ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད
Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 177 · folio 183b
ལ་སོགས་པ་སྣང་བར་གྱུར་པ་ལྡོག་པའི་སྒོ་ནས་དངོས་པོ་གཞན་དཔྱོད་པ་གང་ཡིན་པ་དེའི་ཡུལ་ཅན་རྗོད་པར་བྱེད་པ་དེ་ཉིད་དོན་དེའི་རྗོད་པར་བྱེད་པ་མ་ཡིན་པའི་ངོ་བོ་ཞེས་བཤད་དེ། དོན་གཞན་དུ་གྲགས་པའི་བརྗོད་པ་ཡིན་པས་ན་དོན་གཞན་བརྗོད་པ་མ་ཡིན་པའི་ཕྱིར་རོ། །རྗོད་པར་བྱེད་པ་མ་ཡིན་པའི་ངོ་བོ་དེ་དང་རྗེས་སུ་
འབྲེལ་ཅིང་རྗེས་སུ་བསྒྱུར་བའི་རྣམ་པར་རྟོག་པ་གཞན་གང་ཡིན་པ་དེ་མངོན་དུ་གྱུར་པ་ཡོད་ན་སྟེ། གང་གི་ཆོས་དངོས་པོ་སྣང་བར་གྱུར་པའི་རྗོད་པར་བྱེད་པ་བོར་ནས། རྗོད་པར་བྱེད་པ་གཞན་གྱིས་དངོས་པོ་གཞན་གཅོད་པར་བྱེད་ཅེས་བྱ་བའི་དོན་ཏོ། །གཞུང་འདིས་ནི་རིགས་ཐ་དད་པའི་རྣམ་
པར་རྟོག་པ་མངོན་དུ་ཕྱོགས་པར་འགྱུར་བ་ཞེས་བྱ་བའི་དོན་འདི་ཉིད་གསལ་བར་བྱེད་པ་ཡིན་ནོ། །གཞན་གྱི་ཡུལ་གཞན་ལ་བརྟེན་པའི་རྣམ་པར་རྟོག་པ་མངོན་དུ་གྱུར་པའི་གནས་སྐབས་འདིར་ད་ལྟར་གྱི་ཡུལ་འཛིན་པའི་ངང་ཚུལ་ཅན་བ་ལང་ལ་སོགས་པ་ཐག་ཉེ་བ་ལ་འཇུག་པ་གང་ཡིན་པའི་རྣམ་
པར་རྟོག་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་དངོས་པོ་མཐོང་བར་ཁས་ལེན་པ་ཡིན་ཏེ། རྣམ་པར་རྟོག་པ་ཉིད་མཐོང་བ་ཉིད་ཡིན་པར་ཁས་བླངས་པའི་ཕྱིར་རོ། །མངོན་སུམ་ཉིད་དུ་འདོད་པ་དེ། ཇི་ལྟར་མིན་གཞན་གྱི་ཡང་ཆོད་པ་མ་ཡིན་རྣམ་པ་གཉིས་ནི་ཅིག་ཅར་ཡོད་པ་མ་ཡིན་ནོ། །དེ་བས་
ན་དོན་གཞན་ལ་རྟེན་ཡོད་ཀྱི་རྣམ་པར་རྟོག་པ་ཡོད་ན་མདུན་ན་གནས་པའི་དངོས་པོ་ལ་མཐོང་བ་རྣམ་པར་ཆད་པ་མ་ཡིན་པར་མི་འགྱུར་རོ། །དེ་ཉིད་ནི་ཆོད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེས་སྟོང་པའི་དུས་ན་ཞེས་བྱ་བ་ནི་མཐོང་བས་སྟོང་པ་ནའོ། །དེ་གཉིས་ཀྱིས་ཞེས་བྱ་བ་ནི་
མཐོང་བ་དག་གིའོ། །དེའི་མཚམས་སྦྱོར་བའི་བར་ཆད་བྱེད་པའམ་ཞེས་བྱ་བ་ནི་མཐོང་བ་དེ་དག་འཇོམས་པར་བྱེད་པའོ། །རྒྱུན་གྱིས་མཐོང་བ་རྒྱུན་གྱིས་འབྱུང་བ་རྟོགས་པར་འགྱུར་རོ་ཞེས་བསམས་པའོ། །དབུས་ན་གནས་པའམ་མཐོང་བ་མེད་པས་མཐོང་བ་གཉིས་པ་ཉེ་བར་བཅོམ་པ་ཉིད་
ཡིན་ན། ལྷན་ཅིག་སྐྱེ་བ་ཐོབ་པ་མ་ཡིན་ན་གང་ལས་མཐོང་བ་དག་གི་མཚམས་སྦྱོར་བ་ཡིན་ཞེ་ན། དེའི་ཕྱིར་མཐོང་བ་ལ་གནོད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། མཐོང་བ་ཉིད་སྐྱེ་བ་ལ་གགས་བྱ་བའི་ཕྱིར་ནུས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མགལ་མེའི་འཁོར་ལོ་མཐོང་བཞིན་ནོ། །
Vol. 177 · folio 184a
ཞེས་བྱ་བ་ནི། མགལ་དུམ་རྒྱུན་མི་འཆད་པར་བསྐོར་བ་ནི་མགལ་མེའི་འཁོར་ལོ་ཡིན་ནོ། །མགལ་མེའི་འཁོར་ལོའི་ཆ་ལ་སྔ་མའི་མཐར་གྱིས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ཞིང་། དེ་དག་གི་མཚམས་སྦྱོར་བར་བྱེད་པའི་ཕྱིར། ཕྱིས་ཡིད་འཁོར་ལོའི་རྣམ་
པར་འཁྲུལ་པ་ཡིན་ནོ་ཞེས་གཞན་དག་སེམས་སོ། །དེ་ཉིད་ནི་དཔེར་ན་མགལ་མེའི་འཁོར་ལོའི་ཆས་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །མཚམས་སྦྱོར་བ་ཡང་མཐོང་བ་ལས་མ་ཡིན་གྱི་ཞེས་བྱ་བ་ནི་གལ་ཏེ་མཚམས་སྦྱོར་བ་མཐོང་བས་བྱས་པར་འགྱུར་བ་དེའི་ཚེ་མཐོང་བས་ཡུལ་
གསལ་པོར་ཡོངས་སུ་གཅོད་པའི་ཕྱིར། ཇི་ལྟར་ཡོངས་སུ་གཅོད་པ་བཞིན་དུ་འཁོར་ལོའི་རྣམ་པའི་མཚམས་སྦྱོར་བ་ཡང་གསལ་བར་འགྱུར་རོ། །འདི་ལྟར་མཚམས་སྦྱོར་བ་མཐོང་བས་བྱས་པ་མ་ཡིན་ཏེ། དེའི་ཡུལ་ཉེ་བ་ཅན་ཉིད་ཡིན་པས་སྔ་ཕྱིའི་མཚམས་སྦྱོར་བའི་ནུས་པ་ཉིད་དང་བྲལ་
བའི་ཕྱིར་རོ། །འོན་ཀྱང་དྲན་པས་མཚམས་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་སྐབས་ཡིན་ནོ། །གལ་ཏེ་དེ་ལྟར་ཡང་འགྱུར་མོད་ཅེ་ན། འདི་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲན་པ་འདི་ཡང་ཡུལ་དུ་བྱས་པ་ལ་མཚམས་སྦྱོར་བར་བྱེད་པ་ཡིན་ཏེ། ཡུལ་དུ་མ་བྱས་པ་ལ་མཚམས་སྦྱོར་བར་མི་
ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐལ་ཆེས་པར་འགྱུར་རོ། །གསལ་བ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྣང་བ་གསལ་བར་སྣང་བ་ཉིད་འགལ་བའི་ཕྱིར་རོ། །མཐོང་བའི་ཡུལ་བཞིན་ནོ་ཞེས་བྱ་བ་ནི་ཆོས་མི་མཐུན་པ་ཉིད་ཅན་གྱི་དཔེ་ཡིན་ནོ། །དེས་ན་མཐོང་བ་དང་དྲན་པའི་ཡུལ་
དག་གི་རྒྱུ་གསལ་བ་དང་མི་གསལ་བ་ཉིད་ཀྱིས་དྲན་པའི་ཡུལ་དང་མཐོང་བའི་ཡུལ་ལ་མཚམས་སྦྱོར་བར་བྱེད་པའི་ཕྱིར། འཁོར་ལོས་སྣང་བ་ཡོངས་སུ་གསལ་བར་འགྱུར་བ་མ་ཡིན་གྱི། འོན་ཀྱང་རིམ་གྱིས་གསལ་བ་དང་མི་གསལ་བར་འགྱུར་རོ། །དེ་ཉིད་ནི་དེ་དག་གི་རྣམ་པ་ཐ་དད་པ་ཅན་
ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་དེ་དག་ནི་ཞེས་བྱ་བ་ནི་མཐོང་བ་དང་དྲན་པ་དག་ནིའོ། །གལ་ཏེ་འཁོར་ལོའི་སྣང་བ་གཉི་གའི་རྣམ་པ་ཅན་དུ་འགྱུར་རོ་ཞེ་ན། དེ་བཞིན་དུ་མྱུར་དུ་མཐོང་བ་འཇུག་པ་དང་ཆུའི་ཐིགས་པ་འཐིགས་པ་ལ་སོགས་པའི་ཞེས་བྱ་བ་སྨོས་ཏེ། མྱུར་དུ་མཐོང་བ་ལ་འཇུག་པ་དང་ཆུའི་ཐིགས་པ་
Vol. 177 · folio 184b
འཐིགས་པ་ཞེས་བྱ་བ་ལ་སོགས་པ་ནི་ཟླས་དབྱེ་བའོ། །དེ་ལྟར་ན་ཀ་བ་ལ་སོགས་པ་རིམ་པ་བཞིན་དུ་གནས་པ་དག་ལ་གང་གི་ཚེ། མཐོང་བ་མྱུར་དུ་འཇུག་པ་ན་དེ་ལ་མྱུར་དུ་འཇུག་པ་ཉིད་དང་ཆུའི་ཐིགས་པ་རྒྱུན་མི་འཆད་པར་འཇུག་པ་ན་ཡང་མྱུར་དུ་འཇུག་པ་ཉིད་ཡོད་པ་དེ་བས་ན་སྔོན་པོ་ལ་སོགས་པ་གང་
ཡིན་པ་དེ་དག་ལ་གཅིག་ཏུ་འཛིན་པའི་ཞེན་པར་འགྱུར་རོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དབང་རྣམས་ཞེས་བྱ་བ་དེ་ནི་མདོའི་ཚིག་ཡིད་ལ་ཐུག་པའི་དྲུག་པོ་རྣམས་དང་ཞེས་བྱ་བ་འདི་དང་སྤེལ་མར་བཤད་པ་ཡིན་ནོ། །ཡོད་ན་ཡང་ཞེས་བྱ་བ་དེ་ནི་མདོའི་ཚིག་ཡིན་ནོ། །ཕྱིས་ཀྱི་
ཉེ་བར་བཀོད་ནས་ཡོད་ན་ཡང་སྟེ། ཡོད་པར་གྱུར་ནའོ་ཞེས་བྱ་བ་འདིས་འཆད་པར་འགྱུར་རོ། །སྤྱོད་ཡུལ་དུ་གྱུར་པའི་རང་གི་ཡུལ་ཅན་རྣམས་སོ་ཞེས་བྱ་བ་ནི་ད་ལྟར་གྱི་ཡུལ་ཅན་རྣམས་སོ། །ད་ལྟར་གྱི་ཡུལ་ཅན་དེ་ཡང་ཡིད་ཀྱི་དབང་པོ་ལ་བྱ་བ་མ་ཡིན་ཏེ། ཡིད་ཀྱི་དབང་པོ་དེ་ནི་ད་ལྟར་གྱི་ཡུལ་ཅན་
ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ནི་དངོས་སུ་ཡུལ་གྱི་རང་གི་ངོ་བོ་འཛིན་པ་མ་ཡིན་གྱི་འོན་ཀྱང་དབང་པོའི་རྣམ་པར་ཤེས་པའི་རྗེས་སུ་འབྲངས་ནས་འཇུག་པར་འགྱུར་རོ། །དབང་པོས་ཉམས་སུ་མྱོང་བ་ཡང་སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་དེ་ཉིད་ཀྱི་ཚེ་འཇིག་པ་
ཡིན་པ་དེ་བས་ན་ཡིད་ནི་ཉམས་སུ་མྱོང་བའི་རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་རྟག་ཏུ་ད་ལྟར་གྱི་ཡུལ་ཅན་ཉིད་མ་ཡིན་ནོ། །འོ་ན་ཇི་ལྟར་ན་ཡིད་ལ་ཐུག་པ་ཞེས་བརྗོད་ཅེ་ན་སྐྱོན་འདི་ཡོད་པ་མ་ཡིན་ཏེ། འདི་ལྟར་ད་ལྟར་གྱི་ཡུལ་ཅན་ཉིད་དུ་བསྟན་པའི་ཕྱིར་ཡིད་སྨོས་པ་མ་ཡིན་གྱི། འོན་ཀྱང་ཇི་ལྟར་དབང་
པོ་ལྔ་ད་ལྟར་གྱི་ཡུལ་ལ་འཇུག་པ་དེ་ལྟར་ཡིད་ཀྱང་རང་དང་རྗེས་སུ་མཐུན་པའི་ཡུལ་ལ་འཇུག་པ་དེ་བསྟན་པའི་ཕྱིར་ཡིད་ལ་ཐུག་པ་ཞེས་སྨོས་སོ། །ད་ལྟར་གྱི་ཡུལ་ཅན་ཉིད་ཀྱང་དབང་པོ་ལྔ་ལ་ལྟོས་པ་ཉིད་ཡིན་ནོ། །གནས་སྐབས་གང་ལ་ཡང་དབང་པོ་དོན་ཐམས་ཅད་ཅིག་ཅར་འདུས་པ་ཅན་ཡིན་ཞེ་ན།
དེའི་ཕྱིར་དེ་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅུང་ཞིག་སེམས་པར་བྱེད་པ་ཞེས་བྱ་བ་འདིས་ནི། ཡིད་ཀྱང་རང་གི་ཡུལ་ལ་འཇུག་པར་སྟོན་པར་བྱེད་དོ། །རྣམ་པར་ཤེས་པ་ལྔ་པོ་རྣམས་ཀྱིས་ཆོད་ན་ཡང་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཅིག་ཅར་མ་ཡིན་པར་སྨྲ་བའི་རྣམ་པར་ཤེས་པ་དྲུག་རིམ་
Vol. 177 · folio 185a
བཞིན་དུ་སྐྱེ་བ་ན་རྣམ་པར་ཤེས་པ་རེ་རེ་ལ་ལྔ་པོ་དག་གིས་ཆོད་པ་ཡིན་ནོ། །རྣམ་པར་ཤེས་པ་གཞན་འཇུག་པ་མེད་ན་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྣམ་པར་ཤེས་པ་འདིས་རྒྱུན་མི་འཆད་པར་ཡི་གེ་འཛིན་པ་ཞེས་མི་བརྗོད་དོ། །ཡི་གེའི་ཤེས་པ་དེ་ཆོད་པ་ཡིན་ནོ། །མིང་གི་
མཐར་ཐུག་པའི་ཡི་གེ་ཞེས་བྱ་བ་ལ་ཡི་གེ་གཅིག་ནི་མིང་གི་མཐར་ཐུག་པའི་ཡི་གེ་ཡིན་ལ། དེ་ཙམ་འཛིན་པར་བྱེད་པ་ནི་ཤེས་པ་ཡིན་ཏེ། ཡི་གེ་སོ་སོའི་ཤེས་པ་ཐ་དད་པ་ཉིད་ཡིན་པའི་ཕྱིར་རོ། །ཡི་གེ་འཛིན་པའི་བདག་ཉིད་ཅན་གཅིག་ཏུ་འདྲེས་པར་གྱུར་པ་ནི་ཞེས་བྱ་བ་ནི་ཡི་གེ་འཛིན་པའི་
བདག་ཉིད་ཅན་འདྲེས་པར་གྱུར་པ་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་མ་འཛིན་པ་ལ་ཞེས་བྱ་བ་ནི་ཤེས་པའི་སྐད་ཅིག་འདྲེ་ཕྱིར་རོ། །སྡོད་པ་ཡོད་པ་མ་ཡིན་པས་ན་ཞེས་བྱ་བ་ལ་སྡོད་པ་ནི་དུས་གཞན་གྱི་གནས་པའོ། །གལ་ཏེ་ཡི་གེ་གཅིག་འཛིན་པའི་ཤེས་པ་དུས་གཞན་དུ་གནས་པར་འགྱུར་བ་
དེའི་ཚེ་ཡི་གེ་གཞན་འཛིན་པའི་ཤེས་པ་དུས་གཞན་གྱིས་ཆོད་པར་འགྱུར་རོ། །བར་མེད་པ་ནི་རྣམ་པར་ཤེས་པ་རིགས་མི་མཐུན་པས་མ་ཆོད་པ་ཡིན་ཏེ་རྣམ་པར་ཤེས་པ་དྲུག་གི་ནང་ནས་ཞེས་བྱ་བ་ལ་སོགས་པ་ལ། མིག་ལ་སོགས་པའི་རྣམ་པར་ཤེས་པ་དག་གི་ནང་ནས་གང་གི་ཚེ་རྣམ་པར་
ཤེས་པ་གཅིག་རང་གི་ཡུལ་ལ་དུས་ཇི་སྲིད་ཅིག་རྒྱུན་འབྱུང་བས་འཇུག་པར་འགྱུར་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་གལ་ཏེ་རྣམ་པར་ཤེས་པ་ཅིག་ཅར་སྐྱེ་བར་མི་འདོད་ན། བར་དང་བཅས་པ་དང་། བར་མེད་པ་སྣང་བ་ཐ་དད་པར་འགྱུར་ན། སྣང་བ་ཐ་དད་པ་ཡང་ཡོད་པ་མ་ཡིན་ཏེ། དངོས་པོ་གཉི་
གའི་ཡང་བར་མེད་པར་སྣང་བ་མཚུངས་པ་ཉིད་ཀྱི་ཕྱིར་རོ། །སྐྲའི་རྩེ་མོ་ལ་སོགས་པས་བསྐྱེད་པ་ལ་ཞེས་བྱ་བ་ནི་ཡན་ལག་ཤིན་ཏུ་ཕྲ་བས་ཀྱང་ཆོད་པ་ལ། ཆོད་པ་དང་མ་ཆོད་པའི་སྣང་བ་ཐ་དད་པར་མཐོང་བ་ཡིན་ནོ་ཞེས་བསྟན་ཏོ། །ཅིག་ཅར་རྣམ་པར་ཤེས་པ་འཇུག་པར་ཁས་ལེན་པ་ཞེས་
བྱ་བ་ལ་སོགས་པས་གཞན་གྱི་རྒོལ་བ་དོགས་པ་བསུ་བའོ། །ཡུལ་གཞན་གྱི་ཆོད་པ་ནི་དེ་ལ་ཆགས་པ་སྟེ་དེ་དང་བྲལ་བའོ། །གཏན་ཚིགས་དེ་བས་ན་དོན་རྣམ་པར་ངེས་པ་འགའ་ཞིག་གི་གནས་སྐབས་འཛིན་པར་མི་འགྱུར་ཏེ། རྟག་ཏུ་དོན་ཉེ་བར་ཐམས་ཅད་འཛིན་པར་ཐོབ་པར་འགྱུར་རོ་ཞེས་བྱ་
Vol. 177 · folio 185b
བའི་དོན་ཏོ། །གལ་ཏེ་རྣམ་པར་ཤེས་པ་ཅིག་ཅར་སྐྱེ་བར་སྨྲ་བའི་ཡིད་ཡུལ་གཅིག་ལ་ཆགས་པ་ཡིན་པ་དེ་ལྟ་ན་ཡང་ཡུལ་གཞན་ལ་རྣམ་པར་ཤེས་པ་གཞན་ཡུལ་གྱི་སྟོབས་ཀྱིས་སྐྱེ་བ་གང་གིས་བཟློག་པར་ནུས། གལ་ཏེ་རིམ་བཞིན་དུ་སྨྲ་བ་ལ་ཇི་ལྟར་ན་སྐྱོན་འདིར་མི་འགྱུར་ཞེ་ན། གང་གི་ཅིག་
ཅར་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་ཡིད་རྟོག་པ་དང་བཅས་པ་ཡུལ་གཞན་ལ་ཆགས་པ་མེད་པ་དེ་ལྟ་ན་ཡང་དབང་པོའི་ཤེས་པ་རང་གི་ཡུལ་ལ་ཅིའི་ཕྱིར་འཇུག་པར་མི་འགྱུར་ཞེ་ན། དེ་ལྟར་རྣམ་པར་རྟོག་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་ཤེས་པ་རྣམ་པར་རྟོག་པ་
ཡིན་ན་ཡང་དབང་པོའི་ཤེས་པའི་རྒྱུ་ཡིན་ཞིང་། དེ་ཡང་ཡུལ་གཞན་ལ་ཆགས་པས་ནུས་པ་མེད་པའི་ཕྱིར། དེ་མ་ཐག་པའི་རྐྱེན་དང་བྲལ་བས་ན་ཡུལ་གཞན་ལ་ཡང་ཤེས་པ་གཞན་སྐྱེ་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྐྱེན་ཇི་ལྟ་བ་བཞིན་གསུངས་སོ་ཞེས་བྱ་བ་ནི། ལྔ་རྣམས་རྩ་
བའི་རྣམ་ཤེས་ལས། །ཇི་ལྟའི་རྐྱེན་ལས་འབྱུང་བ་ནི། །རྣམ་ཤེས་ལྷན་ཅིག་གམ་མ་ཡིན། །ཆུ་ལས་རླབས་རྣམས་ཇི་བཞིན་ནོ། །ཞེས་གསུངས་སོ། །མགལ་མེ་ལ་སོགས་ཞེས་བྱ་བ་ནི་ལས་ཀྱི་དྲུག་པ་ཡིན་ཏེ། མགལ་མེ་ལ་སོགས་པ་མྱུར་དུ་འཇུག་པ་ལ་མིག་གི་རྗེས་སུ་འགྲོ་བ་
ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཡུལ་རུང་བ་ན་གནས་པར་བྱེད་པ་དེར་འཕེན་པར་བྱེད་པ་ཞེས་བྱ་བ་ནི་མགལ་མེ་ལ་སོགས་པས་བསྐོར་བར་བྱ་བ་ཡུལ་རུང་བ་ན་གནས་པ་ལ་མིག་གིས་འཇུག་པར་བྱེད་པའོ། །མངོན་སུམ་རྟོག་པ་དང་བྲལ་བ་ཉིད་དུ་གྲུབ་པའི་ཕྱིར། ཚད་མ་ཀུན་ལས་བཏུས་
པའི་འགྲེལ་བཤད་བྱེད་པས་རབ་ཏུ་སྦྱར་བའི་ཚད་མ་རིགས་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ལ་ལ་སྟེ་སྲིད་པའི་བདག་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེ་གྲུབ་པ་ན་རྒྱུ་མི་དམིགས་པ་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་སྒྲའི་དོན་ནི་བརྡ་འཛིན་པ་སྔོན་དུ་སོང་བ་ཅན་ཉིད་ཡིན་པའི་ཕྱིར།
སྒྲ་དང་ལྷན་ཅིག་སྦྱོར་བའི་འཛིན་པ་ནི་འབྲེལ་པ་མ་བཟུང་བར་སྦྱོར་བར་འཛིན་པར་མི་འགྱུར་རོ། །སྤྱིར་དོན་དེ་ཙམ་བསྒྲུབ་པར་བྱ་བ་ལ་ཁྱབ་པ་ཡོད་པའི་ཕྱིར། རྒྱུ་མི་དམིགས་པ་འདི་གོ་བར་བྱེད་པ་ཡིན་ནོ་ཞེས་སྨྲའོ། །དེ་ལྟར་ན་འདི་ལ་བརྡ་ལ་མ་བྱང་བའི་ཡང་སྒྲ་དང་སྦྱར་ནས་དོན་འཛིན་པ་ན་ཤིན་ཏུ་ཐལ་
Vol. 177 · folio 186a
ཆེས་པ་ནི་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཡིན་ནོ། །འདིས་བྱིས་པའི་ཤེས་པ་རྟོག་པ་མེད་པ་ཉིད་ཡིན་པར་བསྒྲུབ་པར་ནུས་པ་མ་ཡིན་ཏེ། མ་གྲུབ་པ་ཉིད་ཀྱི་ཕྱིར་དང་བྱིས་པ་ལ་ཡང་བརྡ་འཛིན་པར་རུང་བའི་རྣམ་པར་རྟོག་པ་ཡོད་པའི་ཕྱིར་རོ། །དེ་ཡང་དེ་མ་ཐག་ཉིད་
དུ་སྟོན་པར་འགྱུར་རོ། །གང་དང་གང་དབང་པོའི་ཤེས་པ་གང་ཡིན་པ་དེ་ནི་རྟོག་པ་མེད་པ་ཡིན་ཏེ། དཔེར་ན་བྱིས་པའི་དབང་པོའི་ཤེས་པ་ལྟ་བུའོ། །བརྡ་ལ་བྱང་བ་འདིའི་ཡང་དབང་པོའི་ཤེས་པ་ཡིན་ནོ་ཞེས་བྱ་བ་འདིས་ནི་རྩ་བའི་སྒྲུབ་པར་བྱེད་པའོ། །དེ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་
མ་བསྟན་པ་དེ་ལྟར་ན་ལྡོག་པ་ལ་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་ཉིད་ནི་འོན་ཀྱང་བསྒྲུབ་པ་དང་དགག་པ་ལ་ཞེས་བྱ་བ་སྨོས་སོ། །དཔེ་སྒྲུབ་པའི་ཕྱིར་རྒྱུ་མི་དམིགས་པ་བསྟན་པ་གང་ཡིན་པ་དེ་ཡང་འདིར་མ་གྲུབ་པ་ཡིན་ནོ། །གཞན་ཡང་བྱིས་པས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གཏན་
ཚིགས་ཀྱི་ཁྱབ་པ་ཡང་ཞེས་བྱ་བ་ནི་སྤྱིར་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་དག་གི་ཁྱབ་པ་ནི་མ་གྲུབ་པ་ཡིན་ཏེ། བྱིས་པ་དག་ལ་རྣམ་པར་རྟོག་པའི་ཤེས་པ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་དེ་དག་ཀྱང་མྱོང་བའི་དུས་ཕྱིས་འབྱུང་བ་ཅན་དོན་གྱི་སྤྱིའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བ་ཉིད་ཡིན་ནོ། །
རྣམ་པར་རྟོག་པ་ནི་རྣམ་པ་གཉིས་ཏེ། དོན་གྱི་སྤྱིའི་རྣམ་པ་དང་རྗེས་སུ་འབྲེལ་པ་དང་། སྒྲའི་རྣམ་པ་དང་འབྲེལ་པའོ། །བརྡ་ལ་མ་བྱང་བ་ལ་ཡང་དང་པོའི་རྣམ་པར་རྟོག་པ་ཉིད་ཡོད་པ་ཡིན་ཏེ། རྣམ་པར་རྟོག་པ་དེ་ལ་གནས་པར་བརྡ་བྱེད་པ་དེ་བས་ན། རྣམ་པར་རྟོག་པ་དེ་ནི་བརྡ་འཛིན་པར་རུང་བ་ཡིན་ནོ། །
རྣམ་པར་རྟོག་པ་བརྡ་འཛིན་པར་རུང་བ་ཡོད་པ་ན་བྱིས་པས་ཀྱང་སྒྲ་དང་དོན་གྱི་འབྲེལ་པ་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་མ་གྲུབ་བར་འགྱུར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་དེ་ལྟར་ན་བྱིས་པ་ཞེས་བྱ་བ་ལ་སོགས་པས་སྐབས་འབྱེད་པར་བྱེད་དོ། །རྣམ་པར་རྟོག་པའི་ཤེས་པ་དང་མི་ལྡན་པ་ཉིད་
ཅེས་བྱ་བ་ནི་རྣམ་པར་རྟོག་པའི་ཤེས་པ་དང་འདྲེ་བ་མེད་པ་ཉིད་དོ། །འོ་ན་བརྡ་རྟོགས་པའི་ཐབས་མེད་པ་ནི་རྣམ་པར་རྟོག་པའི་རྒྱུར་མི་འགྲུབ་པོ་ཞེས་བྱ་བ་ནི་རྟོག་པ་མེད་པ་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་མ་གྲུབ་པ་ཡིན་ཏེ། བརྡ་རྟོགས་པའི་ཐབས་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ནི་བྱིས་པ་ལ་ཡང་ཡོད་པའི་ཕྱིར་
Vol. 177 · folio 186b
རོ། །བྱིས་པ་དག་གིས་སྒྲ་དང་དོན་གྱི་འབྲེལ་པ་མ་བཟུང་བ་ཞེས་བྱ་བ་གཞན་གྱི་གཏན་ཚིགས་སུ་བརྗོད་པ་མ་ཡིན་ནམ། བརྡའི་ཐབས་དང་བྲལ་བ་ནི་མ་ཡིན་ནོ་ཞེ་ན། སྐྱོན་འདི་ཡོད་པ་མ་ཡིན་ཏེ། འདི་ལྟར་སྒྲ་དང་དོན་གྱི་འབྲེལ་པ་མི་འཛིན་པ་དེ་ནི་དེ་འཛིན་པའི་ཐབས་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། །
གང་གི་ཕྱིར་བྱིས་པས་འབྲེལ་པ་མ་བཟུང་བ་ཞེས་བྱ་བ་འདིས་ནི་ཐབས་དང་བྲལ་བ་ཉིད་བསྟན་ཏོ། །བརྡའི་ཐབས་སུ་གྱུར་པའི་རྣམ་པར་དཔྱོད་པའི་རྣམ་པར་ཤེས་པ་དང་ཡང་བྲལ་བའི་ཕྱིར། སྐྱེས་བུ་ཤི་བའི་མཐར་ཐུག་པར་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དང་མི་ལྡན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་
ཐལ་བ་བསྒྲུབས་པ་དེ་ལ་གཞན་གྱིས་མ་གྲུབ་པར་བརྗོད་པའི་ཕྱིར། གལ་ཏེ་བརྡ་ལ་མ་བྱང་བའི་ཡིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་བྱིས་པ་དག་ལ་ཡང་བརྡའི་ཐབས་སུ་གྱུར་པ་རྣམ་པར་དཔྱོད་པའི་ཡིད་ཁོ་བོ་འདོད་པ་དེ་བས་ན། ཐམས་ཅད་དུ་བརྡ་མེད་པར་ཐལ་བ་མེད་ཅིང་
བྱིས་པ་དག་གི་དབང་པོའི་ཤེས་པ་ངོ་བོ་ཉིད་ཀྱིས་དཔྱོད་པ་དང་བྲལ་བ་ཉིད་ཡིན་པ་དེའི་ཕྱིར། དཔེ་བསྒྲུབ་བྱས་སྟོང་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཇི་སྲིད་དུ་དབང་པོའི་ཤེས་པ་དཔྱོད་པར་བྱེད་པ་ཉིད་ལ་གནོད་པ་ཅན་གྱི་ཚད་མ་མ་བརྗོད་པ་དེ་སྲིད་དུ་དབང་པོའི་ཤེས་པ་ཐམས་ཅད་དཔྱོད་
པར་བྱེད་པ་ཉིད་ཡིན་པར་དོགས་པས་འཛིན་པ་ཉིད་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གྲུབ་པའི་མཐའ་སྨྲ་བས་དེའི་ཚེ་ཇི་ལྟར་དེ་ལ་ཡིད་བརྡ་ལ་མ་བྱང་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བསྒྲུབ་པ་དང་དགག་པ་དག་ལ་འབྲེལ་པ་དང་འགལ་བ་མ་བསྒྲུབས་པའི་ཕྱིར་རོ་ཞེས་བྱ་བ་ནི། དབང་པོའི་ཤེས་པ་
གང་ཡིན་པ་དེ་ནི་རྟོག་པ་མེད་པ་ཡིན་ནོ་ཞེས་སྒྲུབ་པ་སྟེ། བསྒྲུབ་པར་བྱ་བ་དེ་ལ་འབྲེལ་པ་མ་བསྟན་པའི་ཕྱིར་དང་། གང་དབང་པོའི་ཤེས་པ་ཡིན་པ་དེ་ནི་རྟོག་པ་དང་རྗེས་སུ་འབྲེལ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དགག་པ་བསྒྲུབ་པར་བྱ་བ་དེ་ལ་འགལ་བ་མ་བསྟན་པའི་ཕྱིར་རོ། །དེ་ལས་གཞན་པའི་དཔེ་ཉིད་
ཡིན་ཞེས་བྱ་བ་ནི་བརྡ་ལ་བྱང་བའི་དབང་པོའི་ཤེས་པ་རྟོག་པ་མེད་པ་ཉིད་བསྒྲུབ་པར་བྱ་བ་ལ་དཔེ་ཉིད་ཡིན། ཁྱད་པར་དང་ཁྱད་པར་གྱི་གཞི་ལ་སོགས་པ་འཛིན་པ་སྔོན་དུ་སོང་བ་ཅན་གྱི་སྦྱོར་བའི་རྣམ་པ་འདི་དགག་པ་ཅན་ལ་ཡོད་པ་ཡིན་གྱི། རིགས་དང་ཡོན་ཏན་དང་ལ་སོགས་པ་ལ་ནི་མ་ཡིན་ནོ་ཞེས་བསྟན་
Vol. 177 · folio 187a
པའི་ཕྱིར་གང་གི་ཚེ་དེ་ལྟ་ཡིན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་སྣང་བས་ཞེས་བྱ་བ་ལ་སོགས་པ་ལ། དབྱུག་པར་སྣང་བས་དབྱུག་པ་ཉེ་བར་མཚོན་པ་དང་། ལྷ་སྦྱིན་དུ་སྣང་བས་ལྷ་སྦྱིན་མཚོན་པ་ཡིན་ནོ། །དེ་དག་གི་འབྲེལ་བ་ལ་སོགས་པ་
ཞེས་བྱ་བ་ནི་དབྱུག་པ་དང་དབྱུག་པ་ཅན་གྱི་འབྲེལ་པའོ། །སོགས་པའི་སྒྲས་ནི་འཇིག་རྟེན་པའི་གཞུང་ལུགས་ལ་སོགས་པ་ཉེ་བར་མཚོན་པ་ཞེས་བྱ་བར་སྦྱར་རོ། །བ་ལང་དཀར་པོ་དང་འཚེད་པ་པོ་དང་རྭ་ཅན་ཞེས་བྱ་བ་ལ་རིགས་དང་ཡོན་ཏན་དང་། ལས་དང་རྫས་ཀྱི་དབྱེ་བས་སྒྲ་རྣམ་པ་བཞི་ལ་འཇུག་
གོ་ཞེས་གཞན་ཁས་ལེན་པའི་ཕྱིར་རོ། །དེ་བས་ན་རིགས་ལ་སོགས་པ་བཞིའི་དེ་ལྟར་ན་འདི་ནི་རིགས་ཡིན་ལ་ཞེས་བྱ་བ་ལ་སོགས་པས་དཔེར་བྱེད་དོ། །རིགས་ལ་སོགས་པ་འབྲེལ་པ་ཅན་དག་དེ་དང་ལྡན་པ་ལས་ཐ་དད་པར་མི་འཛིན་པ་ན་དེའི་འབྲེལ་པ་འཛིན་པ་ཡང་ཐག་རིང་དུ་བསྲིངས་པ་ཉིད་ཡིན་ནོ། །
དེ་ཉིད་ནི་འབྲེལ་པ་ཅན་ཐ་དད་པར་རྟོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེ་ཡང་ཞེས་བྱ་བ་ནི་སྒྲའི་རྟོག་པའོ། །ཇི་སྐད་དུ་བཤད་པའི་རིགས་པས་ཞེས་བྱ་བ་ནི་རང་གི་མཚན་ཉིད་ལ་སྒྲ་འགོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་བཤད་པའི་རིམ་པས་སོ། །རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་དབང་
པོའི་ཤེས་པ་ཡིན་ཞིང་། དེ་ལ་སྒྲ་འགོད་པ་མེད་པ་དེ་བས་ན། དབང་པོའི་ཤེས་པ་སྒྲ་ལ་སྦྱོར་བས་ཀྱང་རྣམ་པར་རྟོག་པ་དང་བཅས་པ་མ་ཡིན་ཏེ། སྒྲ་སྦྱོར་བ་ཡང་ཁྱད་པར་དང་ཁྱད་པར་གྱི་གཞི་ལ་སོགས་པ་འཛིན་པའི་སྒོ་ནས་འཇུག་པར་འགྱུར་རོ། །བྱེད་པ་འདི་ཙམ་གྱིས་ཀྱང་དབང་པོའི་ཤེས་པ་བྱེད་པར་ནུས་
པ་མ་ཡིན་ཏེ། ཡུལ་ཉེ་བའི་སྟོབས་ལས་སྐྱེ་བ་ཡིན་པའི་ཕྱིར་དང་། དུས་གཞན་ལ་སྡོད་པ་མེད་པའི་ཕྱིར་རོ། །ཡང་ན་ཇི་སྐད་དུ་བཤད་པའི་རིགས་པས་ཞེས་བྱ་བ་ནི་ཁྱད་པར་དང་ཁྱད་པར་གྱི་གཞི་ཞེས་བྱ་བ་ལ་སོགས་པ་བསྟན་མ་ཐག་པའི་རིགས་པ་ཁྱད་པར་ལ་སོགས་པ་འཛིན་པའི་རིམ་གྱིས་འཛིན་
པའོ། །གལ་ཏེ་ཅིའི་ཕྱིར་དབང་པོའི་ཤེས་པ་འཇུག་པ་མ་ཡིན་ཞེ་ན། བྱེད་པ་འདི་ཙམ་གྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་འདི་ལས་ཀྱང་གི་སྒྲ་ནི་ནིའི་དོན་དུ་བལྟ་བར་བྱའོ། །གཞན་གྱི་རིགས་ཐ་དད་པ་བསྒྲུབ་པར་འདོད་པས་རྗེས་སུ་འགྲོ་བ་ཅན་གྱི་སྤྱི་མེད་ན་ཞེས་བྱ་བ་ལ་སོགས་པ་སྨྲས་
Vol. 177 · folio 187b
སོ། །དེ་ཡང་སྒྲ་དང་གསལ་བར་སྣང་། །སྒྲ་དང་གསལ་བ་ཞེས་བྱ་བ་ཟླས་དབྱེའོ། །གསལ་བ་ནི་བ་ལང་ལ་སོགས་པའོ། །དེ་དག་ཏུ་སྣང་བའི་ངང་ཚུལ་ཅན་ནམ་ཤེས་པ་གང་ལ་དེ་དག་གི་སྣང་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྲའི་རྣམ་པ་དང་བ་ལང་ལ་སོགས་པ་གསལ་བའི་རྣམ་པ་དེའི་རྗེས་
སུ་འགྲོ་བ་ཅན་གྱི་ཤེས་པ་རྣམ་པར་ངེས་པ་ཡིན་གྱི་སྒྲ་དང་གསལ་བ་ལས་ཐ་དད་པའི་རིགས་ཀྱི་རྣམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་སེམས་དེ་ལ་བ་ལང་གི་ཁ་དོག་དང་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་པ་ལ། ཁ་དོག་དང་དབྱིབས་ཞེས་བྱ་བ་འདིས་ནི་གསལ་བར་སྣང་བ་ཅན་ཉིད་
བཤད་དོ། །མིང་ཞེས་བྱ་བ་ལ་སོགས་པ་འདིས་ནི་སྒྲར་སྣང་བ་ཅན་བཤད་དོ། །རང་གི་བདག་ཉིད་ལ་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཤེས་པའི་བདག་ཉིད་ཡིན་ན་ཡང་གཟུགས་བརྙན་ཉིད་དུ་གནས་པ་སྣང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མིག་གི་རྣམ་པར་ཤེས་པས་ཀྱང་མིག་གི་ཡུལ་
གསལ་བའི་ངོ་བོ་ལས་ཐ་དད་པར་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པའི་ཡུལ་གསལ་བའི་ངོ་བོ་གང་ཡིན་པ་དེ་ལས་ཐ་དད་པར་ཞེས་བྱ་བའི་དོན་ཏོ། །ཁ་དོག་དང་དབྱིབས་དང་ཡི་གེའི་རྣམ་པའི་ངོ་བོ་ཅན་གྱི་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་དང་སྒྲའི་རང་བཞིན་ཅན་ནོ། །དེ་ལས་ཁྱད་པར་ཅན་གྱི་དོན་
འཛིན་པ་ནི་དེས་དབེན་པ་འཛིན་པའི་འབྲས་བུ་ཡིན་ལ། དེ་འདི་ལ་མེད་པ་དེ་ལྟར་ན་རྒྱུ་མི་དམིགས་པའོ། །ཁ་དོག་ལ་སོགས་པའི་རྣམ་པ་དེ་ལས་ཐ་དད་པ་གསལ་བའི་ངོ་བོ་དག་གིས་ཞེས་བྱ་བ་ནི་སྤྱིར་འདོད་པ་ཁ་དོག་དང་དབྱིབས་དང་སྒྲའི་རྣམ་པ་གསལ་བར་སྣང་བ་ལས་གསལ་བའི་ངོ་བོ་ཁ་དོག་ལ་
སོགས་པ་ཐ་དད་པ་མིག་གི་རྣམ་པར་ཤེས་པས་གཟུང་བར་བྱ་བ་གང་ཡིན་པ་དེ་དག་གིས་ཞེས་བྱ་བའི་དོན་ཏོ། །ཤེས་པ་དེ་ཉིད་ནི་དེ་ལས་ཐ་དད་པའི་གསལ་བའི་ངོ་བོར་སྣང་བ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །འཕྲོད་པ་འདུ་བ་དབང་པོ་ལས་འདས་པ་ཉིད་ཡིན་པས་ན་ཞེས་བྱ་བ་ནི་གཞན་གྱི་འཕྲོད་པ་
འདུ་བ་ནི་རྗེས་སུ་དཔག་པ་ཡིན་པར་འདོད་དོ། །ཆོས་ཅན་མ་གྲུབ་པའི་སྐྱོན་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་སྣལ་མ་འདི་ལ་སྣམ་བུ་ཞེས་བྱ་བ་དེ་ལྟ་བུའི་ངོ་བོ་ཅན་གྱི་བློ་ཆོས་ཅན་ཉིད་དུ་བརྗོད་པ་ཇི་སྐད་དུ་བཤད་པའི་རྣམ་པས་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །རྨིག་པ་ཞེས་བྱ་བ་ནི་རྨིག་པའོ། །དེ་བཞིན་དུ་མཐོང་
Vol. 177 · folio 188a
བའི་ཞེས་བྱ་བ་ནི་སྟེང་གི་རྭ་འབྲེལ་པ་མཐོང་བའིའོ། །དེ་དག་ནི་འཕྲོད་པ་འདུ་བ་ལས་མ་ཡིན་ནོ་ཞེས་བྱ་བ་ནི་གསལ་བ་གཞན་དང་འབྲེལ་པ་ཅན་གྱི་རྭ་ཆག་པ་དང་གསལ་བ་གཞན་དེ་དག་ནིའོ། །གལ་ཏེ་ཅིའི་ཕྱིར་ཞེ་ན། དེ་ལ་ཡན་ལག་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །
དེ་འཁྲུལ་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་བློ་གང་ཡིན་པ་ནི་གསལ་བ་གཞན་དང་འབྲེལ་པ་ཅན་གྱི་རྭ་ལ་སྦྱོར་བའི་ཕྱིར་རོ། །གཞན་ལ་ཡང་ཞེས་བྱ་བ་ནི་རང་བཞིན་གྱི་རྭ་ལ་ཡང་ངོ་། །སྣམ་བུའི་སྒྲ་རྟེན་ཞེས་བྱ་བ་འདིས་ནི་ཕན་ཚུན་འབྲེལ་པས་ཁྱད་པར་ཅན་དུ་འབྱུང་བའི་སྣལ་མ་ཉིད་ནི་སྣམ་བུའི་སྒྲའི་
རྟེན་ཡིན་གྱི་ཡན་ལག་ཅན་གྱི་རྫས་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འཇིག་རྟེན་ཅིའི་ཕྱིར་འབྲས་བུ་སྣམ་བུ་ལ་རྒྱུ་སྒྲོ་བཏགས་ནས་ཐ་སྙད་འཇུག་པར་འགྱུར་ཞེ་ན། དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྡུད་པར་བྱེད་པའི་ཚིག་འདི་ཉིད་ཀྱི་རྣམ་པར་འགྲེལ་པ་ནི་དེའི་རྣམ་པ་
ཡོངས་སུ་གྱུར་པ་དག་ལ་ཞེས་བྱ་བ་ཡིན་ཏེ། སྣམ་བུའི་ཐ་སྙད་གདགས་སུ་རུང་བ་ཞེས་བྱ་བའི་དོན་ཏོ། །བ་ལང་ཞེས་ལྷག་ཡན་ལག་རྣམས། །རྣམ་ཆད་དམིགས་སུ་མེད་ཕྱིར་རོ། །བ་ལང་ལ་རྭ་ཞེས་བྱ་བའི་བློ་ཡིན་གྱི། འཕྲོད་པ་དང་འདུ་བ་ལས་མ་ཡིན་པ་ད་ལྟར་ན་རྒྱུ་གཅིག་བསྟན་ཏོ། །
ད་ནི་རྒྱུ་གཞན་བསྟན་པའི་ཕྱིར་འདིར་བ་ལང་ལ་རྭ་ཞེས་བྱ་བ་སྨོས་སོ། །རྣམ་པར་ཆད་པ་མཐོང་མེད་ཉིད། །ཅེས་བྱ་བ་ནི་སྔར་བཤད་པའི་རྒྱུ་དྲན་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་བྱེད་པས་མང་དུ་བཤད་ཟིན་ཏོ་ཞེས་བསྟན་ཏོ། །དེ་ལྟར་ནི་འགྱུར་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་གཞན་གྱི་བསམ་
པའི་དོགས་པ་བསུ་བར་བྱེད་དོ། །དོན་གཞན་གྱི་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ཏེ། དོན་གཞན་ནི་རྟེན་ལས་གཞན་འཇུག་པའི་རྒྱུ་མཚན་ཡིན་ཏེ། གང་ལ་དོན་གཞན་གྱི་རྟེན་ཡོད་པ་དེ་ནི་རྟེན་ཅན་ཡིན་ལ། དེ་ལྟ་བུར་གྱུར་པ་ཡང་དེ་ཡིན་ལ། ཐ་སྙད་ཀྱང་ཡིན་ཞིང་དེའི་སྤྱོད་ཡུལ་ཞེས་བྱ་བར་ཚིག་
རྣམ་པར་སྦྱར་རོ། །དངོས་པོ་གང་ལ་ཤེས་པ་འཁྲུལ་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཤེས་པ་གང་དང་གང་ཁྱད་པར་གྱི་རྗེས་སུ་འགྲོ་བ་ཅན་ཞེས་བྱ་བ་ནི་རྫས་ཀྱི་ཁྱད་པར་ལའོ། །སྤྱི་ལ་སོགས་པ་ཐ་དད་པའི་ཁྱད་པར་གྲུབ་པར་འགྱུར་རོ་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་གཏན་ཚིགས་ཀྱིས་སྤྱི་ལ་
Vol. 177 · folio 188b
སོགས་པའི་ཁྱད་པར་རྫས་ལས་ཐ་དད་པའི་ཁྱད་པར་གྲུབ་པར་འགྱུར་རོ། །དེ་ལྟར་ན་བ་ལང་དཀར་པོ་དང་རྭ་ཅན་ཞེས་བྱ་བ་ལ་སོགས་པ་ལ་ཡང་རིགས་ལ་སོགས་པའི་ཤེས་པ་དབྱུག་པ་ཅན་གྱི་ཤེས་པ་དང་འདྲ་བར་ཁྱད་པར་གྱི་རྗེས་སུ་འགྲོ་བ་ཅན་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་
མཐའ་སྨྲ་བ་ཡིན་ནོ། །དངོས་པོ་ལས་ནི་ཐ་དད་ཅན། །རིགས་ལ་སོགས་ལ་ནི་སྟེ་དངོས་པོ་དག་ལས་ཐ་དད་པ་ཅན་ནོ། །དེ་ནི་དངོས་པོ་ལས་ཐ་དད་པའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། དེ་ནི་དོན་གཞན་དུ་གྱུར་པའི་དབྱུག་པ་ཡན་གར་བ་ལས་མ་ཡིན་ཏེ་ཞེས་བྱ་བ་ནི་ཕན་གདགས་
པར་བྱ་བ་དང་ཕན་འདོགས་པར་བྱེད་པའི་དངོས་པོས་སྟོང་པའི་དབྱུག་པ་ཙམ་ལས་སོ། །དེ་ཡི་བདག་པོ་མེད་པར་ཡང་། །ཞེས་བྱ་བ་ལ་དབྱུག་པ་འཆང་བ་མེད་པ་ལ་ཡང་ངོ་། །ཀུན་རྫོབ་པ་ལས་ཞེས་བྱ་བ་ལ། བློ་སྤྱིའི་རྣམ་པར་སྣང་བ་ཅན་སྒྲོ་འདོགས་པར་བྱེད་པ་ནི་ཀུན་རྫོབ་ཡིན་ལ། དེས་སྒྲོ་བཏགས་པ་ནི་ཀུན་
རྫོབ་པའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པའི་བློས་སྒྲོ་བཏགས་པའི་ཕྱིར་རོ་ཞེས་བསྟན་ཏོ། །དེ་སྐད་དུ་དབྱུག་པ་དང་དབྱུག་པ་ཅན་ཕན་ཚུན་འབྲེལ་པའི་གནས་སྐབས་ཀྱི་ཁྱད་པར་དེ་ལས་དོན་གཞན་དུ་འགྱུར་བ་མ་ཡིན་པ་སྐྱེ་བར་འགྱུར་ཞིང་། དེ་ཡང་རང་གི་མཚན་ཉིད་ཡིན་པའི་ཕྱིར་སྒྲའི་ཐ་སྙད་ཀྱི་རྒྱུ་མ་ཡིན་ཏེ།
རང་གི་མཚན་ཉིད་ལ་སྒྲ་མི་འགོད་པའི་ཕྱིར་རོ། །འོན་ཀྱང་དེ་ལ་གནས་སྐབས་གཞན་དུ་སྒྲོ་འདོགས་པར་བྱེད་པའི་རྣམ་པར་རྟོག་པའི་བློ་སྐྱེ་བར་འགྱུར་ལ། དེ་ལ་སྣང་བ་སྒྲོ་བཏགས་པའི་ངོ་བོ་གང་ཡིན་པ་དེའི་རྒྱུ་ཅན་གྱི་སྒྲ་ཡིན་གྱི་དབྱུག་པའི་རང་གི་མཚན་ཉིད་ལ་བརྟེན་པ་ནི་མ་ཡིན་ནོ། །དེའི་ཕྱིར་དབྱུག་པ་ཅན་
གྱི་ཐ་སྙད་ཀྱང་ཕྱི་རོལ་གྱི་དངོས་པོ་ཐ་དད་པའི་རྒྱུ་ཅན་མ་ཡིན་པ་དེ་བས་ན། དཔེ་བསྒྲུབ་པར་བྱ་བས་སྟོང་པས་ན་རིགས་ལ་སོགས་པ་ཐ་དད་པ་སྒྲུབ་པར་བྱེད་པ་ལ་རྗེས་སུ་དཔག་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ཉིད་ནི་དེས་ནི་དཔེ་མ་གྲུབ་པས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དངོས་པོ་ཁང་
བཟངས་ཕྲེང་ལ་སོགས། །སྒྲ་རྣམས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་དང་ཁང་བཟངས་ཀྱི་ཕྲེང་བ་ཞེས་བྱ་བ་ནི་ཟླས་དབྱེ་བའོ། །དེ་དག་རྗོད་པར་བྱེད་པའི་སྒྲ་ནི་དངོས་པོ་དང་ཁང་བཟངས་ཕྲེང་བ་ལ་སོགས་པའི་སྒྲ་རྣམས་སོ། །སྒྲ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། ཤེས་པ་ཡང་དེའི་ཡུལ་ཅན་དུ་
Vol. 177 · folio 189a
འདོད་པ་ཉིད་ཀྱི་ཕྱིར་རོ། །རྫས་དང་། ཡོན་ཏན་དང་། ལས་དང་། སྤྱི་དང་། ཁྱད་པར་དང་། འཕྲོད་པ་འདུ་བ་དྲུག་པོ་ལ་ཡང་དངོས་པོའི་སྒྲས་བསྟན་པའི་ཕྱིར། དངོས་པོའི་སྒྲ་ནི་ཚིག་གི་དོན་ཐམས་ཅད་བརྗོད་པའི་ངང་ཚུལ་ཅན་ཡིན་ནོ། །དེ་ཡང་རྗེས་སུ་འགྲོ་བ་ཅན་ཡིན་ཏེ།
ཚིག་གི་དོན་སོ་སོ་ལ་འཇུག་པའི་ཕྱིར་རོ། །ཁྱད་པར་ཅན་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཅན་ཏེ། ཁང་བཟངས་ཀྱི་ཕྲེང་བ་ཞེས་བྱ་བ་ལ་སོགས་པའི་སྒྲ་ཁྱད་པར་འགའ་ཞིག་ལ་འཇུག་པའི་ཕྱིར་རོ། །གལ་ཏེ་ཡང་ཁང་བཟངས་ཡན་ལག་ཅན་གྱི་རྫས་མ་ཡིན་པ་དེ་ལྟ་ན་ཡང་དེ་དངོས་པོ་ཉིད་ཡིན་ཏེ་ལྡན་པའི་
རང་བཞིན་ཉིད་ཡིན་ནོ་ཞེ་ན། དེའི་ཕྱིར་ལྡན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡོན་ཏན་ཡང་མ་ཡིན་ཏེ་ཡོན་ཏན་རྣམས་ལ་ཡོན་ཏན་ཉིད་མེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ། ཁང་བཟངས་ནི་གཞན་གྱི་འདོད་པས་ཡོན་ཏན་ཡིན་ལ། གང་ལས་དེ་ལ་གཞན་ཁང་བཟངས་ཀྱི་ཕྲེང་བ་ཞེས་བྱ་བའི་
ཡོན་ཏན་ཡོད་པར་འགྱུར་རོ། །དེ་སྒྲ་ནི་ཞེས་བྱ་བ་ནི་ཁང་བཟངས་ཀྱི་ཕྲེང་བའི་སྒྲའོ། །སྒྲ་སྨོས་པ་ཤེས་པ་ཡང་དོན་གྱིས་བཟུང་བ་ཡིན་ཏེ། དེ་མེད་པར་སྒྲ་མི་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས་ཁྱད་པར་གྱི་རྗེས་སུ་འགྲོ་བའི་ཤེས་པ་སྟོན་པར་བྱེད་དོ། །འདིར་ཤེས་པ་འཕྲོད་པ་འདུ་
བའི་རྒྱུ་ཅན་ཡིན་ནོ་ཞེས་བྱ་བ་ཡང་ལོག་པ་ཡིན་ཏེ། འཕྲོད་པ་འདུ་བ་ནི་འདིའི་བློ་རྒྱུ་ཉིད་ཡིན་པའི་ཕྱིར་གང་ལས་རྗེས་སུ་འགྲོ་བ་ཅན་གྱི་རྒྱུ་ཉིད་ཡིན། རྒྱུ་ཉིད་ཡིན་ན་ཡང་སྤྱིར་ཀུན་དུ་བརྟགས་པ་ལོག་པ་ཡིན་ནོ། །ཚད་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ། ཡོན་ཏན་ཆེན་པོ་དང་ཆུང་ངུ་ཉིད་ལ་
སོགས་པ་ནི་ཚད་ཡིན་ནོ། །ཡོན་ཏན་ཆེན་པོ་ཉིད་ལ་སོགས་པའི་ངོ་བོ་ཚད་དེ་ནི་ཁང་བཟངས་ཀྱི་ཕྲེང་བ་ལ་སོགས་པ་དག་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཁང་བཟངས་ཀྱི་ཕྲེང་བ་ལ་སོགས་པའི་སྒྲས་ཀྱང་གང་བརྗོད་པ་ཡིན་ཞེ་ན། ལྡན་པའི་མཚན་ཉིད་ཅན་གྱི་ཁང་བཟངས་ཞེས་བྱ་བ་ལ་སོགས་པ་
སྨོས་སོ། །ཐ་དད་པའི་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐ་དད་པའི་ཁྱད་པར་ནི་དངོས་པོ་ཡིན་ལ། དེ་མེད་པའི་ཐ་སྙད་ཉེ་བར་བཏགས་པ་ཅན་ཡིན་ནོ་ཞེས་གཞན་དག་སེམས་སོ། །ཁྱེད་ཀྱིས་ཀུན་དུ་བརྟགས་པའི་ཉེ་བར་འདོགས་པར་བྱེད་པ་གང་ཡིན་པ་དེ་འདི་ལ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར།
Vol. 177 · folio 189b
གཞན་ལ་རབ་ཏུ་གྲགས་པའི་དཔེ་ཆོས་མི་མཐུན་པ་ཉིད་ཅན་གྱི་ཚུལ་གྱིས་འདི་ལྟར་དཔེར་ན་ཞེས་བྱ་བ་ལ་སོགས་པ་ཉེ་བར་འགོད་པར་བྱེད་དོ། །ནགས་ཞེས་བྱ་བ་འདི་ལ་གྲངས་ཀྱི་མཚན་ཉིད་ཅན་གྱི་ཞེས་བྱ་བ་ནི་ནགས་ཞེས་བྱ་བ་ནི་ཡན་ལག་ཅན་ཁས་མི་འཛིན་པའི་ཕྱིར་རོ། །ཤིང་གི་འདུ་བ་དང་ལྡན་པ་ཉིད་ཀྱི་
གྲངས་ལ་ནགས་ཞེས་བྱའོ་ཞེས་གཞན་ཁས་ལེན་ཏོ། །དེ་དག་ལ་ནི་རྫས་ལ་ཡོད་པ་ཡིན་པ་ལྟ་བུའོ་ཞེས་བྱ་བ་ནི་མེ་ཏོག་དག་སྟེ། དེ་ཉིད་ལ་དེ་དག་འཕྲོད་པ་འདུ་བའི་ཕྱིར་རོ། །རྫས་གཅིག་ལ་ཞེས་བྱ་བ་ནི་ཤིང་ལའོ། །དངོས་ཀྱི་ཡུལ་ཅན་ཡང་དེ་དག་ཡིན་ལ། སྒྲ་དང་ཤེས་པ་ཡང་ཡིན་པས་ན། དངོས་
ཀྱི་ཡུལ་ཅན་གྱི་སྒྲ་དང་ཤེས་པའོ། །དེ་བདག་གིས་ཁྱད་པར་མེད་པའི་ཤེས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེས་གཟུང་བར་བྱ་བ་ཡིན་ནོ། །དངོས་སུ་རྣམ་པར་གཞག་པ་ནི་དེ་ཙམ་གྱི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་སོ། །དེ་འདྲ་བ་ནི་རྣམ་ཤེས་ཀྱི། །རྒྱུ་ཡིན་ཞེས་བྱ་བ་
འདིའི་རྣམ་པར་འགྲེལ་པ་ནི་རྗེས་སུ་འགྲོ་བ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །གང་ལ་ཞེས་བྱ་བ་འདིའི་བཤད་པ་ནི་དངོས་པོ་གང་དག་ལ་ཞེས་བྱ་བའོ། །དེས་ཞེས་བྱ་བ་ནི་སྒྲུབ་པ་པོས་སོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་ལྔ་བཅུ་རྩ་བཞི་པ། དེ་ལྟར་ཤེས་པ་
ཡིན་ན་ཡང་། །ཐ་དད་ཐ་དད་མེད་རྟོགས་ཕྱིར། །ཞེས་བྱ་བ་དེ་ཙམ་ནི་ཚིགས་སུ་བཅད་པའི་ཆ་ཡིན་ལ། དེ་ནི་དེ་ལྟར་ནི་འགྱུར་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་ཕྱོགས་སྔ་མ་ཉེ་བར་བཀོད་ནས་འཆད་པར་བྱེད་དོ། །ཇི་ལྟར་འབྲས་བུ་ཤེས་པ་ཐ་དད་པ་མེད་པ་དེ་དག་བྱེད་པ་ཡིན་ཞེས་བྱ་བ་ནི་གསལ་བའི་ཁྱད་
པར་དེ་དག་གི་འབྲས་བུ་དབང་པོའི་ཤེས་པ་དེ་དག་གལ་ཏེ་གསལ་བ་སོ་སོ་ལ་ཐ་དད་པ་ཡིན་ན། ཇི་ལྟར་གསལ་བ་དག་འབྲས་བུའི་ཤེས་པ་ཐ་དད་པ་མེད་པ་བྱེད་པ་ཡིན་ཞེ་ནའོ། །ཐ་དད་མེད་རྟོགས་ཕྱིར་ཞེས་བྱ་བ་ནི་རྒྱུ་མཚན་གྱི་བདུན་པའོ། །དེ་ཉིད་ཀྱི་ཕྱིར་གཅིག་ཏུ་རྟོགས་པའི་རྒྱུ་མཚན་དུ་ཞེས་བྱ་བས་རྣམ་
པར་འགྲེལ་པར་བྱེད་དོ། །དེ་ཙམ་གྱིས་ངག་གི་དོན་ཡོངས་སུ་མི་རྫོགས་པའི་ཕྱིར་དོན་དེ་དག་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་པ་ཡོད་ན་ཡང་དངོས་པོ་དེ་དག་གིས་ངོ་བོ་ཉིད་ཀྱི་གཅིག་རྟོགས་པ་སྐྱེར་རུང་བའི་དབང་པོའི་ཤེས་པ་དེ་དག་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་
Vol. 177 · folio 190a
དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་བུར་གྱུར་པའི་གསལ་བ་རྣམས་ཀྱི་ཤེས་པ་སྐྱེད་པ་དེ་དག་ནི་གང་གིས་ཐ་དད་ན་ཡང་རྣམ་པ་གཅིག་རྟོགས་པ་སྐྱེད་པར་བྱེད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །དེ་ཡང་ཤེས་པ་ཐ་དད་པ་མེད་པ་ཞེས་བྱ་བ་ནི་རྟོགས་པར་བྱེད་པའི་ཤེས་
པའོ། །དེ་ཡང་སྔར་ཞེས་བྱ་བ་ནི་ལེའུ་དང་པོར་རོ། །དེ་ཉིད་དྲན་པར་བྱ་བའི་ཕྱིར་འགྲེལ་པ་བྱེད་པས་གཅིག་ཏུ་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །དེའི་འབྲས་བུ་རྣམས་མཐོང་བ་ཞེས་བྱ་བ་ནི་གསལ་བའི་འབྲས་བུ་རྣམས་སོ། །གཅིག་ཏུ་རྟོགས་པའི་རྒྱུ་ཡི་ཕྱིར། །བློ་ནི་ཐ་དད་མེད་པ་ཡིན། །
བློ་གཅིག་རྒྱུ་ཡི་དངོས་པོ་ཡིས། །གསལ་བ་རྣམས་ཀྱང་ཐ་མི་དད། །ཅེས་བྱ་བ་དེར་བསྟན་ཟིན་པ་ཉིད་ཀྱི་ཕྱིར་རོ། །དེ་འབྲས་ཅན་མིན་བྲལ། རྗེས་འགྲོ་ཞེས་བྱ་བ་ནི་གཅིག་རྟོགས་པ་ལ་སོགས་པའི་འབྲས་བུ་ཅན་ནོ། །དེའི་འབྲས་བུ་ཅན་མ་ཡིན་པ་ནི་དེ་འབྲས་ཅན་མིན་ཏེ། གང་གིས་དེ་ལྟ་བུར་
གྱུར་པའི་རྟོག་པ་ཉམས་སུ་མྱོང་བའི་རྣམ་པར་ཤེས་པའི་སྒོ་ནས་སྐྱེད་པ་མ་ཡིན་ནོ། །དེ་དག་དང་བྲལ་བ་ནི་གཞན་སེལ་བ་སྟེ། རྣམ་པ་གཅིག་རྟོགས་པའི་རྒྱུ་གསལ་བ་དེ་འདྲ་བ་དག་ལ་དེ་རྗེས་སུ་འགྲོ་བ་ཡོད་པ་ཡིན་ཏེ། ཐམས་ཅད་ནི་དེའི་འབྲས་བུ་ཅན་མ་ཡིན་པ་ལས་ལོག་པའི་ཕྱིར་རོ། །དེ་ལྡོག་པའི་
བདག་ཉིད་དུ་གྱུར་པའི་ཕྱིར་དངོས་པོ་རྣམས་ཕན་ཚུན་ཐ་དད་པ་གང་ཡིན་པ་དེའི་བདག་ཉིད་དུ་གྱུར་པ་ཡིན་ཏེ། ལྡོག་པ་དང་དེ་དང་ལྡན་པ་ནི་ཐ་དད་པ་མེད་པའི་ཕྱིར་རོ། །དེ་དང་འདི་འགལ་ལོ་ཞེས་བྱ་བ་ནི་དེ་ལྟར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །སྐྱོན་དེ་ཡོད་པ་མ་ཡིན་ཏེ་
ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། སྒྲས་རང་གི་མཚན་ཉིད་བསྟན་པའི་ཕྱིར་མཉན་པ་དངོས་པོ་ལ་གནས་པ་རྣམ་པར་གཅོད་པ་ལ་རེག་པ་ཡིན་ནོ་ཞེས་མ་བསྟན་ཏེ། སྒྲ་ལས་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་གྱི་ཤེས་པ་མི་སྐྱེ་བའི་ཕྱིར་རོ། །སྐྱེ་ན་ཡང་འོན་ལོང་ལ་སོགས་པ་མེད་
པར་ཐལ་བ་བཤད་ཟིན་ཏོ། །དེ་ནི་ཕྱི་རོལ་ནུས་པ་རྣམ་གཅོད་ལ། །རེག་པ་མེད་ན་ཡང་ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་གྱི་རང་གི་མཚན་ཉིད་ཀྱི་དེ་དང་དེའི་འབྲས་བུ་ཅན་མ་ཡིན་པ་ལ་སོ་སོར་ངེས་པའི་ནུས་པ་གང་ཡིན་པ་དེས་རྣམ་པར་གཅད་པ་རང་གི་མཚན་ཉིད་ཀྱི་བདག་ཉིད་དུ་གྱུར་པ་གང་ཡིན་པ་དེ་ཕྱི་
Vol. 177 · folio 190b
རོལ་གྱི་ནུས་པ་རྣམ་པར་གཅོད་པའོ། །དེ་ལ་ངེས་པ་ནི་རེག་པ་སྟེ། ཁམས་ནི་དོན་སྣ་ཚོགས་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་མེད་ན་ཡང་སྟེ། སྒྲས་རང་གི་མཚན་ཉིད་ལ་རེག་པ་མེད་ན་ཡང་ཞེས་བྱ་བའི་དོན་ཏོ། །དེ་ནི་ཕྱི་རོལ་གྱི་དངོས་པོ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེ་སྒྲ་
ནི་ཞེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི། དངོས་པོ་རྣམ་པར་གཅོད་པ་བརྗོད་པའི་ངང་ཚུལ་ཅན་གྱི་མཉན་པ་ཞེས་བྱ་བ་ཡིན་ནོ། །རྣམ་པར་རྟོག་པའི་གཟུགས་བརྙན་དག །ཅེས་བྱ་བ་ནི་རྣམ་པར་རྟོག་པ་རྣམས་གཟུང་བའི་རྣམ་པར་དག་པ་འབྲེལ་ཅིང་སྦྱོར་བར་བྱེད་པ་ཡིན་ཏེ། རྣམ་པར་རྟོག་པའི་
གཟུགས་བརྙན་བརྗོད་པར་བྱ་བ་དེ་དག་ལ་རྗོད་པར་བྱད་པ་ཉིད་དུ་ཉེ་བར་འདྲེ་བ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྣམ་པར་རྟོག་པའི་གཟུགས་བརྙན་རྣམས་དངོས་པོ་ལ་གནས་པ་ཅན་ཉིད་ཡིན་ཞེ་ན། རང་གི་མཚན་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ངོ་བོ་ཉིད་ཀྱིས་འཁྲུལ་པས་ཞེས་བྱ་བས་ནི་
སྣང་བ་དང་རྣམ་པར་བརྟག་པར་བྱ་བ་དག་གཅིག་ཏུ་བྱས་ནས་འཇུག་པ་ནི་འཁྲུལ་པ་ཉིད་ཡིན་ནོ། །རྣམ་པ་འདིས་རྣམ་པར་རྟོག་པའི་གཟུགས་བརྙན་དངོས་པོ་ལ་གནས་པ་ཅན་ཡིན་པ་ནི་བླ་སྟེ། མཉན་པ་ཇི་ལྟར་ན་དངོས་པོའི་ལྡོག་པ་སྟོན་པར་བྱེད་པ་ཡིན་ཞེས་བརྗོད་ཅེ་ན། དེའི་ཕྱིར་བློས་སྣང་བ་དང་རྣམ་པར་
བརྟག་པར་བྱ་བའི་དོན་དག་ལ་ཐ་དད་པ་མེད་པར་ཞེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློས་སྣང་བ་དང་རྣམ་པར་བརྟག་པ་དག་ཞེན་པའི་གཏན་ཚིགས་ཀྱི་ཕྱིར། རྣམ་པ་འདིས་མཉན་པ་དེས་དངོས་པོ་ལྡོག་པ་ཅན་ལ་སྐྱེས་བུ་འཇུག་པར་བྱེད་པ་དེའི་ཕྱིར་དངོས་པོ་ལྡོག་པ་སྟོན་པར་བྱེད་པ་ཞེས་བརྗོད་དོ། །འདི་
སྐད་དུ་སྒྲས་སྣང་བ་དང་བརྟག་པར་བྱ་བ་གཅིག་ཏུ་བྱས་ནས། དངོས་པོ་ལ་འཇུག་པར་བྱེད་པ་དེ་ལྟ་བུར་གྱུར་པའི་བློ་གང་ཡིན་པ་སྐྱེད་པར་བྱེད་དོ་ཞེས་བསྟན་པར་འགྱུར་རོ། །རྣམ་པར་རྟོག་པ་ལ་གནས་པ་དོན་གྱི་གཟུགས་བརྙན་ཕྱི་རོལ་ཉིད་དུ་སྣང་བ་རང་གི་མཚན་ཉིད་བཞིན་དུ་དོན་གཞན་ལས་ལྡོག་པ་དེ་བས་
ན་དེ་ཉིད་དངོས་པོ་མ་ཡིན་ནམ། གལ་ཏེ་དེ་སྒྲས་བརྗོད་པར་བྱ་བ་མ་ཡིན་ན་དོན་གྱི་ཕྱི་རོལ་གྱི་དངོས་པོ་སྒྲའི་བརྗོད་པར་བྱ་བར་ཁས་བླངས་པར་འགྱུར་བའམ། རྣམ་པར་རྟོག་པའི་གཟུགས་བརྙན་རྗོད་པར་བྱེད་པ་དང་སྤྱི་དངོས་པོར་གྱུར་པ་རྗོད་པར་བྱེད་པས་ཕྱི་རོལ་སྒྲའི་བརྗོད་པར་བྱ་བར་འདོད་པ་ལ་ཁྱད་པར་ཅི་ཞིག་
Vol. 177 · folio 191a
ཡོད། འོན་ཀྱང་མིང་ལ་རྩོད་པ་ཡིན་ནོ་ཞེས་བྱ་བའི་རྒོལ་བ་དེའི་དོགས་པ་བསུ་ནས། དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་རྣམ་པར་རྟོག་པའི་གཟུགས་བརྙན་ནི་རྣམ་པར་རྟོག་པའི་རང་གི་ངོ་བོ་ལས་ཐ་དད་པ་མེད་པ་ཉིད་ཀྱི་ཕྱིར་རྣམ་པར་རྟོག་པའི་རང་གི་ངོ་བོ་
བཞིན་དུ་ནང་ན་གནས་པ་ཉིད་ཡིན་ནོ། །འདིའི་ཕྱི་རོལ་དུ་འཛིན་པ་དང་དོན་གཞན་ལས་ལྡོག་པ་གང་ཡིན་པ་དེ་ནི་འཁྲུལ་པས་བྱས་པ་ཡིན་ནོ། །འཁྲུལ་པའི་དབང་གིས་ཀྱང་དངོས་པོ་རྣམ་པར་གཞག་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ལྡོག་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། ལྡོག་པ་བཞིན་དུ་སྣང་གི་ལྡོག་པ་ཉིད་ནི་མ་ཡིན་ནོ། །དོན་གྱི་བྱ་བ་བྱེད་པའི་ངང་ཚུལ་ཅན་གྱི་དངོས་པོ་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་རྟོག་པའི་སྣང་བ་དོན་གྱི་རྣམ་པས་ཕྱི་རོལ་གྱི་དོན་གྱི་བྱ་བ་ཅུང་ཟད་ཀྱང་བསྒྲུབས་པ་མེད་དོ། །དོན་དམ་པར་དེ་གཞན་ལས་ལྡོག་པ་མ་ཡིན་ཏེ་ཞེས་བྱ་བ་ནི་དེའི་ཕྱི་རོལ་
ན་མེད་པ་ཉིད་ཀྱི་ཕྱིར་གཞན་ལས་ལྡོག་པ་ཉིད་ཡོད་པ་མ་ཡིན་ནོ། །ཡོད་ན་ཡང་ལྡོག་པ་ཉིད་དམ་ལྡོག་པ་ཉིད་མ་ཡིན་པར་འགྱུར་རོ། །དེ་སྒྲའི་བརྗོད་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། གཟུགས་བརྙན་ཏེ་དེའི་ཕྱི་རོལ་ན་མེད་པ་ཉིད་ཀྱི་ཕྱིར་རོ། །གཞན་གྱིས་ཀུན་དུ་བརྟགས་པའི་སྤྱི་དང་འདྲ་བ་བརྗོད་པར་
བྱ་བ་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཡང་ན་གལ་ཏེ་རྣམ་པར་རྟོག་པའི་སྣང་བའི་དོན་གྱི་རྣམ་པ་བརྗོད་པར་བྱ་བ་ཕྱི་རོལ་ན་ཡོད་པ་མ་ཡིན་མོད་ཀྱི། དེ་ཤེས་པ་ཉིད་ཀྱི་དངོས་པོ་ཉིད་ཡིན་ལ། དེ་ཡང་སྒྲས་བརྗོད་པར་བྱ་བ་ནི་མ་ཡིན་པ་དེ་བས་ན། སྒྲས་བརྗོད་པར་བྱ་བ་དངོས་པོ་ཉིད་དུ་འགྱུར་
རོ་ཞེ་ན། དེའི་ཕྱིར་དེ་སྒྲའི་བརྗོད་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གཟུགས་བརྙན་དེ་ནི་ཤེས་པ་ལས་ཐ་དད་པ་མེད་པ་ཉིད་ཀྱི་རང་གི་མཚན་ཉིད་ཀྱི་བདག་ཉིད་ནི་སྒྲའི་བརྗོད་པར་བྱ་བ་ནི་མ་ཡིན་ཏེ། རང་གི་མཚན་ཉིད་ལ་སྒྲ་མི་འགོད་པའི་ཕྱིར་རོ། །གལ་ཏེ་རྣམ་པར་རྟོག་པའི་སྣང་བའི་རྣམ་
པ་ཕྱི་རོལ་ན་མེད་པ་ཉིད་ཀྱི་ཕྱིར་རི་བོང་གི་རྭ་དང་འདྲ་བར་བརྗོད་པར་བྱ་བ་མ་ཡིན་པར་མ་ཟད་ཀྱི། ནང་ཡང་མ་ཡིན་ཏེ་རང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཕྱི་རོལ་གྱི་གསལ་བ་རྣམས་སྒྲའི་བརྗོད་པར་བྱ་བ་ཡིན་པ་ཐག་རིང་དུ་གསལ་བ་ཡིན་ནོ། །སྤྱི་དངོས་པོར་གྱུར་པ་ནི་མི་འདོད་དོ། །འོ་ན་སྒྲའི་
Vol. 177 · folio 191b
བརྗོད་པར་བྱ་བ་ཅི་ཡིན་ཞེ་ན། དོན་དམ་པར་ཅུང་ཟད་ཀྱང་མེད་དོ་ཞེས་བརྗོད་དོ། །འོ་ན་ཇི་ལྟར་ན་སྒྲ་ལས་བྱུང་བའི་ཐ་སྙད་གཞོན་ནུའི་བར་ལ་རབ་ཏུ་གྲགས་པ་དང་། ཅི་ལྟར་དངོས་པོ་ལྡོག་པ་སྟོན་པར་བྱེད་པ་མཉན་པ་ཡིན་ནོ་ཞེས་བསྟན་ཞེ་ན། བརྗོད་པ་སྒྲ་ལས་བྱུང་བའི་ཐ་སྙད་ནི་འཁྲུལ་པའི་དབང་
གིས་ཡིན་པ་དེ་ལྟར་ན་བརྡ་ཅི་ལྟ་བ་བཞིན་དུ་སྒྲ་ལས་རྣམ་པར་རྟོག་པའི་བློ་སྐྱེ་བར་གྱུར་པ་དེ་ཁོ་ན་ཉིད་དུ་ན་དོན་གྱིས་སྟོང་པ་ཡིན་ན་ཡང་ངོ་བོ་ཉིད་ཀྱིས་འཁྲུལ་པས་རང་གི་ཆ་ལ་ཕྱི་རོལ་གྱི་དོན་དང་གཅིག་ཏུ་བྱས་ནས་འཇུག་པ་ན་སྒྲས་དོན་བརྗོད་པ་ཡིན་ནོ་ཞེས་བྱ་བའི་ཞེན་པ་འདིས་ཉན་པ་པོ་རྣམས་སླུ་བར་
བྱེད་པ་དང་། དེའི་བསམ་པའི་དབང་གིས་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པར་རྣམ་པར་གཞག་གོ། །བློ་དེ་ཡང་དེའི་ངོ་བོ་ཉིད་དུ་ཞེན་པས་སྐྱེས་བུ་དེ་ལས་གཞན་པ་ལས་ལྡོག་པའི་དོན་ལ་འཇུག་པར་བྱེད་དོ། །དེ་བས་ན་ཆ་དེ་ཙམ་གྱིས་གཞན་སེལ་བའི་མཉན་པ་ནི་རྗོད་པར་བྱེད་པ་ཡིན་ནོ་ཞེས་བརྗོད་
དོ། །དེ་ཉིད་ཀྱི་ཕྱིས་བསྟན་པར་བཞེད་ནས། དེ་ལྟ་ན་ཡང་དོན་གྱི་རྣམ་པ་འཛིན་པ་ཞེས་བྱ་བ་ལ་སོགས་པས་རེ་ཞིག་རང་གི་སྡེ་པ་ལ་བརྒལ་ཞིང་བརྟག་པ་བྱེད་པ་ཡིན་ཏེ། གང་དག་རྣམ་པར་རྟོག་པ་ལ་སྣང་བའི་ངང་ཚུལ་ཅན་གྱི་རྣམ་པ་དངོས་སུ་སྒྲའི་བརྗོད་པར་བྱ་བ་ཡིན་ནོ་ཞེས་དེ་ལྟར་ཞུགས་པའོ། །
དོན་གྱི་རྣམ་པ་ཞེས་འཛིན་པ་ནི། །དོན་གྱི་རྣམ་པ་འཛིན་པ་སྟེ། །རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་སྣང་བའི་གཟུགས་བརྙན་ནོ། །དོན་གྱི་ཞེས་བྱ་བ་ནི་ཕྱི་རོལ་གྱི་རང་གི་མཚན་ཉིད་ཀྱིའོ། །གང་གི་ཚེ་དེ་ལས་གཞན་པ་ལས་ལྡོག་པ་ཞེས་བྱ་བ་ནི་དངོས་པོ་ལ་གནས་པའི་གཞན་སེལ་བའི་རང་གི་མཚན་
ཉིད་ཀྱི་བདག་ཉིད་ཅན་ནོ། །སྒྲས་དོན་ཆ་ནི་ཅི་བརྗོད་ཅེས་བྱ་བ་ནི་དོན་གྱི་ཆའོ། །དེའི་བསྒྲུབ་པར་བྱ་བའི་སྒྲུབ་པར་བྱེད་པར་གྱུར་པ་མ་ཡིན་པའི་དངོས་པོ་ལས་ལྡོག་པའི་སྒོ་ནས་འཇུག་པར་བྱ་བ་ལ་ཞེས་བྱ་བ་ནི་དོན་བྱེད་པ་དོན་དུ་གཉེར་བས་རྒྱུ་འདོད་པ་གང་ཡིན་པ་དེའི་བསྒྲུབ་པར་བྱ་བ་ནི་དོན་དུ་གཉེར་བས་
འབྲས་བུ་འདོད་པ་གང་ཡིན་པ་དེའོ། །འབྲས་བུ་དེའི་སྒྲུབ་པར་བྱེད་པ་ནི་དེ་སྒྲུབ་པར་བྱེད་པའོ། །དེའི་བསྒྲུབ་པར་བྱ་བའི་སྒྲུབ་པར་བྱེད་པ་ཉིད་ཐོབ་པ་ནི་དེའི་བསྒྲུབ་པར་བྱ་བའི་སྒྲུབ་པར་བྱེད་པར་གྱུར་པའོ། །དེ་ལས་བཟློག་པ་ནི་དེའི་བསྒྲུབ་པར་བྱ་བའི་སྒྲུབ་པར་བྱེད་པར་གྱུར་པ་མ་ཡིན་པའོ། །དེ་ལས་བཟློག་
Vol. 177 · folio 192a
པའི་སྒོ་ནས་དེའི་བསྒྲུབ་པར་བྱ་བའི་སྒྲུབ་པར་བྱེད་པར་གྱུར་པའི་དངོས་པོ་ལ་འཇུག་པར་བྱ་བ་ལའོ། །དེ་ཞེས་བྱ་བ་ནི་དེ་ལས་གཞན་པ་ལས་རྣམ་པར་གཅོད་པ་དེ་མ་བརྗོད་ན། དོན་བྱེད་པར་ནུས་པ་ཉིད་མ་བརྗོད་པར་འགྱུར་རོ། །དེ་བས་ན་དོན་བྱེད་པ་དོན་དུ་གཉེར་བས་སྒྲ་བརྗོད་
པ་དོན་མེད་པ་ཅན་ཡིན་པ་དེའི་ཕྱིར་གདོན་མི་ཟ་བར་བྱ་བ་ཡིན་ནོ། །ཅི་སྟེ་རྣམ་པར་རྟོག་པའི་སྣང་བ་དེ་ཡང་གསལ་བ་རྣམས་ལ་སོ་སོར་གནས་པ་ཡིན་ལ། དེ་བརྗོད་པ་ན་དངོས་པོའི་ཆ་ཁོ་ན་བརྗོད་པར་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར་རྣམ་པ་དེ་ཡང་རྣམ་པར་རྟོག་པའི་ཡུལ་ཞེས་བྱ་བ་ལ་སོགས་
པ་སྨོས་པ་ལ། རྣམ་པར་རྟོག་པ་ལ་གསལ་བར་སྣང་བ་ཡིན་གྱི་ཞེས་བྱ་བ་ནི། གསལ་བའི་ཆའི་རྗེས་སུ་བྱེད་པའི་སྣང་བ་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་ལ་རྣམ་པར་གནས་པ་ཡིན་ཏེ། དེ་དེའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དོན་ལ་མིན་ཏེ་དོན་ནི་ཕྱི་རོལ་ན་གནས་པ་ཉིད་ཀྱི་ཕྱིར་དང་
སྣང་བ་ནི་ནང་ན་གནས་པ་ཡིན་པའི་ཕྱིར་རོ། །སྒྲའི་དོན་ཡོད་པ་ཉིད་དུ་ཁས་ལེན་པ་ནའོ་ཞེས་བྱ་བ་ནི་དོན་དམ་པར་སྒྲའི་དོན་ཁས་ལེན་པར་བྱེད་པའི་རང་གི་སྡེ་པ་གང་ཡིན་པ་དེ་ལ་འདི་ཐལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འོ་ན་དོན་གྱི་གཟུགས་བརྙན་རྗེས་སུ་འགྲོ་བ་ཅན་དེ་ཉིད་སྒྲས་དོན་ཡིན་པར་
འགྱུར་རོ་ཞེ་ན། དོན་གྱི་གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་འོ་ན་དངོས་པོ་བརྗོད་པར་བྱ་བར་ཁས་ལེན་ན་སྒྲའི་དོན་མི་རུང་ན་ཁྱེད་ཅག་ཅི་ལྟར་སྒྲའི་དོན་རྣམ་པར་འཇོག་པ་ཡིན་ཞེ་ན། དེ་ཡི་ངོ་བོ་སྒྲོ་འདོགས་རྟོགས། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྣམ་པར་རྟོག་པའི་གཟུགས་
བརྙན་གྱི་ངོ་བོ་དེ་ལ་རང་གི་མཚན་ཉིད་དུ་སྒྲོ་བཏགས་ནས་དེ་རྟོགས་པ་ནི་ཁོང་དུ་ཆུད་པའོ། །དེས་སྣང་བ་དང་རྣམ་པར་རྟོག་པར་བྱ་བའི་དོན་གཅིག་ཏུ་བྱེད་པས་འཇུག་པ་ན་གཞན་ལས་ལྡོག་པའི་དོན་རྟོགས་ཤིང་ཐོབ་པའི་ཕྱིར་རོ། །དེ་ནི་ཡང་གལ་ཏེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །ཉེ་བར་
འདོགས་པའི་ཕྱིར་ཞེས་བྱ་བ་ནི་སྒྲའི་དོན་དངོས་ནི་ཇི་ལྟར་ཡང་འཐད་པ་མ་ཡིན་ནོ། །དོན་གྱི་ཆ་ལ་འདི་རྗེས་སུ་འགྲོ་ཞེས་བྱ་བའི་རྣམ་པར་འགྲེལ་པ་ནི་དངོས་པོ་དག་ལ་དེ་ལས་གཞན་པ་རྣམ་པར་བཅད་ནས་ཞེས་བྱ་བ་ཡིན་ཏེ། དེ་ལ་འཇུག་པར་གྱུར་པ་ན་དེ་རྗེས་སུ་འགྲོ་བར་འགྱུར་རོ། །གལ་ཏེ་ཐ་སྙད་
Vol. 177 · folio 192b
འཁྲུལ་པ་ཡིན་ན་དོན་དང་འབྲལ་པ་ཇི་ལྟར་ཡིན་དེའི་ཕྱིར་དོན་དང་འབྲེལ་པ་ཡོད་ན་ཡང་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་རྗེས་སུ་དཔག་པ་ཉིད་དུ་ཉེ་བར་འདོགས་པར་ཡང་མི་འགྱུར་རོ། །འཁྲུལ་པར་མཚུངས་པ་ཉིད་ཡིན་ན་མི་རྟག་པ་ལ་སོགས་པའི་སྒྲ་ཇི་ལྟར་ན་རྟག་པ་ལ་སོགས་པའི་སྒྲ་དག་ལས་ཁྱད་པར་དུ་འགྱུར་
ཞེ་ན། དེའི་ཕྱིར་དོན་དང་འབྲེལ་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ་རག་ལས་པས་ཞེས་བྱ་བ་ནི་བརྒྱུད་པས་དེ་ལྟ་བུར་གྱུར་པའི་དངོས་པོ་མཐོང་བའི་སྒོ་ནས་འོངས་པའི་ཕྱིར་རོ། །བསྟན་ཟིན་པ་ནི་ལེའུ་དང་པོར་རོ། །རང་གི་མཚན་ཉིད་ལ་བརྡ་མེད་པས་རྣམ་པར་རྟོག་པའི་གཟུགས་བརྙན་དེ་ཉིད་ལ་བརྡར་བྱེད་
པས་དེའི་ཕྱིར། ཇི་ལྟར་བརྡར་བཏགས་པ་བཞིན་དུ་ཐ་སྙད་ཀྱི་དུས་ན་ཡང་རྣམ་པར་རྟོག་པའི་གཟུགས་བརྙན་ཉིད་རྣམ་པར་རྟོག་པ་མ་ཡིན་ནམ། འཁྲུལ་པས་སྣང་བ་དང་རྣམ་པར་བརྟག་པར་བྱ་བ་གཅིག་ཏུ་བྱེད་པས་ཕྱི་རོལ་ལ་ཡང་མ་ཡིན་ནོ་ཞེ་ན། དེའི་ཕྱིར་གང་གི་ཕྱིར་ཐ་སྙད་འདོགས་པ་པོ་ཐ་སྙད་ཀྱི་དུས་སུ་
ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་བརྡའི་དུས་ན་ཡང་སྣང་བ་དང་རྣམ་པར་བརྟག་པར་བྱ་བ་དག་ལ་ཡང་གཅིག་ཉིད་དུ་ཞེན་པས་རྣམ་པར་རྟོག་པའི་གཟུགས་བརྙན་ལ་ཡང་བརྡ་བྱེད་པ་ན། འཁྲུལ་པས་ཕྱི་རོལ་རྟོགས་པར་འགྱུར་རོ། །དེ་བས་ན་ཇི་ལྟར་བརྡར་བཏགས་པ་བཞིན་དུ་ཞེན་པ་ཐ་སྙད་
ཀྱི་དུས་ན་ཡང་ཞེན་པ་སྐྱེ་བར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །བརྗོད་པར་བྱ་བའི་དོན་རྣམ་པར་བཅད་པར་གྱུར་པ་ལས་ཞེས་བྱ་བ་ལ་ཤིང་མ་ཡིན་པ་གཞན་ལས་རྣམ་པར་བཅད་པ་ན་ཤིང་ལ་སོགས་པ་གང་ཡིན་པ་སྒྲའི་བརྗོད་པར་བྱ་བ་ཡིན་པ་དེའི་ཕྱིར། ཤིང་ལ་སོགས་པ་མ་ཡིན་པ་གཞན་ལ་སྒྲ་མ་
མཐོང་བའི་རྒྱུ་ཡིས་སྒྲ་ལ་དངོས་པོ་རྟོགས་པའི་ཕྱིར་ཏེ། གང་ལ་མེད་པ་དེ་རྣམ་པར་བཅད་ནས་དངོས་པོ་སྟོན་པར་བྱེད་ཅེས་བྱ་བའི་དོན་ཏོ། །སྐྱེས་བུའི་ཞེན་པའི་དབང་གིས་དེ་སྐད་དུ་བརྗོད་ཀྱི་སྒྲ་ལས་དངོས་པོ་རྟོགས་པ་ནི་མ་ཡིན་ནོ། །འདིས་ནི་ལྡོག་པ་བཤད་དོ། །ལ་ལར་དེ་མཐོང་ལ་ལྟོས་ཕྱིར། །
ཞེས་བྱ་བ་འདིས་ནི་རྗེས་སུ་འགྲོ་བ་པ་བསྟན་ཏོ། །ད་ལྟར་གྱི་ཤིང་ལ་སོགས་པ་ཞེས་བྱ་བ་ལ་ད་ལྟར་སྨོས་པ་ནི་དོན་ཉེ་བ་ཉིད་ཡོད་པ་ཉིད་དུ་བསྟན་པར་ནུས་པ་ཉིད་ཀྱི་ཕྱིར་རོ། །ཕྱོགས་གཅིག་སྨོས་པས་རྗེས་སུ་འགྲོ་བ་གཙོ་བོ་མ་ཡིན་པ་བསྟན་ཏེ། ལྡོག་པའི་སྒོ་ཉིད་ཀྱི་དོན་རྟོགས་པའི་ཕྱིར་རོ། །གང་ཕྱོགས་
Vol. 177 · folio 193a
གཅིག་ལ་ཡང་དེ་ལས་ལྡོག་པ་ལ་ཞེས་བྱ་བ་ནི་ཤིང་མ་ཡིན་པ་ལ་སོགས་པ་ལས་ལྡོག་པ་ཞེས་བྱ་བའི་དོན་ཏོ། །དེ་ལས་རྣམ་པར་གཅོད་པའི་དོན་དེ་ཞེས་བྱ་བ་ནི་ཤིང་མ་ཡིན་པ་ལ་སོགས་པ་རྣམ་པར་བཅད་པ་ནི་ཤིང་ལ་སོགས་པའིའོ། །གཞན་རྣམ་པར་གཅོད་པར་བྱེད་པ་སྟོན་པ་འདིས་ནི་
སྒྲ་འབྲས་བུ་དང་བཅས་པར་བསྟན་ཏོ། །དེ་ལྟ་མ་ཡིན་ན་སྒྲ་སྦྱོར་བ་འབྲས་བུ་མེད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་དེ་ནི་དངོས་པོ་ལ་མི་རུང་ངོ་ཞེས་བྱ་བ་ལ་སོགས་པ་ལ་བརྗོད་པར་བྱ་བའི་དོན་ལས་རིགས་མི་མཐུན་པ་མ་མཐོང་བ་ལ་ལྟོས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །ཤིང་ལ་སོགས་པའི་
དོན་རྣམ་པར་གཅོད་པར་གྱུར་པ་ཕྱོགས་གཅིག་པོ་ལ་ལར་མཐོང་བ་ལ་ལྟོས་པ་ཉིད་ཀྱི་ཕྱིར་རོ། །འདིས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་སྔ་མ་ཉིད་རྗེས་སུ་བསྟན་ཏོ། །འགྲེལ་པ་བྱས་པ་ལས་ཞེས་བྱ་བ་ནི་བརྡར་བྱས་པ་ལས་སོ། །འབྲེལ་པའི་རྒྱུ་མཚན་དུ་གྱུར་པ་དེས་ཞེས་བྱ་བ་ནི། རིགས་ལ་སོགས་
པ་འབྲེལ་བའི་རྒྱུ་མཚན་དུ་གྱུར་པས། གང་ཁོ་ན་ལས་དོན་གང་ལ་མཉན་པར་འགྱུར་ཞེས་བྱ་བར་སྦྱར་ཏེ། རིགས་ལ་སོགས་པས་ཉེ་བར་མཚོན་པའི་རྫས་དེ་ཉིད་བརྗོད་པར་བྱ་བ་ཡིན་ནོ་ཞེས་དེ་སྐད་དུ་བརྗོད་པའི་དྲང་སྲོང་ལ་བྱའི་བུ་ལ་སོགས་པ་རྫས་ཚིག་གི་དོན་ཅན་གྱི་གཞུང་སྤོང་བའི་སྒོ་ནས་བཤད་དོ། །
རིགས་ལ་སོགས་པ་དེ་དག་ལ་གང་ཁོ་ན་ལས་མཉན་པར་འགྱུར་ཞེས་སྦྱར་ཏེ། རིགས་ལ་སོགས་པ་ཉེ་བར་མཚོན་པའི་རྫས་དེ་ཉིད་བརྗོད་པར་བྱ་བ་ཡིན་ནོ་ཞེས་དེ་སྐད་དུ། དྲང་སྲོང་རྟའི་བུ་རིགས་ཚིག་གི་དོན་ཅན་གྱི་གཞུང་སྤོང་བའི་སྒོ་ནས་འདི་བསྟན་ཏོ། །དེ་དང་འབྲེལ་པ་དག་ལ་ཞེས་བྱ་བ་ནི་རིགས་ལ་
སོགས་པའི་འབྲེལ་པ་དག་ལ་སྟེ། སྒྲས་འབྲེལ་པ་བརྗོད་པ་ཡིན་ནོ་ཞེས་དེ་སྐད་དུ་སྟོན་པ་གང་ཡིན་པ་དེ་དག་བསལ་བའི་སྒོ་ནས་བསྟན་ཏོ། །རིགས་ལ་སོགས་པའི་རྣམ་པར་རྟོག་པ་ཞེས་བྱ་བ་ནི་རིགས་ལ་སོགས་པའི་རྣམ་པར་རྟོག་པ་དང་འབྲེལ་བའི་རྣམ་པར་རྟོག་པ་གཉིས་དང་། སྒྲའི་རྣམ་པར་རྟོག་པ་
དང་བཅས་པ་སྟེ་རྣམ་པར་རྟོག་པ་རྣམ་པ་གསུམ་མོ། །སྔར་བཤད་པའི་རྒྱུ་ཉིད་ཀྱིས་ཞེས་བྱ་བ་ནི། ཁྱད་པར་དང་ནི་ཁྱད་པར་གཞི། །འབྲེལ་དང་འཇིག་རྟེན་གཞུང་ལུགས་ནི། །ཞེས་བྱ་བ་ལ་སོགས་པ་བསྟན་པས་སོ། །མཐོང་བ་སྲེ་བྱེད་བདག་ཉིད་ཅན། །ཞེས་བྱ་བ་ནི་བརྡའི་དུས་ན་སྒྲ་དམིགས་པ་གང་
Vol. 177 · folio 193b
ཡིན་པ་དེ་སྦྱོར་བ་ནི་མཐོང་བ་སྲེ་བར་བྱེད་པའོ། །འཛིན་པ་གང་ལ་དེའི་བདག་ཉིད་དེ། རང་བཞིན་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་མཐོང་བ་སྦྱོར་བར་བྱེད་པའི་རང་བཞིན་ཅན་ནོ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །རྟོགས་པ་ཡང་གང་ཞེ་ན། སྔོན་ཉམས་སུ་མྱོང་བ་རྗོད་པར་བྱེད་པ་ཞེས་བྱ་བ་
ལ་སོགས་པ་སྨོས་སོ། །དེར་ཞེན་པས་ཞེས་བྱ་བ་ནི་འདས་པའི་དོན་དུ་ཞེན་པ་སྟེ། དོན་གང་ལ་སྒྲ་བརྡར་བཏགས་པ་དེ་ཉིད་ད་ལྟར་གྱི་དོན་འདི་ཡིན་ནོ་ཞེས་དེ་ལྟར་མངོན་པར་ཞེན་པས་ཞེས་བྱ་བའི་དོན་ཏོ། །དེའི་བྱེད་པ་ལ་དེའི་ཡུལ་གྱི་བྱེད་པའི་ནུས་པས་ཁྱབ་པ་ཡིན་པ་ལ་དེ་དང་འགལ་བ་ཡང་ནུས་པ་
མེད་པ་གང་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །རྣམ་པར་རྟོག་པ་དེས་ཞེས་བྱ་བ་ནི་གནས་སྐབས་དེ་ལས་འདས་པ་ལ་སོགས་པའི་དོན་རྟོགས་པ་གང་ཡིན་པ་དེས་སོ། །དོན་དེ་ཞེས་བྱ་བ་ནི་དེ་ལྟར་གྱི་དོན་མིག་གིས་གཟུང་བར་བྱ་བ་གང་ཡིན་པའོ། །མཐོང་བའི་རང་བཞིན་ཡོད་
ན་ཡང་དེ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཉིས་པའོ། །དེ་བརྡ་ཞེས་བྱ་བ་ལ་བརྡ་ནི་སྒྲ་ཉིད་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སང་བར་གྱུར་པའི་དོན་གྱི་མིང་འཛིན་པས་ཞེས་བྱ་བས་འཆད་པར་བྱེད་དོ། བརྗོད་པ་མེད་པ་ཅན་གྱི་དོན་ནི་མིག་གིས་གསལ་བར་འཛིན་ཏོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་དེས་ན་
སྒྲའི་དོན་གྱི་ཡུལ་ཅན་ཉིད་ཡིན་པ་ཞེས་བྱ་བ་ནི་གང་གི་ཚེ་དབང་པོའི་ཡུལ་ལ་ཡང་སྒྲ་འཇུག་པ་དེའི་ཚེ་དབང་པོའི་དོན་ཡང་སྒྲའི་དོན་ཡིན་ཏེ། དབང་པོ་ལས་སྐྱེས་པ་གང་ལ་ཡུལ་དེ་ཡོད་པ་དེ་དག་ནི་སྒྲའི་དོན་གྱི་ཡུལ་ཅན་ཡིན་ལ། དེའི་དངོས་པོ་ནི་དེ་ཉིད་དེ་དེས་སོ། །གལ་ཏེ་དབང་པོའི་དོན་རང་གི་
མཚན་ཉིད་ལ་སྒྲ་འཇུག་པ་དེ་ཙམ་གྱིས་ཕྱི་རོལ་གྱི་དོན་ཉེ་བ་ལ་ལྟོས་པ་དབང་པོ་ལས་སྐྱེས་པའི་ཤེས་པ་ཇི་ལྟར་འདོད་པའི་དབང་གིས་འཇུག་པར་འགྱུར། སྒྲའི་དོན་གྱི་ཡུལ་ཅན་ཡིན་ན་ཡང་སྤྱིའི་ཡུལ་ཅན་གྱི་རྣམ་པར་རྟོག་པའི་ཤེས་པ་གང་ཡིན་པ་དེ་འདོད་པའི་དབང་གིས་འཇུག་པར་འགྱུར་གྱི་རང་གི་
མཚན་ཉིད་ཀྱི་ཡུལ་ཅན་གྱི་དབང་པོའི་ཤེས་པ་འདོད་པའི་དབང་གིས་འཇུག་པ་མི་རིགས་པ་མ་ཡིན་ནམ། འདི་སྐད་དུ་གལ་ཏེ་རང་གི་མཚན་ཉིད་ཀྱང་སྒྲའི་དོན་ཡིན་པ་དེའི་ཚེ་དེ་ལས་གཞན་པའི་སྒྲའི་དོན་བཞིན་དུ་སྒྲའི་ཤེས་པ་ལ་སྣང་བར་འགྱུར་ཞིང་སྒྲའི་ཤེས་པ་ལ་མི་སྣང་བ་གང་ཡིན་པ་དེ་ནི་སྒྲའི་དོན་མ་
Vol. 177 · folio 194a
ཡིན་ནོ། །སྒྲ་ནི་འདོད་པ་ཙམ་གྱི་རྒྱུ་ཅན་ཉིད་ཡིན་པའི་ཕྱིར་ཤེས་པ་དེ་ཡང་སྒྲ་བཞིན་དུ་འདོད་པའི་རྒྱུ་ཅན་དུ་འགྱུར་རོ། །དེ་ལྟ་བུར་གྱུར་པའི་ཤེས་པ་ལ་སྒྲའི་དོན་ཉིད་དུ་དབང་པོའི་དོན་སྣང་བར་གྱུར་པ་ན་ཡང་རྣམ་པར་རྟོག་པའི་གཟུགས་བརྙན་བཞིན་དུ་འདོད་པ་ཙམ་གྱི་རྒྱུ་
ཅན་དུ་འགྱུར་རོ། །དེ་ལྟ་བུར་གྱུར་པའི་སྒྲ་དོན་ལ་འཇུག་པར་གྱུར་པ་ན་འདོད་པ་ཙམ་གྱི་རྒྱུ་ཅན་དུ་འགྱུར་རོ་སྙམ་སེམས་སོ། །འདས་པ་ལ་སོགས་པ་ཞེས་བྱ་བ་ནི་སྒྲ་དང་དོན་འདས་སུ་ཟིན་ཀྱང་བདག་ཉིད་ཀྱིས་དཔྱད་ནས་བརྡ་བྱེད་པར་འགྱུར་རོ་ཞེས་སྔར་ཇི་སྐད་བཤད་པ་ལྟ་བུའོ། །སོགས་པའི་སྒྲས་
ནི་དོན་འདས་པ་དང་ཆོད་པ་བཟུང་ངོ་། །སྒྲ་འགོད་པ་ཡང་སྤྱོད་ཡུལ་གྱི་དངོས་པོ་འདས་པ་དང་ཞིག་པ་ཞེས་བྱ་བ་ལ་སོགས་པ་ལ། སྤྱོད་ཡུལ་གྱི་དངོས་པོ་འདས་པ་དང་ཞིག་པ་ལ་སོགས་པ་ཞེས་པ་ནི་ཟླས་དབྱེ་བའོ། །ཆོད་པ་དང་ཕྲ་བ་ཉིད་ཀྱི་སྤྱོད་ཡུལ་གྱི་དངོས་པོ་ལས་འདས་པའོ། །སོགས་པའི་
སྒྲས་ནི་མ་སྐྱེས་པ་ཉིད་བཟུང་ངོ་། །རྣམ་པ་འདིས་ནི་དབང་པོའི་ཡུལ་ལས་འདས་པ་ཡིན་ན་སྟེ། དབང་པོས་འཛིན་པར་རུང་བ་ཉིད་དང་བྲལ་བ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེ་ལ་སོ་སོར་ངེས་པ་ཉིད་ལ་དེ་འདས་པ་ཉིད་ཡོད་ན་མི་འགྱུར་བས་ཁྱབ་པ་ཡིན་པ་དེ་དང་འགལ་བ་ཡང་འགྱུར་བ་ཡིན་པ་དེ་ལྟར་ན་ཁྱབ་
པར་བྱེད་པ་འགལ་བ་དམིགས་པའོ། །གཟུགས་ལ་སོགས་པ་འཛིན་པའི་ངང་ཚུལ་ཅན་གྱི་བློ་མཐོང་བ་ཅི་ཞིག་ཡིན། དེའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་མེད་པའི་ཕྱིར་མཐོང་བ་ཉིད་མ་ཡིན་ཏེ། མངོན་སུམ་ཐམས་ཅད་ནི་གཞན་གྱི་རྟོག་པ་དང་བཅས་པར་འདོད་དོ། །བློ་རྟོག་པ་མེད་པ་ནི་དེ་ལྟར་ན་ཞེས་
བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་བཞིན་དུའོ། །དེ་འཇུག་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་ཤེས་པའོ། །གཟུགས་བཞིན་དུ་གཟུགས་མཐོང་བ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་གཟུགས་དང་གཟུགས་ཞེས་དེ་ལྟ་བུའི་རྣམ་པར་རྟོག་པ་འཇུག་པ་དེ་
བཞིན་དུ་གཟུགས་མཐོང་བ་ལ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་མཐོང་བ་ལ་ཉམས་སུ་མྱོང་བ་ལ་མ་གྲུབ་པ་ཞེས་བྱ་བ་ནི་གལ་ཏེ་གཟུགས་མཐོང་བའི་དུས་ན་མཐོང་ན་ཡང་ཉམས་སུ་མྱོང་བར་མི་འདོད་པ་དེའི་ཚེ་མཐོང་བ་སྟེ་མཐོང་བའི་ཡུལ་ལ་ཉམས་སུ་མྱོང་བ་མ་གྲུབ་པས་སོ། །ངའི་གཟུགས་མཐོང་
Vol. 177 · folio 194b
བ་ནི་དེ་ཉིད་ཡིན་ཞིང་། ངའི་གཟུགས་མཐོང་བ་ནི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཡུལ་གྱི་ཁྱད་པར་གྱིས་གཟུགས་མཐོང་བ་དུ་མ་ཉིད་ཡིན་པར་བསྟན་པའི་ཕྱིར་ལན་གཉིས་བརྗོད་དོ། །ཡང་ན་ངའི་གཟུགས་མཐོང་བ་ནི་དེ་ལྟ་བུའི་དོན་གྱི་རྣམ་པས་ཉེ་བར་བསྒྱུར་བ་དེ་ཉིད་ཡིན་ཞིང་ངའི་གཟུགས་མཐོང་བ་ནི་ནང་གི་དགའ་
བ་ལ་སོགས་པ་དང་ལྡན་པ་འདི་ཡིན་ནོ། །འདི་སྐད་དུ་བཤད་པ་འདི་ཡང་ཡུལ་མཐོང་བའི་ཡུལ་ཅན་གྱི་ཤེས་པ་དྲན་པ་ཉིད་ཡིན་ནོ། །གཞན་དག་ནི་རྟོག་པ་དང་བཅས་པའི་ཤེས་པ་མངོན་སུམ་ཉིད་ཡིན་པར་འདོད་པ་དེ་བས་ན་དེའི་ངོ་བོར་ཁྱོད་ཉིད་འདོད་པའི་མངོན་སུམ་རྟོག་པ་དང་བཅས་པ་ཉིད་འཇུག་
པར་མི་འགྱུར་ན་ཞེས་བྱ་བ་སྨོས་ཏེ། གལ་ཏེ་ཁྱོད་ཉིད་ཀྱི་གཞུང་གིས་གཟུགས་མཐོང་བ་ལ་ཉམས་སུ་མྱོང་བ་མ་ཡིན་ན་རྟོག་པ་དང་བཅས་པའི་མངོན་སུམ་ཡང་འཇུག་པར་མི་འགྱུར་ན་རྣམ་པར་རྟོག་པ་དེ་ཡང་སྣང་སྟེ་དེ་ནི་རིག་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །རྒྱུ་དེ་བས་ན་དེ་ཉམས་སུ་མྱོང་བ་ཡོད་
པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ལ། ཇི་སྐད་བཤད་པའི་སྐྱོན་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཟུགས་འཛིན་པའི་དུས་ན་བློའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་མེད་ན་བློ་མི་འཛིན་པར་ཐལ་བའི་ཕྱིར་རོ། །དེ་བས་ན་བློའི་ཡུལ་ཅན་གྱི་ཉམས་སུ་མྱོང་བ་རྟོག་པ་མེད་
པར་འགྱུར་རོ། །གལ་ཏེ་དེའི་གནས་སྐབས་ན་བློ་མངོན་སུམ་ཉིད་མ་ཡིན་ནོ་ཞེ་ན། དེ་མངོན་སུམ་ཉིད་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་འཛིན་པའི་དུས་ན་གཟུགས་མཐོང་བའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་ཡོད་པའི་ཕྱིར་རོ། །གལ་ཏེ་ཤེས་པ་ཉམས་སུ་མྱོང་བ་ཡང་རྟོགས་
པ་དང་བཅས་པ་ཉིད་ཡིན་པར་འགྱུར་རོ་ཞེ་ན། རྣམ་པར་རྟོག་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཉིད་ཀྱིས་མྱོང་ཡིན་ན་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གཟུགས་གཟུགས་ཞེས་བྱ་བ་འཛིན་པ་ན་གཟུགས་ཀྱི་བློ་རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་པའི་མྱོང་བ་ཉིད་ཡོད་པ་ཉིད་ཡིན་ན།
དེ་ཡང་ཤེས་པ་གཉིས་པའི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །འོན་ཀྱང་རྣམ་པར་རྟོག་པ་དང་རྗེས་སུ་འབྲེལ་བ་ཉམས་སུ་མྱོང་བས་གཟུགས་མངོན་སུམ་དུ་བྱེད་པའི་བློ་གང་ཡིན་པ་དེ་ཉིད་རང་གི་བདག་ཉིད་ཀྱང་རྟོག་པ་དང་རྗེས་སུ་འབྲེལ་པ་ཉིད་དུ་ངེས་པ་ཉིད་རྟོག་པར་བྱེད་དོ། །གཟུགས་ཀྱི་བློ་གང་གིས་ཞེས་བྱ་
Vol. 177 · folio 195a
བ་ལ་སོགས་པས་དེ་རྣམ་པར་འགྲེལ་པར་བྱེད་དོ། །རྣམ་པར་རྟོག་པ་དེ་ཉིད་མཐོང་བ་ཉམས་སུ་མྱོང་བ་ཞེས་བྱ་བ་ནི་གཟུགས་མཐོང་ངོ་གཟུགས་མཐོང་ངོ་ཞེས་བྱ་བའི་རྣམ་པར་རྟོག་པ་ཉིད་མཐོང་བ་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བ་མི་འཐད་དོ། །ལྐོག་ཏུ་གྱུར་པ་ཉིད་དང་
འདས་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་ཅི་རིགས་པར་སྦྱར་བར་བྱ་སྟེ། ལྐོག་ཏུ་གྱུར་པ་ནི་གཞན་གྱི་རྒྱུད་ལ་གནས་པའི་ངང་ཚུལ་ཅན་གྱི་བློ་ཡིན་ལ། །འདས་པ་ནི་རང་གི་རྒྱུད་ལ་གནས་པའི་ངང་ཚུལ་ཅན་མེད་པ་ཉིད་དུའོ། །རྣམ་པ་གཞན་དུ་བདག་ཉིད་སོ་སོ་རང་གིས་རིག་པས་ཉམས་སུ་མྱོང་བ་ཅན་གྱི་བློ་
ཞེས་བྱ་བ་ནི་སོ་སོ་རང་གིས་རིག་པ་སྟེ། རང་རིག་པས་ཉམས་སུ་མྱོང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མངོན་སུམ་རྟོག་པ་མེད་པ་ཡང་རང་རིག་པ་མ་ཡིན་པར་སྨྲ་བ་ཞེས་བྱ་བ་ནི་རང་གི་སྡེ་པ་བྱེ་བྲག་ཏུ་སྨྲ་བ་མངོན་སུམ་རྟོག་པ་མེད་པ་ཡང་རང་རིག་པར་མི་འདོད་དེ། ཤེས་པ་ཤེས་
པ་གཞན་གྱིས་ཉམས་སུ་མྱོང་བར་ཁས་ལེན་པའི་ཕྱིར་རོ། །འདས་པའི་གཟུགས་ལ་སོགས་པ་མཐོང་བ་ཞེས་བྱ་བ་ནི་གང་གི་ཚེ་ད་ལྟར་གྱི་གཟུགས་མཐོང་བ་དེའི་ཚེ་རེ་ཞིག་དེ་མངོན་སུམ་མ་ཡིན་ཏེ། གཞན་གྱི་ལ་གཟུགས་དང་ཤེས་པ་ལ་ཅིག་ཅར་རྣམ་པར་རྟོག་པ་གཉིས་མེད་པའི་ཕྱིར་
རོ། །རང་རིག་པ་ནི་རང་གི་སྡེ་པ་ཁས་མི་ལེན་པའི་ཕྱིར་རོ། །ཤེས་པ་ལ་ཤེས་པ་ཅིག་ཅར་འབྱུང་བའི་ངང་ཚུལ་ཅན་གྱི་ཚོར་བ་མེད་པའི་ཕྱིར་རོ། །གང་གི་ཚེ་ཕྱིས་འབྱུང་བ་སྟེ་འཛིན་པར་བྱེད་པ་དེ་ཤེས་པའི་ཤེས་པ་སྐྱེ་བར་འགྱུར་བ་དེའི་ཚེ། གཟུགས་ལ་སོགས་པའི་མཐོང་བ་འདས་པ་ཡིན་ནོ། །
ཆོས་ཅན་ཤེས་པ་ལ་རྗེས་སུ་དཔག་པར་བྱ་བ་ལ། དེ་ཡོད་པའི་རྟགས་ཐམས་ཅད་ཀྱི་རྟེན་མ་གྲུབ་པར་འགྱུར་ཏེ། ཆོས་ཅན་ཤེས་པ་ཉིད་མ་གྲུབ་པའི་ཕྱིར་རོ། །ཆོས་ཅན་དང་འབྲེལ་པ་ནི་ཕྱོགས་ཀྱི་ཆོས་ཉིད་དོ། །གཟུགས་ལ་སོགས་པ་ཐག་ཉེ་བའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་ཞེས་བྱ་བ་ནི་
ད་ལྟར་གཟུགས་ལ་སོགས་པའི་གཟུགས་བརྙན་གྱི་རྗེས་སུ་འགྲོ་བས་སོ། །དེ་ལྟར་ན་དོན་འགགས་པར་འགྱུར་བས་རང་གི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པར་བྱེད་པ་དེའི་ཕྱིར་ཤེས་པ་དེ་ལ་གཟུགས་ལ་སོགས་པ་ཐག་ཉེ་བའི་རྗེས་སུ་བྱེད་པའི་ངང་ཚུལ་ཅན་ཞེས་བསྟན་ཏོ། །གང་གི་ཚེ་མྱུར་དུ་
Vol. 177 · folio 195b
མཐོང་བ་མང་པོ་ཞེས་བྱ་བ་ནི་གང་གི་ཚེ་དབང་པོའི་ཤེས་པ་ཉིད་རྒྱུན་དུ་སྐྱེ་བ་ན་ཞེས་བྱ་བའི་དོན་ཏོ། །རང་ཡུལ་ཅན་རྣམ་ཤེས་ཉམས་མྱོང་ཞེས་བྱ་བ་ནི་བློའི་ཡུལ་ཅན་ནོ། །དེའི་ཚེ་དེ་ལྟར་ཡུལ་འཛིན་པ་ཡིན་ན་ཡང་ཞེས་བྱ་བ་ནི་ཡུལ་ཉམས་སུ་མྱོང་བ་ནི་རང་ཉམས་སུ་མྱོང་བ་དང་རྗེས་སུ་མཐུན་པ་ཉིད་
ཡིན་པའི་ཕྱིར་རོ། །དེ་གལ་ཏེ་རྟོག་པ་དང་བྲལ་བ་རིག་པ་ཡིན་པ་དེ་བས་ན་ཡུལ་ཉམས་སུ་མྱོང་བ་ཡང་དེ་ལྟར་གྲུབ་པ་ཡིན་ནོ། །སྒྲའི་ཡུལ་གང་ཡིན་པ་དེ་ནི་རྟོག་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །རྟོག་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ན་ནི་སྣང་བ་གསལ་བ་ཅན་དུ་འགྱུར་ན་
གསལ་བར་སྣང་བ་ཅན་ཡིན་ན་ནི་རྟོག་པ་ཉིད་ཡིན་པར་མི་རིགས་སོ། །རྣམ་པར་རྟོག་པ་དང་བཅས་པ་དང་རྗེས་སུ་འབྲེལ་པ་ལ་གསལ་བར་སྣང་བ་ཅན་ཉིད་འགལ་བར་སྣང་བའི་ཕྱིར་རོ། །དེ་བས་ན་རྣམ་པར་རྟོག་པ་མི་གསལ་བར་སྣང་བ་ཅན་སྤྱི་ཉིད་ལ་དམིགས་པ་ཡིན་ནོ། །དེ་ལྟར་མ་ཡིན་ན་རྒྱུ་
མེད་པ་ཅན་ཉིད་ཡིན་ན་ཞེས་བྱ་བ་ནི་སྤྱི་འདྲ་བ་ལས་ཀྱང་དེ་འདྲ་བར་འབྱུང་ན་རྒྱུའི་ཆོས་ཀྱི་རྗེས་སུ་མི་བྱེད་པའི་ཕྱིར་འབྲས་བུ་རྒྱུ་མེད་པ་ཅན་ཉིད་ཡིན་པར་འགྱུར་རོ། །དངོས་པོ་ལ་ཡང་བརྡ་བྱེད་པ་མ་ཡིན་པ་ཞེས་བྱ་བ་ནི་ཐ་སྙད་ཀྱི་དུས་ན་དངོས་པོ་ཉེ་བར་མི་གནས་པའི་ཕྱིར་དང་། སྒྲ་ལས་བྱུང་བའི་
ཤེས་པ་ལ་སྣང་བ་མེད་པའི་ཕྱིར་དེ་ལ་བརྡ་བྱེད་པ་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་དངོས་པོ་ལའོ། །ཐ་སྙད་ཀྱི་དུས་ན་སྒྲ་དང་དོན་སྦྱོར་བའི་བརྡ་དྲན་པ་ནི་རྒྱུ་ཡིན་པ་དེ་འདི་ལ་མེད་པ་དེ་ལྟར་ན་རྒྱུ་མི་དམིགས་པ་ལ་དེའི་ཚེ་ནུས་པར་འགྱུར་ཞེས་བྱ་བ་ལ་སོགས་པ་ལ། བརྡ་དྲན་པ་ལ་ལྟོས་པ་ཡོད་ན་
གཟུགས་ཐག་ཉེ་བར་ཀྱང་རེ་ཞིག་དབང་པོའི་ཤེས་པ་སྐྱེད་པ་མ་ཡིན་གྱི། འོན་ཀྱང་དང་པོར་དྲན་པ་ཉིད་སྐྱེད་པར་བྱེད་དོ། །དེ་བས་ན་དོན་དེ་ནི་དངོས་སུ་དྲན་པའི་རྒྱུར་འགྱུར་གྱི་ཤེས་པའི་ནི་མ་ཡིན་ནོ། །དྲན་པ་ལས་དབང་པོའི་ཤེས་པ་འགྱུར་བས་གདོན་མི་ཟ་བར་བསྐྱེད་པར་བྱ་བ་མ་ཡིན་ཞེས་བྱ་བའི་
དགོངས་པ་འདི་ནི་གང་གི་ཚེ་དབང་པོའི་ཤེས་པ་དྲན་པའི་རྒྱུ་ཅན་ཉིད་ཡིན་པ་དེའི་ཚེ་དོན་ཐག་ཉེ་བའི་དབང་གིས་བསྐྱེད་པ་ཅན་མ་ཡིན་ནོ། །དེ་བས་ན་རྣམ་པར་རྟོག་པ་ཙམ་སྔོན་དུ་སོང་བའི་ཤེས་པ་འདོད་པས་འཇུག་པ་དང་ལྡོག་པ་ཡོད་པའི་ཕྱིར་གདོན་མི་ཟ་བར་བསྐྱེད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའོ། །ཅིའི་
Vol. 177 · folio 196a
ཕྱིར་ཞེ་ན། ཐ་དད་མེད་ཕྱིར་རོ་ཞེས་བྱ་བ་ནི་གཞན་གྱིས་སྐད་ཅིག་མ་ཉིད་མ་ཡིན་པར་ཁས་བླངས་པ་ལ་བརྟེན་ནས་བསྟན་ཏོ། །ཁྱད་པར་བརྡར་བཏགས་མེད་འཛིན་ན། །ཞེས་བྱ་དེ་ནི་མདོ་ཡིན་ལ། །སྐད་ཅིག་མ་ཉིད་དང་སྐད་ཅིག་མ་མ་ཡིན་པའི་ཕྱོགས་དག་གི་སྐབས་ཉིད་ཡིན་པའི་
ཕྱིར་ཕྱོགས་གཉི་ག་ལ་སྦྱར་ནས་འཆད་པར་བྱེད་དོ། །རེ་ཞིག་སྐད་ཅིག་མ་མ་ཡིན་པའི་ཕྱོགས་ནི་རྟག་པའི་ཕྱོགས་ལ་ཡང་ཞེས་བྱ་བ་ལ་སོགས་པས་སྦྱོར་བར་བྱེད་དོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ཀྱང་སྐད་ཅིག་མའི་ཕྱོགས་ལ་སྐད་ཅིག་མ་སྔ་ཕྱིའི་ཁྱད་པར་ཉིད་ཀྱི་རྣམ་པ་གཉི་ག་སྦྱོར་བར་བྱེད་དོ། །
དེ་ལ་ཁྱད་པར་གྱི་ངོ་བོ་མ་བཟུང་བ་ལ་བརྡ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་དབང་པོའི་ཤེས་པས་སྐད་ཅིག་མ་གཉིས་པ་འཛིན་པ་ཡིན་ནོ་ཞེས་བཤད་པ་དེའི་ཕྱིར་སྐད་ཅིག་མ་དང་པོ་མ་བཟུང་བ་ལ་བརྡ་ཡོད་པ་མ་ཡིན་ནོ། །དོན་བཟུང་བ་ལ་འདིའི་འདི་རྗོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་བརྡ་འཐད་པ་
ཡིན་ནོ། །ཁྱད་པར་གྱི་ངོ་བོ་ཞེས་བྱ་བ་ནི་བརྡ་མེད་པའི་རྒྱུ་གཉིས་པ་ཡིན་ཏེ། རང་གི་མཚན་ཉིད་ལ་བརྡ་བྱེད་པ་མི་རུང་བའི་ཕྱིར་རོ། །དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་བརྡར་མ་བྱས་པའི་དོན་སྔོན་གྱི་བརྡ་ལ་དམིགས་པའི་དྲན་པས་འཛིན་པ་མ་ཡིན་ནོ། །དོན་གྱི་སྒྲ་ནི་ཡུལ་བརྗོད་པ་དང་
དགོས་པ་བརྗོད་པ་ཡིན་ཏེ། དེ་ཕྱོགས་ཀྱི་བྱེ་བྲག་གིས་འཆད་པར་བྱེད་པ་ལ། དོན་ཅན་གང་ཞེས་བྱ་བ་ནི་སྤྱིའི་ཡུལ་ཅན་ནོ། །ཕྱོགས་གཉིས་པ་ཞེས་བྱ་བ་ནི་སྐད་ཅིག་མར་སྨྲ་བའི་ཕྱོགས་དང་པོ་ལ་སྟེ། སྐད་ཅིག་མའི་ཕྱོགས་ལ་སྐད་ཅིག་མ་དང་པོ་གང་ཡིན་པ་དེ་དྲན་པ་སྐྱེད་པར་བྱེད་པར་འདོད་པ་
ཞེས་བྱ་བ་ལ་སོགས་པས་གང་འཆད་པའི་དེ་ཉིད་སྐད་ཅིག་མ་མ་ཡིན་པའི་ཕྱོགས་ལ་ལྟོས་ནས་གཉིས་པར་བཤད་དོ། །ཕྱོགས་དེ་ལ་དྲན་པ་ཡུལ་མེད་པ་ཅན་ཡིན་ཏེ། འདི་ལྟར་སྐད་ཅིག་མ་དང་པོའི་ཡུལ་ཅན་དེ་ཁྱད་པར་གྱི་ངོ་བོ་མ་བཟུང་བ་དེ་ལ་བརྡ་མེད་པའི་ཕྱིར་བརྡར་མ་བྱས་པ་ལ་དྲན་པའི་ཡུལ་ཉིད་
མེད་པའི་ཕྱིར་རོ། །དེའི་ཡུལ་སྐད་ཅིག་མ་གཉིས་པ་ཡང་མ་ཡིན་ཏེ། དེ་ནི་རྒྱུ་མ་ཡིན་པ་ཉིད་ཀྱི་ཕྱིར་དང་བརྡར་མ་བྱས་པ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ལ་ཞེས་བྱ་བ་ནི་སྐད་ཅིག་མར་སྨྲ་བའི་ཕྱོགས་གཉིས་པ་སྟེ། ཡང་ན་ཕྱིས་འབྱུང་བའི་སྐད་ཅིག་མ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པས་བཤད་པ་གང་ཡིན་
Vol. 177 · folio 196b
པ་ལའོ། །རྟག་པའི་ཕྱོགས་ལ་ལྟོས་ནས་དེ་ཉིད་གསུམ་པ་ཡིན་ནོ། །གང་གིས་དགོས་པ་ཡིན་ཞེས་བྱ་བ་དེ་ལ་འབྲས་བུ་མེད་པ་ཅན་ཏེ། འདི་ལྟར་ཕྱིས་འབྱུང་བའི་སྐད་ཅིག་མ་ཤེས་པས་འཛིན་པར་འདོད་ན། དེས་དྲན་པ་བསྐྱེད་པ་མ་ཡིན་པ་དེ་བས་ན་དེ་དྲན་པའི་ཡུལ་མ་ཡིན་པ་དེ་ལྟར་ན་དེ་ལ་དྲན་
པ་འབྲས་བུ་མེད་པ་ཅན་ཡིན་ནོ། །དེ་ཡང་དེ་མ་ཐག་ཏུ་བཤད་ཟིན་ཏོ། །གཉིས་ཀ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཡུལ་ཡང་མ་ཡིན་ཞིང་དགོས་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་གསུམ་པའི་སྐྱོན་གང་ཡིན་པ་དེ་ཉིད་དང་པོའི་ཕྱོགས་ལ་ཡང་སྐྱོན་དུ་བརྗོད་པར་བྱ་བ་ཡིན་ཏེ། དོན་རྟོགས་པ་
ཉིད་ཀྱི་ཕྱིར་ཐ་དད་པར་མ་བརྗོད་དོ། །ཁྱད་པར་ཡང་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་གྱི་དབང་པོའི་ཤེས་པ་རྣམ་པར་ངེས་པར་འགྱུར་རོ། །མངོན་སུམ་རྟོག་དང་བྲལ་བ་ཅན། །མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ནས།
དེ་ཕྱིར་མིག་དང་གཟུགས་དག་ལ། །བརྟེན་ནས་མིག་བློ་སྐྱེ་བར་འགྱུར། །ཞེས་བྱ་བའི་མཐར་ཐུག་པའི་རྣམ་འགྲེལ་གྱི་གཞུང་གིས་ཚད་མ་ཀུན་ལས་བཏུས་པའི་གཞུང་ཇི་ཙམ་བཤད་པ་དེ་བཤད་པ་ཡིན་ནོ། །མངོན་སུམ་རྟོག་དང་བྲལ་བ་ཅན། །ཞེས་བྱ་བ་སྐབས་སུ་བྱས་ནས་ཞེས་བྱ་བ་
ལ་སོགས་པ་ལ། མངོན་སུམ་རྟོག་དང་བྲལ་བ་ཅན། །མིང་དང་རིགས་སོགས་སྦྱོར་བར་བྱེད། །ཁ་ཅིག་ན་རེ་སྒྲ་ནི་དོན་དང་འབྲེལ་པའི་རྒྱུ་མཚན་ཅན་ཡིན་ནོ་ཞེས་ཟེར་རོ། །གཞན་དག་ནི་དོན་གྱིས་སྟོང་པའི་སྒྲ་དག་གིས་ཁྱད་པར་ཅན་གྱི་དོན་བརྗོད་པ་ཡིན་ནོ་ཞེས་ཟེར་རོ། །གང་ལ་རྟོག་
པ་དེ་དག་མེད་པ་དེ་ནི་མངོན་སུམ་ཡིན་ནོ་ཞེས་བྱ་བ་གཞུང་འདི་ཙམ་བཤད་པ་ཡིན་ནོ། །དེ་ལྟར་ན་རྟོག་པ་རྣམ་པ་གསུམ་སྟོན་པར་མཛད་པ་ན། རིགས་ལ་སོགས་པའི་རྟོག་པ་རྣམ་པ་གསུམ་སྟོན་པར་བྱེད་པའི་གཞུང་དོན་གྱིས་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་གྱིས་བཤད་པ་ཡིན་ནོ་ཞེས་
བྱ་བ་སྨོས་སོ། །འོན་ཏེ་ཅིའི་ཕྱིར། གཉི་ག་ལ་རག་ལས་པས་སྐྱེ་བ་ལ་ཞེས་བྱ་བ་ལ་སོགས་པས་ད་བཤད་པར་བྱ་བའི་གཞུང་འཆད་པར་བྱེད་དོ། །དབང་པོའི་ཤེས་པ་དེའི་གོ་བར་བྱེད་པ་དབང་པོའི་སྒོ་ནས་ཐ་སྙད་དུ་བྱེད་པ་ཡིན་ནམ། འོན་ཏེ་ཡུལ་གྱི་སྒོ་ནས་ཡིན་ཞེས་དེ་ལྟར་དབང་པོའི་ཤེས་པ་སྟོན་
Vol. 177 · folio 197a
པར་བྱེད་པའི་སྐབས་སུ་གོ་བར་བྱེད་པ་ཉིད་དེ་ནི་དབང་པོའི་སྒྲ་ལས་ཡོད་པ་ཡིན་ནོ། །དེ་ལྟར་ན་དབང་པོའི་རྣམ་པར་ཤེས་པ་ཞེས་བརྗོད་པ་ན་ཐེ་ཚོམ་མེད་པར་དབང་པོའི་ཤེས་པ་ཉིད་ཤེས་པར་འགྱུར་རོ། །དེ་སྐད་དུ་བསྟན་པ་ན་ཤེས་པར་འདོད་པའི་དོན་རྟོགས་པར་འགྱུར་རོ། །དེ་བས་
ན་མངོན་སུམ་ཞེས་བྱ་བའི་ཐ་སྙད་རིགས་པ་ཡིན་གྱི་ཡུལ་གྱི་ཤེས་པ་ཞེས་ནི་མ་ཡིན་ནོ། །དེ་ལྟར་བརྗོད་པ་ན་ངེས་པར་དབང་པོའི་ཤེས་པ་རྟོགས་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་ཡུལ་གྱི་རྣམ་པར་ཤེས་པ་ཉིད་ཡིན་པའི་ཕྱིར་དེ་ནི་ཡུལ་ལ་བརྟེན་པ་ཡིན་ནོ་ཞེས་ཐ་སྙད་དུ་བྱ་བ་མ་ཡིན་ནོ། །
སློབ་དཔོན་ཕྱོགས་ཀྱི་གླང་པོས་གོ་བར་བྱེད་པ་ཉིད་འཆད་པར་མཛད་པ་ན། ཐུན་མོང་མིན་པའི་རྒྱུ་ཉིད་ཕྱིར། །དབང་པོ་ལ་དེའི་ཐ་སྙད་བྱས། །ཞེས་བསྟན་ཏོ། །ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ཡིན་པས་ན་དབང་པོའི་སྒྲ་ལ་དབང་པོའི་ཤེས་པ་རྟོགས་པ་ལ་གོ་བར་བྱེད་པ་ཉིད་དུ་བསྟན་ཏོ། །དེ་ལྟར་ན་
ཡུལ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་རྒྱུད་གཞན་གྱི་རྣམ་པར་ཤེས་པ་ཐུན་མོང་གི་རྒྱུ་ཡིན་ཞེས་བཤད་པ་གང་ཡིན་པས་ཡུལ་གོ་བར་བྱེད་པ་ཉིད་མ་ཡིན་ནོ། །དེའི་ཆོས་ཀྱང་ངེས་སྦྱོར་བྱེད། །ཅེས་བྱ་བ་ནི་གོ་བར་བྱེད་པ་དེའི་རང་བཞིན་དུ་གྱུར་པས་ཆོས་ངེས་པར་སྦྱོར་བར་རིགས་སོ་ཞེས་བྱ་བའི་དོན་ཏོ། །
གོ་བར་བྱེད་པ་ཁྱབ་པར་བྱེད་པས་སྒྲ་ངེས་པར་སྦྱོར་བར་འོས་པ་ལ་ཞེས་བྱ་བ་ལ་སོགས་པས་དེ་འཆད་པར་བྱེད་པ་ལ། སྒྲའི་ངེས་པར་སྦྱོར་བར་འོས་པ་ནི་སྒྲ་ངེས་པར་སྦྱོར་བར་རིགས་པ་སྟེ། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཉིད་དུ་ངེས་པར་སྦྱོར་བར་རིགས་པ་ཉིད་ཡིན་ནོ། །དེ་ལ་གོ་བར་བྱེད་པ་ཁྱབ་པར་བྱེད་
པས་ཁྱབ་པ་ཡིན་ནོ། །དེ་ལྟར་ན་རྟོག་པ་སྔོན་དུ་གཏོང་བ་ཅན་སྒྲ་སྦྱོར་བ་གང་ཡིན་པ་དེ་ནི་གོ་བར་བྱེད་པ་ཉིད་དུ་གྱུར་པ་ལ་ཡིན་ཏེ། སྒྲ་སྦྱོར་བ་ནི་བརྗོད་པར་འདོད་པའི་དོན་སྟོན་པར་བྱེད་པའི་ཡན་ལག་ཉིད་ཡིན་པའི་ཕྱིར་རོ། །དེ་ཡང་གོ་བར་བྱེད་པ་ཉིད་དུ་ནུས་པ་ཡིན་གྱི་ཅིག་ཤོས་ཀྱིས་ནི་མ་ཡིན་ཏེ།
གོ་བར་བྱེད་པ་མ་ཡིན་པ་ངེས་པར་སྦྱོར་ན་རྟོག་པ་སྔོན་དུ་གཏོང་པ་ཉིད་ཉམས་པར་འགྱུར་རོ། །དེ་བས་ན་གལ་ཏེ་གོ་བར་བྱེད་པ་མ་ཡིན་པར་འགྱུར་ན། རྟོག་པ་སྔོན་དུ་གཏོང་བ་སྒྲ་ངེས་པར་སྦྱོར་བ་དེ་ཉིད་བྱེད་པར་མི་འགྱུར་རོ། །དེའི་ཕྱིར་བཟློག་ན་གནོད་པ་ཅན་གྱི་ཚད་མ་ཡོད་པའི་ཕྱིར་རྟོག་པ་སྔོན་དུ་
Vol. 177 · folio 197b
གཏོང་བ་ཅན་སྒྲ་ངེས་པར་སྦྱོར་བར་འོས་པ་ཙམ་དང་རྗེས་སུ་འབྲེལ་པ་ཅན་གྱི་གོ་བར་བྱེད་པ་ཉིད་དེའི་ཁྱབ་པར་བྱེད་པ་ཡིན་པར་འགྱུར་རོ། །འདིས་ནི་སྦྱོར་བའི་དོན་འཐད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ། འདིར་སྦྱོར་བ་ནི་རྣམ་པ་གཉིས་ཏེ་སྒྲུབ་པ་དང་དགག་པའི་སྒོ་ནས་སོ། །དེ་ལ་རེ་ཞིག་སྒྲུབ་པ་ནི་གང་
ཞིག་ཐ་སྙད་གང་ལ་རྟོག་པ་སྔོན་དུ་གཏོང་བ་ཅན་སྒྲ་འགོད་པ་དེ་ནི་དེ་ལ་གོ་བར་བྱེད་པ་ཁོ་ནར་འགྱུར་ཏེ། དཔེར་ན་རྔའི་སྒྲ་དང་ནས་ཀྱི་མྱུ་གུའི་ཐ་སྙད་ལ་རྔ་དང་ནས་ཀྱི་སྒྲ་ཞེས་ངེས་པར་སྦྱོར་བ་ལྟ་བུའོ། །དབང་པོའི་ཤེས་པའི་ཐ་སྙད་འདི་ལ་ཡང་རྟོག་པ་སྔོན་དུ་གཏོང་བ་ཅན་སྒྲ་ངེས་པར་སྦྱོར་རོ་ཞེས་བྱ་བ་ནི་རང་
བཞིན་གྱི་གཏན་ཚིགས་སོ། །གོ་བར་བྱེད་པ་ཉིད་ཀྱང་དབང་པོའི་ཐ་སྙད་ཁོ་ན་ཡིན་པར་གནས་སོ། །དགག་པའི་སྒོ་ནས་ཀྱང་གང་ཞིག་གོ་བར་བྱེད་པ་ཉིད་ཀྱི་མི་འགྱུར་བ་དེ་ནི་དེ་ལ་ངེས་པར་སྦྱར་བར་འོས་པ་མ་ཡིན་ཏེ། དཔེར་ན་རྔའི་སྒྲ་དང་ནས་ཀྱི་མྱུ་གུའི་ཐ་སྙད་ལ་གོ་རིམས་བཞིན་དུ་དབྱུག་པའི་
སྒྲ་དང་ས་ལ་སོགས་པའི་སྒྲ་མི་འགྱུར་བ་ལྟ་བུའོ། །དབང་པོའི་རྣམ་པར་ཤེས་པ་སྟོན་པར་བྱེད་པའི་སྐབས་ལ་ཡང་ཡུལ་གྱི་སྒྲའི་ཐ་སྙད་ལ་གོ་བར་བྱེད་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །དེ་ལ་གང་གི་ཕྱིར་འདི་ལྟར་དེའི་ཆོས་ཀྱང་ངེས་སྦྱོར་བྱེད་པ་གོ་བར་བྱེད་པས་ཁྱབ་པ་
ཞེས་བྱ་བ་ནས་བརྩམས་ཏེ། རང་བཞིན་རྟགས་ནི་ངེས་པར་སྦྱོར། །ཞེས་བྱ་བའི་བར་གྱི་གཞུང་འདིས་སྒྲུབ་པ་སྒྲུབ་པར་བྱེད་པའི་སྦྱོར་བ་བཤད་དོ། །གོ་བར་བྱེད་པའི། རང་བཞིན་རྟགས་ནི་ངེས་པར་སྦྱོར། །ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་གོ་བར་བྱེད་པ་ཉིད་ཀྱི་རང་བཞིན་ཞེས་བྱ་བའི་རྟགས་སྦྱར་བར་བྱའོ་ཞེས་བྱ་
བའི་དོན་ཏོ། །རང་བཞིན་ཞེས་བྱ་བའི་རྟགས་ངེས་པར་སྦྱར་བ་དེ་ལྡོག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་དགག་པ་ལ་གཏན་ཚིགས་མི་དམིགས་པ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་དེ་དེ་ལྟར་ན་གོ་བར་བྱེད་པའི་ཐ་སྙད་ཀྱི་བཤད་པ་ཡིན་གྱི་སྐབས་སུ་བབ་པའི་དོན་རྟོགས་པར་བྱེད་པ་མ་ཡིན་པ་གཞན་གྱིས་ནི་
མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་སྒྲུབ་པ་དང་དགག་པའི་སྒྲུབ་པར་བྱེད་པ་རྣམ་པ་གཉིས་ཀྱི་སྦྱོར་བའི་སྒྲུབ་པར་བྱེད་པའི་འབྲས་བུ་རྣམ་པ་གཉིས་སྟོན་པར་བྱེད་དོ། །ཚད་མ་ཀུན་ལས་བཏུས་པ་ལས་ནི་སྒྲུབ་པའི་སྒོ་ནས་རང་གི་སྒྲས་སྦྱོར་བ་བཤད་དེ། ཐུན་མོང་མ་ཡིན་པའི་སྒོ་ནས་ཀྱང་ཐ་སྙད་འདོགས་པ་མཐོང་སྟེ།
Vol. 177 · folio 198a
དཔེར་ན་རྔ་བོ་ཆེའི་སྒྲ་དང་ནས་ཀྱི་མྱུ་གུ་ལྟ་བུའོ་ཞེས་བསྟན་ཏོ། །དེ་ལ་ཡང་དོན་ནི་འདི་ཡིན་ཏེ། རྟོག་པ་སྔོན་དུ་གཏོང་བ་ཅན་དག་བརྗོད་པར་འདོད་པའི་དོན་སྟོན་པ་ལ་ཐ་སྙད་མཐོང་བ་གང་ཡིན་པ་དེ་ནི་གོ་བར་བྱེད་པ་ཐུན་མོང་མ་ཡིན་པ་ཉིད་ཀྱི་སྒོ་ནས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་
གོ་བར་བྱེད་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དགག་པའི་སྒོ་ནས་སྦྱོར་བ་ཡང་དོན་གྱིས་བསྟན་ཏོ། །དེ་ལྟར་ན་དེ་ལ་ཐུན་མོང་མ་ཡིན་པའི་སྒོ་ནས་ཀྱང་ཞེས་བྱ་བའི་ཀྱང་གི་སྒྲ་ནི་ངེས་པར་བཟུང་བ་ཡིན་ནོ། །ཐུན་མོང་མ་ཡིན་པ་ཁོ་ནའི་སྒོ་ནས་ཡིན་གྱི། ཐུན་མོང་གི་སྒོ་ནས་མ་ཡིན་ནོ་ཞེས་བྱ་བའི་
ངེས་པར་བཟུང་བའི་འབྲས་བུས་གོ་བར་བྱེད་པ་མ་ཡིན་པ་ངེས་པར་སྦྱར་བར་འོས་པ་གསལ་བ་ཡིན་ནོ། །འོ་ན་ཅི་ལྟར་ན་རྣམ་པར་ཤེས་པ་ལྔའི་ཞེས་བྱ་བ་ལ་སོགས་པས་ཚད་མ་ཀུན་ལས་བཏུས་པའི་གཞུང་ཉེ་བར་བཀོད་པ་དེ་འབྲེལ་པ་བྱེད་པས་བསྩགས་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་
བྱེད་དོ། །གཞུང་འདི་ཡང་གལ་ཏེ་མངོན་སུམ་རྟོག་པ་དང་བྲལ་བ་ཡིན་ན། ཅི་ལྟར་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་བསགས་པ་ལ་དམིགས་པ་ཡིན་ཞེས་བྱ་བའི་སྐབས་འདིས་བསྟན་ཏོ། །རྡུལ་ཕྲ་རབ་འདུས་པ་ནི་བསགས་པ་ཡིན་ལ། དེ་ཡང་ཚོགས་པ་ཅན་ཐམས་ཅད་ཀྱི་
སྤྱིའི་ངོ་བོ་ཡིན་ཞིང་དེ་ལ་དམིགས་པ་ཉིད་ཀྱི་ཕྱིར་དབང་པོའི་རྣམ་པར་ཤེས་པ་ནི་རྟོག་པ་དང་བཅས་པ་ཉིད་ཡིན་ནོ་ཞེས་གཞན་དག་སེམས་སོ། །གལ་ཏེ་དེ་གཅིག་ཏུ་རྣམ་པར་ཤེས་པ་མ་ཡིན་ན་དེ་ཇི་ལྟར་རུང་ཞེས་བྱ་བ་འདི་ཡང་ཚད་མ་ཀུན་ལས་བཏུས་པའི་གཞུང་ཡིན་ནོ། །བསགས་པ་དེ་གལ་ཏེ་
གཅིག་ཏུ་རྣམ་པར་རྟོག་པ་མ་ཡིན་ན་འོ་ན་ཇི་ལྟར་ན་རྣམ་པར་ཤེས་པ་ལྔའི་དམིགས་པ་བསགས་པ་ཡིན་ཞེས་བྱ་བ་འདི་དང་སྦྱར་རོ། །སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་དེ་ལ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དེ་དག་རྣམ་པར་ཤེས་པའི་ཚོགས་ལྔ་ལ་འདོད་ཀྱི་རྫས་ཀྱི་མཚན་ཉིད་ལ་ནི་མ་ཡིན་ནོ་ཞེས་བཤད་པ་གང་ཡིན་
པ་གཞན་འདི་ཡང་ཚད་མ་ཀུན་ལས་བཏུས་པའི་ཕྱོགས་སྔ་མའི་གཞུང་ཡིན་ཏེ་རྟོག་པ་དང་བྲལ་བ་དང་འགལ་བ་ཉིད་ཀྱིས་སོ། །སློབ་དཔོན་དབྱིག་གཉེན་གྱིས་ཀྱང་ཞེས་བྱ་བ་ལ་སོགས་པས་སྤེལ་མར་བཤད་པ་ཡིན་ནོ། །འགའ་ཞིག་གི་ཚེ་སྔོན་པོ་དང་སེར་པོ་ལ་སོགས་པའི་ནང་ནས་སྔོན་པོ་ལ་སོགས་
Vol. 177 · folio 198b
པ་སོ་སོར་ངེས་པ་གཅིག་གིས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེད་པར་འགྱུར་ཞིང་། འགའ་ཞིག་གི་ཚེ་སྔོན་པོ་དང་སེར་པོ་ལ་སོགས་པའི་ཚོགས་པས་ཞེས་བྱ་བ་ཆོས་མངོན་པའི་བསྟན་བཅོས་སུ་རྣམ་པར་གཞག་པ་བྱས་པ་ན། གལ་ཏེ་གཟུགས་དང་སྒྲ་ལ་སོགས་པའི་ཚོགས་པ་རྣམ་པར་ཤེས་
པའི་ཚོགས་ལྔ་དམིགས་ན་ཡང་ཇི་ལྟར་ན་དེ་དག་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་ལ་གནོད་པར་མི་འགྱུར་ཞེས་བརྒལ་བའོ། །དེ་ལ་སློབ་དཔོན་དབྱིག་གཉེན་གྱིས་འདི་ལྟར་དེ་དག་ནི་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ལ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དུ་འདོད་ཀྱི་རྫས་ཀྱི་མཚན་ཉིད་ལ་ནི་མ་
ཡིན་པས་ཉེས་པ་འདི་མེད་དོ་ཞེས་བཤད་པ་ཡིན་ནོ། །སྔོན་པོ་དང་སེར་པོ་དང་དམར་པོ་ལ་སོགས་པ་ཐམས་ཅད་སོ་སོའམ་བསྡུས་པ་བདག་ཉིད་ཇི་ལྟ་བ་བཞིན་དུ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་སྒོའི་དོན་ནི་སྐྱེ་མཆེད་ཡིན་ནོ། །དེ་དག་ནི་རང་གི་མཚན་ཉིད་ནི་སྐྱེ་མཆེད་གཞན་ལས་བཟློག་པ་
ཡིན་ནོ། །གཟུགས་དང་སྒྲ་ལ་སོགས་པའི་རབ་ཏུ་དབྱེ་བ་རིགས་མཐུན་པ་དག་གི་ནི་བདག་ཉིད་ཇི་ལྟ་བ་བཞིན་དུ་དབང་པོའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་ངོ་བོ་ཡིན་ནོ། །དེ་ཐུན་མོང་མ་ཡིན་པ་ཡིན་ན་ཡང་སྐྱེ་མཆེད་གཞན་ལས་བཟློག་ནས་རིགས་མཐུན་པ་ཐམས་ཅད་ལ་བྱེ་བྲག་མེད་པར་རང་
གི་མཚན་ཉིད་ཅེས་བརྗོད་དོ། །རྫས་ཀྱི་རང་གི་མཚན་ཉིད་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་གཟུགས་དང་སྒྲ་ལ་སོགས་པའི་རབ་ཏུ་དབྱེ་བ་དག་ལ་ངོ་བོ་སོ་སོ་ནི་རྫས་ཀྱི་རང་གི་མཚན་ཉིད་ཡིན་ཞིང་དེ་ལ་ནི་དེ་དག་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ཏེ། གཟུགས་ལ་སོགས་པའི་དབྱེ་བ་རེ་རེ་ལ་ངེས་པའི་སྒོ་ནས་
དེ་དག་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མ་ཡིན་ནོ། །འོན་ཀྱང་རིགས་མཐུན་པ་རྣམས་ལ་ཁྱད་པར་མེད་པར་རང་གི་མཚན་ཉིད་དུ་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་ནོ། །རྒོལ་བ་ནི་མིག་གིས་གཟུང་བར་བྱ་བ་ཉིད་ལ་སོགས་པའི་སྤྱིའི་ངོ་བོ་ལ་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ཀྱི་སྒྲས་བཤད་པ་
ཡིན་ནོ་སྙམ་དུ་སེམས་སོ། །བསགས་པ་དག་ནི་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས། མདོ་མཛད་པས་ཕྱོགས་སྔ་མའི་བསམ་པ་སྟོན་པར་མཛད་དོ། །རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་ནུས་པའི་རང་བཞིན་སྐྱེད་པའི་རྐྱེན་ཉེ་བའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་རྡུལ་ཕྲ་རབ་ཀྱི་
Vol. 177 · folio 199a
རང་བཞིན་སྐྱེད་པ་གང་ཡིན་པ་དེའི་རྐྱེན་ཏེ། ལྷན་ཅིག་བྱེད་པ་གང་ཡིན་པ་དེ་ཉེ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་དག་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པ་ལ་བརྟེན་པ་ཅན་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་མཆོད་པ་དང་ཡུལ་རུང་བ་ན་གནས་པ་ཞེས་བྱ་བ་ལ་སོགས་པ་བཟུང་
ངོ་། །རྒྱུད་སྔ་མ་ཡོངས་སུ་གྱུར་པ་གང་ལ་ཕན་ཚུན་ཉེ་བར་འགྲོ་བ་ལ་སོགས་པ་བརྟེན་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྒྱུད་སྔ་མ་ཡོངས་སུ་གྱུར་པ་ཡང་ཉེ་བར་ལེན་པའི་སྐད་ཅིག་མ་སྔ་མ་སྐད་ཅིག་མ་ཕྱི་མའི་ནུས་པ་སྐྱེད་པར་བྱེད་པའི་ནུས་པ་སྐྱེད་པ་ཡིན་ནོ། །དེ་འདྲ་བ་ནི་ཞེས་བྱ་བ་ནི་ཡུལ་མཆོད་པ་
ན་གནས་པ་རྡུལ་ཕྲ་རབ་གཞན་དང་བྲལ་བ་སྟེ། ཤེས་པ་དེ་ནི་རྡུལ་ཕྲ་རབ་མང་པོས་བསྐྱེད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལ་ཐམས་ཅད་ཀྱིས་ཀྱང་འདིར་དེ་ལ་དོན་དུ་མས་སྐྱེད་ཕྱིར། རང་དོན་ལ་སྤྱི་སྤྱོད་ཡུལ་ཅན་ཞེས་བྱ་བའི་ཚད་མ་ཀུན་ལས་བཏུས་པའི་གཞུང་འདི་བཤད་པ་
ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་ལྔ་བཅུ་རྩ་ལྔ་པ། སྤྱིར་དེ་དག་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་གཞུང་རྗོད་པར་བྱེད་པ་སྟེ། རྣམ་པར་ཤེས་པ་གང་ལ་སྤྱིར་ཇི་ལྟར་ཐག་ཉེ་བའི་རྡུལ་ཕྲ་རབ་དུ་མའི་སྤྱོད་ཡུལ་ཡོད་པ་དེ་ནི་སྤྱིའི་སྤྱོད་ཡུལ་ཅན་ཞེས་བྱ་བ་ནི་
གོ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་གཞི་ཐ་དད་པའི་འབྲུ་མང་པོ་པའོ། །ཡང་ན་དེ་ནི་ཚིག་སྟོན་པ་ཙམ་ཡིན་པས་ན་གཞི་མཐུན་པའི་འབྲུ་མང་པོ་པ་ཉིད་ཡིན་ནོ། །ཚད་མ་ཀུན་ལས་བཏུས་པ་ལས་སྤྱིའི་སྒྲ་བརྗོད་པ་ནི་རྡུལ་ཕྲ་རབ་དུ་མ་རང་གི་མཚན་ཉིད་བསྟན་པའི་ཕྱིར་ཏེ་གང་ལ་སྤྱི་སྟེ་རྡུལ་ཕྲ་རབ་དུ་མའི་སྤྱོད་ཡུལ་ཡོད་པ་ཞེས་
བྱ་བར་ཚིག་རྣམ་པར་སྦྱར་རོ། །རྫས་ཀྱི་རང་གི་མཚན་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་ཚིག་འདིས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་ཡིན་པ་སྤངས་པ་ན་སྤྱིའི་ཡུལ་ཅན་ཉིད་ཡིན་པར་ཁས་བླངས་པར་གྱུར་པ་མ་ཡིན་ནམ། དེ་བས་ན། དེ་ལ་དོན་དུ་མ་བསྐྱེད་ཕྱིར། །རང་དོན་ལ་སྤྱིའི་སྤྱོད་ཡུལ་ཅན། །སྤྱི་
འཛིན་པའི་ཕྱིར་ཡང་མ་ཡིན་ནོ་ཞེས་བྱ་བའི་བཤད་པ་དེ་འགལ་ལོ་ཞེ་ན། དེའི་ཕྱིར་རྫས་ཀྱི་རང་གི་མཚན་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་འདིས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡུལ་རྣམ་པར་ཆད་པ་ན་གནས་པ་རྣམས་རྫས་གཞན་གཅིག་རྩོམ་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ལྡན་པ་ལྷན་ཅིག་བྱེད་པ་ཡུལ་
Vol. 177 · folio 199b
རྣམ་པར་འཆད་པའི་གནས་སྐབས་ན་མེད་པའི་ཕྱིར་འབྲས་བུ་རྫས་རྩོམ་པ་ཡོད་པ་མ་ཡིན་ནོ། །གོ་རིམས་མེད་པར་ཞེན་པ་ཕྱིན་ཅི་ལོག་ཡིན་ནོ་ཞེས་བྱ་བ་ནི་གོ་རིམས་མེད་པ་ཁོ་ན་ཕྱིན་ཅི་ལོག་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །སྔར་བསལ་ཟིན་ཏོ་ཞེས་བྱ་བ་ནི་ཅིག་ཅར་རྣམ་པར་ཤེས་པ་སྐྱེ་བ་སྒྲུབ་པར་བྱེད་
པའི་སྐབས་སུ། འདིར་དོན་ཀུན་དང་ཅིག་ཅར་ནི། །འདུས་ཅན་དབང་རྣམས་ཡོད་ན་ཡང་། །ཞེས་བྱ་བ་ལ་སོགས་པས་བསལ་ཟིན་པ་ཉིད་ཀྱི་ཕྱིར་རོ། །དུས་མཚུངས་ཅན་བློ་ཐམས་ཅད་ཀྱི། །ཐམས་ཅད་སྐད་ཅིག་མ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །གཞན་མྱུར་དུ་འཇུག་པ་ཅན་ཡིན་ནོ་ཞེས་བྱ་
བ་ནི་བློ་གཞན་མྱུར་དུ་འཇུག་པ་ཅན་མ་ཡིན་ནོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །འདི་ནི་རིམ་མིན་ཐལ་འགྱུར་བའམ། །ཞེས་བྱ་བ་ནི་དོན་གཅིག་འཛིན་པར་ཞེན་པའོ། །ཕྱེ་མ་ལེབ་ཁྲ་ནི་ཞེས་བྱ་བ་ལ་སོགས་པ་ནི་རྨ་བྱ་ལ་སོགས་པའོ། །ཚོན་སྣ་ཚོགས་ཀྱིས་བསྒྱུར་བ་ཡང་དེ་ཡིན་ལ་རས་དང་
དར་ལ་སོགས་པའི་ཁྱད་པར་དག་གི་སྣལ་མའི་རིགས་སྣ་ཚོགས་པ་ལས་ཞེས་བྱ་བ་ནི་ཁྱད་པར་གྱི་བསྡུ་བའོ། །དེ་དག་གིས་བསྒྲུབས་ཤིང་བསྐྱེད་པའི་རས་དང་སྟན་གང་ཡིན་པ་དེ་དག་དང་པོར་བྱས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྣལ་མ་རིགས་སྣ་ཚོགས་པ་ལས་བསྒྲུབས་པ་སྨོས་པ་ནི་
རིགས་མི་མཐུན་པའི་འབྲས་བུའི་རྫས་མི་རྩོམ་པས་ཡན་ལག་ཅན་གྱི་རྫས་མེད་པར་བསྟན་པའི་དོན་ཏོ། །ཡན་ལག་ཅན་མེད་ན་ཡང་ཡན་ལག་ཅན་དེ་ལ་བརྟེན་པའི་གཟུགས་གཅིག་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལ་ཡང་ཡན་ལག་གི་གཟུགས་ཀྱི་རིགས་དུ་མ་སྣང་བ་ཡིན་ནོ་ཞེས་གཞན་གྱིས་ཀྱང་ཁས་
བླང་བར་བྱའོ། །གཟུགས་གཞན་ལ་མི་དམིགས་པའི་བློས་ཞེས་བྱ་བ་ལ་ཡོངས་སུ་གཅད་པར་བྱ་བའི་གཟུགས་ལས་གཞན་པའི་གཟུགས་ནི་གཟུགས་གཞན་ནོ། །དེ་ལ་མི་དམིགས་པ་སྟེ་ཡོངས་སུ་གཅད་པར་བྱ་བའི་གཟུགས་གཅིག་ལ་དམིགས་པའི་རྣམ་པར་རྟོག་པའི་བློས་ཞེས་བྱ་བའི་དོན་ཏོ། །དེ་
དག་ལ་ཞེས་བྱ་བ་ནི་སྔོན་པོ་དང་སེར་པོ་ལའོ། །དེ་རིག་པ་ཞེས་བྱ་བ་ནི་རྣམ་པར་ཕྱེ་ནས་འཛིན་པའོ། །སྔོན་པོ་དང་སེར་པོ་ལ་སོགས་པའི་ཁྱད་པར་བློས་རྣམ་པར་ཕྱེ་ནས་འཛིན་པ་མེད་པ་ནི་གཅིག་ཉིད་ལ་ཁྱད་པར་བྱེད་པ་ཡིན་ལ་དེ་དང་འགལ་བ་ཡང་དེ་ལྟར་རྣམ་པར་ཕྱེ་ནས་འཛིན་པ་ཡིན་པ་དེ་ལྟར་ན་ཁྱབ་པར་བྱེད་
Vol. 177 · folio 200a
པ་འགལ་བ་དམིགས་པའོ། །འདིས་གཏན་ཚིགས་མ་གྲུབ་པར་སྨྲའོ་ཞེས་བྱ་བ་ནི་རྨ་བྱ་ལ་སོགས་པའི་གཟུགས་ཀྱང་སྔོན་པོ་ལ་སོགས་པ་ཐ་དད་པའི་སྒོ་ནས་བློས་རྣམ་པར་ཕྱེ་ནས་གཟུང་བར་བྱའོ་ཞེས་བྱ་བ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལ་ཡན་ལག་ཅན་གྱི་གཟུགས་རྣམ་པར་
ཕྱེ་ནས་མི་འཛིན་ཅིང་། ཡན་ལག་གི་གཟུགས་གཟུང་བ་གང་ཡིན་པ་དེ་ནི་དུ་མ་ཉིད་དུ་འདོད་པ་དེ་ཕྱོགས་སུ་བྱེད་པ་ན་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་སེམས་སོ། །རིགས་ཐ་དད་པའི་རྫས་ཀྱི་བསྒྲུབ་པ་སེམས་དང་མི་ལྡན་པ་ནི་བཅོས་མའི་ཕྱེ་མ་ལེབ་དེ་གང་ལ་ཡན་ལག་ཅན་གྱི་རྫས་གཅིག་ཡོད་པ་མ་
ཡིན་ནོ། །དོན་རྣམས་དུས་མཚུངས་ཅན་ཉིད་དུ། །ཞེས་བྱ་བ་ལ་སོགས་པ་ལ་དོན་གྱི་རྣམ་པ་དང་དུས་ནི་དོན་གྱི་རྣམ་པ་དང་དུས་སོ། །བློ་གང་ལ་དེ་དག་མཚུངས་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དངོས་པོ་ནི་དེ་ཉིད་དོ། །དེས་ན་དོན་གྱི་རྣམ་པ་མཚུངས་པ་ཅན་ནི་སྔོན་པོ་དང་སེར་པོ་ལ་
སོགས་པ་ཐ་དད་པར་སྣང་བ་ཉིད་ཀྱི་ཕྱིར་རོ། །དུས་མཚུངས་པ་ཅན་ནི་གཉི་ག་ལ་ཡང་གོ་རིམས་མེད་པར་འཛིན་པ་སོ་སོར་རིག་པའི་ཕྱིར་རོ། །བཅོས་མའི་ཕྱེ་མ་ལེབ་པ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་འཆད་པར་བྱེད་དོ། །གཉི་ག་ཡང་ཞེས་བྱ་བ་ནི་བཅོས་མ་དང་བཅོས་མ་མ་ཡིན་པ་དག་ལའོ། །
སྔོན་པོ་ལ་སོགས་པའི་ངོ་བོ་སྣ་ཚོགས་པ་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཕྱེ་མ་ལེབ་ཁྲ་བོ་ལ་སོགས་པའི་ངོ་བོ་སྣ་ཚོགས་པ་ཅན་མ་ཡིན་གྱི་འོན་ཀྱང་གལ་ཏེ་ཡན་ལག་ཅན་གྱི་གཟུགས་སྣ་ཚོགས་པ་གཅིག་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །བློ་སྣ་ཚོགས་མིན་ཞེས་བྱ་བ་ནི་གཞན་གྱི་གཞུང་གི་དེ་ལ་ཡུལ་མེད་
པའི་ཕྱིར་རོ། །དེ་ལྟར་ན་དེའི་ཡུལ་ཡན་ལག་ཅན་གྱི་རྫས་ཡིན་ནམ། ཡན་ལག་ཅན་འདུ་བ་དང་ལྡན་པ་གཟུགས་སྣ་ཚོགས་པ་ཅན་གཅིག་གམ། ཡན་ལག་གི་གཟུགས་སོ་སོའམ་མ་ལུས་པ་ཡིན་ནོ་ཞེས་བྱ་བའི་རྟོག་པར་འགྱུར་གྲང་ན། རེ་ཞིག་དང་པོའི་རྣམ་པར་རྟོག་པ་ནི་མ་ཡིན་ཏེ། དེ་ལ་ཡན་
ལག་ཅན་གྱི་རྫས་མེད་པའི་ཕྱིར་རོ། །དེ་ནི་རིགས་མི་མཐུན་པ་ཅན་དེ་དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་རྣམ་པ་གཉིས་པ་མེད་པར་བསྟན་ཏེ། ཡན་ལག་ཅན་གྱི་གཟུགས་ནི་ཡན་ལག་ཅན་གྱི་ངོ་བོ་སྟེ་གང་དེ་ལ་འདུ་བ་དང་ལྡན་པའོ། །ཡན་ལག་ཅན་
Vol. 177 · folio 200b
གྱི་ངོ་བོ་ཡང་ཡིན་ལ་གཅིག་ཀྱང་ཡིན་ཞེས་བྱ་བ་ནི་ལས་འཛིན་པའོ། །ཡང་སྣ་ཚོགས་པའི་སྒྲ་དང་ལས་འཛིན་པ་ཉིད་བྱའོ། །དེ་ནས་མི་རྩོམ་པའི་སྒྲ་དང་དྲུག་པའི་བསྡུ་བ་བྱའོ་འདི་སྙམ་དུ་དགོངས་ཏེ། གལ་ཏེ་ཡན་ལག་ཅན་གྱི་རྫས་ཀྱི་ཡན་ལག་གཅིག་རྩོམ་པར་འགྱུར་བ་དེ་བས་ན། དེའི་རྟེན་ཅན་
ཡན་ལག་ཅན་གྱི་ངོ་བོ་ཡན་ལག་གི་ཡོན་ཏན་གྱིས་ཀྱང་རྩོམ་པར་འགྱུར་ཏེ། རྟེན་མེད་པ་ཅན་གྱི་ཡོན་ཏན་བརྩམ་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །སྔོན་པོ་ལ་སོགས་པའི་དོན་གང་ཡིན་པ་དེ་དག་ཀྱང་ཞེས་བྱ་བ་ལ་སོགས་པས་རྣམ་པར་རྟོག་པ་གསུམ་པ་འགོག་པར་བྱེད་དོ། །ཅིག་ཅར་དོན་དུ་མ་འཛིན་པར་
ཁས་མི་ལེན་པའི་ཕྱིར་རྣམ་པར་རྟོག་པ་བཞི་པ་ཡོད་པ་ཉིད་མ་ཡིན་ནོ། །དེ་ལྟ་ན་དེ་ཞེས་བྱ་བ་ནི་ལྡན་པའོ། །འདི་ལྟར་ཕྱེ་མ་ལེབ་ལ་ཡན་ལག་ཅན་གྱི་ངོ་བོ་ཁྲ་བོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཡན་ལག་ཏུ་གཏོགས་པ་ཡོངས་སུ་སྣང་བར་གྱུར་པ་མ་ཡིན་པ་ཡན་ལག་ཅན་གྱི་ངོ་བོ་མི་དམིགས་པའི་
ཕྱིར་རོ་ཞེས་བྱ་བར་དགོངས་སོ། །ཡང་ན་དོན་འདི་ཁྱོད་ཀྱིས་ཀུན་དུ་བརྟགས་པའི་ཡན་ལག་ཅན་གྱི་ངོ་བོ་སྣ་ཚོགས་པ་གང་ཡིན་པ་དེ་ཡོད་པ་མ་ཡིན་ཏེ། གཅིག་དང་སྣ་ཚོགས་པ་ཉིད་འགལ་བའི་ཕྱིར་རོ། །གལ་ཏེ་གཉི་གའི་ཡང་ངོ་བོ་ཐ་དད་པ་ཉེ་བར་བཏགས་པའི་རྒྱུ་ཡིན་ནོ་ཞེས་བྱ་བ་ནི་ཕྱེ་མ་ལེབ་ཁྲ་
བོའི་ཡན་ལག་ཅན་གྱི་ངོ་བོ་གང་ཡིན་པ་དང་སྟན་ཁྲ་བོ་ལ་སོགས་པའི་ཡན་ལག་གི་ངོ་བོ་ཐ་དད་པ་གང་ཡིན་པ་དེ་དག་གཉི་གའི་ཡང་གཟུགས་སྣ་ཚོགས་པ་གང་ཡིན་པ་དེ་ནི་ལྡན་པ་ལ་ཉེ་བར་འདོགས་པའི་རྒྱུ་ཡིན་ནོ་ཞེ་ན་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ཏེ། ཕྱེ་མ་ལེབ་ཁྲ་བོའི་གཟུགས་ལ་སྣ་
ཚོགས་པ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། ཁྱོད་ཀྱིས་ཡན་ལག་ཅན་གྱི་ངོ་བོ་གཅིག་ཉིད་དུ་ཀུན་དུ་བརྟགས་པ་གང་ཡིན་པ་དེ་ལ་སྣ་ཚོགས་པ་ཉིད་མེད་པའི་ཕྱིར་རོ། །རི་མོ་ལ་སོགས་པ་ལ་ཡང་སྣ་ཚོགས་པའི་ངོ་བོ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་དེ་ལ་རེ་ཞིག་ཡན་ལག་ཅན་མེད་པའི་ཕྱིར་ཡན་ལག་
ཅན་གྱི་ངོ་བོ་སྣ་ཚོགས་པ་གཞན་མི་འདོད་དོ། །འོན་ཀྱང་དེ་ལ་ཡན་ལག་གི་གཟུགས་ཁོ་ན་སྣང་བར་འགྱུར་རོ། །དེ་དག་སོ་སོ་ལ་ཡང་སྣ་ཚོགས་པ་ཉིད་ཡོད་པ་མ་ཡིན་ཞིང་། སྣ་ཚོགས་པ་དག་ནི་སྣ་ཚོགས་པ་ཉིད་ཉེ་བར་བཏགས་པ་ལ་ཡན་ལག་མ་ཡིན་ཏེ། ཅིག་ཅར་དུ་མ་འཛིན་པར་ཁས་མི་
Vol. 177 · folio 201a
ལེན་པའི་ཕྱིར་རོ། །གལ་ཏེ་སྣ་ཚོགས་པར་སྣང་བ་ཅན་གྱི་བློ་ལ་སྣང་བ་དེའི་ཚེ་ཉེ་བར་འདོགས་པའི་རྒྱུར་འགྱུར་རོ། །དོན་གཅིག་ལ་འཕྲོད་པ་འདུ་བའི་ཕྱིར་ཉེ་བར་བཏགས་པར་འགྱུར་ན་ཞེས་བྱ་བ་ནི་རྫས་གང་ལ་གཟུགས་ཉེ་བར་བཏགས་པའི་རྒྱུ་འདུ་བ་དང་ལྡན་པ་དེ་ཉིད་ལ་
ལྡན་པ་ཡང་འདུ་བ་དང་ལྡན་པ་ཡིན་ནོ། །སྤྱིའི་སྤྱོད་ཡུལ་ཅན་གྱི་རྣམ་པར་ཤེས་པ་ཞེས་བྱ་བ་ཡང་གྲུབ་འགྱུར་ཞེས་བྱ་བའི་སྐབས་དང་སྦྱར་རོ། །རེ་ཞིག་བློ་དེ་གཅིག་ཉིད་ལ། །ཇི་ལྟར་དུ་མ་སྣང་བར་འགྱུར། །ཞེས་བྱ་བ་ནི་འདི་སྙམ་དུ་སེམས་ཏེ། གྲུབ་པའི་མཐའ་སྨྲ་བ་ཁྱོད་ཀྱང་བློ་རྣམ་པ་དང་བཅས་པ་
ཉིད་འདོད་དོ། །དེ་ལྟ་ན་སྣ་ཚོགས་པའི་རྣམ་པ་དེ་བློའི་བདག་ཉིད་དུ་གྱུར་པ་ཡིན་པ་དེ་ལྟ་ན་བློ་སྣ་ཚོགས་པས་སྣང་བ་ཅན་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་མ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་གང་ཞིག་སྣ་ཚོགས་པ་ཡིན་པ་དེ་ནི་གཅིག་གི་རང་བཞིན་མ་ཡིན་ཏེ་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་ཡིན་ཏེ། བློ་
གཅིག་གི་རང་བཞིན་ཉིད་ཡིན་ན་ཡང་སྣ་ཚོགས་པར་སྣང་བ་ཉིད་ཀྱི་ཕྱིར་རོ། །ཇི་ལྟ་ཇི་ལྟར་དོན་བསམ་པ། །ཞེས་བྱ་བ་ནི་ཕྱི་རོལ་གྱི་སྔོན་པོ་དང་སེར་པོ་ལ་སོགས་པའོ། །དོན་སྨོས་པ་ནི་རྣམ་པར་ཤེས་པ་ལས་ཐ་དད་པ་འགོག་པར་བྱེད་པ་ཡིན་གྱི་རྣམ་པར་ཤེས་པ་གཞན་གྱི་དབང་གི་བདག་ཉིད་ནི་མ་ཡིན་ནོ། །
དེ་ཡང་འོག་ནས་སྟོན་པར་འགྱུར་རོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་གཅིག་དང་དུ་མ་ཉིད་ཀྱིས་སོ། །རང་བཞིན་འགའ་ཞིག་ལ་ཞེས་བྱ་བ་ནི་ཕྱི་རོལ་ལ་མ་ཡིན་ཞིང་རྣམ་པར་ཤེས་པའི་བདག་ཉིད་ལ་ཡང་མ་ཡིན་ཏེ། ཆགས་པར་སྣང་བའི་རྣམ་པར་མི་གནས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་རྣམ་པར་མི་གནས་
པ་དེ་ལྟར་དེ་མ་ཐག་ཉིད་དུ་སྟོན་པར་འགྱུར་རོ། །ཆོས་རྣམས་བདག་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། ཐམས་ཅད་མེད་པ་ནི་ཆོས་རྣམས་བདག་མེད་པ་ཉིད་མ་ཡིན་ཏེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཕྱོགས་མེད་པར་ཐལ་བའི་ཕྱིར་དང་། སྔར་ཇི་སྐད་དུ་བཤད་པ་བཞིན་དུ་ཀུན་རྫོབ་རིགས་པ་ཉིད་
ཀྱི་ཕྱིར་རོ། །འོན་ཀྱང་ཀུན་དུ་བརྟགས་པའི་གཟུང་བ་དང་འཛིན་པའི་ངོ་བོས་དབེན་པ་རང་རིག་པ་ཙམ་དེ་ཡང་བསྟན་བཅོས་མཛད་པ་རང་ཉིད་ཀྱིས་འོག་ནས་རྒྱས་པར་གསལ་བར་མཛད་པར་འགྱུར་རོ། །དོན་དམ་པར་བློ་སྣ་ཚོགས་པ་དེས་དངོས་པོ་ཡང་སྣ་ཚོགས་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལ།
Vol. 177 · folio 201b
ཇི་ལྟར་དང་པོར་དོན་དམ་པར་བློ་གཅིག་སྣ་ཚོགས་པའི་རྣམ་པ་ཅན་དེ་ལྟ་བུར་གྱུར་པའི་དོན་ཉིད་ཀྱིས་སྐྱེད་པར་འགྱུར་རོ། །དེ་ནས་འཛིན་པར་བྱེད་པའི་བློ་དེའི་རྣམ་པར་འཇོག་པར་བྱེད་པའི་ཕྱི་རོལ་གྱི་དངོས་པོ་ཡང་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་སྟེ། སྣ་ཚོགས་པའི་རྣམ་པ་ཅན་གྱི་བློ་གཅིག་བཞིན་དུ་
བདེན་པར་འགྱུར་རོ་ཞེ་ན། དེའི་བློ་ལ་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་བློ་གཅིག་ལ་ཡང་སྣ་ཚོགས་པ་ཉིད་དེ་ནི་མི་འགྱུར་ཏེ། བློ་གཅིག་དང་ཐ་དད་པ་མེད་པ་དེ་ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཅིག་དང་ཞེས་བྱ་བ་ལ་སོགས་པས་དེ་འཆད་པར་བྱེད་དོ། །དེ་ལྟར་ན་དེ་སྣ་ཚོགས་པར་སྣང་བ་ཉིད་
དུ་འདོད་པས་གཞན་གཅིག་ཉིད་ཡིན་པར་འདོད་དོ། །དེ་བས་ན་གཅིག་ཉིད་ཡིན་ན་ངོ་བོ་སྣ་ཚོགས་པ་མ་ཡིན་པ་ཡང་ཞེས་བྱ་བ་རང་བཞིན་སྣ་ཚོགས་པ་མ་ཡིན་ན་ཡང་སྟེ། ངོ་བོ་སྣ་ཚོགས་པ་ཉིད་ཡིན་ན་གཅིག་ཉིད་འགལ་བའི་ཕྱིར་རོ། །འོན་ཀྱང་འཁྲུལ་བའི་དབང་གིས་སྣ་ཚོགས་པའི་རྣམ་པ་ཉིད་དུ་
སྣང་བར་འགྱུར་རོ། །གཅིག་དང་དུ་མ་དག་གི་གནས་པའི་ཞེས་བྱ་བ་ལ་སོགས་པ་ལ། སྣ་ཚོགས་པ་ཉིད་དང་གཅིག་པ་ཉིད་དུ་གནས་པ་སྟེ། རྣམ་པར་གཞག་པ་གང་ཡིན་པ་དེའི་རྟེན་དོན་དམ་པར་རྣམ་པ་ཐ་དད་པ་དང་ཐ་དད་པ་མེད་པ་མ་གཏོགས་པར་རྣམ་པར་གཞག་པ་གཞན་འགའ་ཞིག་ཀྱང་ཡང་
ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དོན་དམ་པར་རྣམ་པ་ཐ་དད་པ་སྣ་ཚོགས་པ་ཉིད་དུ་གནས་པའི་རྟེན་ཡིན་ཞིང་གཅིག་ཉིད་དུ་གནས་པའི་ཡང་དོན་དམ་པར་རྣམ་པ་ཐ་དད་པ་མེད་པ་ཡིན་ནོ། །དེ་ལ་གལ་ཏེ་བློ་ལ་དོན་དམ་པའི་རྣམ་པ་ཐ་དད་པ་འདོད་ན། འོ་ན་ནི་གཅིག་ཉིད་མ་ཡིན་པའམ། གཅིག་
ཉིད་ཡིན་ན་དོན་དམ་པར་རྣམ་པ་ཐ་དད་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་མི་འདོད་ན་རིལ་གཅིག་ཏུ་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ལ་གལ་ཏེ་དོན་དམ་པར་བློ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ན་ཅིག་ཅར་སྐྱེ་བ་ལ་སོགས་པའི་སྐྱོན་ཡོད་དོ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་རང་བཞིན་གཅིག་ཉིད་ཡིན་ན་
གཅིག་གི་སྐྱེ་བ་གང་ཡིན་པ་དེ་ཉིད་ཐམས་ཅད་ཀྱི་ཡིན་པར་འགྱུར་རོ། །སོགས་པའི་སྒྲས་ནི་ཅིག་ཅར་དགག་པ་དང་ཐམས་ཅད་ཐམས་ཅད་ལ་ཉེ་བར་སྦྱོར་བར་འགྱུར་རོ། །དེའི་ཕྱིར་གཅིག་ཉིད་ཡིན་ན་རྣམ་པ་དུ་མ་ཅན་མ་ཡིན་ནོ་ཞེས་བྱ་བ་ནི་བློ་གཅིག་ཡིན་ན་རྣམ་པ་དུ་མ་ཅན་དུ་མི་འགྱུར་གྱི་འོན་ཀྱང་བློ་ནི་གཉིས་
Vol. 177 · folio 202a
ཀྱི་ངོ་བོས་དབེན་པ་རང་རིག་པ་ཙམ་གྱི་བདག་ཉིད་ཅན་ཁོ་ན་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་པ་མེད་ཅིང་། བློ་སྣ་ཚོགས་པའི་རྣམ་པ་ཅན་གཅིག་མེད་ན་འོ་ན་ཇི་ལྟར་ཡུལ་དང་དུས་ངེས་པ་ཅན་གྱི་ཕྱི་རོལ་གྱི་གཟུགས་ཉིད་དུ་སྣང་
བ་ཡིན་ཞེས་དེ་སྐད་དུ་འདོགས་པ་ལ། འོན་ཀྱང་གལ་ཏེ་འདི་བདག་དོན་འདོད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲུབ་པ་པོ་འཁྲུལ་པའི་ངོ་བོར་དོན་དུ་མངོན་པར་ཞེན་པ་ལས་དོན་ཞེས་བརྗོད་ཀྱི་དེ་དག་དོན་ཉིད་ནི་མ་ཡིན་ཏེ། ཀུན་དུ་བརྟགས་པའི་རང་བཞིན་ནི་གཏན་ནས་མེད་པ་ཉིད་ཡོད་པའི་
ཕྱིར་རོ། །འདོད་པ་དེ་ཡང་གང་ཡིན་ཞེ་ན། དེའི་ངོ་བོ་ཅན་མ་ཡིན་པར་འགྱུར་བ་དག་ཀྱང་དེའི་ངོ་བོའི་སྒོ་ནས་གསལ་བ་ཞེས་བྱ་བ་སྨོས་པ་ལ། དེའི་ངོ་བོ་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ངོ་བོ་ཅན་མ་ཡིན་པར་གྱུར་པ་དག་ཀྱང་ངོ་། །དེའི་ངོ་བོའི་སྒོ་ནས་ཀྱང་དེའི་ཕྱི་རོལ་གྱི་ངོ་བོའི་སྒོ་ནས་གསལ་
ཞིང་སྣང་བའོ། །དེ་དང་དེའི་དོན་དམ་པར་གནས་པ་དེ་ཁོ་ན་ཉིད་ཡིན་ན་ཞེས་བྱ་བ་ནི་དེའི་ངོ་བོ་ཅན་མ་ཡིན་པར་སྣང་བ་དེ་དོན་དམ་པར་ཏེ་དངོས་སུ་གནས་པ་ཡིན་ཏེ། སྒྲུབ་པར་བྱེད་པའི་ཚད་མ་ཡོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་མ་ཡིན་ཏེ། འདིར་ཕྱི་རོལ་གྱི་དོན་དུ་རྟོགས་པ་ནི་
ཚད་མས་གནོད་པ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །གང་གི་ཚེ་ཕྱི་རོལ་གྱི་དོན་མཐོང་བ་ནི་འཁྲུལ་པ་ཉིད་ཡིན་པར་རིགས་ཀྱི་མ་འཁྲུལ་པ་ནི་མ་ཡིན་ཏེ། རིགས་པ་དེ་ལ་མི་སྟོན་མོད་ཀྱི། ཁོ་བོ་ཚད་མས་གནོད་པའི་ལོག་པའི་རྣམ་པར་རྟོག་པས་ནི་སྟོན་པ་འགོག་པར་བྱེད་པ་ཡིན་
ནོ། །དེ་བས་ན་རབ་རིབ་ཀྱིས་འཁྲུལ་པའི་མིག་ཅན་ལ་སྐྲ་ཤད་དང་སྦྲང་མ་ལ་སོགས་པ་མེད་པ་སྣང་བ་བཞིན་དུ་མ་རིག་པའི་རབ་རིབ་ཀྱིས་ཁྱབ་པའི་མིག་ཅན་ལ་ཕྱི་རོལ་གྱི་དོན་འདི་མེད་ན་ཡང་སྣང་ངོ་ཞེས་དེ་སྐད་དུ་བསྟན་པ་རིགས་པ་ཉིད་ཡིན་པའི་ཕྱིར་བསྟན་བཅོས་མཛད་པ་དེ་ལྟར་འགྱུར་རོ་ཞེས་བྱ་བར་དགོངས་
སོ། །དེ་ལ་དོན་དམ་པར་གནས་པ་དེ་ཁོ་ན་ཉིད་ཡིན་ནོ་ཞེས་བྱ་བ་ལ། དེའི་ངོ་བོ་ཅན་མ་ཡིན་པ་དག་ཀྱང་དེའི་ངོ་བོ་ཅན་དུ་སྣང་བ་ཚད་མའི་སྟོབས་ལས་འོངས་པ་གང་ཡིན་པ་དེ་ཉིད་འཁྲུལ་པ་ཉིད་མ་ཡིན་གྱི་འོན་ཀྱང་དོན་དམ་པར་ཏེ། དངོས་སུ་ཕྱི་རོལ་གྱི་ངོ་བོར་གནས་པ་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་ཡིན་པ་
Vol. 177 · folio 202b
དེ་ལྟར་ན་ཕྱིན་ཅི་ལོག་ཏུ་རྟོག་པ་འདིས་དེ་ལ་བདག་གིས་རིགས་པས་འོངས་པའི་དོན་འགོག་པས་ཅི་ཞིག་བྱ། དེ་བས་ན་ཇི་ལྟར་རིགས་པ་ཉིད་དུ་ཡང་དག་པ་མ་ཡིན་པ་སྟོན་པར་འགྱུར་བ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་རྣམ་པ་གཞན་ཡིན་ནོ། །དེ་བདག་ཉིད་ཅེས་བྱ་བ་འདིའི་རྣམ་པར་འགྲེལ་པ་ནི་
རགས་པའི་རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ཡིན་ནོ། །ཚོགས་པ་ལ་ཡང་དེའི་ངོ་བོ་གཅིག་ཡོད་པ་མ་ཡིན་ན་ཞེས་བྱ་བ་ནི་རགས་པའི་ངོ་བོའོ། །རྡུལ་ཕྲ་རབ་གཞན་དང་འདྲེས་ན་ཡང་རྡུལ་ཕྲ་རབ་རྣམས་ཀྱི་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉམས་པ་མ་ཡིན་ཏེ། ཚོགས་པ་ན་ཡང་དེ་དག་རྡུལ་ཕྲ་རབ་ཀྱི་ངོ་བོ་ཉིད་ཡིན་ན་
རགས་པའི་རྣམ་པ་ཅན་གྱི་ཤེས་པའི་རྡུལ་ཕྲ་རབ་ཡུལ་མ་ཡིན་པ་དེ་ལྟར་ན་འཁྲུལ་པ་མེད་པའི་སེམས་ཀྱིས་ངེས་པར་མི་ནུས་ཏེ། རྣམ་པ་གཞན་རྟོགས་པས་རྣམ་པ་གཞན་འཛིན་པ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐལ་ཆེས་པར་འགྱུར་རོ། །མི་མཁས་པ་གང་དག་རགས་པའི་རྣམ་པ་
ཕྱི་དང་ནང་དུ་འགྱུར་བ་མ་ཡིན་ཞིང་དེ་རྣམ་པར་ཤེས་པའི་ཡུལ་མ་ཡིན་ཏེ། རྡུལ་ཕྲ་རབ་ཤིན་ཏུ་ཉེ་བར་གནས་པ་ཡུལ་མ་ཆད་པར་གནས་པ་རྡུལ་ཕྲ་རབ་གཞན་གྱིས་བསྐོར་བ་མངོན་སུམ་གྱི་ཡུལ་ཡིན་ནོ། །རྡུལ་ཕྲ་རབ་དེ་དག་ཀྱང་ཕན་ཚུན་འདྲེས་པ་མ་ཡིན་ཏེ། འདྲེས་པ་ནི་གཉི་ག་ལྟར་
ཡང་མི་རུང་བའི་ཕྱིར་རོ། །ཕྱོགས་གཅིག་གིས་འདུ་ན་ནི་ཆ་ཅན་དུ་འགྱུར་ལ། བདག་ཉིད་ཐམས་ཅད་ཀྱི་ཡིན་ན་ནི་གོང་བུ་རྡུལ་ཕྲན་ཙམ་ཉིད་དུ་འགྱུར་རོ། །དེ་བས་ན་ཤིན་ཏུ་འདབ་ཉེ་བར་གནས་པ་རིགས་མི་མཐུན་པས་ཆོད་པ་རྡུལ་ཕྲ་རབ་བར་དང་བཅས་པ་ཁོ་ན་ཡིན་ནོ། །གང་ཡང་ཤིན་ཏུ་བརྟན་
པོར་འདུས་པ་རགས་པའི་རྣམ་པར་སྣང་བ་གང་ཡིན་པ་དེ་འཁྲུལ་པ་ཡིན་ཏེ། བར་ཆད་ཕྲ་བས་ཆོད་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ་དེས་དེ་སྐད་དུ་བརྗོད་པའི་རྒོལ་བ་ནི་རྨོངས་པའི་བློ་ཅན་ཡིན་ཏེ། རང་གི་ཚིག་ཉིད་ཀྱིས་རང་གི་ཚིག་ལ་བི་ཌམ་པ་ཡ་ཏི་ཅོ་འདྲི་བར་བྱེད་དེ་འཁྲུལ་པར་བྱེད་དོ། །གལ་ཏེ་རྡུལ་ཕྲ་
རབ་འཛིན་པར་བྱེད་པ་ཉིད་དུ་འདོད་པའི་ཤེས་པ་ལ་རགས་པའི་རྣམ་པ་སྣང་བ་གང་ཡིན་པ་དེ་འཁྲུལ་པ་ཡིན་ན། ཅི་ལྟར་དེའི་རྣམ་པ་ཅན་གྱི་ཤེས་པའི་རྡུལ་ཕྲ་རབ་ཡུལ་ཡིན། གཞན་གྱི་རྣམ་པ་ཅན་གྱི་ཤེས་པའི་རྣམ་པ་གཞན་ཡུལ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །རྡུལ་ཕྲ་རབ་ཀྱི་
Vol. 177 · folio 203a
རྣམ་པ་ཅན་གྱི་ཤེས་པ་ནི་ཚུ་རོལ་མ་མཐོང་བ་འགའ་ཞིག་གིས་ཀྱང་ཡང་དག་པར་རིག་པ་མ་ཡིན་ནོ། །དེ་བས་ན་རྡུལ་ཕྲ་རབ་མངོན་སུམ་གྱི་ཡུལ་མ་ཡིན་ཞིང་རྗེས་སུ་དཔག་པའི་ཡུལ་ཡང་མ་ཡིན་ཏེ། དེ་ལ་འབྲས་བུ་རྣམ་པར་ཤེས་པ་ལྡོག་པའི་རྟགས་ལས་བརྟག་པར་བྱ་
བ་ཡིན་ནོ། །གཞན་དག་དེ་ཡང་ནང་གི་བག་ཆགས་ཀྱི་བྱས་པ་ཡིན་པར་སྨྲ་བ་དེ་ལྟར་ན་དེ་ཡང་དེའི་རྟགས་མ་ཡིན་ནོ། །འགྱུར་བར་ནི་འདོད་མོད་ཀྱི་མངོན་སུམ་དུ་འདོད་པའི་རགས་པའི་རྣམ་པ་ནི་གཅིག་དང་དུ་མས་དཔྱད་མི་བཟོད་པའི་ཕྱིར་དོན་དམ་པར་མེད་པ་ཉིད་ཡིན་པ་ནི་བླ་སྟེ། རྡུལ་ཕྲ་རབ་ཀྱི་ངོ་བོ་འདི་
ཇི་སྐད་དུ་བཤད་པའི་རྣམ་པས་ཤིན་ཏུ་ལྐོག་ཏུ་གྱུར་པ་གང་ཡིན་པ་དེ་ནི་རེ་ཞིག་སྤོང་བར་མི་ནུས་ཤིང་དེ་ལ་གནོད་པ་ཅན་གྱི་ཚད་མ་འཇུག་པ་མ་ཡིན་ཏེ། དེ་ནི་ཆ་མེད་པ་ཉིད་ཀྱིས་གཅིག་གི་རང་བཞིན་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་ལ་སྒྲུབ་པར་བྱེད་པ་ཡང་མེད་དོ་སྙམ་ན། དེ་ཉིད་ཀྱི་ཕྱིར་ཐེ་ཚོམ་ཟ་བར་འགྱུར་
རོ། །དེ་ལྟར་ན་ཡང་ཐེ་ཚོམ་མེད་པར་ཐམས་ཅད་དུ་ཆོས་རྣམས་བདག་མེད་པར་མ་བསྟན་པར་འགྱུར་རོ་ཞེ་ན། འདིར་བརྗོད་པར་བྱ་སྟེ། དེ་སྐད་དུ་སྨྲ་བ་དེས་ཀྱང་གདོན་མི་ཟ་བར་རྡུལ་ཕྲ་རབ་ལུས་ཅན་ཉིད་དུ་འདོད་པར་བྱ་སྟེ། ལུས་ཅན་མ་ཡིན་པ་ནི་རྡུལ་ཕྲ་རབ་ཉིད་དུ་མི་རུང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་
སེམས་དང་སེམས་ལས་བྱུང་བ་དག་ལ་ཡང་རྡུལ་ཕྲ་རབ་ཉིད་དུ་ཅིའི་ཕྱིར་རྟོག་པར་མི་བྱེད། ལུས་ཅན་ཡིན་ན་ནི་གདོན་མི་ཟ་བར་ཕྱོགས་དང་ཆ་ཐ་དད་པར་འགྱུར་ཏེ། ཕྱོགས་དང་ཆ་ཐ་དད་པ་དང་བྲལ་བ་ཡང་རྣམ་པར་ཤེས་པ་བཞིན་དུ་ལུས་ཅན་ཉིད་དུ་མི་རུང་བའི་ཕྱིར་རོ། །ཕྱོགས་དང་ཆ་ཐ་དད་པ་ཉིད་ཡིན་ན་
ཡང་ཆ་དང་བཅས་པ་ཉིད་ཡིན་ནོ། །དེའི་ཕྱིར་གཅིག་དང་དུ་མས་དཔྱད་མི་བཟོད་པ་ཉིད་ཀྱི་ཕྱིར་རགས་པ་བཞིན་དུ་རྡུལ་ཕྲ་རབ་ལ་ཡང་གནོད་པར་འགྱུར་རོ། །འདི་ཡང་སློབ་དཔོན་དབྱིག་གཉེན་ལ་སོགས་པ་མཐུ་ཆེ་བ་རྣམས་ཀྱིས་ཟིལ་གྱིས་མནན་པ་དེའི་ཕྱིར་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ནོ། །ནང་གི་
ཡོངས་གཅོད་ཅེས་བྱ་བ་ལ་སོགས་པས་རེ་ཞིག་ངོ་བོ་ཉིད་རྣམ་པར་ཕྱེ་ནས་སྟོན་པར་བྱེད་དོ། །ཆ་འདི་གང་ལས་གཞན་ཞེས་བྱ་བ་ནི་ནང་དུ་སྣང་བའི་འཛིན་པའི་རྣམ་པ་ལས་གཞན་ནི་སྔོན་པོ་དང་སེར་པོ་ལ་སོགས་པའོ། །བྱིས་པ་སྨོས་པ་ནི་འཁྲུལ་པ་དག་ཁོ་ན་ལ་དེ་ལྟར་སྣང་བའི་ཕྱིར་རོ། །བྱང་ཆུབ་སེམས་
Vol. 177 · folio 203b
དཔའ་ཆོས་རྣམས་བདག་མེད་པར་མཁྱེན་པས་ནི་གཉིས་ཀྱིས་དབེན་པ་རང་རིག་པ་ཙམ་ཁོ་ན་མཁྱེན་ཏོ། །ནང་དང་ཕྱི་རོལ་དུ་སྣང་བའི་རྣམ་པ་འདིས་ཀྱང་ཕྱི་རོལ་གྱི་དོན་ཡོད་པ་དང་མེད་ཀྱང་རུང་སྟེ། བློ་ངོ་བོ་གཉིས་པ་ཅན་ཉིད་ཡིན་ནོ། །དེ་ལྟར་ན་ཕྱི་རོལ་གྱི་དོན་ཡོད་ན་ཡང་ཤེས་པ་རྣམ་པ་དང་བཅས་པ་ཁས་བླང་
བར་བྱ་སྟེ། རྣམ་པ་མེད་པས་འཛིན་པ་མི་སྲིད་པའི་ཕྱིར་རོ། །ཕྱི་རོལ་གྱི་དོན་མེད་ན་ཡང་ཤེས་པ་ཉིད་དེའི་རྣམ་པར་སྐྱེ་བ་དེ་ལྟར་ན་གསལ་བ་ཁོ་ནར་ངོ་བོ་ཉིད་གཉིས་པ་ཅན་ཡིན་ནོ། །འོན་ཀྱང་ངོ་བོ་ཉིད་གཉིས་པ་ཅན་གྱི་ཤེས་པ་དེ་ཡང་བདེན་པ་མ་ཡིན་པར་འཁྲུལ་པའི་དབང་གིས་རྣམ་པར་གཞག་པ་ཡིན་ཏེ།
ཇི་ལྟར་མངོན་པར་ཞེན་པ་བཞིན་དུ་ཐ་སྙད་ལ་དངོས་པོར་རྣམ་པར་གཞག་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ཇི་ལྟར་ན་བློ་གཅིག་ལ་ངོ་བོ་གཉིས་བདེན་པར་འགྱུར། དེ་ཉིད་བསྟན་པའི་ཕྱིར་བློ་གཅིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱི་རོལ་གྱི་དོན་ཡོད་ན་ཡང་བློ་ངོ་བོ་གཉིས་པ་ཅན་ཡིན་གྱི་ཞེས་བཤད་པ་
གང་ཡིན་པ་དེ་བསྒྲུབ་པའི་ཕྱིར་རོ། །རྣམ་པ་མེད་པར་སྨྲ་བའི་ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་ལ་ཅི་སྟེ་གང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདིའི་ཤེས་པ་འདི་ཡིན་ནོ་ཞེས་བྱ་བ་ནི་གཟུང་བར་འདོད་པས་སྔོན་པོ་དང་སེར་པོ་འདིའི་ཤེས་པ་འདི་ཡིན་ནོ་ཞེས་བྱ་བར་རོ། །དེ་ཡང་ནང་དུ་འདུས་པ་ན་གཞན་
འདྲ་བ་ཅིག་ཡོད་པ་མ་ཡིན་པ་ཞེས་བྱ་བ་ལ། སྣང་བའི་རྣམ་པ་སྟེ་ཇི་སྐད་དུ་བཤད་པའི་རྣམ་པས་ནང་དུ་འདུས་པ་སྟེ་ཤེས་པའི་བདག་ཉིད་དུ་གནས་པ་ནའོ། །གཞན་ནི་དེ་ལས་གཞན་པའོ། །འདྲ་བར་བྱེད་པ་ནི་ཤེས་པ་ལ་གཟུགས་བརྙན་འཇོག་པར་བྱེད་པ་སྟེ། གཟུགས་དང་གཟུགས་བརྙན་འདྲ་བ་འཇོག་
པ་དང་འཇོག་པར་བྱེད་པ་གཉིས་ཡང་དག་པར་མྱོང་བ་མེད་པའི་ཕྱིར་རོ། །དེ་ལ་འདི་ལྟར་འགྱུར་ཏེ་གལ་ཏེ་ཤེས་པ་གཅིག་ལ་རྣམ་པ་གཉིས་དེ་ཁོ་ན་ཉིད་དུ་འགལ་བ་ཡིན་ན། འོ་ན་རྣམ་པ་དེ་དག་ལས་གང་ཡང་རུང་བ་བདེན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་ཤེས་པ་བདག་ཉིད་གཅིག་པ་ཞེས་བྱ་བ་ལ་སོགས་པ་སྨོས་
སོ། །འོ་ན་གལ་ཏེ་གཟུང་བ་དང་འཛིན་པ་གཉིས་ཀྱང་ཡོད་པ་མ་ཡིན་ན་ཤེས་པ་གང་ཡིན་པ་དེའི་དེ་ཁོ་ན་ཉིད་དུ་འགྱུར་བ་གཞན་ཅི་ཞིག་ལུས་གཟུང་བ་དང་འཛིན་པའི་རྣམ་པ་མ་གཏོགས་པའི་ངོ་བོ་གཞན་ནི་ཚུ་རོལ་མཐོང་བ་རྣམས་ཀྱིས་ཡང་དག་པར་མྱོང་བ་མེད་དོ། །ཡང་དག་པར་མྱོང་ན་ཡང་དེ་ཁོ་ན་ཉིད་མཐོང་བ་
Vol. 177 · folio 204a
ཉིད་དུ་འགྱུར་རོ། །དེ་ལྟར་ན་ལུས་ཅན་དག་འབད་རྩོལ་མེད་པར་གྲོལ་བར་འགྱུར་རོ། །དེ་ནི་རྗེས་སུ་དཔག་པ་ལས་ཀྱང་ངེས་པ་མ་ཡིན་ནོ། །འདི་ལྟར་རེ་ཞིག་རང་བཞིན་གྱི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པ་ནི་དེ་ལ་སྲིད་པ་མ་ཡིན་ཏེ། དེའི་རང་བཞིན་ཉིད་བསྒྲུབ་པར་བྱ་བའི་ཕྱིར་
རོ། །འབྲས་བུའི་རྟགས་ལས་སྐྱེས་པ་ཡང་མ་ཡིན་ཏེ། ངོ་བོ་གཉིས་སུ་མེད་པ་དང་རྒྱུ་དང་འབྲས་བུའི་དངོས་པོ་སྒྲུབ་པར་བྱེད་པའི་མངོན་སུམ་དང་མི་དམིགས་པ་མ་གྲུབ་པའི་ཕྱིར་རོ། །འབྲས་བུ་ལྡོག་པའི་མཚན་ཉིད་ཅན་གྱི་རྒྱུ་དང་འབྲས་བུ་གྲུབ་པ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་ཉིད་མ་གྲུབ་པའི་
ཕྱིར་རོ། །དེ་ལྟར་ན་རྣལ་འབྱོར་སྤྱོད་པའི་གཉིས་སུ་མེད་པ་དེ་ཁོ་ན་འབྲས་བུར་འགྱུར་བ་ཞིག་ན་དེ་ཡང་ཚད་མས་གྲུབ་པ་མ་ཡིན་ནོ། །གཉིས་སུ་སྣང་བ་གང་ཡིན་པ་དེ་ནི་རི་བོང་གི་རྭ་དང་འདྲ་བ་ཉིད་ཀྱི་ཕྱིར་འབྲས་བུ་མ་ཡིན་ནོ་ཞེ་ན། འདིར་བརྗོད་པར་བྱ་སྟེ་རྨོངས་པས་གཉིས་མི་ཤེས་པ་དག་གིས་འདི་བརྗོད་པ་
ཡིན་ཏེ། འདི་ལྟར་འཛིན་པའི་སྒྲས་ནང་རྟོགས་པའི་ངོ་བོ་དགའ་བ་དང་མི་དགའ་བ་ལ་སོགས་པའི་རྣམ་པ་དུ་མར་འབྱུང་བ་ཅན་རང་རིག་པར་མི་བརྗོད་ན། གང་གིས་ན་དེ་ཡང་མེད་པར་འགྱུར། འོན་ཀྱང་དེ་རྣམ་པར་ཤེས་པ་ལས་ཕྱི་རོལ་བཞིན་དུ་སྔོན་པོ་ལ་སོགས་པར་སྣང་བ་གང་ཡིན་པ་དེ་གཅིག་དང་དུ་མས་
དཔྱད་མི་བཟོད་པ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་མ་ཡིན་ནོ། །དེ་བས་ན་རེ་ཞིག་དོན་དམ་པར་རྣམ་པར་ཤེས་པའི་གཟུང་བ་ཐ་དད་པ་ཡོད་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར་དེ་ལ་ལྟོས་ནས་རབ་ཏུ་བརྟགས་པའི་རྟོགས་པའི་ངོ་བོའི་གཟུང་བ་འདིའི་འཛིན་པའི་ངོ་བོ་འདི་ཡིན་ནོ་ཞེས་བྱ་བའི་འཛིན་པ་དེ་ཡོད་པ་མ་ཡིན་ནོ་ཞེས་བརྗོད་
དེ། བྱེད་པ་པོ་དང་ལས་ཕན་ཚུན་ལྟོས་པས་རབ་ཏུ་བརྟགས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཕན་ཚུན་ལྟོས་ནས་དེ་དག་རྣམ་པར་གཞག་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །རྟོགས་པའི་ངོ་བོ་རང་རིག་པ་ཙམ་ཡང་འཛིན་པའི་སྒྲས་བརྗོད་པ་མ་ཡིན་ནོ། །རྟོགས་པའི་ངོ་བོ་ནི་ཕན་ཚུན་ལྟོས་ནས་རབ་ཏུ་
བརྟགས་པ་མ་ཡིན་ཏེ། རང་གི་རྒྱུ་ཉིད་ལས་དེ་དེ་ལྟར་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །རྟོགས་པའི་ངོ་བོ་དེ་ཉིད་རང་རིག་པ་ཙམ་དུ་གནས་སོ། །ཇི་སྐད་དུ་བཤད་པའི་གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་ཀྱི་ཕྱིར་གཉིས་མེད་པ་ཞེས་བརྗོད་དོ། །དེ་སྐད་དུ་ཡང་། སྔོ་དང་སེར་སོགས་རྣམ་ཤེས་ལས། །ཕྱི་རོལ་
Vol. 177 · folio 204b
བཞིན་དུ་སྣང་འགྱུར་བ། །དེ་བདེན་མ་ཡིན་དེ་ཕྱིར་ཕྱི། །དེ་ཉིད་དུ་ནི་མེད་ཅེས་བྱ། །དེ་ལྟོས་བྱེད་པ་པོའི་ངོ་བོ། །རིག་པར་འདོད་པ་གང་ཡིན་པ། །དེ་ཡང་དེ་ཉིད་མིན་དེའི་ཕྱིར། །མྱོང་བ་གཉིས་མེད་ཅེས་ངེས་འགྱུར། །ཞེས་བཤད་དོ། །རྟོགས་པའི་ངོ་བོ་ཡང་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ན་
ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་མཐོང་བའི་ཐལ་བ་མེད་དོ། །འདི་ལྟར་རྟོགས་པའི་ངོ་བོ་དེ་ལ་ཆ་མེད་པ་ཉིད་ཀྱི་ཕྱིར་གཟུང་དུ་ཟིན་ཀྱང་འཁྲུལ་པའི་ས་བོན་དང་རྗེས་སུ་འབྲེལ་པའི་ཕྱིར། ཇི་ལྟར་རྟོགས་པ་བཞིན་དུ་གཉིས་མེད་པའི་ངེས་པ་སྐྱེ་བར་མི་འགྱུར་རོ། །དེ་བས་ན་གཉིས་མེད་པའི་ངོ་བོ་བཟུང་དུ་ཟིན་
ཀྱང་མ་བཟུང་བ་དང་འདྲ་བ་ཡིན་ནོ། །འདི་ཙམ་གྱིས་རྟོགས་པའི་ངོ་བོ་ཡང་སྤྱིར་ཆོས་ཅན་ཙམ་དུ་མ་གྲུབ་པ་མ་ཡིན་ནོ། །དེ་ལྟར་ན་ཆོས་ཅན་རྟོགས་པའི་ཁྱད་པར་ནི་གཉིས་དང་གཉིས་མེད་པའི་ངོ་བོ་ཉིད་ཡིན་ལ། བྱེ་བྲག་གི་ངོ་བོར་ངེས་པ་མེད་པའི་ཕྱིར། ཆོས་ཅན་ཙམ་ཡང་ངེས་པ་མེད་པ་ཡིན་ནོ་ཞེས་
སེམས་དང་བཅས་པས་བརྗོད་པར་ནུས་པ་མ་ཡིན་ནོ། །དེ་ལྟར་ན་སྒྲ་ལ་སོགས་པ་ལ་ཡང་སྤྱིར་ཆོས་ཅན་གྲུབ་པ་ལ་སྐད་ཅིག་མ་དང་། སྐད་ཅིག་མ་མ་ཡིན་པའི་ཁྱད་པར་གྱི་སྒོ་ནས་བརྩད་པ་ན་ཕྱིས་རྗེས་སུ་དཔག་པ་འཇུག་པར་འགྱུར་རོ། །རྗེས་སུ་དཔག་པ་ལས་སྔར་སྐད་ཅིག་མ་ལ་སོགས་པའི་ངོ་བོའི་ཁྱད་
པར་མ་གྲུབ་བ་ཉིད་ཀྱི་ཕྱིར་ཆོས་ཅན་ཙམ་ཡང་མ་གྲུབ་པ་ཡིན་ནོ་ཞེས་བརྗོད་པར་མི་ནུས་ན། གང་ལས་གཞི་མ་གྲུབ་པའི་གཏན་ཚིགས་སུ་འགྱུར། རྗེས་སུ་དཔག་པ་ཐམས་ཅད་ལ་ཡང་སྤྱིར་ཆོས་ཅན་གྲུབ་པར་འདོད་པར་བྱའོ། །དེ་ལྟར་ཡིན་ན་རྩོད་པའི་གཞིར་གྱུར་པའི་ཆོས་ཀྱང་། གང་གི་ཚེ་ཆོས་
ཅན་ངེས་པའི་དུས་ཉིད་ན་ངེས་པར་འགྱུར་བ་དེའི་ཚེ་ཚུལ་གསུམ་པའི་རྟགས་དོན་དུ་གཉེར་བ་དོན་མེད་པར་འགྱུར་རོ། །དེའི་ཕྱིར་འདིར་ཡང་སྤྱིར་དགའ་བ་ལ་སོགས་པ་དང་ལྡན་པའི་ཆོས་ཅན་རྟོགས་པ་མངོན་སུམ་གྱིས་རབ་ཏུ་གྲུབ་མོད་ཀྱི་འཁྲུལ་པ་ཡོད་པའི་ཕྱིར་གཉིས་མེད་པའི་ངོ་བོ་མ་ངེས་ན་ཡང་དེ་སྒྲུབ་པར་བྱེད་
པའི་ཕྱིར་རྗེས་སུ་དཔག་པ་འཇུག་པར་འགྱུར་རོ། །སྦྱོར་བ་ཡང་གང་ཞིག་གང་གི་ངོ་བོ་ལ་གནོད་པ་དེ་ནི་དེའི་ངོ་བོས་དབེན་པ་ཡིན་ཏེ། དཔེར་ན་གྲང་བའི་ངོ་བོ་ལ་གནོད་པ་དྲོ་བ་གྲང་བའི་རང་བཞིན་གྱིས་དབེན་པ་ཡིན་པ་ལྟ་བུའོ། །རྟོགས་པའི་ངོ་བོ་ཡང་ཇི་སྐད་དུ་བཤད་པའི་རྣམ་པས་གཉིས་ཀྱི་ངོ་བོ་ཉིད་ལ་གནོད་པ་
Vol. 177 · folio 205a
ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །དེ་བས་ན་རང་རིག་པ་ཉིད་ཙམ་ཇི་སྐད་དུ་བཤད་པའི་གཉིས་ཀྱིས་དབེན་པའི་ཆོས་རྣམས་བདག་མེད་པ་ཡིན་གྱི་དངོས་པོ་ཐམས་ཅད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ལ་སོགས་པ་དེ་དང་དེར་ཆོས་རྣམས་གཅིག་དང་དུ་མའི་ངོ་བོ་འགོག་པར་སྟོན་པ་དང་། དེ་བཞིན་དུ་སྐྱེ་བ་ལ་སོགས་པ་འགོག་པར་བྱེད་པ་གང་ཡིན་པ་དེ་ཡང་ཀུན་དུ་བརྟགས་པའི་ངོ་བོ་ཉིད་བཟུང་ནས་ཡིན་གྱི་གཞན་གྱི་དབང་གི་ངོ་བོ་གཉིས་མེད་པ་ནི་མ་ཡིན་ནོ། །དེ་ལྟར་ན་གཉིས་སུ་སྣང་བའི་རྣམ་པར་ཤེས་པ་
ཁོ་ནས་སྐྱེ་བ་ལ་སོགས་པའི་བྱེ་བྲག་བྱེད་ཀྱི་རང་རིག་པ་ཙམ་གྱིས་ནི་མ་ཡིན་ནོ། །གཉིས་སུ་སྣང་བ་ཡང་བརྫུན་པ་ཉིད་ཡིན་པའི་ཕྱིར་དེས་རྣམ་པར་གཞག་པའི་ངོ་བོ་ཡང་བརྫུན་པ་ཉིད་ཡིན་ནོ། །དེ་ཉིད་རྒྱས་པར་བསྟན་པའི་ཕྱིར་དེ་ནི་བསླད་པ་ཉིད་ཡིན་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་དང་
ཚོར་བ་ལ་སོགས་པ་ཡུལ་དང་ཡུལ་ཅན་གྱི་རྣམ་པའི་རྟེན་གྱི་སྒོ་ནས་ཞེས་བྱ་བ་ནི་གཟུགས་ཡུལ་གྱི་རྣམ་པར་གཞག་ཅིང་། ཚོར་བ་ལ་སོགས་པ་ཡུལ་ཅན་གྱི་རྣམ་པར་རོ། །གང་གིས་དམིགས་པ་ཞེས་བྱ་བ་ནི་སྒྲོ་བཏགས་པའི་བྱེད་པ་པོའི་ངོ་བོས་སོ། །གང་དམིགས་པས་ཞེས་བྱ་བ་ནི་ཕྱི་རོལ་བཞིན་དུ་
སྣང་བར་འགྱུར་བ་བཟུང་བའོ། །དེའི་ཚེ་སྐྱེ་བ་ལ་སོགས་པ་དམིགས་པའི་རྟེན་ཅན་མ་ཡིན་པ་ཞེས་བྱ་བ་ལ་གང་གི་ཚེ་གཟུང་བ་དང་འཛིན་པའི་རྣམ་པར་འཁྲུལ་པ་ཡིན་པ་དེའི་ཚེ་དེ་ལྟ་བུར་གྱུར་པའི་སྐྱེ་བ་ལ་སོགས་པ་དམིགས་པའི་རྟེན་ཅན་མེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་བརྟགས་པ་ཉིད་མེད་པར་བསྟན་ཏོ། །
རྣམ་པར་ཤེས་པར་བྱེད་པས་ན་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པས་འཛིན་པ་ཉིད་དུ་སྒྲོ་བཏགས་པའི་མཚན་ཉིད་བསྟན་ཏོ། །གཟུགས་ལ་སོགས་པ་ཅུང་ཟད་ཡུལ་དུ་གྱུར་པ་ཞེས་བྱ་བ་ལ་གཞིག་ཅིང་གཞོམ་དུ་རུང་བས་ན་གཟུགས་སོ། །མཉན་པར་བྱ་བ་ཡིན་པས་ན་སྒྲའོ། །འདིས་ནི་གཟུང་བ་ཉིད་དུ་
སྒྲོ་བཏགས་པའི་མཚན་ཉིད་བསྟན་ཏོ། །གཟུང་བ་དང་འཛིན་པའི་རྣམ་པ་ལས་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པ་ལས་བཟློག་པ་སྟེ། གཟུང་བ་དང་འཛིན་པའི་འབྲེལ་པས་དབེན་པའི་མཚན་ཉིད་ཡོད་པ་མ་ཡིན་ནོ། །གཟུང་བའམ་འཛིན་པ་དང་འབྲེལ་པས་མཚོན་པར་བྱ་བ་རྣམ་པར་གཞག་པ་ཡིན་པས་ན།
Vol. 177 · folio 205b
མཚན་ཉིད་ཡིན་ཏེ་རྣམ་པ་གཞན་དུ་གཞག་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །དེ་བས་ན་མཚན་ཉིད་དེ་རང་བཞིན་གྱིས་སྟོང་པའི་ཕྱིར་ཞེས་བྱ་བ་ནི་ཤེས་པ་གཞན་གྱིས་མཚོན་པར་བྱ་བ་རྣམ་པར་གཞག་པར་བྱ་བའི་ངོ་བོ་གང་ཡིན་པ་དེ་ནི་མཚན་ཉིད་དེ། དེ་ལྟ་བུར་གྱུར་པའི་རང་བཞིན་དེས་སྟོང་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །
དེ་རང་རིག་པའི་ངོ་བོས་ནི་མ་ཡིན་ཏེ། ཤེས་པ་གཞན་གྱིས་མཚོན་པར་མི་ནུས་པའི་ཕྱིར་རོ། །མཆེད་པར་བྱེད་པས་ན་ཞེས་བྱ་བས་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་སྐྱེ་བ་མཆེད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་ནི་གཟུང་བ་དང་འཛིན་པར་མངོན་པར་ཞེན་
པའོ། །ཅིའི་ཕྱིར་ཡུལ་ངེས་པ་ལ་སོགས་པའི་སྒོ་ནས་འཇུག་པར་འགྱུར་ཞེ་ན་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ལ་ལྟོས་པ་མེད་པ་ཡིན་ན་ཡུལ་དང་དུས་ལ་སོགས་པ་ཐམས་ཅད་དུ་རྣམ་པར་རིག་པ་ཐོབ་པོ་སྙམ་དུ་སེམས་སོ། །སེམས་དང་སེམས་ལས་བྱུང་བ་དང་མཚུངས་པའི་ངོ་བོ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་
བྱ་བ་ནི་ཕྱིས་འབྱུང་བའི་ངང་ཚུལ་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་རིགས་མཐུན་པ་ནི་སེམས་དང་སེམས་ལས་བྱུང་བ་དང་མཚུངས་པ་སྟེ། རང་གི་རྒྱུད་ལ་རག་ལས་པ་སེམས་དང་སེམས་ལས་བྱུང་བའི་སྐད་ཅིག་མ་སྔ་མའོ། །ས་བོན་གང་ལ་དེའི་ངོ་བོ་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་
སྐད་དུ་ས་བོན་ཞེས་བྱ་བ་གཞན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་གྱི་འོན་ཀྱང་རྟོགས་པའི་ངོ་བོ་ཁྱད་པར་ཅན་སྔ་མ་སྔ་མ་ཉིད་ཡིན་པ་དེ་བས་ན་རང་རིག་པ་ཉིད་ཡིན་པའི་ཕྱིར། འདི་འདི་ཞེས་བསྟན་པར་མི་ནུས་སོ་ཞེས་བཤད་པར་འགྱུར་རོ། །གལ་ཏེ་བསྟན་པར་མི་ནུས་པའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ། འདི་
འདི་ཞེས་བསྟན་པར་མི་ནུས་སོ་ཞེས་སྨྲ་བས་དེ་དཔྱད་པར་མི་ནུས་པའི་རང་བཞིན་ཉིད་ཡིན་པར་ཁས་བླངས་པ་ཡིན་ཏེ། དཔྱད་པར་ནུས་པའི་རང་བཞིན་ཉིད་ཡིན་ན་ནི་ཇི་ལྟར་སྟོན་པར་མི་འགྱུར། བསྟན་པར་མི་ནུས་པའི་རང་བཞིན་དེ་ཇི་ལྟར་ཡོད་པ་མ་ཡིན། ཡོད་པ་རྣམ་པར་གཞག་པ་ཡང་བསྟན་པ་སྔོན་དུ་སོང་
བ་ཅན་ཉིད་ཡིན་པའི་ཕྱིར་རོ་ཞེས་བསམས་པའོ། །གལ་ཏེ་དེ་མེད་པར་འགྱུར་བ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའིའོ། །འདི་སྐད་དུ་སྟོན་པར་འགྱུར་ཏེ་བདེ་བ་ལ་སོགས་པ་སོ་སོ་རང་གིས་རིག་པ་ནི་འདི་ཉིད་དུ་བསྟན་པར་ནུས་པ་ཅན་ནམ་ཐ་སྙད་དུ་འོས་པ་མ་ཡིན་ཏེ། དེ་ནི་དེ་ཙམ་དུ་མེད་པ་མ་ཡིན་ནོ། །
Vol. 177 · folio 206a
འཁྲུལ་པའི་ས་བོན་ཡང་རྣམ་པར་ཤེས་པ་ཉིད་སྔོན་དུ་སོང་བ་ཅན་ཡིན་ལ་དེ་མེད་ན་རྟོགས་པ་ཡང་མེད་པར་འགྱུར་རོ། །དེ་བས་ན་རང་རིག་པ་ཙམ་ཡང་མེད་པའི་ཕྱིར་དང་ཕྱི་རོལ་ཡང་ཤིན་ཏུ་མེད་པའི་ཕྱིར་དང་འདི་ཐམས་ཅད་ནི་རི་བོང་གི་རྭ་དང་འདྲ་བར་འགྱུར་རོ། །གང་གི་ཚེ་དེ་ལྟ་ཡིན་པ་
དེའི་ཚེ་མེད་པར་ཁྱད་པར་མེད་པའི་ཕྱིར་ཇི་ལྟར་རྨི་ལམ་ན་དམིགས་པའི་སྐྱེས་བུ་རྣམས་ཀྱི་རྨི་ལམ་ན་གང་འགའ་ཞིག་སྐྱེ་བ་དང་འཆི་བར་དམིགས་པ་དང་། དེ་བཞིན་དུ་གཞན་དག་གིས་དམན་པ་དང་ཁྱད་པར་ཅན་གྱི་གནས་སྐབས་ཐོབ་པར་དམིགས་པ་གང་ཡིན་པ་དེ་དག་ནི་རྨི་ལམ་ན་དམིགས་པའོ། །
རྨི་ལམ་ན་སྟེ་རྨི་ལམ་གྱི་གནས་སྐབས་ན་ཇི་སྲིད་དུ་སྐྱེས་བུ་མཐོང་བ་པོ་དེ་མ་སད་པ་དེ་སྲིད་དུ་དེ་ལ་དེ་ལྟར་སྐྱེ་བ་དང་འཆི་བ་ལ་སོགས་པ་དམིགས་པ་དེ་ལྟར་སྐྱེས་བུ་མཐོང་བ་པོ་སད་པ་ན་ཡང་། དེ་དག་གི་རྨི་ལམ་ན་དམིགས་པའི་སྐྱེ་བ་དང་འཆི་བ་ལ་སོགས་པའི་ཐ་སྙད་ཐམས་ཅད་འཇུག་པར་འགྱུར་རོ། །སྐྱེས་
བུ་མཐོང་བ་པོ་བཞིན་ཏེ། སྐྱེས་བུ་རྨི་ལམ་མཐོང་བ་པོ་དེའི་ཇི་ལྟར་སད་པའི་གནས་སྐབས་ན་སྐྱེ་བ་དང་འཆི་བ་ལ་སོགས་པའི་ཐ་སྙད་འཇུག་པ་དེ་ལྟར་རྨི་ལམ་གྱི་སྐྱེས་བུ་མཐོང་བ་པོ་རྣམས་ཀྱང་སད་པའི་གནས་སྐབས་ན་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མེད་པ་འདི་དག་ལ་ཞེས་བྱ་བ་ནི་རྨི་ལམ་ན་དམིགས་
པ་དང་སྐྱེས་བུ་མཐོང་བ་པོ་དག་གི་ལའོ། །མངོན་པར་འདོད་པའི་སྐྱེས་བུ་བཞིན་ནམ་ཞེས་བྱ་བ་ནི། གང་སྐྱེ་བ་དང་འཆི་བ་ལ་སོགས་པར་འདོད་པའོ། །འདི་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་མངོན་པར་འདོད་པའི་སྐྱེས་བུའོ། །འགྱུར་བར་ནི་འདོད་མོད་ཀྱི་ཤེས་བྱ་ནང་གི་ཡིན་པར་སྨྲ་བ་ལ་ཡང་བརྒལ་བ་འདི་
མཚུངས་པ་ཡིན་ཏེ། འདི་ལྟར་དེའི་སྔོན་པོ་དང་སེར་པོ་ལ་སོགས་པ་ཕྱི་དང་ནང་ན་ཡོད་པ་མ་ཡིན་ནོ། །དེ་སྐད་དུ། དེའི་ཕྱིར་དོན་དམ་ཤེས་པ་ལ། །རགས་སྣང་མ་ཡིན་ཞེས་བྱ་བ་ལ་སོགས་པས་བཤད་པ་ཡིན་ནོ། །ཕྱི་དང་ནང་ན་མེད་པ་ཉིད་ཀྱི་ཕྱིར་རི་བོང་གི་རྭ་དང་འདྲ་བ་ཡིན་ནོ། །དེ་ལ་མེད་པ་ཉིད་དུ་
མཚུངས་པ་ཡིན་ན་ཅིའི་ཕྱིར་སྔོན་པོ་དང་སེར་པོ་ལ་སོགས་པ་ཡུལ་དང་དུས་ངེས་པ་ཅན་སྐྱེ་བ་དང་འཇིག་པ་དང་གནས་པ་རྣམ་པར་ཕྱེ་བའི་ངོ་བོ་གསལ་བར་སྣང་བར་འགྱུར་གྱི་རི་བོང་གི་རྭ་ལ་སོགས་པ་ནི་མ་ཡིན་ནོ་ཞེ་ན། བརྒལ་བ་འདི་མཚུངས་པ་མ་ཡིན་ཏེ། འདི་ལྟར་ཕྱིན་ཅི་ལོག་ཏུ་སྣང་བ་ཅན་གྱི་འཁྲུལ་པའི་
Vol. 177 · folio 206b
ས་བོན་སེམས་དང་སེམས་ལས་བྱུང་བ་དང་མཚུངས་པའི་ངོ་བོ་དོན་དམ་པར་ཡོད་པ་ཡིན་ཏེ། དེ་ཡང་ནུས་པ་སོ་སོར་ངེས་པ་ཅན་ཡིན་ནོ། །ནུས་པ་སོ་སོར་ངེས་པ་དེ་ལས་ཀྱང་ཕྱིན་ཅི་ལོག་གི་འཁྲུལ་པ་སྐྱེ་བ་དོན་དམ་པར་རང་རིག་པ་ཙམ་གྱི་བདག་ཉིད་ཅན་ཡིན་ན་ཡང་། ནང་གི་བསླད་པའི་དབང་གིས་སྔོན་པོ་དང་
སེར་པོ་ལ་སོགས་པ་མེད་དུ་ཟིན་ཀྱང་ཕྱི་རོལ་ན་གནས་པ་བཞིན་དུ་སྐྱེ་བ་དང་འཇིག་པ་ལ་སོགས་པ་དང་ལྡན་པ་བཞིན་དུ་སྟོན་གྱི་སྔོན་པོ་དང་སེར་པོ་ལ་སོགས་པ་ལ་ཕྱི་རོལ་གྱི་སྐྱེ་བ་དང་འཇིག་པ་དང་ལྡན་པ་མ་ཡིན་ནོ། །དེ་ལ་སྔོན་པོ་ལ་སོགས་པ་ཡང་དེ་ལྟ་བུར་གྱུར་པ་སྟོན་པར་བྱེད་ཀྱི་རི་བོང་གི་རྭ་ལ་སོགས་པ་ནི་མ་
ཡིན་ཏེ། འཁྲུལ་པ་ནི་དེ་ལྟ་བུའི་རང་བཞིན་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་རང་བཞིན་ཉིད་ནི་དེ་ལྟ་བུར་གྱུར་པའི་ས་བོན་ལས་སྐྱེ་བའི་ཕྱིར་རོ། །མེད་པ་སྟོན་པར་བྱེད་པའི་འཁྲུལ་པ་ནི་ཇི་ལྟར་འགའ་ཞིག་མེད་པ་དེ་སྟོན་པར་བྱེད་ཀྱི་ཐམས་ཅད་ནི་མ་ཡིན་ཏེ། དཔེར་ན་རབ་རིབ་ལ་སོགས་པས་
བསྐྱེད་པའི་འཁྲུལ་པ་ལྟ་བུའོ་ཞེས་བྱ་བ་དེ་ནི་རབ་ཏུ་གྲགས་པ་ཡིན་ནོ། །འདི་ནི་གང་ལ་འཁྲུལ་པ་མེད་ཅིང་འཁྲུལ་པའི་ཡུལ་ཡང་མེད་དོ་ཞེས་ཐམས་ཅད་མེད་པར་སྨྲ་བ་ལ་ཡོད་པ་མ་ཡིན་ནོ། །རེ་ཞིག་གཞན་ཤེས་བྱ་ནང་གི་ཡིན་པར་སྨྲ་བ་ཁ་ཅིག་གིས་དེ་ལྟར་ཁས་བླངས་པ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་
གཞན་དག་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་ཐམས་ཅད་མེད་པ་མ་ཡིན་ཏེ། དགའ་བ་ལ་སོགས་པ་བཞིན་དུ་གསལ་བར་ཉམས་སུ་མྱོང་བ་ཉིད་ཀྱི་ཕྱིར་རོ། །འོན་ཀྱང་སྔོན་པོ་ལ་སོགས་པ་ཕྱི་རོལ་གྱི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ཞིང་། ཤེས་པ་འཛིན་པར་འདོད་པ་གཅིག་གི་ཡང་ཆ་གཉིས་པར་གྱུར་པ་
ཡོད་པ་མ་ཡིན་ནོ། །དགོངས་པ་འདིས་ནི་ཤེས་པ་ལ་རགས་པའི་རྣམ་པར་སྣང་བ་ཞེས་བྱ་བ་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཤེས་པ་ལ་ཞེས་བྱ་བའི་འདུན་པས་འཛིན་པའི་ཆ་སོ་སོར་བསྟན་ཏེ། ཇི་ལྟར་ནང་གི་བདེ་བ་ལ་སོགས་པ་རང་ཉིད་རྟོགས་པའི་རང་བཞིན་ནི་འཛིན་པ་གཞན་གྱི་ཆར་གྱུར་པ་ནི་མ་ཡིན་
ཏེ། ཉམས་སུ་མྱོང་བ་ཙམ་གྱི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །ཀུན་དུ་བརྟགས་པའི་གཟུང་བ་དང་འཛིན་པའི་རྣམ་པ་དང་བྲལ་བ་ཉིད་ཀྱིས་གཉིས་མེད་པ་ཡིན་ནོ། །དེ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་རང་ཉིད་རྟོགས་པའི་བདག་ཉིད་ཅན་ཡིན་གྱི་གཞན་གྱི་ཆར་གྱུར་པ་ནི་མ་ཡིན་ཏེ། བདེ་བ་ལ་
Vol. 177 · folio 207a
སོགས་པ་བཞིན་དུ་རང་རིག་པའི་བདག་ཉིད་ཅན་ཉིད་ཡིན་པའི་ཕྱིར་རོ། །ཇི་སྐད་དུ་བཤད་པའི་རྣམ་པས་གཉིས་དང་བྲལ་བ་ཉིད་ཀྱི་ཕྱིར་གཉིས་སུ་མེད་པའོ། །དེ་སྐད་དུ་ཡང་སློབ་དཔོན་ཆོས་ཀྱི་གྲགས་པས་སྔོན་པོའི་ཉམས་སུ་མྱོང་བ་ལ་སྔོན་པོ་ཉམས་སུ་མྱོང་བ་ཞེས་མི་བརྗོད་དོ། །
འོ་ན་ཅི་ཡིན་ཞེ་ན། སྔོན་པོ་ཁོ་ན་ཉམས་སུ་མྱོང་བ་སྔོན་པོ་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བ་དང་། ཤེས་ལས་ཐ་དད་མ་ཡིན་ན། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །གལ་ཏེ་སྤྱི་ནི་ཤེས་ངོ་བོའི། །དོན་ཉིད་ཡིན་པར་ཐལ་བར་འགྱུར། །དེ་ལྟར་འདོད་ཕྱིར་སྐྱོན་ཡོད་མིན། །ཞེས་བྱ་བ་དང་། ཅིག་
ཅར་དམིགས་པ་ངེས་པའི་ཕྱིར། །སྔོན་པོ་དེ་བློ་ཐ་དད་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །ཐ་དད་པ་དགག་པ་ཙམ་དེ་བསྒྲུབ་པར་བྱ་བ་ཡིན་གྱི་ཐ་དད་པ་མེད་དོ་ཞེས་པ་ནི་མ་ཡིན་ཏེ། དེ་ཡང་བཤད་ན་བསྟན་བཅོས་མཛད་པ་མི་མཁས་པར་སྟོན་པར་འགྱུར་རོ། །སྔོན་པོ་ལ་སོགས་
པ་དེ་དག་ཀྱང་རི་བོང་གི་རྭ་དང་འདྲ་བ་ཡིན་ན་དེའི་ཐ་དད་པ་བགག་པ་ཅི་ཞིག་བྱ། ཡོད་པ་ཉིད་མ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཇི་ལྟར་ན་ཤིན་ཏུ་དམིགས་པ་གཅིག་དམིགས་པ་ཡིན་ཞེ་ན། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཀྱང་། །ནང་གི་ཤེས་བྱའི་ངོ་བོ་ནི། །ཕྱི་རོལ་ལྟར་སྣང་གང་ཡིན་དེ། །དོན་ཡིན་
རྣམ་ཤེས་ངོ་བོའི་ཕྱིར། །ཞེས་གསུངས་སོ། །དེ་བས་ན་བདེ་བ་ལ་སོགས་པ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་རང་དབང་ཉིད་དུ་རྟོགས་པའི་ངོ་བོ་ཡིན་ནོ། །གལ་ཏེ་འོ་ན་དུ་མ་ཅིག་ཅར་ཤེས་པ་ཐོབ་པར་འགྱུར་རོ་ཞེས་འདོད་པ་ཉིད་ཀྱི་ཕྱིར་སྐྱོན་འདི་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ན་སེམས་ཅན་རྣམ་པར་
ཤེས་པའི་རྒྱུད་གཅིག་པ་ཅན་ཡིན་ཞེ་ན། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་དགོངས་ནས་གསུངས་པའི་ཕྱིར་འགལ་བ་མེད་དོ། །གལ་ཏེ་འོ་ན་ཤེས་པ་གཅིག་ཅེས་བྱ་བ་ཅི་ཡིན་ཞེ་ན། འདི་ལྟར་རྣམ་པར་ཕྱེ་བ་བྱས་ན་ཡང་ཤེས་པ་གཞན་ཉམས་སུ་མྱོང་བ་མ་ཡིན་པ་དེ་ནི་གཅིག་ཡིན་ནོ། །དེ་ལ་ཤེས་པ་
གཞན་ཡོད་དོ་ཞེས་བརྗོད་པར་མི་ནུས་ཏེ། ཤེས་པ་ཉམས་སུ་མྱོང་བ་མེད་པ་ལ་ཡོད་པ་ཉིད་མི་རུང་བའི་ཕྱིར་དང་། ཤེས་པ་ནི་ཉམས་སུ་མྱོང་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གོ་རིམས་འདི་ཕྱི་རོལ་ལ་ཡོད་པ་ནི་མ་ཡིན་ཏེ། ཕྱི་རོལ་ཉམས་སུ་མྱོང་བ་མེད་པ་ལ་ཡོད་ཡོད་པ་ཉིད་ཁས་ལེན་པའི་ཕྱིར་རོ། །གལ་ཏེ་འོ་ན་
Vol. 177 · folio 207b
བདེ་བ་ལ་སོགས་པ་བཞིན་དུ་སྔོན་པོ་ལ་སོགས་པ་ཡང་ཤེས་པའི་ངོ་བོ་ཡིན་ན། ཅིའི་ཕྱིར་ཕྱི་རོལ་བཞིན་དུ་སྣང་ཞེ་ན། འདི་ནི་འཁྲུལ་པའི་བདག་ཉིད་ཅན་ཡིན་ནོ། །དེ་ནི་འདི་ཉིད་རིག་ཅན་མིན། །ཞེས་བྱ་བ་ལ་སོགས་པ་ལ་དེ་ཁོ་ན་ཉིད་གཉིས་སུ་མེད་པ་ཉིད་ངོ་བོ་རིག་པ་མ་ཡིན་ཞིང་། མངོན་སུམ་དུ་བྱས་
པ་མ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །གང་དག་གིས་ཞེས་བྱ་བ་ནི་འདྲི་བའོ། །གཟུང་བ་དང་འཛིན་པར་ཞེན་པ་ཡང་དག་པར་ཆད་པ་མཆོག་མཐོང་སྟེ། ཁྱད་པར་དུ་འཕགས་པ་ཉིད་ཡིན་པའི་ཕྱིར་རོ། །དེའི་མཚན་ཉིད་དང་བྲལ་བ་ཉིད་ཀྱི་ཕྱིར་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་མ་སྤངས་པ་སོ་སོའི་
སྐྱེ་བོ་གང་དག་ལ་མཆོག་མཐོང་བ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ནི་སངས་རྒྱས་ལས་གཞན་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཐམས་ཅད་སྨོས་པས་ནི་ཉན་ཐོས་དང་རང་སངས་རྒྱས་དག་གི་ཡང་དེ་རྣམ་པ་ཐམས་ཅད་དུ་སྤྱོད་ཡུལ་མ་ཡིན་ནོ་ཞེས་བསྟན་ཏོ། །སངས་རྒྱས་བཅོམ་ལྡན་
འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱིན་ཅི་ལོག་གི་རྣམ་པར་ཕྱེ་བ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ། །དེ་སྐད་དུ་གང་གི་ཕྱིར་སངས་རྒྱས་ལས་གཞན་པ་བསླད་པའི་གནས་སྐབས་ཅན་ཡིན་པ་དེའི་ཕྱིར། མང་པོ་དག་གི་མཐོང་བའི་ངོར་མཛད་ནས། སངས་རྒྱས་བཅོམ་
ལྡན་འདས་ཀྱིས་ཇི་ལྟར་མཐོང་བ་བཞིན་དུ་རྣམ་པར་གཞག་པ་མཛད་ཀྱི། ཁོ་ན་ཉིད་དུ་ནི་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་ལྟར་འཁྲུལ་པས་མཐོང་བའི་ངོར་མཛད་ནས་བསྟན་པ་མཛད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཞེན་པ་མི་མངའ་བའི་རྒྱུ་བསྟན་པར་འགྱུར་རོ། །འདི་གཉིས་ཀྱིས་དབེན་པའི་མཚན་
ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་གཉིས་ཀྱིས་དབེན་པ་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། གཉིས་ཀྱིས་དབེན་པའི་ཤེས་པའི་བདག་ཉིད་ཉམས་སུ་མྱོང་བ་དེ་ཁོ་ན་ཉིད་མཐོང་བ་ཡིན་ནོ། །དེ་བས་ན་གཉིས་ཀྱིས་དབེན་པའི་ཤེས་པ་ཉིད་སྐྱེས་པའི་དུས་ན་དེ་ཁོ་ན་ཉིད་མཐོང་བར་འགྱུར་རོ། །ཇི་ལྟར་སྣང་བ་ལས་
བཟློག་པ་ལ་འཛིན་པར་ཞེས་བྱ་བ་ནི་བདག་ལ་སོགས་པར་འཛིན་པར་རོ། །དེ་ལྟར་རྣམ་པར་གཞག་པ་ཡང་ཞེས་བྱ་བ་ནི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྐྱེ་མཆེད་རྣམ་པར་ཕྱེ་ནས་རྣམ་པར་གཞག་གོ། །རིལ་པོར་འཛིན་པ་ལ་སོགས་པ་བཟློག་པའི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དུ་མ་ཉིད་དུ་བསྟན་པ་ན། དེ་ལ་
Vol. 177 · folio 208a
གཅིག་དང་རྟག་པ་ཉིད་ལ་སོགས་པར་འཛིན་པ་ལྡོག་པར་འགྱུར་རོ། །གཟུགས་སྣ་ཚོགས་པ་དང་བློ་སྣ་ཚོགས་པ་དག་ཀྱང་སྐྱོན་མཚུངས་པ་ཡིན་ན་ཡང་སྟེ། བློ་གཅིག་ཏུ་འགྱུར་ཞིང་སྣ་ཚོགས་པ་དང་། དེ་བཞིན་གཟུགས་གཅིག་ཏུ་འགྱུར་ཞིང་སྣ་ཚོགས་པ་ཡིན་ཞིང་སྔར་བཤད་པའི་
རྣམ་པས་སྐྱོན་མཚུངས་པ་ཡིན་ནའོ། །དེ་ཐམས་ཅད་ཀྱིས་ནི་ཅིག་ཅར་སྣང་བར་གྱུར་པ་སྔོན་པོ་ལས་ཤེས་པའི་བདག་ཉིད་ཅན་ཅིག་ཅར་དམིགས་པའི་སྒོ་ནས་ཕན་ཚུན་ཐ་དད་པ་སྒྲུབ་པར་བྱེད་དོ། །བསྟན་བཅོས་མཛད་པ་ནི་དེ་ཉིད་བསྒྲུབ་པར་བཞེད་པ་མ་ཡིན་ནོ། །དེ་ལྟར་ན་ཕན་ཚུན་དབེན་པའི་ངོ་བོ་སྔོན་
བོ་དང་སེར་པོ་ལ་སོགས་པ་དམིགས་པ་གཅིག་ཏུ་འགྱུར་མོད་ཀྱི་འོན་ཀྱང་ཁས་བླངས་ནས་ཀྱང་འདིར་རྣམ་པ་འགའ་ཞིག་གིས་གཅིག་ཉིད་དུ་ཁས་བླངས་པར་ནུས་པ་ཉིད་ཡིན་གྱི་ཕྱིའི་ནི་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་འགལ་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་འདི་ལ་ཉེ་བར་བཀོད་པ་ཡིན་ནོ།། །།
ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད། བམ་པོ་ལྔ་བཅུ་རྩ་དྲུག་པ། ཤེས་པའི་བྱེ་བྲག་ཡིན་ཏེ་ཉམས་སུ་མྱོང་བའི་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་ལ། བདག་ཉིད་དུ་གྱུར་པ་ཡང་དེའི་བདག་ཉིད་དུ་གྱུར་པ་མ་ཡིན་པ་ལས། བདག་ཉིད་གཅོད་པར་བྱེད་པ་མ་ཡིན་ནོ་ཞེས་ཁྱད་པར་བརྗོད་པ་ཡིན་ནོ། །
གཅིག་མི་སྣང་བས་ཀྱང་གཞན་ཡང་མི་སྣང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཅིག་ཅར་དམིགས་པར་གྱུར་པ་རྣམ་པར་ཤེས་པའི་བདག་ཉིད་ཅན་སྔོན་པོ་ལ་སོགས་པའི་ནང་ནས་གཅིག་མི་སྣང་བ་ན་ཡང་གཞན་མི་སྣང་བའི་ཕྱིར་རོ། །གཅིག་བསྒྲིབས་པ་ན་ཡང་ཕྱི་མ་སྣང་བ་ཉིད་མ་ཡིན་ནམ་ཞེ་ན། དེ་ནི་ཡོད་པ་མ་
ཡིན་ཏེ། འདི་ལྟར་དེའི་ཚེ་ཤེས་པ་གཞན་ཉིད་སྐྱེས་པ་ཡིན་གྱི་སྔ་མའི་ཆ་བསྒྲིབས་པ་ནི་མ་ཡིན་ཏེ་ཤེས་པ་ལུས་ཅན་མ་ཡིན་པའི་ཆ་སྒྲིབ་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །གོ་རིམས་འདི་ནི་ཕྱི་རོལ་ཉིད་ལ་འགྱུར་ཏེ། ཡུལ་ཐ་དད་པ་ན་གནས་པ་དེ་ལ་ཡུལ་གཅིག་གིས་བསྒྲིབས་པ་སྲིད་པའི་ཕྱིར་རོ། །འགྱུར་
བར་ནི་འདོད་ན་ཤེས་པ་སྣ་ཚོགས་སུ་སྣང་བ་ཡང་རྣམ་པར་རྟོག་པ་དང་འབྲེལ་པའི་ཤེས་པ་གཞན་གྱིས་རྣམ་པར་ཕྱེ་ནས་འཛིན་པར་བྱེད་པ་ཉིད་ཡིན་ནོ། །དེ་བས་ན་གཅིག་མི་སྣང་བས་ཀྱང་གཞན་ཡང་མི་སྣང་བའི་ཕྱིར་རོ་ཞེས་བྱ་བ་མ་གྲུབ་པ་ཡིན་ནོ་ཞེ་ན། དེའི་ཕྱིར་འདི་ལྟར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words