ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད
Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀཱ་རི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 176 · folio 163b
པ་དེ་དག་ལ་ནི་ཐོགས་པ་དང་བཅས་པ་ཞེས་བསྟན་ཏོ། །སྔོན་པོ་དང་སེར་པོ་ལ་སོགས་པ་དག་ནི་ཤིན་ཏུ་ཐ་དད་པ་མ་ཡིན་ནམ། དེ་དག་བསྟན་དུ་ཡོད་པ་ལ་སོགས་པའི་སྒྲ་གཅིག་གིས་ཇི་ལྟར་བརྗོད་ཅེ་ན། དེའི་ཕྱིར་དེ་དག་གཞན་དག་ལས་ཐ་དད་པའི་སྤྱི་ཉིད་དུ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། དེ་ནི་གཞན་བསྟན་དུ་མེད་པ་དང་ཐོགས་པ་མེད་པ་དག་ལས་ཐ་དད་པ་གང་ཡིན་པ་དེ་ཉིད་དག་གི་སྤྱི་ཡིན་ཏེ། ཐམས་ཅད་དེ་དག་ལས་ཟློག་པ་ཉིད་ཀྱི་ཕྱིར་རོ། །གཏན་ཚིགས་དེ་བས་ནའོ། །གལ་ཏེ་བསྟན་དུ་ཡོད་པ་ལ་སོགས་པའི་སྒྲ་ཡང་རྡུལ་
ཕྲ་རབ་ཀྱི་ཚོགས་བརྗོད་པའི་སྒྲ་ཁོ་ན་ཡིན་ནམ་མ་ཡིན་སྙམ་ན། རྡུལ་ཕྲ་རབ་གཅིག་ཀྱང་ཐོགས་པ་དང་བཅས་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་ཡིན་པའི་ཕྱིར་རོ། །འབྲས་བུའི་སྒོ་ནས་སྒྲའི་འཇུག་པ་བསྟན་ནས། རྒྱུའི་སྒོ་ནས་བསྟན་པ་ནི་ཇི་ལྟར་འབྲས་
བུ་གཅིག་པ་ཅན་ནི་གཟུགས་ལ་སོགས་པའོ། །དེའི་འབྲས་བུ་བརྗོད་པའི་ཕྱིར་ཏེ། གཟུགས་ལ་སོགས་པ་གང་ཆུ་འཛིན་པ་ལ་སོགས་པའི་ནུས་པ་དེའི་འབྲས་བུ་གཅིག་པོ་ཡོད་པ་དེ་བརྗོད་པའི་ཕྱིར་ཏེ། ནུས་པ་གཅིག་བསྟན་པར་བྱའོ་ཞེས་བསྟན་པར་བྱ་
བའི་དོན་ཏོ། །དེ་བུམ་པ་མ་ཡིན་པ་ལ་སོགས་པ་གཞན་ལས་ཐ་དད་པ་བུམ་པ་ལ་སོགས་པའི་སྒྲ་རྣམས་ཀྱིས་སོ། །སོགས་པ་སྨོས་པས་ནི་འབྲུ་ལ་སོགས་པའི་སྒྲ་ཡོངས་སུ་གཟུང་ངོ་། །བརྡར་བྱས་པ་བསྟན་ཏོ་ཞེས་བྱ་བའི་སྐབས་ཡིན་ནོ། །དེ་བཞིན་དུ་
རྒྱུ་ལ་ལྟོས་པ་དག་ཀྱང་ཞེས་བྱ་བའི་དོན་ཏོ། །སྒྲ་གཅིག་ཅིག་བརྡར་བྱས་པ་བསྟན་ཅེས་བྱ་བའི་ཚིག་རྣམ་པར་བསྒྱུར་བར་བྱས་ནས་སྦྱར་རོ། །ཐ་སྙད་དུ་བྱས་པའི་དོན་ཁོ་ན་ནི་ཚེགས་ཆུང་བར་ཞེས་བྱ་བར་ཤུགས་ཀྱིས་བལྟ་བར་བྱའོ། །བ་ལང་ཁྲ་མོའི་བུ་
ཐམས་ཅད་དག་ཁོ་ན་ལ་རྒྱུ་གཅིག་གིས་ཁྲ་མོའི་བུའི་སྒྲས་བརྗོད་ཅིང་། སེར་སྐྱའི་བུ་དག་ལ་སེར་སྐྱའི་བུའི་སྒྲས་བརྗོད་ལ། སྐྱེས་བུ་འབད་པའི་རྒྱུས་སྐྱེད་པའི་ཇི་ཙམ་པའི་སྒྲ་དེ་ཐམས་ཅད་ནི་རྒྱུ་མཚུངས་པས་བསྐྱེད་པ་ཉིད་ཀྱི་ཕྱིར་བཙལ་མ་ཐག་ཏུ་བྱུང་བར་བསྟན་ཏེ།
Vol. 176 · folio 164a
བྱའོ་སྙམ་དུ་སེམས་ནི་བཙལ་བའོ། །དེའི་དེ་མ་ཐག་པ་ནི་བར་ཆད་མེད་པའོ། །དེར་བྱུང་བས་ན་བཙལ་མ་ཐག་ཏུ་བྱུང་བའོ། །དེ་དག་གིས་ནི་རྒྱུའི་ཁྱད་པར་ལ་སོགས་པ་བསྟན་ཏོ། །རྒྱུ་ཙམ་ལ་རྟེན་གྱི་སྒོ་ནས་བྱས་པ་ཞེས་བྱ་བ་སྨོས་ཏེ། སྒྲ་
ལ་བཙལ་མ་ཐག་ཏུ་བྱུང་བ་དང་། རྒྱུ་ལ་ལྟོས་པའི་རྐྱེན་ཅན་ལ་བྱས་པ་ཞེས་བརྗོད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་སྒྲུབ་པའི་སྒོ་ནས་བསྟན་ནས། དགག་པའི་སྒོ་ནས་བསྟན་པའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོ་ལ་སོགས་པ་མིག་
གིས་གཟུང་བར་བྱ་བ་དེའི་འབྲས་བུ་མིག་གི་རྣམ་པར་ཤེས་པ་དེ་བཀག་པས། སྒྲ་ནི་མིག་གིས་གཟུང་བར་བྱ་བ་མ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་ལ་ནུས་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་ན། སྤྱིར་མིག་གིས་གཟུང་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་སྒྲས་བརྗོད་
དོ། །མི་རྟག་པའི་སྒྲ་ཡང་རྟག་པ་རྣམ་པར་གཅོད་པས་རྣམ་པར་གཞག་པར་བྱ་བ་ཡིན་པ་ན། དེ་འབྲས་བུ་བཀག་པ་ཁོ་ནས་སོ། །འདི་ལྟར་གཞན་དག་གིས་རྟག་པ་དངོས་པོར་འདོད་གྱི། མེད་པ་ཙམ་ནི་མ་ཡིན་ཏེ། དེ་ཡང་བསྒྲུབ་པར་བྱ་བ་དང་། སྒྲུབ་
པར་བྱེད་པར་འགྱུར་བ་མ་ཡིན་ན། ཐ་སྙད་ཀྱི་ལམ་མི་འཇུག་པའི་ཕྱིར་བསྒྲུབ་པར་བྱ་བའམ། སྒྲུབ་པར་བྱེད་པ་ཁས་བླང་བར་བྱ་སྟེ། དེ་ལ་རྟག་པ་ཉིད་ཀྱི་ཕྱིར་བསྒྲུབ་པར་བྱ་བ་ནི་མ་ཡིན་ལ། དེ་སྒྲུབ་པར་བྱེད་པ་ཉིད་ཡིན་ནོ་དེ་ལྟར་གཞན་དག་གིས་ཀྱང་འདོད་
པར་བྱ་བའོ། །དེ་ལྟར་ན་རྟག་ཏུ་བདག་ཉིད་གནས་སྒྲུབ་པར་བྱེད་པའམ། གཞན་བདག་ཉིད་ལ་བརྟེན་པའི་འབྲས་བུ་གང་ཡིན་པ་དེ་རྟག་ཏུ་སྒྲུབ་པར་བྱེད་པ་དེ་བས་ན། དེའི་འབྲས་བུ་དེ་རྣམ་པར་གཅད་ཅིང་དེ་རྣམ་པར་བཟློག་ཅིང་མི་རྟག་པའི་སྒྲར་འགྱུར་རོ། །
འབྲས་བུ་འགའ་ཞིག་རང་རྒྱུད་དུ་བསྟན་པར་བྱ་བའི་ཕྱིར། བདག་གི་སྒྲར་ཡང་བྱས་པ་ཡིན་པ་དེ་ལྟར་ན་དེའི་འབྲས་བུ་མ་ཡིན་པ་རྣམ་པར་གཅད་པས་བདག་མེད་པའི་སྒྲར་འགྱུར་རོ། །དེ་ལྟར་ན་འབྲས་བུ་དགག་པའི་སྒོ་ནས་བསྟན་ནས། རྒྱུ་དགག་པའི་སྒོ་ནས་
Vol. 176 · folio 164b
བསྟན་པའི་ཕྱིར། དེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་པོ་དང་བཅས་པ་སྟོང་པ་ཉིད་མ་ཡིན་པ་དེའི་རྒྱུ་གང་ཡིན་པ་དེ་བཀག་པས་སྒྲ་ལ་སོགས་པའི་དངོས་པོ་འདི་ནི་བདག་པོ་མེད་པ་དང་། སྟོང་པ་ཉིད་ཅེས་བྱ་བའི་ཐ་སྙད་ཀྱི་དོན་བསྟན་ཏོ་ཞེས་བྱ་བར་སྦྱར་
རོ། །འདི་ལྟར་བདག་ལ་སོགས་པའི་རང་རྒྱུད་ཀྱིས་བདག་གིར་བྱས་པ་གང་ཡིན་པ་དེ་ནི་བདག་པོ་དང་བཅས་པར་གཞན་དག་འདོད་དེ། བདག་གིར་འདོད་པ་དེ་ལྟར་ན། སྟོང་པ་མ་ཡིན་དུ་ཟིན་ཀྱང་དེ་ལྟ་བུར་གྱུར་པར་བདག་གི་བྱེད་པ་པོས་བདག་གིར་བྱས་པ་
ཉིད་ཀྱི་ཕྱིར་རོ། །བདག་གི་བྱེད་པ་ཉིད་ཀྱང་བདག་གིར་བྱ་བའི་རྒྱུ་ཡིན་གྱི། རྣམ་པ་གཞན་དུ་ན་བདག་གིར་བྱེད་པ་ཉིད་མི་རིགས་པའི་ཕྱིར་རོ། །དེ་བས་ན་གཞན་དག་གིས་བདག་པོ་དང་བཅས་པའི་སྒྲ་ནི་རྒྱུའི་སྒོ་ནས་འཇུག་པ་ཡིན་ནོ། །དངོས་པོ་སྐད་ཅིག་མ་
རེ་རེ་ལ་རྣམ་པར་འཇིག་པའི་ཚོགས་པ་ཙམ་ལ་རག་ལུས་པ་དག་ལ། རང་གི་ངོ་བོས་གནས་པའི་བདག་གི་བྱེད་པ་པོ་འགའ་ཞིག་ཡོད་པ་མ་ཡིན་ཏེ། གང་ལ་རག་ལས་པའི་འདུ་བྱེད་འཇུག་པ་ཡིན་པ་དེ་བས་ན། བདག་མེད་པ་དང་། སྟོང་པ་ཉིད་དག་ནི་ཇི་སྐད་དུ་བཤད་
པའི་རྒྱུ་བཀག་པས་རྣམ་པར་གཞག་པ་ཡིན་ནོ། །དེ་ལྟར་གཞན་དག་ལ་ཡང་ཞེས་བྱ་བ་ནི་སྡུག་བསྔལ་བ་དང་། མི་གཙང་བ་དང་། མགོན་མེད་པ་དང་། མི་སྟོན་པ་ལ་སོགས་པ་ལ་ཡང་ངོ་། །ཅི་རིགས་པར་ཞེས་བྱ་བ་ནི་འབྲས་བུ་འགའ་ཞིག་དགག་པ་དང་། རྒྱུ་
འགའ་ཞིག་བཀག་པ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་དང་མི་གཙང་བ་ལ་སོགས་པ་ནི་འབྲས་བུ་བཀག་པས་ཡིན་ཏེ། བདེ་བ་དང་གཙང་བ་ལ་སོགས་པའི་མི་མཐུན་པའི་འབྲས་བུ་རྣམ་པར་གཞག་པ་ཉིད་ཡིན་པའི་ཕྱིར་དང་། འདུས་བྱས་ཐམས་ཅད་ནི་ལོག་
པར་སྨིན་པའི་ཆོས་ཅན་དུ་རྗེས་སུ་མཐུན་པ་ཉིད་ཀྱི་ཕྱིར་རོ། །མགོན་མེད་པ་དང་མི་སྟོན་པ་ལ་སོགས་པའི་རྒྱུ་བཀག་པས་ཡིན་ཏེ། རང་གི་རྒྱུད་ལ་མགོན་ལ་སོགས་པའི་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན་འདི་ལྟར་རྒྱུ་དང་འབྲས་བུ་དག་ནི་སྒྲུབ་པ་དང་དགག་
Vol. 176 · folio 165a
པའི་སྒོ་ནས་སྒྲ་རྣམས་ཀྱིས་འཇུག་པའི་ཡན་ལག་བཞི་དང་ལྡན་པར་བསྟན་པ་ཡིན་ནོ། །གལ་ཏེ་མི་སྟོང་བ་དང་རྟག་པ་ལ་སོགས་པ་རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར་སྟོང་པ་ཉིད་ལ་སོགས་པའི་སྒྲ་དག་ལ་གཞན་རྣམ་པར་གཅོད་པ་རྗོད་
པར་བྱེད་པ་མེད་པ་མ་ཡིན་ནམ་ཇི་ལྟར་བརྗོད་ཅེ་ན། སྟོང་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྟག་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་གང་གི་གྲུབ་པའི་མཐའ་ལ་བརྟེན་ནས་བརྟག་པ་ཅི་འདྲ་བ་དེས་སྦྱར་ཅིང་བཀོད་པའི་མི་སྟོང་པ་དང་། རྟག་པ་ལ་སོགས་པའི་
རྣམ་པ་རྣམ་པར་རྟོག་པའི་བློ་གང་ཡིན་པ་དེ་ལ་སྒྲོ་བཏགས་པ་དེ་རྣམ་པར་གཅད་པའི་མི་སྟོང་པ་ལ་སོགས་པའི་རྣམ་པ་ཀུན་ཏུ་བརྟག་པ་རྣམ་པར་གཅད་ནས་སྟོང་པ་ལ་སོགས་པའི་ཐ་སྙད་དུ་བྱེད་དོ། །ཅིའི་ཕྱིར་ཞེ་ན། སྒྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློའི་རྟོགས་
པས་ནི་དོན་འདི་སྒྲོ་བཏགས་པར་བྱའོ་ཞེས་ཀུན་དུ་རྟོག་པའོ། །དེ་བསྟན་པ་རྣམ་པར་འབྱེད་པ་འདྲེས་པ་མེད་པའི་སྒྲའི་དོན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་དངོས་པོ་ཡིན་པ་དེའི་ཕྱིར་རོ། །ཐམས་ཅད་སྨོས་པས་ནི་འདིར་དངོས་པོར་གྱུར་པ་གང་ལ་ཡང་མི་
མཐུན་པའི་ཕྱོགས་ཡོད་དོ་ཞེས་སྨྲས་པ་ཡིན་ནོ། །འདི་སྐད་དུ་སྒྲ་རྣམས་ཀྱི་དངོས་པོའི་རང་གི་མཚན་ཉིད་སྒྲུབ་པ་དང་། དགག་པ་ནི་མ་ཡིན་གྱི། འོན་ཀྱང་སྒྲུབ་པ་དགག་པའི་ཐ་སྙད་ཐམས་ཅད་ནི་རྣམ་པར་རྟོག་པའི་བློ་ཁོ་ནས་བསྟན་པ་ཡིན་ནོ་ཞེས་བསྟན་པར་
འགྱུར་རོ། །དེ་བས་ན་མི་རྟག་པ་ལ་སོགས་པ་སྒྲ་དག་ལ་མི་རྟག་པ་ལ་སོགས་པ་མི་མཐུན་པའི་ཕྱོགས་རྟག་པ་ལ་སོགས་པ་རྣམ་པར་གཅད་པར་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི། མི་མཐུན་པའི་ཕྱོགས་མེད་པའི་ཉེས་པའོ། །དེ་བརྗོད་པ་ནི་སྟོན་པའོ། །སོགས་
པའི་སྒྲས་ནི་བདག་མེད་དོ་ཞེས་འགོག་པ་ལས། འགོག་པ་མེད་དོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་ཡང་བརྗོད་པ་ཡིན་ནོ། །བློ་ངན་པ་གསལ་བྱེད་པ་ལ་སོགས་པ་དག་གི་རྣམ་པར་སྤྱོད་པ་དག་སྟེ། རྣམ་པར་བསྒྱིངས་པ་དང་། འབྲེལ་པ་མེད་པ་ཞེས་བྱ་
Vol. 176 · folio 165b
བའི་བར་དུའོ། །རིགས་པའི་རྗེས་སུ་འབྲངས་བའི་བློ་ཅན་ནི་འབྲེལ་པ་མེད་པ་བརྗོད་པར་མི་འགྱུར་བ་དེ་བས་ན། ཉེས་པ་བརྗོད་པ་དེ་དག་བཏང་སྙོམས་སུ་བྱ་བ་ཡིན་གྱི། བསམ་པར་འོས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཀྱང་གི་སྒྲ་ནི་
རིམ་པ་གཞན་དུ་སྦྱར་ཏེ། སྤྱིའི་དངོས་པོ་གཅིག་གནས་པའི་ཡང་རྒྱུའི་ཕྱིར་རོ། །མང་པོ་དག་ནི་གསལ་བའི་ཁྱད་པར་རོ། །མཉན་པ་ཡང་ཡིན་ལ་གཅིག་ཀྱང་ཡིན་པས་ན་མཉན་པ་གཅིག་གོ། །དོན་དུ་མ་འདི་ལ་རྗོད་པར་བྱེད་པ་ཡོད་པས་ན་དེ་ནི་མཉན་པ་གཅིག་དང་
ལྡན་པ་སྟེ། གལ་ཏེ་སྒྲ་གཅིག་གིས་བརྗོད་པར་འགྱུར་ན་ཞེས་བྱ་བའི་དོན་ཏོ། །འབྲས་བུ་གཅིག་པ་ཅན་ཉིད་ཀྱིས་སམ། སྤྱི་གཅིག་གི་སྒྲ་གཅིག་གི་དོན་མང་པོ་དག་ལ་ཁྱད་པར་ཅུང་ཞིག་ཀྱང་མེད་དོ་སྙམ་དུ་སེམས་སོ། །དེ་ཉིད་ནི་དེ་གཞན་དག་ལས་ཞེས་བྱ་བ་ལ་
སོགས་པ་འཆད་པར་བྱེད་དོ། །དེའི་འབྲས་བུ་ཅན་མ་ཡིན་པ་གཞན་དག་ལས་ཐ་དད་པ་གང་ཡིན་པ་དེ་ཉིད་དེའི་འབྲས་བུ་ཅན་ཐམས་ཅད་ལ་ཁྱད་པར་མེད་པ་དེའི་ཕྱིར་སྒྲ་གཅིག་གིས་བརྗོད་དོ། །འོན་ཀྱང་གཅིག་གི་གནས་པ་སྟེ། གཅིག་གིས་འཇུག་པས་ཀྱང་ངོ་། །
སྒྲ་གཅིག་གིས་དངོས་པོ་དུ་མ་བརྗོད་པ་དེ་ལྟར་ན་འགལ་བར་འགྱུར་བ་ཅི་ཡོད། ཇི་ལྟར་འབྲས་བུ་གཅིག་པ་ཉིད་ཀྱིས་མང་པོ་དག་ལ་སྒྲ་གཅིག་པ་ཉིད་འཇུག་པ་ལ་འགལ་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་སྤྱི་དངོས་པོར་གྱུར་པས་ཀྱང་ངོ་། །དེ་བས་ན་སྤྱི་དངོས་པོར་གྱུར་པ་རྟོགས་པ་ཡང་།
རིགས་པ་ཁོ་ན་ཡིན་ནོ་ཞེས་བསམས་པའོ། །འདིར་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་གྱི་ཡིན་ཏེ། དམིགས་པའི་ངོ་བོར་འདོད་པ་ནི་དམིགས་པར་འདོད་པ་སྟེ། དམིགས་པར་འདོད་པ་ཉིད་ནི་རྒྱུ་ཉིད་བརྗོད་པར་འདོད་ཅེས་བྱ་བ་ནི། བྱེད་པ་པོ་དང་བྱེད་པ་དག་བྱེད་པ་དང་ལྡན་པ་ཞེས་བྱ་བ་ཁོ་ན་
བསྡུའོ། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་སྤྱི་ནི་གསལ་བ་མ་གཏོགས་པར་མི་དམིགས་པའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ཡིན་ནོ། །མི་དམིགས་པ་ཉིད་དུ་ཁས་བླངས་པ་ནི་དེ་མཐོང་བ་ལ་བརྟེན་པ་སྟེ། སྤྱི་མཐོང་བ་ལ་བརྟེན་པའོ། །སྒྲ་དང་ངོ་བོ་ཤེས་པ་ལ་
Vol. 176 · folio 166a
སོགས་པར་མི་འགྱུར་རོ་ཞེས་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །དོན་མང་པོ་དག་ལ་བརྗོད་པ་གཅིག་གི་སྒྲ་ཡིན་ལ། རྣམ་པ་འདྲ་བར་ཤེས་པ་ནི་ངོ་ཤེས་པའོ། །སོགས་པའི་སྒྲས་ནི་སྤྱི་རྟེན་གསལ་བ་ལ་འཇུག་པར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་གཟུང་ངོ་། །
བདག་ཉིད་མ་དམིགས་པར་གྱུར་ན་དམིགས་པའི་རྒྱུར་འགྱུར་ན་སྒྲ་དང་ངོ་ཤེས་པ་ནི་གཞན་ལ་འཇུག་པ་ནི་མ་ཡིན་ནོ། །མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལ། སོགས་པའི་སྒྲ་འདིས་ཀྱང་སྔར་བཤད་པའི་ཉེས་པ་གཞན་དག་ཀྱང་གཟུང་བ་ཡིན་ཏེ། གཞན་གྱིས་ཀྱང་གཞན་དག་དང་
མཚུངས་པ་ནི་མ་ཡིན་གྱི། དེ་དང་ལྡན་པ་དག་ཏུ་ནི་འགྱུར་ཏེ་ཞེས་བྱ་བ་དང་། དེ་བཞིན་དུ་རིགས་ནི་བཞོན་པ་དང་བཞོ་བ་ལ་སོགས་པ་འགའ་ལ་ཡང་ཉེ་བར་གནས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གང་བསྟན་པ་ཡིན་ནོ། །འདིས་ནི་འདི་སྐད་དུ། རིགས་ཀྱི་རྣམ་པར་རྟོག་པ་དག་ལ་
གནོད་པ་ཅན་གྱི་ཚད་མ་ཡོད་པ་དེ་བས་ན། དེའི་རྒྱུ་ཅན་གྱིས་སྒྲ་ལ་སོགས་པ་ནི་མ་ཡིན་གྱི། འབྲས་བུ་གཅིག་པ་ཅན་ཉིད་ལ་ནི་འགལ་བ་མེད་པའི་ཕྱིར་དེས་བྱས་པ་ཉིད་ཀྱི་སྒྲ་དང་ངོ་ཤེས་པ་ལ་སོགས་པ་རིགས་པ་ཡིན་ནོ། །སུན་འབྱིན་པ་གཞན་ལ་བསྟན་པའི་ཕྱིར་འོན་ཀྱང་ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། སྤྱི་དངོས་པོར་གྱུར་པ་འདོད་པས་བདག་ཉིད་ཀྱིས་རྟེན་དུ་མ་ལ་དེ་གནས་པར་འདོད་པར་བྱ་སྟེ། དེ་བས་ན་གནས་པ་མེད་པ་དག་ནི་རྟེན་གྱི་སྒྲ་ལ་སོགས་པ་དག་གི་རྒྱུར་མི་རིགས་སོ། །རང་གི་རྟེན་ལ་གནས་པའི་སྤྱི་དེ་ཡང་བརྟེན་པ་མ་ཡིན་པར་འགྱུར་ཏེ།
དེའི་སྟོབས་ཀྱིས་གནས་པའི་ཕྱིར་རོ། །རྟེན་གྱི་སྟོབས་ཀྱིས་དམིགས་པ་ནི་གསལ་བ་ཡིན་ཏེ། དེ་ལ་གནས་པར་འགྱུར་ན་དེ་གཉིས་ཀ་ཡང་སྤྱི་དེ་ལ་མི་རིགས་སོ། །གང་གཅིག་པོ་དེ་ནི་ཞེས་བྱ་བ་ལ་སོགས་པ་འཆད་པར་བྱེད་དེ། གང་གཅིག་པོ་དེ་ཡང་སྤྱི་དངོས་
པོར་གྱུར་པའོ། །དུ་མ་ལ་སྟེ་རྟེན་ལ་གནས་པ་ནའོ། །མཉན་པ་གཅིག་འཇུག་པར་བྱེད་པ་ནི་རང་གི་རྟེན་ལ་འཇུག་པར་བྱེད་པའོ། །དེ་ནི་སྤྱིའོ་རྟེན་གཅིག་ལ་འཇུག་པ་འདི་གང་ཡིན་ཞེས་དྲི་བ་བཀོད་ནས་བདག་ཉིད་བརྟན་པ་གཉིས་བྱེད་པ་ནི། དཔེར་ན་ཞེས་བྱ་བ་ལ་
Vol. 176 · folio 166b
སོགས་པ་སྨོས་ཏེ། ཡང་ན་སྤྱིའི་སྒྲ་ནི་སྤོང་བར་བྱེད། འཇུག་པ་འདི་ལ་འགའ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གནས་པ་ནི་རང་གི་རྟེན་ལ་བརྟེན་པ་ཡིན་པར་འགྱུར་ཏེ་དཔེར་ན་འཁར་གཞོང་སྟེ་རྟེན་ལ་རྒྱུ་ཤུག་གི་འབྲས་བུ་གནས་པ་ལྟ་བུའམ། སྤྱི་དེའི་རྟེན་ལ་གནས་པ་ནི་
གསལ་བ་ཡིན་པར་འགྱུར་ཏེ། རྟེན་དེ་རྣམས་ཀྱིས་གསལ་བར་བསྟན་པའི་ཕྱིར་རོ། །དེ་ལ་གལ་ཏེ་གནས་པ་བརྟེན་པ་ཉིད་ཡིན་པར་འདོད་པ་དེའི་ཚེ་གསལ་བ་དེའི་རྟེན་ཉིད་དུ་འདོད་པར་བྱའོ། །རྟག་པ་ཡང་སྤྱིར་ཁས་བླངས་པ་དེའི་ཕྱིར་རྟེན་རྣམས་ཀྱི་ཕན་བཏགས་པ་མེད་པའི་
གཏན་ཚིགས་ཀྱིས་རྟེན་དུ་འདོད་པའི་གསལ་བ་དག་ནི་རྟག་པའི་རྟེན་མ་ཡིན་ནོ། །རྟག་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། འོན་ཏེ་བརྟག་པར་མི་འདོད་པ་དེའི་ཚེ་ཡང་མི་རྟག་པ་ཉིད་ནི་གཞན་དང་གཞན་ལས་སྐྱེས་པ་སྟེ། ཅིག་ཤོས་དང་ཅིག་ཤོས་ལས་སྐྱེས་པའི་
ཕྱིར་དང་། སྤྱི་དུ་མ་ཉིད་ནི་དུ་མ་ཉིད་ཀྱི་ཕྱིར་དང་། ཁྱད་པར་བཞིན་དུ་སྟེ། ཁྱད་པར་རྣམས་དང་འདྲ་བར་སྤྱི་དེ་ལ་ཤེས་པ་གཅིག་དང་མི་ལྡན་པའི་ཕྱིར་ཏེ། ཤེས་པ་གཅིག་དང་མི་ལྡན་པའི་རྒྱུའི་ཕྱིར་རྟག་པ་ནི་སྤྱིར་འདོད་དེ་ཞེས་བྱ་བ་འདི་དང་སྦྱར་རོ། །རྟག་པ་ལ་ཡང་ཅི་ཞིག་བྱེད་
པ་ན། རྟེན་དེ་གཞིར་འགྱུར་བ་མེད་པ་ཁོ་ན་ཡིན་ནོ་ཞེས་བསམས་སོ། །ཕན་འདོགས་པར་བྱེད་པ་ཉིད་ཀྱི་ཕྱིར་ནི་རྟེན་མ་ཡིན་གྱི་འོན་ཀྱང་རྟེན་དེ་ལ་སྤྱི་དེའི་འཕྲོད་པ་འདུ་བ་ཡིན་པའི་ཕྱིར་རོ།། །།བམ་པོ་བཅུ་དྲུག་པ། ཕན་གདགས་པར་བྱ་བ་དང་
ཕན་འདོགས་པར་བྱེད་པ་ཉིད་མེད་པ་ལ་ནི་འཕྲོད་པ་འདུ་བ་མི་སྲིད་པ་བསྟན་པའི་ཕྱིར། འཕྲོད་པ་འདུ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟེན་དང་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་པོའི་ཡིན་ཏེ། ཡུལ་ཐ་དད་པ་མེད་པར་གྲུབ་པ་ནི་ཐ་མི་དད་པར་གྲུབ་པ་དག་སྟེ། དེ་དག་གི་
རྟེན་དང་བརྟེན་པའི་དངོས་པོ་གང་ཡིན་པ་དེའི་འཕྲོད་པ་འདུ་བའོ། །ཕན་འདོགས་པར་མི་བྱེད་ཅེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་སྟེ། ཕན་འདོགས་པར་མི་བྱེད་པའི་རྟེན་ཏེ། གཞི་དེ་ཉིད་ནི་འདིར་བསམ་པར་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤིན་ཏུ་
Vol. 176 · folio 167a
ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཕན་འདོགས་པར་བྱེད་པ་མ་ཡིན་པ་ཡང་རྟེན་ཉིད་དུ་འདོད་ན། དེའི་ཚེ་ཐམས་ཅད་ཐམས་ཅད་ཀྱི་རྟེན་དུ་འགྱུར་ན། དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་འཕྲོད་པ་འདུ་བ་དང་ཞེས་བྱ་བ་ལ་སོགས་པ་ལ། ཐ་མི་
དད་པར་གྲུབ་པ་དག་ནི་འཕྲོད་པ་འདུ་བ་དག་ཡིན་ཏེ། དཔེར་ན་བརྩམ་པར་བྱ་བ་དང་། རྩོམ་པ་པོ་དག་ལྟ་བུའོ། །ཐ་དད་པར་གྲུབ་པ་དག་ནི་ལྡན་པ་ཡིན་ཏེ། དཔེར་ན་མེ་དང་དུ་བ་དག་ལྟ་བུའོ། །དོན་གཅིག་པ་འཕྲོད་པ་དང་ལྡན་པ་ནི་དོན་གཅིག་ལ་འཕྲོད་པ་དང་
ལྡན་པ་སྟེ། དཔེར་ན་རྫས་གཅིག་ལ་གཟུགས་དང་རོ་དག་ལྟ་བུའམ། རྫས་གཅིག་ལ་རྒྱུ་དག་ནི་འཕྲོད་པ་དང་འདུ་བ་ཡིན་ཏེ། དཔེར་ན་ལུས་ལ་རྐང་པ་དང་ལག་པ་ལྟ་བུ་དག་གོ། །སོགས་པའི་སྒྲ་ནི་རྗེ་ཁོལ་ཉིད་ཀྱི་འབྲེལ་པ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །དངོས་པོར་གྱུར་
པའི་འབྲེལ་པའམ། དངོས་པོ་དག་གི་འབྲེལ་པ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་ཁྱད་པར་གྱི་བསྡུ་བའམ། དྲུག་པའི་བསྡུ་བའོ། །དངོས་པོ་སྨོས་པ་ནི་རྟོག་པས་བྱས་པ་བཟློག་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་ལས་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་བསྒྲུབ་པའི་ཕྱིར། གཅིག་
ལ་གཅིག་གམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་ལ་གཅིག་ཏེ། ཕན་ཚུན་ནམ་རྟེན་དུ་མངོན་པར་འདོད་པ་གཞན་གྱིས་ཕན་བཏགས་པ་མེད་པའོ། །ཕན་བཏགས་པ་མེད་པ་ནི་རག་ལུས་པ་མེད་པའི་ཕྱིར་ཏེ། ལྟོས་པ་མེད་པའི་རྒྱུའི་ཕྱིར་དངོས་པོ་ཐམས་ཅད་
ཀྱི་འབྲེལ་པ་དག་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ལས་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་སྐབས་དང་སྦྱར་རོ། །རྟེན་གྱིས་ཕན་བཏགས་པ་ཡོད་དུ་ཟིན་ཀྱང་བརྟེན་པ་དག་ནི་གཅིག་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པའི་དངོས་པོ་མེད་པ་ཉིད་མ་ཡིན་ནམ། ཅིའི་
ཕྱིར་ཞེ་ན། གཅིག་ལ་གཅིག་གམ་གཞན་དག་གི་ཅེས་གཉི་ག་བཀོད་ཅེ་ན། དེ་ནི་བདེན་ཏེ་འོན་ཀྱང་གལ་ཏེ་གཞན་མངོན་སུམ་དུ་ཕན་འདོགས་པར་བྱེད་པ་མ་ཡིན་པ་དེ་ལྟར་ན་ཡང་། རྒྱུ་གཅིག་ལ་ལྟོས་པ་ཉིད་ལས་བརྒྱུད་པས་ཀྱང་འབྲེལ་པ་ཀུན་དུ་རྟོག་པ་ཡིན་པའི་ཕྱིར་
Vol. 176 · folio 167b
བཀོད་པ་ཡིན་ནོ། །གལ་ཏེ་ཡང་ཕན་ཚུན་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པའི་དངོས་པོ་ནི། དོན་གཅིག་ལ་འཕྲོད་པ་འདུ་བ་དག་ཏུ་མི་འདོད་ཅེ་ན། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བས་ན་རྟེན་གཅིག་གིས་ཕན་འདོགས་པར་
བྱེད་པའི་དངོས་པོ་མེད་པ་ལ། ཇི་སྐད་དུ་བཤད་པའི་ཉེས་པ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་ཤིན་ཏུ་ཐལ་ཆེས་པར་འཇིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཉེས་པ་བསྟན་པ་ཡིན་ནོ། །གང་གི་ཕྱིར་རང་གི་རྟེན་ལས་དོན་གཅིག་ལ་འཕྲོད་པ་འདུ་བ་དག་ནི་གདོན་མི་ཟ་བར་ཕན་
འདོགས་པར་བྱེད་པའི་རང་གི་རྟེན་གྱིས་བྱས་པ་ཡིན་པ་དེ་བས་ན། འཕྲོད་པ་འདུ་བ་དག་ནི་བདག་ཉིད་ལ་ཕན་པར་བྱེད་པ་སྟེ། རང་ཉིད་ལ་ཕན་པར་བྱེད་པ་གང་ཡིན་པ་དེའི་སྒོ་ནས་བློས་གཞན་འཕྲོད་པ་འདུ་བ་གཉིས་པ་ལ་ཡང་འབྲེལ་ནས། སྟོན་པ་པོས་འདི་དང་འབྲེལ་
པ་ནི་འཕྲོད་པ་འདུ་བ་བརྗོད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན། དོན་གཅིག་དང་འཕྲོད་པ་འདུ་བ་དེ་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོར་བྱས་པ་ཁོ་ན་སྟེ། རྟེན་དང་བཅས་པའི་རྒྱུ་དང་འབྲས་བུའི་དངོས་པོ་གང་ཡིན་པ་དེས་བྱས་ཤིང་དེས་སྦྱར་བ་ཁོ་ན་
རག་ལུས་པའི་འབྲེལ་པ་ཡིན་ནོ། །གང་གི་ཕྱིར་ཕན་འདོགས་པའི་སྒོ་ནས་རྟེན་ལ་སོགས་པའི་དངོས་པོ་ཡིན་པ་དེ་བས་ན། ཁྲ་བོ་ལ་སོགས་པའི་རྟེན་འདི་ནི་སྤྱི་ལྟོས་པ་མེད་པར་རང་གི་བདག་ཉིད་སྤྱིའི་རང་བཞིན་ལ་ཕན་པར་མི་བྱེད་པས་ན་རྟེན་ཞེས་བྱ་བ་དེས་ནི་གཡར་པོར་བྱས་
པའི་རྒྱན་ལྟ་བུའོ། །འདིས་བརྒྱན་པས་ན་ཞེས་བྱ་བའི་དབང་དུ་བྱས་ནས་རྒྱན་ནི་སྤྲས་པའོ། །དེ་དང་གཡར་པོ་བྱས་པའི་སྒྲ་ལས་འཛིན་པའི་བསྡུ་བ་བྱའོ། །དཔེར་ན་དབུལ་པོ་བདག་ཉིད་ལ་མེད་པར་གཞན་དག་ལས་འཕྲལ་དུ་གཡར་པོ་བྱས་པའི་རྒྱན་ལྟ་བུར་སྤྱིའི་རྟེན་
ཡང་སྤྱིའི་དོན་གྱི་རྟེན་ཡིན་པ་དེ་དང་འདྲའོ། །ཡང་ན་རྒྱན་གྱི་སྒྲ་གསུམ་པའི་བསྡུ་བ་དང་ངོ་བོ་བསྒྲུབ་པ་ཡིན་ཏེ། ཇི་ལྟར་གཡར་པོར་བྱས་པའི་རྒྱན་ལྟ་བུར་བརྒྱན་པར་བྱས་པ་དེ་བཞིན་དུ། སྤྱི་རྟེན་ནི་གཞན་ལ་གཡར་པོ་བྱས་པ་དང་འདྲ་བར་རྟེན་གྱི་དངོས་པོ་བསྟན་པ་
Vol. 176 · folio 168a
ཡིན་གྱི། དངོས་པོར་གནས་པ་ནི་མ་ཡིན་ཏེ། དེས་ཕན་བཏགས་པ་མེད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་པོའི་ཡིན་ཏེ། འཁར་གཞོང་ནི་རྒྱ་ཤུག་གི་འབྲས་བུ་དག་གིས་སྐྱེད་པར་བྱེད་པ་མ་ཡིན་ཏེ། དེ་དག་ནི་རང་གི་
རྒྱུ་ཁོ་ན་ལས་སྐྱེས་པའི་ཕྱིར་རོ། །དེ་བས་ན་འབྲེལ་པ་ཐམས་ཅད་ཁོ་ན་ནི་རྒྱུ་དང་འབྲས་བུའི་དངོས་པོ་ལས་ཐ་དད་པ་མ་ཡིན་ནོ་ཞེས་བསྟན་པ་གང་ཡིན་པ་དེ་ནི་མ་ངེས་པ་ཁོ་ན་ཡིན་སྙམ་དུ་སེམས་པའོ། །ལྟུང་བའི་ཚུལ་ཅན་གྱིས་ཞེས་བྱ་བ་ལ་
སོགས་པ་ནི་གྲུབ་པའི་མཐའ་སྨྲ་བ་ཡིན་ཏེ། ཡུལ་གཞན་དུ་རྣམ་པར་འཕོ་བའི་ངང་ཚུལ་ཅན་གྱི་ལྟུང་བའི་ཚུལ་ཅན་རྒྱ་ཤུག་གི་འབྲས་བུ་ལ་སོགས་པའི་དེའི་ཡུལ་སྐྱེད་པ་རྒྱ་ཤུག་གི་འབྲས་བུའི་སྐད་ཅིག་མ་ཉེ་བར་ལེན་པར་འགྱུར་བའི་འཁར་གཞོང་དང་འབྲེལ་པའི་ཡུལ་
གང་ཡིན་པའི་ཡུལ་དེ་ཉིད་དུ་སྐྱེད་པ་ནི་གཞན་དུ་འགྲོ་བར་མི་བྱེད་པའི་ཕྱིར། འདི་ནི་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་བརྟེན་པ་དག་ལ་རྟེན་དུ་འདོད་པའི་འཁར་གཞོང་ལ་སོགས་པ་དག་གི་ནུས་པ་ཡིན་ནོ། །རྫས་ལྕི་བ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ངོ་བོ་ཉིད་ནི་
རང་བཞིན་ཉིད་ཀྱིས་སོ། །ཡུལ་མི་འདྲ་བ་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་ཏེ། རང་བཞིན་གྱིས་སྒྲ་ལ་ལྟོས་པར་གྱུར་པ་ན་ཡང་གོ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་འབྲུ་མང་པོ་པ་ཡིན་ནོ། །དེ་ལྟ་བུར་གྱུར་པ་ཡང་ཡིན་ལ་འབྲས་བུ་ཡང་དེ་ཡིན་པས་ཞེས་བྱ་བ་ནི་ལས་
འཛིན་པའོ། །འབྲས་བུ་ཡང་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་སྟེ། སྐད་ཅིག་མ་ཕྱི་མ་ཕྱི་མས་བསྡུས་པའོ། །དེ་སྐྱེ་བ་དེ་ཉིད་ཀྱི་ཆོས་ཀྱི་ངོ་བོ་གང་ལ་རྫས་ལྕི་བ་རྒྱ་ཤུག་གི་འབྲས་བུ་ལ་སོགས་པའི་སྐད་ཅིག་མ་སྔ་མས་བསྡུས་པ་ཡོད་པའི་ཡུལ་འདྲ་བར་
འབྲས་བུ་སྐྱེད་པ་ཉིད་ནི་རྟེན་གྱིས་བྱས་པ་སྟེ། བདག་ཉིད་ལ་ཡང་ཚུལ་མཚུངས་པའི་འབྲས་བུ་སྐྱེ་བ་ནི་རྟེན་གྱིས་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་རྒྱ་ཤུག་གི་འབྲས་བུ་ཕྱིས་འབྱུང་བའི་ཉེ་བར་ལེན་པའི་རྒྱུར་གྱུར་པའི་སྐད་ཅིག་མ་གང་
Vol. 176 · folio 168b
ཡིན་པ་དེའི་ལྷན་ཅིག་བྱེད་པའི་འཁར་གཞོང་ནི་དེ་ཉིད་ལ་སྟེ། ཉེ་བར་ལེན་པའི་ཡུལ་གྱི་སྐད་ཅིག་མ་ཉིད་ལ་རྒྱ་ཤུག་གི་འབྲས་བུ་སྐྱེད་པ་ན་འཁར་གཞོང་ལ་བརྟེན་ཞེས་བྱའོ། །གཞན་དུ་ན་གལ་ཏེ་འཁར་གཞོང་གིས་རྒྱ་ཤུག་གི་འབྲས་བུ་དག་ལ་ཇི་སྐད་དུ་བཤད་པའི་ཕན་པ་མི་
བྱེད་པ་དེའི་ཚེ། འཁར་གཞོང་འདི་ལ་འབྲས་བུ་དག་ཅེས་བྱ་བ་དེ་ལྟ་བུའི་ཐ་སྙད་དུ་མི་འགྱུར་ཏེ། རྟེན་ངེས་པའི་ཐ་སྙད་ནི་རྒྱུ་མཚན་མེད་པར་མི་རུང་བའི་ཕྱིར་རོ། །དེ་ནི་འདིར་འཁར་གཞོང་འདི་ལ་རྒྱ་ཤུག་གི་འབྲས་བུ་དག་ཅེས་བྱ་བའི་ཕན་པ་བྱེད་པས་བྱས་པའི་ཐ་སྙད་ནི་
མ་ཡིན་ནོ། །འོ་ན་ཅི་ཡིན་འཁར་གཞོང་དང་འབྲས་བུ་དག་གི་ལྡན་པ་གང་ཡིན་པ་དེས་བྱས་པ་ཡིན་ནོ་ཞེ་ན། དེ་དག་ཉིད་ཀྱི་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའོ། །དེ་དག་ཉིད་ཀྱི་ཞེས་བྱ་བ་ནི་འཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་དག་གིའོ། །ལྡན་པ་ཞེས་བྱ་བ་ནི།
ཡང་ཐ་སྙད་ཀྱི་རྒྱུ་མཚན་ཡོད་པ་མ་ཡིན་ཏེ། ཕན་གདགས་པར་བྱ་བ་དང་། ཕན་འདོགས་པར་བྱེད་པ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འདི་དག་གིས་ཞེས་བྱ་བ་ནི་ཕ་རོལ་པོ་དག་གི་སྟེ། འཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་དེ་དག་གིས་ལྡན་པ་བསྐྱེད་
པའི་ཕྱིར་དེ་དག་ལ་ལྡན་པ་ཞེས་བྱ་བའམ། འཕྲོད་པ་འདུ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྒྱུ་གཉིས་པ་སྟེ། འཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་དག་ནི་ལྡན་པའི་འཕྲོད་པ་འདུ་བ་ཡིན་པའི་ཕྱིར་དེ་དག་ལ་ལྡན་པ་ཞེས་བྱའོ། །གཉིས་པོ་ཁོ་ནས་ལྡན་པ་བསྐྱེད་པ་དང་། གཉི་ག་ལ་
འཕྲོད་པ་འདུ་བར་ཕ་རོལ་པོས་བསྟན་པ་ན། གྲུབ་པའི་མཐའ་སྨྲ་བས་མི་བཟོད་པ་དེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་དེ་ནི་ལྡན་པའོ། །གཅིག་ཉིད་ལ་ནི་འཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་ལའོ། །འཕྲོད་པས་འདུ་བ་ཅི་མི་སྐྱེད་དམ་ཞེས་བྱ་བ་ནི། འཁར་གཞོང་དང་རྒྱ་ཤུག་གི་
འབྲས་བུ་གཅིག་གིས་སོ། །གལ་ཏེ་འཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་ཞེས་བྱ་བའི་དངོས་པོ་དག་ནི་ལྡན་པ་སྐྱེད་པའམ། རྟེན་གྱི་དངོས་པོར་ཉེ་བར་འགྲོ་བར་ནུས་པའི་རང་བཞིན་སོ་སོ་བ་དེའི་ཕྱིར་ཅིའི་ཕྱིར་གཞན་དང་གཞན་ལ་ལྟོས་ཞེས་བྱ་བ་འདི་ནི་འདྲི་བ་པོའི་བསམས་པའོ། །
Vol. 176 · folio 169a
གལ་ཏེ་སོ་སོའི་ནུས་པ་མེད་ལ་དེ་གཉིས་ཕན་ཚུན་བཅས་པ་ཉིད་ནི་ནུས་པ་ཡིན་ནོ་ཞེ་ན། ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁར་གཞོང་རྒྱ་ཤུག་གི་དངོས་པོ་ཐ་དད་པའི་ནུས་པ་མེད་པ་དེ་ནི་ཕན་ཚུན་བཅས་པ་ཡིན་དུ་ཟིན་ཀྱང་། དེ་འདྲ་བ་ཁོ་ན་ནུས་པ་
མེད་པ་དེ་ཉིད་དེ་སྐད་ཅིག་མ་ཉིད་མ་ཡིན་པའི་ཕྱིར་ཞེས་བསམས་པའོ། །སྐད་ཅིག་མ་སོ་སོ་ཐ་དད་པ་ནི་ནུས་པ་མེད་པ་ཡིན་ལ། ཕྱིས་ལྷན་ཅིག་བྱེད་པས་བྱས་པའི་ཁྱད་པར་དང་བཅས་པ་དག་ནི་ནུས་པ་ཡིན་པའི་ཕྱིར་འགལ་བ་མེད་དོ། །དེ་བས་ན་འཁར་གཞོང་དང་རྒྱ་ཤུག་གི་འབྲས་
བུའི་དངོས་པོ་ལ་ཕན་འདོགས་པ་མེད་པའི་ཕྱིར་ལྡན་པས་དེ་དང་ལྡན་པར་མི་འགྱུར་རོ། །ཕ་རོལ་པོས་བཅས་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅས་པ་ལ་ཞེས་བྱ་བ་ནི་འཁར་གཞོང་དང་རྒྱ་ཤུག་གི་འབྲས་བུ་ལའོ། །གཞན་དེ་ལས་ཕན་པ་བྱེད་པས་ཞེས་བྱ་བ་ནི་འཁར་གཞོང་དེ་
ལས་གང་གཞན་པ་ནི་རྒྱ་ཤུག་གི་འབྲས་བུའི་བདག་ཉིད་དེ། དེ་ལས་འཁར་གཞོང་ལ་ཕན་པར་བྱེད་པའི་ཕྱིར་རམ། རྒྱ་ཤུག་གི་འབྲས་བུ་ལས་གཞན་པ་ནི་འཁར་གཞོང་ཡིན་ལ། དེ་ལས་རྒྱ་ཤུག་གི་འབྲས་བུ་ལ་ཕན་པ་བྱེད་པས་ཁྱད་པར་དུ་འབྱུང་བའི་རྒྱུའི་ཕྱིར། འཁར་
གཞོང་རྒྱ་ཤུག་གི་འབྲས་བུ་དང་བཅས་པ་དག་ནི་ལྡན་པ་བསྐྱེད་པའམ། རྟེན་གྱི་ངོ་བོ་ལ་ཉེ་བར་འགྲོ་བ་ལ་ནུས་པ་ཡིན་གྱི་ཡན་གར་བ་དག་ལ་ནི་མ་ཡིན་ནོ། །བསྐྱེད་པར་བྱ་བ་ཞེས་བྱ་བ་ལ་སོགས་པས་ནི་སློབ་དཔོན་གྱི་ཡིན་ཏེ། རྒྱ་ཤུག་གི་འབྲས་བུ་དག་བསྐྱེད་པར་བྱ་བ་མ་ཡིན་
པ་ཉིད་འཁར་གཞོང་ལ་སོགས་པ་དག་ནི་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་ཡིན་ན། ཕན་པར་བྱེད་པ་འདི་ཡང་ཅི་ཡིན་ཏེ། ཡོད་པ་ཡིན་པ་ཁོ་ནའོ། །གལ་ཏེ་ཇི་ལྟར་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་ཉིད་ཁོ་ན་ཉིད་མ་ཡིན་ཞེ་ན། རང་གི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། རྒྱ་ཤུག་གི་འབྲས་བུའི་རང་གི་ངོ་བོ་རང་གི་རྒྱུ་གཞན་ཁོ་ན་ལས་གྲུབ་པའི་ཕྱིར་དང་། འབྲས་བུ་མ་ཡིན་པའི་ཕྱིར་རྒྱ་ཤུག་གི་འབྲས་བུ་དག་ནི་སྐྱེད་པར་བྱེད་པ་མ་ཡིན་ལ། འཁར་གཞོང་ཡང་སྐྱེད་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །
Vol. 176 · folio 169b
གཞན་དག་ནི་འཁར་གཞོང་ལ་སོགས་པ་ལ་རྒྱ་ཤུག་གི་འབྲས་བུ་ལ་སོགས་པའི་རང་གི་ངོ་བོ་ནི་སྐྱེ་བར་མི་འདོད་དེ། དེ་དག་ནི་རང་གི་རྒྱུ་ཁོ་ན་ལས་སྐྱེས་པའི་ཕྱིར་རོ། །འཁར་གཞོང་གིས་རྒྱ་ཤུག་གི་འབྲས་བུའི་ངོ་བོ་བྱེད་པ་ནི་མ་ཡིན་མོད་ཀྱི་འོན་ཀྱང་དེ་ལས་ངོ་བོ་
གཞན་ཡིན་ནོ་སྙམ་པ་དེ་བས་ན་གཞན་གྱི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་བརྟེན་པ་ལའོ། །དོན་གཞན་གྱིས་བྱས་པ་ལ་ནི་དོན་གཞན་གྱིས་ཕན་པར་བྱས་པར་འགྱུར་བ་མེད་དོ། །རྣམ་པ་གཉི་ག་ཡང་ཞེས་བྱ་བ་ནི་རང་གི་ངོ་བོ་དང་གཞན་གྱི་བྱ་
བ་དག་བདག་གིས་བསྟན་མ་ཐག་པའི་རྣམ་པར་འཁར་གཞོང་ལ་སོགས་པ་ནི་ཅུང་ཞིག་ཀྱང་བྱེད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་དག་ཀྱང་མང་དུ་བསྟན་ཏོ། །མང་བའི་སྒྲ་ནི་ཕལ་ཆེ་བའི་ཚིག་ཡིན་ཏེ། ཕལ་ཆེར་བཤད་པས་ན་མང་དུ་བསྟན་པའོ། །དོན་འདི་ཡང་
འདི་དེ་རྣམས་དེ་རྣམས་ཀྱི་འབྲས་བུར་འགྱུར། ཕན་འདོགས་གང་ཡིན་བསྐྱེད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་བཤད་དོ། །གཞན་དག་ནི་མང་པོའི་སྒྲ་འདྲ་བའི་དོན་དུ་སྨྲ་སྟེ། བཤད་པ་དང་འདྲ་བས་ན་འདྲ་བར་བསྟན་པ་ཏེ། གོང་དུ་བཤད་པའི་རྟེན་
གྱིས་བྱས་པའི་སྤྱིའི་རང་གི་ངོ་བོ་ལ་ཕན་འདོགས་པར་བྱེད་པ་དང་། བརྟེན་པ་ལ་ཕན་འདོགས་པར་བྱེད་པ་འཁར་གཞོང་ལ་སོགས་པ་བྱས་པ་འདི་ནི་མཚུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་མཇུག་སྡུད་པ་ཡིན་ཏེ།
དངོས་པོ་ཐམས་ཅད་ཀྱི་འབྲེལ་པ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ནི་རྒྱུའི་ཕྱིར་རྣམ་པར་གཞག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་དེ་དག་གི་རྣམ་པར་དབྱེ་བར་མི་འགྱུར་རོ་ཞེ་ན། བསྐྱེད་པར་བྱ་བ་ཁོ་ན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུས་བྱས་པའི་འབྲས་བུ་
ལས་ཕན་འདོགས་པའི་ཁྱད་པར་གང་ཡིན་པ་དེའི་སྟོབས་ལ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་རྣམ་པར་ལྟུང་བའི་ཚུལ་ཅན་གྱིས་ཆོས་ཅན་རང་གི་ཉེ་བར་ལེན་པའི་ཡུལ་ལ་བསྐྱེད་པའི་མཚན་ཉིད་ཅན་གྱི་ཉེ་བར་མཁོ་བས་རྟེན་དང་བརྟེན་
Vol. 176 · folio 170a
པའི་ངོ་བོ་ཡིན་ནོ། །སྒྲོན་མས་ཕན་པར་བྱས་པ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་ནུས་པ་རང་གི་ངོ་བོ་བསྐྱེད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར། བུམ་པ་དང་སྒྲོན་མ་ལ་སོགས་པ་དག་ནི་གསལ་བར་བྱ་བ་དང་། གསལ་བར་བྱེད་པའི་འབྲེལ་པ་
ཡིན་ཏེ། དེ་ལྟར་འབྲེལ་པ་གཞན་དག་ལ་ཡང་ཅི་རིགས་པར་སྦྱར་རོ། །གང་གི་ཕྱིར་རྒྱུ་དང་འབྲས་བུ་ཉིད་མ་གཏོགས་པར་དངོས་པོའི་འབྲེལ་པ་ཡོད་པ་མ་ཡིན་པས། དེ་བས་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེའི་ཕྱིར་ཞེས་བྱ་བའོ་འཁར་གཞོང་ནི་རྒྱ་ཤུག་གི་འབྲས་བུ་
ལ་སོགས་པ་སྐྱེད་པར་བྱེད་པའི་ནུས་པ་ཁོ་ན་རྟེན་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་སྤྱིའི་རྟེན་ལ་ཡང་སྐྱེད་པར་བྱེད་པའི་ནུས་པ་ཉིད་ཀྱི་རྟེན་དུ་ཡོད་པ་ཡིན་ནོ་ཞེས། དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའི་ནུས་པའོ། །འདི་ལ་
ཞེས་བྱ་བ་ནི་སྤྱི་ལའོ་བསྐྱེད་པར་བྱ་བའི་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། རང་གི་ཉེ་བར་ལེན་པའི་བྱེད་པའི་ཡུལ་ཁོ་ན་ལ་སྐྱེད་པར་བྱེད་པ་སྟེ། རྟེན་ངོ་བོ་གང་ལ་སྐྱེད་པར་བྱེད་པའི་ཁྱད་པར་གྱི་མཚན་ཉིད་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནི་བསྐྱེད་པར་བྱ་བ་
ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྤྱི་ནི་རྟག་པ་ཉིད་ཀྱིས་བསྐྱེད་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་མེད་ན་ཡང་སྟེ། རྟེན་མེད་ན་སྤྱི་གནས་པའི་གཏན་ཚིགས་ཀྱིས་སོ། །རྟེན་གྱི་དབང་གིས་གནས་མིན་ཞེས་བྱ་བ་ནི་སྤྱིའོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་འཆད་
པར་བྱེད་དོ། །དེ་ནི་ཞེས་བྱ་བ་ནི་སྤྱི་ནའོ། །དེ་མེད་ན་ཞེས་བྱ་བ་ནི་གསལ་བ་མེད་ན་ཡང་ངོ་། །སྤྱི་ནི་གསལ་བས་སྟོང་པའི་ཡུལ་གནས་པའི་ཕྱིར་རོ། །གལ་ཏེ་གསལ་བས་སྟོང་པའི་ཡུལ་ན་སྤྱི་མེད་པར་འགྱུར་བ་དེའི་ཚེ། དེར་སྔ་ན་མེད་པའི་གསལ་བ་སྐྱེ་བ་ལ་སྤྱི་
འབྲེལ་པར་མི་འགྱུར་ཏེ། དེ་ལ་གཞན་ལས་འོང་བ་མེད་དེ། བྱ་བ་མེད་པའི་ཕྱིར་རོ། །ཡུལ་ཐ་དད་པ་ན་གནས་པའི་གསལ་བ་ཡང་སྤྱི་དེའི་རྟེན་ཡིན་ཏེ། ཡུལ་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་སྤྱི་ནི་གཅིག་ཉིད་ཡིན་པའི་ཕྱིར་ཡུལ་ཐ་དད་པ་མ་ཡིན་ནོ་ཞེ་ན། འོན་ཏེ་
Vol. 176 · folio 170b
གསལ་བ་ཐམས་ཅད་རིགས་གཅིག་དང་ལྡན་པ་ཡིན་པས་ཡུལ་གཅིག་པ་ཐོབ་པར་འགྱུར་བའམ། ཐམས་ཅད་རིགས་དང་ལྡན་པར་མི་འགྱུར་རོ། །གལ་ཏེ་གཅིག་ཅིག་ཇི་ལྟར་ཐ་དད་པ་ཡིན་ཞེ་ན། འདི་ནི་འདིའི་ཉེས་པ་གཞན་ཡིན་ནོ། །དངོས་པོ་ལྟུང་བའི་ཆོས་ཅན་ཞེས་བྱ་
བ་ལ་སོགས་པས་གཏན་ཚིགས་ཀྱི་དོན་སྟོན་པ་སྟེ། ཀྱང་གི་སྒྲ་ནི་ཁས་བླངས་པ་སྟོན་པའི་དོན་ཏོ། །ཁས་བླངས་སུ་ཟིན་ཀྱང་སྤྱི་ལ་རྣམ་པ་འདི་རྣམ་པར་གཞག་པར་མི་ནུས་ཏེ། སྤྱི་ནི་ལྟུང་བའི་ཆོས་ཅན་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་བུ་ནི་དོན་ཉེ་བར་དགོད་པའོ། །
སྐྱེད་པར་བྱེད་པ་ཡིན་པ་ནི་འཇོག་པར་བྱེད་པ་ཉིད་མ་ཡིན་པ་དེ་ཉིད་ནི་འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟུང་བའི་གེགས་བྱེད་པ་འཇོག་པར་བྱེད་པར་ཁས་བླངས་པ་འདི་ལ་ཡང་གལ་ཏེ་རིགས་པ་འགའ་ཞིག་ལྟུང་བའི་གེགས་བྱེད་པ་ལ་བརྒལ་ཞིང་
བརྟག་པར་མི་བྱེད་པ་དེའི་ཚེ། སྐྱེད་པར་བྱེད་པ་མ་ཡིན་དུ་ཟིན་ཀྱང་འཇོག་པར་བྱེད་པ་ཡིན་ཏེ། རང་གི་བརྡའི་ངོར་བྱས་ནས་ཞེས་བྱ་བ་བསམས་པ་ཡིན་ནོ། །འདིར་འཇོག་པ་པོས་བྱས་པའི་གེགས་བྱེད་པ་ཡིན་པ་དེ་ན་གཞག་པར་བྱ་བའི་བདག་ཉིད་དུ་འགྱུར་བའམ། དེ་ལས་
དོན་གཞན་ནམ། ལྟུང་བ་མེད་པ་ཙམ་ཞེས་བྱ་བའི་བརྒལ་ཞིང་བརྟག་པ་སྲིད་པར་འགྱུར་ན། རེ་ཞིག་བདག་ཉིད་དུ་གྱུར་པ་ནི་མ་ཡིན་ཏེ། དེའི་རང་བཞིན་གཞན་ལས་གྲུབ་པར་ཁས་བླངས་པའི་ཕྱིར་རོ། །དོན་གཞན་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འཇོག་པ་པོས་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཞན་ཉིད་ཁས་བླངས་པར་འགྱུར་ན་ལྟུང་བའི་གེགས་བྱེད་པའི་དོན་གཞན་དུ་འགྱུར་བ་དེ་ཉིད་ལ་རྟེན་འདི་ཉེ་བར་སྦྱོར་བའི་ཕྱིར་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་ལྟུང་བའི་གེགས་བྱེད་པ་ཅི་ཡིན་ཏེ། གནོད་པ་བྱེད་པ་འགའ་ཞིག་
ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་འཁར་གཞོང་ལ་སོགས་པ་ལ་གནས་པའི་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་མི་ལྟུང་བར་འགྱུར་རོ་ཞེས་བྱ་བར་བསམས་པའོ། །གལ་ཏེ་རྟེན་གྱིས་བྱས་པའི་ལྟུང་བ་གེགས་བྱས་པས་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་ལྟུང་བ་མེད་པ་
Vol. 176 · folio 171a
ཡིན་ནོ་ཞེ་ན། གེགས་བྱེད་པ་ལས་མི་ལྟུང་བ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གེགས་བྱེད་པ་ཞེས་བྱ་བ་ནི་དངོས་པོ་ལས་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་མི་ལྟུང་བར་ཁས་བླངས་པས་ན། བརྒལ་ཞིང་བརྟག་པར་མཚུངས་པས་ཏེ། གེགས་
བྱེད་པ་ཞེས་བྱ་བའི་དངོས་པོས་མི་ལྟུང་བར་བྱས་པ་གང་ཡིན་པ་དེ་ནི་ཅི་རྒྱ་ཤུག་གི་འབྲས་བུ་ལ་སོགས་པའི་བདག་ཉིད་དུ་གྱུར་པའམ་དོན་གཞན་ཉིད་ཡིན་ན། དེ་ཉིད་ལ་འདི་ཉེ་བར་སྦྱོར་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་མཚུངས་པ་ཡིན་ནོ། །འོན་ཏེ་མི་ལྟུང་བ་
ཞེས་བྱ་བའི་དོན་དེས་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་མི་ལྟུང་བར་བྱས་པ་དེ་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པ་ནི། ཐུག་པ་མེད་པར་འགྱུར་བ་ཞེས་བྱ་བ་སྨོས་སོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱོགས་གསུམ་པ་ཉེ་བར་བཀོད་པ་ཡིན་ཏེ། ལྟུང་བ་
མེད་པ་དེ་གང་ཞིག་གིས་ཇི་ལྟར་བྱེད་དེ། གང་གིས་ཀྱང་བྱས་པ་མེད་དེ་མེད་པ་ཞེས་བྱ་བ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་བསམས་སོ། །འོ་ན་གལ་ཏེ་ཇི་ལྟར་དངོས་པོ་མེད་པ་བྱེད་ཅེས་བྱ་བ་བསྟན་ཅེ་ན། དངོས་པོ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་
མེད་པ་བྱེད་ཅེས་བྱ་བའི་སྒྲ་ལ་དངོས་པོ་མེད་པ་ཞེས་བྱ་བ་འགའ་ཞིག་ཀྱང་ཡོད་པར་མི་འདོད་དོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་དངོས་པོ་མེད་པ་བྱ་བ་ཉིད་ཡིན་པའི་ཕྱིར་དངོས་པོ་ཉིད་དུ་འགྱུར་རོ་སྙམ་དུ་བསམས་
པའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་དངོས་པོ་མེད་པ་བྱེད་པ་ནི་དངོས་པོའི་བྱ་བ་གང་ཡིན་པ་དེ་འགོག་པ་སྟོན་པ་ཡིན་ནོ། །དེ་ཉིད་གསལ་བའི་ཕྱིར་དངོས་པོར་མི་བྱེད་ཅེས་བྱ་བ་སྨོས་ཏེ། དངོས་པོར་མི་བྱེད་ཅེས་བྱ་བའི་ངག་འདིའི་དོན་ནི་དངོས་པོ་མེད་པ་བྱེད་ཅེས་བྱ་
བ་འདིའི་ཡང་དེ་ཙམ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཞེས་བྱ་བ་ནི་ལྟུང་བའི་གེགས་བྱེད་པ་མེད་པ་ཙམ་ཉིད་དོ། །འདི་ནི་འཁར་གཞོང་ལ་སོགས་པའོ། །དེའི་ཕྱིར་ནི་རྒྱུ་དེའི་ཕྱིར་རོ། །འདི་ནི་ཞེས་བྱ་བ་ནི་འཁར་གཞོང་ལ་སོགས་པའོ། །འཁར་གཞོང་
Vol. 176 · folio 171b
ལ་སོགས་པའི་རྟེན་འགའ་ཞིག་གིས་ལྟུང་བ་ལས་གེགས་མ་བྱས་ཤིང་མ་བཟློག་པ་གང་གི་ཚེ། གནས་མེད་དེ་རྟག་ཏུ་ལྟུང་བར་འགྱུར་བ་ཁོ་ན་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པ་སྟེ། ཡང་གི་སྒྲས་བརྟེན་པའི་ཞེས་བྱ་བའི་སྒྲ་འདིས་ཀྱང་
དངོས་པོ་སྐད་ཅིག་མ་ཅན་དག་གི་སྐད་ཅིག་མ་སྔ་མས་བསྡུས་པའི་ཉེ་བར་ལེན་པའི་ཡུལ་འདྲ་བ་ལས་སྐད་ཅིག་ཕྱི་མས་བསྡུས་པ་འབྱུང་བ་དག་ལ་བྱའོ། །དེའི་ཕྱིར་སྤྱི་ལ་ཡང་རྣམ་པ་འདི་མེད་དོ་ཞེས་བསྟན་པའི་ཕྱིར་ཁས་བླངས་ནས་འདི་སྐད་དུ་སྐྱེད་པར་བྱེད་པ་
མ་ཡིན་དུ་ཟིན་ཀྱང་ལྟུང་བའི་གེགས་བྱེད་པའི་ཕྱིར་འཇོག་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཉིད་མི་སྲིད་པར་བསྟན་པའི་ཕྱིར་སྐྱེད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟུང་བའི་ངང་ཚུལ་ཅན་དང་རྒྱ་ཤུག་གི་འབྲས་བུ་ལ་སོགས་པ་དེའི་གེགས་བྱེད་པ་སྟེ།
ལྟུང་བའི་གེགས་བྱེད་པ་སྐྱེད་པར་བྱེད་པའི་རང་བཞིན་ཅན་གྱིས་ཀྱང་བླའོ། །དེ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ལྟུང་བའི་གེགས་བྱེད་པའི་ཕྱིར་རོ། །རྫས་འགྲོ་བ་དང་ལྡན་པ་ཞེས་བྱ་བ་ནི་བྱ་བ་དང་ལྡན་པའོ། །སྤྱི་ཡང་ལུས་ཅན་ཉིད་མ་ཡིན་པའི་ཕྱིར། བྱ་བ་
མེད་པའི་མཚན་ཉིད་ཅན་ལ་གནས་པ་ཅི་ཞིག་བྱེད་པས་འཇོག་པ་སྟེ། རྟེན་དུ་འགྱུར་ཞིང་གང་གིས་སྤྱི་ལྟུང་བ་མེད་པ་དེའི་གེགས་བྱེད་པར་གནས་པར་འགྱུར། འོན་ཀྱང་གནས་ན་ནི་དེའི་རང་གི་ངོ་བོ་འཕོ་བ་མེད་པ་ཁོ་ན་ཞེས་བྱའོ། །རང་གི་ངོ་བོ་འཕོ་བ་མེད་པ་དེ་
ཡང་རྟེན་ལ་རག་ལུས་པ་མ་ཡིན་ཏེ། སྤྱི་ནི་རྟག་པ་ཉིད་ཀྱི་ཕྱིར་རོ། །ཁས་བླངས་ནས་ཀྱང་བརྗོད་པ་ནི་རྟེན་ལ་རག་ལུས་པ་དེ་ཡང་སྤྱི་ལ་གནས་པ་དེའི་ཐ་དད་པ་དང་ཐ་དད་པ་མེད་པའི་རྣམ་པར་སྤྱོད་པ་སྟེ། གཞན་ཉིད་དང་གཞན་ཉིད་མ་ཡིན་པ་རྣམ་པར་
སྤྱོད་པར་བྱེད་པ་ན་སྤྱིའི་གནས་པ་མི་རིགས་པ་ཁོ་ན་ཡིན་ནོ། །རྟེན་གྱི་རྒྱུ་ཅན་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། རྟེན་གྱི་རྒྱུ་ཅན་ཞེས་བྱ་བ་ནི་རྟེན་ལ་རག་ལས་པ་ཉིད་དོ། །དེ་ཞེས་བྱ་བ་ནི་གནས་པའོ། །དེ་ཉིད་ནི་སྤྱི་ལས་གཞན་དུ་གནས་པ་དེའི་རྟེན་
Vol. 176 · folio 172a
བྱེད་པ་ཡིན་གྱི་སྤྱི་བྱེད་པ་ནི་མ་ཡིན་ནོ། །གནས་པ་དེ་ནི་སྤྱི་ལ་རག་ལུས་པ་དེ་བས་ན་འབྲེལ་པ་ལས་སྤྱི་ལ་ཡང་ཕན་བཏགས་པ་ཁོ་ན་ཡིན་སྙམ་པ་དེ་བས་ན། དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ཞེས་བྱ་བ་ནི་གནས་པ་དོན་གཞན་དུ་
འགྱུར་བའོ། །དེ་ལ་སྤྱི་ལ་རག་ལུས་པའི་རྒྱུ་ཅུང་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །སྤྱིའི་རྟེན་གྱིས་སྤྱི་ལ་ཅི་ཞིག་བྱེད་པར་འགྱུར་ཞེས་བྱ་བར་ཁོང་ནས་དབྱུང་ངོ་། །གལ་ཏེ་གནས་པ་ནི་སྤྱི་ལ་རག་ལུས་པར་ཁས་བླངས་པ་ཁོ་ན་ཡིན་ནོ་ཞེ་ན། རག་ལས་པ་ཁོ་ན་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རག་ལུས་པས་ཡང་ཁས་བླངས་པའོ། །གལ་ཏེ་གནས་པར་བྱེད་པས་སོ་ཞེ་ན་ཞེས་བྱ་བ་ནི་རྟེན་གྱིས་བསྐྱེད་པའི་གནས་པ་གང་ཡིན་པའི་གནས་པ་དེའི་གནས་པ་ནི་སྤྱིས་བྱས་པ་དེ་བས་ན། རྟེན་གྱིས་བསྐྱེད་པའི་གནས་
པ་དེ་ནི་སྤྱི་ལ་རག་ལས་པ་ཞེས་བྱ་བའོ། །དེ་ལ་ཡང་སྟེ་གནས་པའི་གནས་བྱེད་པ་ལས་ཐལ་བར་འགྱུར་བ་མཚུངས་པ་ཡིན་ནོ། །རྟེན་ལ་རག་ལུས་པའི་གནས་པའི་དེ་སྤྱིས་བྱས་པ་གང་ཡིན་པ་དེ་ལ་རྟེན་གྱི་རྒྱུ་ཅན་གྱི་གནས་པའི་བདག་ཉིད་དུ་འགྱུར་བའམ་ཐ་དད་
པར་འགྱུར་གྲང་ན། བདག་ཉིད་དུ་འགྱུར་བ་ཡིན་ན་ནི་རྟེན་ཁོ་ནས་དེ་བྱས་པ་དེ་ཡིན་པའི་ཕྱིར་ཅི་ལྟར་ན་སྤྱིས་བྱས་པ་ཡིན། ཐ་དད་པ་ཉིད་ཡིན་ན་ཡང་གནས་པ་དེ་ཉིད་ནི་སྤྱིས་བྱས་པའི་ཕྱིར་རྟེན་གྱིས་བསྐྱེད་པའི་གནས་པ་དང་པོ་ལ་སྤྱིས་ཅི་ཞིག་བྱས་པར་འགྱུར། འོན་
ཏེ་སྤྱིས་གནས་པ་གཉིས་པ་བྱས་པ་གང་ཡིན་པ་དེ་ནི་རྟེན་གྱིས་བསྐྱེད་པའི་གནས་པ་ལ་རག་ལས་པ་དེའི་ཚེ། རག་ལས་པ་ཞེས་བྱ་བ་དེ་ཇི་ལྟ་བུ་ཞིག་བརྗོད་པར་བྱ། སྤྱིས་བསྐྱེད་པའི་གནས་པ་ལ་རྟེན་གྱིས་བསྐྱེད་པའི་གནས་པས་གནས་པ་གཞན་གསུམ་པ་
བྱེད་པ་ཡིན་ནོ་ཞེ་ན། དེ་ལ་ཡང་ཐལ་བར་འགྱུར་བ་དང་ཐུག་པ་མེད་པར་མཚུངས་པར་འགྱུར་རོ། །ཐུག་པར་འགྱུར་བ་དེ་བས་ན་རྟེན་གྱིས་བསྐྱེད་པའི་གནས་པ་ལ་སྤྱིས་བྱས་པའི་ཕན་པར་བྱེད་པ་ངེས་པར་མི་གཟུང་བའི་ཕྱིར། འདིའི་སྟེ་སྤྱིའི་འབྲེལ་
Vol. 176 · folio 172b
པ་དང་ལྡན་པ་འདི་ནི་རྟེན་གྱིས་བསྐྱེད་པའི་གནས་པ་ཡིན་ནོ་ཞེས་བྱ་བར་ཤེས་པར་མི་འགྱུར་རོ། །གལ་ཏེ་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། རག་ལུས་པ་ཞེས་བྱ་བའི་སྐབས་ཡིན་ཏེ། སྤྱིས་རྟེན་གྱིས་བསྐྱེད་པའི་གནས་པའི་གནས་པ་གཞན་བྱས་པའི་
ནི་མ་ཡིན་གྱི། འོན་ཀྱང་དེ་ཉིད་ཀྱིས་དང་པོའི་གནས་པ་བསྐྱེད་པ་དེའི་ཚེ། སྤྱི་ཡན་གར་བའི་ནུས་པས་གནས་པར་བྱེད་པར་འགྱུར་བས་གནས་པ་བྱེད་པའི་ཕྱིར་ཁྲ་མོ་ལ་སོགས་པའི་རྟེན་ལ་ལྟོས་པ་ཅི་ཞིག་བྱ་སྟེ། ཕན་མི་འདོགས་པ་ལ་ལྟོས་པ་ནི་
མི་རུང་ངོ་། །གང་གི་ཕྱིར་ལྟོས་པ་ཞེས་བྱ་བ་ནི་དེ་ལ་རག་ལུས་པ་སྟེ། དངོས་པོ་འདི་ལ་འདི་ལྟོས་པ་ཞེས་བྱ་བ་ལ་ལྟོས་པ་གང་ཡིན་པ་དེ་ནི་ལྟོས་པར་བྱ་བ་འདི་དང་འབྲེལ་ཅིང་དེ་ལ་རག་ལུས་པ་ཉིད་དོ། །རག་ལུས་པ་དེ་ཡང་རྟག་པ་ཉིད་ཀྱི་ཕྱིར་
ཁྱད་པར་དུ་བྱར་མེད་པ་ལ་མི་རིགས་པས་སྤྱི་ཡན་གར་བས་གནས་བསྐྱེད་པའི་ཕྱིར་གནས་པའི་རྒྱུ་གཞན་ཏེ། རྟེན་ཡོད་པ་མ་ཡིན་ནོ། །དེ་བས་ན་གནས་པ་བྱེད་པའི་ཕྱིར་སྤྱིའི་གཞི་ནི་རྟེན་ཡིན་ནོ་ཞེ་ན་བྱ་བ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བསམས་པའོ། །
དེ་ལྟར་དེ་ཡང་ཐ་དད་ཐ་དད་མེད། རྣམ་པར་སྤྱོད་པ་ཞེས་བསྟན་པ་གང་ཡིན་པ་དེ་ལས་རེ་ཞིག་ཐ་དད་པའི་ཕྱོགས་གསལ་ནས་གཉིས་པ་ལ་ཕྱོགས་བརྟེན་པ་ནི། སྤྱི་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་ལ་གནས་པ་ཐ་དད་པ་མེད་པར་ཁས་བླངས་པ་
ན་ཡང་། གནས་པའི་ངོ་བོ་དེ་ནི་སྤྱི་དེའི་རང་གི་ངོ་བོ་ཁོ་ན་ཡིན་ཏེ། སྤྱིའི་རང་གི་ངོ་བོ་དེ་ཡང་རྟག་ཏུ་ཡོད་པའི་ཕྱིར་སྤྱི་འདི་ནི་རྟེན་འགའ་ཞིག་གིས་ཀྱང་གནས་པར་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ།
དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པ་ཡིན་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་དེ་བས་ནའོ། །འདིའི་ཞེས་བྱ་བ་ནི་སྤྱིའིའོ། །དེ་བས་ན་འདི་སྐད་དུ། གནས་པ་རྟེན་དང་གསལ་བ་ཡིན། །ཞེས་བྱ་བས་ཕྱོགས་གཉིས་བཤད་པ་དེ་ལ་དང་པོ་སུན་ཕྱུང་ནས་ཕྱོགས་གཉིས་པ་
Vol. 176 · folio 173a
བརྟེན་པ་ནི། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཀྱང་གསལ་བ་མ་ཡིན་པ། །ཞེས་བྱ་བ་ནི་གསལ་བར་གྱུར་པ་མ་ཡིན་པའོ། །གསལ་བ་ཞེས་བྱ་བ་ནི་རྟེན་གྱིས་སོ། །ཤེས་པའི་རྒྱུར་གྱུར་པའི་ཕྱིར་དེའི་གསལ་བ་ལ་རྟེན་དེས་
གསལ་བ་གང་ཡིན་པ་དེ་ཉིད་རྟེན་དེ་ལ་སྤྱི་གནས་པར་འགྱུར་ནའོ། །སློབ་དཔོན་གྱིས་དེ་ལྟར་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །བདག་ཉིད་རང་གི་ཡུལ་ལ་རྣམ་པར་ཤེས་པ་སྐྱེ་བ་དེ་ལ་རུང་བ་ནུས་པ་དེའི་ཕྱིར། གཞན་གྱི་ངོར་བྱེད་པ་རྒྱུ་གཞན་ལ་ལྟོས་པ་དང་བཅས་
པའི་དངོས་པོ་གང་ཡིན་པ་དེ་ནི་གསལ་བྱ་ཡིན་པར་གྲགས་པ། རང་གི་ཡུལ་ལས་ཤེས་པ་བསྐྱེད་པར་རུང་བ་དེའི་ཡང་སྒྲོན་མ་ལ་སོགས་པ་བྱེད་པ་པོ་གང་ཡིན་པ་དེ་ནི་གསལ་བྱའི་རྒྱུ་དེ་ཉིད་དེ་སྐྱེད་པ་པོ་ཁོ་ན་ཡིན་ཏེ། བུམ་པ་ལ་སོགས་པ་སྔར་རུང་བ་མ་ཡིན་
པའི་ཕྱིས་རྣམ་པར་ཤེས་པ་བསྐྱེད་པའི་ཕྱིར་རོ། །གལ་ཏེ་སྒྲོན་མ་ལ་སོགས་པ་ཉེ་བ་ལས་ཀྱང་བུམ་པ་ལ་སོགས་པ་དང་པོ་ཉིད་ནས་ཀྱང་རང་གི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་བསྐྱེད་པར་རུང་བ་དེའི་ཚེ། དང་པོ་ཉིད་ནས་བུམ་པ་ལ་སོགས་པས་འདི་རུང་བ་ཉིད་
དེ་ལ་ལྟོས་པ་ཞེས་བྱ་བ་སྒྲོན་མ་ལ་སོགས་པ་ལ་ལྟོས་པའོ། །འགྱུར་བ་མེད་པའི་སྤྱི་ནི་རྟག་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་གསལ་བྱའི་མཚན་ཉིད་དོ། །སྤྱི་དང་ལྡན་པ་ཞེས་བྱ་བ་ནི་རྟེན་ཏེ་གནས་གང་ཁོ་ན་ལས་ཞེས་བྱ་བའི་དོན་ཏོ། །
གཞན་ཞེས་བྱ་བ་ནི་རང་གི་རྒྱུད་ལ་གཞན་པའི་དངོས་པོ་ཉིད་སྐྱེད་པར་བྱེད་པ་ལ་གསལ་བར་བྱེད་པ་ཞེས་བྱའོ། །ཅི་འདྲ་བ་ཞིག་ཅེ་ན་རང་གི་ཡུལ་ལ་རྣམ་པར་ཤེས་པ་བསྐྱེད་པའི་ནུས་པ་རིགས་མཐུན་པ་ཉེ་བར་ལེན་པ་ལ་ལྟོས་པ་ཞེས་བྱ་བ་ལ་རང་གི་རྒྱུད་ཀྱིས་
བསྡུས་པའི་སྐད་ཅིག་མ་སྔ་མ་ལ་ལྟོས་པ་དང་བཅས་པ་སྟེ། དཔེར་ན་མུན་པ་ན་གནས་པའི་བུམ་པ་སྐད་ཅིག་མ་ལ་ལྟོས་པ་རྣམ་པར་ཤེས་པ་བསྐྱེད་ནུས་པའི་བུམ་པ་སྐད་ཅིག་མ་ཕྱི་མ་སྐྱེད་པར་བྱེད་པའི་གསལ་བར་བྱེད་པ་ཡིན་པ་ལྟ་བུའོ། །ལྟོས་པ་མེད་པ་
Vol. 176 · folio 173b
ཞེས་བྱ་བ་ནི་དཔེར་ན་སྒྲ་རིགས་མཐུན་པའི་ཉེ་བར་ལེན་པ་ལ་ལྟོས་པ་མེད་པར་རང་གི་ཡུལ་ལ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ནི་གནས་དང་བྱེད་པའི་ཚོགས་པ་ཡིན་ནོ། །སྔ་ན་སྒྲ་ཡོད་པ་ནི་མ་ཡིན་ན་གང་གིས་ན་རིགས་མཐུན་པའི་ལྟོས་པའི་སྒྲ་ཡོད་པར་
འགྱུར། ཕ་རོལ་པོ་དག་གི་སྒྲ་ནི་གསལ་བར་འདོད་པའི་ཕྱིར་དེ་སྐད་དུ་བསྟན་ཏོ། །གལ་ཏེ་བྱེད་པ་པོ་ཁོ་ན་གསལ་བར་བྱེད་པ་ཡིན་ནོ། །འོ་ན་ནི་བྱེད་པ་པོ་དང་གསལ་བར་བྱེད་པའི་རྒྱུ་དག་ལ་ཁྱད་པར་ཅི་ཞིག་ཡོད་སྙམ་པ་དེ་བས་ན། གཞན་དག་ཏུ་ནི་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བར་བྱེད་པ་ལས་གཞན་དུ་བྱེད་པ་པོ་ཉིད་དུ་འདོད་དོ་ཞེས་བྱ་བའི་དོན་ཏོ། །བསྐྱེད་པར་བྱ་བ་ལ་ཤེས་པ་བསྐྱེད་པའི་ནུས་པ་ཕངས་པ་མེད་པ་ཞེས་བྱ་བ་ནི་རང་གི་ཡུལ་ལ་རྣམ་པར་ཤེས་པ་བསྐྱེད་པར་ནུས་པ་ཁོ་ནའི་འབྲས་
བུ་ས་བོན་ལ་སོགས་པའི་བྱེད་པ་པོས་སྐྱེད་པ་མ་ཡིན་པ་དེའི་ཕྱིར། སྐྱེད་པར་བྱེད་པ་ཙམ་གྱི་རྒྱུ་ཉིད་དེ། རང་གི་ཡུལ་ལ་རྣམ་པར་ཤེས་པ་སྐྱེ་བའི་ནུས་པའི་འབྲས་བུ་བསྐྱེད་པའི་མཚན་ཉིད་ཀྱི་ཁྱད་པར་གྱིས་གསལ་བར་བྱེད་པ་ཉིད་ཡིན་ནོ། །གལ་ཏེ་ཡང་
གསལ་བར་བྱེད་པ་ལས་གསལ་བར་བྱ་བ་རྣམ་པར་ཤེས་པ་སྐྱེར་རུང་བ་ཉིད་སོ་སོར་ཐོབ་པ་དེ་ལྟ་ན་ཡང་སྐྱེད་པ་མ་ཡིན་ནོ་ཞེ་ན། གལ་ཏེ་གང་ལས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གང་ལས་ཞེས་བྱ་བ་ནི་གསལ་བར་བྱེད་པ་ལས་སོ། །དེ་ཞེས་བྱ་བ་ནི་གསལ་
བར་བ་བའོ། །དེའི་ཞེས་བྱ་བ་ནི་གསལ་བར་བྱེད་པའིའོ། །དེ་ནི་ཞེས་བྱ་བ་ནི་རུང་བ་ཉིད་དོ། །འདིའི་ཞེས་བྱ་བ་ནི་གསལ་བར་བྱ་བའོ། །གསལ་བར་བྱེད་པ་ཉེ་བའི་ཕྱིར་དང་པོ་ཉིད་ནས་ཡོད་པ་སྟེ། གང་གི་ཕྱིར་དེ་ནི་གསལ་བར་བྱ་བའི་རང་བཞིན་དུ་གྱུར་པ་
ཡིན་ནོ། །ཇི་ལྟར་གསལ་བར་བྱ་བའི་དང་པོ་ཉིད་ནས་ཡོད་པ་དེ་ལྟར་དེའི་རང་བཞིན་དུ་གྱུར་པ་རུང་བ་ཉིད་ཀྱང་ཡོད་པ་ཡིན་ནོ། །དེ་ལ་ལྟོས་པ་མ་ཡིན་ཞེས་བྱ་བ་ནི་གསལ་བར་བྱེད་པ་ལའོ། །གལ་ཏེ་རུང་བ་ནི་གསལ་བར་བྱ་བ་ལས་ཐ་དད་པ་ཉིད་དུ་
Vol. 176 · folio 174a
གསལ་བར་བྱེད་པས་བྱས་པ་ཡིན་ནོ་ཞེ་ན། འདི་གཞན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདི་ནི་ཞེས་བྱ་བ་ནི་རུང་བ་ཉིད་ནའོ། །དེ་ཉིད་ཅེས་བྱ་བ་ནི་རུང་བ་ཉིད་དོ། །དེ་ལ་ཞེས་བྱ་བ་ནི་གསལ་བར་བྱེད་པ་ལས་སོ། །གནས་པ་བཞིན་
དུ་ཐལ་བར་འགྱུར་བ་ནི་གལ་ཏེ་གཞན་ཡིན་པ་དེ་ཉིད་དེའི་རྟེན་བྱེད་པ་ཡིན་ལ་ཞེས་བཤད་པ་གང་ཡིན་པ་དེ་འདིར་ཡང་ཐོབ་པར་འགྱུར་རོ། །དེ་ཞེས་བྱ་བ་ནི་གསལ་བར་བྱའོ། །གཞན་ཡང་བྱེད་པ་མ་ཡིན་པ་ནི་གསལ་བར་བྱ་བ་ལས་གཞན་ཏེ་བྱེད་པ་ལ་གང་
གསལ་བར་བྱ་བ་ནི་ཅུང་ཞིག་ཀྱང་མེད་པའི་ཕྱིར་རོ། །ལྟོས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདིས་ནི་ཕན་འདོགས་པ་ཉིད་བསྟན་ལ། ཅུང་ཞིག་ཀྱང་མི་བྱེད་པས་ནི་དེ་འགོག་པ་མ་ཡིན་པ་དེ་བས་ན་དེ་ནི་འགལ་བ་ཡིན་ནོ། །སྐྱེད་པར་བྱེད་པ་ཁོ་ན་གསལ་བར་བྱེད་པ་ཡིན་ནོ་
ཞེས་བཤད་པ་གང་ཡིན་པ་དེ་ལ། འབྲས་བུ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་འཁྲུལ་པ་བསྟན་པ་ནི། དུ་བ་ནི་མེའི་སྐྱེད་པར་བྱེད་པ་ཉིད་མ་ཡིན་མོད་ཀྱི། འོན་ཀྱང་དེའི་འབྲས་བུ་ཉིད་ཡིན་པའི་ཕྱིར་གསལ་བར་བྱེད་པ་ཡིན་ནོ། །སོགས་
པའི་སྒྲས་ནི་ཆུ་ལ་ཆུ་སྐྱར་ལ་སོགས་པའོ། །གསལ་བར་བྱེད་པ་ཡིན་པ་ནི་ཞེས་བྱ་བ་ལ་སོགས་པ་ནི་ལན་ཡིན་ཏེ། དུ་བའི་རྟགས་ལ་ལྟོས་པས་མེ་ནི་རང་སྟེ། བདག་ཉིད་ཀྱི་མཚན་ཉིད་ལ་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་
ན། དེ་ལྟ་བུར་གྱུར་པ་རྗེས་སུ་དཔག་པར་བྱ་བ་ཉིད་དུ་འདོད་པའི་མེ་ནི་མངོན་སུམ་དུ་སྐྱེད་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །གཞན་དུ་ན་མེའི་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་ཉིད་ཡིན་པའི་ཕྱིར་མངོན་སུམ་ཁོ་ནས་དེ་ཤེས་པར་འགྱུར་ཏེ། བརྒྱུད་པས་
འབྲེལ་པ་ནི་ཡོད་པ་ཡིན་ཏེ། དེ་སྐད་དུ་མེའི་རང་གི་མཚན་ཉིད་ནི་དུ་བ་སྐྱེད་པར་བྱེད་པ་ཡིན་ལ། དུ་བ་དང་དུ་བ་ཤེས་པ་དེ་ལས་ནི་ཤེས་པར་འགྱུར་རོ་ཞེས་བྱ་བ་ཡིན་པ་དེ་ཉིད་ཀྱི་མངོན་སུམ་དུ་ཞེས་བསྟན་ཏོ། །དེ་ལ་ཞེས་བྱ་བ་ལ་སོགས་པས་ཉེ་བར་
Vol. 176 · folio 174b
ལེན་པའི་རྒྱུ་དེ་ཉིད་དེ་མངོན་སུམ་དུ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །ཉེ་བར་ལེན་པ་ནི་བརྟགས་ཤེས་པའོ། །ཡུལ་གྱི་སྟོབས་ཀྱིས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་མེའི་རང་གི་མཚན་ཉིད་ཀྱི་སྟོབས་ཀྱིས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མེད་དུ་ཟིན་ཀྱང་དེ་ལ་
སྟེ་མེ་ཤི་ནས་ཡུན་རིང་ཞིག་ལོན་དུ་ཟིན་ཀྱང་མེ་ཤེས་པ་ཡོད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། བརྒྱུད་པས་ཞེས་བྱ་བ་ལ་སོགས་པ་ལ། རྟགས་ཀྱི་རྗེས་སུ་འབྲང་བ་ནི་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་སྟེ། དེའི་སྒོ་ནས་སོ། །འདི་ལྟར་འགའ་ཞིག་དུ་བ་མཐོང་བར་
འགྱུར་བའི་སྐྱེས་བུ་འབའ་ཞིག་ལ། དུ་བ་དང་མེ་མེད་དུ་ཟིན་ཀྱང་དེར་རྣམ་པ་འགའ་ཞིག་གི་དུ་བ་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་སྐྱེ་ལ། ཕྱིས་རྗེས་སུ་འགྲོ་བ་དང་ལྡོག་པ་རྗེས་སུ་དྲན་པ་ལས་འདི་ན་དུ་བ་ཡོད་པ་དེ་བས་ན་འདི་ན་ཡང་མེ་ཡོད་དོ་སྙམ་པ་དེ་ལྟ་བུའི་
བརྒྱུད་པས་མེའི་ཤེས་པ་སྐྱེ་བ་ཁོ་ན་ཡིན་ནོ། །སྤྱི་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པ་འདི་ཉིད་ལ་སྦྱོར་བར་བྱེད་དེ། སྤྱིའི་རྣམ་པར་སྣང་བ་ཅན་གྱི་རྗེས་སུ་དཔག་པའི་ཤེས་པའི་ཡུལ་སྐྱེ་བ་ཅན་མ་ཡིན་པ་ནི་ཡུལ་ཞིག་པ་དང་མ་སྐྱེས་པ་ལ་ཡོད་པའི་ཕྱིར་རོ། །
གང་གི་ཚེ་ཡུལ་ཉེ་བ་ཡིན་པ་དེའི་ཚེ་ཡང་། ཡུལ་གྱི་སྟོབས་ཀྱིས་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་གོང་དུ་རྣམ་པར་རྟོགས་རྣམ་པ་དོན་དང་འབྲེལ་པར་ངེས་པ་མེད་པའི་ཕྱིར་རྣམ་པར་རྟོག་པ་ནི་དོན་ཇི་ལྟ་བ་བཞིན་དུ་སྐྱེ་བ་མེད་དོ་ཞེས་བྱ་བ་དང་། ཡོད་པ་དང་མེད་པའི་
ཕྱིར་རྗེས་སུ་བྱེད་པའི་ནུས་པ་ཡིན་གྱི། སྣང་བའི་ཕྱིར་ནི་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་བསྟན་པ་དང་། ལེའུ་གསུམ་པ་ལས་རྣམ་པར་མི་རྟོག་པ་སྒྲུབ་པའི་སྐབས་སུ་ཡང་སྟོན་པར་འགྱུར་རོ། །མངོན་སུམ་དུ་སྦྱོར་བ་སྟེ་རང་གི་ངོ་བོ་ལ་ཕན་འདོགས་པ་
རྣམ་པར་ཤེས་པ་སྐྱེད་པའི་ནུས་པས་སོ། །འདིར་ཞེས་བྱ་བ་ནི་རང་གི་ཡུལ་ལ་རྣམ་པར་ཤེས་པ་སྐྱེ་བ་ལའོ། །གཞན་ལ་ཞེས་བྱ་བ་ནི་སྒྲོན་མ་ལ་སོགས་པ་ལའོ། །དེ་ལས་ཞེས་བྱ་བ་ནི་སྒྲོན་མ་ལ་སོགས་པ་ལྟོས་པར་བྱ་བ་ལས་སོ། །འདི་སྐད་དུ་གསལ་བར་
Vol. 176 · folio 175a
བྱེད་པ་ཐམས་ཅད་ལ་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི་མི་བྱའོ། །འོན་ཀྱང་རང་གི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བའི་གྲོགས་སུ་བསྟན་པ་གང་ཡིན་པ་དེ་ཉིད་ཡིན་པས་དེ་བས་ན་མ་འཁྲུལ་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །སྤྱི་ཡང་རང་གི་
རྣམ་པ་ཅན་གྱི་ཤེས་པ་བསྐྱེད་པའི་ཕྱིར་རྟེན་ལ་རག་ལུས་པ་དེ་ལྟར་གསལ་བྱ་ཡིན་པར་འདོད་པ་དེ་བས་ན། དེས་རྟེན་ལས་བདག་དམིགས་སུ་རུང་བ་ཐོབ་པར་བྱ་བ་ཡིན་ནོ། །བདག་ཉིད་ཐོབ་པ་འདི་ནི་སྤྱི་གང་ལས་ཀྱང་ཡོད་པ་མ་ཡིན་ཏེ་རྟག་པ་ཉིད་དུ་ཁས་
ལེན་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་སྤྱིའོ། །ཕ་རོལ་པོས་ནི་སྤྱི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རང་གི་རྟེན་ལ་འཕྲོད་པ་འདུ་བ་གསལ་བར་སྨྲ་བའོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་རང་གི་རྟེན་ལ་འཕྲོད་པ་འདུ་བ་ཇི་ལྟར་གསལ་བ་ཡིན་ཞེ་ན། རང་གི་རྟེན་ལ་ཞེས་
བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ནི་ཞེས་བྱ་བ་ནི་སྤྱིའོ། །གཞན་ལ་ཞེས་བྱ་བ་ནི་རང་གི་རྟེན་ལའོ། །སློབ་དཔོན་གྱིས་འདིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕན་འདོགས་པར་མི་བྱེད་པའི་རྟེན་དེ་ཉིད་འདིར་བསམ་པར་བྱ་བ་ལ་སོགས་པས་བཤད་པ་ཉིད་ཀྱི་ཕྱིར་རོ། །
རང་གི་རྟེན་ལ་འཕྲོད་པ་འདུ་བས་འབྲེལ་པ་དེ་ནི་བདག་ཉིད་དམ་གཞན་ལ་རྣམ་པར་ཤེས་པ་སྐྱེ་བའི་རྒྱུ་ཡིན་ནོ་ཞེས་སྨྲ་བས་རང་གི་རྟེན་གྱི་འདུ་བ་འཕྲོད་པ་ལ་ལྟོས་པ་སྤྱི་དངོས་པོ་ནི་རྣམ་པར་ཤེས་པའི་རྒྱུ་ཡིན་པར་འདོད་པ་དེ་བས་ན། རང་གི་རྟེན་ལ་འཕྲོད་པ་འདུ་བ་དེས་
སྤྱི་ནི་བདག་ཉིད་སྐྱེད་པར་བྱེད་པ་ཁོ་ནར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྒྱུ་དེ་སྟེ་ཤེས་པའི་རྒྱུའི་ངོ་བོ་རང་གི་རྟེན་ལ་འཕྲོད་པ་དང་འདུ་བ་ལས་སྔ་ན་མེད་པའི་ཕྱིར་དང་། རང་གི་རྟེན་ལ་འཕྲོད་པ་དང་འདུ་བ་དེ་ལས་རྣམ་པར་ཤེས་པ་རྒྱུའི་ངོ་བོ་ཡོད་པའི་ཕྱིར་རོ། །
གལ་ཏེ་སྤྱི་ནི་རྣམ་པར་ཤེས་པ་སྐྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རྟག་པ་ཡིན་ཏེ། དེ་མ་གྲུབ་པ་ཡིན་ནོ་ཞེ་ན་དེའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེའི་ངོ་བོ་ཡོད་པ་ཡིན་ན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱེད་པའི་ངོ་བོ་ཡོད་པ་ཡིན་ནའོ། །སྔར་ཡང་
Vol. 176 · folio 175b
ཞེས་བྱ་བ་ནི་རང་གི་རྟེན་ལ་འཕྲོད་པ་འདུ་བ་ལས་ཏེ་གསལ་བས་སྟོང་པའི་ཡུལ་ལ་ཡང་སྤྱི་འབའ་ཞིག་ལས་ཞེས་བྱ་བའི་ཐ་ཚིག་གོ། །སྤྱིའི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་སྐྱེ་བར་ཐལ་བའི་ཕྱིར་རོ། །གསལ་བ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་པོའི་ཡིན་ཏེ།
གསལ་བ་ནི་རྟེན་ནོ། །སྤྱི་ལེགས་པར་བྱས་པ་ནི་རུང་བ་ཉིད་དུ་བྱེད་པ་སྟེ། གཏན་ཚིགས་དེའི་ཕྱིར་སྤྱི་ནི་གསལ་བར་བྱེད་པ་མ་ཡིན་པ་གང་ཡིན་པ་དེས་སྤྱི་བསྐྱེད་པར་བྱ་བ་ཡིན་པར་འགྱུར་རོ། །འོ་ན་ཅི་ཡིན་ཞེ་ན། དེ་འཛིན་པའི་ཞེས་བྱ་བ་ནི་སྤྱི་འཛིན་པ་སྟེ།
ལེགས་པར་བྱས་པས་གསལ་བར་བྱེད་པ་ནི་ཞེས་བྱ་བའི་སྐབས་ཡིན་ནོ། །སློབ་དཔོན་གྱིས་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། མིག་སྨན་སོགས་བཞིན་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེ་ཡིན་ཏེ། ཇི་ལྟར་མིག་སྨན་ལ་སོགས་པ་ལས་དབང་པོ་ལེགས་
པར་བྱས་པ་རིགས་པ་ཡིན་པ་དེ་ལྟར་གསལ་བ་ལ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ནི་གསལ་བར་བྱེད་པ་ཉིད་དུ་འདོད་པས་གསལ་བར་བྱའོ། །དེ་ཡོད་མེད་པའི་དུས་རྟག་ཏུ། །ཞེས་བྱ་བ་ནི་བདུན་པའི་ཚིག་གཉིས་པའོ། །རྟོགས་པ་ནི་ཤེས་པའོ། །མིག་སྨན་ལ་
སོགས་པས་ཞེས་བྱ་བ་ལ་སོགས་པ་ནི་འཆད་པར་བྱེད་དེ། མིག་སྨན་ལ་སོགས་པས་དབང་པོ་ལེགས་པར་བྱས་པས་བདག་དུ་གྱུར་པ་འགའ་ཞིག་ཁྱད་པར་དུ་ཐོབ་པར་བྱེད་དོ། །རྟོགས་པའི་ཕྱིར་ཏེ། རྟོགས་པའི་རྒྱུ་མཚན་དང་ཤེས་པ་ཁྱད་པར་ཅན་བསྐྱེད་པའི་ཕྱིར་ཞེས་བྱ་
བའི་བར་དུའོ། །ལས་དང་འབྲེལ་པའི་རྒྱུ་མཚན་གྱིས། །ཞེས་བྱ་བ་འདིར་བདུན་པ་ཡིན་ཏེ། འདི་ལྟར་རྟོགས་པ་རྒྱུ་མཚན་དུ་གྱུར་པ་དང་། ཕུལ་དུ་བྱུང་བ་ལས་སུ་གྱུར་པའི་རྒྱུ་འབྲས་ཀྱི་འབྲེལ་པ་ཡོད་པ་ཡིན་ནོ། །གལ་ཏེ་དེ་ཉིད་ཅིའི་ཕྱིར་ཞེ་ན་གསལ་བ་དང་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟོགས་པའི་ཞེས་བྱ་བར་རྣམ་པར་དབྱེ་བ་བསྒྱུར་ནས་སྦྱར་བའོ། །དེ་ལྟར་ན་དབང་པོ་རབ་རིབ་ལ་སོགས་པས་ཉམས་པར་བྱས་པས་རྣམ་པར་ཤེས་པ་མི་གསལ་བ་སྐྱེད་པར་བྱེད་དེ། དེ་ཉིད་མིག་སྨན་ལ་སོགས་པས་
Vol. 176 · folio 176a
ལེགས་པར་བྱས་ན་གསལ་པོར་གྱུར་པར་ཤེས་པ་དེ་བས་ན། དབང་པོ་ལེགས་པར་བྱས་པས་རྟོགས་པའི་དོན་དུ་ཕུལ་དུ་བྱུང་བ་ཐོབ་པར་བྱེད་དོ་ཞེས་བྱའོ། །གང་གི་ཚེ་མིག་སྨན་ལ་སོགས་པས་རྟོགས་པ་ཁྱད་པར་མེད་པ་དེའི་ཚེ། དེ་མི་བྱེད་པ་ཡང་སྟེ་རྟོགས་
པ་ཐ་དད་པ་མེད་ན་ཡང་མིག་སྨན་ལ་སོགས་པ་ནི་དེ་ཉིད་དབང་པོ་ལེགས་པར་བྱས་པ་ལེགས་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་མིག་སྨན་ལ་སོགས་པས་དབང་པོ་ལེགས་པར་བྱས་པ་དེ་ལྟར་གསལ་བ་ལས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཡོད་པ་དང་
མེད་པའི་དུས་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྔར་དེ་མེད་པའི་དུས་སུ་ཤིང་ལ་སོགས་པ་དག་ལ་རྣམ་པར་ཤེས་པ་མི་གསལ་བ་སྐྱེ་ཞིང་། ཕྱིས་གསལ་བ་བ་ལང་ཉེ་བ་ན་གསལ་བ་དེའི་ཚེ། དབང་པོ་ལེགས་པར་བྱས་པ་གསལ་བར་བྱས་པ་ཡིན་པར་
རྟོགས་ན། ཇི་ལྟར་གསལ་བ་བ་ལང་གསལ་བར་བྱེད་པ་ཡོད་པའི་དུས་ན། ཤིང་ལས་ཅི་འདྲ་བར་སྐྱེ་བ་དེ་ནི་མེད་པ་ན་ཤིང་ལ་སོགས་པ་ལ། དེ་ཁོ་ན་འདྲ་བ་སྐྱེ་བ་ཡིན་ནོ། །གལ་ཏེ་ཡུལ་ལེགས་པར་བྱས་པ་ཡོད་ན་ཡང་ཡུལ་གཞན་དུ་རྟོགས་པའི་ཁྱད་པར་
ཡོད་པ་མ་ཡིན་པ་དེ་བས་ན། དེ་ཡང་རིགས་པ་མ་ཡིན་ནོ་ཞེ་ན། ཡུལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དྲི་ལ་སོགས་པའི་ཡུལ་འགའ་ཞིག་གིས་ལེགས་པར་བྱས་པ་གང་ཡིན་པ་དེས་དབང་པོ་ཁྱད་པར་དུ་བྱེད་པ་ཡང་། གཞན་དུ་ཡུལ་གཞན་ལ་དབང་པོ་
རྟོགས་པ་ལ་གལ་ཏེ་ཁྱད་པར་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་དེ་ཁྱད་པར་དུ་བྱས་པའི་ཕྱིར་ཏེ། ཡུལ་སོ་སོར་ངེས་པ་དེ་ཡང་ཁྱད་པར་དུ་བྱས་པའི་ཕྱིར་ཕན་འདོགས་པར་འགྱུར་ཏེ། གསལ་བར་བྱས་པའི་དབང་པོ་ལེགས་པར་བྱས་པ་ནི་ཕན་འདོགས་པར་འགྱུར་བ་
མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་སྐད་དུ་སོ་སོར་ངེས་པའི་ཡུལ་དེ་དག་ནི་རང་གི་རྣམ་པ་ཅན་གྱི་རྣམ་པར་ཤེས་པ་སྒྲུབ་པར་བྱེད་ཀྱི་རྣམ་པ་གཞན་དང་ལྡན་པ་མ་ཡིན་པ་དེ་བས་ན། ཡུལ་ལེགས་པར་བྱས་པས་ནི་སོ་སོར་ངེས་པ་ཉིད་ཡིན་པའི་ཕྱིར་རང་གི་ཡུལ་
Vol. 176 · folio 176b
ཁོ་ན་རྟོགས་པ་ཁྱད་པར་ཅན་ཁོ་ན་སྐྱེད་པར་བྱེད་པ་ཡིན་པས་འགལ་བ་མེད་ལ། དབང་པོ་ནི་རང་གིས་གཟུང་བར་བྱ་བའི་ཡུལ་གྱི་ཁྱད་པར་འདྲ་བ་སྒྲུབ་པར་བྱེད་པ་དེ་བས་ན། དེ་ལེགས་པར་བྱས་པ་ནི་དེའི་གཟུང་བར་བྱ་བ་ཐམས་ཅད་ལ་རྟོགས་པ་ཁྱད་པར་མེད་པ་ཐོབ་
པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་གསལ་བའི་ཁྱད་པར་གྱི་དབང་པོས་གཟུང་བར་བྱ་བ་མཐོང་བའི་ཡུལ་ཐམས་ཅད་ལ་ཤེས་པའི་རྣམ་པ་གསལ་བར་བསྐྱེད་པའི་ཕྱིར་དབང་པོ་ལེགས་པར་བྱས་པ་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་གསལ་བ་སྐྱེ་བ་ལས་སྔར་
སྤྱི་མ་མཐོང་བ་དབང་པོའི་མཐོང་བའི་ནུས་པ་བྱེད་པ་སྟེ། བྱ་བའི་ཕྱིར་གསལ་བའི་ཁྱད་པར་གྱིས་ཕན་འདོགས་པར་བྱེད་པ་ཡིན་ནོ་ཞེ་ན། དབང་པོ་ལས་འདས་པ་མཐོང་བ་ཉིད་ཀྱི་ཕྱིར་རོ། །དབང་པོ་ལེགས་པར་བྱས་པ་གསལ་པོར་ཤེས་ཏེ། གསལ་བ་ཉེ་བ་ལས་
གོང་དུ་ནུས་པ་མེད་པ་ཡིན་ལ། ཕྱིས་ཉེ་བ་ན་ནུས་པ་དེ་ལྟ་ན་གསལ་བའི་ཁྱད་པར་དེ་ནི་དབང་པོ་ལས་འདས་པ་སྤྱི་ཞེས་བྱ་བའི་དོན་མཐོང་བས་ཇི་ལྟར་རྟོགས་པ་ཐམས་ཅད་དུ་ཁྱད་པར་མེད་པར་འགྱུར་ཏེ། ཁྱད་པར་ཅན་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་
སྐད་དུ་བསྟན་པར་འགྱུར་ཏེ། རེ་ཞིག་མི་གསལ་བ་མཐོང་དུ་ཟིན་ཀྱང་རྣམ་པར་གསལ་བ་མཐོང་བའི་ནུས་པ་བྱེད་པའི་ཕྱིར་མིག་སྨན་ལ་སོགས་པས་བྱས་པའི་ལེགས་པར་བྱས་པས་ཐམས་ཅད་དུ་དབང་པོ་འདིའི་གཟུང་བར་བྱ་བའི་ཡུལ་རྟོགས་པ་ལ་ཁྱད་པར་
དུ་བྱེད་པར་སྣང་ན། གང་དབང་པོ་ལས་འདས་པའི་དོན་མཐོང་བ་ཡང་ཅིའི་ཕྱིར་མ་ཡིན། དེ་ལྟར་རྡུལ་ཕྲ་རབ་ལ་སོགས་པ་དབང་པོ་ལས་འདས་པ་གཞན་དག་ཀྱང་མཐོང་བར་འགྱུར་རོ་ཞེས་བསམས་པའོ། །གལ་ཏེ་སྤྱི་ཁོ་ན་མཐོང་བའི་ཕྱིར་དབང་པོ་ལ་
ལེགས་པར་བྱས་པ་བྱེད་པ་ཡིན་པ་དེ་བས་ན་ཧ་ཅང་ཐལ་བར་འགྱུར་བ་མེད་དོ་ཞེ་ན། གཅིག་སོ་སོར་ངེས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་བལྟ་བར་བྱ་བ་གཅིག་ལ་དབང་པོ་ལེགས་པར་བྱས་པའི་སོ་སོར་ངེས་པ་ནི་གཅིག་སོ་སོར་ངེས་པ་སྟེ། དེ་ཁས་
Vol. 176 · folio 177a
ལེན་ན་གསལ་བའི་ཁྱད་པར་ཁྲ་བོ་ལ་སོགས་པ་དེ་ཉིད་དང་འཕྲོད་པ་བས་འབྲེལ་པའི་སྤྱི་གཞན་ཡོད་པ་ཉིད་དང་རྫས་ཉིད་ལ་སོགས་པ་གང་ཡིན་པ་དེ་མཐོང་བ་པོ་ལེགས་པར་བྱས་པ་མི་འགྱུར་ན་ཡང་འདོད་དེ། གལ་ཏེ་རང་གི་བདག་ཉིད་ཀྱི་
འཕྲོད་པ་འདུ་བས་འབྲེལ་པའི་སྤྱི་ཐམས་ཅད་མཐོང་བའི་ཕྱིར་ལེགས་པར་བྱས་པ་ནི་གཅིག་ཁོ་ནའི་མ་ཡིན་ནོ་ཞེ་ན། གསལ་བས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་དག་མཐོང་བ་ན་ཞེས་བྱ་བ་ནི་གསལ་བ་ལ་འཕྲོད་པ་འདུ་བས་འབྲེལ་པའི་སྤྱི་དེ་དག་མཐོང་བ་
ནའོ། །དེས་གསལ་བར་བྱ་བ་ནི་གསལ་བ་དེས་གསལ་བར་བྱ་བའོ། །མཐོང་བ་ཡང་རིང་ནས་རྫས་ཙམ་མཐོང་བ་ན་རྫས་ཉིད་དང་ཡོད་པ་ཉིད་དག་ངེས་པ་ཡིན་དུ་ཟིན་ཀྱང་བ་ལང་ཉིད་ལ་སོགས་པ་ནི་མ་ངེས་པ་ཡིན་ནོ། །གལ་ཏེ་མ་ངེས་པ་གང་ཡིན་པ་དེ་ཉིད་ནི་
མཐོང་བའི་ཕྱིར་ལེགས་པར་བྱས་པ་མ་ཡིན་ནོ་ཞེ་ན། སྨྲས་པ་གཅིག་ཀྱང་ངེས་པར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །གཅིག་གི་སྒྲ་ནི་གཞན་གྱི་དོན་ཡིན་ཏེ། མ་ངེས་པ་ལས་གཞན་ངེས་པར་འདོད་པའི་རྫས་ཉིད་ལ་སོགས་པ་ཡང་ངེས་པར་མི་འགྱུར་རོ། །
ཅིའི་ཕྱིར་ཞེ་ན། དབྱེ་བ་མེད་པ་གསལ་བ་དེ་ནི་རང་གི་ཉིད་ཀྱི་འཕྲོད་པ་འདུ་བས་འབྲེལ་པའི་སྤྱི་དེ་དག་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ནི་འགའ་ཞིག་དང་ཉེ་བ་མ་ཡིན་ཞིང་འགའ་ཞིག་དང་རིང་བ་ཡང་མ་ཡིན་པ་དེ་བས་ན། སྤྱི་ཐམས་ཅད་ནི་ངེས་པའམ། འགའ་ཞིག་
ཀྱང་ངེས་པར་མི་འགྱུར་རོ། །དེ་ལྟར་རེ་ཞིག་གསལ་བས་དབང་པོ་ལེགས་པར་བྱས་པ་མི་འཐད་དོ་ཞེས་བསྟན་ནས། ད་ནི་ཁས་བླངས་ནས་ཀྱང་བརྗོད་པའི་ཕྱིར་གལ་ཏེ་གསལ་བ་ཞེས་བྱ་བ་སྨོས་པ་ལ། གསལ་བས་ཕྱོགས་གཉི་ག་ལ་ཡང་རྣམ་པར་ཤེས་
པ་སྐྱེ་བའི་རང་བཞིན་ནོ་ཞེས་བྱ་བ་དབང་དུ་བྱས་པའི་ཕྱིར་རྣམ་པར་ཤེས་པ་བསྐྱེད་པའི་རང་བཞིན་ལས་མི་འདའ་བའི་རྒྱུའི་ཕྱིར་ནུས་པ་ནི་ལྷན་ཅིག་བྱེད་པ་ལ་ལྟོས་པ་རིགས་པ་མ་ཡིན་ནོ། །སྤྱི་གང་ལ་དབང་པོ་ལེགས་པར་བྱས་པའི་ལྷན་ཅིག་བྱེད་པས་ཡོད་པ་དེ་ལ་དེ་
Vol. 176 · folio 177b
སྐད་ཅེས་བྱའོ། །དེའི་ངོ་བོ་ནི་དེ་ཉིད་ཀྱི་ཕྱིར་རོ། །རྟག་པ་ཉིད་ཀྱི་ཕྱིར་བྱེད་པ་མེད་པ་ཕུལ་དུ་བྱུང་བ་སྤྱི་འདིའི་ལྷན་ཅིག་བྱེད་པའི་དོན་གང་ཡིན་ཏེ། འགའ་ཡང་མེད་དོ། །ཁྱད་པར་དུ་བྱས་པའི་ཞེས་བྱ་བ་ལ་སོགས་པས་ལྡོག་པ་བསྟན་པ་ཡིན་ཏེ། ལྷན་ཅིག་བྱེད་པ་
ལས་ཁྱད་པར་དུ་བྱས་པའི་བདག་ཉིད་ཐོབ་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པ་ལའོ། །ཅིའི་ཕྱིར་ཞེ་ན། སྐད་ཅིག་མ་དེ་དག་གིས་སྐྱེད་པར་བྱེད་པའི་བདག་ཉིད་ལྷན་ཅིག་བྱེད་པ་ཉེ་བ་ལས་སྔར་མེད་པ་གང་ཡིན་པ་དེའི་ཚེ་སྟེ་ལྷན་ཅིག་བྱེད་
པ་དེ་ཁོ་ན་ལས་གྱུར་པའི་ཕྱིར་རོ། །དེ་དག་ཉིད་ནི་སྐད་ཅིག་མ་དག་གོ། །གཞན་གྱིས་མ་བསྒྲུབས་པ་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པས་སོ། །རང་བཞིན་དེ་ནི་ནུས་པའི་རང་བཞིན་ནོ། །སྤྱི་ཡན་གར་བ་ལྷན་ཅིག་བྱེད་པ་དང་བྲལ་བ་དེ་ནི་སྔ་ན་རྣམ་པར་ཤེས་
པའི་སྐྱེད་པའི་རང་བཞིན་མེད་པར་འགྱུར་བ་གང་ཡིན་པ་དེ་ཇི་ལྟར་ཡང་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །རྟག་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསམས་པའོ། །གཞན་ཡང་གསལ་བ་སྤྱི་ལེགས་པར་བྱས་པ་ཡོད་ན་དེས་བསྐྱེད་པར་བྱ་བ་ཡིན་པར་འགྱུར་བའི་
ཕྱིར། གཞན་གྱིས་དབང་པོ་ལེགས་པར་བྱས་པ་ཁས་ལེན་ན་དེ་ལྟ་ན་ཡང་གསལ་བས་བསྐྱེད་པར་བྱ་བ་ཉིད་ཐོབ་པའི་ཕྱིར་གསལ་བས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེའི་ལྷན་ཅིག་བྱེད་པ་ཅན་གྱིས་ཞེས་བྱ་བ་ནི་གསལ་བས་དབང་པོ་ལེགས་པར་བྱས་
པའི་ལྷན་ཅིག་བྱེད་པ་ཅན་གྱི་སྤྱི་ནི་རྣམ་པར་ཤེས་པའི་རྒྱུ་ཡིན་པ་དེ་ལྟར་ཁས་ལེན་པ་ནི་ཡང་གསལ་བའི་འབྲས་བུ་དབང་པོའི་འབྲས་བུ་ཉིད་ཡིན་པའི་ཕྱིར་སྤྱི་ནི་བརྒྱུད་པས་གསལ་བའི་འབྲས་བུ་ཉིད་དུ་བསྟན་པར་འགྱུར་རོ།། །།བམ་པོ་བཅུ་
བདུན་པ། རེ་ཞིག་གསལ་བ་ནི་སྤྱིའི་གསལ་བར་བྱེད་པ་ཡིན་ཀྱང་བླ་སྟེ། དེ་ནི་རིགས་དང་ལྡན་པ་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རིགས་ཏེ་སྤྱི་རྣམས་དང་། གསལ་
Vol. 176 · folio 178a
བའི་ཁྱད་པར་གསལ་བར་བྱེད་པ་ནི་རིགས་དང་ལྡན་པ་ཉིད་དུ་འདོད་པ་དེའི་ཚེ། བ་ལང་ཉིད་ལ་སོགས་པ་གསལ་བར་བྱེད་པ་སྒྲོན་མ་ལ་སོགས་པ་གསལ་བར་བྱེད་པ་ཉིད་ཡིན་པའི་ཕྱིར། བ་ལང་ཉིད་ལ་སོགས་པ་དེས་དེ་དང་ལྡན་པ་བ་
ལང་ཉིད་ལ་སོགས་པ་དང་ལྡན་པ་ཐོབ་སྟེ། ཁྲ་བོ་ལ་སོགས་པ་དང་འདྲ་བར་བ་ལང་གི་རྟེན་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཞིག་ཅེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། བ་ལང་ཉིད་ལ་སོགས་པ་གསལ་བྱ་དག་ལ་སྒྲོན་མ་ལ་སོགས་པ་
ལ་ཡང་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་ནོ། །གལ་ཏེ་ཇི་ལྟར་ཞེ་ན་སྣང་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བས་ན་སྣང་བ་ལ་རྣམ་པར་ཤེས་པའི་རྒྱུ་ཉིད་དུ་ཡོད་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །སྒྲོན་
མ་ལ་སོགས་པ་ནི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་དབང་པོ་དང་ཡིད་ལ་བྱེད་པ་ལ་སོགས་པ་གཟུང་སྟེ། དེ་དག་ཀྱང་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་གསལ་བ་ལས་སྤྱི་ནི་མངོན་པར་གསལ་བ་ཁྱད་པར་ཅན་ཁོ་ནར་འགྱུར་གྱི།
སྒྲོན་མ་ལ་སོགས་པ་ལས་ནི་དེ་ལྟར་མ་ཡིན་ནོ་ཞེ་ན་གསལ་བ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་ལས་ཀྱང་རྣམ་པར་ཤེས་པའི་རྒྱུ་ཉིད་མ་གཏོགས་པ་གཞན་མངོན་པར་གསལ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། གལ་ཏེ་གསལ་
བ་སྤྱི་ཕུལ་དུ་བྱུང་བར་བྱེད་པ་བྱས་པ་ཡིན་གྱི། སྒྲོན་མ་ལ་སོགས་པས་མ་ཡིན་པ་དེའི་ཚེ། ཁྱད་པར་ཡོད་པར་འགྱུར་ན། དེ་ཡང་མེད་དེ་སྤྱི་ཕུལ་དུ་བྱུང་བའི་རང་གི་ངོ་བོ་ཉིད་བྱ་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །གལ་ཏེ་འཕྲོད་
པ་འདུ་བ་ཞེས་བྱ་བ་ལ་སོགས་པ་གསལ་བ་ལ་འཕྲོད་པ་འདུ་བས་འབྲེལ་པ་བ་ལང་ཉིད་ཡིན་གྱི་སྒྲོན་མ་ལ་སོགས་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའོ། །བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པ་མེད་པ་དག་ལ་འཕྲོད་པ་འདུ་བ་ཞེས་བྱ་བ་འདི་ཅི་ཞིག་ཡིན་ཞེས་
Vol. 176 · folio 178b
བྱ་བ་བཤད་ཟིན་པ་ཉིད་ཀྱི་ཕྱིར་རོ། །འཕྲོད་པ་འདུ་བ་ཡོད་པ་དེ་ལྟ་ན་ཡང་སྤྱི་འདི་ནི་གསལ་བ་དང་ལྷན་ཅིག་འཕྲོད་པ་འདུ་བ་ཙམ་དུ་སྐྱེས་པ་ཡིན་གྱི། གཞན་རྣམ་པར་ཤེས་པའི་བསྐྱེད་པའི་མཚན་ཉིད་ཀྱི་ཁྱད་པར་འགའ་ཞིག་ཀྱང་མ་ཡིན་ནོ། །སྔ་མ་བཞིན་དུ་
ཞེས་བྱ་བ་ནི་གསལ་བ་དང་འཕྲོད་པ་འདུ་བ་ལས་སྔ་མ་བཞིན་དུའོ། །ཕྱིས་ཀྱང་ཞེས་བྱ་བ་ནི་གསལ་བ་ལས་འཕྲོད་པ་འདུ་བ་ལ་ཡང་ངོ་། །གལ་ཏེ་འདི་ལྟར་སྤྱི་ནི་ཁྱད་པར་འགའ་ཞིག་ཀྱང་མེད་པ་དེ་ལྟ་ཡང་འཕྲོད་པ་འདུ་བའི་སྟོབས་ལས་རང་གི་ཡུལ་གྱི་རྣམ་པར་
ཤེས་པ་སྐྱེས་པ་ཡིན་ནོ་ཞེ་ན། འཕྲོད་པ་འདུ་བ་ཁོ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་ཤེས་པའི་རྒྱུ་ཉིད་དུ་ཁས་ལེན་ན། རང་གི་རྟེན་གང་ལ་འཕྲོད་པ་འདུ་བས་འབྲེལ་པ་དེ་ལ་སྤྱི་ལས་གཞན་འཕྲོད་པ་འདུ་བ་དག་ཀྱང་སྟེ་གཟུགས་ལ་སོགས་པའི་རྡུལ་ཕྲ་
རབ་ལ་སོགས་པ་འཕྲོད་པ་འདུ་བ་འབྲེལ་པ་དག་ཀྱང་མཐོང་བར་ཐལ་བར་འགྱུར་ཏེ། ཐམས་ཅད་ལ་འཕྲོད་པ་འདུ་བ་ནི་གཅིག་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །ཇི་ལྟར་འཕྲོད་པ་འདུ་བ་ཡན་གར་པས་སྤྱི་དབང་པོ་ལས་འདས་པ་ཡང་མཐོང་བ་མེད་པ་ལྟར་གཟུགས་ལ་
སོགས་པ་རྡུལ་ཕྲ་རབ་དག་ཀྱང་ཅིའི་ཕྱིར་མཐོང་བར་བྱེད་པར་མི་འགྱུར། གང་གི་ཕྱིར་འཕྲོད་པ་འདུ་བའི་ཕྱོགས་ལ་སྐྱོན་འདི་ཡོད་པ་དེ་བས་ན་གསལ་བ་སྤྱིའི་ཡུལ་ལ་གསལ་བར་བྱེད་པ་ཉིད་ནི་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་ནོ། །དེ་ལྟ་བུར་གྱུར་པའི་གསལ་
བར་བྱེད་པ་དེ་ཡང་སྒྲོན་མ་ལ་སོགས་པ་དང་ཡང་འདྲ་བའི་ཕྱིར་རོ། །བ་ལང་ཉིད་སོགས་དེ་ལྡན་ཐོབ། །ཅེས་བྱ་བ་ལ་སོགས་པའི་ཐལ་བར་འགྱུར་བ་དེ་ཉིད་དུ་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །སྤྱི་རང་གི་རྟེན་ལ་གནས་པ་ནི་རྟེན་མ་ཡིན་
ཞིང་། སྤྱི་རང་གི་རྟེན་ལ་གནས་པ་ཡང་རང་གི་རྟེན་གྱིས་གསལ་བ་སྟེ། མངོན་པར་གསལ་བ་མ་ཡིན་པ་དེ་བས་ན་དུ་མ་བྱས་པ་ལ་ཤེས་པ་རྣམ་པ་གཅིག་པ་ཅན་གྱི་རྒྱུ་མ་ཡིན་ཏེ། མི་གནས་པའི་རྒྱུའི་ཕྱིར། གང་ཞིག་གང་ལ་མི་གནས་པ་དེ་ནི་དེ་
Vol. 176 · folio 179a
ལ་བདག་ཉིད་གནས་པའི་སྒོ་ནས་ཤེས་པའི་རྒྱུར་མི་རིགས་སོ། །དུ་མ་ལ་སྤྱི་གཅིག་མི་གནས་པ་དེ་ཉིད་ཀྱི་ཕྱིར། གལ་ཏེ་རིགས་གསལ་བ་ལས་གཞན་ཡིན་པའམ། གཞན་མ་ཡིན་པར་སྨྲ་བ་གང་ཡིན་པ་དེ་དག་ནི་སྔར་མ་བྱུང་བའི་ཕྱིར་
གསལ་བ་སྟེ། ད་ལྟར་བྱུང་བའམ་ཕྱིས་མཐོང་བར་འགྱུར་བ་དག་ལའོ། །དེ་ཉིད་ཀྱི་སྒྲ་ནི་ཡོད་པའི་སྒྲའི་འོག་ཏུ་ངེས་པར་གཟུང་བའི་འོག་ཏུ་བལྟ་བར་བྱའོ། །དེ་ཉིད་ཀྱི་ཕྱིར་ཡོད་པ་ཁོ་ནའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གི་རིགས་ནི་དོན་དམ་པར་ཡོད་
དོ་ཞེས་བྱ་བའི་དོན་ཏོ། །རང་གི་ནུས་པ་ཉིད་ཀྱིས་ཞེས་བྱ་བ་ནི་རང་གི་རྟོགས་པའི་སྒོ་ནས་སོ། །གཞན་གྱི་ཞེས་བྱ་བ་ནི་གསལ་བའི་ཁྱད་པར་ལ་བློ་སྐྱེད་པར་བྱེད་པ་ནའོ། །ཁྱད་པར་ཇི་ལྟ་བུ་ཞེ་ན། རང་གི་ངོ་བོ་རྗེས་སུ་བྱེད་པ་ཅན་ཏེ། ངོ་བོ་གཅིག་པའི་རྗེས་སུ་ཞུགས་
པའོ། །གང་ལ་བློ་སྐྱེད་པར་བྱེད་པ་དེར་འབྲེལ་པ་རག་ལུས་པ་ཡིན་ཏེ། འབྲེལ་པ་མེད་པར་ནི་རང་གི་རྣམ་པ་ཅན་གྱི་བློ་བསྐྱེད་པར་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་གསལ་བ་གཞན་དང་འབྲེལ་པ་སྟེ། སྤྱི་ནི་དེ་ཉིད་ཀྱི་ཕྱོགས་དང་གཞན་ཉིད་
ཀྱི་ཕྱོགས་ལ་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གསལ་བའི་ཁྱད་པར་གཅིག་ལ་སྐྱེ་བའི་བློ་གཅིག་ཏུ་འབྱུང་བ་ཅན་དེ་ནི། གསལ་བ་གཞན་ལ་ཡང་སྤྱིའི་རྣམ་པར་འཛིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གསལ་བའི་ཁྱད་པར་གཅིག་པོ་དེ་ལ་སྤྱི་
དོན་དམ་པར་གྱུར་པ་ཅུང་ཞིག་མཐོང་ན། གཞན་དུ་ཞེས་བྱ་བ་གསལ་བའི་ཁྱད་པར་གང་ལ་དེས་འགྲོ་བར་བྱ་བ་གཞན་དུ་མཐོང་བ་དེ་ཡང་ཡོད་པ་ཞེས་བྱ་བ་སྤྱི་དངོས་པོར་གྱུར་པ་ནི་མི་སྲིད་དོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། རྟེན་ལས་གཞན་ཉིད་མིན་
པར་ཁས་བླངས་པ་ན་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཏེ། གཅིག་ལས་ལྡོག་པ་མེད་པར་དེའི་བདག་ཉིད་དུ་འགྲོ་བ་མེད་པའོ། །སྤྱི་རྟེན་ལས་གཞན་ཉིད་ཡིན་ན་ཡང་གསལ་བ་ལ་མི་རྟེན་པའི་ཕྱིར་ཏེ། རྟེན་ནི་བརྟེན་པ་ལ་སོགས་པའི་དངོས་པོ་དགག་པ་བཤད་མ་
Vol. 176 · folio 179b
ཐག་པས་བཀག་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་སྤྱི་ཐ་དད་པས་འབྲེལ་པ་མེད་པས་གསལ་བ་གཞན་ལ། རང་གི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པར་མི་བྱེད་པ་དེ་ལྟར་གསལ་བ་དང་པོ་ལ་ཡང་དེ་མཚུངས་པའི་ཕྱིར། སྔོན་མིན་གསལ་བ་དག་ལ་ནི། །ཞེས་ཅིའི་
ཕྱིར་བརྗོད་དེ། གསལ་བ་དག་ལ་ནི་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་གཅིག་ལ་ཡོད་པ་མ་མཐོང་ན་ནི། གཞན་ལ་མཐོང་བ་མི་སྲིད་ཕྱིར། །ཞེས་བྱ་བ་ཡང་བརྗོད་པར་མི་བྱ་སྟེ། གསལ་བའི་ཁྱད་པར་གཅིག་ལ་ཡང་འབྲེལ་པ་མེད་པ་མཐོང་བ་མི་སྲིད་པའི་
ཕྱིར་རོ། །དེ་ནི་བདེན་ཏེ་ཁས་བླངས་པས། །དེ་སྐད་དུ་བཤད་པའི་ཕྱིར་ཉེས་པ་མེད་པའོ། །དེ་ལྟར་སྤྱི་དེ་ཉིད་དང་གཞན་ཉིད་ལ་གཞན་དུ་མཐོང་བ་མི་སྲིད་ཅིང་། དེ་ཉིད་ལས་རྣམ་པ་གཞན་དུ་ཡང་མི་སྲིད་པར་བསྟན་པའི་ཕྱིར། རང་བཞིན་གྱི་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། རང་བཞིན་གྱི་ལས་དེ་ཉིད་དམ་གཞན་ཉིད་འདས་པ་མ་ཡིན་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། ངོ་བོ་སྟེ་རང་བཞིན་དེར་གྱུར་པ་མ་ཡིན་ཞིང་དེའི་ངོ་བོ་མ་ཡིན་པ་ནི་གཞན་ཉིད་ལས་མ་འདས་པའི་ཕྱིར་ཏེ། དེ་ལས་གཞན་ཉིད་ཡིན་པའི་
ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ངོ་བོ་ཉིད་མ་ཡིན་ཀྱང་བླ་སྟེ། ཅིའི་ཕྱིར་གཞན་ཉིད་ཡིན་ཞེ་ན། དེའི་ཕྱིར་གཟུགས་ཀྱི་ཞེས་བྱ་བ་ལ་སོགས་པ་ལས། གང་ཡིན་པ་དེ་ཉིད་མ་ཡིན་ཏེ་ཞེས་བྱ་བ་ནི། དེའི་ངོ་བོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཙམ་
ཁོ་ནའི་གཞན་ཉིད་ཀྱི་མཚན་ཉིད་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་གཞན་བཞིན་དུ་ཞེས་བྱ་བ་ནི་དྲུག་པའི་དོན་གྱི་འདྲ་བའོ། །འདི་ལྟར་བདེ་བ་ལས་སྡུག་བསྔལ་ཉིད་གཞན་ཡིན་པ་ཡང་སྡུག་བསྔལ་ནི་བདེ་བའི་ངོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འདི་ཙམ་གྱི་ནི་
དེའི་ངོ་བོ་མ་ཡིན་པ་གཞན་ཉིད་ཀྱི་ཁྱད་པར་བསྟན་ཏོ། །གཞན་ཉིད་ཀྱི་མཚན་ཉིད་འདི་ཡང་མངོན་པར་འདོད་པའི་ཕྱིར་ཁྱད་པར་མེད་པའི་ཕྱིར་རོ། །དེས་ནི་ཕྱོགས་ཀྱི་ཆོས་བསྟན་ཏོ། །སྦྱོར་བ་ནི་དངོས་པོ་ཉིད་དུ་ཡོད་པ་དེའི་ངོ་བོ་མ་ཡིན་པ་གང་ཡིན་པ་
Vol. 176 · folio 180a
དེ་ནི་དེ་ལས་གཞན་ཉིད་ཡིན་ཏེ། དཔེར་ན་བདེ་བ་ལས་སྡུག་བསྔལ་བ་ལྟ་བུའོ། །དངོས་པོ་ཉིད་དུ་ཡོད་པའི་སྤྱི་ཡང་གསལ་བའི་ངོ་བོ་མ་ཡིན་པར་འདོད་དོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། དེའི་ངོ་བོ་ཉིད་མ་ཡིན་པས་གཞན་ཉིད་
ཀྱི་ཐ་སྙད་བྱ་བ་བསྒྲུབ་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་སྤྱི་དེའི་ངོ་བོ་ཉིད་མ་ཡིན་པ་ནི་གཞན་ཉིད་དུ་བསྒྲུབ་པ་ཡིན་ནོ། །འོན་ཏེ་གཞན་ཉིད་དུ་མི་འདོད་པ་དེའི་ཚེ་དེ་ཉིད་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་
པ་སྨོས་ཏེ། གསལ་བ་ལས་གཞན་ཉིད་དུ་མ་ཡིན་ན་གསལ་བའི་ངོ་བོ་དེ་ཉིད་སྤྱི་དེ་ཉིད་དུ་འགྱུར་རོ། །དེ་ཉིད་མ་ཡིན་པ་ཞེས་བྱ་བ་ནི་གསལ་བ་ངོ་བོ་ཉིད་མ་ཡིན་པའོ། །དངོས་པོ་གཞན་དང་འདྲ་བར་གཞན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་དེ་ཡང་བཤད་མ་
ཐག་པ་ཁོ་ན་ཡིན་ནོ། །སྤྱི་གཞན་ཉིད་མ་ཡིན་པ་དེ་ལྟ་ན་ཡང་གསལ་བ་གཞན་གྱི་རྗེས་སུ་འགྲོ་བར་མི་འགྱུར་རོ་ཞེས་བྱ་བ་དེ་ལྟ་ན། གསལ་བའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བའི་རང་བཞིན་གཅིག་ནི་གསལ་བ་གཞན་ལ་རྗེས་སུ་འགྲོ་ཞིང་
རྗེས་སུ་འཇུག་པ་མ་ཡིན་ཏེ། གསལ་བ་གཞན་གྱི་རང་བཞིན་ཉིད་ཅེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། རྗེས་སུ་འགྲོ་བར་བྱ་བ་གསལ་བ་གཞན་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཁྲ་བོའི་བདག་ཉིད་ཅན་གྱི་སྤྱི་སེར་སྐྱའི་བདག་ཉིད་དུ་གྱུར་པ་དེའི་
ཚེ། ཁྲ་བོའི་བདག་ཉིད་ཅན་གྱི་ལས་ཐ་དད་པ་མེད་པའི་སེར་སྐྱའི་ཁྲ་བོ་ཁོ་ནར་གྱུར་པ་ཡིན་ནོ། །ཁྲ་བོ་དང་འདྲ་བར་ཞེས་བྱ་བ་འདི་ཅིའི་ཕྱིར་གསལ་བ་གཞན་ཉིད་ཡིན། དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་སྤྱི་ཐ་དད་པ་མེད་པ་ལས་ཞེས་བྱ་བ་ནི་གསལ་བ་ལས་སོ། །རྗེས་
སུ་འགྲོ་བར་མི་འགྱུར་ཞེས་བྱ་བ་ནི་རྗེས་སུ་ཞུགས་པ་སྟེ། སྤྱི་ཐ་དད་པ་མེད་པ་ལས་ཀྱང་བློ་རྗེས་སུ་འགྲོ་བར་མི་འགྱུར་ཞིང་ཞེས་བྱ་བའི་སྐབས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྤྱི་ཐ་དད་པ་དེ་ནི་གསལ་བ་ཁྱབ་པ་འགའ་ཞིག་ལ་ཡང་རྟེན་པ་མེད་ཅིང་གནས་པ་མེད་
Vol. 176 · folio 180b
པའི་ཕྱིར་ཏེ། འབྲེལ་པ་མེད་པར་གནས་པར་མི་རུང་བའི་ཕྱིར་རོ། །གནས་པ་རྟེན་དང་གསལ་བ་ནི། །དེ་ལྟར་དེ་ལ་མི་རིགས་སོ། །ཞེས་བྱ་བ་ལ་སོགས་པས་གསལ་བར་བྱ་བ་དང་། གསལ་བར་བྱེད་པ་དང་། རྟེན་དང་བརྟེན་པའི་འབྲེལ་པ་བཀག་པའི་
ཕྱིར་རོ། །གལ་ཏེ་འོན་ཀྱང་སྤྱི་དང་དེ་དང་ལྡན་པ་དག་གི་འབྲེལ་པ་ནི་གཞན་ཡོད་པར་འགྱུར་རོ་ཞེ་ན། འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་པ་ལ། གང་ལ་གསལ་བར་བྱེད་པ་དང་གསལ་བར་བྱ་བའི་ངོ་བོ་ལ་ཞེས་བྱ་བ་ནི་ལྔ་པའོ། །སོགས་པའི་སྒྲས་
ནི་རྟེན་དང་བརྟེན་པའི་དངོས་པོ་གཟུང་ངོ་། །སྔར་བཀག་པའི་འབྲེལ་པ་གཉིས་པོ་དེ་ལས་གསལ་བ་བ་ལང་སྤྱིའི་དངོས་པོ་གཞན་ཅི་ཡང་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རྟག་པ་ཉིད་ཀྱིས་གསལ་བའི་ཁྱད་པར་འགའ་ཞིག་གིས་ཕན་བཏགས་པ་མེད་
པའི་སྤྱི་རག་ལུས་པ་མེད་པའི་ཕྱིར་རོ། །རག་ལུས་པ་མེད་པའི་འབྲེལ་པ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ། །དེ་དག་གིས་ནི། གཞན་ཉིད་མིན་ན་རྗེས་འགྲོ་མེད། །གཞན་ཉིད་ནི་ཡང་མི་རྟེན་ཕྱིར། །ཞེས་བྱ་བའི་ཚིགས་སུ་བཅད་པའི་ཆ་བཤད་དོ། །གལ་ཏེ་
གསལ་བ་དག་ལ་སྤྱི་འབྲེལ་པ་མེད་དུ་ཟིན་ཀྱང་རང་གི་ངོ་བོའི་རྗེས་སུ་བྱེད་པའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། འབྲེལ་པ་མེད་པ་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འདི་ལ་འབྲེལ་པ་ཡོད་པ་ཡིན་པས་ན་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །ཐམས་
ཅད་ཀྱི་ཤེས་པ་ཐམས་ཅད་ལ་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་སྤྱི་ཡོད་པར་སྨྲ་བའིའོ། །སྤྱི་གཅིག་མཐོང་བས་ཞེས་བྱ་བ་ནི་གཏན་ཚིགས་སོ། །གསལ་བའི་ཁྱད་པར་ཁྲ་བོ་གཅིག་ལ་གནས་པ་གང་
ཡིན་པ་དེ་ནི་གཞན་ཏེ་གསལ་བ་གཞན་ལ་གནས་ཤིང་རྗེས་སུ་འཇུག་པར་འདོད་པའི་སྤྱིའི་དངོས་པོ་འདོད་པ་ནི་གསལ་བ་ལས་དེ་ཉིད་དང་གཞན་གང་ཡིན་པ་དེ་ལས་མ་འདས་པ་ཡིན་ཏེ། དངོས་པོ་རྣམ་པ་གཞན་མེད་པའི་ཕྱིར་རོ། །དེ་ལ་ཡང་ཉེས་པ་བཤད་ཟིན་པའི་
Vol. 176 · folio 181a
ཕྱིར་སྤྱི་དངོས་པོར་གྱུར་པ་ལ་རྗེས་སུ་འགྲོ་བའི་ཤེས་པ་ཞེས་བྱ་བ་དེ་ནི་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དོན་ཕན་ཚུན་ཐ་དད་པ་རྣམས་ལ་ངོ་བོ་གཅིག་སྟེ། རྣམ་པ་གཅིག་ཏུ་རྟོགས་པ་འདི་ལ་འཁྲུལ་པ་ཁོ་ན་ཡིན་ཏེ། ཐ་དད་པ་
དག་ལ་ཐ་དད་པ་མེད་པར་སྒྲོ་འདོགས་པར་འཇུག་པའི་ཕྱིར་རོ། །འོན་ཀྱང་དེ་གང་ལས་སྐྱེས་པ་ཡིན་ཞེ་ན། རྣམ་པར་རྟོག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་མི་མཐུན་པ་ལས་ལོག་པའི་དངོས་པོ་ཉམས་སུ་མྱོང་བས་དེ་ལྟ་བུར་གྱུར་པའི་རྣམ་པར་རྟོག་པ་
སྐྱེད་པར་བྱེད་པའི་བག་ཆགས་བསྒོས་པ་གང་ཡིན་པ་དེས་ཀུན་ནས་བསླང་བ་ཉིད་དོ། །དེ་ཡང་གོང་དུ་བཤད་ཟིན་པའི་ཕྱིར་རོ། །དངོས་པོ་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་དེའི་འབྲས་བུ་ཅན། དེའི་འབྲས་བུ་ཅན་མ་ཡིན་པ་ལས་ཐ་དད་པ་
དེ་ལྟ་བུར་གྱུར་པ་དག་ཉམས་སུ་མྱོང་བས་བསྒོས་པའི་བག་ཆགས་གང་ཡིན་པ་དེའི་རང་བཞིན་ཏེ་ངོ་བོ་ཉིད་ནི་དེའི་རྟེན་ཡིན་ནོ་ཞེས་བྱ་བ་དེ་ནི་སྔར་དཔྱད་ཟིན་ཏོ། །དེ་ལ་དངོས་པོ་ཐ་དད་པ་ནི་བརྒྱུད་པའི་རྒྱུ་ཡིན་ཞིང་། བག་ཆགས་ཀྱི་རང་བཞིན་ནི་མངོན་སུམ་གྱི་རྒྱུ་
ཡིན་པའི་ཕྱིར་གཉིས་བཀོད་པ་ཡིན་ནོ། །གལ་ཏེ་གཞན་སེལ་བ་ཁོ་ན་སྒྲས་བརྗོད་པར་བྱ་བ་ཡིན་སྙམ་པས་འོ་ན་ད་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ། གཙོ་བོ་དང་དབང་ཕྱུག་ལ་སོགས་པའི་འབྲས་བུའི་སྒྲ་དག་ནི་ཞེས་བྱ་བ་ནི། འགྲོ་བ་ནི་གཙོ་བོའི་
འབྲས་བུ་དང་དབང་ཕྱུག་གི་འབྲས་བུ་ཞེས་བྱའོ། །སོགས་པའི་སྒྲས་ནི་སྒྲའི་ཚངས་པ་ཡོངས་སུ་གྱུར་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་དག་ཡོངས་སུ་གཟུང་ངོ་། །དངོས་པོ་ནི་ཕྱི་དང་ནང་གིའོ། །ཐ་དད་པ་གང་དག་ལ་གཙོ་བོ་ལ་སོགས་པའི་
འབྲས་བུའི་བདག་ཉིད་དུ་གྱུར་པ་མེད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །གལ་ཏེ་དེ་དག་གཙོ་བོ་མ་ཡིན་པ་ལ་སོགས་པའི་འབྲས་བུ་ལས་ཐ་དད་པར་འགྱུར་བ་དེའི་ཚེ། གཙོ་བོ་ལ་སོགས་པའི་འབྲས་བུའི་བདག་ཉིད་ཐ་དད་པར་འགྱུར་ན། དེ་ཉིད་ཀྱང་
Vol. 176 · folio 181b
ཐམས་ཅད་ལ་ཐ་དད་པ་མེད་པ་ཡིན་ཏེ། ཐ་དད་པ་མེད་པའི་རྒྱུ་མཚན་དེ་ཐམས་ཅད་ལ་འཇུག་པར་འགྱུར་ན། གཞན་སེལ་བ་སྨྲ་བའི་གཞུང་གི་དངོས་པོ་དག་ལ་དེ་ཡང་ཡོད་པ་མ་ཡིན་ཏེ། གཙོ་བོ་མ་ཡིན་པ་ལ་སོགས་པའི་འབྲས་བུའི་བདག་ཉིད་ཅན་
ཡིན་པའི་ཕྱིར་རོ། །དེ་བས་ན་ཇི་ལྟར་ན་དེ་ལྟ་བུར་གྱུར་པ་ནི་ཐ་དད་པ་མེད་པར་འཇུག་པར་འགྱུར་ཏེ། མེད་པ་ཁོ་ནའོ་ཞེས་བསམས་པའོ། །དེ་ལྟར་ན་གཞན་སེལ་བའི་གནས་སྐབས་ཀྱིས་མ་ཁྱབ་པ་ཡིན་ནོ་ཞེས་འདོད་དོ། །དེ་དག་ཀྱང་བྱ་བ་ལ་སོགས་པས་
ལན་འདེབས་པར་བྱེད་དོ། །གཙོ་བོ་ལ་སོགས་པའི་འབྲས་བུའི་སྒྲ་དེ་དག་ཀྱང་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་སྣང་བའི་དོན་ལ་འཇུག་པར་འགྱུར་གྱི་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་ཞེ་ན། བརྡ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་
པོ་དེ་ལྟ་བུར་གྱུར་པ་མ་ཡིན་དུ་ཟིན་ཀྱང་འདོད་པའི་དབང་གིས་འགྲོ་བ་ནི་གཙོ་བོའི་འབྲས་བུ་ཡིན་ནོ་ཞེས་བརྡ་ཇི་ལྟ་བ་བཞིན་དུ་བྱས་པ་དེས་ཤེས་པའི་རྒྱུད་བག་ཆགས་བསྒོས་པའི་ནུས་པའི་སྐད་ཅིག་མ་ཕྱི་མ་ཕྱི་མ་ཡོངས་སུ་གྱུར་པ་དེས། ལེགས་པར་བྱས་པ་ཉིད་
ཀྱི་ཕྱིར་ཕྱི་ནང་གི་དོན་ཐམས་ཅད་མཐོང་བ་སྟེ་ཉམས་སུ་མྱོང་བ་ཡོད་དུ་ཟིན་ཀྱང་། ཅི་དེ་དངོས་པོའི་ཆོས་ཀྱི་གཙོ་བོ་མ་ཡིན་པའི་འབྲས་བུའི་དོན་དག་མཐོང་བ་དེ་ལྟ་ན་ཡང་། གཙོ་བོ་མ་ཡིན་པའི་འབྲས་བུ་དེ་ལས་ཐ་དད་པ་དངོས་པོར་ཡོད་པ་ལ་ལྟོས་པ་མེད་པ་
ཡིན་ཏེ། དངོས་པོའི་རང་གི་ངོ་བོ་ལ་མི་ལྟོས་པར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ངེས་པར་བྱས་པ་སྟེ། བརྡ་ཇི་ལྟ་བ་བཞིན་དུ་གཙོ་བོ་མ་ཡིན་པའི་འབྲས་བུའི་དངོས་པོ་ལ་ཡང་། གཙོ་བོའི་འབྲས་བུ་ངེས་པར་བྱས་པ་ལས། དེ་ལྟ་བུ་མ་ཡིན་པའི་རྣམ་པར་
རྟོག་པའི་གཙོ་བོའི་འབྲས་བུ་མ་ཡིན་པ་ཉིད་ཀྱིས་སེམས་དང་ལྡན་པ་བརྟགས་པ་སྟེ། དེ་རྣམ་པར་གཅད་ནས་སོ། །གཙོ་བོའི་འབྲས་བུའི་དངོས་པོའོ་ཞེས་བྱ་བའི་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་གང་ཡིན་པ་དེའི་སྣང་བའི་དོན་ལ་རིགས་མི་མཐུན་པའི་
Vol. 176 · folio 182a
རྣམ་པར་རྟོག་པ་རྣམ་པར་གཅོད་པས་དེ་ཉིད་གཞན་སེལ་བའོ་ཞེས་བསམས་པའོ། །སྒྲ་དེ་དག་ཀྱང་ཇི་ལྟ་བུར་གྱུར་པ་ཞེ་ན། ཉེ་བར་ལེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་རྟོག་པའི་རྒྱུ་བག་ཆགས་བརྟན་པོ་ནི་ཉེ་བར་ལེན་པའི་
སྟོབས་སོ། །དེ་ལས་བྱུང་ཞིང་སྐྱེ་བ་རྣམ་པར་རྟོག་པ་གང་ལ་ཡོད་པ་སྟེ། དེས་ཀུན་ནས་བསླང་བ་དག་གོ། །འདི་སྐད་དུ་གལ་ཏེ་དངོས་པོ་དེ་ལྟ་བུར་གྱུར་པའི་ཐ་དད་པ་མེད་དུ་ཟིན་ཀྱང་། དེ་ལྟ་ན་ཡང་རྣམ་པར་རྟོག་པས་སྒྲོ་བཏགས་པའི་གཞན་སེལ་བ་ཁོ་ན་སྒྲ་འཇུག་པའི་
ཡན་ལག་ཡིན་པ་དེ་བས་ན་མ་ཁྱབ་པའི་ཉེས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་གཙོ་བོ་ལ་སོགས་པའི་འབྲས་བུའི་སྒྲ་དག་ཐ་དད་པ་མེད་པར་འཇུག་ན་དངོས་པོ་དེ་དག་ལ་སྤྱི་དངོས་པོར་གྱུར་པ་མི་འདོད་ཅེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་
ཏེ། གཙོ་བོའི་འབྲས་བུ་ཉིད་དུ་སྒྲོ་བཏགས་པ་དང་གཙོ་བོའི་འབྲས་བུ་མ་ཡིན་པ་དེ་དག་གཉི་ག་ལ་ཡང་སྤྱི་བཀག་པའི་ཕྱིར་རོ་ཞེས་བསམས་པའོ། །གཞན་སེལ་བ་སྨྲ་བས་ཉེས་པ་མེད་པ་བསྟན་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
གཙོ་བོ་ལ་སོགས་པའི་འབྲས་བུ་ཉིད་དུ་བརྟག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་གཞན་ལས་ཏེ། གཙོ་བོ་ལ་སོགས་པའི་འབྲས་བུ་མ་ཡིན་པ་ཉིད་དུ་བརྟག་པ་དག་ལས། གཙོ་བོ་ལ་སོགས་པའི་འབྲས་བུ་ཉིད་དུ་སྒྲོ་བཏགས་པ་དག་གིས་ཐ་དད་པ་ནི། རྟོགས་པ་པོའི་
ཞེན་པའི་དབང་ལས་གྱུར་པའོ། །གལ་ཏེ་དེའི་བསམ་པའི་དབང་ཁོ་ན་སྟེ། རྟོགས་པ་པོའི་བསམ་པའི་དབང་ཁོ་ན་ལས་གཙོ་བོའི་འབྲས་བུ་མ་ཡིན་པ་ཉིད་དུ་འདོད་པའི་དངོས་པོ་དག་གི་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པའི་རྒྱུ་མཚན་གྱི་སྤྱི་ཅིའི་ཕྱིར་མེད་ཅེ་ན། དེ་
ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་སྨྲས་པ་སྦྱོར་བ་བཏགས་པ་དེས་ནི་གཙོ་བོའི་འབྲས་བུ་ཉིད་དུ་འདོད་པའི་དངོས་པོ་འདི་གདོན་མི་ཟ་བར་མེད་ན་མི་འགྱུར་བ་ཉིད་ཀྱི་ཕྱིར། གཙོ་བོའི་འབྲས་བུ་མ་ཡིན་པར་འདོད་པ་ལས་ཐ་དད་པར་འདོད་པ་ཡིན། གལ་ཏེ་
Vol. 176 · folio 182b
སྐྱེས་བུ་གཙོ་བོའི་འབྲས་བུ་མ་ཡིན་པ་ལས། གཙོ་བོའི་འབྲས་བུ་ཐ་དད་པ་མེད་པ་དེའི་ཚེ། སྐྱེས་བུ་ཡང་གཙོ་བོའི་འབྲས་བུ་ཉིད་དུ་འགྱུར་ཏེ། བརྡའི་ངོ་བོར་རྣམ་པར་བཏགས་པའི་ཐ་དད་པ་དེ་ཉིད་ཀྱང་སྒྲ་གཅིག་འཇུག་པ་སོགས་པའི་མཚན་ཉིད་ཅན་གྱི་སྤྱིའི་འབྲས་བུའི་
ནུས་པ་སྟེ་སྟོབས་ཡིན་ནོ། །དེ་ལྟ་བུར་གྱུར་པའི་ཐ་དད་པ་མ་ཡིན་པ་དག་ལ་ཇི་ལྟར་སྤྱིའི་བློ་འཁྲུལ་པ་ཡིན་པ་བཞིན་དུ་དེ་ལྟ་བུར་གྱུར་པའི་ཐ་དད་པ་ལ་ཡང་ཁྱད་པར་མེད་པར་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གལ་ཏེའི་སྒྲ་ནི་རང་བཞིན་
གསལ་བར་བྱེད་པའི་དོན་ཏེ། གལ་ཏེ་འདི་ནི་ཐམས་ཅད་དུ་ཡུལ་མེད་པའི་ངོ་བོ་ཡིན་ན། དེ་ལ་ཁོ་བོ་ཅག་གིས་ཅི་བྱར་ཡོད་ཅེས་བྱ་བའོ། །ཡོད་པའམ་ཞེས་བྱ་བ་ནི་དངོས་པོ་ཡོད་པ་བ་ལང་མ་ཡིན་པ་ལས་ལྡོག་པ་དག་གོ། །མེད་པ་དག་ལ་ཞེས་བྱ་བ་ནི་དོན་དམ་
པར་གཙོ་བོ་དང་དབང་ཕྱུག་ལ་སོགས་པའི་འབྲས་བུ་ཉིད་དུ་ཡོད་པ་མ་ཡིན་པའི་དངོས་པོ་དག་ལ། ཇི་ལྟར་སྤྱིའི་བློ་འཁྲུལ་པ་ཡིན་པ་བཞིན་དུ་དེ་ལྟ་བུར་གྱུར་པ་ཐ་དད་པ་འདི་ནི་དོན་དང་ལྡན་པ་མ་ཡིན་ཏེ། དེས་ཇི་ལྟར་ཐ་དད་པ་མེད་པའི་རྣམ་པར་སྒྲོ་བཏགས་པའི་ཕྱི་
རོལ་དག་ལ་མེད་པའི་ཕྱིར་རོ། །དེ་བས་ན་མེད་པ་འཛིན་པའི་ཕྱིར་བསླད་པ་ཁོ་ན་ཏེ། འཁྲུལ་པ་ཉིད་ཡིན་པའི་ཕྱིར་སྤྱིའི་བློ་ཡུལ་མེད་པ་ཅན་འདིའི་ཡུལ་དཔྱོད་པ་ལ་གུས་པ་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་སྤྱིའི་བློ་ཐམས་ཅད་འཁྲུལ་པ་ཁོ་ན་ཡིན་ན་འོ་ན་ཇི་
ལྟར་རྗེས་སུ་དཔག་པ་དོན་ལ་མི་བསླུ་བ་ཡིན་ཞེ་ན། འགའ་ཞིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་འགའ་ཞིག་ལ་འདི་ལ་བློ་ལས་མི་བསླུ་བ་གང་ཡིན་པ་དེ་ནི། རྒྱུ་དང་འབྲས་བུའི་འབྲེལ་པ་ལས་ཡིན་ཏེ། དེ་ཡང་ནོར་བུ་སྒྲོན་མའི་འོད་དག་ལས། ནོར་
བུའི་བློ་ཡིས་འགྲོ་བའི་ཞེས་བྱ་བ་ལ་སོགས་པ་ལེའུ་གསུམ་པ་ལས་བསྟན་པར་བྱ་བ་དང་། གང་ལ་དངོས་པོ་དང་འབྲེལ་པ་ཡོད་པ་དངོས་པོ་མེད་པའི་རྟེན་ཡིན་ཏེ། རྗེས་དཔག་ཇི་སྐད་བཤད་ཇི་བཞིན། །ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་པ་ཡིན་ནོ། །དངོས་
Vol. 176 · folio 183a
པོའི་བདག་ཉིད་དེ་ལྟ་བུར་གྱུར་པའི་གཟུང་བ་ངེས་པར་གཟུང་བ་བྱས་པ་ལས། རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ནི་དངོས་པོ་ལ་མི་བསླུ་བ་ནི་ཡིན་ཏེ། མངོན་སུམ་གྱིས་ཉམས་སུ་མྱོང་བ་བཞིན་ནོ་ཞེས་བྱ་བ་ནི། ཆོས་མི་མཐུན་པའི་དཔེའོ། །
ཅིའི་ཕྱིར་ཞེ་ན། དེ་ལྟར་ཡོད་པ་མ་ཡིན་ཡང་ཞེས་བྱ་བ་ནི། དེའི་དངོས་པོ་མེད་དུ་ཟིན་ཀྱང་རྟགས་ཀྱི་རྗེས་སུ་འབྲང་ཞིང་བརྒྱུད་པས་ཡོད་པའི་ཕྱིར་རོ། །དེ་ཡང་ཕྱིས་བསྟན་པར་བྱ་བ་དང་སྔར་ཡོད་པ་དང་མེད་པ་རྗེས་སུ་བྱེད་པ་ཞེས་བྱ་བ་ལ་སོགས་པས་བསྟན་
ཟིན་ཏོ། །གལ་ཏེ་སྤྱིའི་བློ་ཡུལ་མེད་པ་ཅན་འདི་ཅི་ལྟར་གཞན་སེལ་བའི་ཡུལ་ཅན་ཉིད་བསྟན་ཅེ་ན། དེའི་ཕྱིར་ཐ་དད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱིའི་བློ་འདི་ནི་དངོས་པོ་ཐ་དད་པ་མཐོང་བའི་སྟོབས་ཀྱིས་ཞེས་བྱ་བ་རིགས་མི་མཐུན་པ་ལས་ལྡོག་
པ་རང་གི་མཚན་ཉིད་ཉམས་སུ་མྱོང་བའི་ནུས་པས་བསྐྱེད་པ་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །ཕལ་ཆེར་སྨོས་པ་ནི་དངོས་པོ་མེད་དུ་ཟིན་ཀྱང་རི་བོང་གི་རྭ་ལ་སོགས་པ་ལ་རྣམ་པར་རྟོག་པའི་བློ་འཇུག་པ་བསྟན་པའི་ཕྱིར་རོ། །གཞན་ཡང་དེ་དག་ལ་དངོས་པོར་
ངེས་པའི་ཕྱིར་ཏེ། དངོས་པོ་ཐ་དད་པའི་དེ་དག་ལ་རང་གི་སྣང་བའི་དངོས་པོ་ཉིད་དུ་སྒྲོ་བཏགས་པའི་ཕྱིར་ཏེ། སྣང་བ་དང་རྣམ་པར་རྟོག་པའི་དོན་གཅིག་ཏུ་བྱས་ནས་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་དུ་གང་གི་ཕྱིར་དངོས་པོ་ཐ་དད་པ་
མཐོང་བའི་སྟོབས་ཀྱིས་བསྐྱེད་པ་ཉིད་སྐྱེས་ནས་རང་གི་སྣང་བ་ལ་དངོས་པོ་ཐ་དད་པ་དག་ཏུ་སྒྲོ་བཏགས་ནས་འཇུག་པ་དེའི་ཕྱིར། ཐ་དད་པའི་ཡུལ་ལ་ཡང་འདི་བཤད་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །དེ་དག་ཀྱང་གོང་དུ། དེ་ཕྱིར་གཞན་སེལ་ཡུལ་ཅན་
ཏེ། །དེ་བྱེད་བརྟེན་པའི་ངོ་བོའི་ཕྱིར། །ཞེས་བྱ་བ་འདིས་བསྟན་ཟིན་ཏོ། །དེ་ལྟར་རེ་ཞིག་ཁ་ཅིག་འཐད་པ་གཉིས་བྱས་ནས་འཆད་པར་བྱེད་ལ། གཞན་དག་ནི་འཐད་པ་འདི་ནི་གཅིག་ཁོ་ན་ཡིན་ནོ་ཞེས་བྱ་བར་རྟོགས་ཏེ། དངོས་པོ་ཐ་དད་པ་མཐོང་བའི་སྟོབས་ཀྱིས་
Vol. 176 · folio 183b
རང་གི་སྣང་བ་དེ་དག་ལ་དངོས་པོར་ངེས་པའི་ཕྱིར་ཏེ། རང་གི་སྣང་བ་ཁོ་ན་དངོས་པོ་ཐ་དད་པ་ཡིན་ནོ་ཞེས་དེ་ལྟར་ངེས་པར་བྱ་བའི་ཕྱིར། ཐ་དད་པའི་ཡུལ་ཅན་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་རིགས་པ་ནི་མི་རྟག་པ་ལ་སོགས་པའི་རྣམ་པར་རྟོག་པ་དག་
ནི། དེ་ལྟ་བུར་གྱུར་པའི་དངོས་པོ་མཐོང་བའི་སྟོབས་ཀྱིས་བསྐྱེད་པའི་ཕྱིར་ཐ་དད་པ་ཡུལ་ཅན་ཉིད་ཡིན་ལ། དེ་ལྟ་བུར་གྱུར་པའི་དངོས་པོ་ཐ་དད་པ་མ་ཡིན་པ་རྟག་པ་ལ་སོགས་པའི་དངོས་པོའམ། དངོས་པོར་ཡོད་པ་མ་ཡིན་པ་རི་བོང་གི་རྭ་ལ་སོགས་
པའི་རྣམ་པར་རྟོག་པ་དག་ལ་ཇི་ལྟར་འགྱུར་ཞེ་ན། དེ་ལྟ་བུའི་ངོ་བོར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་དངོས་པོ་ཐ་དད་པའི་ངོ་བོ་གཟུང་ཞིང་ཉམས་སུ་མྱོང་བའི་སྟོབས་ཀྱིས་བསྐྱེད་པའི་མི་རྟག་པ་ལ་སོགས་པའི་བློ་དག་ནི་རང་གི་སྣང་བ་ལ་ཐ་དད་
པའི་ངོ་བོ་སྒྲོ་བཏགས་ནས་འཇུག་པ་ལྟར། གཙོ་བོའི་འབྲས་བུ་རྟག་པ་ཉིད་ལ་སོགས་པའི་བློ་དག་ཀྱང་དེ་ལྟ་བུའི་ངོ་བོར་བརྟགས་པ་ཉིད་དེ། རང་གི་སྣང་བ་ལ་ཐ་དད་པའི་ངོ་བོར་བརྟགས་པ་ཁོ་ན་ཡོད་ན་གཞན་ལ་ཞེས་བྱ་བ་ཡོད་པ་མ་ཡིན། གཙོ་
བོའི་འབྲས་བུ་རྟག་པ་ཉིད་ལ་སོགས་པར་བརྟགས་པ་དག་ལ་དེའི་བློ་དག་འཇུག་པའི་ཕྱིར་ཐ་དད་པའི་ཡུལ་ཅན་ཞེས་བྱ་བ་ལ་རི་བོང་གི་རྭ་ལ་སོགས་པའི་རྣམ་པར་རྟོག་པ་དག་ཀྱང་རྣམ་པར་རྟོག་པ་གཞན་རྣམ་པར་གཅད་ནས་ཐ་དད་པ་ཉིད་དུ་སྒྲོ་
འདོགས་པའི་ཕྱིར། ཐ་དད་པའི་ཡུལ་ཅན་ཉིད་དུ་ཡོད་པ་ཡིན་ནོ། །རང་གི་རྟེན་དེ་གསལ་བའི་ཡུལ་ཙམ་ཁོ་ན་ཡོད་པའམ། གསལ་བས་སྟོང་པའི་ཡུལ་ཐམས་ཅད་ན་ཡོད་ཅིང་གནས་པ་ཡིན་ཏེ། གསལ་བས་སྟོང་པའི་ཡུལ་ན་ཡང་ཡོད་པ་
ཉིད་ཀྱི་ཕྱིར། བུམ་པ་ལ་སོགས་པས་སྟོང་པའི་ཡུལ་དུ་སྔོན་མེད་པའི་བུམ་པ་བྱུང་བ་ཡིན་ན། ཕྱིས་བྱུང་བའི་བུམ་པ་ལ་སོགས་པ་ལས་ཡུལ་ཐ་དད་པ་ཅན་གྱི་རྫས་གང་ཡིན་པ་དེ་ལ་ཡོད་པའི་སྤྱི་ནི་ཇི་ལྟར་ཕྱིས་འབྱུང་བའི་བུམ་པ་ལ་སོགས་པ་དེ་དག་
Vol. 176 · folio 184a
ལ་ཡོད་པར་འགྱུར། གལ་ཏེ་སྤྱི་ནི་རྫས་སྔ་མ་དེ་ལས་ཕྱིས་བྱུང་བར་གྱུར་པའི་རྫས་ལ་འགྲོ་བ་ཡིན་ན། དེ་ཡང་མེད་པར་བསྟན་པའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་སྤྱིའོ། །རྫས་སྔ་མ་ལས་
ཞེས་བྱ་བ་ལ་དེ་འཕྲོད་པ་འདུ་བའི་འབྲེལ་པ་དེ་ལས་སྐྱེ་བར་འགྱུར་བའི་རྫས་ཏེ། སྐྱེ་བར་འདོད་པའི་བུམ་པ་ལ་སོགས་པ་ལ་སྔ་ན་མེད་པ་ལ་མི་འགྲོ་སྟེ། སྤྱི་ནི་ལུས་ཅན་མ་ཡིན་པ་ཉིད་ཀྱིས་བྱེད་པ་མེད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་མེ་ལོང་དང་གཟུགས་
བརྙན་དང་འདྲ་བར་རྫས་སྔ་མ་ལས་མི་གཡོ་བ་ཉིད་དུ་ཟིན་ཀྱང་། ཡུལ་ཐ་དད་པ་དང་ལྡན་པར་འགྱུར་རོ་ཞེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། གཞན་ལ་གནས་པའི་སྤྱི་ཞེས་བྱ་བ་ནི། སྐྱེད་པར་འགྱུར་བའི་རྫས་ལས་ཡུལ་ཐ་དད་པའི་རྫས་
ལ་གནས་པའི་སྤྱིའི་དངོས་པོ་ཞེས་བྱ་བ་ནི། རྟེན་སྔ་མ་དེ་ལས་མི་གཡོ་བ་དེ་གཉི་གའི་བར་ན་ཁྱབ་པ་མ་ཡིན་ཏེ། སྔ་ཕྱིར་བྱུང་བའི་རྫས་གཉི་གའི་བར་ལ་ཁྱབ་པ་མ་ཡིན་པ་ནི། རང་གི་རྟེན་ལས་ཡུལ་ཐ་དད་པའི་རྫས་དང་ལྡན་པར་རིགས་པ་མ་ཡིན་ནོ་ཞེས་བྱ་བར་
སྦྱར་རོ། །གཟུགས་བརྙན་ནི་ཡུལ་ཐ་དད་པ་ཅན་གྱི་མེ་ལོང་དང་འབྲེལ་པ་ཡིན་ནོ་ཞེས་སྨྲས་པས་ཇི་ལྟར་ན་འཁྲུལ་པར་མི་འགྱུར། དེ་ལ་ཚོགས་པའི་སྟོབས་ལས་སྐྱེས་པའི་མེ་ལོང་ལ་སྣང་བའི་གཟུགས་བརྙན་གྱི་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པ་འཁྲུལ་པ་
ཡིན་ཏེ། རྡོ་རྗེ་མེ་ལོང་དཀྱིལ་ལ་སོགས། །འགལ་བ་ཡི་ནི་དབྱིབས་ཅན་ལ། །རི་བོ་ལ་སོགས་དངོས་པོ་ཡི། །རང་བཞིན་ཡོད་པ་སྲིད་པ་མིན། །ཞེས་གང་བཤད་པ་ཡིན་ནོ། །དེ་ལ་གང་དག་གིས་དངོས་པོ་གཞན་སྐྱེ་བར་འདོད་པ་དེ་
དག་གི་ཡང་གཟུགས་བརྙན་དང་འབྲེལ་པ་ཡོད་པ་མ་ཡིན་པའི་ཕྱིར། དེ་ནི་ཅིར་ཡང་མི་རུང་ངོ་། །སྐྱེ་བར་འགྱུར་བའི་རྫས་ལས་སྔ་མ་སྤྱིའི་བདག་ཉིད་དེ་ཡང་སྐྱེ་བར་འགྱུར་བའི་རྫས་ཀྱི་ཡུལ་དེ་ན་ཡང་གསལ་བས་སྟོང་པའི་ཡུལ་ན་ཡོད་པ་མིན་ཏེ། དེའི་
Vol. 176 · folio 184b
གནས་ཁས་མ་བླངས་པའི་ཕྱིར་རོ། །སྤྱི་དེ་ནི་གསལ་བ་སྐྱེ་བ་ལ། ཕྱིས་ཡོད་པ་མིན་ན་ཡང་། སྤྱིས་སྟོང་པའི་གསལ་བ་ནི་ཁས་མ་བླངས་པའི་ཕྱིར་རོ། །ཡུལ་དེ་ཡང་གསལ་བ་དང་། ལྷན་ཅིག་སྐྱེ་བ་མེད་པས་གསལ་བའི་ཁྱད་པར་སྔ་མ་འགའ་
ཞིག་ལས་ཀྱང་འོངས་པ་མེད་པ་དེ་ལྟར་ན་མི་འགྲོ་ཞེས་བཤད་པ་གང་ཡིན་པ་དེ་ཉིད་མཇུག་བསྡུ་བའི་སྒོ་ནས་བརྗོད་པ་ཡིན་ནོ། །རྣམ་པ་ཅི་ཙམ་གྱིས་སྤྱི་གསལ་བ་གཞན་ལ་ཡོད་པའི་རྣམ་པ་དེ་ནི་མི་འདོད་དེ། དེ་ལ་ཡང་སྤྱི་འདོད་ན་ཞེས་བྱ་བ་ནི་འགལ་བ་
ཡིན་ལ། དེ་ཡང་ཤེས་རབ་དང་ལྡན་པ་དག་གིས་རྟོགས་པར་དཀའ་བ་ཉིད་ཀྱི་ཕྱིར། ཁུར་བཞིན་ནོ། །དེ་ཉིད་བཤད་པའི་ཕྱིར། འདེགས་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བླུན་པོ་ནི་མི་ཤེས་པའི་ཕྱིར། རིགས་པ་དང་། མི་རིགས་པ་དཔྱད་མི་
བཟོད་པ་བརྟག་ནུས་པ་ཡིན་དུ་ཟིན་ཀྱང་། ཤེས་རབ་དང་ལྡན་པས་ནི་ནམ་རིགས་པ་མ་ཡིན་པ། ཇི་ལྟར་བཟོད་ནུས་ཞེས་བླུན་པོ་ལས་གཞན་དུ་ཞེས་བྱ་བ་སྨོས་སོ། །སྤྱི་བྱེད་པ་དང་བཅས་པ་ཡིན་ཀྱང་བླ་སྟེ། དེ་ལྟ་ན་ཡང་དེ་ནི་གསལ་བ་སྔ་ན་མེད་
པ་ལ་ཡོད་པར་རིགས་པ་མ་ཡིན་ནོ། །གལ་ཏེ་འདི་ལྟར་དེ་ནི་ཆ་མེད་པ་ཅན་དུ་འགྱུར་བ་དེའི་ཚེ། རྟེན་སྔ་མ་ལ་ཆ་གཅིག་གིས་གནས་སམ། རྟེན་སྔ་མ་སྤངས་ནས། ཆ་མེད་པའི་ཆ་གཞན་གྱིས་སྐྱེ་བར་འགྱུར་བའི་རྫས་ལ་འགྲོ་བར་འགྱུར་
ན། དེ་གཉི་ག་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཆ་ཅན་མིན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། རྟེན་སྔ་མའི་ཞེས་བྱ་བའི་མདོའི་ཆ་དང་། སྐྱེ་བར་འགྱུར་བའི་ཡུལ་ལས་ཐ་དད་པའི་ཡུལ་ཏེ་ཞེས་བྱ་བ་སྤེལ་མར་གསལ་བར་
བྱེད་པ་ཡིན་ནོ། །དེ་དག་ལ་ཞེས་བྱ་བ་ནི་སྔར་བྱུང་བ་དང་། ཕྱིས་འབྱུང་བའི་རྫས་དག་ལའོ། །ཡུལ་ཐ་དད་པ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། ཡན་ལག་གཞན་དང་གཞན་དག་སྟེ། ཕན་ཚུན་ཐ་དད་པ་དག་
Vol. 176 · folio 185a
གིས། དེ་དང་འབྲེལ་པ་སྟེ། ཡུལ་ཐ་དད་པ་དེ་དག་དང་འབྲེལ་པའི་ཕྱིར་རོ། །སྣང་བ་ལ་ནི་ཡན་ལག་དང་བཅས་པ་ཉིད་ཀྱི་ཕྱིར་ཡན་ལག་གཞན་གྱིས་བུམ་པ་གཞན་གྱི་སྣམ་བུ་ལ་སོགས་པ་དང་འབྲེལ་པར་
འགྱུར་རོ། །ཐག་པ་དང་དབྱིག་པ་དག་གིས། རང་གི་འབྲེལ་པ་ཡང་དེ་དང་འདྲའོ། །ཡན་ལག་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི། དེ་ཉིད་དུ་གཞུང་འཛུགས་པར་བྱེད་པའོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། དེ་ལ་ཞེས་
བྱ་བ་ལ་སོགས་པ་སྨོས་པ་ལ། དངོས་པོ་ཆ་ཤས་མེད་པ་དེ་ལ་རྫས་གཅིག་དང་འབྲེལ་པའི་བདག་ཉིད་གང་ཡིན་པ་དེ་བཟློག་ནས། བདག་ཉིད་གཉིས་པ་མེད་པའི་ཕྱིར་རོ། །སྤྱི་དེའི་བདག་ཉིད་གཅིག་པ་ཡང་ཡུལ་དེར་གནས་པའི་འབྲེལ་
པ་ཅན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ། བུམ་པ་ལ་སོགས་པ་ལས་སྐྱེ་བར་འགྱུར་བའི་ཡུལ་ལས་བུམ་པ་ལ་སོགས་པའི་རྫས་སྔ་མའི་ཡུལ་ལས་གནས་པ་གང་ཡིན་པ་དེ་ནི་འབྲེལ་པ་ཅན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར། ཡུལ་ཐ་དད་པ་དང་ཅིག་ཅར་འབྲེལ་པ་ཡོད་པ་
མ་ཡིན་ནོ། །གཞན་དུ་ན་ཞེས་བྱ་བ་ནི་ས་ཕྱོགས་དེར་གནས་པའི་འབྲེལ་པ་ཅན་གྱི་ངོ་བོ་ཉིད་ཡོད་ན་དེ་དང་འབྲེལ་པ་མི་རུང་སྟེ། རྫས་སྔ་མ་དང་འབྲེལ་པ་མི་རུང་བའི་ཕྱིར་ཏེ། དེ་བས་ན་རྫས་གཅིག་ལ་ངེས་པའི་བདག་ཉིད་ཅན་གྱི་སྤྱི་ནི་དུས་དེ་ཉིད་ན་ཡུལ་ཐ་དད་
པའི་རྫས་དང་འབྲེལ་པ་ཡོད་པ་མ་ཡིན་ནོ། །འབྲེལ་པ་ཡོད་ན་ཡང་སྤྱི་ནི་གསལ་བ་སྔ་མ་དང་བདག་ཉིད་གཅིག་པ་ཉིད་དུ་ངེས་པས་གསལ་བ་སྔ་མ་ལས་གནས་པའི་དུས་དེ་ཉིད་ན་གསལ་བའི་ཡུལ་ཐ་དད་པར་འགྲོ་བས་གནས་པ་མེད་པ་དེ་ཡང་འགལ་བར་
བསྟན་པའི་ཕྱིར། རྟེན་པ་གཅིག་པོ་ཞེས་བྱ་བ་ལ་སོགས་པ་ལ། གང་ལ་གནས་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཚེ་སྟེ། དུས་དེ་ཉིད་ལ་གསལ་བ་གཞན་ལ་འགྲོ་བར་ཁས་བླངས་པའི་ཕྱིར། གསལ་བ་སྔ་མའི་ངེས་པའི་བདག་ཉིད་དེས་སྤྱི་དེའི་གསལ་བ་སྔ་མ་དེ་ཉིད་
Vol. 176 · folio 185b
ལ་གནས་པ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་རིགས་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཅིག་པོ་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་གཅིག་གིས་གསལ་བ་སྔ་མ་དེ་ཉིད་ལ་གནས་པ་དང་མི་གནས་པའི་བདག་ཉིད་དེ། རང་བཞིན་དག་ཅིག་ཅར་འགལ་བའི་ཕྱིར་
རོ། །ཐམས་ཅད་ལ་སྟེ། གསལ་བ་སྐྱེ་བར་འགྱུར་བའི་རྫས་ལའོ། །ཐམས་ཅད་དུ་སྟེ་སྐྱེ་བར་འགྱུར་བའི་རྫས་ལས་སྔ་མ་ཡང་འདིར་གང་ལ་རྫས་བསྐྱེད་པར་བྱ་བའི་ཡུལ་དེ་ལ། སྤྱི་སྔར་ཡོད་པ་ཁོ་ན་ཡོད་པས་དེ་ན་ཡང་ཡོད་པ་མིན་ཞེས་བཤད་པ་གང་
ཡིན་པ་དེ་མ་གྲུབ་པ་ཡིན་ནོ་ཞེས་བསམས་པའོ། །རྣམ་པ་ཐམས་ཅད་ཀྱིས་གནས་པའི་བདག་ཉིད་ཅན་ཞེས་བྱ་བ་ནི་སྤྱི་ནི་རྣམ་པ་གང་གིས་གསལ་བ་ལ་གནས་པ་དེ་ཉིད་ཀྱིས་སྐྱེ་བར་འགྱུར་བའི་རྫས་ལ་ཡང་ཡིན་ནོ། །ཤེས་པ་གང་ལ་སྤྱིའི་རང་བཞིན་མཐོང་
བའི་རྟེན་ཡོད་པ་དེ་ནི་རིགས་ཐ་དད་པའི་རྫས་ཐམས་ཅད་རྣམ་པ་ཐམས་ཅད་དུ་འགྱུར་རོ། །དེ་ལྟར་ཡིན་ན་ཡང་བ་ལང་ལ་རྟ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན། རྟ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྫས་གང་རྟ་ལ་གནས་པའི་བདག་ཉིད་ཡོད་པ་དེ་དེ་
ནི་ཞེས་བྱ་བར་ཚིག་རྣམ་པར་སྦྱར་རོ། །གོ་བར་བྱེད་པ་ཉིད་ཡིན་པའི་ཕྱིར་གཞི་ཐ་དད་པའི་འབྲུ་མང་པོ་པའོ། །ཡང་ན་རྟ་ལ་གནས་པ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་དང་ལྡན་པའི་བསྡུ་བ་ཡིན་ཏེ། ཕྱིས་བདག་ཉིད་ཀྱི་སྒྲ་དང་ཚིག་གཉིས་པའི་འབྲུ་མང་པོ་པ་
ཡིན་ནོ། །དེའི་རང་བཞིན་རྟོགས་པ་སྟེ། ཇི་སྐད་དུ་བཤད་པའི་རྫས་ཉིད་ཀྱི་མཚན་ཉིད་ཀྱི་རྟོགས་པས་སོ། །དེ་ལྟར་ཞེས་བྱ་བས་ནི་རྟའོ། །རྫས་ཉིད་དང་འབྲེལ་པའི་ཕྱིར་བ་ལང་གི་རྫས་ཡིན་ནོ་ཞེས་དེ་ལྟར་ཤེས་པར་འགྱུར་བ་ནི་མ་ཡིན་ཏེ། དེ་ཡང་
གཞན་གྱིས་འདོད་པ་ཁོ་ན་ཡིན་ཏེ་རྟ་ཞེས་བྱ་བ་ནི་མ་ཡིན་ནོ་སྙམ་ན། རྟའི་ཤེས་པའི་རྫས་ཉིད་ཀྱི་རྒྱུ་མཚན་ཉིད་ནི་མ་ཡིན་གྱི་འོན་ཀྱང་རྟའི་རྒྱུ་མཚན་ཡིན་ཏེ། དེ་ཡང་བ་ལང་ལ་རྟ་ཉིད་ཡོད་པ་མ་ཡིན་ཏེ། གསལ་བ་རིགས་མཐུན་པ་ཁོ་ན་དག་ལ་ཐམས་ཅད་དུ་
Vol. 176 · folio 186a
རྣམ་པ་ཐམས་ཅད་ཀྱིས་གནས་པའི་བདག་ཉིད་ཅན་ཡིན་པར་ཁས་བླངས་པའི་ཕྱིར་རོ། །དེར་རེ་ཞིག་རྟ་ནི་རྟའི་བློའི་ཡུལ་ཡིན་ལ། དེ་ལ་རྟའི་བློའི་ཡུལ་གྱི་རྫས་གནས་པ་ཉིད་ཀྱི་རང་བཞིན་ཅན་དུ་རང་བཞིན་གང་གིས་རྟ་ལ་གནས་པར་འགྱུར་བ་དེ་
ཉིད་ཀྱིས་བ་ལང་ལ་སོགས་པ་ལ་ཡང་གནས་པ་ཡིན་ནོ། །དེ་ལྟར་ན་བ་ལང་དག་ཀྱང་རྟའི་བློའི་ཡུལ་ཉིད་ཐོབ་ཅིང་། གཞན་དུ་ན་རྫས་ནི་རྟའི་བློའི་ཡུལ་གྱི་རྫས་གནས་པ་ཉིད་ཀྱི་རང་བཞིན་དུ་མི་འགྱུར་རོ། །གཅིག་ལ་རང་བཞིན་གཉིས་ཡོད་པ་ནི་མ་ཡིན་གྱི་གང་
གིས་རྟ་ལ་གཞན་དུ་གནས་ཤིང་བ་ལང་ལ་གཞན་དུ་གནས་པ་ཡིན་ཏེ། བ་ལང་ལ་གནས་པའི་རྫས་ཉིད་ཙམ་དུ་སྣང་ལ་རྟའི་བློའི་ཡུལ་གྱི་རྫས་གནས་པའི་རང་བཞིན་ཉིད་ཡོད་དུ་ཟིན་ཀྱང་། མི་སྣང་བ་དེ་བས་ན་བ་ལང་ལ་རྟ་ཡིན་ནོ་ཞེས་ཤེས་པར་འགྱུར་བ་ཡོད་པ་
མ་ཡིན་ནོ་ཞེ་ན། དེའི་ཕྱིར་གཅིག་པོ་དེ་ལ་བྱ་བ་སྨོས་པ་ལ། དེ་ལ་ཞེས་བྱ་བ་ནི་སྤྱི་ལའོ། །གཅིག་པོ་ཞེས་བྱ་བ་ཆ་མེད་པ་གཟུང་དུ་ཟིན་ཀྱང་འཁྲུལ་པས་ངེས་པར་མ་བྱས་པ་ཡིན་ནོ་ཞེས་བྱ་བ་ཡང་ལོག་པ་ཡིན་ཏེ། ཕ་རོལ་པོའི་མངོན་སུམ་ངེས་པའི་བདག་ཉིད་ལ་
འཁྲུལ་པ་མི་རུང་བའི་ཕྱིར་ཏེ། གོང་དུ་ཇི་སྐད་བཤད་པ་ལྟ་བུའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པ་ཡིན་ཏེ། སྤྱི་ཆ་མེད་པ་བུམ་པ་ལ་སོགས་པའི་ཡུལ་དུ་མ་ལ་ཅིག་ཅར་བརྟེན་པ་མ་ཡིན་ཏེ། རྟེན་པ་ཐོབ་པ་མ་ཡིན་ནོ། །འདི་ཙམ་གྱིས་ནི་ཆ་
ཅན་མིན། །ཞེས་བྱ་བ་བཤད་པ་ཡིན་ནོ། །རྟེན་སྔ་མ་ནི་སྤོང་མི་བྱེད་ཅེས་བྱ་བ་དེ་ནི་རྟེན་སྔ་མ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དོ། །དེ་ཡང་ཞེས་བྱ་བ་ནི་སྤྱིའི་རྟེན་སྔ་མ་སྤངས་པར་འདོད་པ་མ་ཡིན་ནོ། །གཞན་ལ་ཞེས་བྱ་བ་གསལ་བ་སྔ་མ་ལ་སྤྱི་གནས་པར་
གྱུར་པ་ནི། རང་གི་རྟེན་གྱི་ཡུལ་སྔ་མ་ལས་མི་གཡོ་བ་དེ་ལས་གནས་པ་གཞན་དུ་སྐྱེས་པའི་རྫས་ཡོད་པ་དེ་ལ་གནས་པ་ཞེས་བྱ་བ་ཤིན་ཏུ་རིགས་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་བསྟིང་བའི་ཚིག་གོ། །གལ་ཏེ་གསལ་བའི་ཡུལ་སྔ་མ་ལས་སྤྱི་མི་གཡོ་བ་ཡིན་དུ་
Vol. 176 · folio 186b
ཟིན་ཀྱང་དེ་ལས་ཡུལ་གཞན་ན་ཡོད་པའི་རྫས་ལ་ཁྱབ་པ་ཡིན་ནོ་ཞེ་ན། གང་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་གང་དུ་ཕྱིས་འབྱུང་བ་ཅན་གྱི་དངོས་པོ་དེ་གནས་པར་འགྱུར་བ་ཡུལ་དེ་དང་སྤྱི་འབྲེལ་པ་ནི་མ་ཡིན་ཏེ། གནས་པ་སྔ་མ་ཡོངས་སུ་མི་སྤོང་བར་ཁས་
བླངས་པའི་ཕྱིར་རོ། །ཡུལ་གང་དུ་སྤྱི་གནས་པ་དུས་ཕྱིས་བྱུང་བའི་དངོས་པོ་དེའི་ཡུལ་དང་ལྡན་པ་དག་ཀྱང་ཁྱབ་པ་ཡིན་ནོ་ཞེས་བྱ་བ་རིགས་པ་ལས་ཤིན་ཏུ་འདས་པ་ཉིད་ཀྱི་ཕྱིར། དེ་ཡང་ཅི་ཤིན་ཏུ་ངོ་མཚར་ཆེའོ་ཞེས་བྱ་བ་རྣམ་པ་གཞན་གྱིས་དཔྱད་པ་ཡིན་ནོ། །ཡུལ་
གང་དུ་གནས་པ་མ་ཡིན་པ་དེ་ནི་དེའི་ཡུལ་ལ་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ནི་རིགས་པའི་རྗེས་སུ་འབྲང་བས་ངེས་པར་བྱར་མི་རུང་ངོ་། །ཐམས་ཅད་ན་ཡོད་པ་ཉིད་དུ་རྟོགས་པ་དག་ཀྱང་གསལ་བའི་ཕྱིར་སྤྱི་ཐམས་ཅད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་ཐམས་
ཅད་ན་ཡང་ཡོད་པར་སྨྲ་བ་དེའི་ཡང་། གལ་ཏེ་རིགས་ནི་ཀུན་ལ་ཡོད་པ་དེའི་ཚེ། ཁྲ་བོ་ལ་སོགས་པ་གཅིག་པོ་རིགས་དེའི་གསལ་བར་བྱེད་པའི་རྒྱུར་གྱུར་པ་གང་ཡིན་པ་དེས། གསལ་བ་སྟོང་པའི་ཡུལ་དང་གསལ་བ་ཁྱད་པར་རིགས་མི་མཐུན་པ་ཀུན་ལ་
གསལ་བ་ཉིད་དེ་རབ་ཏུ་གསལ་བ་ཉིད་དུ་ཐ་དད་པ་མེད་པ་སྟེ། གཅིག་པ་ཉིད་ཀྱི་ཕྱིར་གསལ་བས་སྟོང་པའི་ཡུལ་ཀུན་ལ་ཡང་མཐོང་བར་འགྱུར་རོ། །རིགས་རྟག་པ་ནི་ཕུལ་དུ་བྱུང་བ་བྱར་མེད་པ་ཉིད་ཀྱིས་གསལ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་
བ་དེ་ནི། གནས་པ་རྟེན་དང་གསལ་བར་ནི། །དེ་ལྟར་དེ་ལ་མི་རིགས་སོ། །ཞེས་བྱ་བའི་སྐབས་སུ་བཀག་ཟིན་ཏོ། །གང་གི་ཕྱིར་དེ་བས་ན་རིགས་དེ་རྟག་ཏུ་གཞན་གྱིས་ལེགས་པར་བྱས་པ་ལྟོས་པ་མེད་དེ། ཕུལ་དུ་བྱུང་བར་བྱར་མེད་པ་ཉིད་ཀྱི་ཕྱིར་རོ། །གལ་
ཏེ་དེ་ལྟ་བུར་གྱུར་པའི་ངོ་བོས་རང་གི་རྣམ་པར་ཤེས་པ་བསྐྱེད་པར་རུང་བ་དེའི་ཚེ། རྟག་ཏུ་གསལ་བ་དེ་ལས་སྔ་མ་དང་ཕྱི་མ་མཐོང་བར་གྱུར་པ་འམ། འོན་ཏེ་མི་རུང་བ་དེའི་ཚེ་ནམ་ཡང་མཐོང་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྣམ་པར་ཤེས་པ་སྐྱེ་བར་
Vol. 176 · folio 187a
རུང་བ་དེའི་རང་བཞིན་ནམ་དེ་ལས་བཟློག་པའི་གནས་པའི་ཕྱིར་ཏེ་དུས་ཐམས་ཅད་དུ་ངོ་བོ་ཉིད་གཅིག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གསལ་བ་ཐག་ཉེ་བ་མ་ཡིན་པ་དག་ལས་ནི་མི་ནུས་ལ། དེ་ཐག་ཉེ་བ་ལས་ནི་ནུས་པར་འགྱུར་བ་དེ་
བས་ན་རིགས་རྟག་ཏུ་མཐོང་བ་དང་མི་མཐོང་བ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟག་པ་ཉིད་ཀྱིས་ཕུལ་དུ་བྱུང་བར་བྱར་མེད་པ་ཉིད་ཀྱི་ཕྱིར་ཞེས་བསམས་པའོ། །གལ་ཏེ་གསལ་བ་ནི་རིགས་ལ་ཡོད་པ་ཡིན་ན་དེ་ནི་གཅིག་དེ་
གསལ་བས་གསལ་བ་ཉིད་ཅེས་བྱ་བ་ལ་སོགས་པ་ཅིའི་ཕྱིར་བརྗོད་ཅེ་ན། གསལ་བ་ཁས་བླངས་སུ་ཟིན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་ཁྱབ་པར་བྱེད་པ་ཡང་རྟེན་གཅིག་གསལ་བས་རིགས་གཅིག་གསལ་བས་ན། རིགས་གཅིག་གསལ་བ་
ཉིད་ནི་ཐ་དད་པ་མེད་པའི་ཕྱིར་གསལ་བས་སྟོང་པའི་ཡུལ་དང་གསལ་བའི་ཁྱད་པར་རིགས་མི་མཐུན་པ་ཀུན་ལའོ། །གསལ་བས་སྟོང་པའི་ས་ཕྱོགས་དག་ལ་ཡང་ཞེས་བྱ་བའི་ཡང་གི་སྒྲས་ནི་གསལ་བའི་ཁྱད་པར་རིགས་མི་མཐུན་པ་དག་ཀྱང་ངོ་། །སྤྱི་གསལ་
བར་བྱེད་པ་གསལ་བ་གང་ཡིན་པ་དེ་དང་སྤྱི་འཛིན་པའི་དབང་པོ་འབྲེལ་པ་གང་ཡིན་པ་དེ་ལ་རིགས་འཛིན་པ་ལྟོས་པ་ཡིན་ན། གསལ་བ་སྟོང་པའི་ཡུལ་ན་གསལ་བར་བྱེད་པའི་གསལ་བ་ཡོད་པ་མ་ཡིན་ལ་རིགས་མི་མཐུན་པའི་གསལ་བའི་ཁྱད་པར་དག་
ཀྱང་རིགས་གསལ་བར་བྱེད་པ་མ་ཡིན་པ་དེ་བས་ན་ཁྱབ་པ་ཉིད་ཡིན་དུ་ཟིན་ཀྱང་། ཐམས་ཅད་ལ་མཐོང་བ་མ་ཡིན་ནོ་ཞེ་ན། དེའི་ཕྱིར་དེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གི་སྒྲས་ནི་འདི་སྐད་དུ་རིགས་གང་ལ་ལྟོས་པ་ཡིན་པ་དེ་ལྟ་ན་ཡང་འདི་ནི་
ཐམས་ཅད་དུ་མཐོང་བར་འགྱུར་བ་ཁོ་ན་ཡིན་ཏེ། འདི་ལྟར་རེ་ཞིག་གང་དུ་གསལ་བར་བྱེད་པ་གསལ་བ་ཐག་ཉེ་བ་དེར་རིགས་དེ་མཐོང་བ་ཐོབ་ན། ཐམས་ཅད་དེ་ལ་དེའི་ངོ་བོ་ཉིད་ཀྱང་ཡིན་ནོ་ཞེས་བསྟན་ཏེ། གཞན་ཡང་རིགས་དེ་གསལ་བ་ལ་ལྟོས་པ་མིན་ཏེ་
Vol. 176 · folio 187b
གསལ་བར་བྱེད་པའི་གསལ་བ་ལ་མི་ལྟོས་པ་ཡིན་ཏེ། གསལ་བས་ནི་དེའི་གསལ་བར་བྱེད་པ་ཉིད་དུ་ཡང་མི་འགྱུར་རོ་ཞེས་ཟུར་གྱིས་བསྟན་པ་ཡིན་ནོ། །གལ་ཏེ་གསལ་བ་ལ་ལྟོས་པ་ཅན་དུ་འགྱུར་ན་ཏེ། གལ་ཏེ་གསལ་བ་ནི་རིགས་གསལ་བར་འགྱུར་
ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རིགས་དང་གསལ་བ་དག་གོ་རིམས་བཞིན་དུ་གསལ་བར་བྱེད་པའི་ངོ་བོ་ཁས་བླངས་པ་ན། འདིར་རིགས་པ་མཐོང་བ་གང་ཡིན་པ་དེ་ནི་ཁས་བླངས་པར་བྱ་བ་ཡིན་པས་འདིར་རིགས་པ་ཡང་གང་ཡིན་ཞེ་ན།
གསལ་བྱེད་རྟོགས་པ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་དང་དེ་དང་ལྡན་པ་ཡང་ཅིའི་ཕྱིར་གསལ་བར་བྱ་བ་དང་། གསལ་བར་བྱེད་པ་ཟློག་པས་འདོད། འདི་ལྟར་ཁྱད་པར་གཟུང་བ་མེད་པར་ཁྱད་པར་གྱི་གཞིའི་བློ་མི་འཇུག་ཅེས་བྱ་བའི་
ངེས་པས་ཐོག་མ་ཁོ་ནར་སྤྱི་འཛིན་ཅིང་དེའི་སྒོ་ནས་ཀྱང་ཁྱད་པར་འཛིན་པར་འདོད་པ་དེ་བས་ན། གསལ་བར་བྱེད་པ་གཟུང་བ་མེད་པ་ཡང་སྤྱི་གསལ་བར་འདོད་པ་རྟོགས་པར་འདོད་པའི་ཕྱིར་ཕྱིན་ཅི་ལོག་ཡིན་ནོ། །རང་གི་རྟེན་གྱིས་ཞེས་བྱ་བ་ལ་སོགས་པ་འཆད་པར་
བྱེད་དེ། རང་གི་རྟེན་གང་ལ་སྤྱི་འཕྲོད་པ་འདུ་བ་ལས་འབྲེལ་པ་དང་རིགས་འཛིན་པར་བྱེད་པའི་དབང་པོ་དང་ལྡན་པ་གང་ཡིན་པ་དེ་ལ་ལྟོས་པ་རྟོགས་པ་སྟེ། ཁོང་དུ་ཆུད་པ་སྤྱི་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སྒྲ་ནི་སྒྲ་དང་རྣ་བའི་དབང་པོ་དག་ལས་
འཕྲོད་པ་འདུ་བ་གང་ཡིན་པ་དེ་ལ་ལྟོས་པའི་རྟོགས་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །ལྡན་པ་སྨོས་པ་ནི་འབྲེལ་པ་ཉེ་བར་མཚོན་པའི་དོན་བསྟན་པའོ། །རྟེན་གྱིས་སྟོང་པའི་ས་ཕྱོགས་དག་སྟེ། གསལ་བ་རིགས་མཐུན་པ་དང་ལྡན་པ་གསལ་བས་སྟོང་པ་
དེ་ལ་མཐོང་བ་མ་ཡིན་ཏེ། ཇི་སྐད་དུ་བཤད་པའི་ལྡན་པ་མེད་པའི་ཕྱིར་རོ། །དེ་སྐད་དུ་སྨྲ་བ་དེའི་ཡང་འགའ་ཞིག་དུ་གསལ་བ་མཐོང་བ་ཡོད་ན། རང་གི་རྟེན་དང་དབང་པོ་ལྡན་པས་རིགས་ཐམས་ཅད་དུ་གནས་པ་ཕན་འདོགས་པ་ཡོད་པ་ཉིད་ཀྱི་ཕྱིར་རོ། །རང་གི་
Vol. 176 · folio 188a
རྟེན་དང་དབང་པོ་ལྡན་པའི་རྒྱུ་དེ་ལ་དེ་མཐོང་བ་ཅན་ཏེ། འགའ་ཞིག་དུ་གསལ་བའི་ཁྱད་པར་ལ་རིགས་མཐོང་བ་ཅན་གྱིས་ཇི་ལྟར་ཡུལ་ཐམས་ཅད་ལ་ཁྱད་པར་ཅན་དུ་གནས་པའི་རིགས་མཐོང་བར་འགྱུར་རོ། །གལ་ཏེ་གསལ་བ་གསལ་
བར་བྱེད་པ་དེ་ཁོ་ན་ལ། རིགས་ཀྱི་རང་གི་ངོ་བོ་སྣང་བ་ཡིན་གྱི། གཞན་ལ་ནི་མ་ཡིན་ནོ་ཞེ་ན། སྣང་བར་འགྱུར་བ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ནི་ཞེས་བྱ་བ་ནི་རིགས་ཏེ། གསལ་བ་འགའ་ཞིག་ལ་སྣང་བར་འགྱུར་བའོ། །དེ་འདིར་ཞེས་བྱ་བ་ནི་སྤྱི་དང་འབྲེལ་
བ་ཅན་ནི་གཅིག་ལ་མཐོང་བ་དང་མ་མཐོང་བ་ཉིད་འགལ་བའི་ཕྱིར་རོ། །དེ་ལྟར་ན་རེ་ཞིག་གསལ་བ་ནི་གསལ་བར་བྱེད་པ་ཉིད་དུ་ཁས་བླངས་ཏེ། ཡང་གི་སྒྲས་གཟུང་བའི་དོན་བཤད་ནས་ད་ནི་གསལ་བ་ལྟོས་མིན་ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར་སྤྱི་ནི་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ལོག་པ་ཉིད་དུ་བཤད་མ་ཐག་པ་ཁོ་ནས་བསྟན་ཏོ། །གཅིག་ལ་མཐོང་བ་དང་མ་མཐོང་བའི་ངོ་བོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་བས་ན། འདི་ནི་ཕྱོགས་སྔ་མ་ཁོ་ན་ཡིན་ཏེ། འོན་ཀྱང་ཉེས་པ་གཞན་བརྗོད་པའི་དོན་དུ་གླང་པོ་ཆེའི་
ལྟ་སྟངས་སུ་བྱས་ནས་བཀོད་པ་ཡིན་ནོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་རིགས་པ་དང་ལྡན་པའོ། །དེ་ལ་ཞེས་བྱ་བ་ནི་རིགས་དང་དེ་དང་ལྡན་པའོ། །གསལ་བར་བྱ་བ་དང་གསལ་བར་བྱེད་པའི་དངོས་པོ་རིགས་དང་ལྡན་པ་ནི་སྒྲོན་མ་ཞེས་བྱ་བ་ལ་སོགས་
པས་རབ་ཏུ་བསྟན་ཏོ། །རང་གི་ངོ་བོས་སྟོང་པ་སྟེ་སྒྲོན་མ་ལ་སོགས་པ་དང་བྲལ་བའི་ཡུལ་ལའོ། །གསལ་བར་བྱ་བ་དང་རང་ཉིད་ནི་བུམ་པ་ལ་སོགས་པའོ། །དེ་ལྟར་ཏེ་ཇི་སྐད་དུ་བཤད་པའི་རིགས་པས་གསལ་བ་ནི་སྤྱིའི་གསལ་བར་བྱེད་པ་མ་ཡིན་ནོ། །
ཅིའི་ཕྱིར་ཞེ་ན། ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །གང་གི་ཕྱིར་གཞན་ནི་གསལ་བ་མ་བཟུང་དུ་ཟིན་ཀྱང་སྤྱི་དང་པོར་འཛིན་པར་འདོད་དོ། །དེ་སྤྱིའི་གཟུང་བའི་སྒོ་ནས་གསལ་བ་འཛིན་པ་ཁས་ལེན་པའི་ཕྱིར་རོ། །དེ་བས་ན་གསལ་བར་བྱེད་པ་ཁོང་དུ་མ་
Vol. 176 · folio 188b
ཆུད་དུ་ཟིན་ཀྱང་གསལ་བར་བྱ་བ་འཛིན་པའི་ཕྱིར། གསལ་བ་ནི་གསལ་བར་བྱེད་པའི་ཆོས་ལས་ཤིན་ཏུ་འདས་པ་ཡིན་ནོ། །འདི་ཉིད་ནི་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ཞེས་བྱ་བ་ནི་གསལ་བ་སྟེ། སྤྱིའི་གསལ་བར་བྱེད་པར་ཡང་སྦྱར་རོ། །
དེ་རྟོགས་པའི་སྒོ་ནས་ཞེས་བྱ་བ་སྤྱི་ཁོང་དུ་ཆུད་པའི་སྒོ་ནས་གསལ་བ་དེ་སྣང་བར་འགྱུར་བ་ཞེས་བྱ་བ་དེ་ནི་འགལ་བ་ཡིན་ན། དེ་ལྟར་ན་ཞེས་བྱ་བ་ནི་སྤྱི་མཐོང་བའི་སྟོབས་ཀྱིས་གསལ་བ་མཐོང་བར་ཁས་ལེན་པ་ན། གསལ་བ་དེ་ནི་སྤྱིའི་སྒོ་ནས་གསལ་བར་བྱ་བ་
ཡང་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཁོང་ནས་དབྱུང་ངོ་། །སྒྲོན་མ་དང་བུམ་པ་དང་འདྲ་བར་ཞེས་བྱ་བ་ནི་དཔེར་ན་སྒྲོན་མས་བུམ་པ་གསལ་བར་བྱ་བ་ཡིན་པ་དེ་དང་འདྲ་བར། གསལ་བ་ནི་སྤྱིས་གསལ་བར་བྱ་བ་ཡིན་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །
དེ་རྟོགས་པ་མེད་པ་སྟེ། སྤྱི་ཁོང་དུ་ཆུད་པ་མེད་པ་གསལ་བ་ལ་སྣང་བའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །གཞན་དུ་ཡང་བསྟན་པར་བྱ་སྟེ། དེ་ལྟར་ན་དེ་ནི་གསལ་བར་བྱ་བ་ཡང་ཐོབ་པར་འགྱུར་ཏེ་ཞེས་བྱ་བ་འདི་ཡང་སྒྲ་སྤྱི་ཡང་གསལ་བར་བྱེད་པར་འགྱུར་རོ་ཞེས་བྱ་
བ་དེ་གཟུང་བ་ཡིན་ནོ། །དེ་བས་ན་སྒྲོན་མ་དང་བུམ་པ་དག་དང་འདྲ་བར་ཞེས་བྱ་བ་ཟླས་དབྱེ་བ་དང་འདྲ་བའི་རྐྱེན་ཡིན་པར་བལྟ་བར་བྱའོ། །སྒྲོན་མ་དང་འདྲ་བར་སྤྱི་ནི་གསལ་བར་བྱེད་པ་དང་། བུམ་པ་དང་འདྲ་བར་གསལ་བ་ནི་གསལ་བར་བྱ་བ་ཐོབ་པར་
འགྱུར་རོ་ཞེས་བྱ་བའི་ཚིག་གི་དོན་ཡིན་ནོ། །འདིས་ཞེས་བྱ་བ་སྤྱི་སྨྲ་བས་སྤྱི་མེད་པར་དགོས་པ་མི་རིགས་པ་ཅི་ཞིག་མངོན་པར་སྤྱད་ནས་སོ། །དེ་ལྟར་ཞེས་བྱ་བ་ནི་བཤད་པའི་རྣམ་པས་སོ། །དུབ་པ་མང་པོ་ནི་མི་ནུས་པ་བསྒྲུབ་པ་ཅན་ཉིད་ཀྱིས་སྡུག་
བསྔལ་མང་པོའི་རྒྱུ་ཉིད་ཡིན་ནོ། །གཞན་གྱིས་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་སྨྲ་སྟེ། ཐ་དད་པའི་ཕྱིར་ཏེ་མཚན་ཉིད་དང་བྲལ་བའི་གཏན་ཚིགས་ཉིད་ཀྱི་ཕྱིར་རོ། །ལྡོག་པ་ཅན་ཏེ་རྗེས་སུ་འགྲོ་བ་མེད་པ་ཅན་དག་ལ་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པ་རྣམ་
Vol. 176 · folio 189a
པར་གཅིག་པ་ཅན་ནོ། །ཤེས་པ་སྨོས་པ་ནི་དེ་བཞིན་དུ་སྒྲའི་ཉེ་བར་མཚོན་པ་ཡིན་ཏེ། སྤྱི་མེད་པར་མི་རུང་བའི་ཕྱིར་སྤྱི་སྨྲ་བ་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ།། །།བམ་པོ་བཅོ་བརྒྱད་པ། སློབ་དཔོན་གྱིས་དོན་
ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་འཚེད་པ་ལ་སོགས་པའི་སྒྲ་བྱ་བའི་རྒྱུ་མཚན་ཅན་དག་འགོད་པ་དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །སྤྱི་ཞེས་བྱ་བའི་སྒྲའི་དོན་ཐ་དད་པ་མེད་པར་ཡང་། འཚེད་པ་པོ་ལ་སོགས་པ་དག་ལ་ཇི་ལྟར་ན་
འཚེད་པ་པོའི་སྒྲ་གཅིག་ཡིན། འཚེད་པ་པོའི་སྒྲ་སྨོས་པས་རྗེས་སུ་འགྲོ་བ་ཅན་གྱི་ཤེས་པ་ཡང་གཟུང་བ་ཁོ་ན་ཡིན་ཏེ། དེ་མེད་པར་ནི་སྒྲ་མི་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་ལས་སྒྲ་དང་ཤེས་པ་འཇུག་པ་ཡོད་པ་ཡིན་ནོ་ཞེས་བསྟན་
ཏོ། །དེ་དག་ལ་ནི་ཞེས་བྱ་བ་ནི་འཚེད་པ་པོ་ལ་སོགས་པ་དག་ལ་ནིའོ། །གཞན་ཞེས་བྱ་བ་ནི་རྫས་ལ་ཐ་དད་པ་གཅིག་པོ་དེའོ། །གསལ་བ་ཐམས་ཅད་ལ་ཐ་དད་པ་མེད་པ་གཅིག་པོ་གང་གིས་འཚེད་པ་པོ་ལ་སོགས་པ་དེ་དག་ཐ་དད་པ་དག་ཡོད་དུ་
ཟིན་ཀྱང་། དེ་ལྟར་ཐ་དད་པར་ཤེས་པས་རྟོགས་པར་འགྱུར། དེ་དག་ཉེ་བར་མཚོན་པ་ཡིན་ཏེ། འཚེད་པ་པོ་དག་གི་ནི་རྟེན་འཛུགས་པ་ལ་སོགས་པའི་མཚན་ཉིད་དང་། ཀློག་པར་བྱེད་པ་དག་ནི་འདོན་པར་བྱེད་པའི་བདག་ཉིད་ཅན་ཡིན་ཏེ། དེ་ལྟར་གཞན་
དག་ལ་ཡང་ཅི་རིགས་པར་བརྗོད་པར་བྱའོ། །གལ་ཏེ་ཤེས་པ་གཅིག་ལ་སོགས་པའི་རྒྱུ་མཚན་གྱི་ལས་ཡོད་པ་ཡིན་ནོ་ཞེ་ན། དེ་ཡིན་ཡང་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཅན་ཡིན་ཡང་ངོ་། །ཤེས་པ་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། སྒྲ་ལ་ཡང་དེ་བཞིན་ནོ། །
གཞན་གྱིས་ཞེས་བྱ་བ་ནི་ལས་ཀྱི་རྒྱུ་རྩོལ་བ་ལ་སོགས་པའོ། །ཐ་དད་པ་ཞེས་བྱ་བ་ལ་སོགས་པས་དེ་ཉིད་སྒྲུབ་པར་བྱེད་དོ། །དེ་ཞེས་བྱ་བ་ནི་གང་དགོད་པར་བྱེད་པའམ་ལས་དེ་ཞེས་བྱ་བར་སྦྱར་རོ། །ལས་ཐ་དད་པ་ནི་འཚེད་པ་པོ་སོ་སོའི་ལས་ཐ་དད་པའི་ཕྱིར་
Vol. 176 · folio 189b
རོ། །ཉེས་པ་གང་གིས་གསལ་བ་དེ་ལྟར་ཏེ་ཐ་དད་པ་མེད་པའི་ཤེས་རྒྱུ་ཉིད་དུའོ། །གལ་ཏེ་ཉེ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། འོན་ཀྱང་གསལ་བ་དེ་དག་ནི་ངོ་བོ་ཉིད་གཅིག་པའི་ཕྱིར་རོ། །གལ་ཏེ་འདི་ལྟར་རྫས་ངོ་བོ་གཅིག་པ་ནི་ཆ་མེད་པའི་
ཕྱིར། དེ་ཉིད་ཐ་དད་པ་མེད་པའི་ཤེས་པའི་རྒྱུ་ཡིན་པ་ན་དེ་ལས་བཟློག་པའི་ཆོས་གཞན་མེད་པ་དེའི་ཚེ། འཚེད་པ་པོའི་འཚེད་པ་པོ་ཉིད་ཅེས་བྱ་བའི་ལྡོག་པ་རྟོགས་པར་མི་འགྱུར་ཏེ། དེ་ཉིད་དེ་ལ་ལྡོག་པར་རིགས་པ་མ་ཡིན་ནོ། །གསལ་བ་དེའི་རྣམ་པ་ནི་དེའི་རྣམ་པའོ། །
དེ་ལས་གཞན་པ་ནི་དེའི་རྣམ་པ་མ་ཡིན་པ་སྟེ་དེ་ཉིད་ཁྱད་པར་རོ། །གང་ལ་དེ་ལ་ཡོད་པ་དེ་ནི་དེའི་རྣམ་པ་ཅན་མ་ཡིན་པའི་ཁྱད་པར་དང་ལྡན་པ་སྟེ། རྫས་ཀྱི་རྣམ་པ་ལས་རྣམས་གཞན་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་དུ་རྫས་ཁོ་ནའི་ཤེས་པ་ནི་རྫས་ཤེས་པའི་རྣམ་
པ་ཁོ་ན་ཡིན་ལ། དེ་ལས་གཞན་པའི་རྣམ་པ་ལས་འཚེད་པ་པོའི་ཤེས་པ་ཡིན་ན། དེ་ནི་གལ་ཏེ་རྫས་ཀྱི་རྒྱུ་མཚན་ཅན་ཁོ་ནར་འགྱུར་བ་དེའི་ཚེ་རྫས་ཙམ་ཤེས་པ་ཡིན་པས་ཁྱད་པར་ཅན་མ་ཡིན་པར་འགྱུར་རོ་ཞེས་བསྟན་པར་འགྱུར་རོ། །འོ་ན་ཅིའི་ཕྱིར་དེའི་རྣམ་པ་མ་
ཡིན་པའི་ཁྱད་པར་དང་ལྡན་པ་ཞེས་བྱ་བ་གཉི་ག་སྨྲས་པ། དེའི་རྣམ་པ་མ་ཡིན་པ་ཞེས་བྱ་བ་ཁོ་ནའམ། ཁྱད་པར་དང་ལྡན་པ་ཞེས་བྱ་བ་ཁོ་ན་བརྗོད་པར་བྱའོ་ཞེ་ན། སྨྲས་པ་དེའི་རྣམ་པ་མ་ཡིན་པ་ཞེས་བསྟན་པ་ན་རྫས་མེད་པ་ཞེས་བྱ་བ་དགག་པ་ཤེས་པ་ཡང་།
དེའི་རྣམ་པ་མ་ཡིན་པ་ཞེས་བསྟན་པར་ནུས་མོད་ཀྱི། དེ་ནི་གཞན་གྱི་དངོས་པོ་གཞན་གྱི་རྒྱུར་འདོད་པ་ཡང་མ་ཡིན་ཏེ། ཁྱད་པར་ཤེས་པ་དག་ཁོ་ནའི་རྒྱུ་ཆོས་གཞན་ཉིད་ཡིན་པའི་ཕྱིར་རོ། །ཁྱད་པར་འབའ་ཞིག་སྨོས་པ་བྱས་ན་ཡང་ནག་པའི་ཤེས་པ་ནི་
གྲོགས་པོ་ལ་ལྟོས་པ་ཡིན་པས་ཁྱད་པར་དང་ལྡན་པ་ཡིན་མོད་ཀྱི། དེའི་རྣམ་པ་མ་ཡིན་པ་ནི་མ་ཡིན་ཏེ། ནག་པ་ལ་སོགས་པའི་བརྗོད་པས་རྫས་ཁོ་ན་བསྟན་པའི་ཕྱིར་རོ། །གཉི་ག་སྨོས་པས་ནི་ཤེས་པ་དང་ལྡན་པ་དེ་ཉིད་རྫས་ཀྱི་རྣམ་པ་ཡིན་པ་དང་། དངོས་
Vol. 176 · folio 190a
པོ་ལ་རེག་པའི་ཕྱིར་ཁྱད་པར་དང་ལྡན་པའི་ཞེས་བྱ་བའི་དོན་འདིར་འགྱུར་རོ། །དེ་བས་ན་དེ་ལ་རྫས་ལས་ལྡོག་པའི་རྒྱུ་མཚན་གཞན་གྱིས་འགྱུར་རོ། །བཤད་དོ་ཞེས་བྱ་བ་ནི་སློབ་དཔོན་གྱིས་ཏེ། ལྡོག་པ་ཇི་ལྟ་བ་བཞིན་དུ་སྟེ། བ་ལང་གི་བ་
ལང་ཉིད་དང་། འཚེད་པ་པོའི་འཚེད་པ་ཉིད་ཅེས་བྱ་བ་དང་། བསྟན་མ་ཐག་པའི་ཁྱད་པར་ཤེས་པ་ཇི་ལྟ་བ་དེ་ལྟར་ནི་བཤད་དོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་བཤད་ཅེ་ན། བདག་ཉིད་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཞན་རྣམ་པར་གཅད་པ་ནི་
དོན་གཞན་རྣམ་པར་འབྱེད་པའོ། །བདག་ཉིད་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་སྒྲ་གང་གིས་བརྡ་ཇི་ལྟ་བ་བཞིན་དུ་གང་རྣམ་པར་གཅད་པ་སྟེ། དེའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་འཚེད་པའི་སྒྲ་ནི་ཆོས་ཅན་བརྗོད་པ་སྟེ། ཁྱད་པར་གཞན་མི་སྤོང་བར་འཚེད་པ་པོ་
མ་ཡིན་པ་རྣམ་པར་གཅོད་པ་ཙམ་སྟོན་པའོ། །འཚེད་པ་པོ་ཉིད་ཀྱི་སྒྲ་ནི་ཆོས་ཅན་བརྗོད་པ་སྟེ། ཁྱད་པར་གཞན་སྤངས་ནས་དེ་ཉིད་རྣམ་པར་གཅོད་པ་སྟོན་པ་ཡིན་ནོ། །དེ་བས་ན་ཆོས་དང་ཆོས་ཅན་གྱི་ཁྱད་པར་རྟོགས་པས། འཚེད་པ་པོའི་འཚེད་པ་ཉིད་ཅེས་
བྱ་བ་ཐ་དད་པའི་རྣམ་པར་དབྱེ་བར་སྦྱར་བར་བྱའོ། །དེ་ལྟར་རྫས་ཀྱི་སྒྲ་ཡང་རྫས་མ་ཡིན་པ་རྣམ་པར་གཅད་པ་ཙམ་ལ་བརྡར་བྱེད་པ་ཉིད་ཀྱི་ཕྱིར། དེའི་རྗེས་སུ་འབྲངས་ནས་རྫས་མ་ཡིན་པ་རྣམ་པར་གཅད་པའི་རྗེས་སུ་བྱེད་པ་ཅན་གྱི་བློ་སྐྱེའོ། །འཚེད་པའི་སྒྲ་
ལས་ཀྱང་འཚེད་པ་པོ་མ་ཡིན་པ་རྣམ་པར་གཅད་པའི་རྗེས་སུ་བྱེད་པ་ཅན་གྱི་བློ་སྐྱེ་བ་དེ་བས་ན་རྣམ་པར་གཅད་པ་ཇི་ལྟ་བ་བཞིན་དུ་བརྡའི་རྗེས་སུ་འབྲངས་ནས་ཁྱད་པར་དང་ལྡན་པའི་བློ་གཅིག་ལ་ཡང་འགལ་བ་མེད་དོ། །དེ་དག་ཀྱང་ཁྱད་པར་གཞན་ནི་སྤོང་བ་དང་།
མི་སྤོང་བ་དག་དེ་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པའི་སྐབས་སུ་བསྟན་ཏོ། །དེ་བས་ན་ཞེས་བྱ་བ་ལ་སོགས་པས་ནི་མདུག་སྡུད་པ་ཡིན་ཏེ། ཇི་ལྟར་གསལ་བ་དག་ཐ་དད་པ་དེ་བཞིན་དུ་ལས་ཀྱང་ཐ་དད་པའི་གཏན་ཚིགས་ཀྱིས་འཚེད་པ་པོ་ལ་སོགས་པ་ཐ་དད་པ་
Vol. 176 · folio 190b
མེད་པའི་ཤེས་པས་དེའི་ལས་རྒྱུ་མིན་ཞེས་བྱ་བར་སྦྱར་རོ། །འཚེད་པ་པོ་དེ་དག་གི་འཚེད་པ་པོ་ཞེས་བྱ་བའི་ལས་གང་ཡིན་པ་དེའི་ལས་དེ་ལ་རིགས་འཕྲོད་པར་འདུ་བས་འབྲེལ་པ་ཉིད་ཐ་དད་པ་མེད་པའི་ཕྱིར། འཚེད་པ་པོ་ལ་སོགས་པ་ཐ་དད་པ་མེད་པའི་ཤེས་པའི་རྒྱུ་ཡིན་
ནོ་ཞེ་ན། ལས་དང་ཞེས་བྱ་བ་ལ་སོགས་པས་འགོག་པར་བྱེད་དེ། རིགས་རྒྱུ་མིན་ཞེས་བྱ་བ་ནི་སྐབས་ཡིན་ནོ། །ལས་དང་འབྲེལ་ཕྱིར་ཏེ་ལས་འཕྲོད་པ་འདུ་བས་འབྲེལ་པ་ཉིད་ཀྱི་ཕྱིར་རོ། །དོན་གཞན་དང་ཞེས་བྱ་བ་ནི་རྫས་ལས་དོན་གཞན་ཏེ། ལས་དང་འབྲེལ་
པའོ། །དོན་གཞན་ལ་ཞེས་བྱ་བ་ནི་རྫས་ཀྱི་ལའོ། །བ་ལང་ཉིད་བཞིན་དུ་ཞེས་བྱ་བ་ནི་དཔེའོ། །ཁྲ་བོ་ལ་སོགས་པ་དང་འབྲེལ་པའི་བ་ལང་ཉིད་ནི་འགྲོ་བ་ལ་སོགས་པའི་ཁྱད་པར་དག་ལ་བ་ལང་གི་ཤེས་པའི་རྒྱུ་མ་ཡིན་ནོ། །འཚེད་པ་པོའི་ལས་འཚེད་པ་ཞེས་
བྱ་བ་ལ། འཕྲོད་པ་འདུ་བས་འབྲེལ་པའི་ལས་ཀྱི་རིགས་ཡིན་ནོ། །ལས་དེ་དག་ཀྱང་ཞེས་བྱ་བ་ནི་འཚེད་པ་ཞེས་བྱ་བའོ། །འཚེད་པ་པོའི་སྒྲ་ཞེས་བྱ་བ་ལ། སྒྲ་སྨོས་པ་ནི་མཚོན་པ་ཡིན་ཏེ། དེ་ལྟར་ན་འཚེད་པ་པོའི་ཤེས་པས་ཡོངས་སུ་གཅད་པ་མ་ཡིན་
ནོ། །འོ་ན་ཅི་ཡིན་ཞེ་ན། འཚེད་པ་ཞེས་བྱ་བའི་ལས་དེའི་རྟེན་གྱི་རྫས་འཚེད་པ་པོའི་སྒྲས་བརྗོད་པ་ཡིན་གྱི། རྫས་དེ་ལ་ལས་ཀྱི་རིགས་འཕྲོད་པ་འདུ་བས་འབྲེལ་པ་ནི་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་དོན་གཞན་དང་འབྲེལ་པ་ཅན་གྱི་ལས་ཀྱི་རིགས་ལ་བརྟེན་ནས་
རྫས་ཀྱི་ཡུལ་ཅན་འཚེད་པ་པོ་ལ་སོགས་པའི་བརྗོད་པ་དང་ཤེས་པ་དག་གི་རྒྱུ་མཚན་ཉིད་མ་ཡིན་པར་བསྟན་ཏོ། །ད་ནི་རྣམ་པ་གཞན་གྱིས་བསྟན་པའི་ཕྱིར་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འཚེད་པའི་སྒྲ་ལས་མཉན་པ་གཞན་ནི་སྒྲ་གཞན་ནོ། །
མཉན་པ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། དེ་བཞིན་དུ་ཤེས་པ་གཞན་གྱི་རྒྱུ་མཚན་ཉིད་ཡིན་པའི་ཕྱིར་རོ། །མཉན་པ་གཞན་ཉིད་ནི་འཚེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ལས་ཞེས་བྱ་བ་ནི་ལས་ཀྱི་རིགས་ལས་སོ། །ལས་ཀྱི་རིགས་ནི་ལས་ཀྱི་
Vol. 176 · folio 191a
ཡུལ་གྱི་བརྗོད་པ་དང་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ་ཞེས་བསམས་པའོ། །འདོད་པར་གྱུར་ན་ལས་ཀྱི་རིགས་ནི་འཚེད་པ་པོའི་ཤེས་པ་སྐྱེད་པར་ནི་མི་བྱེད་ཀྱི། འོན་ཀྱང་ལས་ཀྱི་རིགས་ལ་བརྟེན་ནས་ལས་ཁོ་ན་ཡིན་ནོ་ཞེ་ན། དེ་ནི་ཞེས་
བྱ་བ་ལ་སོགས་པ་ལ། དེ་ནི་ཞེས་བྱ་བ་འཚེད་པ་པོ་ལ་སོགས་པ་ཐ་དད་པ་མེད་པའི་ཤེས་པ་འདི་ལས་ཀྱི་རྒྱུ་མཚན་ཡོད་པ་ཞེས་བྱ་བ་ཚིག་རྣམ་པར་སྦྱར་རོ། །གསལ་བ་དང་འདྲ་བར་ཐ་དད་ཕྱིར་ལས་འདིའི་རྒྱུ་མིན་ཞེས་བྱ་བ་ལ་སོགས་པས་རབ་ཏུ་བཤད་ཟིན་ཏོ། །
རིགས་ལ་བརྟེན་པའི་ཕྱིར་ལས་ཐ་དད་པ་ཡིན་དུ་ཟིན་ཀྱང་ཐ་དད་པ་མེད་པའི་ཤེས་པའི་རྒྱུར་བཤད་པ་མ་ཡིན་ནམ་ཞེ་ན། བཤད་པ་འདི་ནི་རིགས་པ་མ་ཡིན་ཏེ། རིགས་དང་འབྲེལ་པ་ཡོད་དུ་ཟིན་ཀྱང་ལས་ནི་དེ་ལྟ་ན་ཡང་ཐ་དད་པ་ཉིད་ཀྱི་ཕྱིར་རོ། །
གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིགས་ཀྱི་དོན་བསྟན་པ་སྟེ། ལས་སྐད་ཅིག་མ་ནི་གནས་པ་མེད་པའི་རྒྱུའི་ཕྱིར་འཚེད་པ་པོ་ལ་སོགས་པ་ཐ་དད་པ་མེད་པའི་ཤེས་པ་ནི་ལས་ཀྱི་རྒྱུ་མཚན་ཅན་མ་ཡིན་ནོ། །ལས་མི་རྟག་པ་ནི་ཞེས་བྱ་བ་ལ་སོགས་
པས་འཆད་པར་བྱེད་དེ། འཚེད་པ་པོ་ལ་སོགས་པ་ཐ་དད་པ་མེད་པའི་ཤེས་པ་དེའི་ཡང་ལས་རྒྱུ་མཚན་ཉིད་ཡིན་པར་ཁས་ལེན་ན། ལས་འགགས་པ་ལ་སྐྱེས་བུ་འཚེད་པ་པོ་ཞེས་བརྗོད་པར་མི་བྱའོ། །རུང་བ་ཉིད་ཙམ་དུ་ནི་བརྗོད་དེ། དེ་བས་ན་ཐ་སྙད་འདི་ནི་
དངོས་པོར་གྱུར་པའི་དབྱེ་བའི་རྒྱུ་མཚན་ནི་མ་ཡིན་ནོ། །གལ་ཏེ་ལས་འདས་པ་ཡང་ཡོད་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། འཚེད་པ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གལ་ཏེ་འདས་པར་ཡོད་པར་གྱུར་ན་ད་ལྟར་དང་འདྲ་བར་དམིགས་པར་འགྱུར་ཏེ། ལས་
ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པར་ཡང་འདོད་དོ། །གལ་ཏེ་ལས་ཀྱི་རིགས་ནི་འཕྲོད་པ་འདུ་བས་འབྲེལ་པ་ཡིན་ལ་ལས་ཀྱང་རྫས་ལ་འཕྲོད་པ་འདུ་བ་དེ་བས་ན། རག་ལས་པ་དང་འབྲེལ་པའི་ཕྱིར་ལས་ཀྱི་རིགས་ནི་རྫས་ཀྱི་ཡུལ་ཅན་འཚེད་པ་པོའི་ཤེས་
Vol. 176 · folio 191b
པའི་རྒྱུར་འདོད་པར་འགྱུར་རོ་ཞེ་ན། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ལས་ནི་ཞིག་པ་ཉིད་ཀྱི་ཕྱིར་དང་། སྤྱི་ནི་ལས་དང་དངོས་སུ་འབྲེལ་པ་མེད་པའི་ཕྱིར་དང་། ལས་ཀྱི་སྒོ་ནས་བརྒྱུད་པས་ཀྱང་འདི་ལ་རྫས་དང་འབྲེལ་
པ་མེད་པའི་རྒྱུའི་ཕྱིར་རོ། །སྤྱི་ནི་འཚེད་པ་པོ་ལ་སོགས་པའི་བརྗོད་པ་དང་ཤེས་པའི་རྒྱུ་མིན་ནོ། །གལ་ཏེ་འབྲེལ་པ་མེད་ཀྱང་རྒྱུ་ཡིན་ནོ་ཞེ་ན། ཐལ་འགྱུར་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། འབྲེལ་མེད་ཅེས་བྱ་བ་ནི་འབྲེལ་པ་དང་མི་ལྡན་པའོ། ཐལ་འགྱུར་ཕྱིར་
ཞེས་བྱ་བ་ནི་བ་ལང་ཉིད་ཀྱང་རྟའི་ཤེས་པའི་རྒྱུར་འགྱུར་བའོ། །སྒྲ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། སྤྱི་འབྲེལ་པ་མེད་པ་ནི་ཤེས་པ་དང་སྒྲའི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལས་ཞིག་པ་ཞེས་བྱ་བ་ལ་སོགས་པ་འཆད་པར་བྱེད་དེ། དེའི་སྤྱི་ཞེས་བྱ་བ་ནི་
ལས་ཀྱི་སྤྱི་ནའོ། །ལས་ནི་འཕྲོད་པ་འདུ་བས་འབྲེལ་པ་མ་ཡིན་ཏེ། དེ་ནི་མེད་པའི་ཕྱིར་རོ། །ལས་མེད་པ་ཉིད་ཀྱི་ཕྱིར་ཡང་བྱེད་པ་སྟེ། བྱེད་པ་པོ་ལ་བརྒྱུད་པས་ཀྱང་འཕྲོད་པ་འདུ་བ་མ་ཡིན་པ་དེའི་ཕྱིར་རག་ལུས་པའི་འབྲེལ་པ་སྤྱི་འདི་ལ་ཡང་རྫས་དང་ལྷན་ཅིག་
ཡོད་པ་མ་ཡིན་ནོ། །གཞན་དུ་ན་ནི་ཞེས་བྱ་བ་ནི་འབྲེལ་བ་མེད་པ་ཉིད་ཀྱང་ཤེས་པ་ལ་སོགས་པའི་རྒྱུ་ཉིད་ཡིན་ནའོ། །ལས་ནི་གནས་པ་མེད་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་བཤད་པ་གང་ཡིན་པ་དེ་ལ་འདས་པ་དང་ཞེས་བྱ་བ་ལ་སོགས་པ་ཕྱོགས་གཞན་དུ་རྟོགས་པ་
ལ་འདས་པ་ནི་ལས་ཞིག་པ་ཡིན་ལ། མ་འོངས་པ་ནི་ལས་གང་འབྱུང་བར་འགྱུར་བའོ། །དེ་དག་ཅེས་བྱ་བ་ནི་ཤེས་པ་དང་སྒྲ་དག་གོ། །འདས་པ་དང་མ་འོངས་པའི་ལས་མེད་པ་ཡང་ཤེས་པ་དང་བརྗོད་པ་དག་གི་མིན་ཏེ། རྒྱུ་མཚན་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །
ཅིའི་ཕྱིར་ཞེ་ན། དེ་དག་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ་དག་ནི་ཤེས་པ་དང་བརྗོད་པ་དག་གོ། །མེད་པ་སྟེ་ཞེས་བྱ་བ་ལ་སོགས་པས་འཆད་པར་བྱེད་དེ། འདིས་དངོས་པོ་སྟོན་པར་བྱེད་ཅིང་གསལ་བར་བྱེད་པས་ན་ནུས་པ་སྟེ། དོན་བྱེད་པར་ནུས་པའོ། །མེད་པ་
Vol. 176 · folio 192a
གང་ལ་བྲལ་བ་དེ་ལ་དེ་སྐད་ཅེས་བྱའོ། །གང་གི་ཕྱིར་མེད་པ་ནི་དོན་བྱེད་པའི་ནུས་པ་དང་བྲལ་བ་སྟེ། དེ་ལྟ་བུར་གྱུར་པ་དེ་ཇི་ལྟར་སྒྲ་དང་ཤེས་པ་དག་གི་རྒྱུ་མཚན་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་མེད་པ་ཡང་རྒྱུ་མཚན་ཉིད་དུ་འདོད་ན་དེའི་ཚེ།
དེ་ནི་དངོས་པོ་ཉིད་ཁོ་ནར་འགྱུར་ཏེ་མེད་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་དེའི་དེ་ཉིད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། མཚན་ཉིད་ཅན་ནི་སྒྲའི་རང་བཞིན་གྱི་ཚིག་གོ། །དེ་བས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །འདས་པ་ནི་འགག་པའི་ངོ་བོ་ཡིན་ལ། མ་
འོངས་པ་ནི་ངོ་བོ་མ་ཐོབ་པ་ཅན་ཡིན་ནོ། །ལས་ལས་གསལ་བ་ལ་སོགས་པ་གཞན་དག་ཀྱང་ཤེས་པ་དང་བརྗོད་པ་དག་ནི་རྒྱུ་མཚན་ཉིད་དུ་སྤྱི་སྨྲ་བས་མི་འདོད་དེ། གསལ་བ་ནི་ལས་ཀྱི་རྟེན་གྱི་རྫས་སོ། །སོགས་པའི་སྒྲས་ནི་བརྡའི་བག་ཆགས་དང་། དེ་ཡོངས་སུ་སྨིན་པ་
དག་གཟུང་ངོ་། །དེ་དག་ནི་ཞེས་བྱ་བའི་སྒྲ་དང་ཤེས་པའོ། །དེ་ལྟར་ན་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཅན་འཚེད་པ་པོ་ལ་སོགས་པའི་སྒྲ་དང་ཤེས་པ་དག་རྒྱུ་མཚན་མེད་པ་ཡིན་ན་རིགས་གྲུབ་པ་མ་ཡིན་ནོ། །ཀྱང་གི་སྒྲས་ནི་སྒྲ་དང་ཤེས་པ་དག་ཏུ་ཡོད་པའམ་མེད་པར་འགྱུར་
རོ། །གལ་ཏེ་ཅིའི་ཕྱིར་རིགས་གྲུབ་ཅེ་ན། དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ལ། ཐ་དད་པ་མེད་པའི་ཤེས་པ་དང་བརྗོད་པ་སྟེ། སྒྲའི་རྒྱུ་མཚན་ཉིད་དུ་འདོད་པའི་ཕྱིར་རོ། །ཇི་ལྟར་སྒྲ་འཚེད་པ་པོ་ལ་སོགས་པའི་ཡུལ་ལ་དེ་དག་རྒྱུ་མཚན་མེད་པར་འཇུག་པར་འགྱུར་བ་དེ་ལྟར་
གཞན་དག་ལ་ཡང་ཡིན་པའི་ཕྱིར་རྒྱུ་ནི་ཅི་རིགས་སུ་རྟོགས། གལ་ཏེ་ཞེས་བྱ་བ་ལ་སོགས་པས་ཕྱོགས་གཞན་དག་རྟོགས་པར་བྱེད་དེ། ནུས་པ་ནི་ལས་ཀྱི་རྟེན་གྱིའོ། །སྒྲ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། འཚེད་པ་པོ་ལ་སོགས་པའི་ཤེས་པའི་ཡང་རྒྱུ་མཚན་ནུས་པ་
ཡིན་ནོ། །རྗེས་འགྲོ་མེད་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་འགོག་པར་བྱེད་དེ། འཚེད་པ་པོ་ལ་སོགས་པའི་ནུས་པ་ནི་འཚེད་པ་པོ་ལ་སོགས་པའི་སྒྲའི་རྒྱུ་མཚན་མིན། ཅིའི་ཕྱིར་ཞེ་ན། རྫས་དང་འདྲ་བར་ནུས་པ་ནི་རྫས་ལས་ལྡོག་པ་མེད་པས་རྗེས་འགྲོ་མེད་པའི་ཕྱིར་རོ། །
Vol. 176 · folio 192b
དོན་རྗེས་སུ་འགྲོ་བ་མེད་པ་ཅན་ཡང་། རྗེས་སུ་འགྲོ་བའི་ཤེས་པ་དང་བརྗོད་པའི་རྒྱུ་མཚན་ཉིད་དུ་ཁས་མ་བླངས་པའི་ཕྱིར་རམ། ཁས་ལེན་ན་རིགས་སུ་རྟགས་པའི་རྒྱུ་མེད་པ་ཅན་དུ་ཐལ་བའི་ཕྱིར་རོ། །གལ་ཏེ་ནུས་པ་ཐ་དད་པ་ཁོ་ན་ཡིན་ནོ་ཞེ་ན། འཚེད་པ་པོ་ཞེས་བྱ་
བ་ལ་སོགས་པ་སྨོས་པ་ལ། ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ནི་རྫས་ལས་གཞན་པའི་ནུས་པ་ཉིད་དོ། །གལ་ཏེ་ཡོད་པར་འགྱུར་བ་དེའི་ཚེ། དེ་ཉིད་དེ་ནུས་པ་ནི་འཚེད་པ་པོ་ལ་སོགས་པ་དོན་གྱི་བྱ་བ་ལ་ཉེ་བར་སྦྱོར་བའི་རྒྱུའི་ཕྱིར་ནུས་པའི་རྟེན་གྱི་རྫས་ནི་ཉེ་བར་སྦྱོར་བ་མ་
ཡིན་པར་ཐལ་བའི་ཕྱིར་རོ། །འཚེད་པ་ལ་སོགས་པ་ལ་སྒྲུབ་པར་བྱེད་པའི་ནུས་པ་དེ་ནི་རྫས་དེའི་ཉེ་བར་སྦྱོར་བ་ཡིན་ཏེ། དེ་ལྟར་ན་བརྒྱུད་པས་ཀྱང་འཚེད་པ་ལ་སོགས་པ་ལ་རྫས་ཀྱང་ཉེ་བར་སྦྱོར་བར་འགྱུར་རོ་ཞེས་བསམས་པའོ། །ད་ནི་ཞེས་བྱ་བ་ལ་སོགས་པ་ནི་
གྲུབ་པའི་མཐའ་སྨྲ་བ་སྟེ། ནུས་པ་དོན་གཞན་དུ་གྱུར་པ་ལ་དགོས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །འདི་ལྟར་འཚེད་པ་ལ་སོགས་པ་སྒྲུབ་པའི་ནུས་པ་དངོས་པོ་ལ་ཡང་རྫས་ནུས་པ་གང་གིས་སྦྱོར་བར་བྱེད་པའི་ནུས་པ་དེ་ཡང་གལ་ཏེ་ཐ་དད་པར་ཁས་ལེན་པ་དེའི་ཚེ། འཚེད་པ་ལ་
སོགས་པའི་སྒྲུབ་པའི་ནུས་པ་ལ་རྫས་ཉེ་བར་སྦྱོར་བའི་ཕྱིར། ནུས་པ་གཞན་རྫས་ལས་ཐ་དད་པར་ཁས་ལེན་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ། ནུས་པ་དེ་ལ་ཡང་ཉེ་བར་སྦྱོར་བའི་ཕྱིར་ནུས་པ་ཐ་དད་པ་གཞན་བརྟག་པར་བྱ་ཞིང་དེ་ལ་ཡང་གཞན་ཞེས་བྱ་བ་ཐུག་པ་མེད་
པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་ནུས་པ་ཐ་དད་པ་མེད་པ་རྫས་ཁོ་ན་འཚེད་པ་ལ་སོགས་པའི་སྒྲུབ་པའི་ནུས་པ་དང་པོ་ལ་ཉེ་བར་སྦྱོར་བ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ལྟར་ན་རྫས་དེ་ནི་ནུས་པ་ལ་ཉེ་བར་སྦྱོར་བར་འདོད་ན། རྫས་དེ་ནི་འཚེད་པ་ལ་སོགས་
པའི་དོན་གྱི་བྱ་བའི་མཚན་ཉིད་ཁོ་ན་ལ་ཉེ་བར་སྦྱར་བར་ཅིའི་ཕྱིར་དེ་ལྟར་མི་འདོད་དེ། རྫས་དེ་དང་དོན་གྱི་བྱ་བའི་བར་དུ་ནུས་པ་དོན་མེད་པ་བརྟག་པས་ཅི་ཞིག་བྱ། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེ་བས་ན། འཚེད་པ་ལ་སོགས་པའི་དོན་གྱི་བྱ་བ་ལ་ནུས་པ་ཞེས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words