུ་འགྲོ་ན་ཡང་སྒྲ་ནི་དེའི་རྗེས་སུ་འབྲང་བ་མེད་པའི་ཕྱིར་འཁྲུལ་བ་མེད་པ་ཉིད་ཡིན་ནོ། །དེ་སྐད་དུ་ཁྱད་པར་ལ་སྒྲ་དོན་དང་ལྡན་པར་གྲགས་པ་ནི་སྤྱིར་རབ་ཏུ་སྦྱར་དུ་ཟིན་ཀྱང་

སྤྱིའི་དབང་གིས་ཐམས་ཅད་ལ་འཇུག་པར་ནུས་པ་མ་ཡིན་དུ་ཟིན་ཀྱང་བྱེད་པ་པོ་ཉིད་དུ་དེ་ལྟར་ན་སྒྲ་ནི་འཁྲུལ་པ་མེད་པ་ཡིན་ཞིང་འཆད་པ་པོ་འདོད་པའི་དོན་དེ་ནི་འཁྲུལ་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གང་གི་ཚེ་དབང་ཕྱུག་བྱེད་པ་པོར་འདོད་པ་ལ་གནོད་པའི་ཚད་མ་ལ་བསྟན་པ་དེ་ནི་རྒྱུར་འདོད་

ལ་ཞེས་བྱ་བ་ནི་གང་གི་ཚེ་བྱེད་པ་པོ་མ་ཡིན་དུ་ཟིན་ཀྱང་བྱེད་པ་པོར་མངོན་པར་འདོད་པ་ལའོ། །ཁྱབ་པར་བྱེད་པ་མི་དམིགས་པ་ཞེས་བྱ་བ་ནི་བྱེད་པ་པོ་མ་ཡིན་པའི་གནས་སྐབས་ལས་ཁྱད་པར་ཡོད་པ་ཉིད་ཀྱིས་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །ཅིག་ཤོས་ལྟར་ན་ཡང་དེ་དང་འདྲ་བར་བྱེད་པ་པོ་ཉིད་མ་ཡིན་པར་

འགྱུར་རོ། །ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ངོ་བོ་ཉེ་བར་སྟོན་པ་འདི་ཉིད་ནི་ཁྱབ་པར་བྱེད་པ་མི་དམིགས་པ་དག་ལ་བཟློག་པ་ན་ཅི་རིགས་པར་གནོད་པ་ཅན་གྱི་ཚད་མ་མེད་པ་ཡིན་པར་བལྟ་བར་བྱའོ། །རང་བཞིན་དུ་གྱུར་པའི་ཕུལ་དུ་བྱུང་བ་ནི་འབྲས་བུ་སྐྱེད་པར་ནུས་པའོ། །མ་ཐོབ་པ་ཞེས་བྱ་བ་ནི་མ་རྙེད་

པའོ། །རྒྱུ་མེད་ན་འབྲས་བུ་མེད་པ་ནི་ལྡོག་པ་ཡིན་ཏེ། དེ་ཡང་རྟག་པ་ཉིད་ཀྱི་ཕྱིར་དབང་ཕྱུག་ལ་ཡོད་པ་མ་ཡིན་པ་དེ་ལྟར་ན་ལྡོག་པ་མེད་པ་ཉིད་ཡིན་ནོ། །འགྱུར་བར་ནི་འདོད་ན་རྗེས་སུ་འགྲོ་བ་ཙམ་ཉིད་ལས་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་རོ་ཞེ་ན། དངོས་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དངོས་

Vol. 177 · folio 86a

པོ་གཞན་ཡང་ཐག་ཉེ་བ་དེ་ལྟར་ན་ཐེ་ཚོམ་དུ་འགྱུར་ཞིང་ལྡོག་པས་ནི་ངེས་པར་བྱེད་པར་འགྱུར་རོ། །དེ་ནི་འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་འབྲས་བུར་མངོན་པར་འདོད་པའི་དུ་བ་ལ་སོགས་པ་འདི་ནི་མེ་དང་ཤིང་ལ་སོགས་པའི་ཚོགས་པ་འདི་ནི་མེ་དང་ཤིང་ལ་སོགས་

པའི་ཚོགས་པ་འདི་ཉེ་བ་ན་ཡོད་ན་ཡོད་པར་འགྱུར་བ་དང་། མངོན་སུམ་གྱི་དམིགས་པར་འགྱུར་རོ། །ཡང་ཡུལ་ལམ་དུས་དེ་ཉིད་ལ་ཚོགས་པ་དེ་ལས་གཞན་མེ་ལ་སོགས་པ་གང་ཡང་རུང་བ་བསྩལ་བ་ན་བསྩལ་བ་དེ་ལས་གཞན་པའི་ནུས་པ་ཡོད་དུ་ཟིན་ཀྱང་ངོ་། །དེ་མེད་ན་སྟེ་གསལ་བ་གང་ཡིན་པ་

དེ་མེད་ན་མེད་པར་འགྱུར་བ་ནི་དེའི་འབྲས་བུ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་འབྲས་བུ་འཇུག་པ་ན་ཅིའི་ཕྱིར་རྒྱུ་མེད་ན་མེད་པར་འགྱུར། འགྱུར་བར་ནི་འདོད་ན། གླང་པོ་དང་རྟ་ལ་སོགས་པའི་དངོས་པོ་དག་མེད་ན་ཡང་དེ་མེད་དོ་ཞེས་བྱ་བར་ཐེ་ཚོམ་ཟ་བར་མཚུངས་པ་ཡིན་ནོ། །དེ་ནི་དེ་

ལྟ་མ་ཡིན་ཏེ་གལ་ཏེ་གླང་པོ་དང་རྟ་ལ་སོགས་པའི་དངོས་པོ་མེད་པས་དེ་མེད་པར་འགྱུར་ན། ཚོགས་པ་ཚོགས་པ་ཅན་གྱི་དུ་བ་ལ་སོགས་པ་ཡང་མི་སྐྱེད་པར་འགྱུར་ཏེ། དེའི་གླང་པོ་དང་རྟ་ལ་སོགས་པ་དག་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོའི་སྒྲུབ་པར་བྱེད་པའི་རྗེས་སུ་འགྲོ་བ་དང་ལྡོག་

པའི་རྗེས་སུ་གྲུབ་པ་མེད་པ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུའི་དངོས་པོའི་སྒྲུབ་པར་བྱེད་པ་ཡང་དེ་ཡིན་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་ཡིན་པས་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །རྒྱུ་དང་འབྲས་བུའི་དངོས་པོའི་ཐ་སྙད་ཀྱི་སྒྲུབ་པར་བྱེད་པ་ཡང་འདིར་རྒྱུ་དང་འབྲས་བུའི་དངོས་པོའི་སྒྲུབ་པར་བྱེད་པར་བཤད་དོ། །

དེ་ལྟ་མ་ཡིན་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཐ་དད་པ་མེད་པར་འགྱུར་རོ། །གལ་ཏེ་ས་ལ་སོགས་པ་དག་ལྗང་བུ་མི་སྐྱེད་པའི་གནས་སྐབས་ལས་ཞེས་བྱ་བ་ལ་སོགས་པ་ནི། སྐད་ཅིག་མ་ཉིད་མ་ཡིན་པར་ངེས་པར་བྱས་ནས་བརྒལ་ཞིང་བརྟག་པར་བྱེད་པ་ཡིན་ཏེ། དེས་ན་གང་ཞིག་

འབྲས་བུ་གང་གི་ཁྱད་པར་སྐྱེད་པ་ན་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་མ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི། གང་ཞིག་འབྲས་བུ་གང་གི་ཁྱད་པར་སྐྱེད་པ་ན་དེ་མི་སྐྱེད་པའི་གནས་སྐབས་ལས་ཁྱད་པར་ཅན་གྱི་རང་བཞིན་དུ་གྱུར་པའི་བྱ་བའི་ཕུལ་དུ་བྱུང་བ་ཡོད་པ་མ་ཡིན་པ་དེ་ནི་དེའི་བྱེད་པ་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་

Vol. 177 · folio 86b

སོགས་པས་སྦྱོར་བ་བཤད་པ་གང་ཡིན་པ་དེ་ལ་མ་ངེས་པ་ཡིན་ཏེ། མི་སྐྱེད་པའི་གནས་སྐབས་ལས་ས་ལ་སོགས་པ་ཁྱད་པར་ཅན་གྱི་རང་བཞིན་དང་བྲལ་བ་ཡིན་དུ་ཟིན་ཀྱང་བྱེད་པ་པོ་ཉིད་དུ་མཐོང་བའི་ཕྱིར་རོ། །དེ་ནི་མ་ངེས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་སྐད་ཅིག་མ་ཉིད་ལ་བརྟེན་ནས། ལན་

འདེབས་པར་བྱེད་དོ། །གལ་ཏེ་ས་ལ་སོགས་པ་ཕུལ་དུ་བྱུང་བ་སྐྱེས་ན་མཐོང་བར་འགྱུར་ན་ཞེས་བྱ་བ་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཉིད་ཀྱི་ཕྱིར་ཞེས་བསམས་པའོ། །ས་ལ་སོགས་པ་དེ་ལེགས་བྱས་པ་ན་ཞེས་བྱ་བ་ལ་སོགས་པ་ལ། ཁྱད་པར་སྐྱེད་ན་ཡང་འདྲ་བ་གཞན་དང་གཞན་སྐྱེ་བས་

འཁྲུལ་པའི་ཕྱིར་ངེས་པར་མ་བྱས་པ་ཡིན་པ་དེ་བས་ན་འབྲས་བུའི་སྒོ་ནས་རྗེས་སུ་དཔོག་པ་ཡིན་ནོ་ཞེས་བྱ་བ་འདིའི་བསྡུ་བའི་དོན་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ལ་སོགས་པས་ཡང་མ་ངེས་པའི་དོགས་པ་བསུ་བ་ཡིན་ཏེ་ཞེས་བྱ་བ་ནི་ཇི་ལྟར་ཡང་ས་ལ་སོགས་པ་དཔྱོད་པས་འདིར་ཡང་མིག་ལ་སོགས་པ་

ལེགས་པར་བྱས་པ་ན་རྣམ་པར་ཤེས་པའི་ཁྱད་པར་མཐོང་བའི་ཕྱིར་དེ་དཔྱད་པ་ཉིད་ཡིན་པ་དེ་ལྟ་ན་ཡང་རིགས་པ་གཞན་བརྗོད་པར་བྱ་བའི་ཕྱིར་ཉེ་བར་དགོད་པ་ཡིན་ནོ། །དེ་ཉིད་ནི། སོ་སོ་སོ་སོར་ནུས་མེད་རྣམས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །ལྡན་པར་སྐྱེད་པར་བྱེད་པ་ནི། །ཚིག་གི་དོན་

ཡོན་ཏན་ནོ། །ནུས་པ་མེད་ན་ཡང་སྔར་ཅིའི་ཕྱིར་སྐྱེད་པར་མི་བྱེད་ཅེས་བྱ་བ་ནི་མི་སྐྱེད་པའི་གནས་སྐབས་ན་ཡང་ལྡན་པ་ཅིའི་ཕྱིར་སྐྱེད་པར་མི་བྱེད། གལ་ཏེ་དེ་སྐྱེད་པའི་ལས་ཞེས་བྱ་བ་ནི་ལྡན་པ་སྐྱེད་པའོ། །དེ་ལྟར་ན་གཉི་གའི་ལས་ལས་སྐྱེ་བ་དང་གང་ཡང་རུང་བའི་ལས་ལས་སྐྱེ་བ་ལྡན་པ་ཡིན་པར་

འདོད་དོ། །ལྡན་པ་སྐྱེད་པར་བྱེད་པའི་ལས་དེ་ཉིད་ཅིའི་ཕྱིར་མི་བྱེད་ཅེས་བྱ་བ་ནི་གལ་ཏེ་གནས་སྐབས་གཉི་ག་ལ་ཡང་རྒྱུ་རྣམས་ཁྱད་པར་མེད་པ་དེའི་ཚེ་ལྷན་ཅིག་པ་མ་ཡིན་པའི་གནས་སྐབས་ན་ཡང་ལས་ཅིའི་ཕྱིར་མི་བྱེད། གལ་ཏེ་ལས་ཀྱི་རྒྱུ་འཕེན་པ་ལ་སོགས་པ་དེའི་ཚེ་མེད་པའི་ཕྱིར་རོ་ཞེ་ན།

དེའི་རྒྱུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་དེའི་རྒྱུ་ནི་གང་འཕེན་པ་ལ་སོགས་པའོ། །འཕེན་པར་བྱེད་པའི་འབད་རྩོལ་གྱི་ཁྱད་པར་གྱི་འབྲས་བུ་འཕངས་པ་ཞེས་བྱ་བ་ཡོན་ཏན་གྱི་ཁྱད་པར་གང་གི་དབང་གིས་སྟེང་དང་ཕྱོགས་སུ་འགྲོ་བ་སྐྱེ་བར་འགྱུར་རོ། །སོགས་པའི་སྒྲས་ནི་འབད་རྩོལ་ལ་

Vol. 177 · folio 87a

སོགས་པ་གཟུང་ངོ་། །གལ་ཏེ་རྫས་དེ་དག་ཉིད་ལས་ཀྱི་རྒྱུ་འཕེན་པ་ལ་སོགས་པའི་ཡང་རྒྱུ་ཡིན་ན། དེ་ཡང་ཅིའི་ཕྱིར་སྐྱེད་པར་མི་བྱེད་ཅེས་བརྒལ་ཞིང་བརྟག་པ་མཚུངས་པ་ཡིན་ནོ། །དབང་ཕྱུག་ལ་སོགས་མ་ཡིན་ཁྱད་པར་མེད་ཕྱིར་རོ་ཞེས་བྱ་བ་ནི། ཚོགས་པའི་གནས་སྐབས་

ན་ཡང་ཐ་དད་པ་མེད་པའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་བཤད་པ་བཤད་པ་ལས་བཟློག་པའི་མཚན་ཉིད་ཅན་གྱི་ཞེས་བྱ་བ་ནི། སོ་སོར་ནུས་པ་མེད་པ་གང་ཞིག་ཚོགས་པ་ན་རང་བཞིན་དུ་གྱུར་པའི་ཡོན་ཏན་སྐྱེད་པར་བྱེད་པ་དེ་ནི་དངོས་པོ་མི་རྟག་པ་རྒྱུ་ཡིན་ནོ་ཞེས་

བཤད་པ་དེ་ལས་བཟློག་པའི་མཚན་ཉིད་ཅན། དབང་ཕྱུག་ལ་སོགས་པའི་གནས་སྐབས་གཉི་གའི་ཁྱད་པར་ལ་ཡང་ངོ་། །འདི་ལྟར་ཚད་མ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཐབས་གང་གི་ཚད་མ་ཉིད་ཐོབ་པར་འགྱུར་བའི་ཐབས་དེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

རྐང་ཞ་ནི་རྐང་པ་ཞ་བ་ཅན་ནོ། །ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ་ཞེས་བྱ་བ་ནི་དེའི་སྒྲུབ་པར་བྱེད་པ་ནན་ཏན་དུ་བྱེད་པ་ཡོད་པ་ལ། དེའི་སྒྲུབ་པར་བྱེད་པ་ཉིད་ཀྱིས་ཁྱབ་པ་ཉིད་ཀྱི་ཕྱིར་དེ་དང་འགལ་བ་སྒྲུབ་པར་བྱེད་པ་མེད་པ་ཅན་དམིགས་པའི་ཕྱིར་རོ། །གཅིག་ལ་འགལ་བ་དག་ལྷན་ཅིག་གནས་

པར་ཐལ་བ་ནི་འགལ་བ་སྒྲུབ་པའི་མཚན་ཉིད་ཅན་གྱི་མི་དམིགས་པ་ཐམས་ཅད་ལ་བཟློག་པ་ན་གནོད་པ་ཅན་གྱི་ཚད་མ་ཡིན་པར་བལྟ་བར་བྱའོ། །ཤེས་བྱ་མ་ལུས་པ་ལ་ཁྱབ་པའི་ཡེ་ཤེས་དང་ལྡན་པའི་ཕྱིར་རམ། ནན་ཏན་དུ་བྱ་བའི་དོན་གྱི་ཡུལ་ཅན་གྱི་ཡེ་ཤེས་དང་ལྡན་པའི་ཕྱིར་ཚད་མ་ཉིད་ཡིན་ན་

དེ་ལ་དང་པོ་ལ་ནི་སྙམ་སེམས་པའི་ཚད་མ་ཡོད་དུ་ཟིན་ཀྱང་འདི་ཚད་མར་འགྱུར་བ་ཞེས་བྱ་བ་འདི་ལ་འདོད་པ་མ་ཡིན་གྱི་འོན་ཀྱང་གཉིས་པ་ཁོ་ན་ཡིན་ནོ། །དེ་བས་ན་དེ་ཉིད་ལ་སྙམ་སེམས་པའི་ཚད་མ་བསྟན་པའི་སྒོ་ནས་གཏན་ཚིགས་མ་གྲུབ་པར་བསྟན་པར་འདོད་པས། དེས་བཤད་ཅེས་བྱ་བ་ལ་

སོགས་པ་སྨོས་སོ། །རྟོགས་པ་པོས་སྐྱེས་བུའི་དོན་ནན་ཏན་དུ་བྱ་བ་ནི་བདེན་པ་བཞིའོ། །དེ་མཁྱེན་པ་ཅན་ཞེས་བྱ་བ་ནི། ནན་ཏན་དུ་བྱ་བའི་དོན་མཁྱེན་པ་ཅན་ཏེ་སྐྱེས་བུའིའོ། །གཞན་གྱི་ཞེས་བྱ་བ་ནི་སྨན་པ་འདི་ནི་ཁོ་ནའོ། །ནད་མེད་པ་ཤེས་སམ་མི་ཤེས་ཞེས་དེ་ལྟར་སྨན་པའི་ཤེས་པ་ཚོལ་

Vol. 177 · folio 87b

བར་མི་བྱེད་དོ། །རྒྱུ་མི་དམིགས་པའོ་ཞེས་བྱ་བ་ནི་གང་གི་བཤད་པ་ནན་ཏན་དུ་བྱེད་པར་འདོད་པ་ནི་དེའི་ཡུལ་ཅན་གྱི་ཤེས་པ་ཚོལ་བར་བྱེད་པ་ལ་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་མི་དམིགས་པ་ཐམས་ཅད་ལ་ཡང་འབྲས་བུ་རྒྱུ་མེད་པ་ཅན་ཉིད་དུ་ཐལ་བ་ནི་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །དེ་

དང་རྗེས་སུ་མཐུན་པ་ནི་སྡུག་བསྔལ་ཞི་བའི་ཐབས་དང་རྗེས་སུ་མཐུན་པར་སྟོན་པའོ། །སྟོན་པ་པོ་གང་ལས་ཞེས་བྱ་བ་ནི་འཆད་པ་པོ་གང་ལས་སོ། །དེའི་ཡུལ་ཅན་གྱི་ཡེ་ཤེས་ཞེས་བྱ་བ་ནི་སྡུག་བསྔལ་ཞི་བའི་ཐབས་སུ་གྱུར་པའི་ཡུལ་ཅན་ནོ། །དེ་ཡང་ཡོད་པ་ཙམ་དུ་བཙལ་བར་བྱ་བ་ཡིན་གྱི།

སྐྱེས་བུ་སོ་སོར་ངེས་པས་ནི་མ་ཡིན་ཏེ། དེ་ནི་ཤེས་པ་མི་རུང་བ་ཉིད་ཀྱི་ཕྱིར་རོ། །དེ་སྐད་དུ་ཡང་བསྟན་བཅོས་མཛད་པ་ཉིད་ཀྱིས་གཞན་དག་ཏུ་སྐྱེས་བུའི་རྟག་པ་ལ་འཇུག་པ་ན་མི་རྟག་པ་ཉིད་དུ་འགྱུར་རོ་ཞེས་བཤད་དོ། །དམ་བཅས་པར་བྱེད་པས་ན་དམ་བཅའ་བ་སྟེ། བསྒྲུབ་པར་བྱ་བ་ཡིན་གྱི་

བསྒྲུབ་པར་བྱ་བ་འཆད་པ་ནི་མ་ཡིན་ཏེ། དེ་ནི་སྒྲུབ་པར་བྱེད་པའི་དུས་ན་ཤིན་ཏུ་མེད་པའི་ཕྱིར་རོ། །བསྒྲུབ་བྱ་རུ་གྱུར་པའི་ཡེ་ཤེས་རྣམས་དཔྱད་བྱའི་ཞེས་བྱ་བ་འདི་འདིར་དམ་བཅའ་བར་འདོད་དོ། །བསྒྲུབ་པར་བྱ་བའི་ཡུལ་ཅན་མ་ཡིན་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་། དེའི་སྲིན་གྲངས་ནི་ཡོངས་མཁྱེན་

པ། །ཁོ་བོའི་གང་ལ་ཉེར་མཁོ་མིན། །ཞེས་བྱ་བའི་ཚིགས་སུ་བཅད་པའི་ཆ་འདིས་དགག་པར་བྱ་བ་ནི་དམ་བཅའ་བ་གཉིས་པ་ཡིན་ནོ། །འདིར་ནི་འགྲེལ་པ་མཛད་པས། ཐལ་བར་འགྱུར་བའི་ཕྱིར་བཤད་པ་ཡིན་ནོ། །དེ་ལྟར་ན། དེ་ཡིན་གྲངས་ནི་ཡོངས་མཁྱེན་པ། །ཞེས་བྱ་བའི་དོན་འཆད་པ་ན།

དམ་བཅའ་བ་གཉིས་པའོ་ཞེས་སྨོས་སོ། །དེ་ཉིད་ཀྱི་ཕྱིར་དམ་བཅའ་བ་གཉིས་ལ་ཐ་དད་པར་སྦྱོར་བ་གང་ཞིག་སྡུག་བསྔལ་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྡུག་བསྔལ་དེ་རབ་ཏུ་ཞི་བའི་ཐབས་མཁྱེན་པ་གཞན་གྱི་ཡེ་ཤེས་བཙལ་བར་བྱ་བ་ཡིན་གྱི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཅིག་གོ། །

དེ་ལ་ཉེ་བར་མཁོ་བ་ཅན་མ་ཡིན་པའི་ཡེ་ཤེས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་གཉིས་པའོ། །རང་བཞིན་གྱི་གཏན་ཚིགས་སོ་ཞེས་བྱ་བ་ནི། དེའི་ཞི་བའི་ཐབས་སུ་གྱུར་པའི་ཡེ་ཤེས་ཚོལ་བ་ཉིད་ནི་དེའི་སྡུག་བསྔལ་གྱིས་གདུངས་པ་ཙམ་དང་འབྲེལ་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ཉེ་བར་མཁོ་བ་ཅན་མ་ཡིན་པའི་

Vol. 177 · folio 88a

ཡེ་ཤེས་ནི་བཙལ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཉིས་པ་ཡིན་ཏེ། དེ་ལ་ལྟོས་ན་དེའི་ཡུལ་ཅན་གྱི་ཡེ་ཤེས་འཚོལ་བར་བྱེད་པ་ལ། དེ་ལ་ཉེ་བར་མཁོ་བ་ཅན་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་ཉེ་བར་མཁོ་བ་ཅན་མ་ཡིན་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་

བྱེད་པ་འགལ་བ་དམིགས་པའོ། །སྡུག་བསྔལ་དང་ཀུན་འབྱུང་ཤེས་པ་ཞེས་བྱ་བ་ལ། དོར་བྱའི་དེ་ཁོ་ན་ཉིད་རིག་པར་མཛད་པ་ཞེས་བྱ་བ་འདིས་སྡུག་བསྔལ་གྱི་བདེན་པ་ཤེས་པ་དང་། ཐབས་དང་བཅས་པ་རིག་པར་མཛད་པ་ཞེས་བྱ་བ་འདིས་ནི་ཀུན་འབྱུང་གི་བདེན་པ་ཤེས་པ་བསྟན་ཏོ། །གཟུགས་དང་། ཚོར་

བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་སྟེ། འབྲས་བུར་གྱུར་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་གྱི་བདེན་པའོ། །དེ་ཉིད་རྒྱུར་གྱུར་པ་ནི་ཀུན་འབྱུང་གི་བདེན་པའོ། །གཙོར་ནི་སྲེད་པ་ལ་ཀུན་འབྱུང་གི་བདེན་པར་གསུངས་སོ། །དེ་བཞིན་དུ་བླང་བར་བྱ་བའི་དེ་ཁོ་ན་ཉིད་རིག་པར་མཛད་པ་ཞེས་

བྱ་བ་འདིས་ནི་འགོག་པའི་བདེན་པ་ཤེས་པ་བསྟན་ཏོ། །འགོག་པའི་བདེན་པ་ཡང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤངས་པའོ། །ཐབས་དང་བཅས་པའི་རིག་པར་མཛད་པ་ཞེས་བྱ་བ་འདིས་ནི་ལམ་གྱི་བདེན་པ་ཤེས་པར་བསྟན་ཏོ། །ལམ་གྱི་བདེན་པ་ཤེས་པ་ཡང་བསྒོམས་པའི་སྟོབས་ལས་

གྲུབ་པ་དྲི་མ་མེད་པའི་ཡེ་ཤེས་སོ། །དེའི་སྒྲུབ་པར་བྱེད་པ་ཡོད་དུ་ཟིན་ཀྱང་ཞེས་བྱ་བ་དེ་ནི་འོག་ནས་བསྟན་པར་བྱའོ། །གནོད་པ་ཅན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ན་ཞེས་བྱ་བ་ནི་དབང་པོ་ལས་འདས་པ་ལ་གནོད་པ་ཅན་མེད་པའི་ཕྱིར་རོ། །གཟུང་བར་བྱ་བའི་ཚིག་ཅེས་བྱ་བ་ནི་བླང་བར་བྱ་བའི་ཚིག་ཡིན་ནོ། །

དུད་འགྲོའི་རིགས་མཁའ་ལ་རྒྱུ་བ་ཞེས་བྱ་བ་ནི། བྱ་རྒོད་མ་གཏོགས་པའི་གཞན་གང་དག་ཐག་རིང་པོར་མཐོང་བའམ་ཐོས་པའོ། །རྟོགས་བྱེད་མ་ནི་མཁའ་འགྲོ་མའོ། །བྱ་རྒོད་སྨོས་པས་ནི་ཉེ་བར་མཚོན་པའི་དོན་ཡིན་ནོ། །ཆོས་ཀྱི་འཁོར་ལོ་ལ་སོགས་པ་དག་ལ་ཞེས་བྱ་བ་ནི། ཇི་ལྟར་ཐུགས་སུ་ཆུད་པའི་

ཆོས་ཀྱི་འཁོར་ལོ་སྟོན་པར་མཛད་པའི་ཚེའོ། །སོགས་པའི་སྒྲས་ནི་མི་འཇིགས་པ་ལ་སོགས་པ་རྣམ་པར་འཇོག་པར་མཛད་པ་དག་ལའོ། །ཐུགས་རྗེ་ཡང་ཅི་ཞིག་བཞེད་པ་ནའམ། གང་ལའམ། རྣམ་པ་གང་གིས་སམ། ཅིའི་རང་བཞིན་ཅན་དུ་འཇུག་པར་འགྱུར་ཞེ་ན། ཕན་བཏགས་པའི་ལན་ལ་སོགས་པ་ལ་

Vol. 177 · folio 88b

ལྟོས་པ་མེད་པ་ཅན་ཞེས་བྱ་བ་སྨོས་ཏེ། ཕན་གདགས་པ་བྱས་པ་དག་ལས་རྙེད་པ་ཐོབ་པ་ནི་ཕན་གདགས་པའི་ལན་ནོ། །སོགས་པའི་སྒྲས་ནི་གྲགས་པ་དང་བསྙེན་བཀུར་ལ་སོགས་པ་གཟུང་ངོ་། །དེ་ལ་ལྟོས་པ་མེད་པ་དེ་ལྟར་ན་དེ་སྐད་ཅེས་བྱ་སྟེ། སེམས་ཅན་གྱི་དོན་ཉིད་བཞེད་པ་ན་འཇུག་པར་འགྱུར་

རོ་ཞེས་བྱ་བའི་དོན་ཏོ། །མཛའ་བོ་དང་དགྲ་བོ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མི་མངའ་བའི་ཕྱིར། ཁམས་གསུམ་གྱི་ཁོངས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་སྙོམས་པའོ། །འདིས་ཡུལ་ཆེན་པོ་ཅན་ཉིད་དུ་བསྟན་པའི་ཕྱིར་ཐུགས་རྗེ་ཆེན་པོ་བཤད་དོ། །རྣམ་པ་དང་རང་གི་ངོ་བོ་

བསྟན་པའི་ཕྱིར་ཤིན་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་མི་སྐྱེ་བའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་ཤིན་ཏུ་སྡུག་བསྔལ་དང་བྲལ་བ་གང་ཡིན་པ་དེ་འདོད་པའི་རྣམ་པ་ཞེ་སྡང་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཇི་ལྟར་དེ་ཉིད་གོམས་པ་ཡིན་ཞེ་ན། ཡོན་ཏན་ལ་ཆགས་པ་ལས་སམ་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། ཡོན་ཏན་དག་ལ་འགའ་ཞིག་ཆགས་པས་གོམས་པར་བྱེད་པའི་ཕྱིར་ཏེ་གོམས་པ་ལ་འབད་རྩོལ་དང་ལྡན་པར་འགྱུར་རོ། །སྙིང་རྗེ་ཡང་ཁྱད་པར་འཕགས་པའི་ཡོན་ཏན་ཡིན་པར་དམ་པ་རྣམས་བཞེད་པ་དེ་བས་ན། ཡོན་ཏན་ལ་ཆགས་པ་ལས་སྙིང་རྗེ་ལ་འཇུག་པར་འགྱུར་རོ། །

སེམས་ཅན་གྱི་ཁྱད་པར་ལས་ཞེས་བྱ་བ་ནི་རང་བཞིན་གྱི་ཁྱད་པར་ལས་ཏེ། འགའ་ཞིག་རིགས་གང་ཡིན་པ་དེ་འདྲ་བ་ཉིད་ཀྱང་གཞན་གྱི་སྡུག་བསྔལ་བར་འགྱུར་རོ། །འདིས་ནི་རྒྱུའི་སྟོབས་བཤད་དོ། །རྐྱེན་གྱི་སྟོབས་ནི་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྙིང་རྗེ་གོམས་པ་ཅན་གྱི་བྱང་ཆུབ་

སེམས་དཔའ་དག་གིས་བྱེད་པ་སྟེ། སྙིང་རྗེ་ལ་ངེས་པར་སྦྱར་བའོ། །དེ་བསྙེན་པ་ལས་སམ་ཞེས་བྱ་བ་ནི་དེ་དག་གིས་ངེས་པར་མ་སྦྱར་བ་དེ་ལྟ་ན་ཡང་གཞན་གྱི་དོན་ལ་འཇུག་པ་རྣམས་དང་ལྷན་ཅིག་གནས་ཤིང་དེ་བསྙེན་པ་ལས་དེ་ཡོན་ཏན་ཅན་དུ་འགྱུར་རོ། །བདག་འདོད་པ་ལས་ཞེས་བྱ་བ་ནི་དེ་དག་གིས་

བྱེད་པའམ་བསྙེན་པ་ལས་མ་ཡིན་མོད་ཀྱི། འོན་ཀྱང་བདག་ཉིད་དེ་སྙིང་རྗེ་འདོད་པ་ཡིན་ནོ། །ཡོན་ཏན་ལ་ཆགས་པ་ལས་ཞེས་བྱ་བ་འདི་ལས་འདི་ལ་ཁྱད་པར་ཅི་ཡོད་ཅེ་ན། བརྗོད་པར་བྱ་སྟེ། དེར་ནི་ཡོན་ཏན་ཡིན་ནོ་ཞེས་ཤེས་ནས་འཇུག་པ་ཡིན་ལ། འདིར་ནི་འབྲས་བུ་ལ་ལྟོས་པ་མེད་པ་དེའི་ངང་ཚུལ་ཉིད་

Vol. 177 · folio 89a

ཀྱིས་དེ་སྙིང་རྗེ་འདོད་པ་ཡིན་ནོ། །རྒྱུ་དེ་རྣམས་ཀྱིས་སྙིང་རྗེ་གོམས་པར་བྱས་ནས་ཤི་ནས་ཀྱང་ངོ་། །མཐར་ཕྱིན་པ་ནི་འཕེལ་བའི་མཐར་ཕྱིན་པའོ། །གལ་ཏེ་བློ་ནི་ལུས་རྟེན་ཕྱིར། །ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་རྒྱང་པན་པའི་ཕྱོགས་སྔ་མ་འགོད་པར་བྱེད་དོ། །ཁ་ཅིག་ནི་

བློ་འབྱུང་བ་ལས་དོན་གཞན་དག་ནི་དོན་གཞན་མ་ཡིན་པར་འདོད་དོ། །དེ་ལ་དོན་གཞན་ཡིན་པའི་ཕྱོགས་ལ་གཉིས་ཏེ། ལུས་ཀྱི་ཡོན་ཏན་མ་ལུས་ཀྱི་འབྲས་བུ་བློ་ཡིན་པའམ། དོན་གཞན་མ་ཡིན་པའི་ཕྱོགས་ལ་ཡང་འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཅན་གྱི་ལུས་ཀྱི་བདག་ཉིད་དུ་གྱུར་པའི་

ནུས་པ་ཡིན་ནོ། །དེ་སྐད་དུ་ཡང་། ས་དང་ཆུ་དང་མེ་དང་རླུང་། །ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཡིན་ཞིང་། དེ་དག་ལས་སེམས་ནི་མྱོས་པའི་ནུས་པ་བཞིན་ནོ་ཞེས་སྨྲའོ། །གཞུང་གསུམ་པོ་འདི་ཉིད་བློ་ནི་ལུས་ཀྱི་ཡོན་ཏན་ཡིན་པ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །བློ་ནི་

ཡོན་ཏན་ཉིད་དང་། འབྲས་བུ་ཉིད་དང་ནུས་པ་ཉིད་ལ་ལྟོས་ནས་གོ་རིམས་བཞིན་དུ་ཡོན་ཏན་ཅན་གྱི་ལུས་སམ་ཞེས་བྱ་བ་ལ་སོགས་པ་ཐ་སྙད་དུ་བྱེད་པ་ཡིན་ནོ། །བློའི་མཚན་ཉིད་ཅན་གྱི་ཆོས་སམ་ཞེས་བྱ་བ་ནི་ཡོན་ཏན་ནོ། །དེ་སྐད་དུ་བརྗོད་པ་ཞེས་བྱ་བ་ནི། གལ་ཏེ་བློ་ནི་ལུས་རྟེན་ཕྱིར། །གོམས་

པ་གྲུབ་པ་མེད་ཅེ་ན། །ཞེས་དེ་སྐད་དུ་བརྗོད་པའི་འཇིག་རྟེན་རྒྱང་པན་པའོ། །འཆི་བའི་དུས་ན་ཡང་འབྱུང་བ་རྣམས་གཏན་ནས་འཇིག་པ་ཅན་གྱི་རྒྱུན་འཆད་པ་མི་འདོད་དེ་གྱུར་པར་སྨྲ་བའི་ཕྱིར་དང་ཤི་བའི་ལུས་མི་དམིགས་པར་ཐལ་བར་འགྱུར་བའི་ཕྱིར་དང་། དེ་ལ་ཡང་གྱུར་པ་ཡོད་པ་ན་སྲོག་ཆགས་རྣམས་

ཐ་དད་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་ཇི་ལྟར་འདོད་ཅེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་བྱ་བའི་སེམས་པ་ཅན་ཉིད་ཅེས་བྱ་བ་ནི་མངོན་པར་གསལ་བའི་སེམས་པ་ཅན་ཉིད་དོ། །འགལ་བའི་རྐྱེན་ལས་ཞེས་བྱ་བ་ནི་དུག་དང་མཚོན་བྱ་ལ་སོགས་པའི་རྒྱུ་ལས་སོ། །མངོན་

པར་གསལ་བ་མ་ཡིན་པའི་སེམས་པ་ཅན་ཉིད་ཅེས་བྱ་བ་ནི་མི་གསལ་བའི་སེམས་པ་ཅན་ཉིད་དོ། །འཚོ་བའི་གནས་སྐབས་ལས་རྣམ་པ་གཞན་དུ་གྱུར་པ་ནི་འཆི་བའི་ཐ་སྙད་དུ་རུང་བའོ། །ཡང་རྐྱེན་ཇི་ལྟ་བུ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་འདུས་བྱས་ཀྱི་རྒྱུན་རྒྱུན་གྱིས་རྒྱུན་མི་འཆད་པར་སྟོན་པར་

Vol. 177 · folio 89b

བྱེད་དོ། །རྐྱེན་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་སེམས་གང་གིས་རྗེས་སུ་མཐུན་པར་སད་པའི་རྐྱེན་གང་ཡིན་པའོ། །རབ་ཏུ་སད་པའི་རྐྱེན་དེ་ཡང་རྣམ་པ་གཉིས་ཏེ། རྒྱུ་དང་རྒྱུ་མ་ཡིན་པའི་བདག་ཉིད་ཅན་དང་། གགས་བྱེད་པ་མེད་པ་ཅན་གྱི་ནུས་པ་ཅན་ནོ། །བྱ་བའི་སེམས་པ་ཅན་ཞེས་བྱ་བ་འདི་ལ་དོན་

རྣམ་པ་གཉིས་ཏེ། གང་དག་ལས་བྱ་བའི་སེམས་ཉིད་འབྱུང་བར་འགྱུར་བ་དེ་དག་ལ་དེ་སྐད་ཅེས་བྱའོ་ཞེས་བྱ་བ་ནི་དོན་གཅིག་ཡིན་ནོ། །གང་དག་ལ་བྱ་བའི་སེམས་ཉིད་མངོན་དུ་གྱུར་པ་ཡོད་པ་ཞེས་བྱ་བ་ནི་གཉིས་པའོ། །དེ་ལ་བྱ་བའི་སེམས་པ་ཅན་གྱི་དོན་དང་པོས་ནི་ཡོངས་སུ་གྱུར་པ་དང་། བྱ་བའི་

དོན་གྱི་སེམས་གཉིས་པས་ནི་ཡོངས་སུ་གྱུར་པ་ཐོབ་པའོ། །ཇི་ལྟར་གོམས་པ་ཉིད་ཀྱིས་ཡོངས་སུ་གྱུར་པ་དག་ཀྱང་ཞེས་བྱ་བའི་སྔར་གྱུར་པའི་བརྩེ་བ་དང་བློ་ལ་སོགས་པ་དག་ལ་ཅི་འདྲ་བ་གོམས་པར་བྱས་པས་འདུས་བྱས་པའི་ཁྱད་པར་དང་ལྡན་པར་འགྱུར་ཏེ། སྔར་གྱུར་པའི་གནས་སྐབས་སུ་

གོམས་པའི་བརྩེ་བ་དང་བློ་ལ་སོགས་པ་འདུས་བྱས་པའི་རྗེས་སུ་འགྲོ་བའི་ཕྱིར་རོ། །གཉིད་ལོག་པ་དང་སད་པ་དག་གི་འདུས་བྱས་པའི་རྗེས་སུ་འགྲོ་བ་མི་སྣང་བ་མ་ཡིན་པ་ལྟ་བུའོ། །ཁྱད་པར་དུ་ཞེས་བྱ་བ་ནི་འཆི་བའི་དུས་ནའོ། །དེ་ལྟར་ཞེས་བྱ་བ་ནི་གོམས་པ་མེད་པའོ། །དེ་བཞིན་དུ་གཞན་ལ་

ཡང་ཞེས་བྱ་བ་ནི་སངས་རྒྱས་པ་ལ་ཡང་ངོ་། །འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ཞུགས་པ་ཞེས་བྱ་བ་ནི། དུས་གཞན་དུ་སེམས་དང་སེམས་ལས་བྱུང་བའི་ཀུན་དུ་གཅོད་པའི་འགོག་པ་ཅན་གྱི་རྣལ་འབྱོར་གྱི་ཁྱད་པར་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པའོ། །དེ་ལ་ཞུགས་པ་ལ་སེམས་རྒྱུན་

ཆད་མེད་པ་ཉིད་ཡོད་པ་ཡིན་ནོ། །གཉི་ག་ལ་གྲུབ་པའི་དཔེ་བསྟན་པའི་ཕྱིར། ལེགས་པར་གཉིད་ལོག་པ་ལ་སོགས་པའི་གནས་སྐབས་ལྟ་བུའོ་ཞེས་བྱ་བ་སྨོས་སོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་བཞི་བཅུ་རྩ་གསུམ་པ། དེ་ལྟ་མ་ཡིན་པ་ནི་བླ་སྟེ་ཞེས་བྱ་བ་ནི་གལ་ཏེ་ཇི་

སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་གྱུར་པ་འབྱུང་བ་དག་ལ་མི་འདོད་ཀྱི། འོན་ཀྱང་ལུས་ཞིག་པའི་ཕྱིར་བློ་ནི་ཤིན་ཏུ་འཇིག་པ་ཉིད་ཀྱིས་བློའི་རྟེན་ལུས་ཡིན་པར་མི་འགྱུར་རོ། །རྟེན་འགོག་པ་ནི་འོག་ནས་འཆད་པར་འགྱུར་རོ། །ཡོན་ཏན་དང་འབྲས་བུ་དང་ནུས་པ་ཐ་དད་པས་ཕྱོགས་གསུམ་བསྟན་པ་ལས་

Vol. 177 · folio 90a

ཕྱོགས་གང་ལ་རྟེན་འགོག་པ་འདི་བརྟག་པར་བྱ་ཞེ་ན། དོན་གཞན་ཉིད་མ་ཡིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྱུང་བ་དག་ཉིད་ནི་སེམས་ཉིད་དོ། །དེ་བས་ན་ཐ་དད་པ་མེད་པའི་ཕྱིར་རྟེན་དང་བརྟེན་པའི་དངོས་པོའི་རྟོག་པ་ཡོད་པ་མ་ཡིན་ནོ། །དེ་ནི་སེམས་ཉིད་ལ་དེ་མེད་པ་ཞེས་བྱ་

བ་སྨོས་ཏེ། རྟེན་དང་བརྟེན་པའི་དངོས་པོ་ནི་ཐ་དད་པ་ལ་བརྟེན་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་རྟེན་བཀག་པའི་སྒོ་ནས་ཕྱོགས་འདི་དགག་པར་བྱ་བ་མ་ཡིན་གྱི། འོན་ཀྱང་ཕྱིས་རྣམ་པ་གཞན་གྱིས་འགོག་པར་འགྱུར་རོ། །དེ་བས་ན་ནུས་པའི་ཕྱོགས་ལ་སུན་འབྱིན་པ་འདི་མ་ཡིན་ནོ་ཞེས་བསྟན་པར་

འགྱུར་རོ། །གཏན་ནས་རྒྱུན་ཆད་པ་དག་ཅེས་བྱ་བ་ནི་བདག་ཉིད་ཐམས་ཅད་ཀྱིས་སོ། །འབྱུང་བའི་བདག་ཉིད་ཅན་གྱི་ལུས་ལས་ཞེས་བྱ་བ་ནི། ལུས་ཉིད་འབྱུང་བའི་བདག་ཉིད་ཅན་ཡིན་ཏེ། ཐམས་ཅད་དེ་ཁོ་ན་ཉིད་གཞིའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །རྒྱུའི་བདག་ཉིད་ཕུལ་དུ་བྱུང་བ་ཉིད་

ནུས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ངོ་བོ་ཙམ་ཤེས་པར་འདོད་པ་ལ་ཞེས་བྱ་བ་ནི། ལྡོག་པར་བྱས་པའི་ཐ་དད་པས་རྒྱུར་མངོན་པར་འདོད་པའི་ཆོས་ཅན་དེ་ལ་ཆོས་དུ་མ་ཡོད་ན་ཡང་འབྲས་བུ་འགྲུབ་པར་མི་ནུས་པ་བཟློག་ནས། ནུས་པའི་ངོ་བོ་གང་ཡིན་པ་དེའི་

ཁྱད་པར་གཞན་སྤོང་བ་ཅན་གྱི་ངོ་བོ་ཙམ་ཤེས་པར་འདོད་པ་ལའོ། །དེ་ལྟར་བརྡར་བྱས་པ་སྟེ། ཁྱད་པར་གཞན་སྤོང་བ་ཅན་གྱི་ཐ་དད་པ་ལ་བརྡར་བྱས་པའོ། །དེ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་སྤྱོད་པར་བྱའོ་ཞེས་བྱ་བ་ནི་ཅི་འབྱུང་བ་དག་ཉེ་བར་ལེན་པའི་ངོ་བོས་སེམས་ཉིད་ཀྱི་རྒྱུ་ཡིན་ནམ། འོན་ཏེ་བདག་པོ་

ཙམ་གྱིས་ཤེས་པར་བྱ་བ་ཡིན་ཏེ། ཇི་ལྟར་ཉེ་བར་ལེན་པའི་ངོ་བོས་མ་ཡིན་པ་དེ་ལྟར་ནི་འོག་ནས་སྟོན་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་དེ་ལྟ་ཡིན་ན་ཇི་ལྟར་ན་ས་བོན་གྱི་ནུས་པ་ཞེས་བྱ་བ་ནི། ཐ་དད་པ་མེད་པ་ལ་ལྡོག་པའི་རྒྱུ་ཅན་གྱི་ཐ་སྙད་དུ་མི་འགྱུར་རོ་ཞེས་བསམས་པའོ། །དེ་ལ་

ཡང་ཞེས་བྱ་བ་ལ་སོགས་པ་ནུས་པ་ནི་རྒྱུའི་བདག་ཉིད་ཁོ་ནར་བརྟན་པོར་བྱེད་དོ། །ཐ་དད་པའི་ངོ་བོར་བརྗོད་པ་གང་ཡིན་པ་དེ་ལ་ལན་བཏབ་པའི་ཕྱིར། འདི་ནི་ནུས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་མྱུ་གུ་བསྐྱེད་པའི་རང་བཞིན་གསལ་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི། མྱུ་གུ་སྐྱེད་པར་བྱེད་པའི་རང་བཞིན་

Vol. 177 · folio 90b

ནི་དེ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། ཇི་ལྟར་འདི་ནི་འདིའི་ནུས་པ་ཡིན་ནོ་ཞེས་སྨོས་ཏེ། ཇི་ལྟར་ས་བོན་འདིའི་ནུས་པ་འདི་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་ཤེས་པར་འགྱུར་རོ། །དེ་སྐད་དུ་མྱུ་གུ་སྐྱེད་པར་བྱེད་པའི་རང་བཞིན་ལོག་པས་སྐྱེད་

པའི་ངོ་བོ་གང་ཡིན་པ་ཁྱད་པར་གཞན་སྤོང་བ་ཅན་དེ་ཙམ་ལ་ནུས་པའི་སྒྲ་ནི་ཆོས་བརྗོད་པ་ཡིན་ཞིང་། ས་བོན་གྱི་སྒྲ་ཡང་ཁྱད་པར་གཞན་མི་སྤོང་བ་ཅན་ཁྱད་པར་ཐམས་ཅད་ནང་དུ་བསྡུས་པས་འཇུག་པ་ན་ཆོས་ཅན་བརྗོད་པ་ཡིན་ལ། ཆ་དེ་ཙམ་གྱིས་ན་ཆོས་ཅན་དང་ཆོས་ཅན་གྱི་སྒྲ་རྣམ་པར་དབྱེ་བ་བྱས་

ནས་ཐ་དད་པའི་རྟེན་ཅན་གྱི་རྣམ་པར་དབྱེ་བ་བྱས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །རིགས་མཐུན་པའི་རྒྱུ་ནི་སྐད་ཅིག་མ་སྔ་མས་བསྡུས་པའི་དབུགས་དབྱུང་བ་དང་། རྔུབ་པ་དང་དབང་པོ་དང་བློ་དག་གོ། །དབྱུང་རྔུབ་ནི་དབུགས་དབྱུང་བ་དང་རྔུབ་པའོ། །ཐལ་འགྱུར་ཕྱིར་ཞེས་བྱ་བ་ལ་སོགས་པ་

ནི་སུན་འབྱིན་པའོ། །གྱུར་པ་ཉིད་དུ་བརྗོད་པ་ཉིད་ཀྱི་ཕྱིར་འབྱུང་བ་ཆེན་པོ་བཞི་གསལ་བའི་ཁྱད་པར་ཐམས་ཅད་ལ་མཚུངས་པ་དང་། སྐད་ཅིག་མ་ཉིད་མ་ཡིན་པར་གང་གི་ཚེ་གཞན་ཁས་ལེན་པར་བྱེད་པ་དེའི་ཚེ་ཁོང་དུ་ཆུད་པར་བྱའོ། །གང་གི་ཚེ་གསལ་བ་སོ་སོ་ལ་དེ་ཁོ་ན་ཉིད་ཐ་དད་པ་དང་།

སྐད་ཅིག་མ་ཡིན་པ་དེའི་ཚེ་སུན་འབྱིན་པ་འདི་འཇུག་པ་མ་ཡིན་ནོ། །དེ་ལ་ཡང་སེལ་བ་གཞན་ནི་ཉེ་བར་ལེན་པའི་རྒྱུ་དཔྱོད་པའི་སྐབས་སུ་སྟོན་པར་འགྱུར་རོ། །དཔེར་ན་ད་ལྟར་བའི་ལྟ་བུ་ཞེས་བྱ་བ་ནི་དབུགས་དབྱུང་བ་དང་རྔུབ་པ་ལ་སོགས་པ་རྒྱུན་གྱི་འཇུག་པ་ལྟ་བུའོ། །དེ་ལྟར་ན་རེ་ཞིག་མི་ལ་

སོགས་པ་ལ་དང་པོར་འབྱུང་བའི་ངང་ཚུལ་ཅན་གྱི་སྲོག་ཆགས་རྣམས་ཀྱི་རང་གི་རིགས་ལ་རག་ལུས་པ་ཉིད་བསྟན་ནས། བསྟན་བཅོས་མཛད་པས་སྐད་ཅིག་མ་མ་ཡིན་པའི་ཕྱོགས་འདས་པའི་སྐྱེ་བ་སྒྲུབ་པར་བྱེད་པ་བསྟན་ཞིང་། ད་ནི་ཕྱོགས་འདི་ཉིད་ལ་མ་འོངས་པའི་སྐྱེ་བ་གྲུབ་པའི་ཕྱིར། ཉིང་མཚམས་

སྦྱོར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་མེད་ཅེས་བྱ་བ་ནི་ཕྱིས་ཀྱང་ཐམས་ཅད་ཡོད་པ་ཡིན་ཏེ། འཆི་བའི་དུས་ན་ཡང་དབུགས་དབྱུང་རྔུབ་དང་། དབང་པོ་དང་བློ་དག་གི་སྐལ་བ་མཉམ་པའི་རྒྱུ་དག་གི་ངོ་བོ་རྣམས་ཡོད་པ་ཉིད་ཀྱི་ཕྱིར་རོ། །འཆི་བ་ལ་དུས་ཕྱིས་ཞེས་བྱ་བ་ནི་བློ་དང་དབང་པོ་ལ་སོགས་

Vol. 177 · folio 91a

པའི་སྐད་ཅིག་མ་ཐ་མ་ནི་འཆི་བ་ཡིན་ལ་དེ་ལས་དུས་ཕྱིས་ཏེ་མ་འོངས་པའི་སྐྱེ་བའི་སྐད་ཅིག་མའོ། །དབང་པོ་ལ་སོགས་པའི་བདག་ཉིད་ཀྱི་ངོ་བོ་ལ་ཡང་ཞེས་བྱ་བ་ནི། བདག་ཉིད་སྐྱེ་བ་ལ་ཡང་སྐད་ཅིག་མ་ཐ་མས་བསྡུས་པ་དབུགས་དབྱུང་རྔུབ་དང་དབང་པོ་དང་བློ་རྣམས་ནི་མ་

འོངས་པའི་སྐྱེ་བས་བསྡུས་པའི་དབུགས་དབྱུང་རྔུབ་ལ་སོགས་པའི་རྒྱུ་ཡིན་ནོ། །གལ་ཏེ་དབུགས་དབྱུང་རྔུབ་ལ་སོགས་པ་དེ་དག་གི་ཐ་མ་ཡོད་ན་གང་ལས་རྒྱུ་དང་བྲལ་བ་ཡིན། འབྲས་བུ་མི་སྐྱེད་པ་ལ་རྒྱུ་དང་བྲལ་བས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ཡང་བྲལ་བ་ཡིན་པ་དེ་ལྟར་ན་ཁྱབ་པར་

བྱེད་པ་འགལ་བ་དམིགས་པའོ། །འགྱུར་བར་ནི་འདོད་ན་གལ་ཏེ་འཆི་བའི་དུས་ན་དབུགས་དབྱུང་རྔུབ་ལ་སོགས་པ་ཉིད་གྲུབ་པར་འགྱུར་བ་དེ་བས་ན། འཆི་བའི་དུས་ཕྱིས་དབང་པོ་ལ་སོགས་པ་སྐྱེད་པ་ལ་རྒྱུ་མ་ཚང་བ་མེད་པར་འགྱུར་ན། དབང་པོ་ལ་སོགས་པ་ཡོད་པ་ཉིད་ཀྱང་དེའི་ཚེ་ཡོད་པ་ཡིན་པ་

དེ་བས་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེ་ན། དེའི་ཕྱིར་མ་གྲུབ་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། ལུས་ཡན་གར་བ་ལས་སྐྱེ་བ་ཡིན་ན་རིགས་མཐུན་པའི་རྒྱུ་དང་བྲལ་བར་འགྱུར་ན། འོན་ཀྱང་དེ་ཡོད་པ་མ་ཡིན་ཏེ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་རིགས་མཐུན་པ་ཉིད་ནི་ཉེ་བར་ལེན་

པ་ཉིད་ཀྱི་སྒོ་ནས། རིགས་མཐུན་པའི་རྒྱུ་ཡིན་པའི་གཏན་ཚིགས་དེའི་ཕྱིར། སྐད་ཅིག་མ་ཐ་མའི་དབང་པོ་ལ་སོགས་པའི་རིགས་མཐུན་པའི་སྔ་མས་དབང་པོ་ལ་སོགས་པ་སྐྱེད་པ་ཉིད་ཡིན་པ་དེ་ལྟར་ན། འཆི་བའི་གནས་སྐབས་ན་དབང་པོ་ལ་སོགས་པ་ཡོད་པ་ཉིད་དུ་གྲུབ་པ་ཡིན་ནོ། །དེ་དག་ཀྱང་

གློ་བུར་བ་ཉིང་མཚམས་སྦྱོར་བའི་ནུས་པ་དང་བྲལ་བ་ཡིན་པར་ནི་བསམ་པར་མི་བྱ་སྟེ། གང་གིས་སྔར་རིགས་མཐུན་པ་སྐྱེད་པར་བྱེད་ཀྱི་ཕྱིས་ནི་མ་ཡིན་པ་མ་ཡིན་ནོ། །ཇི་སྲིད་བདག་ཏུ་ཆགས་པ་དང་མ་བྲལ་བ་དེ་སྲིད་དུ་གང་ལས་ཉིང་མཚམས་སྦྱོར་བའི་ནུས་པ་ཉིད་དང་བྲལ་བ་ཡིན། དེ་ཡང་འོག་ནས་

རྒྱས་པར་བསྟན་པར་འགྱུར་རོ། །གཟུང་བར་བྱ་བ་ནི་གང་ཆར་སྐྱོབ་པ་ཞེས་བྱ་བའམ། གཟུང་བར་བྱ་བ་ཡིན་པས་ན་གཟུང་བ་སྟེ། ལག་པ་གཟུང་བར་བྱ་བ་ཞེས་འགའ་ཞིག་ལ་གྲགས་སོ། །བཞུས་པ་ལས་ཞེས་བྱ་བ་ནི་མེས་བཞུས་པ་ལས་སོ། །དྲི་མ་ནི་བཞུས་པའི་དྲེག་པའོ། །དེ་ལ་ཞེས་བྱ་བ་

Vol. 177 · folio 91b

ནི་སའི་ཁམས་བཞུས་པར་གྱུར་པ་ནའོ། །སྲོག་ཆགས་དང་སྲོག་ཆགས་མ་ཡིན་པའི་བདག་ཉིད་ཅན་གྱི་ཐ་དད་པ་ཉིད་ཅེས་བྱ་བ་ནི་ཇི་ལྟར་དེ་ལས་ཟློག་པ་དག་ལས་སའི་ཁམས་གསེར་གྱི་རང་བཞིན་གྱི་རྡུལ་ཕྲ་རབ་རབ་ཏུ་ཐ་དད་པ་ཉིད་ཡིན་པ་དེ་ལྟར་དེ་ལས་གཞན་པ་དག་ལས་སེམས་ཀྱི་བདག་ཉིད་

ཅན་རྒྱུན་མི་འཆད་པ་ཅན་ཐ་དད་པའི་རང་བཞིན་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ལྕགས་ཉིད་དུ་གྱུར་པའི་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལས་ཁྱད་པར་མེད་པ་སྟེ། ཐམས་ཅད་ལྕགས་སུ་གྱུར་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་

སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའིའོ། །ཁྱད་པར་ཅན་མ་ཡིན་པའི་རང་བཞིན་མཐོང་བ་ཙམ་དུ་གྱུར་པའི་རྐྱེན་ས་ལ་སོགས་པ་གང་ལ་ཡོད་པ་གཞན་གྱིས་ཁས་བླངས་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་མ་ཡིན་ཏེ་རང་བཞིན་ལ་སོགས་པ་ལ་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བའི་སོགས་པའི་སྒྲས་ནི་ལྷན་

ཅིག་བྱེད་པ་ཁྱད་པར་མེད་པ་གཟུང་ངོ་། །དེ་ཉིད་ནི་ཆུ་ཡོངས་སུ་བཙགས་ནས་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །དེ་ལྟར་དར་བ་ལ་སོགས་པ་ལ་སྤྲིས་མ་ལ་སོགས་པའི་ཚུལ་དུ་དེའི་སྟེང་གི་ཆ་ཉིད་ལ་དེའི་རྒྱུ་ཡོད་པ་མ་ཡིན་གྱི། འོན་ཀྱང་ཐམས་ཅད་ལ་སྲོག་ཆགས་ཀྱི་རྒྱུ་ཉིད་ཡོད་པ་ཡིན་ནོ། །གལ་

ཏེ་ཅི་ལྟར་རྟོགས་པར་འགྱུར་ཞེ་ན། སྟེང་དང་འོག་དང་བར་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལས་ཅིར་འགྱུར་ཞེ་ན། ཆུར་ཁྱད་པར་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཁྱད་པར་མེད་ན་ཞེས་བྱ་བའི་རང་བཞིན་མཚུངས་པ་ལ་སོགས་པའོ། །ལྷག་མ་ནི་ཆུ་གང་སྲོག་ཆགས་དང་ལྡན་པ་ཉིད་དུ་

གྱུར་པའོ། །ཕྱོགས་ལ་ལ་ན་སྲོག་ཆགས་ཡོད་པའི་ཕྱིར་སྲོག་ཆགས་དང་ལྡན་པའོ། །ཉེ་བར་བཀོད་པ་མཚུངས་པ་མ་ཡིན་པ་ནི་སྤྲིས་མའི་དཔེ་དང་འདི་ལྷན་ཅིག་མཚུངས་པ་མེད་པའི་ཕྱིར་རོ། །དོན་གཞན་དུ་གྱུར་པ་ནི་ཆང་ལས་སོ། །སྐྱེས་བུའི་ཆོས་ནི་མྱོས་པ་སྲོག་ཆགས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་རོ། །

འབྲས་བུ་དེ་མེད་པའི་ངང་ཚུལ་ཅན་ནི་མྱོས་པ་ཞེས་བྱ་བའི་འབྲས་བུ་བྱེད་པའི་ངང་ཚུལ་ཅན་ནོ། །དེ་ལྟར་ན་འདིར་མྱོས་པ་དང་མྱོས་པའི་ནུས་པ་འདི་ཡིན་ནོ་ཞེས་ཐ་དད་པའི་རིགས་པ་ཡིན་ནོ། །སེམས་ཉིད་ལ་མེད་དོ་ཞེས་བསྟན་པའི་ཕྱིར་སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་སེམས་ཉིད་ཀྱི་འབྲས་

Vol. 177 · folio 92a

བུ་ཅུང་ཟད་ཀྱང་མ་ཡིན་ཏེ། སེམས་ནི་འབྱུང་བའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །ཐ་དད་པ་མེད་པ་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མེད་པའི་ཕྱིར་རོ། །དེ་ལྟར་ན་སེམས་ཀྱི་འབྲས་བུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འབྱུང་བ་དག་གིས་སེམས་ལ་ཅུང་ཟད་ཀྱང་བྱར་ཡོད་པ་

མ་ཡིན་ཏེ། ཐ་དད་པ་ཉིད་མེད་པའི་ཕྱིར་རོ། །ཅི་སྟེ་མྱོས་པ་དང་འདྲ་བར་འབྲས་བུའི་བདག་ཉིད་ཅན་གྱི་སེམས་ཉིད་ཀྱི་ས་ལ་སོགས་པའི་འབྱུང་བའི་རང་བཞིན་རྒྱུར་གྱུར་པའི་ནུས་པ་ཡོད་པའོ། །ཅི་སྟེ་འབྱུང་བ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཀྱི་ནུས་པ་ཞེས་ནི་མི་བརྗོད་ཀྱི་འོན་ཀྱང་སེམས་

ཉིད་ནུས་པ་ཡིན་ལ་དེ་ཡང་འབྱུང་བ་རྣམས་ཀྱི་ཡིན་ནོ། །དེའི་ཚེ་འབྱུང་བ་དག་ལ་དེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བའིའོ། །ཆོས་གཞན་སྤོང་བའི་སྒོ་ནས་ཞེས་བྱ་བ་ནི་མ་བྱས་པ་ཉིད་ལས་རྣམ་པར་བཅད་པའི་སྒོ་ནས་སོ། །དེའི་རང་བཞིན་ཞེས་བྱ་བ་ནི་སྒྲའི་རང་བཞིན་ནོ། །དེ་ནི་བློ་ཐ་

དད་པས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། འདི་ལྟར་སེམས་ཉིད་ནི་རང་གི་རྒྱུད་ཀྱི་རང་རིག་པས་བདེ་བ་ལ་སོགས་པའི་ངོ་བོར་གཟུང་བར་བྱ་བ་ཡིན་ཞིང་། ས་ལ་སོགས་པ་ཉིད་ནི་སྲ་བ་ཉིད་ལ་སོགས་པའི་ངོ་བོར་རྒྱུད་གཞན་དུ་བློས་མངོན་སུམ་དུ་བྱེད་དོ། །དེ་ལྟར་ན་འབྱུང་བ་དང་སེམས་

དག་ནི་ཐ་དད་པ་ཁོ་ནར་འགྱུར་རོ། །དེ་ལྟར་ན་ཞེས་བྱ་བ་ནི་བློ་ཐ་དད་པས་གཟུང་བར་བྱ་བ་ཉིད་ཡིན་པའི་ཕྱིར་ཐ་དད་པ་ཡིན་ན། ནུས་པ་དང་ནུས་པ་དང་ལྡན་པའི་རྣམ་པར་རྟོག་པས་ནི་མ་ཡིན་ཏེ། དེ་ནི་ཐ་དད་པ་མེད་པར་གཞག་པ་ཉིད་ཀྱི་ཕྱིར་རོ། །འདི་ཡང་ཞེས་བྱ་བ་ནི་ཐ་དད་པ་མེད་པའི་ཕྱོགས་ལའོ། །

དགག་པར་བྱའོ་ཞེས་བྱ་བར་བཤད་ཟིན་ཏོ་ཞེས་བྱ་བ་ནི། སེམས་ཉིད་ལ་དེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་དགག་པར་བྱའོ་ཞེས་སྔར་བཤད་པ་ཉིད་ཀྱི་ཕྱིར་རོ། །ཡོན་ཏན་ལ་སོགས་པའི་ངོ་བོ་ཡིན་ན་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་འབྲས་བུའི་ངོ་བོ་ཡིད་ཀྱི་བློ་གཟུང་ངོ་། །མངལ་ལ་སོགས་པར་དང་པོར་

ཉིང་མཚམས་སྦྱོར་བ་ན་དེ་ཉིད་ཡོད་པའི་ཕྱིར་རོ། །དེ་སྐད་དུ། ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་བཤད་པ་ཡིན་ནོ། །གནོད་པ་ནི་དབང་པོ་རྣམས་ཀྱི་འགྱུར་བའོ། །དེ་ལྟར་ན་མིག་ལ་སོགས་པར་འགྱུར་བ་ན་ཡང་ཇི་ལྟར་

Vol. 177 · folio 92b

སྔར་རྣམ་པར་རྟོག་པའི་བློ་སྐྱེ་བ་ཉིད་ཡིན་ནོ། །མིག་ལ་གནོད་པ་ན་ཞེས་བྱ་བ་ལ་སོགས་པས་གཞན་གྱི་དོགས་པ་སེལ་བར་བྱེད་དོ། །དེ་ཡང་བུ་ལ་སོགས་པ་དང་འབྲེལ་པ་ཅན་གྱིས་དབང་པོ་ལ་གནོད་པ་ན་ཡང་ཞེས་བྱ་བ་ནི་ཡུལ་གྱི་སྒོ་ནས་ཀྱང་དེ་ལྟ་བུའི་མཚན་ཉིད་ཅན་གྱི་འགྱུར་བ་ཡོད་པ་ཡིན་ནོ་ཞེས་བྱ་

བའི་དོན་ཏོ། །དེ་སྐད་དུ་དབང་པོ་འགྱུར་བའི་སྒོ་ནས་དངོས་སུ་ཡིད་ཀྱི་བློ་འགྱུར་བ་ཡོད་པ་མ་ཡིན་གྱི། བརྒྱུད་པས་ཡིད་གདུང་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་པ་དེ་ལྟར་ན། དོན་འདི་བརྗོད་པར་འདོད་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་ན་སྔར་དབང་པོའི་རྣམ་པར་ཤེས་པ་ཉིད་འགྱུར་

བ་སྐྱེ་ཞིང་། ཕྱིས་བརྒྱུད་པས་རྣམ་པར་རྟོག་པ་ཉིད་གདུང་བ་ལ་སོགས་པའི་མཚན་ཉིད་ཅན་ཡིན་ནོ། །དེ་ལྟ་བུར་གྱུར་པའི་འགྱུར་བས་ཡིད་ཀྱི་བློ་ལུས་ལ་བརྟེན་པ་རིགས་པ་མ་ཡིན་ཏེ། ཟློག་པ་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །ངེས་པར་རྟོག་པའི་ཤེས་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་རྣམ་

པར་ཤེས་པའོ། །ཕྱོགས་ཀྱི་ཆོས་སྤོང་བར་བྱས་ནས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ནོ། །དེ་ལྟར་ན་དཔེ་སྤོང་བ་དང་བསྒྲུབ་པར་བྱ་བའི་ཆོས་སྤོང་བར་བྱས་ནས་སོ། །གང་རྣ་བ་འགྱུར་བའི་རྗེས་སུ་མི་བྱེད་པ་དེ་ནི་རྣ་བ་ལ་བརྟེན་པ་མ་ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ལྟ་བུའོ། །ངེས་པར་རྟོག་

པའི་ཤེས་པ་ཡང་རྣ་བ་འགྱུར་བའི་རྗེས་སུ་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །ཇི་ལྟར་དབང་པོ་ཡོད་ན་ཡོད་པའི་ངང་ཚུལ་ཅན་ཉིད་ནི་ཞེས་བྱ་བ་ནི་ཇི་ལྟར་དབང་པོ་དང་བཅས་པ་ཅན་གྱི་ལུས་ཉིད་ལ་ཡིད་ཀྱི་བློ་ཡོད་པ་ཡིན་གྱི། དབང་པོ་མེད་པ་ཅན་གྱི་སྐྲ་དང་སེན་མོ་ལ་སོགས་པ་ལ་

མེད་དོ། །དེ་ལྟར་ཡིད་ཡོད་ན་ཡོད་པའི་ངང་ཚུལ་ཅན་ཉིད་ཀྱང་ཞེས་བྱ་བ་ནི། ལུས་ཤེས་པ་དང་བཅས་པ་ཉིད་ལ་དབང་པོ་རྣམས་ཡོད་ཀྱི་ཤེས་པ་དང་བྲལ་བ་ལ་ནི་མ་ཡིན་ནོ། །ད་ནི་དབང་པོ་ཡོད་ན་ཡོད་པའི་ངང་ཚུལ་ཅན་ཉིད་བསལ་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚོར་བ་

མེད་པ་ཞེས་བྱ་བའི་ནད་ཀྱི་བྱེ་བྲག་གང་གིས་ལུས་ཁྱབ་པ་ཅན་གྱི་ལུས་ཀྱི་ཕྱི་དང་ནང་གི་དབང་པོ་ཉམས་པར་འགྱུར་རོ། །སོགས་པའི་སྒྲས་ནི་མིག་ལ་སོགས་པའི་ཉམས་པའི་རྒྱུ་གཟུང་ངོ་། །གནས་པའི་རྟེན་ཞེས་བྱ་བ་ནི་རྒྱུན་ཕྱི་མའི་རྒྱུ་སྔ་མ་སྔ་མ་ཡིན་ནོ། །དབང་པོ་ཐམས་ཅད་ལོག་པས་ཞེས་བྱ་བ་ལ་སོགས་པ་དེ་ནི་ཤི་བའི་

Vol. 177 · folio 93a

ལུས་ལ་ལྟོས་ནས་འཇུག་པ་ཡིན་ནོ། །ཚོར་བ་མེད་པ་ལ་སོགས་པའི་དུས་ན་ཡང་དབང་པོ་ལྔ་ཡོད་ན་ཡང་ཡིད་ཀྱི་བློ་ཡོད་པ་ཡིན་ནོ་ཞེས་བཤད་དོ། །རྟེན་ལ་གནོད་པའི་རྗེས་སུ་བྱེད་པ་ཞེས་བྱ་བ་ནི་དེ་འགྱུར་བ་ན་རྣམ་པར་འགྱུར་བ་ཉིད་དོ། །དེ་ལྟར་ན་རྟེན་ཉིད་གྲུབ་པ་ན་དེ་

ལྡོག་པས་ལྡོག་པ་ཡང་གྲུབ་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཅི་ཉེ་བར་ལེན་པ་དང་བྲལ་བས་ཤི་བའི་ལུས་ལ་བློ་མི་སྐྱེ་བའམ། ཅི་མིག་ལ་སོགས་པ་མེད་པའི་ཕྱིར་ཞེས་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་ཉིད་ནི་དེ་ལྟ་མ་ཡིན་ཏེ་ལོག་ཏུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ནི་རྟེན་ཡིན་ནོ་ཞེས་

བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ནི་དབང་པོ་རྣམས་ཀྱི་རྟེན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གཞན་ཡང་ཞེས་བྱ་བ་ནི་དབང་པོ་མེད་པ་ཅན་གྱི་ལུས་སོམ་བདག་གམ་དབང་ཕྱུག་ལ་སོགས་པ་སྟེ། གོ་རིམས་བཞིན་དུ་སྐྲ་དང་སེན་མོའི་རྩེ་མོ་ལ་སོགས་པ་ལ་བློ་སྐྱེད་པའི་ཕྱིར་དང་རྒྱུ་རྟག་པ་ཉིད་ནི་བཀག་

པའི་ཕྱིར་རོ། །དེ་དེ་ལྟར་ན་འབྱུང་བ་རྣམས་ནི་བློའི་རྟེན་མ་ཡིན་ཏེ། དབང་པོ་དང་བཅས་པ་དང་དབང་པོ་མེད་པ་ཉིད་ཀྱི་གནས་སྐབས་གཉི་ག་དག་ཀྱང་མི་རུང་བའི་ཕྱིར་རོ། །གང་ཞིག་གང་གི་རྟེན་དུ་འགྱུར་བ་མ་ཡིན་པ་དེ་ནི་དེའི་ཉེ་བར་ལེན་པ་ཉིད་ཀྱི་སྒོ་ནས་སྐྱེད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་མིག་ནི་

རྣ་བའི་རྣམ་པར་ཤེས་པ་ལྟ་བུའོ། །ཇི་སྐད་དུ་བཤད་པའི་རྣམ་པས་འབྱུང་བ་རྣམས་ཀྱང་ཡིད་ཀྱི་བློའི་རྟེན་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གློ་བུར་བ་ཡང་མ་ཡིན་པ་ཞེས་བྱ་བ་ནི་རྒྱུ་མེད་པ་ཅན་ཏེ། རྒྱུ་མེད་པ་ཅན་ཉིད་ཡིན་ན། རྟག་ཏུ་ཡོད་པའམ།

མེད་པར་འགྱུར། ཉེ་བར་ལེན་པའི་རྒྱུ་མེད་པར་འབྲས་བུ་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་རྒྱས་པར་འོག་ནས་བསྒྲུབ་པར་འགྱུར་རོ། །དེའི་ཕྱིར་བློ་ཉིད་བློའི་ཉེ་བར་ལེན་པ་ཡིན་པར་བསྟན་པའི་ཕྱིར། ཕྱིས་ཀྱི་བློ་དེ་གྲུབ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱིས་ཀྱི་བློ་འགྲུབ་པར་ནུས་པའི་

མཚན་ཉིད་བག་ཆགས་གང་ལ་ཡོད་པ་དང་། དེའི་ངོ་བོ་སྟེ་རང་བཞིན་བློ་སྔ་མ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྦྱོར་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྦྱོར་བ་དང་པོ་ནི་ཆོས་ཅན་གྱི་རྒྱུ་ཡིན་ལ། གཉིས་པ་ནི་འབྲས་བུ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །ཕྱིས་ཀྱང་ཞེས་བྱ་བ་ནི་འཆི་བའི་དུས་

Vol. 177 · folio 93b

ནའོ། །ཕན་ཚུན་རྗེས་སུ་བྱེད་པ་ཅན་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི། འདི་ལྟ་སྟེ་དབང་པོ་དང་བཅས་པའི་ལུས་དང་། རྣམ་པར་ཤེས་པ་སྟེ་གཉིས་ནི་ཕན་ཚུན་ས་བོན་ཅན་ཡིན་ནོ་ཞེས་ཆོས་མངོན་པ་ལས་གསུངས་པའི་ཕྱིར་རོ། །དེ་བས་ན་དབང་པོ་རྣམས་རྟེན་ཉིད་ཡིན་པ་འགོག་པ་ལ་རྗེས་

སུ་དཔག་པ་བཤད་པ་གང་ཡིན་པ་དེ་ལ་གནོད་པར་འགྱུར་བ་སྟེ། ལུང་དང་འགལ་བར་འགྱུར་རོ། །འགལ་བ་ཙམ་ཉིད་གནོད་པར་བཤད་ཀྱི་དེ་ལྟ་མ་ཡིན་ན་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་ལ་ཇི་ལྟར་ན་ལུང་གིས་གནོད་པར་འགྱུར། དེ་བས་ན་ཚད་མ་དང་འགལ་བ་གསུང་བ་

ཅན་ཉིད་ཡིན་པའི་ཕྱིར། བཅོམ་ལྡན་འདས་ནི་ཚད་མར་གྱུར་པ་མ་ཡིན་སྙམ་དུ་སེམས་སོ། །ལུས་ལ་བརྟེན་པའི་ཡུལ་དག་གིས་ཞེས་བྱ་བ་ནི་དབང་པོ་དང་བཅས་པའི་ཡུལ་ས་རྣམ་པར་གནས་པའི་དྲི་དང་རོ་དང་རེག་བྱ་ལ་སོགས་པ་དག་གིས་སོ། །གཞན་དག་གིས་ཞེས་བྱ་བ་ནི་གནོད་པ་བྱེད་པ་དག་

གིས་སོ། །དབང་པོ་དང་རྣམ་པར་ཤེས་པ་དང་བཅས་པ་ཅན་གྱི་ལུས་ཀྱི་ལས་ཞེས་བྱ་བར་སྦྱར་རོ། །མི་འདོད་པ་ཞེས་བྱ་བ་ནི་རིགས་མཐུན་པའི་རྒྱུ་ལ་སོགས་པའོ། །དེ་ལྟ་མ་ཡིན་ན་རྒྱུ་མེད་པ་ཅན་དུ་ཐལ་བའི་ཕྱིར་ཞེས་བྱ་བ་ནི་རྒྱུ་གོ་རིམས་མེད་པ་ཅན་ལས་འབྲས་བུ་གོ་རིམས་དང་ལྡན་པ་འབྱུང་ན་

རྒྱུའི་ཆོས་ཀྱི་རྗེས་སུ་བྱེད་པ་མ་ཡིན་པའི་ཕྱིར་འབྲས་བུ་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་རོ། །རྒྱུ་མེད་པ་ཅན་ཉིད་ཡིན་ན་རང་དབང་ཉིད་དུ་འགྱུར་བའི་ཕྱིར་ལུས་མ་གཏོགས་པར་གཞན་ལ་ཡང་རྣམ་པར་ཤེས་པ་ཡོད་པར་ཐལ་བར་འགྱུར་རོ། །གང་ཡང་རྟག་པ་ཞེས་བྱ་བ་ནི་བྱེ་བྲག་ལ་སོགས་པ་དག་གིས་རྡུལ་

ཕྲ་རབ་ལ་སོགས་པ་གོ་རིམས་བཞིན་དུ་བྱེད་པའི་ངང་ཚུལ་ཅན་དུ་འདོད་དོ། །འདིས་ནི་འདི་སྐད་དུ་རེ་ཞིག་གཞུང་དེ་ཡང་རིགས་པ་མ་ཡིན་ཏེ། ཚད་མ་དང་འགལ་བ་ཉིད་ཀྱི་ཕྱིར་རོ། །འདི་ལས་ཀྱང་དེ་ཁོ་ན་ཉིད་དུ་སྨྲ་བའི་གཞུང་འདི་ནི་ཤིན་ཏུ་དམན་པ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །ལུས་ལས་རིམ་

བཞིན་ཞེས་བྱ་བ་ནི་ལུས་ལས་རིམ་པ་བཞིན་དུ་བློ་སྐྱེ་བར་འགྱུར་ན་ཞེས་བྱ་བའི་དོན་ཏོ། །ལུས་ལས་ཞེས་བྱ་བ་ནི་གང་ལས་འོངས་པའི་ལྔ་པ་ཡིན་ཏེ། རབ་ཏུ་སྐྱེ་བ་བརྗོད་པ་ཉིད་ཡིན་པའི་ཕྱིར་རོ། །སྐྱེ་བར་འདོད་པའི་ཚོགས་ཀྱི་ཞེས་བྱ་བ་ནི་བློའི་དབང་པོའི་ཚོགས་ཀྱིའོ། །རྒྱུ་མཐོང་བའི་ཕྱིར་ཞེས་བྱ་

Vol. 177 · folio 94a

བ་ནི་བློའི་དབང་པོའི་ཚོགས་ཇི་ཙམ་པ་འཚོ་བའི་གནས་སྐབས་ན་རྒྱུ་ཉིད་དུ་མཐོང་ངོ་། །ཐམས་ཅད་དུ་ཞེས་བྱ་བ་དེ་ནི་ཕྱིས་ཀྱང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །འདིའི་བཤད་པ་ཕྱི་མ་ནི་འཆི་བའི་འོག་ཏུ་ཞེས་བྱ་བ་ཡིན་ནོ། །སྔར་རྒྱུ་གང་ཡིན་པ་དེ་ནི་ཕྱིས་ཀྱང་

ཡིན་ནོ་ཞེས་བྱ་བ་འདི་ལ་ངེས་པ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་ཉིང་མཚམས་སྦྱོར་བར་ཡང་ནུས་པ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། སྔར་ཡང་ཉིང་མཚམས་སྦྱོར་བའི་ནུས་པ་ཉིད་དང་ལྡན་པ་ཉིད་ཀྱི་ཕྱིར། དེ་རྒྱུ་ཉིད་ཡིན་ན་གལ་ཏེ་དེ་ཕྱིས་ཀྱང་ཡོད་པ་ཡིན་ན་ཅིའི་ཕྱིར་རྒྱུར་མི་འགྱུར། གལ་ཏེ་ཉིང་མཚམས་

སྦྱོར་བར་ནུས་པ་ཉིད་ཇི་ལྟར་ཡིན་ཞེ་ན། ཕྱིས་ཀྱང་མ་ཚང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཕྱིས་ཀྱང་བློ་ལ་སོགས་པ་བདག་ཏུ་ཆགས་པ་ཉམས་པ་མེད་པ་དེ་འདྲ་བ་ཉིད་ཡིན་ནོ། །ཕྱིས་ཀྱང་མ་ཚང་བ་མེད་པ་ཉིད་སྒྲུབ་པའི་ཕྱིར་གྲུབ་པའི་མཐའ་སྨྲ་བའི་གཞན་ལ་རྒྱུ་མཚན་ཅིས་ཀྱང་སྲིད་པའི་ཞེས་བྱ་བ་ལ་

སོགས་པ་ནི་འདྲི་བར་བྱེད་པའོ། །མ་འོངས་པའི་བློ་ལ་སོགས་པའི་ཚོགས་ནི་སྲིད་པ་ཡིན་ལ། དེ་ཉིང་མཚམས་སྦྱོར་བ་མེད་པ་ནི་འཆི་བའི་སེམས་ཀྱི་དེ་མ་ཐག་ཏུ་སྐྱེ་བ་མེད་པའོ། །འགལ་བ་དམིགས་ལྟར་བཅོས་པ་ཡིན་ནོ་ཞེས་བྱ་བ་ནི་འཆི་བའི་སེམས་སེམས་གཞན་དང་ཉིང་མཚམས་སྦྱོར་བ་ལ་འགལ་བ་

མེད་དུ་ཟིན་ཀྱང་འགལ་བ་ཉིད་དུ་བརྗོད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་སེམས་གཞན་དང་ཉིང་མཚམས་སྦྱོར་བ་དང་། སྒྲུབ་པར་བྱེད་པ་འཆི་བའི་སེམས་ཉིད་ལའོ། །སེམས་གཞན་དང་ཉིང་མཚམས་སྦྱོར་བ་མེད་པ་ནི་གཞན་གྱི་བསྒྲུབ་པར་བྱ་བ་མ་

ཡིན་ནམ། ཉིང་མཚམས་སྦྱོར་བ་ནི་མ་ཡིན་ནོ་ཞེ་ན། སྐྱོན་འདི་མེད་དེ་མེད་དོ་ཞེས་བྱ་བའི་ཚུལ་འདིས་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར། བསྒྲུབ་པར་བྱ་བ་བསྟན་ཏེ། སྒྲུབ་པ་དང་དགག་པ་དག་གིས་དངོས་པོ་ཉིད་སྒྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་ཕྱིར་རྒོལ་བ་ལ་ལྟོས་ནས་བསྒྲུབ་པར་བྱ་བའི་ཐ་སྙད་དུ་

བྱས་པ་ཡིན་ནོ། །འགལ་བ་རྣམ་པ་གཉི་ག་ཡང་ཞེས་བྱ་བ་ནི་ལྷན་ཅིག་མི་གནས་པའི་མཚན་ཉིད་ཅན་དང་། ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ནོ། །དགྲ་བཅོམ་སེམས་གང་ཡིན། དེ་ཡང་ཞེས་བྱ་བ་ནི་འཆི་བའི་སེམས་སོ། །མཚམས་སྦྱོར་བ་མེད་པ་ནི་འདི་སྐད་ཅིག་མ་ཕྱི་མ་དང་། མཚམས་

Vol. 177 · folio 94b

སྦྱོར་བ་མེད་པ་དེ་ལྟར་ན་མཚམས་སྦྱོར་བ་མེད་པའོ། །བདག་ལ་ཆགས་པ་དང་ལྡན་པ། །སེམས་ཅན་གཞན་གྱིས་བཀྲི་མིན་པ། །བདེ་སྡུག་ངོར་ཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་ལེན། །ཞེས་ཆད་པར་འགྱུར་བའི་ཚུལ་གྱིས་སྲིད་པ་གཞན་དུ་ཉིང་མཚམས་སྦྱོར་བ་ཆགས་པས་འཕངས་པ་

ཉིད་ཡིན་པར་བསྟན་པར་འགྱུར་རོ། །བདག་ལ་ཆགས་པ་འདི་ཡང་དགྲ་བཅོམ་པ་ལ་ཡོད་པ་མ་ཡིན་པ་དེ་ལྟར་ན་རྒྱུ་མི་དམིགས་པ་ཡོད་པ་ཉིད་ཡིན་ལ། བདག་ཏུ་ཆགས་པ་ལ་སོགས་པ་སྤངས་པ་ཡང་སྙམ་སེམས་པའི་ཚད་མ་ལས་གྲུབ་པ་མ་ཡིན་ནམ། དེ་བས་ན་ཚད་མ་ཅིས་གྲུབ་ན་ཞེས་ཅིའི་ཕྱིར་བརྗོད་

ཅེ་ན། འདི་སྙམ་དུ་གཞན་གྱིས་དེ་ཁས་བླངས་པ་མ་ཡིན་ལ། ཁས་ལེན་ན་ནི་བདག་ཏུ་ཆགས་པ་སྤངས་པ་ཅན་དག་འཆི་བའི་འོག་ཏུ་ཉིང་མཚམས་སྦྱོར་བར་མི་འགྱུར་བ་གྲུབ་པ་ཉིད་ཡིན་ནོ། །དེ་བས་ན་གཞན་གྱིས་ཁས་མ་བླངས་པ་ཁས་བླངས་ནས་བརྗོད་པ་ཡིན་པར་དགོངས་སོ། །ཚད་མས་མ་

གྲུབ་དོན་ཅན་གྱི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །གཞན་གྱི་ཞེས་བྱ་བ་ནི་དགྲ་བཅོམ་པ་མ་ཡིན་པའི་སེམས་ཀྱི་ཡང་ངོ་། །དེ་མེད་ན་ཡོད་པ་དེ་ནི་འབྲས་བུ་མ་ཡིན་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ནི་དེའི་འབྲས་བུ་ཉིད་ཡིན་པ་དེ་ལྟར་ན། ཁྱབ་པར་བྱེད་པ་འགལ་བ་དམིགས་པ་

ཡིན་ནོ། །གང་དེ་ནི་ཞེས་བྱ་བ་ནི་རྒྱུ་དང་བྲལ་བའོ། །ཐམས་ཅད་ལ་ཁྱད་པར་མེད་པ་ཞེས་བྱ་བ་ནི། དགྲ་བཅོམ་པའི་འཆི་བའི་སེམས་དང་ལམ་པོ་ཆེའི་སྐྱེས་བུའི་འཆི་བའི་སེམས་ཁྱད་པར་མེད་པ་རྒྱུ་དང་བྲལ་བ་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །གཏན་ཚིགས་འདི་ནི་མ་གྲུབ་པ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་འབྲས་བུ་

ཉིད་ཡིན་པའི་ཕྱིར་དང་རྒྱུ་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་བཤད་མ་ཐག་པ་གང་ཡིན་པ་དེ་དག་གོ། །དབུགས་འབྱུང་བ་དང་རྔུབ་པ་ལ་ལྟོས་པའི་ཡིད་ཀྱི་བློ་འབྲས་བུ་ཉིད་དུ་མ་གྲུབ་པའམ། དེ་དང་བྲལ་བས་རྒྱུ་དང་བྲལ་བ་དེ་ཉིད་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བློ་བཞིན་ཞེས་བྱ་བ་ནི་དབང་པོའི་རྣམ་

པར་ཤེས་པ་བཞིན་ནོ། །འགྱུར་བ་ནི་རྣམ་པ་གཞན་དུ་གྱུར་པ་ཉིད་དོ། །ཉམས་པ་ནི་ཞིག་པའོ། །འགྱུར་བ་དང་ཉམས་པ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །ཀུན་ལས་ཀྱང་ནི་མ་ཡིན་ཏེ། །ཞེས་བྱ་བ་ནི་དབང་པོའི་ཚོགས་ཀུན་ལས་སོ། །སྐྱོ་བ་མེད་པའི་རྒྱུ་ནི་འཆད་པར་འགྱུར་རོ། །ཤེས་སྐྱེད་ནུས་པ་ཐ་དད་

Vol. 177 · folio 95a

ཕྱིར། །ཞེས་བྱ་བ་དེ་དང་ཐག་ཉེ་བ་ཉིད་དུ་ཀྱང་གི་སྒྲ་བལྟ་བར་བྱ་སྟེ། རིམ་པ་བཞིན་དུ་སྦྱར་བར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་འདི་ནི་གཏན་ཚིགས་གཞན་སྡུད་པའི་དོན་ཡིན་ཏེ་ཀྱང་གི་སྒྲས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འབྱུང་བ་མེད་པ་ལས་མྱུ་གུ་ལ་

སོགས་པ་བཞིན་ནོ་ཞེས་བྱ་བ་ནི། དཔེར་ན་འབྱུང་བ་ཕན་ཚུན་ལྷན་ཅིག་བྱེད་པ་ཉིད་དུ་མངོན་པར་འདོད་པ་རྣམས་གཅིག་ཉམས་ན། ཡོད་པ་མ་ཡིན་པ་དང་མིག་ལ་སོགས་པ་གང་ཡང་རུང་བ་ཉམས་ན་ཤེས་པ་མེད་པ་དེ་དང་འདྲའོ། །ཤེས་སྐྱེད་ནུས་པ་ཐ་དད་ཕྱིར། །ཞེས་བྱ་བ་ནི་འདི་ལྟར་མིག་གི་དབང་

པོ་གཟུགས་ལ་དམིགས་པ་ཅན་གྱི་རྣམ་པར་ཤེས་པ་སྐྱེད་པར་ནུས་པ་ཉིད་དུ་རིགས་ཀྱི་སྒྲ་ལ་སོགས་པ་ལ་དམིགས་པ་ཅན་གྱི་རྣམ་པར་ཤེས་པ་སྐྱེད་པར་ནུས་པ་ཉིད་ནི་མ་ཡིན་ནོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་ཡང་རང་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་པར་ནུས་པར་རིགས་པ་ཡིན་ནོ། །ནུས་པའི་ཁྱད་

པར་ནི་སོ་སོར་ངེས་པ་འདི་ཉིད་ཀྱིས་དབང་པོ་རྣམས་དུ་མ་ཉིད་དུ་རྟོགས་པ་དང་ཡིད་ཀྱི་རྣམ་པར་ཤེས་པ་རྟོག་པ་དང་བཅས་པ་དོན་ཐམས་ཅད་ཀྱི་ཡུལ་ཅན་དུ་རབ་ཏུ་གྲགས་པ་ཡིན་ནོ། །དེ་དབང་པོ་ལས་དངོས་སུ་སྐྱེ་བ་ཡིན་ན་ནི། ཡུལ་ཐམས་ཅད་ལ་གསལ་བར་སྣང་བ་ཅན་ཉིད་དུ་འགྱུར་རོ། །དེ་བས་

ན་ཡིད་ཀྱི་རྣམ་པར་ཤེས་པ་དབང་པོ་གཅིག་གི་སྒོ་ནས་སྐྱེ་བ་གཅིག་པོ་དེ་ཉིད་ཀྱིས་ཀྱང་། བྱ་བ་ཐམས་ཅད་རྫོགས་པ་ཡིན་པ་དེ་ལྟར་ན་དབང་པོ་གཞན་རྟོག་པ་དོན་མེད་པར་འགྱུར་རོ། །དེ་ཉིད་ནི་དེ་སྐད་དུ་གལ་ཏེ་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །དབང་པོའི་ཚོགས་མ་ལུས་པ་ལས་སྐྱེ་བར་

འདོད་པ་གང་ཡིན་པ་དེའི་རྟེན་དབང་པོ་གཅིག་གི་སྒོ་ནས་སྐྱེ་བ་ཉིད་མེད་པ་མ་ཡིན་ནམ། རྟེན་དབང་པོ་གཅིག་གིས་སྐྱེད་པས་ཡུལ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་དེ་ཅིའི་ཕྱིར་རྗོད་ཅེ་ན། འདི་སྙམ་དུ་ཀུན་ལས་སྐྱེ་བ་ཡང་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་དབང་པོ་གཅིག་མ་ཡིན་ན་སྐྱེད་པར་མི་འགྱུར་

ན་མཐོང་ངོ་ཞེས་དགོངས་སོ། །གཞན་རྣམས་ནི་མེད་པ་ཡིན་ནོ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་རྟོག་པ་དང་བཅས་པ་དེ་ཡང་གང་གི་ཚེ་མིག་གི་དབང་པོའི་སྒོ་ནས་སྐྱེ་བ་དེའི་ཚེ། གཟུགས་ཀྱི་ཡུལ་ཅན་དང་། རྣ་བའི་དབང་པོའི་སྒོ་ནས་སྐྱེ་བ་ནི་སྒྲའི་ཡུལ་

Vol. 177 · folio 95b

ཅན་དང་། དེ་བཞིན་དུ་དབང་པོ་གཞན་གྱི་སྟོབས་ཀྱིས་སྐྱེ་བ་ན་དེ་དང་རྗེས་སུ་མཐུན་པའི་ཡུལ་ཅན་ཡིན་ནོ། །དེ་བས་ན་དབང་པོ་གཞན་མེད་པའི་སྐྱོན་ཡང་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་སོ། །དེའི་བློ་དང་འདྲ་བར་ཞེས་བྱ་བ་ནི་དབང་པོའི་བློ་དང་འདྲ་བར་རོ། །དེ་བས་ན་གསལ་བར་སྣང་བ་ཡིན་པའི་ཕྱིར་རྣམས་

པར་རྟོག་པ་དང་བཅས་པ་ཉིད་ཉམས་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །མ་ཆོད་པའི་ཡུལ་དང་ལྷན་ཅིག་རུང་བའི་ཡུལ་ན་གནས་པའོ། །སོགས་པའི་སྒྲས་ནི་མ་ཚང་བ་མེད་པ་ལ་སོགས་པ་གཟུང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ལ་ལྟོས་པ་མེད་པ་ཞེས་བྱ་བ་ནི། དབང་པོ་དང་ཡུལ་མ་ཆོད་པ་ལ་སོགས་པ་

ལ་ལྟོས་པ་མེད་པ་ཡིན་ནོ། །མ་ཆོད་པ་ལ་སོགས་པ་ཡོད་ན་ཡང་སྐྱེ་བའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཉིད་ལ་སེམས་དང་བཅས་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ་དེ་ལ་ཡང་དེ་དང་འགལ་བའི་སེམས་པ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །སེམས་དང་སེམས་མེད་

པའི་ཉེ་བར་ལེན་པའི་ངོ་བོས་འགལ་བར་བཟློག་པ་ན་གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །དེ་བས་ན་ལྡོག་པ་ལ་ཐེ་ཚོམ་ཟ་བ་མ་ཡིན་ནོ། །དེ་ཡང་འོག་ནས་སྟོན་པར་འགྱུར་རོ། །མིང་དང་གཟུགས་ཀྱི་ཞེས་བྱ་བ་ལ་མིང་ནི་སེམས་དང་སེམས་ལས་བྱུང་བའོ། །གཟུགས་ནི་དབང་པོ་དང་བཅས་པའི་ལུས་སོ། །ངེས་

པ་ཅན་མ་ཡིན་པ་ཞེས་བྱ་བ་ནི་དབང་པོ་རྣམས་ཕན་ཚུན་མ་ཚང་བ་སྲིད་པའི་ཕྱིར་རོ། །འདིས་ནི་འདི་སྐད་དུ་ལྷན་ཅིག་གནས་པ་ཙམ་ནི་གཏན་ཚིགས་མ་ཡིན་གྱི། འོན་ཀྱང་ངེས་པ་ཡིན་ཏེ་དེ་མི་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པའི་ཕྱིར་རོ། །མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བརྗོད་དོ། །དེ་ནི་གཞན་ལ་ཡང་

ཞེས་བྱ་བ་ལ་སོགས་པ་ལ་དེ་ནི་ལྷན་ཅིག་གནས་པ་ངེས་པ་དང་བྲལ་བ་ཉིད་དོ། །གཞན་ལ་ཡང་ཞེས་བྱ་བ་ནི་ལུས་དང་དབང་པོ་དག་ལ་ཡང་ངོ་། །འདི་ལས་གཟུགས་དང་བྲལ་བ་ལས་གཟུགས་མེད་པ་དེ་གཟུགས་མེད་པའི་ཁམས་ཞེས་གང་རབ་ཏུ་གྲགས་པའོ། །དེར་གཟུགས་ཀྱི་འདོད་ཆགས་དང་བྲལ་

བ་སྐྱེ་བར་འགྱུར་རོ། །དེ་བས་ན་གཟུགས་འཕེན་པར་བྱེད་པའི་ལས་མེད་པའི་ཕྱིར་ལུས་དང་དབང་པོ་མེད་པར་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པ་ཡིན་ནོ། །འགའ་ཞིག་གི་ཚེ་གཞན་དེ་ལྟ་བུར་གྱུར་པའི་ཁམས་ངེད་ལ་མ་གྲུབ་པོ་ཞེས་ཟེར་ན། དེའི་ཕྱིར་དཔེ་གཞན་ནི་དེ་ལྟར་ན་འདི་ལ་ཡང་ཞེས་བྱ་བ་ལ་སོགས་

Vol. 177 · folio 96a

པ་སྨོས་ཏེ། གཏན་ཚིགས་ནི་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་ངེས་པ་དང་ལྷན་ཅིག་གནས་པའི་ཞེས་བྱ་བ་གང་ཡིན་པ་འདིའོ། །གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བྱ་བ་ལ་འདི་ལྟར་དབང་པོ་དང་བཅས་པའི་ལུས་འགྱུར་བའི་སྒོ་ནས་དངོས་སུ་འགྱུར་བ་ཉིད་ཀྱི་རྒྱུ་ཉིད་དུ་བཟུང་བ་ཡིན་གྱི། རྣམ་

པ་ཇི་ལྟར་ཡང་རུང་བ་ནི་མ་ཡིན་ན། དབང་པོ་འགྱུར་བའི་སྒོ་ནས་དངོས་སུ་ཡིད་ཀྱི་བློ་འགྱུར་བ་མ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེ་ཉིད་ནི་འདི་ལྟར་ཁོ་བོ་ཅག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅི་སྟེ་རྣམ་པ་འགའ་ཞིག་གིས་དེ་འགྱུར་བའི་རྒྱུ་ཉིད་དུ་གཟུང་བར་འདོད་དོ་ཞེ་ན། དེའི་ཕྱིར་ཕན་འདོགས་པར་བྱེད་

པ་ཞེས་བྱ་བ་ལ་སོགས་པ་བརྗོད་དོ། །སོ་གཏང་བ་ལས་སྐྱེས་པའི་ཡོན་ཏན་ནི་སོ་གཏང་བར་བྱ་བའི་རྫས་ཀྱི་རྟེན་ཅན་གཟུགས་ལ་སོགས་པའོ། །མེ་ལས་ཞེས་བྱ་བ་ནི་ལྔ་པའོ། །འདིས་ཞེས་བྱ་བ་ནི། གང་ཞིག་ཡོད་ཉིད་ཕན་འདོགས་བྱེད། །ཅེས་བྱ་བའི་ཚིགས་སུ་བཅད་པའི་ཆ་འདིས་སོ། །དེ་ནི་འདིར་རྒྱུ་

དང་འབྲས་བུའི་དངོས་པོ་རྒྱུ་ལ་སྔར་འབྱུང་བ་ཅན་གྱི་འབྲས་བུའམ། དེ་དང་ལྷན་ཅིག་འབྱུང་བ་ཅན་ནམ། གང་ཕྱིས་འབྱུང་བ་ཅན་དེ་ལ་རྒྱུའི་སྐད་ཅིག་མས་ཆོད་པ་སྐད་ཅིག་མ་གསུམ་པ་ལ་སོགས་པར་འབྱུང་བ་ཅན་ནམ། ཡང་ན་རྒྱུའི་སྐད་ཅིག་མས་ཆོད་པ་སྐད་ཅིག་མ་གཉིས་པར་ཡོད་པ་ཉིད་དུ་ཐག་ཉེ་བར་གནས་

པའི་མཚན་ཉིད་ཅན་ཏེ། རྣམ་པར་རྟོག་པ་བཞིར་གྱུར་ན། །དེ་ལ་རེ་ཞིག་དང་པོ་དག་ནི་བསྟན་བཅོས་མཛད་པ་ཉིད་ཀྱིས་བསྩལ་བ་གསུངས་ཏེ། རྒྱུ་ལས་སྔར་གྲུབ་པའམ། དེ་དང་ལྷན་ཅིག་འབྱུང་བའི་ངང་ཚུལ་ཅན་ནི་འབྲས་བུ་མ་ཡིན་ནོ་ཞེས་གང་སྨོས་པ་ཡིན་ནོ། །རྣམ་པར་རྟོག་པ་བར་མ་ལ་ཡང་འབྲས་བུ་

རྒྱུ་མེད་པ་ཅན་ཉིད་དུ་འགྱུར་ཏེ། སྐད་ཅིག་མ་གསུམ་པར་འབྱུང་བ་ཅན་ཉིད་ཡིན་ན་ཞིག་པ་ལས་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་འདི་ལ་རྣམ་པར་རྟོག་པ་བཞི་པ་སྲིད་པར་འགྱུར་རོ། །དེ་ལྟ་ནི་གང་ཁོ་ནས་སྐད་ཅིག་མ་དང་པོ་ལ་རྒྱུ་ཡོད་པ་ཉིད་ཡིན་ལ་གཉིས་པ་ལ་འབྲས་བུ་ཡིན་པ་དེ་ཉིད་ཀྱིས་རྒྱུ་མ་

ཞིག་པ་ལས་འབྲས་བུ་སྐྱེ་བ་ཡིན་ཏེ། སྐད་ཅིག་མ་དང་པོ་ལ་རྒྱུ་མ་ཞིག་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ན་རྒྱུ་ཡོད་པ་སྔོན་དུ་སོང་བ་ཅན་ནི་འབྲས་བུའི་ཡོད་པ་ཡིན་པར་འགྱུར་ཏེ། དཔེར་ན་ཞིག་ནས་མེད་པ་སྐད་ཅིག་མ་གཉིས་པ་ལ་རྣམ་པར་འཇོག་པ་མེད་པ་ན་ཡང་མེད་པ་སྔོན་དུ་སོང་བ་ཅན་མ་ཡིན་པ་ལྟ་བུའོ། །

Vol. 177 · folio 96b

དེ་ཉིད་ནི་འོ་ན་ཅི་ཡིན་ཞེ་ན། རྒྱུ་ཡོད་པ་ཉིད་ཉེ་བ་ལས་ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་དོ། །དུས་སྔ་མ་ཅན་དང་ལྷན་ཅིག་འབྱུང་བའི་ངང་ཚུལ་ཅན་གྱི་ཡོད་པ་ཉིད་ནི་འབྲས་བུ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །གྲུབ་པ་ནི་འབྲས་བུ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུ་ལས་སྔར་

འབྱུང་བ་ཅན་ནི་སྔར་ཡོད་པ་ཉིད་དུ་གྲུབ་པ་དང་། ལྷན་ཅིག་འབྱུང་བ་ཅན་ཡང་རྒྱུ་དང་དུས་མཉམ་དུ་གྲུབ་པ་ཡིན་ཏེ། གྲུབ་པ་ལ་ཅུང་ཞིག་ཀྱང་བྱར་ཡོད་པ་མ་ཡིན་ནོ། །ཐ་དད་པ་དང་ཐ་དད་པ་མེད་པའི་རྒྱུན་དག་ནི་ཞེས་བྱ་བ་ལ་ཉེ་བར་ལེན་པའི་རྒྱུ་ནི་ཐ་དད་པ་མེད་པའི་རྒྱུན་ནོ། །ལྷན་ཅིག་བྱེད་པ་ནི་ཐ་དད་

པའི་རྒྱུན་ནོ། །རྒྱུད་གཞན་ཕན་གདགས་པར་བྱ་ཞེས་བྱ་བ་ནི་ཉེ་བར་ལེན་པ་མ་ཡིན་པར་གྱུར་པའི་རྒྱུས་ཕན་གདགས་པར་བྱ་བ་ཡང་ཞེས་བྱ་བའི་དོན་ཏོ། །རྒྱུ་མཚན་གྱི་བདུན་པ་བརྗོད་པ་ཞེས་བྱ་བ་ནི་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བའི་བདུན་པ་གང་ཡིན་པ་འདི་ཡིན་ནོ། །ཡོད་པའི་མཚན་

ཉིད་ཅན་གྱི་བདུན་པ་ལ་རྒྱུ་མཚན་གྱི་བདུན་པར་བསྟན་པ་ཡིན་ནོ། །དེ་ལས་སྐྱེས་པའི་ཤེས་པའི་རྒྱུའི་ལྔ་པས་ཞེས་བྱ་བ་ནི་འདི་སྐྱེ་བས་འདི་སྐྱེའོ་ཞེས་བསྟན་པ་འདི་ལའོ། །དེ་ལས་ཞེས་བྱ་བའི་སྒྲ་རྒྱུར་བརྗོད་པ་ལས་ལྔ་པ་གང་ཡིན་པ་དེ་རྒྱུ་ཡིན་ལ། དེས་རྒྱུ་སྔ་ན་ཡོད་པ་ཉིད་དུ་བསྟན་པ་ཡིན་ནོ། །

ཕུལ་དུ་བྱུང་བ་ཅི་ཞིག་བསྟན་པར་འགྱུར་ཏེ། འགའ་ཞིག་ཀྱང་མ་ཡིན་ནོ། །ལྷན་ཅིག་བྱུང་བ་ཅན་ཉིད་ལ་འདི་ཡོད་ན་ཞེས་བྱ་བའི་རྒྱུ་མཚན་གྱི་བདུན་པ་ངེས་པར་རིགས་ལ་གཞག་པར་ནུས་པ་མ་ཡིན་ཏེ། ཅིག་ཅར་སྐྱེ་བ་ཡིན་ན་གཅིག་རྒྱུ་མཚན་ཉིད་དུ་རྣམ་པར་འཇོག་པར་བྱེད་པའི་ཁྱད་པར་མེད་པའི་ཕྱིར་

རོ། །དེ་བས་ན་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བའི་སྦྱོར་བ་ལ་ཡང་ཅིག་ཅར་གཉི་ག་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་འདིར་འགྱུར་རོ། །དེ་ཉིད་ནི་དེ་བས་ན་འདི་སྐད་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །དེ་ལྟར་ནི་འགྱུར་ན་ལྷན་ཅིག་འབྱུང་བ་ཉིད་ཀྱིས་རྒྱུ་དང་འབྲས་བུའི་ངོ་བོ་ཡིན་ན། ངེས་པ་མེད་

པར་རྒྱུ་དང་འབྲས་བུའི་དངོས་པོ་འདོད་པ་ཉིད་ཡིན་ཏེ། དཔེར་ན་སེམས་དང་སེམས་ལས་བྱུང་བ་ལ་སོགས་པ་ལྟ་བུའོ་ཞེས་བསྟན་པར་བྱ་བ་དེའི་ཕྱིར། གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཁོ་ནས་གཅིག་ཉིད་རྒྱུ་ཡིན་པ་དེ་ཉིད་ཀྱིས་འབྲས་བུ་མ་ཡིན་ཏེ་ཞེས་བྱ་བར་སྦྱར་རོ། །རྒྱུ་མཚན་ཐ་དད་པས་

Vol. 177 · folio 97a

རྣམ་པར་གཞག་པའི་རྒྱུ་དང་འབྲས་བུ་དག་ནི་རྒྱུ་གཅིག་གིས་རྣམ་པར་གཞག་པ་འགལ་བའི་ཕྱིར་རོ། །རྗེས་སུ་འགྲོ་བའི་ངེས་པ་དེ་དང་འདྲ་བ་དག་ནི་ཞེས་བྱ་བ་ནི་སྔ་ཕྱིར་འབྱུང་བའི་མཚན་ཉིད་ཅན་དག་ནིའོ། །འདི་ལ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་ལ་རྣམ་པར་སྡང་བ་ལའོ། །

གལ་ཏེ་འདིས་མངལ་ལ་སོགས་པར་སྔར་ལུས་འབའ་ཞིག་དམིགས་ལ། ཕྱིས་དེའི་ནུས་པ་ལས་སྐྱེ་བའི་བློ་དམིགས་པ་དེའི་ཚེ་འདིའི་རྗེས་སུ་འགྲོ་བ་ངེས་པར་འགྱུར་ན། རྣམ་པ་འདི་སྲིད་མ་ཡིན་ཏེ། ཐམས་ཅད་དུ་བདག་ཉིད་མེད་པའི་ཕྱིར་རོ། །རང་ཉིད་ཀྱི་ལུས་ལྡོག་པ་ནི་ཤི་བ་ལས་འགྱུར་

ཞིང་དེ་ལ་ཡང་འདི་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པ་དེ་ལྟར་ན་གང་གི་ལྡོག་པ་མཐོང་བར་འགྱུར། ཅིའི་ཕྱིར་ལུས་དེ་ལ་ཞེས་བྱ་བ་ནི་གཞན་ནི་ཤི་བའི་ལུས་ལའོ། །དུས་འདིར་ཞེས་བྱ་བ་ནི་གཞན་ནི་ཤི་བའི་ལུས་ཀྱི་གནས་སྐབས་སོ། །ལུས་རྟེན་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་བརྗོད་པ་དངོས་

པོ་གཙོ་བོར་གྱུར་པས་རྟེན་མ་ཡིན་པའི་ཕྱིར་ཞེས་རྟོགས་པར་བྱའོ། །བློ་ཙམ་ཉིད་ཀྱིས་ནི་ཞེས་བྱ་བ་ནི་བློའི་ཁྱད་པར་འདོད་པ་ཉིད་ནི་སྨྲ་བ་ལ་སོགས་པ་ལ་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །གང་ཞིག་གང་གི་འབྲས་བུ་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ། མ་གྲུབ་པ་ཞེས་བྱ་བ་ནི་གང་ཞིག་གང་གི་

འབྲས་བུ་ཡིན་པ་དེ་ནི་དེ་ན་འབྱུང་བ་མ་ཡིན་ཏེ། དཔེར་ན་ས་བོན་ལ་སོགས་པ་མེད་པའི་མྱུ་གུ་ལྟ་བུའོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་དབུགས་དབྱུང་རྔུབ་དང་། དབང་པོ་དང་བློའི་འབྲས་བུ་ཡིན་ནོ་ཞེས་པའི་སྦྱོར་བ་བཤད་པ་གང་ཡིན་པ་དེ་ལའོ། །གང་ཞིག་གང་གི་རྒྱུ་ཅན་ཡིན་པ་ཞེས་བྱ་བ་ལ་སོགས་པ་

ལ་གཞན་གང་ཞིག་ཅེས་བྱ་བ་ནི་འབྲས་བུ་སྟོན་པའོ། །གང་ལ་གང་གི་རྒྱུ་ཡོད་པ་ཞེས་བྱ་བ་ནི་འབྲུ་མང་པོ་པའོ། །དེ་ནི་འབྲས་བུའོ། །རྒྱུ་དེ་མ་ལུས་པ་ཡོད་ན་འགྱུར་རོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གཅིག་གོ། །གནས་པ་ན་ལྡོག་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་གཉིས་པའོ། །ཡོད་པའམ་གནས་

པ་ན་སྒྲོན་མ་ཡོད་པའམ་ལྡོག་པ་མེད་པ་ལྟ་བུའོ་ཞེས་བྱ་བ་ལ། ཡོད་པ་ན་ཡོད་པའམ་གནས་པ་ན་ལྡོག་པ་མེད་པ་ཞེས་བྱ་བར་སྦྱར་བར་བྱའོ། །བསྒྲུབ་པར་བྱ་བ་གཉིས་པ་ལ་ལྟོས་ནས་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ་ཞེས་བྱ་བ་ནི་འབྲས་བུ་ལྡོག་པ་ལ་རྒྱུ་ལྡོག་པས་ཁྱབ་པའོ། །དེ་དང་འགལ་

Vol. 177 · folio 97b

བ་ནི་རྒྱུ་མ་ལོག་པའོ། །གཏན་ཚིགས་སྔ་མ་ནི་ཞེས་བྱ་བ་ལ་སོགས་པས་གཞན་གྱི་བསམ་པའི་དོགས་པ་བསུ་བ་ཡིན་ནོ། །གཏན་ཚིགས་སྔ་མ་ནི་གང་ཞིག་གང་གི་ཚེ། རྒྱུ་ཚོགས་པ་ཅན་ཡིན་པ་དེ་ནི་དེའི་ཚེ་ཡོད་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་འདི་

དང་སྦྱར་རོ། །གལ་ཏེ་ཇི་ལྟར་ཡིན་ཞེ་ན། གསོན་པའི་ལུས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཏན་ཚིགས་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དབུགས་དབྱུང་བ་དང་རྔུབ་པ་དག་གསལ་བར་བྱེད་པ་ཡོད་པ་མ་ཡིན་པའི་རྒྱུ་དེའི་ཕྱིར་རོ། །གཉིས་པ་ཡང་ཞེས་བྱ་བ་ནི་གང་ཞིག་གང་གི་ཚེ་རྒྱུ་ཚོགས་པ་ཅན་ཡིན་པ་

དེ་ནི་དེའི་ཚེ་ཡོད་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའོ། །དབུགས་དབྱུང་རྔུབ་ཀྱི་འབྲས་བུ་ཞེས་བྱ་བ་དེ་ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་ཡོད་པ་མ་ཡིན་ནོ། །བདག་ཉིད་ཀྱི་མངོན་པར་འདོད་པའི་འཐད་པས་ཞེས་བྱ་བ་ནི་འཇིག་རྟེན་རྒྱང་པན་པའི་མངོན་པར་འདོད་པ་ཉིད་ཀྱི་འཐད་པས་སོ། །

དེ་ལྟར་ན་དེ་ཡོད་ན་ཡོད་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །འདིས་དབུགས་འབྱུང་བ་དང་རྔུབ་པ་དག་ནི་སེམས་ཀྱི་རྒྱུ་ཉིད་དུ་ཁས་བླངས་པ་ཡིན་ན་འཐད་པ་འདིས་ཀྱང་སེམས་ཉིད་རྒྱུ་ཉིད་ཡིན་པར་རྟོགས་པར་འགྱུར་རོ། །དེ་ཉིད་དྲི་བ་སྔོན་དུ་སོང་བས་བསྟན་པའི་ཕྱིར། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་

སོགས་པས་སྨོས་སོ། །སྦུད་པ་ནི་མགར་བ་དག་གི་པགས་པའི་ཁ་སྦྱར་རོ། །གང་དེ་བུམ་པ་སྐྱེལ་བ་དང་ལེན་པར་བྱེད་པ་འདི་ཉིད་སེམས་ཀྱི་དབང་པོ་འཇུག་པ་ཡིན་གྱི། བུམ་པའི་རང་གི་ངོ་བོ་ནི་མ་ཡིན་ཏེ། དེ་ནི་ཉེ་བར་ལེན་པ་སྔ་མ་སྔ་མ་ལ་རག་ལུས་པ་ཉིད་ཀྱི་ཕྱིར་རོ། །བསྐྱེལ་བ་དང་ལེན་པར་

བྱེད་པ་དེ་ཉིད་ཀྱང་འབད་རྩོལ་བར་བྱེད་པ་དེ་ལྟར་ན་གང་ལས་མ་ངེས་པ་ཉིད་ཡིན། བུམ་པའི་རང་གི་ངོ་བོ་གང་ཡིན་པ་དེ་ནི་སེམས་ཀྱི་དབང་གིས་འཇུག་པ་མ་ཡིན་པ་དེ་ལྟར་ན། དེ་ལ་སེམས་སྔོན་དུ་སོང་བ་ཅན་མེད་ན་ཡང་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་ཡིན་ནོ། །དོན་གཞན་དུ་འགྱུར་

བའི་བྱ་བ་མི་འདོད་པ་སྐད་ཅིག་མར་སྨྲ་བའི་སངས་རྒྱས་པའི་བུམ་པའི་ཡུལ་གཞན་དུ་འབྱུང་བ་ཉིད་འགྲོ་བ་དང་འོང་བ་མ་ཡིན་ནམ། དེ་ཡང་འབད་རྩོལ་ལས་འགྱུར་བ་ཡིན་ན། ཇི་ལྟར་ན་བུམ་པའི་རང་གི་ངོ་བོ་འབད་རྩོལ་ལས་མ་ཡིན། གང་གིས་ན་རང་གི་ངོ་བོ་ནི་རང་གི་ཉེ་བར་ལེན་པའི་རྐྱེན་ལས་ཞེས་བརྗོད་

Vol. 177 · folio 98a

ཅེ་ན། བུམ་པའི་རང་གི་ངོ་བོ་འགྲོ་བ་ལ་སོགས་པའི་གནས་སྐབས་སུ་འབྱུང་བ་ཅན་ནི་འབད་རྩོལ་ལས་འགྱུར་བ་དེ་ཉིད་ནི་བདེན་ཏེ། འགྲོ་བ་དང་འོང་བ་ལ་སོགས་པ་བུམ་པ་རང་གི་ངོ་བོ་ལས་ཐ་དད་པ་མེད་པའི་ཕྱིར་རོ། །རང་གི་ངོ་བོ་ནི་རང་གི་ཉེ་བར་ལེན་པའི་རྐྱེན་ལས་ཞེས་བཤད་པ་གང་

ཡིན་པ་དེ་ནི་བུམ་པའི་རྒྱུ་ལ་ལྟོས་པས་ཡིན་ནོ། །བུམ་པའི་རྒྱུན་ཐམས་ཅད་འགྲོ་བ་དང་འོང་བ་འགྲུབ་པར་བྱེད་པའི་འབད་རྩོལ་གྱིས་སྐྱེད་པ་མ་ཡིན་ཏེ། དེ་ལས་སྔར་ཡང་བུམ་པའི་དམིགས་པའི་ཕྱིར་རོ། །དབུགས་འབྱུང་བ་དང་རྔུབ་པ་ཡང་སེམས་ཉིད་ལས་དམིགས་པ་ཡིན་ནོ། །དེ་ནི་དབུགས་འབྱུང་བ་

དང་རྔུབ་པ་དག་གི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ནོ། །འདོད་པ་མེད་པ་ན་ཞེས་བྱ་བ་ནི་དབུགས་འབྱུང་བ་དང་རྔུབ་པ་དག་གིས་ཀུན་ནས་སློང་བ་འདོད་པ་མེད་པ་ན་འགའ་ཞིག་གི་ཚེ་ལྡོག་པ་མེད་པའི་ཕྱིར་ཏེ། འགའ་ཞིག་གི་ཚེ་བཟློག་པ་མེད་པ་དེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་

ཕྱིར་རང་གི་ངོ་བོར་ཞེས་བྱ་བར་སྨོས་སོ་ཞེས་བྱ་བ་ནི། གང་ཞིག་སེམས་ཀྱི་དབང་གིས་རང་གི་ངོ་བོར་འཇུག་པ་དང་ལྡོག་པ་དེ་ནི་ཞེས་བྱ་བའི་སྦྱོར་བ་བརྗོད་པའི་ཕྱིར་རོ། །ཡོད་པར་རབ་ཏུ་གྲགས་པ་ཅན་གྱི་ཞེས་བྱ་བ་ནི་ཡོད་པར་འཇུག་པ་ཅན་གྱིའོ། །འཇུག་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ནུས་པའི་ངོ་བོར་གནས་

པའི་གསལ་བའི་ངོ་བོ་ཉིད་ཐོབ་པ་ནི་འཇུག་པ་ཡིན་ཏེ་དེ་བྱེད་པའི་ཕྱིར་རོ། །སྔར་འཇུག་པ་ཁས་ལེན་ན་ཞེས་བྱ་བ་ནི་གལ་ཏེ་ཡོད་པར་རབ་ཏུ་གྲགས་པ་ཅན་གྱིས་གསལ་བར་བྱེད་པ་ཡིན་པ་དེའི་ཚེ་མངལ་ལ་སོགས་པ་དབུགས་འབྱུང་བ་དང་རྔུབ་པ་ལས་སྔར་སེམས་ཉིད་ཀྱི་འཇུག་པ་ཁས་ལེན་པ་ཡིན་ཏེ།

དཔེར་ན་སྒྲོན་མ་ཐག་ཉེ་བ་ལས་སྔར་བུམ་པའི་འཇུག་པ་ལྟ་བུའོ། །དེ་བས་ན་ཡོད་པ་ཉིད་དུ་ཁས་བླངས་པར་ཐལ་བར་འགྱུར་ཏེ། ཡོད་པ་ཉིད་ནི་ཇི་སྐད་དུ་བཤད་པའི་འཇུག་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དབུགས་འབྱུང་བ་དང་རྔུབ་པ་མེད་པར་ཡང་སེམས་ཉིད་ཡོད་པར་ཁས་ལེན་པ་

དང་། ཤི་བའི་ལུས་ལ་དབུགས་འབྱུང་བ་དང་རྔུབ་པ་གསལ་བར་བྱེད་པ་དག་མེད་པའི་ཕྱིར། སེམས་མེད་པ་ཡིན་ནོ་ཞེས་བཤད་པ་གང་ཡིན་པ་དེ་གསལ་བ་ཡིན་ནོ། །ཡང་ན་འཇུག་པར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཉིས་པ་འཆད་པ་ཡིན་ཏེ། དེ་ལ་གལ་ཏེ་དེ་དག་གིས་སེམས་ཞེས་བྱ་བ་

Vol. 177 · folio 98b

ལ་སོགས་པས་སྐྱོན་བསྟན་པ་ཡིན་ནོ། །འགྲིབ་པ་ནི་ཕྲི་བའོ། །དེ་དག་ཐལ་འགྱུར་མཚུངས་ན་ཡང་། །ཞེས་བྱ་བ་ནི་ཤི་བའི་ལུས་ལ་དབུགས་འབྱུང་བ་དང་རྔུབ་པ་གསལ་བར་བྱེད་པ་དག་མེད་པའི་ཕྱིར་སེམས་ཉིད་མེད་དོ་ཞེས་བཤད་པ་གང་ཡིན་པ་དང་། ཤི་བའི་ལུས་ལ་དབུགས་འབྱུང་བ་དང་

རྔུབ་པ་དག་ཀྱང་ཅིའི་ཕྱིར་མེད་པ་ཡིན་ཞེས་བརྒལ་ཞིང་བརྟག་པ་མཚུངས་པ་ཡིན་ནོ། །ཇི་ལྟར་ཤི་བའི་གནས་སྐབས་ཀྱི་ཞེས་བྱ་བ་ལ་སོགས་པས་དེ་ཉིད་འཆད་པར་བྱེད་དོ། །རྗེས་སུ་འཆད་པར་བྱེད་པ་ཉིད་ཀྱི་རྒྱུ་ནི་སེམས་ཀྱི་སྐད་ཅིག་མ་སྔ་མ་སྔ་མའོ། །འཕེན་པར་བྱེད་པ་ཞེས་བྱ་བ་འདིའི་

རྣམ་པར་འགྲེལ་བ་ནི་འཕེན་པར་བྱེད་པ་ཞེས་བྱ་བ་ཡིན་ནོ། །དེ་སྐད་དུ་འཕེན་པར་བྱེད་པའི་ལས་ཉིད་ཀྱི་དེ་ལྟ་བུའི་སེམས་ཀྱི་རྒྱུན་མི་ནུས་པའི་ཁྱད་པར་དགོས་པས་གང་དུས་དེ་སྲིད་དུ་ལུས་དེ་དང་ལྷན་ཅིག་སེམས་གནས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་སྡོང་བུ་ལ་སོགས་བཞིན། །

ཞེས་བྱ་བ་ལ་སོགས་པ་ནི་དཔེར་ན་སྡོང་བུ་ལ་སོགས་པ་སྒྲོན་མ་ལ་སོགས་པའི་རྒྱུ་ཡིན་པ་དེ་དང་འདྲ་བར་ལུས་ཀྱང་སེམས་ཀྱི་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྡོང་བུ་ལ་སོགས་པ་དང་མཚུངས་པའི་ཡོན་ཏན་ཅི་ཞིག་སྟོན་ཅེ་ན། གང་གི་ཚེ་སྡོང་བུ་ལ་སོགས་པའི་ཞེས་བྱ་བ་སྨོས་ཏེ། ཤི་བའི་དུས་ན་

ལུས་རླུང་དང་མཁྲིས་པ་ལ་སོགས་པ་དག་གིས་ནུས་པ་མེད་པར་བྱས་པ་དེས་ན། གང་ཞིག་གང་རྒྱུ་ཚོགས་པ་ཅན་ཡིན་པ་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་མ་གྲུབ་པ་ཡིན་པར་འདོད་པ་ཞེས་བྱ་བ་ནི་གང་ཞིག་གང་གི་ཚེ་རྒྱུ་ཚོགས་པ་ཅན་ཡིན་པ་དེ་ནི་དེའི་ཚེ་འགྱུར་ཏེ། འགའ་ཞིག་གི་ཚེ་རྒྱུ་མ་ཚང་བ་

མེད་པ་ཅན་གྱི་མྱུ་གུ་འབྱུང་བ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་བཤད་པ་གང་ཡིན་པ་དེ་ལ་མ་གྲུབ་པའོ། །ཤི་བའི་ལུས་ལ་ཉེས་པ་མཉམ་གྱུར་ཚེ། །ཞེས་བྱ་བ་ནི་རིམས་ལ་སོགས་པའི་ཉེས་པ་གང་གིས་སྲོག་ཆགས་ཤི་བ་ན་དེ་རང་ཉིད་ལྡོག་པར་འགྱུར་ཞིང་། ཉེས་པ་ལྡོག་པ་ཡང་མཉམ་པར་འགྱུར་བ་

ཡིན་ནོ། །ཉེས་པ་འཁྲུགས་པའི་ངོ་བོ་ཅན་གྱི་ནད་མེད་པ་ན་ཡང་ཞེས་བྱ་བ་ནི། རླུང་ལ་སོགས་པའི་ཉེས་པ་རྣམས་འཁྲུགས་པ་ཉིད་ཀྱི་ངོ་བོ་སྟེ། རང་བཞིན་ག་ལ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ཉེ་བ་ཙམ་ལ་རག་ལུས་པས་འཇུག་པ་ཅན་ཉིད་ལ་གགས་བྱེད་པ་མེད་ན་ཡོད་པས་ཁྱབ་

Vol. 177 · folio 99a

པ་ཡིན་ཏེ། དེ་དང་འགལ་བ་ནི་མེད་པ་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡིན་ནོ། །སེམས་དེ་ལྡོག་པ་ནི་མེད་ཅེས་བྱ་བ་ནི་ཡང་འོང་བ་མེད་ཅེས་བྱ་བའི་དོན་ཏོ། །ཡང་འོང་བ་ནི་ལྡོག་པ་ཡིན་ཏེ། དཔེར་ན་གྲོང་དུ་སོང་ནས་ལོག །ཅེས་བྱ་བ་ལྟ་བུའོ། །འདས་

མ་ཐག་པའི་གཏན་ཚིགས་མ་ངེས་པ་ཉིད་དུ་ཞེས་བྱ་བ་ནི། མེ་ཉེ་བ་ཙམ་ལ་རག་ལུས་པས་འཇུག་པ་ཅན་གྱི་ཤིང་སོལ་བར་གྱུར་པ་ན་ཡང་མེ་མེད་པ་ན་ཡང་ཕྱིར་ཤིན་ཏུ་འགྱུར་བ་མེད་པའི་ཕྱིར་དང་། གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་འཇུག་པའི་ཕྱིར་རོ། །འཚོ་བའི་གནས་སྐབས་ན་ཡང་

རིམས་ལ་སོགས་པའི་གསོ་བ་བྱེད་པར་མི་འགྱུར་ནའོ། །ཅུང་ཟད་ཚིག་པ་ནི་ཆུང་བའོ། །དེ་སྐད་དུ་ཕྱིར་ལོག་པ་སྲིད་པ་ཅན་ཡོད་ན་གང་ཞིག་གང་མེད་ན་ཡང་མི་འགྱུར་བ་དེ་ལྟར་ན་ཁྱད་པར་དང་བཅས་པའི་གཏན་ཚིགས་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་

འགྱུར་རོ། །ཡང་འབྱུང་བར་འགྱུར་བ་རྩོམ་པ་ཉིད་ལ་གསོ་བྱ་མ་ཡིན་པའི་འགྱུར་བ་ཉིད་ཀྱིས་ཁྱབ་པ་ཡིན་ཏེ། དེ་དང་འགལ་བ་གསོ་བར་བྱ་བ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །རང་དང་འབྲེལ་པའི་དུས་ནི་རང་ཡོད་པ་ཉིད་ཀྱི་དུས་སོ། །དེ་ལྟ་ཡིན་ན། ཤི་བའི་ཉེས་པ་

མཉམ་འགྱུར་ཚེ། །ཕྱིར་ཡང་སྐྱེ་བ་དག་ཏུ་འགྱུར། །ཞེས་བྱ་བའི་ཉེས་པ་འདི་གནས་པ་ཉིད་ཡིན་ནོ། །གཞན་དུ་གྱུར་པ་ན་ཞེས་བྱ་བ་ནི་གང་གི་ཚེ་མི་ཉིད་དུ་དེ་ཁོ་ན་ཉིད་བཞིར་གྱུར་པ་དེ་ལས་དུས་གཞན་དུ་སྲོག་ཆགས་གཞན་ཉིད་དུ་གྱུར་པ་ནའོ། །ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་སྐད་ཅིག་

མ་མ་ཡིན་པ་སྨྲ་བ་ཉིད་ཀྱི་ཕྱིར། འབྱུང་བ་རྣམས་གཞན་དུ་གྱུར་པ་ལ་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་བཞི་བཅུ་རྩ་བཞི་པ། འབྱུང་བའི་རང་བཞིན་ཙམ་ལས་ཡང་འབྱུང་བའི་ངང་ཚུལ་སེམས་གང་ལ་ཡོད་པ་དེ་ནི་འབྱུང་བའི་རང་

བཞིན་ཙམ་ལས་ཡང་འབྱུང་བའི་ངང་ཚུལ་ཅན་ནོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་ཤི་བའི་ལུས་ཀྱི་གནས་སྐབས་དེ་ཉིད་ཀྱི་ཚེ་ཞེས་བྱ་བའི་དོན་ཏོ། །འགའ་ཞིག་གི་ཚེ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གྱུར་པ་གཞན་ལ་ཡང་འགྱུར་བ་མ་ཡིན་ནོ། །དེ་ནི་གྱུར་པ་ཉིད་མི་འཐད་པ་ནི་འབྱུང་བའི་བདག་ཉིད་ཀྱི་ཞེས་བྱ་བ་ལ་

Vol. 177 · folio 99b

སོགས་པ་སྨོས་ཏེ། འབྱུང་བའི་བདག་ཉིད་ཀྱི་རང་བཞིན་ལས་མ་འཕོས་པར་གྱུར་པའི་ཁྱད་པར་གང་ཡིན་པ་དེ་ནི་མི་རུང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྔ་མའི་རང་བཞིན་ལས་འཕོས་པ་མེད་པ་ཡང་གྱུར་པར་རིགས་པ་མ་ཡིན་ནོ། །ཉེས་པ་ནི་འབའ་ཞིག་རིམས་ལ་སོགས་པའི་འགྱུར་བའི་རྒྱུ་ཁས་

ལེན་པ་ན། གང་གི་ཚེ་ཉེས་པ་དེ་དང་རྗེས་སུ་མཐུན་པའི་གཉེན་པོ་བསྟེན་པ་བྱས་པ་དེའི་ཚེ་ཡོད་ན། གསོ་བྱ་མེད་པ་མ་ཡིན་ཏེ། འདི་ལྟར་ལས་མི་མཐུན་པ་གཞན་མི་འདོད་པའི་ཚེ་ནའོ། །ཕྱི་རོལ་གྱི་དངོས་པོ་རྣམས་ཀྱང་ཞེས་བྱ་བ་ནི་སཱ་ལུ་ལ་སོགས་པ་རྣམས་ཀྱང་ངོ་། །འཇིགས་པ་ལ་སོགས་པས་

རྒྱུ་ཆར་མི་འབབ་པ་ལ་སོགས་པ་མཚུངས་པ་དག་ལ་ཡང་ངོ་། །དེའི་སོས་ཟིན་བཅད་པ་ལས་ཀྱང་ཞེས་བྱ་བ་ནི་དེའི་སོས་བཟུང་བ་བཅད་པ་ལས་ཞེས་བྱ་བ་ནི་དྲུག་པའི་བསྡུ་བའོ། །ཇི་སྲིད་སོས་ཟིན་པ་སོན་པ་དེ་སྲིད་དུ་ལུས་ལ་དྲུག་གིས་ཁྱབ་པར་འགྱུར་ལ། ཤི་བ་ན་བཟུང་བའི་ཕྱོགས་ཉིད་

དུ་དུག་ཕྱིར་ལོག་ནས་གནས་པར་འགྱུར་རོ་ཞེས་བྱ་བ་ནི་ངེས་པ་ཡིན་ནོ། །དེ་ཉིད་ནི་ལུས་ལ་ཁྱབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེ་ལྟར་ན་གཞན་ཡང་ཞེས་བྱ་བ་ནི་དུས་མ་ཡིན་པར་བཟུང་བ་ཡང་ངོ་། །སོས་བཟུང་བ་བཅད་པའམ་གཉེན་པོ་ལ་སོགས་པའི་སྦྱོར་བ་ལས་

ཀྱང་དུས་སུ་བཟུང་བ་དེ་ཅི་སླར་ཡང་འཚོ་མི་འགྱུར་རོ། །བཟུང་བ་གཅིག་ཉིད་ཅེས་བྱ་བ་ནི་གང་གི་ཚེ་ཟད་པ་ཅན་ནོ། །དུས་གཞན་དུ་འཚོ་བའི་ཕྱིར་ཞེས་བྱ་བ་ནི། གང་གི་ཚེ་དུས་སུ་བཟུང་བའི་ལུས་སྐམས་པ་ལ་སོགས་པར་གྱུར་པ་ཐོབ་པ་ན་སྲོག་ཆགས་ཀྱི་ཁྱད་པར་འབྱུང་བར་འགྱུར་རོ། །གལ་ཏེ་འཚོ་

བ་ནི་འགྱུར་བ་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བ་ལ་དུས་མ་ཡིན་པར་བཟུང་བ་ནི་འབྱུང་བར་གྱུར་པའི་ཁྱད་པར་བརྟེན་པ་ཡིན་ན། དུས་སུ་བཟུང་བ་ནི་བཟློག་པ་ཉིད་ཀྱི་གྱུར་པ་གཞན་ལ་གནས་པ་ཡང་ཡིན་ནོ། །དེ་བས་ན་མ་མཐོང་བ་ལ་ལྟོས་པ་མེད་པ་རྣམས་ཀྱང་སྐྱེ་བ་དང་མི་སྐྱེ་བར་འགྱུར་རོ་ཞེ་ན། མ་ཡིན་

ཏེ་དེ་ཉིད་ནི་གྱུར་པ་མི་རུང་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ་ཞེས་བྱ་བ་ནི་འབྱུང་བའི་བདག་ཉིད་ཀྱི་རང་བཞིན་ལས་མ་འཕོས་པར་གྱུར་པའི་ཁྱད་པར་ནི་མི་རུང་བའི་ཕྱིར་རོ་ཞེས་སྔར་བཤད་ཟིན་ཏོ། །ཆོས་ཅན་ལས་ཆོས་ཐ་དད་པའི་ཕྱིར་རམ་ཞེས་བྱ་བ་ལ་སོགས་པ་ལ་ཆོས་གཞན་ལོག་པས་ཆོས་གཞན་འབྱུང་བ་ནི་

Vol. 177 · folio 100a

གྱུར་པར་བརྟགས་པ་ཡིན་ནོ། །ལྡོག་པ་དང་འཇུག་པར་འགྱུར་བའི་ཆོས་དེ་ཆོས་ཅན་ལས་ཐ་དད་པའམ། ཐ་དད་པ་མ་ཡིན་པར་འགྱུར་གྲང་ན། གལ་ཏེ་ཐ་དད་པ་ཡིན་པ་དེའི་ཚེ་དེའི་གནས་སྐབས་ཅན་གྱི་ཆོས་ཅན་ཡིན་པ་དེ་ལྟར་ན་རེ་ཞིག་ཆོས་ཅན་གྱུར་པ་ནི་མ་ཡིན་ནོ། །ཆོས་སྔ་མ་

རྣམ་པ་ཐམས་ཅད་དུ་ལྡོག་པ་དང་ཕྱི་མ་འབྱུང་བ་ཡིན་པ་དེ་ལྟར་ན་གང་ལས་གྱུར་པ་ཡིན། གང་ལས་བདག་ཉིད་དུ་གྱུར་པའི་རང་བཞིན་གཅིག་རྗེས་སུ་འཇུག་པ་དང་གནས་སྐབས་ཐ་དད་པ་དེ་ལ་གཞན་གྱུར་བར་རྣམ་པར་འཇོག་པ་ཡིན་གྱི། ཆོས་ཅན་ལས་ཆོས་དག་ཐ་དད་པ་ཡིན་ན། རང་བཞིན་གཅིག་

གི་རྗེས་སུ་འཇུག་པ་ཡོད་པ་མ་ཡིན་ནོ། །དེ་དག་ནི་ཆོས་ཅན་གཅིག་གི་བདག་ཉིད་ཡིན་ལ། དེ་ཡང་ཐ་དད་པ་ཡིན་པ་དེ་ལྟར་ན་བདག་ཉིད་དུ་གྱུར་པའི་རང་བཞིན་གཅིག་གི་རྗེས་སུ་འཇུག་པ་མ་ཡིན་ནོ། །འགའ་ཞིག་གི་ཡང་རབ་ཏུ་འཇུག་པ་དང་ལྡོག་པར་གྱུར་པའི་ཆོས་གཉིས་མ་གཏོགས་པར་

དམིགས་པའི་མཚན་ཉིད་ཅིར་གྱུར་པ་མཐོང་བའི་ལམ་ལ་འཇུག་པ་མ་ཡིན་པ་དེ་བས་ན། དེ་འདྲ་བ་དེ་ནི་མཁས་པ་རྣམས་ཀྱི་མེད་པའི་ཐ་སྙད་ཀྱི་ཡུལ་ཉིད་ཡིན་ནོ། །ཅི་དེ་ཆོས་ཐ་དད་པ་མེད་པ་ཡིན་པ་དེ་ལྟར་ན་ཡང་ཆོས་ཅན་གཅིག་གི་རང་བཞིན་ལས་འཇུག་པ་དང་། ལྡོག་པར་འགྱུར་བ་དག་ཐ་དད་

པ་མེད་པའི་ཕྱིར་ཆོས་ཅན་དང་འདྲ་བ་གཅིག་ཉིད་ཡིན་པ་དེ་ལྟར་ན། ཅི་ལ་བརྟེན་ནས་ཆོས་ཅན་ནམ་ཆོས་གྱུར་པ་ཡིན་རུང་བ་ཡང་མ་ཡིན་ཏེ། ཡོངས་སུ་གྱུར་པའི་རྟེན་ཆོས་རྣམས་ནི་ཐ་དད་པ་དང་ཐ་དད་པ་མེད་པ་དག་མི་རུང་བའི་ཕྱིར་རོ། །འབྱུང་བ་རྣམས་ལས་ཐ་དད་པ་ཡིན་ན་ནི་དེ་ཁོ་ན་ཉིད་གཞན་ཉིད་

དུ་ཐལ་བ་དང་། ཐ་དད་པ་ཉིད་མ་ཡིན་ན་ཆོས་ཅན་དང་འདྲ་བ་རྣམས་ཀྱང་ཐ་དད་པར་མི་འགྱུར་རོ། །རྟག་ཏུ་མངོན་པར་མི་གསལ་བའམ་ཞེས་བྱ་བ་ནི་འགྱུར་བ་གཞན་ལ་ཡང་མངོན་པར་མི་གསལ་བ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་ནད་དག་གིས་བྱས་པའི་མི་མཐུན་པའི་གནས་སྐབས་སུ་

ཡང་ངོ་། །གྱུར་བ་དང་གསལ་བ་ཡིན་ཏེ་ཞེས་བྱ་བ་ལ་གྱུར་པ་ནི་འབྱུང་བ་རྣམས་སེམས་མངོན་པར་གསལ་བ་དང་རྗེས་སུ་མཐུན་པར་གྱུར་པའོ། །གསལ་བ་ནི་སེམས་སྐྱེ་བའོ། །ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱུར་གྱུར་པ་གཞན་དང་དེའི་ཚེ་རང་བཞིན་མཚུངས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་ལ་ཆོས་

Vol. 177 · folio 100b

གཞན་ཉིད་སྐྱེ་བ་དེ་བས་ན་འབྱུང་བ་རྣམས་གྱུར་པ་ཉིད་ཡིན་ནོ་ཞེ་ན། གཞན་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྱུང་བ་དག་ལས་དེ་ཁོ་ན་ཉིད་ལྷག་པར་གྱུར་ཏེ། ཆོས་ཐ་དད་པ་ཁས་ལེན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་གཞན་དུ་ཐལ་བ་ཡང་བླ་སྟེ། དེ་ལྟར་ན་ཡང་རེ་ཞིག་ཆོས་དང་འབྲེལ་པའི་

ཆོས་ཅན་དུ་གྱུར་པ་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་དེ་དང་འབྲེལ་བ་ཞེས་བྱ་བ་སྨོས་པ་ལ། དེ་དང་ཞེས་བྱ་བ་ནི་ཆོས་ཅན་དང་ངོ་། །འབྱུང་བ་ལས་ཆོས་སྐྱེ་བ་མ་ཡིན་ཏེ་ཁྱད་པར་ཅན་མ་ཡིན་པ་ལས་སྐྱེ་ན་ནི། རྟག་ཏུ་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་བས་ན་དེ་ལས་བྱུང་བའི་མཚན་ཉིད་ཅན་གྱི་འབྲེལ་པ་

མ་ཡིན་ནོ། །དེའི་བདག་ཉིད་ཀྱང་མ་ཡིན་ཏེ་ཐ་དད་པའི་ཕྱིར་རོ། །ཉེ་བར་ལེན་པ་ཅན་གྱི་འགྱུར་བ་ལ་ཉེ་བར་ལེན་པའི་འགྱུར་བས་ཁྱབ་པ་ཡིན་ལ། དེ་འགྱུར་བ་མེད་པ་འདིར་དམིགས་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་ནི་ཐལ་བ་སྒྲུབ་པའོ། །གལ་ཏེ་ལུས་ཉེ་བར་

ལེན་པར་འདོད་པ་དེའི་ཚེ་ལུས་འགྱུར་བ་མེད་པར་སེམས་འགྱུར་བར་མི་འགྱུར་ན། འགྱུར་བ་དེ་བས་ན་ལུས་ཉེ་བར་ལེན་པ་མ་ཡིན་ནོ་ཞེས་བྱ་བ་ནི་བཟློག་པའོ། །དེ་ཡང་ཕྱིས་འཆད་པར་འགྱུར་རོ། །འགྱུར་བར་ནི་འདོད་ན་སྦྲུལ་ལ་སོགས་པ་ཐག་ཉེ་བ་ལས་སྒྲོན་མ་འགྱུར་བ་མེད་པར་ཡང་འོད་འགྱུར་བ་དེ་བས་

ན་སྒྲོན་མའི་དཔེ་བསྒྲུབ་པར་བྱ་བས་སྟོང་པ་ཡིན་ནོ་ཞེ་ན། དེའི་ཕྱིར་སྦྲུལ་ལ་སོགས་པས་ཀྱང་ཞེས་བྱ་བ་སྨོས་ཏེ། སོགས་པའི་སྒྲས་ནི་མཐུ་དང་ལྡན་པས་བྱིན་གྱིས་བརླབས་པ་ལ་སོགས་པ་གཟུང་ངོ་། །དེ་ལྟར་ནི་འགྱུར་ན་ཞེས་བྱ་བ་ལ་སོགས་པ་ལ། ཆུ་ལ་སོགས་པའི་འགྱུར་བ་ནི་འཕེལ་བ་དང་

འགྲིབ་པའོ། །གང་ཞིག་གང་གི་ཉེ་བར་ལེན་པ་ཡིན་པ་དེ་འགྱུར་བ་མེད་པར་དེ་འགྱུར་བར་ནུས་པ་མ་ཡིན་ནོ་ཞེས་སྦྱོར་བ་བཤད་པའི་བསྒྲུབ་པར་བྱ་བ་འདི་ལ་མ་ངེས་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཆུ་ལ་སོགས་པ་དག་ཀྱང་ཉེ་བར་ལེན་པར་འགྱུར་བའི་སྒོ་ནས། སཱ་ལུ་ལ་སོགས་པའི་འགྱུར་བའི་རྒྱུ་མ་

ཡིན་ནམ། གལ་ཏེ་གང་ཞིག་འགྱུར་བས་དེའི་ཉེ་བར་ལེན་པ་ཡིན་ནོ་ཞེས་བྱ་བའི་བསྒྲུབ་པར་བྱ་བ་འདི་ཡིན་པ་དེའི་ཚེ་ཆུ་ལ་སོགས་པ་ཉེ་བར་བཀོད་པས་མ་ངེས་པར་འགྱུར་རོ། །འདི་སྙམ་དུ་ཉེ་བར་ལེན་པར་འགྱུར་བ་མེད་པར་ཉེ་བར་ལེན་པ་ཅན་གྱི་འགྱུར་བ་ཡོད་པ་མ་ཡིན་གྱི། འོན་ཀྱང་ཉེ་བར་ལེན་པའི་

Vol. 177 · folio 101a

འགྱུར་བ་ཉིད་ཀྱིས་ཞེས་སྨྲ་བ་ན། དོན་གྱིས་གང་འགྱུར་བས་གང་ཞིག་འགྱུར་བ་དེ་ནི་འདིའི་ཉེ་བར་ལེན་པ་ཡིན་ནོ་ཞེས་དམ་བཅས་པ་ཡིན་ནོ། །གདོན་མི་ཟ་བར་ཉེ་བར་ལེན་པ་དང་། ཉེ་བར་ལེན་པ་ཅན་དག་གི་འགྱུར་བ་འདོད་པས་གང་འགྱུར་བས་གང་ཞིག་འགྱུར་བ་དེ་ནི་འདིའི་ཉེ་

བར་ལེན་པ་ཡིན་ནོ་ཞེས་དམ་བཅའ་བར་བྱའོ། །དེ་བས་ན་མ་ངེས་པ་སྟོན་པ་ཡིན་ནོ་སྙམ་དུ་དགོངས་སོ། །དེ་ལ་ཆུ་ལ་སོགས་པ་ལྷན་ཅིག་བྱེད་པ་ཞེས་བྱ་བ་ལ་སོགས་པ་མ་ངེས་པ་སེལ་བར་བྱེད་དོ། །ཡོངས་སུ་ཉམས་པ་ནི་ཟ་བའོ། །དེ་སྐད་དུ་རྒྱུར་མངོན་པར་འདོད་པ་གང་ཞིག་ཡོད་པ་དང་

མེད་པའི་མཚན་ཉིད་ཅན་གྱི་འགྱུར་བས་འབྲས་བུའི་རྒྱུན་ཡོད་པ་དང་མེད་པའི་མཚན་ཉིད་ཅན་འགྱུར་བར་འགྱུར་བ་དེ་ནི་དེའི་ཉེ་བར་ལེན་པ་ཡིན་ནོ་ཞེས་བྱ་བ་དེ་ལྟར་བསྒྲུབ་པར་བྱ་བ་ཡིན་གྱི། དེ་ལྟ་བུར་གྱུར་པའི་འགྱུར་བ་ཆུ་ལ་སོགས་པས་བྱས་པ་ཡང་སཱ་ལུ་ལ་སོགས་པ་ལ་ཡོད་པ་མ་ཡིན་པ་དེ་བས་ན།

མ་ངེས་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་གང་ཞིག་འགྱུར་བས་འགའ་ཞིག་གི་རྒྱུན་ཆད་པ་དེ་ཉེ་བར་ལེན་པ་ཡིན་པ་དེ་ལྟ་ན་ནི། མེ་ཐག་ཉེ་བ་ལས་སཱ་ལུ་ལ་སོགས་པའི་རྒྱུན་ཆད་པ་ཉིད་ཡིན་ན། མེ་ནི་དེ་དག་གི་ཉེ་བར་ལེན་པ་མ་ཡིན་པ་དེ་ལྟར་ན་མ་ངེས་པ་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་མེ་ལ་

སོགས་པ་དག་གིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་ཉེ་བར་ལེན་པ་ཉིད་འཇོམས་པར་བྱེད་པ་དེ་ལྟར་ན། དེ་ལས་ཉེ་བར་ལེན་པ་འགྱུར་བའི་སྒོ་ནས་དེ་དག་འབྲས་བུ་རྒྱུན་ཆད་པར་བྱེད་པ་ཡིན་གྱི་དངོས་སུ་ནི་མ་ཡིན་ནོ། །དངོས་སུ་གང་ཞིག་འགྱུར་བ་དེ་ནི་དེའི་ཉེ་བར་ལེན་པ་ཡིན་ནོ་ཞེས་ཁས་བླང་བར་བྱ་བ་

ཡིན་ནོ། །དེ་བས་ན་མ་ངེས་པ་མ་ཡིན་ནོ། །སོགས་པ་སྨོས་པས་ནི་གང་ཞིག་གང་གི་ཉེ་བར་ལེན་པ་མ་ཡིན་པ་དེའི་དཔེ་བརྗོད་པར་བྱ་བ་ཞེས་བྱ་བ་ཁོང་ནས་འབྱུང་ངོ་། །དེ་ཉིད་ནི་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་འགྱུར་བ་སྐྱེ་བའི་ནུས་པ་ཡོད་པ་ཞེས་བྱ་བ་ནི་འབྲུ་མང་པོ་པའོ། །དེ་ནི་འདིའི་ཉེ་བར་

ལེན་པའི་རྒྱུ་ཅན་མ་ཡིན་ཏེ་ཞེས་བྱ་བ་ནི་དེ་འགྱུར་བ་མེད་པའི་ཉེ་བར་ལེན་པའི་རྒྱུ་གང་ལ་ཡོད་པ་ཞེས་འདིར་ཡང་འབྲུ་མང་པོ་བྱའོ། །དེ་རྒྱུ་ཅན་ཞེས་བྱ་བ་ནི་གང་ལ་ལུས་དེའི་རྒྱུ་ཡོད་པ་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །དེ་ཉིད་ནི་ལུས་ཀྱི་རྒྱུ་ཅན་ཞེས་བྱ་བར་འཆད་པར་བྱེད་དོ། །དེ་རྒྱུ་ཅན་གྱི་འབྲས་བུ་སྐྱེད་

Vol. 177 · folio 101b

པ་ནི་ཞེས་བྱ་བ་ནི་གཞི་མཐུན་པའི་དྲུག་པའོ། །ལུས་ཀྱི་རྒྱུ་ཅན་གྱི་འབྲས་བུ་སྐྱེ་བ་གང་ཡིན་པ་དེ་ཡང་གང་ཞེ་ན། ནུར་ནུར་པོ་ལ་སོགས་པའི་མིང་ཅན་གྱི་ཞེས་བྱ་བ་སྨོས་ཏེ། ནུར་ནུར་པོ་དང་། མེར་མེར་པོ་དང་། ནར་ནར་པོ་དང་། མཁྲང་འགྱུར་དང་། རྐ་ལག་འགྱུས་པ་ལ་ཞེས་བྱ་བ་ལ་སོགས་པའི་

ལུས་ཀྱི་གནས་སྐབས་ལ་ནུར་ནུར་པོ་ལ་སོགས་པའི་སྒྲས་བསྟན་ཏོ། །འབྲས་བུ་སྐྱེད་པ་ནི་ཞེས་བྱ་བ་འདིའི་བཤད་པ་ནི། ལུས་ཀྱི་གནས་སྐབས་ཕྱི་མའི་མཚན་ཉིད་ཅན་གྱི་འབྲས་བུ་སྐྱེད་པ་ཞེས་བྱ་བའོ། །དེ་མེད་པར་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མེད་པར་རོ། །འབྲས་བུ་གཅིག་ལ་སོ་

སོར་ངེས་པའི་ཕྱིར་ལྷན་ཅིག་གནས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །མེ་དང་ཟངས་མའི་ཞུ་ཉིད་ཅེས་བྱ་བ་ནི་ཟླས་དབྱེ་བའོ། །དཔེར་ན་ཟངས་མ་ཞུ་བ་ཉིད་དུ་འབྱུང་བ་ལ་མེ་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་རོ། །དེ་དང་ལྷན་ཅིག་གནས་པ་ཡིན་གྱི་ཉེ་བར་ལེན་པ་མ་ཡིན་པའི་ཕྱིར་ནི་མ་ཡིན་པ་དེ་བཞིན་དུ་

ལུས་དང་སེམས་དག་ཀྱང་ཞེས་བྱ་བའི་དོན་ཏོ། །ལུས་དང་སེམས་དག་ལ་ཡང་དེ་སྐད་དུ་ཞེས་བྱ་བ་ནི་ལྷན་ཅིག་གནས་པར་ངེས་པ་མེད་དོ། །སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི་ལུས་མེད་པར་གཟུགས་མེད་པའི་ཁམས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་བཤད་ཟིན་པ་ཉིད་ཀྱི་

ཕྱིར་རོ། །ཡོན་ཏན་དང་སྤྱི་ལ་སོགས་པ་ཞེས་བྱ་བ་ནི་ཡོན་ཏན་དང་སྤྱི་དང་དེ་དག་དང་པོར་བྱས་པ་ག་ལ་ཡོད་པ་ཞེས་བྱ་བ་ཟླས་དབྱེ་བ་སྙིང་པོ་ཅན་གྱི་འབྲུ་མང་པོ་པའོ། །སོགས་པའི་སྒྲས་ནི་ལས་གཟུང་ངོ་། །ཡོད་མེད་དག་རྟེན་མེད་ཕྱིར་རོ། །ཞེས་བྱ་བ་ནི་བྱེད་པ་དང་ལྡན་པའི་སྦྱོར་བ་ལ་བྱེད་པ་པོའི་དྲུག་པ་

ཡིན་ཏེ། ཡོད་པ་དང་མེད་པ་དག་ནི་གཞན་གྱི་རྟེན་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཡོད་པའམ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །རྟེན་ཉིད་ལ་བརྟེན་པ་ཕུལ་དུ་ཕྱིན་པ་བྱེད་པ་ཉིད་ཀྱིས་ཁྱབ་པ་ཡིན་ཏེ། དེ་དང་འགལ་བ་ཡང་མི་བྱེད་པ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་

དམིགས་པའོ། །མེད་པའི་རྟེན་མ་ཡིན་ཏེ་ཞེས་བྱ་བ་ནི་གཞན་ནི་དངོས་པོ་བསྒྲུབ་པའི་གཞིར་མངོན་པར་འདོད་པ་རྟེན་དུ་འདོད་པ་ཡིན་ན། རི་བོང་གི་རྭ་དང་འདྲ་བའི་མེད་པ་ཡང་རྟེན་དུ་འགྱུར་ཏེ། གལ་ཏེ་འོ་ན་ཇི་ལྟར་ན་རྒྱུ་ཐ་སྙད་དུ་བྱེད་ཅེ་ན། དེ་ཡང་རང་གི་རྒྱུ་ལས་སྐྱེ་བ་ཡིན་གྱི་ཞེས་བྱ་བ་སྨོས་ཏེ། སྐྱེད་པར་བྱེད་

Vol. 177 · folio 102a

པ་ཉིད་ཡིན་པའི་ཕྱིར་དེའི་རྒྱུ་ཉིད་ཡིན་ནོ་ཞེས་བརྗོད་ཀྱི། རྟེན་གྱི་དངོས་པོས་ནི་མ་ཡིན་ཏེ་རྟེན་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྟེན་གཞན་རྟེན་དུ་གྱུར་པ་ལ་བརྟེན་པ་ཡོད་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ་དེ་དང་འགལ་བ་ནི་མེད་པ་ཉིད་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་

དམིགས་པའོ། །ཡོད་པའི་རྟེན་ཡང་སྦྱོར་བ་དང་པོ་ལ་ཟློག་པ་མ་ཡིན་ནམ། དེ་ཇི་ལྟར་ན་རྟེན་ཉིད་ལ་ཡོད་པ་ཉིད་ཀྱིས་ཁྱབ་པར་འགྱུར་ཞེ་ན། བདེན་ཏེ་འོན་ཀྱང་གཞན་རྟེན་དང་བརྟེན་པའི་དངོས་པོའི་སྒོ་ནས། གཞི་དང་གཞི་ཅན་གྱི་དངོས་པོ་ལྷན་ཅིག་པར་གྱུར་པ་དག་འདོད་པའི་ཕྱིར་དེའི་བསམ་པས་

དེ་སྐད་དུ་བརྗོད་དོ། །གལ་ཏེ་མ་ཡིན་རྟེན་ཡོད་པ། །གནས་པའི་རྒྱུ་ནི་ཡིན་ཞེ་ན། །ཞེས་བྱ་བ་འདིས་ནི་གཞན་གྱི་བསམ་པའི་དོགས་པ་བསུ་བའོ། །དེའི་རྟེན་དུ་མངོན་པར་འདོད་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །སྔ་མ་མ་གྲུབ་པ་ཡིན་ཞིང་ཞེས་བྱ་བ་ནི་གང་ཞིག་གང་ལ་ཅུང་ཟད་

ཀྱང་མི་བྱེད་པ་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་བཤད་པ་གང་ཡིན་པའོ། །གཞན་ནི་ཞེས་བྱ་བ་ནི་གང་མེད་པ་དེ་རྟེན་མེད་པའི་སྒོ་ནས་འགའ་ཞིག་རྟེན་དུ་གྱུར་པ་མ་ཡིན་ཏེ་ཞེས་བྱ་བའི་སྦྱོར་བ་ནིའོ། །ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་ནི་མེད་པའི་རྟེན་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བའི་

དོན་ཏོ། །རྟེན་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ནོ། །གནས་པ་པོ་བདག་ཉིད་ཅེས་བྱ་བ་ནི་གནས་པ་པོའི་རང་བཞིན་ཉིད་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་དད་ན་ཡང་ཞེས་བྱ་བ་ནི་མདོ་ཡིན་ལ། དེའི་བཤད་པ་ནི་གནས་པ་པོ་ལས་གནས་པ་དོན་ཐ་དད་པའི་

ངོ་བོས་ཡིན་ན་ཞེས་བྱ་བ་ཡིན་ནོ། །དོན་གཞན་དུ་གྱུར་པ་ལ་དོན་གཞན་དུ་བྱས་པ་ཞེས་བྱ་བ་མེད་དོ། །དེའི་འབྲེལ་པ་ཅན་གྱི་ཞེས་བྱ་བ་ནི་རྟེན་མངོན་པར་འདོད་པས་བརྟེན་པ་ལ་གནས་ཐ་དད་པས་བྱས་པ་གང་ཡིན་པ་དེ་ནི་བརྟེན་པ་དང་འབྲེལ་པ་ཅན་ཡིན་ནོ། །དེ་ལ་བརྟེན་པ་དང་འབྲེལ་པ་ཅན་གྱི་གནས་བྱེད་

པའི་ཕྱིར་རོ། །རྟེན་དུ་མངོན་པར་འདོད་པའི་དེ་ཕན་འདོགས་པར་བྱེད་པ་ཉིད་རྟོགས་པ་ཡང་རིགས་པ་མ་ཡིན་ཏེ། གནས་པར་བྱེད་པ་དང་འདྲ་བར་གནས་པ་ཅན་གྱི་གནས་པའི་རྟེན་ཉིད་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་ལ། དཔེར་ན་གནས་པར་བྱེད་པའི་གནས་པར་བྱ་བར་མངོན་པར་འདོད་པའི་རྟེན་དུ་གྲུབ་པ་མ་ཡིན་

Vol. 177 · folio 102b

ཏེ། ཕན་འདོགས་པ་མེད་པའི་ཕྱིར་རོ། །དེ་བཞིན་དུ་གནས་པ་ཅན་གྱི་གནས་པའི་རྟེན་ཉིད་གྲུབ་པ་མ་ཡིན་ཏེ། གནས་པ་ཅན་གྱི་གནས་པར་བྱ་བ་དེས་ཀྱང་གནས་པ་ཅུང་ཟད་ཀྱང་བྱས་པ་མེད་དེ། དེ་ནི་གནས་པར་བྱེད་པ་ཉིད་ལས་སྐྱེས་པ་ཡིན་ནོ། །སྐྱེས་པ་ལ་ཡང་གནས་པར་བྱ་བས་ཅི་ཞིག་བྱས་ན་གང་

གིས་ན་རྟེན་དུ་འགྱུར། དེ་བས་ན་དེ་དང་འབྲེལ་པ་ཅན་གནས་པ་མ་ཡིན་ནོ། །ཅི་སྟེ་གནས་པ་ཅན་གྱིས་གནས་པ་ཅུང་ཞིག་ཀྱང་བྱེད་པ་མ་ཡིན་གྱི་འོན་ཀྱང་གནས་པ་ཉིད་ཀྱིས་འདི་གནས་པར་བྱ་བ་ཡིན་པ་དེ་བས་ན། དེའི་འབྲེལ་པ་ཅན་གནས་པར་འདོད་དོ་ཞེ་ན། གལ་ཏེ་གནས་པར་བྱས་པ་ལས་ཞེས་བྱ་

བ་ལ་སོགས་པ་སྨོས་པ་ལ་གནས་པ་པོ་རྟག་པ་ཡིན་ཏེ། འཇིག་པ་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་ནི་གནས་པ་པོ་སེམས་ཉིད་ཡིན་ལ། དེ་འབྱུང་བ་རྣམས་ཀྱིས་གནས་པར་བྱ་བ་ཡིན་ན་དེ་ནི་རྟག་ཏུ་ཉེ་བ་ཉིད་ཡིན་ཏེ་འབྱུང་བ་རྣམས་རྟག་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དེ་གནས་པར་བྱེད་པ་ཡིན་པ་

དེ་བས་ན་སེམས་གནས་པ་པོར་མངོན་པར་འདོད་པར་འཇིག་པ་མེད་པར་འགྱུར་རོ། །དེ་ནི་གནས་པར་བྱ་བ་འབྱུང་བ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་གནས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །གནས་པར་བྱེད་པ་ཉིད་ནི་གནས་པའི་དབང་དུ་བྱས་པ་ཡིན་ནོ། །བྱེ་བྲག་པ་ཡང་ཞེས་བྱ་བ་ནི་བུམ་པ་

ལ་སོགས་པའི་རྫས་ནི་ཚིག་གི་དོན་ཡོན་ཏན་གྱི་གནས་པར་བྱེད་པ་འདོད་དོ། །དང་པོ་ཚིག་པས་སྔོ་བསངས་སྐྱེ་བར་འགྱུར་རོ། །གལ་ཏེ་དེའི་བུམ་པ་གནས་པར་བྱེད་པ་ཡིན་ན་དེ་ལས་ལྡོག་པ་མེད་པར་འགྱུར་རོ། །དེ་བཞིན་དུ་སོ་བཏང་བ་ལས་སྐྱེས་པའི་ཡོན་ཏན་ཕྱི་མ་ཕྱི་མའི་ནུས་པ་འཇོམས་པར་

བྱེད་པར་འགྱུར་རོ། །དེ་ལྟར་ན་འདིའི་གནས་པ་ཉིད་དུ་རྟོག་པར་བྱེད་པ་དོན་དང་ལྡན་པར་འགྱུར་རོ། །འཇོམས་པར་བྱེད་པར་ནུས་པ་ཡང་མ་ཡིན་ཏེ། འཇིག་པའི་རྒྱུ་ཐག་ཉེ་བ་ཅན་དངོས་པོ་འཇིག་པར་ཁས་ལེན་པའི་ཕྱིར་རོ། །དེ་ལས་འཇིག་པའི་ཆོས་ཅན་ཞེས་བྱ་བ་ནི། འཇིག་པའི་རྒྱུ་ལས་འཇིག་

པའི་ཆོས་ཅན་ཏེ། གཞན་གྱི་ཁས་བླངས་ནས་འདི་སྐད་དུ་བསྟན་ཏོ། །དེ་ལྟ་བུར་གྱུར་པ་དེ་འཇིག་པའི་ཆོས་ཉིད་སྒྲུབ་པར་བྱེད་པ་འཇིག་པའི་རྒྱུ་མེད་ན། བདག་ཉིད་འཇིག་པར་མི་འགྱུར་ན་དེ་ལྟར་གནས་པའི་རྒྱུས་ཅི་ཞིག་བྱ་སྟེ་ཅིར་ཡང་མི་རུང་ངོ་། །ཅི་དེ་ལས་ཞེས་བྱ་བ་ནི་གནས་པར་བྱ་བའི་རྒྱུ་ལས་སོ། །

Vol. 177 · folio 103a

དུས་དེ་སྲིད་དུ་ཞེས་བྱ་བ་ནི་འཇིག་པའི་རྒྱུ་ཉིད་མ་འོངས་པའི་དུས་སུའོ། །འཇིག་པ་དངོས་ཆོས་ཉིད་ཅེས་བྱ་བ་ནི་ཅི་དེ་ལས་ཞེས་བྱ་བ་སྔ་མ་དང་སྦྱར་བར་བྱའོ། །ཅི་གནས་པའི་རྒྱུ་དེ་ལས་འཇིག་རྒྱུ་དང་ཕྲད་ཀྱི་བར་དུ་གནས་པ་ཡིན་པར་འདོད་པ་དེའི་ཚེ་འཇིག་པའི་དངོས་པོའི་ཆོས་ཉིད་ཐོབ་

པར་འགྱུར་རོ། །དེ་ནི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །འདི་ལ་གནོད་པ་མེད་ཅན་ཞེས་བྱ་བ་ནི་གནས་པའི་རྒྱུས་གནོད་པར་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །རྣམ་པ་གཞན་བྱེད་པ་ན་ཞེས་བྱ་བ་ནི་འཇིག་པའི་རང་བཞིན་ལས་རང་བཞིན་གཞན་བྱེད་བ་ནའོ། །གཞན་ཞེས་བྱ་བ་ནི་

འཇིག་པ་མེད་པའི་ཆོས་ཅན་ནོ། །དེ་དེ་ཇི་ལྟར་ན་ཞེས་བྱ་བ་ནི་འཇིག་པ་སྔ་མའིའོ། །གལ་ཏེ་འཇིག་པའི་རང་བཞིན་ཅན་ནི་རྣམ་པ་གཞན་ཉིད་དུ་གནས་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། རང་བཞིན་ལས་གཞན་ཉིད་མ་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་གཞན་དང་གཞན་དུ་འབྱུང་བའི་ཆོས་

ཅན་གྱི་ཞེས་བྱ་བ་ནི། རང་གི་ཉེ་བར་ལེན་པའི་ཡུལ་ལས་ཡུལ་གཞན་དུ་འབྱུང་བའི་ཆོས་ཅན་རྣམས་ནི་ཞེས་བྱ་བའི་དོན་ཏོ། །འདིར་བསྡུས་པའི་དོན་ནི་ཆུ་ལ་སོགས་པ་ངོ་བོ་ཉིད་ཀྱིས་འགྲོ་བའི་ཆོས་ཅན་སྣོད་ལ་སོགས་པའི་ཡུལ་དང་འབྲེལ་པས་འབྱུང་བའི་ལྷན་ཅིག་བྱེད་པ་ཉིད་དུ་གྱུར་པས་ན་སྣོད་ལ་སོགས་

པས་རྟེན་གྱི་ཐ་སྙད་ཐོབ་པར་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནི་ཁས་ལེན་པ་བརྗོད་པའོ། །གཞན་ཡོན་ཏན་ལ་སོགས་པ་དག་ལ་འགྲོ་བར་མི་འདོད་དེ། ལུས་ཅན་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །ཐ་མི་དད་པར་གྲུབ་པ་དག་ནི་དབྱེར་མེད་པར་གྲུབ་པའོ། །རྟེན་དང་བརྟེན་པའི་

དངོས་པོའི་མཚན་ཉིད་ཅན་འཕྲོད་པ་འདུ་བ་དང་ཞེས་བྱ་བ་ནི། རྟེན་དང་བརྟེན་པའི་བདག་ཉིད་ཅན་ཁོ་ན་འཕྲོད་པ་འདུ་བ་ཡིན་ནོ། །དེ་ལྟར་ན་འདི་ནི་འདིར་བློའི་རྒྱུར་འདོད་དོ། །གཞན་ལས་བྱུང་བའི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ཡང་འཕྲོད་པ་འདུ་བ་ཅན་གྱི་རྒྱུ་བ་དག་ལ་སོགས་པ་ཡིན་པར་འདོད་དོ། །

བ་ལང་གི་གོང་བུ་ཉིད་ཡིན་གྱི་རྟ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རིགས་རྣམ་པར་གཞག་པ་ཉིད་ཡིན་ནོ། །ཆོས་ཅན་འདི་ལས་ཆོས་འདི་གནས་པ་ཞེས་བྱ་བ་ནི་སྣམ་བུ་ལ་དཀར་པོ་ཞེས་བྱ་བ་ལ་སོགས་པའོ། །འབྱུང་བ་ལས་གྱུར་པའི་གཟུགས་ནི་གཟུགས་དང་སྒྲ་དང་དྲི་ལ་སོགས་པ་སྟེ། འབྱུང་བ་རྣམས་ལ་

Vol. 177 · folio 103b

བརྟེན་ནས་གནས་པ་ཞེས་བྱ་བར་སྦྱར་རོ། །འདི་ཡང་རང་གི་སྡེ་པ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་འདོད་པ་ཉིད་ཡིན་ནོ། །བཤད་པའི་དོན་བསྡུས་ནས་ཞེས་བྱ་བ་ནི། འཇིག་པ་མེད་པར་ཐལ་བར་འགྱུར། །གལ་ཏེ་དེ་འཇིག་པའི་རྒྱུ་ལས་འདོད་ཅེས་བྱ་བ་ལ་སོགས་པས་སྔར་བཤད་ཟིན་པ་ཉིད་ཀྱི་ཕྱིར་རོ། །འདི་

ལ་ཡང་དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་འཇིག་པ་མེད་པ་ཉིད་ཡིན་ཞིང་། དེ་འཇིག་པའི་རྒྱུ་འབའ་ཞིག་གིས་འཇིག་པར་འགྱུར་བའམ། ངོ་བོ་ཉིད་ཀྱིས་འཇིག་པའི་ངང་ཚུལ་ཅན་ཏེ་རྟོག་པ་གཉིས་སུ་འགྱུར་གྲང་ན་དེ་ལ་དང་པོའི་རྣམ་པར་རྟོག་པ་ནི། གལ་ཏེ་གཞན་ལས་དངོས་འཇིག་ན། །ཞེས་བྱ་བ་ལ་

སོགས་པ་སྨོས་སོ། །རྣམ་པར་རྟོག་པ་གཉིས་པའི་དབང་དུ་མཛད་ནས། དངོས་པོ་དེ་གཞན་མེད་པར་འཇིག་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་གཞན་མེད་པར་འཇིག་ན་ཞེས་བྱ་བ་དེ་འཆད་པར་བྱེད་པ་ནི་འཇིག་པའི་རྒྱུ་ཞེས་བྱ་བ་ལ་སོགས་པའོ། །རང་ཉིད་འཇིག་པའི་བདག་ཉིད་ཅན་ཡིན་

པའི་ཕྱིར་རོ། །འཇིག་པའི་རྒྱུ་ཐག་ཉེ་བ་ཅན་མེད་པར་འཇིག་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ན། གནས་པའི་རྒྱུ་རྣམས་ནུས་མེད་ཡིན། །ཞེས་བྱ་བ་དེ་འཆད་པར་བྱེད་པ་ནི་དེ་གནས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་ནི་རང་ཉིད་འཇིག་པའི་བདག་ཉིད་ཅན་ཡིན་

པའམ་ཞེས་བྱ་བའི་སྒྲ་གཞུང་དུ་བྱེད་མོད་ཀྱི་དེ་འབྲེལ་པ་ཡོད་པ་མ་ཡིན་ཏེ། འམ་གྱི་སྒྲ་མེད་པར་ཡང་དོན་ལྷག་པ་འགའ་ཞིག་མི་ཐོབ་པ་མེད་དོ། །དེ་ཐམས་ཅད་གནས་ལྷག་པར་འདོད་པ་ཞེས་བྱ་བ་འཆད་པར་འགྱུར་བ་དང་སྦྱར་རོ། །སྐྱེ་བ་ཅན་ཡང་ཡིན་ལ་ཀུན་ཡང་ཡིན་པས་ན་ཞེས་བྱ་བ་ནི་གཞི་མཐུན་

པའོ། །གང་དག་གི་ཞེས་བྱ་བ་ནི་གཟུགས་ལ་སོགས་པའིའོ། །མི་རྟག་པ་ཉིད་རྟེན་ཡིན་ན་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའོ། །དེའི་ཡང་གཞན་དང་དེའི་ཡང་གཞན་ཡིན་པ་ཞེས་བྱ་བ་ནི་རེ་ཞིག་བུམ་པའི་ཡན་ལག་ཅན་གྱི་ཐ་མའི་གྱོ་མོ་རྟེན་ཡིན་ཞིང་། དེ་དག་གི་ཡང་རང་ཉིད་ཀྱི་རྩོམ་པ་ཡིན་ལ་

དེ་དག་གི་ཡང་རང་ཉིད་རྩོམ་པ་པོ་གཞན་ཡིན་པ་དེ་ལྟར་ན་ཡན་ལག་ཅན་རྡུལ་གཉིས་ཀྱི་བར་དུའོ། །དེའི་ཡང་རྡུལ་ཕྲ་རབ་རྟག་པའི་བར་དུ་རྟེན་ཡིན་ནོ། །དེ་བས་ན་རེ་ཞིག་རྡུལ་གཉིས་པ་ནི་རྟག་ཏུ་གནས་པ་ཡིན་ཞིང་། དེའི་སྟོབས་ཀྱིས་དེས་བརྩམས་པ་དང་། བུམ་པ་ལ་སོགས་པའི་ཡན་ལག་ཅན་

Vol. 177 · folio 104a

གྱིས་མཐར་ཐུག་པའི་བར་དུའོ། །དངོས་པོ་འགའ་ཞིག་གང་ཡིན་པ། །ཞེས་བྱ་བ་ལ་དོན་འདི་ཉིད་སྔར་བཤད་པ་མ་ཡིན་ནམ། བདེན་ཏེ་ཅི་གཞན་ལས་འཇིག་པ་ཡིན་ནམ། ཅི་མ་ཡིན་ཞེས་བྱ་བས་དེ་ལྟར་བཤད་པ་ཡིན་ལ། ད་ནི་ཅི་བདག་ཉིད་འཇིག་པའི་ངང་ཚུལ་ཅན་གྱི་བདག་

ཉིད་ཡིན་ནམ། ཅི་མ་མ་ཡིན་ཞེས་བྱ་བའི་རྣམ་པ་འདིས་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །ལུས་ཀྱི་ཕུལ་བྱུང་འགྲིབ་པ་ཞེས་བྱ་བ་ལ་ལུས་སྨོས་པ་ནི་ལུས་ཀྱི་ཡོན་ཏན་སེར་པོ་ཉིད་ལ་སོགས་པའི་ཉེ་བར་མཚོན་པ་ཡིན་ནོ། །དེ་ཉིད་ཀྱི་བཤད་པས་ནི་ལུས་ཀྱི་ཡོན་ཏན་ཞེས་བྱ་བའོ། །དེའི་

ཡོན་ཏན་འཕེལ་བ་དང་འགྲིབ་པ་དག་གིས་ཞེས་བྱ་བ་ནི། ཡིད་ཀྱི་ཡོན་ཏན་ཐོས་པ་དང་བསམས་པ་དང་བསྒོམས་པ་ལ་སོགས་པས་འཕེལ་བ་དང་འགྲིབ་བ་དག་གིས་ཞེས་བྱ་བའི་དོན་ཏོ། །བྱམས་པ་ནི་བདེ་བ་དང་ཕྲད་པར་གྱུར་ཅིག་ཅེས་བདེ་བ་དང་ལྡན་པར་འདོད་པའོ། །སྙིང་རྗེ་ནི་ལུས་ཅན་འདི་

སྡུག་བསྔལ་ལས་ཐར་བར་གྱུར་ཅིག་ཅེས་སྡུག་བསྔལ་དང་བྲལ་བར་འདོད་པའོ། །ལུས་ཀྱི་བྱེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པ་ལ་ལྟོས་པ་མེད་པ་ཡང་ཡིན་ལ། གང་བློའི་བྱེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །དེ་ཉིད་སྒོ་ཡིན་པ་

དེས་ཤེས་རབ་ལ་སོགས་པའི་ཕུལ་དུ་བྱུང་བ་དང་། འགྲིབ་པ་ཉམས་སུ་མྱོང་བ་ཞེས་བྱ་བར་སྦྱར་རོ། །ཆོས་གང་ཡིན་པ་འདི་ནི་མར་མེའི་འོད་ལ་སོགས། སོགས་པའི་སྒྲས་ནི་གྲིབ་མ་དང་མྱུ་གུ་ལ་སོགས་པ་གཟུང་ངོ་། །དེ་ལ་ལྟོས་པ་མེད་པའི་དོན་གྱི་ཞེས་བྱ་བ་ལ་སོགས་པ་ནི་སྒྲོན་མེའི་བྱེད་པ་ལ་ལྟོས་

པ་མེད་པའོ། །དོན་ནི་མྱུ་གུ་ལ་སོགས་པ་སྟེ། དེའི་བྱེད་པའི་རྗེས་སུ་འབྲང་བ་ཅན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་བྱེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པ་དག་གིས་ཕུལ་དུ་བྱུང་བ་དང་། འགྲིབ་པ་ཉམས་སུ་མྱོང་བ་ཞེས་བྱ་བར་སྦྱར་རོ། །ཉམས་

སུ་མྱོང་བ་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ལྟོས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་བྱེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པ་ཞེས་བྱ་བ་འདི་ལ་གང་གི་སྒྲར་བསྟན་པ་ཡིན་ནོ། །འབྲས་བུའི་ཕུལ་དུ་བྱུང་བ་དང་འགྲིབ་བ་ཞེས་དེ་ལ་ལྟོས་པ་མེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་

Vol. 177 · folio 104b

པ་དོན་ག་ལ་ཡོད་པ་དེ་ནི། ལྟོས་པ་མེད་པའི་བྱེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པ་ཅན་ནོ། །དེ་ལ་ལྟོས་པ་མེད་པར་འགྱུར་ན་གང་གི་བྱེད་པ་ལ་ལྟོས་པ་དང་བཅས་པ་དང་གང་གི་བྱེད་པ་ལྟོས་པ་མེད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དེའི་ཉེ་བར་ལེན་པའི་རྒྱུ་ཅན་ཞེས་བྱ་བ་ནི་གང་

ལ་ཕུལ་དུ་བྱུང་བ་དང་འགྲིབ་པའི་རྒྱུ་སྟེ། ཉེ་བར་ལེན་པའི་རྒྱུ་ཡོད་པ་དེ་ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །འདི་ནི་བསྒྲུབ་པར་བྱ་བ་གཅིག་ཡིན་ནོ། །དེ་ལས་གཞན་པའི་ཉེ་བར་ལེན་པའི་རྒྱུ་ཅན་དུ་འགྱུར་བ་མ་ཡིན་ཏེ་ཞེས་བྱ་བ་ནི་ཕུལ་དུ་བྱུང་བ་དང་འགྲིབ་པའི་རྒྱུ་དེ་ལས་གཞན་པ་ནི་གང་ལྟོས་པ་

མེད་པ་ནི་ཕུལ་དུ་བྱུང་བ་དང་འགྲིབ་པ་ཉམས་སུ་མྱོང་བ་ཡིན་ཏེ་དེ་ནི་ཉེ་བར་ལེན་པའི་རྒྱུ་ཅན་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ནི་བསྒྲུབ་པར་བྱ་བ་གཉིས་པའོ། །ལྟོས་པ་མེད་པའི་མྱུ་གུ་ཞེས་བྱ་བ་ནི་ཕུལ་དུ་བྱུང་བ་དང་འགྲིབ་པའི་རྒྱུ་སྒྲོན་མའི་བྱེད་པ་ལ་ལྟོས་པ་མེད་པ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་

པར་བྱ་བ་དང་པོ་ལ་ལྟོས་ནས་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། དངོས་སུ་དེའི་བྱེད་པས་འཕེལ་བ་དང་འགྲིབ་པ་དག་གིས་ཕུལ་དུ་བྱུང་བ་དང་འགྲིབ་པ་ཉམས་སུ་མྱོང་བ་ཙམ་དང་རྗེས་སུ་འབྲེལ་པ་ཅན་ཉིད་ཡིན་པའི་ཕྱིར། ཉེ་བར་ལེན་པ་ཅན་ཉིད་དུ་རྣམ་པར་གནས་པ་ཡིན་ནོ། །བསྒྲུབ་པར་བྱ་བ་གཉིས་

པ་ལ་ལྟོས་ནས་འགལ་བས་ཁྱབ་པ་དམིགས་པ་ཡིན་ནོ་ཞེས་བྱ་བ་ནི། དེ་ཉེ་བར་ལེན་པ་ཅན་ཉིད་ཡིན་པའི་ཕྱིར། དེ་ཉེ་བར་ལེན་པ་ཅན་ཉིད་མ་ཡིན་པ་ནི་འགལ་བ་ཡིན་ཞིང་། ཁྱབ་པ་ཡིན་ཏེ་དེའི་བྱེད་པ་ལ་ལྟོས་པ་མེད་པར་ཕུལ་དུ་བྱུང་བ་དང་འགྲིབ་པ་ཉམས་སུ་མྱོང་བའོ། །སེམས་ལ་ཕན་འདོགས་

པར་བྱེད་པ་ཉིད་ཀྱི་སྒོ་ནས་ཞེས་བྱ་བ་ནི། ལུས་ཁྱད་པར་དུ་བྱས་པས་ཁྱད་པར་ཅན་གྱི་ལུས་ལ་བརྟེན་པའི་ཤེས་པ་སྐྱེད་པར་བྱེད་པའོ། །དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ཁྱད་པར་དུ་བྱེད་ཅིང་དེ་ལས་ཀྱང་ཤེས་རབ་ལ་སོགས་པའི་ཁྱད་པར་དུ་འགྱུར་རོ། །གཏན་ཚིགས་མ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་བསྒྲུབ་པར་

བྱ་བ་དང་པོ་ལ་ལྟོས་པའི་གཏན་ཚིགས་གང་ཡིན་པ་འདིའོ། །དེ་ལྟར་ན་ལུས་འཕེལ་བ་དང་འགྲིབ་པའི་སྒོ་ནས་ཀྱང་འདོད་ཆགས་འཕེལ་བ་དང་འགྲིབ་པར་འགྱུར་ན། སངས་རྒྱས་པ་འདོད་ཆགས་ལ་སོགས་པའི་ལུས་ཉེ་བར་ལེན་པར་མི་འདོད་དོ། །ཅི་རིགས་པར་ཞེས་བྱ་བ་ནི་རྒྱས་པ་ལས་འདོད་ཆགས་

Vol. 177 · folio 105a

འཕེལ་ཞིང་གདུང་བ་ལས་ཞེ་སྡང་འཕེལ་བར་འགྱུར་རོ། །སོ་སོར་བརྟགས་པ་ནི་འདོད་ཆགས་ལ་སོགས་པ་ཉེ་བར་ལེན་པ་འགོག་པར་བྱེད་པའི་ཤེས་རབ་ཀྱི་ཁྱད་པར་རོ། །སོགས་པའི་སྒྲས་ནི་དད་པའི་སྟོབས་གཟུང་ངོ་། །གང་གི་ཚེ་རྒྱས་པ་ལ་སོགས་པ་ཡོད་ན་ཞེས་བྱ་བ་ཐ་སྙད་དུ་

བྱེད་པ་ཞེས་པ་ནི་རྒྱས་པ་ལ་སོགས་པ་ཡོད་ན་འདོད་ཆགས་ལ་སོགས་པའི་བག་ལ་ཉལ་བ་ཀུན་ཏུ་རྒྱས་པར་འགྱུར་རོ་ཞེས་ཐ་སྙད་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཉིད་ཀྱི་རྗེས་སུ་ཕན་འདོགས་པ་དང་གནོད་པ་བྱེད་པ་ཞེས་བྱ་བ་དེ་དག་ནི་ཡིད་བདེ་བ་དང་ཡིད་མི་བདེ་བའོ། །བདེ་བ་དང་སྡུག་བསྔལ་ནི་ལུས་

ཀྱིའོ། །བདེ་བས་ལུས་ལ་ཕན་བཏགས་པ་ལ་ཡིད་བདེ་བ་དང་སྡུག་བསྔལ་གྱིས་ལུས་གདུངས་པ་ནི་ཡིད་མི་བདེ་བ་སྐྱེ་བར་འགྱུར་རོ། །དེ་བས་ན་བདེ་བ་དང་སྡུག་བསྔལ་གྱི་སྒོ་ནས་དེ་དག་སྐྱེ་བར་འགྱུར་རོ། །རེག་བྱའི་ཁྱད་པར་རྟོག་པར་བྱེད་པ་པོས་རེག་བྱའི་རྣམ་པར་ཤེས་པ་ལ་ཞེས་བྱ་བ་ནི་གང་གི་རེག་

བྱའི་ཁྱད་པར་འཛིན་པར་བྱེད་པའི་ལུས་ཀྱི་རྣམ་པར་ཤེས་པ་གང་ལ་ཞེས་བྱ་བའི་དོན་ཏོ། །ཡིད་གཞུངས་པའི་བྱེད་པའི་རྫས་གང་གིས་ཡིད་གཞུངས་པར་བྱེད་པའོ། །བཅུད་ཀྱིས་ལེན་དང་ཡིད་གཞུངས་པར་བྱེད་པ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །ཡུལ་ལམ་ཞེས་བྱ་བ་ནི་རེག་བྱའི་ཁྱད་པར་ལས་སོ། །

དབང་པོ་ལས་ཞེས་བྱ་བ་ནི་དབང་པོའི་རྟེན་ལས་དེ་གཞི་མཐུན་པའོ། །ཇི་ལྟར་མིག་ལ་སོགས་པ་ལ་ཕན་འདོགས་པ་དང་གནོད་པ་བྱེད་པ་དག་ལས་དེའི་རྣམ་པར་ཤེས་པ་ལ་ཕན་འདོགས་པ་དང་། གནོད་པར་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཤེས་པ་ལ་ཕན་འདོགས་པ་དང་གནོད་པར་བྱེད་པའི་སྒོ་

ནས་ཀྱང་ཞེས་བྱ་བ་ནི་དབང་པོའི་ཤེས་པ་ལ་ཕན་འདོགས་པ་དང་གནོད་པ་བྱེད་པའི་སྒོ་ནས་སོ། །དངོས་སུ་དེ་འགྱུར་བའི་རྗེས་སུ་བྱེད་པ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པའི་ཕྱིར་མ་ངེས་པ་མ་ཡིན་ནོ། །དབང་པོ་ཡང་དེའི་རྣམ་པར་ཤེས་པའི་རྟེན་ཡིན་པར་གཟུང་སྟེ། དབང་པོ་གང་ཡིན་པ་དེ་ཡང་

དེའི་རྣམ་པར་ཤེས་པའི་རྒྱུ་ཉིད་དུ་གཟུང་ངོ་། །ནང་དོན་ཁྱད་པར་ལས་སྐྱེས་པའི་རང་གི་རྟེན་དབང་པོ་ལས་སྐྱེས་པ་ཞེས་བྱ་བ་དེ་ཉིད་ནི་རྟེན་དེས་ཀྱང་ཞེས་བྱ་བ་སྨོས་ཏེ། རྟེན་ནི་དབང་པོའོ། །དེས་ནི་ནང་གི་དོན་གྱིས་སོ། །གདོན་མི་ཟ་བར་འབྱུང་བ་ཞེས་བྱ་བ་ནི་ཡིད་འགྱུར་བའི་རྒྱུ་ཉིད་དུ་འབྱུང་བ་ཡང་མ་ཡིན་

Vol. 177 · folio 105b

ཏེ། འགའ་ཞིག་གི་ཚེ་འདུས་པ་ལ་སོགས་པ་ཡོད་ན་ཡང་ཡིད་འགྱུར་བ་མེད་པའི་ཕྱིར་རོ། །སྟག་ནི་གཅན་གཟན་ནོ། །སྟག་ཉིད་དང་ཁྲག་ཅེས་བྱ་བ་ནི་ཟླས་དབྱེ་བའོ། །མཐོང་བ་དང་ནི་ཐོས་པ་ལས། །ཞེས་བྱ་བ་ནི་སྟག་ཐོས་པ་དང་། ཁྲག་མཐོང་བ་ལས་ཞེས་གོ་རིམས་བཞིན་དུ་སྦྱར་རོ། །

དེ་བཞིན་དུ་ཐ་དད་པར་སྟག་ཐོས་པའི་རྒྱུ་ལས་ཞེས་བྱ་བས་འཆད་པར་བྱེད་དོ། །བློ་ནི་དེའི་རྗེས་སུ་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དངོས་སུ་དོན་དེའི་འགྱུར་བའི་རྗེས་སུ་མི་བྱེད་པའི་ཕྱིར། ཕྱི་རོལ་གྱི་དོན་ཉེ་བར་ལེན་པའི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་རྗེས་སུ་བྱེད་པ་མ་ཡིན་ཞེ་ན། དེའི་ཕྱིར་

ངེས་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གྱི་འགྱུར་བ་དེ་ལྟ་བུར་གྱུར་པ་འདུས་པ་ལ་སོགས་པའི་མཚན་ཉིད་ཅན་གང་ཡིན་པ་དེ། ངེས་པར་རྗེས་སུ་འཇུག་པ་མ་ཡིན་པ་དེའི་ཕྱིར། བློ་དེ་ནི་དེའི་རྗེས་སུ་འཇུག་པ་ཅན་མ་ཡིན་ནོ། །ཇི་ལྟར་བློ་སྔ་མ་སྔ་མ་ལ་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་

དཔེའོ། །དངོས་སུ་ལྷན་ཅིག་བྱེད་པའི་རྒྱུ་ལུས་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དངོས་སུ་ལྷན་ཅིག་བྱེད་པའི་རྒྱུ་མ་ཡིན་དུ་ཟིན་ཀྱང་དེ་ཉིད་རྒྱུ་ཉིད་ཡིན་པ་ནི། ངེས་པ་དེར་འདུས་བྱས་པའི་ཡང་ཞེས་བྱ་བ་ནི་ལུས་འདུས་བྱས་པའི་ཡང་ཞེས་བྱ་བའི་དོན་ཏོ། །དངོས་སུ་ལན་ཅིག་བྱེད་པའི་འགྱུར་བ་ཡང་

ངེས་པར་འབྲས་བུའི་རྗེས་སུ་བྱེད་པར་འགྱུར་རོ། །དེ་ཉིད་ནི་དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཡུལ་གྱི་རྗེས་སུ་འཇུག་པ་ཞེས་བྱ་བ་ནི། ཡུལ་ནི་དངོས་སུ་དབང་པོའི་ཤེས་པའི་ལྷན་ཅིག་བྱེད་པ་ཡིན་ལ། དེ་ཡང་དབང་པོའི་ཤེས་པའི་རྗེས་སུ་འཇུག་པ་ཡིན་ཏེ། དེ་གསལ་བ་ཉིད་རྗེས་སུ་བྱེད་

པའི་ཕྱིར་རོ། །གལ་ཏེ་འོ་ན་ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པའི་ཁྱད་པར་གང་ཡིན་ཞེ་ན། དེ་ནི་འོག་ནས་འཆད་པར་འགྱུར་རོ། །དངོས་སུ་ཉེ་བར་ལེན་པའི་རྒྱུ་ཉིད་མ་ཡིན་པ་ནི་འགལ་བ་ཡིན་ལ། དེས་ནི་དེའི་རྗེས་སུ་མི་འཇུག་པ་ལ་ཁྱབ་པ་དེ་ལྟར་ན་འགལ་བས་ཁྱབ་པ་དམིགས་པ་ཡིན་ནོ། །དངོས་སུ་

ལྷན་ཅིག་བྱེད་པའི་རྒྱུ་མ་ཡིན་ཏེ་ཞེས་བྱ་བའི་བསྒྲུབ་པར་བྱ་བ་གཉིས་པ་དེ་ལ་ལྟོས་ནས་ཀྱང་འགལ་བ་ཁྱབ་པས་དམིགས་པ་ཡིན་ནོ། །དེ་ལྡོག་ན་ནི་ངེས་པར་ལྡོག་པ་ལ་དེའི་ཉེ་བར་ལེན་པའི་རྒྱུ་ཉིད་དང་། དེའི་དངོས་སུ་ལྷན་ཅིག་བྱེད་པའི་རྒྱུ་ཉིད་ཡིན་པས་ཁྱབ་པ་ཡིན་ལ། དེ་དང་འགལ་བ་ནི་དེའི་ཉེ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words