ཚད་མ་རྣམ་འགྲེལ་གྱི་རྒྱན

Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 179 · folio 239b

འདོགས་ན་དེའི་ཚེ་ཡང་བདག་ཉིད་ཐམས་ཅད་དམིགས་པས་ན་སྔོན་གྱི་རང་བཞིན་དམིགས་པའི་ཕྱིར་དབང་པོ་ལ་ཕན་བཏགས་པ་ནི་རང་བཞིན་ངེས་པར་དམིགས་པར་བྱེད་པ་མ་ཡིན་ནོ། །དེས་ན་ངེས་པར་དེ་མ་ཐག་པའི་རང་བཞིན་དུ་དམིགས་པ་ཞེས་བྱ་བ་འདིར་མི་འགྱུར་བ་ཞིག་ན་དེ་

མ་ཐག་པ་ཉིད་མཐོང་བ་ཡང་ཡིན་ནོ། །དེས་ན་དེ་ནི་དེ་ཙམ་དུ་ཟད་པ་ཡིན་གྱི། རྟག་པར་དབང་པོ་ཉེ་བར་བྱེད་པ་མ་ཡིན་ནོ། །འདི་ལྟར། ལེགས་བྱས་ལས་ཀྱང་དེ་ལྟ་བུར། །གྱུར་པ་དེ་ཉིད་ཉེར་དམིགས་ཕྱིར། །ལེགས་པར་བྱས་ཀྱང་དེ་ལ་ནི། །དེ་དང་དེ་ནི་ཡོད་མ་ཡིན། །ཉེ་བར་

དམིགས་པར་མི་ནུས་པའི། །རྟག་པ་ཉིད་ནི་ཡོད་མི་འགྱུར། །དམིགས་པ་ཉིད་ནི་ཡོད་པའི་ཕྱིར། །དམིགས་པ་ལས་གཞན་ཡོད་པ་མིན། །རྟག་པ་ཉིད་ཡིན་ན་ནི་དམིགས་པར་ནུས་པ་མ་ཡིན་ནོ། །གལ་ཏེ་མ་དམིགས་སུ་ཆུག་མོད་དེ་ལྟ་ཡང་རྟག་པ་ཉིད་མེད་པར་ཇི་ལྟར་འགྱུར་

ཞེ་ན། དམིགས་པའི་མཚན་ཉིད་མ་དམིགས་པ་ཉིད་མེད་པ་ཡིན་ནོ། །གལ་ཏེ་དེའི་རང་བཞིན་ནི་དམིགས་པ་མ་ཡིན་པའི་མཚན་ཉིད་མ་ཡིན་ནོ་ཞེ་ན། དེ་ཉིད་ཀྱི་ཕྱིར་དམིགས་པ་ཁོ་ན་ཡོད་པ་མ་ཡིན་ཏེ། དེ་མེད་ན་ཇི་ལྟར་ཡོད་པ་ཉིད་ཡིན། དེས་ན་རྟག་པ་ཉིད་སྲིད་པ་མ་ཡིན་ནོ། །སྒྲ་ལ་

ཕན་འདོགས་པའི་ཕྱོགས་ལ་ནི་དེ་ཉིད་མི་རྟག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། ལྟོས་པ་མེད་པ་འགའ་ཞིག་ཚེ། །འབྲས་བུ་མི་བྱེད་འགལ་བའི་ཕྱིར། །ཤེས་པ་འདི་འདྲ་རེས་འགའ་བའི། །འབྲས་བུར་གྲུབ་པས་དེའི་རྟགས་ཡིན་ནོ། །སྒྲའམ་གཞན་ཡང་རུང་སྟེ་དེ་དུས་གཞན་དུ་ཁྱབ་པར་

བྱེད་པ་ཡིན་ན་དེའི་ཚེ་དེ་ཁོ་ན་ལྟར་དམིགས་པར་འགྱུར་ཏེ། རེས་འགའ་མ་དམིགས་པའི་འབྲས་བུ་མི་འགྱུར་རོ། །དེ་ནི་རེས་འགའ་བའི་རང་བཞིན་ཅན་མ་ཡིན་ལ། གཞན་དུ་ཡང་དམིགས་པ་ཡང་དེ་འཛིན་པ་མ་ཡིན་ནོ། །འོན་ཏེ་དེ་ནི་འཁྲུལ་པ་ཡིན་ཏེ། ཚུ་རོལ་མཐོང་བས་ཁྱབ་པའི་

རང་བཞིན་དམིགས་པ་ནི་ནུས་པ་མ་ཡིན་ལ། དེ་མི་ནུས་ན་གཟུང་བར་བྱ་བ་གཞན་དུ་མི་འགྱུར་བ་ཡང་མ་ཡིན་ནོ། །དེ་ནི་འཁྲུལ་པ་ཡིན་ཡང་མི་སླུ་བའི་ཕྱིར་ཚད་མ་ཡིན་ནོ། །གལ་ཏེ་འཁྲུལ་པ་འཁྲུལ་པ་མེད་པའི་མཐོང་བས་གནོད་པ་དེའི་ཚེ་འདི་འཁྲུལ་པ་ཡིན་ནོ་ཞེས་ངེས་པར་

Vol. 179 · folio 240a

ནུས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཡུལ་དང་དུས་ཁྱབ་པའི་རང་བཞིན་སྒྲུབ་པར་བྱེད་པའི་ངོ་ཤེས་ཀྱི་རྟོགས་པས་ཟློག་པར་བྱེད་པའི་ཕྱིར་རོ་ཞེ་ན། དེ་ནི་དེ་ལྟར་རུང་བ་མ་ཡིན་ཏེ། ངོ་ཤེས་པ་ཡི་ནུས་པ་དེ། །འདིར་ནི་སྔར་ཉིད་བཟློག་ཟིན་ཏེ། །འདི་ནི་མངོན་

སུམ་ཉིད་ཀྱིས་ནི། །གནོད་པ་ཡིན་ཞེས་བསྟན་ཟིན་ཏོ། །ངོ་ཤེས་ཀྱི་འཇུག་པ་ནི་མངོན་སུམ་གྱི་ཚད་མ་མ་ཡིན་ནོ། །མངོན་སུམ་ནི་ཁྱབ་པའི་རང་བཞིན་འཛིན་པར་བྱེད་པ་མ་ཡིན་ཏེ། དབང་པོའི་བྱེད་པ་ལས་ཡིན་པའི་ཕྱིར་དང་། མི་སླུ་བ་དང་ལྡན་པའི་ཕྱིར་རོ། །དེས་ནི་ངོ་ཤེས་པ་ནི་

མངོན་སུམ་ཉིད་ཀྱིས་གནོད་པ་ཡིན་ནོ་ཞེས་སྔར་ཉིད་བསྟན་ཟིན་ཏོ། །གཞན་ཡང་། གལ་ཏེ་ཁྱབ་པ་ཡིན་ཡང་ནི། །དངོས་པོ་ཁོལ་བུར་འཛིན་བྱེད་ན། །དངོས་པོ་ཐམས་ཅད་གཅིག་ཉིད་དེ། །དེ་ཡི་ཆ་ཤས་འཛིན་པར་འགྱུར། །གལ་ཏེ་རང་བཞིན་སྣ་ཚོགས་ཀྱི་ཡུལ་དང་དུས་དང་

འབྲེལ་པས་ནི་དངོས་པོ་ཁྱབ་པ་གཅིག་ཉིད་ཡིན་ཡང་གཞན་དུ་འཛིན་པ་ཡིན་ནོ་ཞེས་བྱ་བར་སྲིད་ན། དངོས་པོ་མཐའ་དག་གཅིག་ཉིད་དུ་འགྱུར་ཏེ། དངོས་པོ་དངོས་པོ་ཞེས་ཐམས་ཅད་ལ་ངོ་ཤེས་པ་ཡོད་པའི་ཕྱིར་རོ། །གཅིག་ཉིད་ཡིན་ན་བུམ་པ་ལ་སོགས་པའི་དབྱེ་བར་མི་འགྱུར་རོ་

ཞེ་ན། འོ་ན་ནི་སྒྲ་ལ་ཡང་ཆེན་པོ་ལ་སོགས་པའི་དབྱེ་བ་དང་དབྱངས་ལ་སོགས་པའི་དབྱེ་བར་མི་འགྱུར་བའི་ཕྱིར་མཚུངས་སོ། །དབྱངས་ལ་སོགས་པའི་དབྱེ་བ་ཡང་སྒྲ་ཞེས་བྱ་བའི་དོན་ཐ་སྙད་དུ་གཅིག་པ་ཉིད་དོ་ཞེ་ན། བུམ་པ་ལ་སོགས་པའི་དབྱེ་བ་ཡང་དངོས་པོ་དངོས་པོ་ཞེས་བྱ་བའི་

ཐ་སྙད་མེད་དམ་ཅི། གཅིག་ཉིད་དང་དུ་མ་ཉིད་དུ་འགྱུར་རོ་ཞེ་ན། འོ་ན་ནི་གཅིག་ཉིད་བདེན་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །འདི་ལྟར། ངོ་ཤེས་པ་ཡི་མཐུ་ཡིས་ནི། །གཅིག་ཏུ་འཛིན་པས་གཅིག་ཉིད་དེ། །དུ་མ་ཉིད་དུ་འགྱུར་བས་དེ། །ཚད་མ་ཅན་མིན་བྱས་པར་འགྱུར། །གང་གི་ཚེ་ངོ་ཤེས་

པའི་རྟོགས་པ་ཚད་མ་ལས་མ་ཡིན་པ་དེ་ཉིད་ཀྱི་ཚེ་ངོ་ཤེས་པ་ལས་བསྒྲུབ་པར་བྱ་བ་མི་བདེན་པ་ཉིད་ཡིན་པས་ཐ་དད་པ་ཉིད་བདེན་པར་ལུས་པ་ཡིན་ནོ། །དེའི་ཕྱིར་ཐ་དད་རང་བཞིན་འཛིན་པ་ཡི། །ཚད་མ་གང་ལའང་ཐ་མི་དད་བདེན་མེད། །ཐ་དད་དངོས་ལ་ཐ་མི་དད་འགྱུར་རོ། །རྣམ་རྟོག་ལས་

Vol. 179 · folio 240b

ཡིན་དེ་ནི་ཚད་མ་མིན། །ཐ་དད་པ་ཉིད་བདེན་པ་ཡིན་ན་དེ་ཐ་མི་དད་པ་ནི་རྟོགས་པའི་བཟོས་སྦྱོར་བ་ངེས་པར་འཛིན་པ་ཙམ་གྱིས་སྒྲུབ་པ་ཉིད་དོ། །ཐ་དད་པ་མི་བདེན་ན་ཐ་མི་དད་པ་དེ་གང་ཞིག་ཡིན། ཐ་མི་དད་པ་ཙམ་གྱིས་ནི་ཐ་སྙད་དུ་འགྱུར་བ་མ་ཡིན་ནོ། །དེ་གང་ལ་ཐ་མི་དད་པའི་ཆོས་ཡོད་

པའི་ཕྱིར་ཆོས་ཅན་ཐ་དད་པར་འགྱུར་བ་དངོས་པོ་ཆོས་ཅན་མི་བདེན་ན་ནི་ཐ་དད་པ་མེད་པ་དེ་དེ་ལྟར་འགྱུར་བ་མ་ཡིན་ནོ། །རི་བོང་གི་རྭ་མི་བདེན་པར་ནི་དེའི་རྣོ་བ་བདེན་པ་ཡིན་མི་སྲིད་དོ། །གལ་ཏེ་ཐ་དད་པ་ཡང་ཆོས་ཅན་ཐ་མི་དད་པ་མེད་ན་གང་གི་ཡིན་པར་རྟོགས་ཤེ་ན། དེ་ནི་མ་ཡིན་ཏེ།

འདི་ལྟར། གང་ཕྱིར་གཞན་དང་འབྲེལ་མེད་པ། །དེ་ཉིད་ཕྱིར་དེ་གཞན་དུ་བརྗོད། །གཞན་དུ་གཞན་དང་འདྲེ་ན་ནི། །ཐ་དད་པ་ཉིད་ཉམས་པར་འགྱུར། །ཐ་མི་དད་པ་ནི་ཐ་དད་པ་བསལ་ན་མེད་པར་འགྱུར་ཏེ། དེའི་ཆོས་ཀྱི་རང་བཞིན་ཡིན་པའི་ཕྱིར་སྤྱིའི་ཆོས་བཞིན་ནོ། །དེའི་ཕྱིར། ལྟོས་

པ་མེད་པ་འགའ་ཞིག་ཚེ། །འབྲས་མི་བྱེད་པ་འགལ་བའི་ཕྱིར། །ཤེས་པ་འདི་འདྲ་རེས་འགའ་བའི། །འབྲས་བུར་གྲུབ་པས་དེ་རྟགས་ཡིན། །གལ་ཏེ་དངོས་པོའི་བདག་ཉིད་དུས་ཐམས་ཅད་དུ་གཞན་དུ་ཆད་པ་མེད་པའི་རང་བཞིན་ཉིད་ཡིན་ན་དེའི་ཚེ་འབྲས་བུ་ཤེས་པ་ཡང་དེ་ཁོ་ན་བཞིན་དུ་

འགྱུར་དེ་རེས་འགའ་འབྲས་བུ་མི་བྱེད་པ་རྣམ་པར་ཆད་པའི་རང་བཞིན་གང་ཡིན་པ་དེར་མི་འགྱུར་རོ། །དེའི་རང་བཞིན་འཛིན་པ་ན་རང་བཞིན་དེ་ཉིད་གཞན་ལ་ལྟོས་ནས་འཛིན་པ་ནི་མ་ཡིན་ཏེ། དེ་ཡང་མ་བཟུང་བར་ཐལ་བའི་ཕྱིར་རོ། །རྣམ་པར་བཤད་པའི་རང་བཞིན་གྱི་ཤེས་པ་འདི་འདྲ་བ་ནི།

དེ་ལྟ་བུའི་རང་བཞིན་ཅན་རེས་འགའ་བའི་འབྲས་བུ་ཡིན་ནོ་ཞེས་བྱ་བར་འགྱུར་བའོ། །རེས་འགའ་འབྲས་བུ་ལས་མི་རྟག་པ་ཉིད་རྟོགས་པ་ཡིན་ནོ། །གལ་ཏེ་རང་བཞིན་དང་འབྲས་བུར་གྲུབ་པར་བྱ་བའི་དོན་དུ་དཔེ་གཉིས་ཀྱིས་གཏན་ཚིགས་གཉིས་བསྟན་པ་ནི་མི་རིགས་ཏེ། བརྩལ་མ་ཐག་ཏུ་

འབྱུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཉིད་ཀྱིས་འབྲས་བུའི་གཏན་ཚིགས་དང་རང་བཞིན་གྱི་གཏན་ཚིགས་ཀྱང་བསྟན་པར་ནུས་པའི་ཕྱིར་རོ། །རེ་ཞིག་འདི་རང་བཞིན་ཡིན་ནོ་ཞེས་བྱ་བ་འདི་ལ་ནི་རྒོལ་བ་ཀུན་ཁ་མཐུན་པ་ཉིད་དོ། །འབྲས་བུའི་གཏན་ཚིགས་ནི་ཤེས་པ་རྟགས་ཡིན་པའི་ཕྱིར་

Vol. 179 · folio 241a

རོ་ཞེས་ད་ལྟར་ཁོ་ན་བསྟན་པ་ཉིད་དོ། །དེས་ན་དཔེ་གཅིག་ཉིད་ཀྱིས་གཉི་ག་བསྟན་པར་འགྱུར་བའི་ཕྱིར་ནི་བྱས་པའི་ཕྱིར་རོ་ཞེས་བསྟན་པ་ནི་དོན་མེད་པ་ཁོ་ནའོ་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་། འདི་ཉིད་ཀྱིས་ནི་རང་བཞིན་ཉིད། །གྲུབ་ཀྱང་ཐ་དད་བྱས་པ་ནི། །

འབྲས་དང་ལྷན་ཅིག་བསྟན་པ་ན། །ཐམས་ཅད་དེ་འདྲར་ཤེས་མི་འགྱུར། །འབྲས་བུ་དང་ལྷན་ཅིག་བསྟན་པ་ན་དེ་དང་ལྷན་ཅིག་སྤྱོད་པ་ཡིན་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་མཐའ་དག་ནི་འདི་ལྟ་བུ་ཉིད་ཡིན་ཏེ། རང་བཞིན་གྱི་གཏན་ཚིགས་ཀྱང་མཐུན་པའི་ཕྱོགས་གཅིག་ལ་འཇུག་

པ་ཉིད་ཡིན་ནོ་ཞེས་འདོགས་པར་འགྱུར་བ་དེ་རྣམ་པར་གཅད་པའི་གང་ཞིག་མཐུན་པའི་ཕྱོགས་ལ་ཁྱབ་པའི་རང་བཞིན་གྱི་གཏན་ཚིགས་ཀྱི་རྣམ་པ་གཞན་ཀྱང་ཡོད་དོ་ཞེས་བྱ་བའི་ཕྱིར་རོ་ཞེས་བྱ་བ་འདི་ལོགས་སུ་བསྟན་ཏོ། །གལ་ཏེ། དེ་ལ་རིགས་མཐུན་པ་ཡོད་དང་། །རྣམ་གཉིས་

མེད་ལ་མེད་གང་ཡིན། །དེ་ནི་གཏན་ཚིགས་དེ་ལས་བཟློག །འགལ་བ་གཞན་ནི་མ་ངེས་ཉིད། །བཤད་པ་མ་ཡིན་ནམ་ཅིའི་ཕྱིར་ལོགས་སུ་བརྗོད་ཅེ་ན། འདི་ལྟར་བཤད་པ། རྗེས་སུ་དཔག་པར་བཤད་ཟིན་དོན། །གཏན་ཚིགས་བརྗོད་བྱས་རྟོགས་དོན་དུ། །རབ་ཏུ་དབྱེ་བ་ཙམ་བཤད་

དེ། །མཚན་ཉིད་ལ་ནི་ཐ་དད་མེད། །ཐ་དད་པར་བཤད་པས་ནི་དེ་ཉིད་གསལ་བར་འགྱུར་བ་ཡིན་ནོ། །དེ་ལ་རིགས་མཐུན་པ་ཡོད་དང་། །རྣམ་གཉིས་ཞེས་བྱ་བ་ནི་དཔེར་ན་སྒྲ་ནི་མི་རྟག་སྟེ་བྱས་པའི་ཕྱིར་ཞེས་བྱ་བ་དང་བརྩལ་མ་ཐག་ཏུ་བྱུང་བའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ་ཞེས་བྱ་བ་ཡིན་ནོ། །

དེ་ལྟ་མ་ཡིན་ཏེ་གཉི་ག་ཡང་མ་བསྟན་ན་རྣམ་པ་གཉིས་ཞེས་བྱ་བའི་མཚན་ཉིད་འདི་ཉིད་སྲིད་པ་ཡིན་གྱི། རིགས་མཐུན་པ་དང་པོ་ཡོད་པ་ཉིད་དོ་ཞེས་བྱ་བ་འདི་ནི་དཔེ་མེད་པའི་ཕྱིར་མཚན་ཉིད་མི་སྲིད་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །གལ་ཏེ་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ཡིན་ན་དེ་ཙམ་

གྱིས་ཐམས་ཅད་བསྡུས་པའི་ཕྱིར་དོགས་པར་མི་རིགས་སོ་ཞེ་ན། དེ་ནི་བདེན་ཏེ་དེ་ལྟ་ན་ཡང་དཔེར་བརྗོད་པའི་སྤྲོས་པ་འདི་ནི་རྗེས་སུ་དཔག་པའི་མཚན་ཉིད་དེ་ཉིད་རྟོགས་པར་བྱ་བའི་ཕྱིར་ཡིན་ནོ། །མཚན་ཉིད་ནི་རང་གི་དོན་རྗེས་སུ་དཔག་པར་བསྟན་པ་དེ་ཉིད་ཡིན་ནོ། །འོ་ན་ནི་གཏན་ཚིགས་

Vol. 179 · folio 241b

དང་དེ་འདྲ་བའི་རང་བཞིན་གྱི་གཏན་ཚིགས་དང་། མཐུན་པའི་ཕྱོགས་ལ་ཁྱབ་པའོ་ཞེས་གསུམ་སྟོན་པར་མི་བྱེད། དེ་ལྟ་ན་རྟོགས་པར་འགྱུར་རོ་ཞེ་ན། འདི་ནི་རྩོད་པ་མ་ཡིན་ཏེ་གང་གི་ཕྱིར། དེས་འདི་འབྲས་བུའི་རྟགས་ཀྱིས་ནི། །རང་བཞིན་ཕྱོགས་གཅིག་རྟེན་པའང་བཤད། །

དེས་ན་རྩོལ་ལས་གསལ་བ་དང་། །སྐྱེ་བར་ལྷན་ཅིག་བརྗོད་པ་ཡིན། །གང་གི་ཕྱིར་རབ་ཏུ་དབྱེ་བ་བསྟན་པ་རྟོགས་པའི་དོན་དུ་ཡིན་པ་དེས་ན་སློབ་དཔོན་འབྲས་བུའི་གཏན་ཚིགས་འདི་ཉིད་ཀྱིས་ཕྱོགས་གཅིག་རྟེན་པའི་རང་བཞིན་ཡང་བསྟན་ཏོ། །དེ་ཉིད་ཀྱིས་ཕྱིར་འདྲ་བར་དཔེར་

བརྗོད་དོ། །དེ་ལྟ་ཡིན་ན་འདི་ན་དུ་བ་ཡོད་པའི་ཕྱིར་མེ་ཡོད་དོ་ཞེས་བྱ་བ་ཤིན་ཏུ་གསལ་བའི་འབྲས་བུ་རྟགས་ཉིད་ཅི་སྟེ་དཔེར་མི་བརྗོད་དེ། འབད་པས་སྒྲུབ་དགོས་པའི་འབྲས་བུའི་གཏན་ཚིགས་བརྩལ་མ་ཐག་ཏུ་འབྱུང་བ་ཉིད་དཔེར་བརྗོད་པས་ཅི་ཞིག་བྱ། དེས་ན་བརྩལ་ལས་གསལ་

བ་དང་། སྐྱེ་བའི་འབྲས་བུ་དང་། རང་བཞིན་གྱི་གཏན་ཚིགས་ལ་དཔེར་བརྗོད་པ་འདི་འདྲ་བར་གསུངས་སོ། །ཤེས་པ་ཡང་བརྩལ་མ་ཐག་ཏུ་བྱུང་བ་ཡིན་ལ་རང་བཞིན་ཡང་ཡིན་པའི་ཕྱིར་མཚུངས་པར་དཔེར་བརྗོད་པར་འགྱུར་རོ། །གལ་ཏེ་བརྩལ་བའི་དེ་མ་ཐག་པ་ནི་རང་བཞིན་ཡིན་ལ་

རང་བཞིན་གྱི་དེ་མ་ཐག་ཏུ་ཤེས་པ་ཡིན་ཏེ། རྒྱུ་མ་ཡིན་པ་ནི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་མི་རིགས་ཏེ། གཞན་གྱི་འདོད་པས་བཤད་པ་ཡིན་པའི་ཕྱིར་རོ། །གཞན་སྒྲ་རྟག་པར་སྨྲ་བ་ནི་སྒྲ་ཉིད་བརྩལ་མ་ཐག་ཏུ་བྱུང་བ་ཡིན་པར་འདོད་པས་དེ་ལ་འདི་སྐད་བརྗོད་པ་ཡིན་ཏེ། ཡུལ་

ཡང་རྒྱུ་ཡིན་པ་ཉིད་དེ་རྒྱུ་མ་ཡིན་ན་ནི་ཡུལ་མ་ཡིན་པའི་ཕྱིར་རོ། །དེས་ན་ཁྱོད་ཀྱིས་རྩོལ་བའི་དེ་མ་ཐག་པའི་འདོད་པའི་ཤེས་པ་གང་ཡིན་པ་དེ་ནི་སྒྲས་ཀྱང་རང་གི་རྣམ་པར་གཏོད་པའི་སྒོ་ནས་བསྐྱེད་པར་བྱ་བ་ཉིད་ཡིན་ནོ། །དེའི་ཕྱིར་སྔ་མ་དང་ཕྱི་མ་གཞན་གྱི་དངོས་པོ་མཐའ་དག་གཟུང་

བར་ཐལ་ཏེ་དེ་གཞན་དུ་གཟུང་བར་མི་ནུས་པའི་ཕྱིར་རོ། །ཐོར་ལིང་དུ་ནི་གཟུང་བར་མི་ནུས་སོ་ཞེས་བསྟན་ཟིན་ཏོ། །འོན་ཏེ་ཡང་བྱུང་བ་དང་འབྱུང་བའི་རང་བཞིན་གྱི་དུས་ཀྱི་ཆའི་ཚོགས་མཐའ་དག་ལ་ཁྱབ་པ་གཟུང་བ་ཉིད་དེ། དེ་ལྟ་མ་ཡིན་ན་ཕྱིས་མཐོང་བ་ན་ས་ལ་དེའི་ཚེ་མཐོང་བ་དེ་ནི་

Vol. 179 · folio 242a

འདི་ཡིན་ནོ་ཞེས་དྲན་པར་ཇི་ལྟར་འགྱུར། འདི་ལྟར། འདི་ནི་དེ་ཚེའང་མཐོང་ངོ་ཞེས། །མ་བཟུང་བ་ལ་འཇུག་མ་ཡིན། །བཟུང་བ་ཉིད་ན་དྲན་པས་ན། །སྔར་གནས་པ་ཉིད་སྒྲུབ་པར་འགྱུར། །རྩོད་པ་དེ་ཡང་ངན་པ་ཉིད་དེ། འདི་ལྟར། ང་ཡིས་འབྱུང་འགྱུར་

བཟུང་ངོ་ཞེས། །འཛིན་པ་ཡིས་ནི་མ་ཤེས་པར། །དྲན་པ་ཡིས་ནི་རྣམ་ཤེས་པ། །དེ་ནི་མཆོག་ཏུ་ཡ་མཚན་ནོ། །གང་ལ་འཛིན་པར་བྱེད་པའི་རང་བཞིན་ཅན་འཛིན་པར་བྱེད་པ་མེད་པ་དེ་ལ་དེའི་རྗེས་སུ་འབྲང་བའི་དྲན་པ་བྱེད་པ་ཡོད་དོ་ཞེས་བྱ་བ་འདི་ནི་དངོས་པོའི་དེ་ཁོ་ན་རྣམ་པར་

བྱེད་པ་ལ་ཆེར་མཁས་སོ། །འབྱུང་བའི་རང་བཞིན་ནི་གཟུང་བར་ནུས་པ་མ་ཡིན་ཏེ། ཐེ་ཚོམ་ཟ་བའི་ཕྱིར་ཏེ། རེས་འགའ་མེད་པར་འགྱུར་བའི་ཕྱིར་རོ། །ཅི་སྟེ་གལ་ཏེ་ཡོད་པར་འགྱུར་ན་ངས་གཟུང་བ་ཉིད་དོ་སྙམ་དུ་ཕྱིར་དྲན་པས་བཟུང་ཟིན་པ་ཉིད་དོ་ཞེས་ཡུལ་དུ་བྱེད་པར་འགྱུར་རོ་

ཞེས་བྱ་བར་རྟོགས་པའི་ཕྱིར་དེ་ཡང་གཟུང་བ་ཁོ་ནའོ་ཞེས་བྱ་བར་འདོད་ན།། །།བམ་པོ་བཅུ་གཉིས་པ། མི་རུང་སྟེ། གཟུང་བ་ལ་ཡང་གལ་ཏེ་དེ། །དོན་ནི་ཇི་ལྟར་འཇུག་པར་འགྱུར། །ཐེ་ཚོམ་དང་ནི་གཟུང་བ་དག །ཕན་ཚུན་དུ་ནི་འགལ་བ་ཡིན། །གལ་ཏེ་དེའི་ཚེ་ཡང་ཡོད་

པར་འགྱུར་ན་ནི་དེའི་ཚེ་གཟུང་བ་ཉིད་དོ་ཞེས་བྱ་བ་ནི་འཛིན་པའི་བྱེད་པ་ཆེའོ། །ཤེས་པ་ཡོད་པ་མ་ཡིན་ན། འཛིན་པའི་རང་བཞིན་ཡིན་ནམ། དེ་ལྟ་མ་ཡིན་པ་ཡིན་པ་ལས་རྣམ་པ་གཞན་དུ་མི་འགྱུར་ཏེ། ཕན་ཚུན་རྣམ་པར་གཅོད་པའི་རང་བཞིན་ཉིད་ཀྱིས་ཕན་ཚུན་འགལ་བའི་ཕྱིར་རོ། །

གལ་ཏེ་མངོན་སུམ་ཉིད་ལ་ཡང་། །ཐེ་ཚོམ་ཇི་ལྟར་མངོན་སུམ་ཉིད། །མ་དམིགས་པ་ལ་ཐེ་ཚོམ་ཕྱིར། །གཟུང་བ་ཐེ་ཚོམ་ཡོད་མ་ཡིན། །གལ་ཏེ་ད་ལྟར་བཞིན་དུ་བཟུང་བ་ཡིན་ན་ནི། །ཐེ་ཚོམ་ཟ་བ་མ་ཡིན་ཏེ། །དེ་དང་ཐ་དད་མེད་པའི་ཕྱིར་རོ། །དེའི་ཚེ་གཟུང་བ་ནི་འབྱུང་བར་འགྱུར་

བ་མ་ཡིན་ཏེ། ད་ལྟར་བའི་རང་བཞིན་ལས། ཐ་དད་པ་མེད་པའི་ཕྱིར་ད་ལྟར་བ་ཉིད་བཞིན་ནོ། །འོ་ན་འབྱུང་བར་འགྱུར་བའི་དུས་དང་འབྲེལ་པའི་ཕྱིར་འབྱུང་བར་འགྱུར་བ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་རང་གི་དངོས་པོས་ན་དངོས་པོ་རྣམས་ད་ལྟར་བ་ལ་སོགས་པ་མ་ཡིན་གྱི། འོན་ཀྱང་འབྱུང་

Vol. 179 · folio 242b

བ་དང་ད་ལྟར་བ་དང་བྱུང་བར་གྱུར་པ་ནི། ལྷན་ཅིག་གཅིག་འབྱུང་བའི་དོན་དག་ཁོ་ན་སྟེ། དུས་གཞན་མེད་པའི་ཕྱིར་རོ། །ཡོད་ན་ཡང་དེ་ཡང་ལྷན་ཅིག་སྤྱོད་པའི་དོན་ཉིད་ཡིན་ནོ། །དེ་ལྟ་ཡིན་དང་དངོས་པོས་དངོས་པོའི་རང་བཞིན་བཟུང་བ་ན་དེའི་རང་བཞིན་ཡང་གཟུང་བའི་ཕྱིར་ཐེ་ཚོམ་ཟ་

བར་མི་འགྱུར་རོ། །མི་རྟག་པའི་དོན་ལྷན་ཅིག་སྤྱོད་པ་ཉིད་ནི་འབྱུང་བ་དང་བྱུང་བར་གྱུར་པ་ཉིད་ནི་ཡིན་ནོ་ཞེ་ན། དེ་ལྟ་བུར་གྱུར་པ་ནི་གཟུང་བར་མི་ནུས་པའི་ཕྱིར་ངས་བཟུང་བ་ནི་འདི་ཉིད་དོ་ཞེས་དྲན་པར་འགྱུར། ལྷན་ཅིག་སྤྱོད་པ་མ་བཟུང་ཡང་རང་གི་ངོ་བོ་ནི་གཟུང་བ་ཉིད་དོ་ཞེས་བྱ་བ་ཡང་དག་

པ་མ་ཡིན་ཏེ། རང་གི་ངོ་བོ་ནི་བྱུང་བ་དང་འབྱུང་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཁྱེད་ཉིད་ཀྱི་འདོད་པ་ཡིན་ནོ། །དེས་ན་དེའི་ཕྱིར་ད་ལྟར་བ་ནི་ཤེས་པས་བཟུང་བའི་ཕྱིར་ད་ལྟར་བ་ཉིད་དུ་བཟུང་བ་ཡིན་ནོ། །ཇི་ལྟར་སྔོན་པོར་སྣང་བ་ཡི། །ཤེས་པས་སྔོན་པོ་ཉིད་འཛིན་བཞིན། །ད་ལྟར་

ཉིད་དུ་སྣང་བ་ཡང་། །ད་ལྟར་ཉིད་དུ་རྟོགས་པ་ཡིན། །ཅི་སྟེ་མ་བཟུང་བ་ཅི་ལྟར་དྲན་ཞེ་ན། ཐལ་བ་འདི་གཟུང་བ་ལ་ཡང་མཚུངས་པ་མ་ཡིན་ནམ། འདི་ལྟར། འཛིན་བཞིན་པ་ན་དྲན་པ་མེད། །དེ་ནི་གཟུང་བའི་རྗེས་ཐོགས་འབྱུང་། །འདས་པར་བཟུང་ལ་དེ་ཡི་ནི། །རང་བཞིན་མེད་པས་

དེ་དྲན་མིན། །དྲན་པ་ད་ལྟར་སྐྱེ་བ་ཡིས། །སྔ་མ་ཉིད་ནི་ཇི་ལྟར་ཤེས། །ཡོད་མིན་དངོས་མེད་རང་བཞིན་ནི། །ཇི་ལྟར་དེ་ཡི་ངོ་བོ་དྲན། །དེ་མིན་རང་བཞིན་ཤེས་པར་ཡང་། །དྲན་པ་ཡིན་ཞེས་བབ་ཅོལ་ཆོས། །འོན་ཏེ་བདག་ཞེས་དེ་ཚེ་ཡོད། །དེས་ནི་སྔོན་ཉིད་ཤེས་པ་ཉིད། །འཛིན་པ་

དང་ནི་དྲན་པ་ལའང་། །དེ་ནི་ནུས་པར་འཐད་པ་ཉིད། །དང་པོར་འཛིན་དང་དྲན་པ་ནི། །གལ་ཏེ་བདག་ལས་ཐ་དད་ན། །ངོ་བོ་ཉིད་ཀྱིས་དེ་ལ་ནི། །འཛིན་དང་དྲན་པ་དེ་ཡོད་མིན། །འཛིན་དང་དྲན་པ་གཞན་ཡིན་ན་དེའི་རང་བཞིན་མ་ཡིན་པ་དེ་འཛིན་པ་པོ་དང་དྲན་པ་པོ་མ་ཡིན་པ་ཉིད་དེ། ལུས་

ཀྱང་ཐལ་བར་འགྱུར་བའི་ཕྱིར་རོ། །མ་ཡིན་ཏེ་མི་རྟག་པའི་ཕྱིར་རོ་ཞེ་ན། ནམ་མཁའ་ལ་སོགས་པར་ཡང་འགྱུར་རོ། །གལ་ཏེ་དེ་ལ་དེ་གཉིས་མི་འདུ་བའི་ཕྱིར་རོ་ཞེས་འདོད་ན་དེ་ཡང་མེད་པ་དང་མཚུངས་ཏེ། འདི་ལྟར། དེ་ཡི་རྗེས་སུ་འབྲེལ་པའི་ཕྱིར། །འཛིན་དང་དྲན་དང་ལྡན་པ་ཉིད། །མཁའ་

Vol. 179 · folio 243a

སོགས་ཀྱང་ནི་ཡིན་གྱུར་ཏེ། །བརྩད་པ་དེ་ཡང་མཚུངས་པ་ཡིན། །སྔོན་དང་ཕྱིས་ཀྱི་དུས་སུ་འགྱུར་བ་འགའ་ཞིག་མེད་པར་ནི་འདི་མི་འཐད་དོ་ཞེས་དྲན་པ་གཞན་དུ་མི་འཐད་པའི་ཕྱིར་དྲན་པ་པོ་རྟོགས་པ་ཡིན་ནོ། །དེ་ལྟ་ཡིན་དང་ནམ་མཁའ་ལ་སོགས་པ་ཉིད་དེ་ལྟར་

འགྱུར་མོད། དོན་གཞན་རྟོགས་པའི་འབད་པས་ཅི་བྱ། འབྲེལ་པ་ཡང་འདི་ཉིད་བརྩད་པར་བྱའོ། །ཡང་ན་དྲན་པ་ལ་སོགས་པ་ཡང་རྟག་པར་ཁས་བླང་བར་བྱའོ། །འདི་ཉིད་བདག་ཡིན་ནོ་ཞེ་ན། གང་ལ་ཟིན་པ་ཐེ་ཚོམ་ཟ། །དེ་ལ་དྲན་པས་ཀྱང་ཅི་ཤེས། །དྲན་པ་དེ་ཚེ་མེད་པའི་ཕྱིར། །

སྔ་མ་ཉིད་དུ་ཅི་ལྟར་རྟོགས། །ཞེས་བྱ་བ་དེ་ཉིད་བྱུང་བ་ཡིན་ནོ། །དེའི་ཕྱིར་སྔ་མ་དང་ཕྱི་མའི་རང་བཞིན་ཉིད་ནི་མངོན་སུམ་གྱིས་འཛིན་པ་མ་ཡིན་ལ། དྲན་པས་ཀྱང་མ་ཡིན་པའི་ཕྱིར་འདི་ནི་གྱི་ནའོ། །དེའི་ཕྱིར་རྟག་པ་ཡིན་ན་སྔ་མ་དང་མཚམས་མི་སྦྱོར་བར་བརྩལ་མ་ཐག་པ་ཉིད་འཛིན་

པར་སྲིད་པ་མ་ཡིན་ནོ། །དེས་ན་སྔ་ཕྱི་མ་བཟུང་བའི་ཕྱིར་སྒྲ་མི་རྟག་པ་ཉིད་དོ་ཞེས་བྱ་བ་འདི་གནས་སོ། །ཇི་སྐད་དུ་ཤེས་པ་ནི་རང་གི་ངོ་བོའི་དེ་མ་ཐག་ཏུ་འབྱུང་བ་ཡིན་གྱི་རྩོལ་བའི་དེ་མ་ཐག་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་དེ་ནི་གཞན་དུ་ཡང་སྤངས་པར་ནུས་པ་ཡིན་ཏེ། གལ་ཏེ་རང་གི་

ངོ་བོའི་དེ་མ་ཐག་པ་ཉིད་ཡིན་པ་དེ་ལྟ་ན་ཡང་། བརྩལ་མ་ཐག་པར་འགྱུར་བ་ཉིད་དོ། །དེར་ཤིན་ཏུ་ཞིབ་མོའི་བརྟག་པ་ནི་དགོས་པ་དང་ལྡན་པ་མ་ཡིན་ནོ། །དེའི་ཕྱིར་འབྲས་བུ་དང་རང་བཞིན་གྱི་རྟགས་གཉིས་ཀ་ཡང་དཔེ་འདི་ཉིད་ཀྱིས་བསྟན་པ་ཡིན་ནོ། །གལ་ཏེ་འབྲས་བུ་དང་རང་བཞིན་

གྱི་དཔེ་ཉིད་ཐ་དད་པར་ཅིའི་ཕྱིར་བསྟན་ལ་དབྱེ་བ་གཞན་ནི་མ་ཡིན་ཞེ་ན། འདི་ལ་ལན་བཏབ་པ་ནི། ཡོད་པ་གང་མེད་མི་འབྱུང་བའམ། །རང་བདག་རྣམ་དབྱེར་མེད་ཅན་དང་། །དེ་ནི་དེ་དང་འཁྲུལ་མི་འགྱུར། །ཞེས་བྱའི་དོན་དུ་དེ་རབ་དབྱེ། །གང་ཞིག་གང་མེད་པར་ཡོད་པར་མི་འགྱུར་

བ་དེ་ཉིད་ནི་གཏན་ཚིགས་ཡིན་ཏེ་དེ་འཁྲུལ་པ་མེད་པའི་ཕྱིར་རོ། །ཐ་དད་པ་ལ་ནི་འབྲས་བུ་ཉིད་མ་རྟོགས་པར་འཁྲུལ་པ་མེད་པ་གཞན་ཡོད་པ་མ་ཡིན་ནོ། །གལ་ཏེ་མི་འཁྲུལ་པ་ཉིད་ཀྱིས་ནི་གཏན་ཚིགས་ཡིན་གྱི་འབྲས་བུ་ཉིད་ཀྱིས་ནི་མ་ཡིན་ཏེ། ཐལ་བ་མེའི་འབྲས་བུ་ཡིན་ན་དེ་འཁྲུལ་

Vol. 179 · folio 243b

པ་མེད་པ་མ་ཡིན་ནོ། །དེ་བཞིན་དུ་འབྲས་བུ་མ་ཡིན་པ་ཡང་ལྡན་པ་ཅན་གྱི་ཆུའི་གཞི་གོ་བར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར་འབྲས་བུ་ཉིད་ཡིན་པས་ན་གོ་བར་བྱེད་པ་ཁོ་ནའོ་ཞེས་མི་བརྗོད་ཀྱི་འོན་ཀྱང་གོ་བར་བྱེད་པ་ཉིད་ཀྱི་འབྲས་བུ་ཁོ་ནས་ཡིན་ཏེ་ཐ་དད་པ་ནི་འབྲས་བུ་མ་

ཡིན་ན་གོ་བར་བྱེད་པ་ཡང་མ་ཡིན་ནོ་ཞེས་སོ། །འདས་པའི་མེ་དང་ཡུལ་གཞན་ན་གནས་པ་ལས་ཀྱང་བྱུང་བའི་འབྲས་བུ་ཐལ་བ་དེ་ལྟ་བུས་ནི་དེ་ལྟར་གྱུར་པ་གོ་བར་བྱེད་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་གང་གིས་དེའི་ཁྱད་པར་ལས་ཁྱད་པར་དུ་འགྱུར་བ་གོ་བར་བྱེད་པ་ཉིད་ནི་འབྲས་བུས་རབ་ཏུ་

སྦྱར་བ་ཡིན་ནོ། །འདིར་ཡང་རྒྱུ་མཚན་ནི་རྒྱུ་མཚན་ཅན་གྱི་དངོས་པོ་ནི་དེ་ལྟར་གྱུར་པ་ཁོ་ནའོ། །ལྡན་པས་གོ་བར་བྱེད་པ་ཡང་ཡིན་ན་ནི་གཞི་ཡང་གནས་པའི་གོ་བྱེད་དུ་འགྱུར་རོ། །འོན་ཏེ་གཞི་ནི་གནས་པ་མེད་ཀྱང་གོ་བར་བྱེད་པ་ཡོད་པ་དེས་ན་དེ་ནི་མ་ཡིན་ནོ། །ཆུ་ལ་སོགས་པའི་

གནས་པའི་གཞི་མེད་པར་ཡོད་པ་མ་ཡིན་པ་དེའི་ཕྱིར་གོ་བར་བྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་འབྲས་བུ་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་ཉིད་འོངས་པ་ཡིན་ཏེ། གང་ཞིག་མེད་པར་གང་མི་འབྱུང་བ་དེ་ནི་དེའི་འབྲས་བུ་ཡིན་ནོ། །གཞི་ཅན་གནས་པ་ཡང་གཞི་མེད་པར་མི་འབྱུང་བ་སྟེ།

དེས་ན་དེ་འབྲས་བུ་ཡིན་ནོ། །གལ་ཏེ་གནས་པ་ཉིད་འབྲས་བུ་ཡིན་གྱི་ཆུ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་གནས་པ་པོ་ཉིད་གོ་བར་བྱེད་པ་ཡིན་གྱི་ཆུ་ནི་མ་ཡིན་པས་འཁྲུལ་པ་མེད་དོ། །འོན་ཏེ་གནས་པའི་ཁྱད་པར་ཅན་གྱི་ཆུ་ཉིད་གོ་བར་བྱེད་པ་ཡིན་ནོ་ཞེ་ན། ཆུའི་ཁྱད་པར་ཅན་གྱི་གནས་པ་གོ་

བར་བྱེད་པ་ཅི་སྟེ་མི་འགྱུར། རིགས་པ་ནི་འདི་ཉིད་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་གོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །གནས་པ་ལས་གཞན་པའི་ཆུ་ལ་མེད་དོ། །གལ་ཏེ་ལྟུང་བ་ཡང་ཆུ་ཉིད་མ་ཡིན་ནམ་ཞེ་ན། དེ་ཆུ་ཡིན་དུ་ཟད་མོད། དེ་ཉིད་ནི་མ་ཡིན་ཏེ། ཆུ་གཞན་ཡང་ཆུ་

ཡིན་པ་ཁོ་ནའོ། །ཆུ་ཉིད་ཀྱི་སྤྱི་ནི་མེད་དོ་ཞེས་བསྟན་ཟིན་ཏོ། །ཡོད་དུ་ཆུག་ཀྱང་དེ་གོ་བར་བྱེད་པ་མ་ཡིན་ཏེ། གོ་བར་བྱེད་པ་ནི་གསལ་བ་ཁོ་ནའོ། །དེ་ཡང་འབྲས་བུ་ཡིན་པའི་ཕྱིར་འབྲས་བུ་ལས་གཞན་པའི་གོ་བར་བྱེད་པ་ནི་མེད་དོ། །འོན་ཏེ་གསལ་བ་དེ་ནི་གཅིག་ཁོ་ནའོ་ཞེས་འདོད་ན་དེ་ཡང་

Vol. 179 · folio 244a

མི་རུང་སྟེ། དེ་ཉིད་གནས་པ་ཡིན་ལ་དེ་ཉིད་དེ་ལྟ་མ་ཡིན་ནོ་ཞེས་བྱ་བར་ཐལ་བའི་ཕྱིར་རོ། །རྣམ་གྲངས་ཀྱིས་དེ་ལྟར་ཡིན་ཡང་སྐྱོན་མེད་དོ་ཞེ་ན། དེ་ལྟ་ན་འོ་ན་སྔ་མ་དང་ཕྱི་མ་དག་གཅིག་ཏུ་རྟོགས་པ་མེད་པའི་ཕྱིར་ཅི་ལྟར་གསལ་བ་གཅིག་ཉིད་ཡིན། མ་རྟོགས་པ་ནི་

གཞན་དང་གཅིག་པ་ཉིད་མ་ཡིན་ནོ། །གཅིག་པར་སྒྲུབ་པར་བྱེད་པ་ནི་རྟོགས་པ་ཉིད་ཡིན་ཏེ། རྟོགས་པ་དང་མ་རྟོགས་པ་དག་ནི་མ་ཡིན་ནོ། །རྟོགས་པ་མེད་པས་ནི་དངོས་པོ་སྒྲུབ་པར་མི་འཐད་པའི་ཕྱིར་རོ། །ངོ་ཤེས་པ་ནི་བསལ་ཟིན་ཏོ། །དེའི་ཕྱིར་ཐམས་ཅད་དུ་ངོ་ཤེས་པར་དཔྱད་

པ་ནས་འབྲས་བུ་ཉིད་གོ་བར་བྱེད་པའི་རྒྱུ་མཚན་ཡིན་ནོ། །ཆུ་དང་ཐལ་སོགས་དངོས་པོ་དག །རང་བཞིན་གང་གིས་བསྐྱེད་བྱ་ཡིན། །དེ་ཉིད་ཀྱིས་ན་གོ་བྱེད་དུ་འང་། །གནས་ཕྱིར་གཞན་ལས་རྟོགས་མ་ཡིན། །རང་བདག་རྣམ་དབྱེར་མེད་ཅན་གང་། །ཞེས་བྱ་བ་ནི། གང་ཞིག་གང་གི་

བདག་ཉིད་ཡིན་པ་དེ་དེའི་གོ་བར་བྱེད་པ་ཡིན་ཏེ། ཤིང་ཤ་པ་ཤིང་གི་བདག་ཉིད་ཡིན་པས་ཤིང་གོ་བར་བྱེད་པ་བཞིན་ནོ། །གལ་ཏེ་ཇི་ལྟར་ཤིང་ཤ་པ་ཤིང་གི་བདག་ཉིད་ཡིན་པ་དེ་བཞིན་དུ་ཤིང་ཡང་ཤིང་ཤ་པའི་བདག་ཉིད་ནི་གཉི་ག་མེད་ན་མེད་པར་འགྱུར་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། རྣམ་པར་

དབྱེ་བ་མེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །ཤིང་ཤ་པ་མེད་ཀྱང་པ་ལ་ཤ་ལ་སོགས་པ་ཡོད་པ་ཉིད་དེ། ཤ་པ་ནི་དེ་ལྟར་མ་ཡིན་པའི་ཕྱིར་དེ་ཉིད་རྣམ་པར་དབྱེར་མེད་པ་ཅན་ཡིན་པས་གོ་བར་བྱེད་པ་ཉིད་དོ། །གལ་ཏེ་དེའི་བདག་ཉིད་མཚུངས་ན་ཡང་། །གལ་ཏེ་དབྱེར་མེད་གོ་བྱེད་ན། །དེ་ལྟ་

ཡིན་ན་དེ་བདག་ཉིད། །དེ་ནི་གོ་བྱེད་རྒྱུར་མི་འགྱུར། །དེ་བདག་མེད་ཀྱང་དེ་བཞིན་དུ། །འཁྲུལ་མེད་དུ་བ་གཞན་མཐོང་ངོ་། །དེས་ན་དེ་ཡི་བདག་ཉིད་ནི། །གོ་བར་བྱེད་པའི་རྒྱུ་མཚན་མིན། །རྗེས་འགྲོ་ལྡོག་པ་དག་ལས་ནི། །དེ་ནི་རྒྱུ་མཚན་མ་ཡིན་འགྱུར། །དེ་ནི་དེ་ལྟ་མ་ཡིན་ཏེ། །དེ་

བདག་དེ་ལས་འབྱུང་མིན་པར། །གང་དུ་མི་འཁྲུལ་གོ་བྱེད་ནི། །མིང་འདི་བཤད་ཟིན་དེ་བས་ན། །དེ་དག་དེ་ཡི་རྒྱུ་མཚན་ཡིན། །དེ་ཡི་ནང་གི་དབྱེ་བས་ཀྱང་། །གོ་བྱེད་དེ་ཡི་བདག་ཉིད་ནི། །དེ་བདག་ཉིད་ཡིན་ཐ་དད་མེད། །འབྲས་བུ་དེ་ལས་གཞན་གྱུར་པ། །རྒྱུ་ཡི་ཡིན་ཕྱིར་ཐ་དད་ཉིད། །

Vol. 179 · folio 244b

དེ་ཉིད་ཀྱི་ཕྱིར་བཤད་པ། ལྡན་པ་ཅན་སོགས་གང་དག་ལ། །དེ་འདྲའི་འབྲེལ་པ་ཡོད་མིན་པ། །དེ་དག་འཁྲུལ་པ་སྲིད་པའི་ཕྱིར། །གཏན་ཚིགས་མིན་ཞེས་བཤད་པ་ཡིན། །ལྡན་པས་གོ་བར་བྱེད་པ་ཡིན་ན་ནི་མེ་ཡང་དུ་བ་དང་ལྡན་པ་ཡིན་པའི་ཕྱིར་ཅི་སྟེ་དུ་བའི་གོ་བར་བྱེད་པ་མ་ཡིན།

མི་འཁྲུལ་པ་མེད་པའི་ཕྱིར་རོ་ཞེ་ན། འོ་ན་ནི་ཐ་དད་པའི་མི་འཁྲུལ་པ་དེ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དོ། །འདི་ལ་གཞན་དག་ན་རེ་རྒྱུ་དང་འབྲས་བུའི་དངོས་པོས་གོ་བར་བྱེད་པ་ཉིད་ཡིན་ན་དེ་ནི་གཉིས་ལ་གནས་པ་ཡིན་པའི་ཕྱིར་མེ་ཡང་གོ་བྱེད་འགྱུར་རོ་ཞེས་ཟེར་རོ། །མ་ཡིན་ཏེ་ཡོད་

པ་གང་མེད་ན་མི་འབྱུང་བ་ཞེས་བཤད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་ལ་མ་གཏོགས་པའི་རྒྱུ་དང་འབྲས་བུའི་དངོས་པོ་ནི་ཡོད་པ་མ་ཡིན་ཏེ། དེས་ན་རྒྱུ་དང་འབྲས་བུའི་དངོས་པོས་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་རྒྱུ་ཉིད་དང་འབྲས་བུ་ཉིད་ཀྱིས་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་

ལྟ་ན་འོ་ན་རྒྱུ་ཡང་གོ་བར་བྱེད་པ་ཅི་སྟེ་མ་ཡིན་ཞེ་ན། ཡིན་པ་ཁོ་ན་སྟེ། འདི་ལ་གཞན་དུ་འགྱུར་བ་མེད་དོ། །དེ་ནི་དེ་ལྟར་ཤེས་པར་མི་ནུས་པར་ཟད་དོ། །ཅི་ལྟར་ཤེས་པ་དེ་ལྟར་ནི་གོ་བར་བྱེད་པ་མ་ཡིན་པ་ཁོ་ནའོ། །རང་བཞིན་དེས་ནི་གོ་བར་བྱེད་པ་ཉིད་དོ། །འདི་ལྟར། མེ་འདིའི་དུ་བ་བྱེད་པ་

ན། །རྒྱུ་ཉིད་དུ་ནི་འགྱུར་བ་ཡིན། །གལ་ཏེ་བྱེད་པར་ཤེས་ན་ནི། །གོ་བྱེད་དུ་ཡང་འགྱུར་བ་ཉིད། །དེ་ལྟར་དེ་ལྡོག་མི་ནུས་ཕྱིར། །དེ་ནི་དེ་ཡི་ཉེས་པ་ཡིན། །དེ་ལྟ་ཡིན་དང་དུ་བ་ནི། །མེད་ན་མེད་ཕྱིར་དེ་འབྲས་ཉིད། །ཐ་དད་ཁྱབ་པར་བྱེད་པ་ཉིད། །ཐམས་ཅད་གང་ཕྱིར་རྒྱུ་ཉིད་ཡིན། །དེ་བཞིན་

དུ་རང་བཞིན་གྱི་གཏན་ཚིགས་ལ་ཡང་བརྗོད་དོ། །དེར་ཡང་ཤ་པའི་བདག་ཉིད་དུ། །རྟོགས་ན་ཤིང་ཡང་གོ་བྱེད་ཉིད། །དེ་བདག་བདེ་བར་རྟོགས་མེད་པས། །གོ་བར་བྱེད་ཉིད་ཡོད་མ་ཡིན། །དེ་ལྟ་ན་ཡང་རྣམ་དབྱེར་ནི། །མེད་པར་རྟོགས་པ་གོ་བྱེད་འགྱུར། །དེ་ཕྱིར་འབྲས་དང་རྣམ་དབྱེ་

ནི། །མེད་པར་དངོས་ཀུན་རྟོགས་མ་ཡིན། །ཅི་ལྟར་ཤིང་དང་མེ་དག་ཤ་པ་དང་དུ་བ་དེའི་བདག་ཉིད་དང་། རྒྱུར་མ་ངེས་པ་དེ་བཞིན་དུ་གོ་བར་བྱེད་པ་ཡང་མ་ངེས་པ་ཉིད་དུ་འགྱུར་རོ། །ངེས་པ་ཡིན་ན་ཅི་ལྟར་གོ་བར་བྱེད་པ་མ་ཡིན་ཏེ། མ་ངེས་པ་གོ་བར་བྱེད་པའི་རྒྱུ་མཚན་ཡོད་པའི་ཕྱིར་རོ། །

Vol. 179 · folio 245a

གལ་ཏེ་དེའི་རྗེས་སུ་འཇུག་པ་ཡིན་པ་དེ་ལྟ་ན་དེ་དེའི་རྒྱུ་མཚན་དུ་འགྱུར་བ་ཡིན་ནོ། །དེ་ལྟར་མ་ཡིན་ཡང་དེར་འགྱུར་ན་ཧ་ཅང་ཐལ་བར་འགྱུར་རོ། །ལྡན་པ་ལ་ཡང་དེ་བཞིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ལྡན་པ་ཅན་སོགས་གང་དག་ལ། །དེ་འདྲའི་འབྲེལ་པ་

ཡོད་མིན་པ། །དེ་དག་འཁྲུལ་པ་སྲིད་པའི་ཕྱིར། །གཏན་ཚིགས་མིན་ཞེས་བཤད་པ་ཡིན། །རྟེན་དང་བརྟེན་པ་དག་ནི་ལྡན་པ་ཅན་ཡིན་ཏེ། ལྡན་པས་མཚུངས་པའི་ཕྱིར་རོ། །འདུ་བ་ཅན་ནི་རིགས་དང་བྱ་བ་དང་། ཡོན་ཏན་གྱི་དངོས་པོ་དག་གོ། །གཞིས་ནི་བརྟེན་པ་གོ་བར་བྱེད་པ་མ་ཡིན་ཏེ།

རྒྱུ་དང་འབྲས་བུའི་དངོས་པོ་ཞེས་བྱ་བ་མེད་ན་མི་འབྱུང་བ་མེད་པའི་ཕྱིར་རོ། །རིགས་ཀྱང་དེ་བཞིན་ཏེ། གསལ་བ་ཞིག་པ་ན་འབའ་ཞིག་པར་རྟོགས་པས་རིགས་དང་ལྡན་པ་རྟོགས་པར་བྱེད་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་མི་སྲིད་པ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་བརྟེན་པས་རྟེན་གོ་བར་

བྱེད་པ་ཡིན་ཏེ། དེ་ལ་མེད་ན་མི་འབྱུང་བ་ཡོད་པའི་ཕྱིར་རོ། །དེ་ལྟ་ན་འོན་ཀྱང་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་གོ་བར་བྱེད་པ་ཡིན་པར་མི་འགྱུར་གྱི། མེད་ན་མི་འབྱུང་བ་ཉིད་ཡིན་ནོ་ཞེས་བྱ་བར་འདོད་དོ་ཞེ་ན། དེ་ཡང་མི་རུང་སྟེ། མེད་ན་མི་འབྱུང་བའི་ཁྱད་པར་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་

ནོ། །དེའི་ཕྱིར་བཤད་པ། འབྲེལ་པ་ཡོད་པ་ཡིན་ན་ཡང་། །དེ་ཉིད་རྟོགས་པའི་སྒྲུབ་བྱེད་ཡིན། །ངེས་པ་མེད་ན་མི་འབྱུང་ཡིན། །ངེས་པ་མེད་པ་སྒྲུབ་བྱེད་མིན། །གཞན་གཞན་ལ་ངེས་པ་དེ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དོ། །དེ་མ་ཡིན་ན་ནི་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་བཤད་

ཟིན་ཏོ། །རང་བཞིན་འབྲས་བུ་གྲུབ་དོན་དུ། །གཏན་ཚིགས་གཉིས་དང་བཟློག་པ་གཉིས། །སྟོན་ཏོ་ཞེས་བྱ་བར་བཤད་པ་ཡིན་ནོ། །དེ་ནི་རྩོད་ཕྱིར་ཁྱད་པར་སྤྱི་དག་སྟེ། །ཞེས་བྱ་བས་འཆད་པར་བྱེད་དོ། །ཁྱད་པར་ནི་ཐུན་མོང་མ་ཡིན་པ་སྟེ། གཅིག་ཏུ་ལྡོག་པ་ཅན་ནོ། །སྤྱི་ནི་རྗེས་སུ་འགྲོ་བ་

ཅན་ནོ། །གཞན་དག་མ་ངེས་པ་དེ་གཉིས་ཀྱང་གོ་བར་བྱེད་པར་སྨྲ་བས། དེ་ལ་སློབ་དཔོན་གྱིས་དེ་ལ་རིགས་མཐུན་ལ་ཡོད་དང་ཞེས་བྱ་བ་ལ་སོགས་པས་གོ་བར་བྱེད་པ་མ་ཡིན་པ་དེ་ཉིད་སྟོན་པར་མཛད་དོ། །གལ་ཏེ་གཅིག་ཏུ་ལྡོག་པ་ཅན་ནི་གོ་བར་བྱེད་པ་ཁོ་ནར་རིགས་སོ་ཞེ་ན། གལ་ཏེ་གཅིག་

Vol. 179 · folio 245b

ལས་གཅིག་ཏུ་ལྡོག་པར་གྲུབ་ན་བདེན་པ་ཞིག་ན་དེ་ནི་མ་གྲུབ་སྟེ། ཕྱོགས་གཉིས་ལ་འཁྲུལ་པར་འདོགས་པའི་ཕྱིར་རོ། །འདི་ལྟར། ལྡོག་པ་ཉིད་ནི་ངེས་པ་ཉིད། །མེད་ན་མི་འབྱུང་ཡིན་པར་བརྗོད། །དེ་ཡང་འབྲེལ་པ་མེད་ལ་མེད། །དེ་ཉིད་ཕྱིར་ན་རྗེས་འགྲོ་གནས། །སྲོག་ལ་

སོགས་པ་བདག་མེད་པ་ལ་སོགས་པ་འདི་ཉིད་ཅི་ལྟར་འགྲུབ་ཅེ་ན། གལ་ཏེ་བདག་དང་བཅས་པ་ཉིད་མེད་ན་མི་འབྱུང་བ་ཡིན་པར་འགྱུར་ནའོ། །དེ་ཡང་མ་འབྲེལ་པ་དག་ལ་མི་འགྲུབ་སྟེ། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་མི་ལྡོག་པའི་ཕྱིར་ཏེ་རང་གི་སྒོ་ནས་ལྡོག་པར་ནུས་པ་

མ་ཡིན་པའི་ཕྱིར་རོ། །གང་གིས་དེ་ལ་མེད་དོ་ཞེས་བྱ་བར་རྟོགས་པར་འགྱུར་བ་མི་མཐུན་པའི་ཕྱོགས་ཐམས་ཅད་ནི་མཐོང་བ་མ་ཡིན་ནོ། །རྗེས་སུ་འགྲོ་བའི་སྒོ་ནས་ནི་རྟོགས་པར་འགྱུར་རོ། །གང་གི་ཕྱིར་ངེས་པར་འཛིན་པ་དེ་ནི་འབྲེལ་པ་འཛིན་པ་ཡིན་ལ། དེ་ཡང་མངོན་སུམ་གྱི་

ཚད་མའི་བྱ་བ་ཡིན་ནོ། །དེས་ན་ངེས་པར་བཟུང་བས་གཞན་ལས་ལྡོག་པ་ཡང་འཕེན་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་ངེས་པའི་རང་བཞིན་མི་འཛིན་པ་ཉིད་དོ། །འདི་ལྟར། གཞན་ཡོད་ན་ཡང་དེ་མེད་ན། །དེ་ཡོད་ན་ནི་ཡོད་ཉིད་དང་། །གཞན་མེད་ན་ཡང་མེད་མིན་པ། །དེས་ན་དེ་ཡི་

འབྲས་བུ་རྟོགས། །གང་གི་ཚེ་ཙན་དན་གྱི་དྲི་གཞན་ཡོད་ཀྱང་འབྱུང་བ་མེད་པ། དེ་ཡོད་ན་ནི་ཡོད་པ་དེའི་ཚེ་ཙན་དན་གྱི་དྲི་དེའི་འབྲས་བུ་ཡིན་ནོ་ཞེས་འགྲུབ་ཀྱི་གཞན་དུ་མ་ཡིན་པའི་ཕྱིར་ངེས་པར་གྲུབ་པོ། །དེ་ཡང་ལྡོག་པ་མེད་ན་མེད་པའི་ཕྱིར་རོ། །དེ་ཡི་བདག་ཉིད་དུ་གྱུར་པའི་ལྡོག་

པ་ཡང་གྲུབ་པོ། །གལ་ཏེ་ཐམས་ཅད་དུ་ནི་འདི་ནི་འདི་ལས་སྐྱེ་བ་ཡིན་ཞེས་རྗེས་སུ་འགྲོ་བ་ཡང་ཁྱད་པར་མི་འགྲུབ་པོ་ཞེ་ན། དེ་ནི་མེད་དེ། འདི་ཉིད་ལས་ནི་འདི་སྐྱེ་ཞེས། །དེ་ཙམ་གྱིས་ནི་དེ་རྟོགས་འགྱུར། །དེ་ཡང་གཞན་ལས་མི་སྐྱེ་བར། །དེ་ཉིད་དེ་ལྟར་རྟོགས་པ་ཡིན། །འདི་འདི་ལས་

གཞན་དུ་ཡང་འབྱུང་བ་ཉིད་དོ་ཞེས་བྱ་བ་འདི་ནི་གོ་བར་བྱེད་པའི་རྒྱུ་མཚན་མ་ཡིན་ཏེ། འོན་ཀྱང་འདི་ཉིད་ལས་འབྱུང་གི་གཞན་ལས་ནི་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཡང་དེ་ལས་གཞན་ལས་སྔར་གྱི་སྐྱེ་བ་མ་མཐོང་བའི་ཕྱིར། དེ་ཡོད་ན་དེ་མ་ཐག་ཉིད་དུ་ངེས་པ་རྣམས་ལ་རྟོགས་

Vol. 179 · folio 246a

པ་ཡོད་པ་ཉིད་དོ། །གལ་ཏེ་གཞན་གང་རུང་རུང་ལས་མི་སྐྱེར་ཟིན་ཀྱང་གཞན་གྱི་ཁྱད་པར་ལས་འབྱུང་བར་འགྱུར་རོ། །གཞན་ཞེས་བྱ་བ་ཙམ་གྱིས་ཐམས་ཅད་མཚུངས་པ་ནི་མ་ཡིན་ཏེ། དེས་ན་ལྡོག་པ་མེད་དོ། །དེ་ཡོད་ན་ཡོད་དོ་ཞེས་བྱ་བའི་ལྡོག་པ་ཡང་མི་འགྲུབ་

སྟེ། མ་མཐོང་བ་ལས་སྲིད་པའི་ཕྱིར་རོ་ཞེ་ན། དེ་ནི་མི་རུང་སྟེ། འདི་ལྟར། ཁྱོད་ཀྱི་གཏན་ཚིགས་འདི་ལྟར་འགྱུར། །འདི་ནི་ཁྱོད་ཉིད་རྗེས་འཛིན་ཡིན། །རང་ཉིད་རྗེས་འཛིན་མི་འདོད་ན། །ཀུན་དུ་ཁྱེད་ཉིད་ལ་གནོད་འགྱུར། །ཁྱེད་ཀྱི་གཏན་ཚིགས་ནི་འདི་ལྟར་གོ་བར་བྱེད་པ་ཡིན་ཏེ། རྣམ་པ་

གཞན་དུ་མི་སྲིད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །གལ་ཏེ་དེ་ལྟར་མི་འདོད་ན་རྟེན་གཞན་ཚོལ་ཅིག །སྲིད་པ་ཡང་མ་ཡིན་ཏེ། དེ་ལྟ་ན་ནི་རང་ལ་གནོད་པར་བྱ་བའི་ཕྱིར་ཟུག་གཟེར་འཚོ་བ་ཡིན་ནོ། །གཞན་ཡང་། གལ་ཏེ་གཞན་ཡང་རྒྱུ་ཡིན་ན། །དེ་མེད་པས་ན་མོད་ལ་ནི། །ཅི་ལྟར་མེད་

པར་འགྱུར་བ་ཡིན། །དེ་མ་ཐག་ཏུ་འང་མི་འགྱུར་འདི། །མཐུན་པའི་ཚོགས་ཉེ་བར་གནས་པ་ལས་བྱུང་བ་ཁོ་ན་ཡིན་ན། དེ་མེད་ན་ནི་དེ་མ་ཐག་ཏུ་མེད་པར་འགྱུར་བའི་ཕྱིར་ཤ་ཟ་བ་ལ་སོགས་པ་གཞན་གྱི་རྒྱུར་སྲིད་པ་མ་ཡིན་ནོ། །གལ་ཏེ་དེ་ཡང་དེ་མ་ཐག་པ་ཉིད་དུ་ཡོད་པ་དང་མེད་པར་འགྱུར་བ་

ཡིན་ནོ་ཞེས་ཁས་ལེན་ན། འོ་ན་ནི་ཤ་ཟ་དེ་མེའི་དབང་དུ་བྱས་པའི་ཕྱིར་མེ་ཉིད་རྒྱུའི་དངོས་པོའི་ཡིན་ནོ། །གལ་ཏེ་གཞན་ལས་ཀྱང་འགྱུར་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པས་འདོད་རྒྱལ་བའི་མི་སླུ་བ་ཡིན་པའི་ཕྱིར་ན་རྟོགས་པ་སྔོན་དུ་བྱེད་པ་རྣམས་ཀྱིས་འབྲས་བུ་སོ་སོ་ལ་ངེས་པའི་

ཐབས་ཚོལ་བ་གང་ཡིན་པ་དེར་མི་འགྱུར་རོ། །གཉིས་སུ་མེད་པར་སྨྲ་བ་ཁོ་བོ་ཅག་ལ་ནི་དོན་དམ་པར་རྒྱུ་དང་འབྲས་བུའི་དངོས་པོ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འབྲེལ་པ་སྒྲུབ་པའི་ཚད་མ་ཁས་ལེན་ན་རྗེས་སུ་འགྲོ་བ་གསལ་བར་གནས་པར་འགྱུར་རོ། །གང་གི་ཕྱིར། རང་བཞིན་

དག་གམ་རྒྱུ་དངོས་ནི། །གྲུབ་ན་ལྡོག་པ་གྲུབ་འགྱུར་བ། །དེ་ཡི་ཕྱིར་ན་ཁྱད་པར་ནི། །ལྡོག་མེད་རྗེས་འགྲོ་ཡོད་མ་ཡིན། །དེའི་བདག་ཉིད་ལ་ངེས་པར་མ་ཡིན་པ་ནི་དེ་མེད་པས་ངེས་པར་ལྡོག་པ་མ་ཡིན་ནོ། །འབྲེལ་པ་མེད་པ་ནི་རང་ལྡོག་པས་གཞན་ལྡོག་པར་བྱེད་པ་མ་ཡིན་ཏེ། ཐལ་ཆེས་

Vol. 179 · folio 246b

པར་འགྱུར་བའི་ཕྱིར་རོ། །འབྲེལ་པ་དང་ལྡན་པ་ཁྱབ་པར་བྱེད་པ་མ་ཡིན་པ་ཡང་མ་ཡིན་ལ། དེའི་བདག་ཉིད་དེ་ལས་བྱུང་བའི་འབྲེལ་པ་མེད་པར་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོར་འགྱུར་བ་ཡང་མ་ཡིན་ནོ། །རྣམ་པ་གཞན་གྱིས་ཀྱང་ཅི་སྟེ་མ་ཡིན་ཞེ་ན། མ་ཡིན་ཏེ་འབྲེལ་པ་

རྣམ་པ་གཞན་མེད་པའི་ཕྱིར་རོ། །རྣམ་པ་དེ་ཉིད་ཀྱང་རྟོག་པ་ཉིད་འདོད་པར་སྒྲུབ་པར་བྱེད་པ་ཡིན་ལ། དེ་ལྟར་ཡང་མི་འགྱུར་ཏེ་དེས་ན་ལྡོག་པ་ཅན་དུ་འདོད་པ་ནི་ལྡོག་པ་ཡང་མེད་ལ་རྗེས་སུ་འགྲོ་བ་ཡང་མེད་པ་ཡིན་ནོ། །དེས་ན་གཉི་ག་མེད་པའི་ཕྱིར་གསོན་པོའི་ལུས་ནི་བདག་དང་བཅས་

པ་སྟེ། སྲོག་ལ་སོགས་པ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་གོ་བར་བྱེད་པ་མ་ཡིན་པ་ཉིད་དོ། །འོན་ཏེ་གཉི་ག་མེད་པའི་ཕྱིར་ཇི་ལྟར་འདི་སློབ་དཔོན་གྱིས་ལྡོག་པ་ཅན་དུ་གསུངས་ཏེ། དེས་ཀྱང་འདི་ཉིད་གསུང་བར་འོས་པར་འགྱུར་རོ་ཞེ་ན། སྐྱོན་འདི་མེད་དེ། འདི་ལྟར། མ་མཐོང་བ་

ཙམ་ལ་བརྟེན་ནས། །ལྡོག་པ་འབའ་ཞིག་ཅན་དུ་ཟད། །དེ་ཡི་ཕྱིར་ན་མ་ངེས་པ། །གཞན་དུ་གོ་བར་བྱེད་པར་འགྱུར། །གཞན་གྱི་བསམ་པ་མ་མཐོང་བ་ཙམ་གྱིས་ལྡོག་པར་འགྲུབ་པ་ལ་བརྟེན་ནས། སློབ་དཔོན་གྱིས་འདི་ལྡོག་པ་ཅན་དུ་གསུངས་ཀྱི་ལྡོག་པ་ངེས་པ་ཉིད་ནི་མ་ཡིན་ཏེ། དེ་ལྟ་

མ་ཡིན་ན་ལྡོག་པ་ངེས་པ་ཡོད་པས་གོ་བར་བྱེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་ན་ཡང་སློབ་དཔོན་གྱིས་འདི་མ་ངེས་པའི་ནང་དུ་འགོད་པར་མི་འགྱུར་རོ། །དེའི་ཕྱིར་འདི་སློབ་དཔོན་གྱིས་འདི་ལྡོག་པ་ངེས་པ་དང་ལྡན་པར་བཞེད་པ་མ་ཡིན་ནོ། །གལ་ཏེ་སྲོག་ལ་སོགས་པ་མེད་པས་ནི་བདག་མེད་

པ་ལ་ཁྱབ་པ་ཡིན་ལ་དེ་ཡང་གསོན་པོའི་ལུས་ལ་མེད་པའི་ཕྱིར་ཁྱབ་པར་བྱེད་པ་ལོག་པས་གསོན་པོའི་ལུས་ལ་ཁྱབ་པར་བྱ་བ་བདག་མེད་པ་གདོན་མི་ཟ་བར་ལྡོག་པས་ན་ཇི་ལྟར་བདག་དང་བཅས་པར་མི་འགྲུབ་ཅེ་ན། མི་འགྲུབ་སྟེ་འདི་ལྟར། གལ་ཏེ་བདག་ནི་ལྡོག་པ་ཡིས། །སྲོག་

སོགས་དག་ནི་ལྡོག་འགྱུར་ན། །སྲོག་སོགས་མེད་པས་བདག་མེད་ལ། །ཁྱབ་གྱུར་དེ་ཡང་ཡོད་མ་ཡིན། །གལ་ཏེ་མི་མཐུན་པའི་ཕྱོགས་དག་ཁྱབ་པ་བསྒྲུབ་པ་ཡིན་ན་དེའི་ཚེ་སྲོག་ལ་སོགས་པ་མེད་པ་ལོག་པ་ན་གསོན་པོའི་ལུས་ལ་བདག་མེད་པ་ལྡོག་པའི་ཕྱིར་རྗེས་སུ་འགྲོ་བ་མེད་ཀྱང་

Vol. 179 · folio 247a

བདག་འགྲུབ་པར་འགྱུར་བ་ཞིག་ན་མི་མཐུན་པའི་ཕྱོགས་དག་གི་ཁྱབ་པ་དེ་ཉིད་ནི། མཐུན་པའི་ཕྱོགས་ཀྱི་ཁྱབ་པ་མེད་པར་མི་འགྲུབ་པོ། །བདག་དང་བཅས་པ་དང་འབྲེལ་པ་མ་ཡིན་པ་ཉིད་ཀྱིས་ལྡོག་པར་བྱེད་པ་ཉིད་དུ་མི་འགྲུབ་ལ། ལྡོག་པར་བྱེད་པ་མ་ཡིན་པ་

ལྡོག་པ་ནི་ཟླ་བོ་ནི་བཟློག་པར་བྱ་བ་མ་ཡིན་པ་ལྡོག་པས་ཁྱབ་པ་མི་འགྲུབ་པོ། །དེའི་ཕྱིར་ཁྱབ་པར་བྱ་བ་མ་ཡིན་པའི་ལྡོག་པ་མེད་པས་ཁྱབ་པར་བྱེད་པ་མ་ཡིན་པའི་ལྡོག་པ་མེད་པར་མི་འགྲུབ་པོ། །བདག་དང་བཅས་པར་འབྲེལ་པ་མ་ཡིན་པ་ཉིད་ཀྱིས་ལྡོག་པར་བྱེད་པ་ཉིད་དུ་མི་འགྲུབ་

ལ། ལྡོག་པར་བྱེད་པ་མ་ཡིན་ལ་ལྡོག་པའི་ཕྱིར་བདག་མི་འགྲུབ་པོ། །གཞན་ལྡོག་པར་ནི་གྱུར་པ་ཡིས། །གཞན་ལྡོག་པ་ནི་མི་རུང་ཕྱིར། །གལ་ཏེ་འབྲེལ་པ་མེད་ཀྱང་ལྡོག་ན་ནི། ཧ་ཅང་ཐལ་བར་འགྱུར་རོ། །དེ་བདག་དེ་ལས་བྱུང་ཞེ་ན། ཅི་སྟེ་འདི་ཐམས་ཅད་ནི་བདག་ཁོ་ནའི་ཞེས་

བྱ་བས་སྲོག་ལ་སོགས་པ་བདག་ཉིད་ཡིན་པའམ། ཡང་ན་དེ་ལས་བྱུང་བ་ཡིན་ཏེ། བདག་འདུ་བ་ཅན་གྱི་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ནི་ལན་མ་ཡིན་ཏེ། འདི་ལྟར། གལ་ཏེ་བདག་ནི་དམིགས་པ་ན། །དེ་དམིགས་རྟོགས་པ་མེད་པར་ཡང་། །མ་རྟོགས་ན་འདི་འགྲུབ་པར་འགྱུར། །

གལ་ཏེ་བདག་དམིགས་པ་ཡིན་ན་དེའི་བདག་ཉིད་ཡིན་པའི་ཕྱིར་གཞན་ཡང་དེའི་རང་བཞིན་ཡིན་ནོ་ཞེས་འགྲུབ་པ་ཞིག་ན། དེ་ཉིད་མ་དམིགས་པས་ཇི་ལྟར་དེའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་སུ་འགྲུབ། འདི་ལའོ་སྙམ་པའི་བློའི་རྒྱུར་འདུ་བ་ཡང་ཡོད་པར་མི་འགྱུར་ཏེ།

བདག་མ་དམིགས་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་ངོ་བོ་ནི། །མངོན་སུམ་དང་མི་དམིགས་པ་སྒྲུབ་པ་ཡིན་གྱི། བདག་མངོན་སུམ་མ་ཡིན་པའི་ཕྱིར། དེའི་བདག་ཉིད་དང་དེ་ལས་བྱུང་བར་ཇི་ལྟར་འགྱུར། གང་གི་ཕྱིར། ཤིན་ཏུ་ལྐོག་ཏུ་གྱུར་པ་ལ། །མཐོང་དང་མ་མཐོང་དེ་གྲུབ་མེད། །

བུམ་པ་ལ་སོགས་པ་བདག་མེད་པ་ཡང་མ་ཡིན་ཏེ། འདི་ལྟར། ཤིན་ཏུ་ལྐོག་ཏུ་གྱུར་པ་ནི། །མི་དམིགས་པ་ལས་མེད་མི་རྟོགས། །བདག་མེད་པ་ནི་གྲུབ་མེད་ན། །དེ་ཡི་ཁྱབ་པ་ཅི་ལྟར་རྟོགས། །དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་དམིགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་རྒྱུ་

Vol. 179 · folio 247b

དང་ཁྱབ་པར་བྱེད་པའི་སྒྲུབ་པར་བྱེད་པར་འགྱུར་བ་ཡིན་ན་ནི་བདག་གི་དམིགས་པར་བྱ་བ་མ་ཡིན་ནོ། །དེས་ན་ཅི་ལྟར་དེ་རྒྱུ་དང་ཁྱབ་པར་བྱེད་པའི་དངོས་པོ་ཡིན་ཏེ། མ་ཡིན་ཏེ། ཡང་སྲོག་ལ་སོགས་པ་དེའི་བདག་ཉིད་དང་དེ་ལས་བྱུང་བ་ཡིན་ནོ་ཞེས་མི་འགྲུབ་པོ། །གཞན་ཡང་། གཞན་ལ་མཐོང་མེད་

ངོ་བོ་ཅན། །བུམ་སོགས་ལ་མེད་ཅེས་གང་ལས། །ལྡོག་པ་ཤེས་པ་མེད་པ་ཡི། །ལྡོག་པའི་ཁྱབ་པ་ཅི་ལྟར་ཡིན། །གང་ཞིག་ཡུལ་ལམ་དུས་གཞན་དུ་མཐོང་བ་དེ་ནི་ད་ལྟར་འདི་ན་མེད་དོ་ཞེས་རྟོགས་སོ་ཞེས་བྱ་བ་ནི་འགྲོ་བ་མཐའ་དག་ལ་གྲགས་པ་ཡིན་ནོ། །དེ་གང་ཞིག་ནམ་ཡང་རྟོགས་པའི་

ཡུལ་དུ་འགྱུར་བ་མྱོང་བ་དེ་གོ་དེ་ན་མེད་དོ་ཞེས་ཅི་ལྟར་རྟོགས་པར་འགྱུར། མཐོང་བ་མེད་ལ་འགའ་ཡང་ནི། །གང་དུའང་རྟོགས་པར་འཇུག་པར་བྱེད། །ཐམས་ཅད་ལ་ནི་ལྟོས་པ་ཅན། །དེ་བདག་འགོག་པ་ཙམ་དུ་ཟད། །འགའ་ཞིག་ཏུ་མཐོང་བ་ཉིད་གཞན་དུ་མཐོང་ན་ཡོད་དམ་མེད་སྙམ་དུ་རྟོག་པ་

འཇུག་པར་འགྱུར་རོ། །མེད་དོ་ཞེས་ངེས་པར་གང་ལས་ཡིན་ཏེ་དེ་ལྟར་ན་འགོག་ན་གཞན་གྱི་བདག་ཉིད་མ་ཡིན་ནོ་ཞེས་དེའི་བདག་ཉིད་ཡིན་པ་འགོག་པ་ཙམ་དུ་ཟད་ཀྱི། བུམ་པ་ལ་སོགས་པ་ལ་བདག་མེད་དོ་ཞེས་ངེས་པར་ནི་མི་འགྱུར་རོ། །ཁྱབ་པ་ཉིད་ཡིན་ན་ནི་ཤིན་ཏུ་གསལ་བར་ཡང་མེད་

པར་ངེས་པ་མ་ཡིན་ནོ། །དེས་དབེན་པར་ནི་དམིགས་པས་ན། །གལ་ཏེ་བུམ་སོགས་བདག་མེད་དུ། །དེས་ན་དེ་ལྟར་གསོན་པའི་ལུས་ལ་ཡང་། །དེ་ནི་མེད་ཅེས་བྱ་བར་འགྱུར། །ཅི་ལྟར་བུམ་པ་ལ་སོགས་པ་བདག་གིས་དབེན་པར་དམིགས་པས་བདག་མེད་པ་ཞེས་བྱ་བར་རྟོགས་པ་དེ་

བཞིན་དུ་གསོན་པོའི་ལུས་ལ་ཡང་འགྱུར་རོ། །དེ་ཡང་དེས་དབེན་པར་མ་དམིགས་པ་ནི་མ་ཡིན་ནོ། །དེས་ན་དམིགས་པར་བྱ་བ་མ་ཡིན་པའི་ཕྱིར། བུམ་པ་ལ་སོགས་པར་བདག་མེད་པར་མི་རྟོགས་སོ། །དེས་ན་ལྡོག་པ་ཤེས་པ་མེད་པའི་བདག་གི་ལྡོག་པའི་ཁྱབ་པ། སྲོག་ལ་སོགས་

པ་མེད་པ་ལ་ལྡོག་པ་ལ་བདག་གིས་ཁྱབ་པ་ཅི་ལྟར་འགྱུར། གང་ཞིག་ལྡོག་པས་གང་ཁྱབ་པར་ལྡོག་པ་ཁྱབ་པ་དེ་ལྡོག་པ་ནི་དེས་ཁྱབ་པར་འགྱུར་བ་ཡིན་ན་ནི། བདག་ལྡོག་པ་ནི་མ་གྲུབ་པས་སྲོག་ལ་སོགས་ལྡོག་པས་ཁྱབ་པོ་ཞེས་མི་ཤེས་ཏེ་དེའི་ཕྱིར་ཅི་ལྟར་སྲོག་ལ་སོགས་པ་མེད་པ་ལྡོག་པ་

Vol. 179 · folio 248a

བདག་གིས་ཁྱབ་པ་མི་འགྲུབ་པ་དེའི་ཕྱིར་འདི་ལ་ལྡོག་པ་ངེས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཅི་ལྟར་བུམ་པ་ལ་སོགས་པ་ལ་སྲོག་ལ་སོགས་པ་མེད་དོ་ཞེས་རྟོགས་པ་དེ་བཞིན་དུ་བདག་མེད་དོ་ཞེས་ཅི་སྟེ་མི་རྟོགས་ཤེ་ན། མི་མཐུན་པ་ཉེ་བར་བཀོད་པ་སྟེ། འདི་

ལྟར། སྲོག་སོགས་ལ་ལར་མཐོང་བ་ཡིས། །ཡོད་མེད་གཉིས་ནི་རྟོགས་པར་འགྱུར། །མི་དམིགས་པ་ཙམ་ལས་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟར་བདག་མཐོང་ན། །ཡོད་མེད་གཉིས་ནི་རྟོགས་པར་འགྱུར། །སྲོག་ལ་སོགས་པ་ནི་དམིགས་པའི་མཚན་ཉིད་དུ་གྱུར་པ་ཡིན་པའི་

ཕྱིར་གསོན་པོའི་ལུས་མ་ཡིན་པ་ལ་མེད་པར་རྟོགས་པར་འགྱུར་གྱི། བདག་ནི་དེ་མ་ཡིན་པའི་ཕྱིར་བཟློག་པ་མ་ཡིན་ནོ། །གཞན་ཡང་བུམ་པ་ལ་སོགས་པ་བདག་མེད་པ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་སྲོག་ལ་སོགས་པ་མེད་པ་ལྡོག་པས་བདག་འགྲུབ་པ་མ་ཡིན་ནོ། །གལ་ཏེ་གསོན་

པོའི་ལུས་ལ་བདག་མེད་ན་སྲོག་ལ་སོགས་པ་ཡང་ཡོད་པར་མི་འགྱུར་ཏེ། བུམ་པ་ལ་སོགས་པ་ལ་སྲོག་ལ་སོགས་པ་ལྡོག་པར་བྱེད་པ་ནི་བདག་མེད་པ་ཡིན་པར་མཐོང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། གཞན་མེད་པ་ལྡོག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །འདི་ལྟར། རྒྱུ་གང་ཞིག་ནི་མེད་

པ་ཡིས། །བུམ་པ་ལ་སྲོག་མཐོང་མེད་པ། །ལུས་ལའང་གལ་ཏེ་དེ་མེད་ན། །ལུས་ལ་མེད་པར་རིགས་མ་ཡིན། །བུམ་པ་ལ་སོགས་པ་ལ་ནི་བློ་དང་རྩོལ་བ་ལ་སོགས་པ་ཡང་མེད་པ་ཉིད་དོ། །དེའི་ཕྱིར་ཅི་སྟེ་མེད་པས་སྲོག་ལ་སོགས་པ་ལོག་པ་ཡིན་ནམ། འོན་ཏེ་བདག་མེད་པ་

ཡིན་ཞེས། །འདིར་ཁྱོད་ལ་ཐེ་ཚོམ་མེད་པའི་རྒྱུ་ཅི་ཞིག་ཡོད། གང་དུ་བློ་ལ་སོགས་པའི་རྒྱུ་གང་ཞིག་མེད་པས། བུམ་པ་ལ་སྲོག་མི་སྣང་བ་དེ་ཉིད་གལ་ཏེ་ལུས་ལ་མེད་པར་འགྱུར་ན་སྲོག་ལ་སོགས་པས་སྟོང་པར་ཐལ་བ་ཡིན་ན། བློ་ལ་སོགས་པས་ནི་མེད་པ་མ་ཡིན་པས་དེ་ཅི་ལྟར་སྲོག་ལ་སོགས་

པ་ལྡོག་པར་ཐལ་བ་ཡིན། འོན་ཏེ་གསོན་པོའི་ལུས་དང་བུམ་པ་ལ་སོགས་པ་བདག་མེད་པར་ཆོས་མཚུངས་པ་ཡིན་ན་གལ་ཏེ་བློ་ལ་སོགས་པ་ཡོད་པ་དང་མེད་པས་བྱས་པའི་ཆོས་མི་མཐུན་པ་ཡོད་པ་དེ་ལྟར་ན་ཡང་བདག་མེད་པ་ཡིན་པའི་ཕྱིར་གསོན་པོའི་ལུས་ཀྱང་སྲོག་ལ་སོགས་པས་སྟོང་

Vol. 179 · folio 248b

པར་འགྱུར་རོ། །སྲོག་ལ་སོགས་པ་མེད་པས་ཆོས་མི་མཐུན་པ་ཉིད་ཡིན་ན་ཡང་། བདག་དང་བཅས་པར་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ། གལ་ཏེ་ཅུང་ཟད་ཆོས་མཐུན་ཕྱིར། །ཐ་དད་པ་ཡང་དེ་རྟོགས་ན། །དེའི་ཚེ། གཞལ་བྱ་ཉིད་ཕྱིར་བུམ་སོགས་རྣམས། །བདག་དང་བཅས་པར་ཅིས་

མི་དཔོག །ཅུང་ཟད་ཙམ་གྱིས་ཀྱང་ཆོས་མཐུན་པ་མེད་པ་དེ་ལྟ་བུ་ནི་ཡོད་པ་མ་ཡིན་ནོ། །མི་འདོད་ཅེ་ན་ཚད་མ་ཉིད། །འདོད་པ་ཀུན་གྱི་རྒྱུ་ཡིན་ཏེ། །དེ་མེད་པར་ནི་དངོས་པོ་དང་། །དངོས་མེད་རྣམ་གཞག་གང་གིས་ནུས། །འདོད་པས་ནི་ཚད་མར་འགྱུར་བ་མ་ཡིན་གྱི། འོན་ཀྱང་གང་ལ་

ཚད་མ་ཡོད་པ་དེ་ལ་རྟོག་པ་དང་ལྡན་པ་འདོད་པར་འགྱུར་བ་ཡིན་ནོ། །ཚད་མས་འགྲུབ་པ་ནི་མི་འདོད་ཀྱང་བཟློག་པར་འགྱུར་བ་མ་ཡིན་ནོ། །ཚད་མ་ནི་འདོད་པ་ལ་ལྟོས་པ་མེད་པར་རང་དབང་ཉིད་དུ་རིགས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཚད་མ་ལ་རང་དབང་མེད་པར་འདོད་པས་དངོས་པོ་ཡོད་པ་

དང་མེད་པ་འདོར་ལེན་བྱེད་ན་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་གནས་པར་མི་འགྱུར་ཏེ། རྒོལ་བའི་འདོད་པས་ནི་ཡུལ་དུ་གྱུར་པའི་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་ལ། ཕྱིར་རྒོལ་བའི་འདོད་པས་ནི་འདོད་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་མ་འཆོལ་བར་གནས་པ་མེད་པར་འགྱུར་རོ། །

འོ་ན་བློ་ལ་སོགས་པ་དེ་དག་ཀྱང་བདག་ཡོད་པར་འགྱུར་བ་ཡིན་ཞེས་རྟོགས་པ་ཡིན་ཏེ། དེས་ན་བློ་ལ་སོགས་པ་ཡོད་ན་སྲོག་ལ་སོགས་པ་ལྡོག་པ་མ་ཡིན་ནོ་ཞེས་གང་བརྗོད་པ་དེ་མི་རིགས་སོ་ཞེ་ན། མི་རིགས་པ་མ་ཡིན་ཏེ། གཞན་ཉིད་དེ་ལ་འཇུག་པར་བྱེད་པ་ཡིན་པའི་ཕྱིར་རོ། །གལ་ཏེ་

བདག་བློ་ལ་སོགས་པའི་འཇུག་པར་བྱེད་པ་ཉིད་དུ་ངེས་པ་ཡིན་ན་ནི་ལོག་པས་ལྡོག་པར་བྱེད་པ་ཉིད་དུ་འཐད་པ་ཡིན་ན། དེ་ལྟ་མ་ཡིན་ཏེ། འདི་ལྟར། སྲོག་དང་མིག་འབྱེད་ལ་སོགས་ནི། །དྲན་འདོད་རྩོལ་བ་ལས་སྐྱེ་ཡིན། །དེ་དག་ཡུལ་དབང་བློ་ལས་འབྱུང་། །དེ་ཡང་ཕན་ཚུན་རྐྱེན་ལས་ནི། །

ལྡོག་པའི་རང་གི་རིགས་ལས་འབྱུང་། །དེ་ཙམ་ལ་ནི་བདག་དངོས་འདི། །རྗེས་འགྲོ་ལྡོག་པ་ལ་བརྟེན་ཡིན། །གཞན་དུ་རྟོག་ན་ཐུག་པ་མེད། །དྲན་པ་དང་འདོད་པ་དང་རྩོལ་བ་དག་ནི་མི་འདོད་པའམ་དེ་ལས་གཞན་འགའ་ཞིག་ལ་འཇུག་པ་ཡིན་ཞིང་དེ་ལས་ནི་སྲོག་དང་མིག་འབྱེད་པ་ལ་སོགས་

Vol. 179 · folio 249a

པ་འཇུག་གོ། །དྲན་པ་ལ་སོགས་པ་གང་ལས་འཇུག་ཅེ་ན། ཡུལ་དང་དབང་པོ་དང་བློ་དག་ལས་སོ། །དེ་དག་ཀྱང་ཕན་ཚུན་རྟེན་ལ་ལྟོས་ནས་རང་གི་རིགས་ལས་འབྱུང་བ་ཡིན་ཏེ། ཡུལ་གྱི་ནི་ཡུལ་སྔ་མ་ཉིད་ལ་དབང་པོ་དང་ཡུལ་དག་ཀྱང་དེ་བཞིན་ནོ། །བདག་གི་དངོས་

པོ་ནི་རྒྱུ་དང་རྐྱེན་གྱི་ཚོགས་པ་འདི་དག་ཙམ་ཉིད་ལ་འབྲེལ་པ་ཡིན་པས་ཉེ་བར་མཁོ་བ་མེད་པར་གཞན་གྱིས་ཅི་བྱ། གལ་ཏེ་བདག་མེད་ན་སྔ་ཕྱི་མཚམས་འབྱོར་པའི་རང་བཞིན་གྱི་དྲན་པར་མི་འགྱུར་བ་མ་ཡིན་ནམ། འདི་ལྟར་གང་གིས་མཐོང་བ་དེ་ཉིད་དྲན་པར་བྱེད་པ་ཡིན་ཏེ། གཞན་གྱིས་

མཐོང་བ་ནི་གཞན་གྱིས་དྲན་པའི་ཡུལ་དུ་བྱ་བར་མི་ནུས་སོ་ཞེ་ན། འདི་ཡང་བཟློག་པ་ཙམ་མ་ཡིན་ནམ། འདི་ལས་ཀྱང་ཅི་ལྟར་འགྲུབ། དྲན་པ་གཅིག་ལས་མཐོང་བ་ནི་མེད་དེ། སྔ་མ་དང་ཕྱི་མ་གཅིག་པ་ཉིད་མངོན་སུམ་གྱིས་མི་རྟོགས་པའི་ཕྱིར་དང་། དྲན་པ་ཡང་ཚད་མ་མ་ཡིན་པའི་ཕྱིར།

གལ་ཏེ་གཞན་གྱིས་དམིགས་པ་དང་། མི་དྲན་པ་དེ་ལྟ་ན་ཡང་གཞན་གྱི་ཁྱད་ཀྱིས་དྲན་པར་འགྱུར་རོ། །གཞན་ཞེས་ཏེ་གཞན་ནོ་ཅོག་མཚུངས་པ་ནི་མ་ཡིན་ནོ། །གང་གིས་དེ་ཉིད་དྲན་པའི་རྒྱུར་འགྱུར་བ་གཞན་མ་ཡིན་པ་དེ་ལྟ་བུ་ནི་རང་གི་རྒྱུ་ལས་སྐྱེས་པ་ཡིན་ཏེ། རྒྱུ་དང་འབྲས་བུ་ངེས་

པའི་ཕྱིར་རོ། །བདག་ཡོད་པ་ཉིད་ཀྱིས་ནི་དྲན་པ་མ་ཡིན་ཏེ། འོ་ན་གསལ་བ་གོམས་པ་དང་ལྡན་པའི་རྒྱུད་ཡོད་པ་ལས་སོ། །དེ་ལྟ་མ་ཡིན་ན་ནི་རྟག་ཏུ་དྲན་པར་ཐལ་བར་འགྱུར་རོ། །གལ་ཏེ་འདི་སྐད་དུ་བདག་ཡོད་ན་དྲན་པ་ཉིད་དོ་ཞེས་མི་བརྗོད་ཀྱི་གལ་ཏེ་དྲན་པ་ནི་བདག་ཡོད་པ་ཉིད་དེ་དྲན་པ་པོ་མེད་

པ་དྲན་པ་མི་སྲིད་པའི་ཕྱིར་རོ་ཞེ་ན། དེ་ཡང་ཡང་དག་པ་མ་ཡིན་ཏེ། འདི་ལྟར། དེ་འགྱུར་ན་ནི་འགྱུར་ཕྱིར་དང་། །རྗེས་འགྲོ་ལྡོག་པའི་རྗེས་བྱེད་ཕྱིར། །འདི་རྒྱུ་འབྲས་བུ་དངོས་པོ་སྟེ། །དེ་ལྟར་མིན་ན་གཞན་མེད་འགྱུར། །དྲན་པ་དང་ནི་སྔོན་ཉམས་སུ་མྱོང་བ་གོམས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་

རྗེས་སུ་བྱེད་པའི་ཕྱིར་དང་། དེ་འགྱུར་ན་འགྱུར་བའི་ཕྱིར་བདག་རྒྱུ་མ་ཡིན་ནོ། །ཅི་སྟེ་ཁྱབ་པ་དང་རྟག་པ་མེད་པར་མི་འགྱུར་ན། དེ་ལྟར་མ་ཡིན་ན་དུས་ལ་སོགས་པ་ཡང་རྒྱུ་ཡིན་པར་ཐལ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །འོན་ཏེ་མྱོང་བ་པོ་དང་དྲན་པ་པོ་མེད་པར་མི་འགྱུར་རོ་ཞེ་ན། དེ་ནི་དེ་

Vol. 179 · folio 249b

ལྟར་མ་ཡིན་ཏེ། དྲན་པ་མྱོང་བ་དག་ལས་ནི། །དྲན་པོ་མྱོང་པོ་དེ་རྟོགས་ན། །ནམ་མཁའ་དེ་ལྟར་ཡིན་པར་ནི། །ཅི་ཡི་ཕྱིར་ན་རྟོགས་མི་བྱེད། །དྲན་པ་དང་མྱོང་བ་གཞན་དུ་མི་འཐད་པས་དྲན་པ་པོ་དང་མྱོང་བ་པོ་འགའ་ཞིག་རྟོགས་པ་ཡིན་གྱི་ནམ་མཁའ་ལ་སོགས་པ་ལས་གཞན་དུ་འགྱུར་བ་ནི་མ་

ཡིན་ནོ། །དེ་ལྟ་ཡིན་དང་གཅིག་འགའ་ཞིག་ཡོད་དོ་ཞེས་རྟོགས་པར་འགྱུར་རོ། །དེ་ཡང་ནམ་མཁའ་ལ་སོགས་པ་དང་མི་མཐུན་པ་ནི་མ་ཡིན་ཏེ། ཁྱབ་པ་དང་རྟག་པ་དང་ལུས་ཅན་མ་ཡིན་པ་ལ་སོགས་པས་ཁྱད་པར་མེད་པའི་ཕྱིར་རོ། །འོན་ཏེ་ངའོ་ཞེས་བྱེད་པ་པོ་ཉིད་དུ་རྟོགས་པའི་བདག་ཡིན་

གྱི་ལུས་ཅན་མ་ཡིན་པ་ཙམ་ནི་མ་ཡིན་ནོ་ཞེ་ན། ངའོ་སྙམ་པའི་རྟོག་པ་ལ་ནི་ལྷས་བྱིན་ང་ནི་གར་གྱི་རིགས་སོ་ཞེ་འམ། སྔོན་པོའོ་ཞེས་ལུས་ཉིད་སྣང་བ་མ་ཡིན་ནམ། ལུས་ཀྱི་མི་རྟག་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་ལུས་ཀྱི་གནས་སྐབས་མི་རྟག་པ་ཡིན་གྱི་གནས་སྐབས་ཅན་ནི་འཇིག་རྟེན་ཕ་རོལ་ལ་སོགས་

པར་ཐ་དད་པ་མེད་པའི་ཕྱིར་རྟོགས་པ་འདི་ཉིད་བློའི་ཐ་དད་པ་ནི་མ་ཡིན་ནོ། །དྲན་པ་ལ་སོགས་པ་ནི་ལུས་ལ་གནས་པ་ཉིད་དུ་རྟོགས་ཀྱི་ལུས་ཅན་མ་ཡིན་པ་ལ་གནས་པར་ནི་མ་ཡིན་ནོ། །འོན་ཏེ་རེ་ཞིག་རྟོགས་པ་པོ་གཅིག་འགྲུབ་པས་དེ་ལུས་ཡིན་ནམ། གཞན་ཡིན་པའི་རྟོགས་པ་གཞན་གྱིས་ཅི་བྱ་ཞེ་ན་དེ་

ཡང་མི་རུང་སྟེ། གང་ཕྱིར་གནས་སྐབས་ཚོགས་ལས་ནི། །ལུས་གཞན་རྟོགས་པ་ཡོད་མིན་པ། །དེ་ཉིད་ཕྱིར་ན་ངེད་ཀྱི་ཕྱོགས། །གྲུབ་པ་ལ་ནི་གནོད་མེད་པ། །གཞན་ཡང་། རྟག་པའི་རང་བཞིན་འགྱུར་མེད་ལ། །དྲན་མྱོང་དག་ལས་གལ་ཏེ་དེ། །དྲན་བྱེད་རྟག་ཏུ་རིང་ན་ནི། །དེ་ཉིད་ཅི་ལྟར་དོན་

རིག་འགྱུར། །བདེ་ལ་སོགས་པས་འགྱུར་ན་ནི། །རྟག་པ་ཉིད་དུའང་འཐད་མ་ཡིན། །བདེ་སོགས་ཀྱིས་ནི་འགྱུར་མེད་ན། །བདེ་ལ་སོགས་པར་གནས་མི་འཐད། །གང་ཕྱིར་དྲན་པ་འབྲས་ཡིན་པ། །དེས་ན་མྱོང་བས་ཅིས་མ་ཡིན། །འོན་ཏེ་ང་ཞེས་རྣམ་ཤེས་པ། །རྒྱུ་དང་འབྲས་བུ་ཙམ་མ་ཡིན། །འདི་

ལྟར་སྔོན་མཐོང་བཟུང་བ་ནི། །ང་ཡི་དྲན་པས་རྣམ་ངེས་པར། །རྟོགས་ཞེས་འགྲོ་བ་ཐམས་ཅད་ཀྱིས། །བྱེད་པ་ཉིད་ན་རྟོགས་པ་ཉིད། །དེ་ཡང་མ་ཡིན་ཏེ། འདི་ལྟར། སྔོན་མཐོང་དྲན་ཞེས་རྟོགས་པ་ནི། །བདག་ལས་སྐྱེས་པ་ཙམ་གྱིས་ནི། །ཚད་མེད་དེ་ལྟ་ཡོད་ན་ནི། །ཀུན་འགྱུར་རྣམ་གཞག་མེད་པར་

Vol. 179 · folio 250a

འགྱུར། །གལ་ཏེ་རྒྱུ་བདག་ལས་སྐྱེས་པ་ཙམ་གྱིས་ཤེས་པ་ཚད་མ་ཡིན་ན། ཐམས་ཅད་ཚད་མར་འགྱུར་བའི་ཕྱིར། །ཐམས་ཅད་ཀྱི་ཐམས་ཅད་འགྲུབ་པར་འགྱུར་ཏེ། དེས་ན་ཆེས་འཆོལ་པར་གྱུར་ཏོ། །དེའི་ཕྱིར་གང་ཞིག་དབང་པོ་ཉམས་པ་མེད་པ་ལ་བརྟེན་ནས་

འབྱུང་བ་དེ་ཉིད་ཚད་མ་ཡིན་ནོ། །དེ་ལྟ་ཡིན་དང་གང་གིས་འདི་ནི་དྲན་པ་དང་མཚམས་སྦྱོར་བ་ལ་ཡང་ནུས་པ་ཡོད་པ་ཡིན་ནོ་ཞེས་བརྗོད་པར་བདེན་པར་འགྱུར། མིག་ལ་སོགས་པས་བསྐྱེད་པའི་ཤེས་པས་རྗེས་སུ་འབྲེལ་པ་བཅད་པ་མེད་པའི་ཕྱིར་སྔ་ཕྱི་གཅིག་ཏུ་རྟོགས་པ་བདེན་པ་ཅི་

ལྟར་འགྱུར། དྲན་པར་འགྱུར་བའི་རྟོགས་པ་མེད་པར་ནི་བདག་གིས་བདག་གམ་གཞན་རྗེས་སུ་འབྲེལ་པས་རྟོགས་པ་མ་ཡིན་ནོ། །དེས་ན་ངས་དྲན་ནོ་ཞེས་བྱ་བ་འདི་ནི་ཀུན་རྫོབ་ཙམ་ཁོ་ནའོ། །དེས་ན་ཀུན་རྫོབ་པའི་བདག་གིས་ནི་ཐམས་ཅད་འཐད་པ་ཉིད་དོ། །གཞན་ཡང་། འཁྲུལ་པ་ཉིད་

ཀྱིས་མཉན་བྱ་དང་། །སྲོག་སོགས་འདི་ནི་མཚུངས་པར་འགྱུར། །མ་ཡིན་ལྡོག་པ་ཅན་ཡིན་ཡང་། །འདི་ལ་འཁྲུལ་མེད་ཕྱིར་ཞེ་ན། །ཅི་ལྟར་སྒྲུབ་མིན་ཉིད་ལས་དེ། །ལྡོག་མིན་འོ་ན་དོན་གྱིས་དེ། །བསྒྲུབ་བྱའི་རྗེས་འཇུག་མིན་དེ་ལྟར། །བརྗོད་འགྱུར་དེ་ནི་གཞན་ལས་མཚུངས། །མཉན་

བྱ་ཉིད་དང་སྲོག་ལ་སོགས་པ་ནི་ཁྱད་པར་ཡོད་པ་མ་ཡིན་ཏེ། ལྡོག་པ་འབའ་ཞིག་པར་གཉི་ག་ཡང་མཚུངས་པའི་ཕྱིར་རོ། །དེས་ན་གཅིག་ནི་འཁྲུལ་པ་ཡིན་ལ་རང་བཞིན་ནི་མ་ཡིན་ནོ་ཞེས་བྱ་བའི་ཚུལ་འདི་ཅི་ཞིག་ཡིན། གལ་ཏེ་ལྡོག་པ་མཚུངས་པ་མ་ཡིན་ཏེ་ཡུལ་ཐ་དད་པའི་ཕྱིར་རོ། །མཉན་བྱ་

ཉིད་ནི་མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་གཉིས་ཀ་ལས་ཀྱང་ལྡོག་པ་ཡིན་ལ། སྲོག་ལ་སོགས་པ་ནི་མ་ཡིན་ཏེ། བསྒྲུབ་པར་བྱ་བ་མ་ཡིན་པ་ཁོ་ན་ལས་ལྡོག་པའི་ཕྱིར་རོ་ཞེ་ན། འོ་ན་མཉན་བྱ་ཉིད་ནི་མཐུན་པའི་ཕྱོགས་ལས་ཀྱང་ལྡོག་གོ་ཞེས་བྱ་བ་མཐུན་པའི་ཕྱོགས་ལ་རྗེས་སུ་འཇུག་

པ་མེད་པར་བསྟན་པ་ཡིན་ན། དེ་ནི་སྲོག་ལ་སོགས་པ་དང་མཚུངས་པ་ཉིད་དོ། །དེ་ཡང་མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཉིད་ནི་མ་ཡིན་ནོ། །མཐུན་པའི་ཕྱོགས་ཡོད་པ་དང་མེད་པ་ཉེ་བར་དགོད་པ་ནི་གང་དུ་དགོས། འདི་ལྟར། བསྒྲུབ་མིན་ཉིད་ལས་རྣམ་ཆད་ཅེས། །བསྒྲུབ་བྱ་གནས་པར་

Vol. 179 · folio 250b

བརྗོད་པ་ཡིན། །དེ་ཉིད་ཕྱིར་ན་དོན་གོ་བས། །གཅིག་གིས་གཉིས་ཀ་བསྟན་པར་བརྗོད། །ངེས་པར་བཟུང་བ་ངེས་པ་ཉིད་དུ་ངེས་པར་གཟུང་བས་ནི་བཟློག་པ་བསྒྲུབ་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་གལ་ཏེ་བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་ལས་རྣམ་པར་ཆད་པ་མཐུན་པའི་ཕྱོགས་ལས་ཀྱང་རྣམ་པར་ཆད་པ་

ཡིན་ན་དེའི་ཚེ་ངེས་པར་གཟུང་བ་འབྲས་བུ་མེད་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཁྱེད་ཀྱིས་ཀྱང་བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་ལས་རྣམ་པར་ཆད་པ་ཞེས་བྱ་བའི་ངག་འདི་ལས་གཅིག་གིས་ཀྱང་གཉིས་ཀ་བསྟན་པར་བྱས་པ་ཡིན་ནོ། །དེའི་ཕྱིར་རྗེས་འགྲོ་མེད་པ་ལས། །འདི་འདྲའི་མི་འཁྲུལ་འགྲུབ་

མ་ཡིན། །ངེས་པར་གཟུང་བའི་མཚན་ཉིད་རྗེས་སུ་འགྲོ་བས་ཁྱབ་པའི་མི་འཁྲུལ་པ་གང་ཡིན་པ་དེ་ཅི་ལྟར་ཁྱབ་པར་བྱེད་པ་རྗེས་སུ་འགྲོ་བ་མེད་པར་འགྱུར། ཡང་ན་བསྒྲུབ་པར་བྱ་བ་མེད་པ་ཉིད་ལ་རྣམ་པར་ཆད་པ་ཞེས་བྱ་བ་འདི་ནི་རྗེས་སུ་འགྲོ་བ་རྟོགས་པ་མེད་པར་རྟོགས་པ་མ་ཡིན་ཏེ། མི་མཐུན་

པའི་ཕྱོགས་མཐའ་དག་ནི་མཐོང་བ་མ་ཡིན་ནོ། །རྗེས་སུ་འགྲོ་བའི་སྒོ་ནས་ནི་འགྱུར་བ་ཡིན་ཏེ། བདག་ཉིད་ལ་ནི་འབྲེལ་པའི་ཕྱིར། །གཞན་ལས་ལྡོག་པར་འགྱུར་བ་ཡིན། །དེ་ལས་གཞན་ལས་ལྡོག་མིན་ན། །ཅི་ལྟར་དེ་ལ་འབྲེལ་པར་འགྱུར། །འོན་ཏེ་བསྒྲུབ་པར་བྱ་བ་ལ་ཡོད་པ་ཉིད་མ་ཡིན་ནོ་

ཞེ་ན། འོ་ན་མེད་པ་ལ་མེད་པར་འགྱུར་བས་བསྒྲུབ་པར་བྱ་བ་མ་ཡིན་པ་ཁོ་ན་ལས་ཞེས་མ་འཁྲུལ་པར་ཅི་ལྟར་འགྱུར། འདི་ལྟར། བཀག་པ་འགོག་པར་བྱེད་པ་ནི། །བསྒྲུབ་པ་ལས་གཞན་ཅི་འདྲ་ཞིག །བསྒྲུབ་པར་བྱ་བ་མེད་པ་ཉིད་ལ། མེད་དོ་ཞེས་ངེས་པར་གཟུང་བ་གང་ཡིན་པ་དེས་ནི་བསྒྲུབ་བྱ་

ལ་མེད་པ་བཀག་པ་ཡིན་ཏེ། བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་ལ་མེད་པ་ཡིན་གྱི། བསྒྲུབ་པར་བྱ་བ་ལ་ནི་མེད་པ་མ་ཡིན་ནོ་ཞེས་དགག་པ་འགོག་པས་སྒྲུབ་པ་ཉིད་བསྒྲུབ་པར་འགྱུར་རོ། །ཅི་སྟེ། བསྒྲུབ་བྱ་མེད་ལས་ལྡོག་མེད་པ། །དེས་ན་སྒྲུབ་མིན་ཉིད་ལས་མེད། །མེད་ཅེས་ལྡོག་པ་དེ་ཉིད་ནི། །

ཅི་ལྟར་མེད་ལས་ལྡོག་པར་འདོད། །ཅི་སྟེ་སྲོག་ལ་སོགས་པའི་གཏན་ཚིགས་ལ་མཐུན་པའི་ཕྱོགས་མེད་པའི་ཕྱིར་དེ་ལས་ལྡོག་པ་མ་ཡིན་ནོ། །མེད་པ་ལས་ནི་ལྡོག་པར་ནུས་པ་མ་ཡིན་ཏེ་འབྱུང་ཁུངས་ཉིད་མེད་པའི་ཕྱིར་རོ། །གང་ལས་ལྡོག་པར་རྟོགས་པར་འགྱུར་བ་མེད་པ་ཞེས་བྱ་བ་ནི་འགའ་

Vol. 179 · folio 251a

ཡང་ཡོད་པ་མ་ཡིན་ནོ་ཞེ་ན། གལ་ཏེ་མེད་པ་ལས་མི་ལྡོག་ན་ལྡོག་པའི་ལྡོག་པར་ཇི་ལྟར་འགྱུར། དེ་ཡང་མེད་དོ་ཞེ་ན། གལ་ཏེ་ལྡོག་པའི་ལྡོག་པ་འགོག་ན་ལྡོག་པའི་ལྡོག་པ་ལས་ལྡོག་པར་ཅི་ལྟར་ལྡོག་ཅེས་ཐུག་པ་མེད་པའི་ཕྱིར་རྟོགས་པ་མེད་དོ། །བཀག་པ་དང་ལྡོག་

པ་ཞེས་བྱ་བ་ནི་དོན་གཅིག་ཉིད་དོ། །ལྡོག་པའི་གཞིར་གྱུར་པ་གང་ཡིན་པ་དེ་ཉིད་ལྡོག་པའི་འབྱུང་ཁུངས་ཡིན་ནོ། །གལ་ཏེ་གང་དང་ལྡན་པ་ཡོད་པ་དེ་བྲལ་བའི་འབྱུང་ཁུངས་མ་ཡིན་ནམ། དངོས་པོ་མེད་པ་དང་ནི་ལྡོག་པ་ཡོད་པ་མ་ཡིན་ནོ་ཞེ་ན། གང་དང་ལྡན་པ་མི་སྲིད་པ་དེ་ཆོས་ཤིན་ཏུ་འབྱུང་

གནས་ཉིད་ཅི་སྟེ་མ་ཡིན། བྲལ་བ་ཙམ་འབྱུང་ཁུངས་ཡིན་གྱི་ལྡན་པར་ཡང་གྱུར་པ་ནི་མ་ཡིན་ནོ། །དེ་ལྟར་མ་ཡིན་ན་ནི་ལྡོག་པ་ཡོད་པ་ཉིད་ལས་ལྡོག་པ་ཡོད་པ་ཞེས་བྱ་བ་འདི་ཅི་ལྟར་ཡིན། གལ་ཏེ་དེར་ནི་བློ་ཡོད་ན། །འདིར་ཡང་ཅི་སྟེ་འདོད་མ་ཡིན། །མེད་པ་ཤིན་ཏུ་གསལ་བ་ཉིད། །དེ་ཡི་

གནས་སུ་རྟོགས་པ་ཡིན། །གང་ནམ་ཡང་དེ་མི་སྲིད་པ་དེ་ནི་དེའི་འབྱུང་ཁུངས་ཡིན་པར་ཤིན་ཏུ་ཡང་ཆེར་རིགས་སོ། །ལྡོག་པ་མེད་པ་སྒྲུབ་པ་ཡིན། །དངོས་པོ་མེད་ནའང་ཡོད་མིན་ལ། །དངོས་པོ་མེད་པ་ཡོད་མིན་ཞེས། །བླུན་པོ་ཡི་ནི་སྤྱོད་ལ་ལྟོས། །མེད་པ་ལ་དངོས་པོ་མེད་དོ་ཞེས་ལྡོག་

པ་མེད་པ་མེད་པ་ནི་སྒྲུབ་པ་ཉིད་ཡིན་པས། དངོས་པོ་ཡོད་པའི་མཚན་ཉིད་དེ་ནི་མེད་པ་ལ་ཡང་ཡོད་པ་ཡིན་ནོ། །དངོས་པོ་མེད་པ་ནི་མེད་པ་ལ་འཐད་པའི་རང་བཞིན་ཡང་མེད་ལ། བཟློག་ཀྱང་ཅིག་ཤོས་ནི་ཡིན་ནོ་ཞེས་བྱ་བ་བླུན་པོའི་སྤྱོད་པ་ལས་གཞན་ཅི་ཞིག་ཡིན། འདི་ལྟར། སྒྲུབ་པ་དང་ནི་

དགག་པ་དག །ཕན་ཚུན་སྤངས་ཏེ་གནས་པ་ན། །རྣམ་གཞན་སྲིད་པ་མ་ཡིན་ཕྱིར། །གཉི་ག་མེད་ཅེས་རིགས་མ་ཡིན། །དངོས་པོ་ཡོད་པ་མ་ཡིན་ན་གོར་མ་ཆག་པར་མེད་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ཉིད་ནི་ལྡོག་པར་ཡང་ཐ་སྙད་བྱེད་དེ། དེ་ལ་མེད་པ་ནི་དེ་ལས་མི་ལྡོག་པ་མ་ཡིན་ནོ། །

མེད་པ་ཉིད་ཀྱང་དེ་ལ་མེད་པ་ཁོ་ན་སྟེ། གཞི་ཉིད་དང་མི་ལྡན་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཡོད་པ་ཉིད་མེད་པ་ཁོ་ན་དེ་ལ་མེད་པ་ཡིན་ནོ། །དེ་ཡང་མེད་དོ་ཞེ་ན། མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་ནི་ཕན་ཚུན་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་གཉི་ག་ཡང་དགག་པར་ཅི་ལྟར་

Vol. 179 · folio 251b

འགྱུར། དངོས་པོ་ནི་གདོན་མི་ཟ་བར་དངོས་པོ་མེད་པ་རྣམ་པར་གཅད་པས་དེ་ཉིད་ཐོབ་པ་ཡིན་ཏེ། དངོས་པོ་མེད་ན་དངོས་པོར་མི་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་དངོས་པོ་མེད་པར་མེད་པ་ལས་ལྡོག་པ་དེའི་ཕྱིར་དེ་ལྡོག་པ་ལ་གདོན་མི་ཟ་བར་འགྱུར་རོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་དངོས་པོ་

མེད་པ་ལོག་ཀྱང་མི་འགྱུར་ན་ནི་མེད་པ་ཁོ་ནར་འགྱུར་རོ། །འདི་ལྟར། གལ་ཏེ་དངོས་པོ་ཡོད་མིན་པ། །དངོས་མེད་ཉིད་དུ་རྟོགས་པར་འགྱུར། །སྟོན་ཏེ་དངོས་མེད་མེད་ན་ནི། །དེས་ན་དངོས་པོ་རྟོགས་པར་འགྱུར། །དེ་ཡང་མེད་ན་དགག་པ་འདི། །མི་དམིགས་པས་ན་མེད་ཕྱིར་རོ། །གཉི་

ག་མེད་ན་དངོས་པོ་ནི། །ཡོད་པ་བཟློག་པ་མེད་པ་ཉིད། །གལ་ཏེ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡང་མེད་པ་ཡིན་ན། དེ་ལྟ་ན་ཡང་དངོས་པོའི་མེད་པ་ཉིད་བཟློག་ཏུ་མེད་པ་ཁོ་ནའོ། །གལ་ཏེ་དངོས་པོ་ཡོད་པ་མ་ཡིན་ན། དེ་ལྟ་ན་དངོས་པོ་མེད་པར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་ནི་

དངོས་པོ་མེད་པ་ཡང་མེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་དངོས་པོ་མེད་པ་མ་ཡིན་ལ་དངོས་པོར་ཡང་མ་གྱུར་ན། དེ་ཉིད་དངོས་པོ་མེད་པར་རྟོགས་པ་ཡིན་ནོ། །དེའི་ཕྱིར་དགག་པ་འཇུག་པ་ཉིད་དེས་དབེན་པར་དམིགས་པའི་མཚན་ཉིད་ཀྱི་མངོན་སུམ་གྱིས་སྒྲུབ་པ་ལས་ཕྱི་རོལ་དུ་རྣམ་པར་འཇོག་པ་ཡིན་

ནོ། །དེའི་ཕྱིར་ཚད་མ་གཅིག་འཇུག་པ་ཉིད་ཀྱིས་རྣམ་པ་གཞན་ལ་རྣམ་པ་གཞན་གྱི་ངོ་བོར་འཇོག་པ་ཡིན་ཏེ། རྣམ་པ་གཞན་ནི་ཡོད་པ་མ་ཡིན་ནོ། །གང་ཞིག་མངོན་སུམ་དེར་མ་ཆུག་པ་དེ་ཐམས་ཅད་ནི་གཞན་ཁོ་ནའོ། །དངོས་པོའི་རང་བཞིན་འཛིན་པའི་མངོན་སུམ་གྱིས་ཀྱང་དེ་ལ་གང་ཞིག་དེའི་རང་

བཞིན་དུ་རྣམ་པར་མ་བཅད་པ་དེ་ནི་དེའི་རང་བཞིན་དུ་མེད་པ་ཡིན་ཏེ། རྣམ་པ་གཞན་ནི་ཡོད་པ་མ་ཡིན་ནོ། །དངོས་པོ་མེད་པ་ཡོད་པ་ཡོངས་སུ་གཅོད་པ་ན་ཡང་གང་ཞིག་དེ་ལྟར་རྣམ་པར་མ་བཅད་པ་དེ་དངོས་པོ་ཉིད་ཡིན་པའི་ཕྱིར་རྣམ་པ་གཞན་ལ་སྲིད། གལ་ཏེ་རྣམ་པ་གཞན་མེད་མོད་དངོས་པོའམ་

དངོས་པོ་མེད་པ་དེ་ནི་མེད་པ་ལ་མེད་དོ་ཞེས་གཞི་དང་བཅས་པས་གཅོད་པར་ནུས་པ་མ་ཡིན་ཏེ། དེ་ཉིད་བཅད་པ་མེད་པའི་ཕྱིར་རོ། །མེད་པ་ནི་གཅད་པར་ནུས་པ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ་འདི་ལྟར། གལ་ཏེ་དེ་ལ་ལྡོག་མེད་ན། །གཏན་ཚིགས་འཇུག་པར་འདོད་དམ་ཅི། །དེ་ཡང་མིན་ན་ལྡོག་

Vol. 179 · folio 252a

བཀག་ནི། །འདི་ཉིད་ཡིན་ན་ཅི་སྟེ་འགོག །རེ་ཞིག་ཁྱེད་ལ་འདི་ཙམ་ཞིག་དྲི་སྟེ། གལ་ཏེ་མཐུན་པའི་ཕྱོགས་མེད་པ་དེ་ལས་མི་ལྡོག་ན་ཅིག་འཇུག་པར་འགྱུར་རམ་རྣམ་པ་གཞན་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དངོས་པོ་མེད་པའི་རང་བཞིན་ཅན་གྱི་ལྡོག་པར་མི་

འགྱུར་བ་ཡིན་ཏེ། གལ་ཏེ་འཇུག་པའི་རང་བཞིན་གྱི་དངོས་པོར་འགྱུར་ནའོ། །དེ་ཡང་མ་ཡིན་ནོ་ཞེ་ན། འོ་ན་ལྡོག་པ་ལྡོག་པ་མ་ཡིན་ཏེ། གང་གི་ཕྱིར་ཁྱོད་ཀྱིས་བསྒྲུབ་པའི་ལྡོག་པ་བཀག་པ་ནི་འདི་ཉིད་ཡིན་ན། དེའི་ཕྱིར་ཅི་སྟེ་འགོག་པར་བྱེད་པ། བསྒྲུབ་པ་ནི་དེ་ཉིད་ཀྱི་ཚེ་དགག་པར་རིགས་པ་

མ་ཡིན་ནོ། །དེའི་ཕྱིར་འཇུག་པ་བཀག་པ་ཉིད་ལྡོག་པ་ཡིན་པས། དེ་བཀག་པ་མ་ཡིན་ནོ། །འོན་ཏེ་དེ་ནི་འབྱུང་ཁུངས་སམ་གནས་ཉིད་དུ་རྟོགས་པ་མ་ཡིན་པའི་ཕྱིར་དེ་ལས་ལྡོག་པ་མ་ཡིན་པར་བརྗོད་ན། འདིར་བརྗོད་པ། སྒྲུབ་དང་དགག་པ་མ་རྟོགས་པར། །སྒྲ་ལས་བྱུང་བའི་ཐ་སྙད་

གཞན། །ཡོད་མིན་དེ་ཡང་མེད་པ་ལ། །མེད་ཕྱིར་འདི་ནི་མི་སྨྲ་ཐོབ། །གལ་ཏེ་ཁྱེད་ལ་འགའ་ཞིག་བརྒལ་ཞིང་བརྟག་པར་བྱེད་དེ། སྲོག་ལ་སོགས་པ་མཐུན་པའི་ཕྱོགས་ལ་མ་མཐོང་བ་མ་ཡིན་ནམ། དེས་ན་དེ་ལས་ལྡོག་པ་ལས་ཐུན་མོང་མ་ཡིན་པའི་ཇི་ལྟར་གོ་བར་བྱེད་པ་མ་ཡིན་དེ་ལྟ་བུ་ཉིད་

ཀྱང་ཡིན་ན་མཉན་བྱ་ཉིད་ཀྱང་གོ་བྱེད་དུ་འགྱུར་རོ་ཞེས་སོ། །དེས་ན་གདོན་མི་ཟ་བར་མཐུན་པའི་ཕྱོགས་མེད་པ་ལྡོག་པ་མེད་དོ་ཞེས་བརྗོད་པར་བྱ་དགོས། དེ་ལྟར་མ་ཡིན་ན་འདིར་མི་སྨྲ་བ་ཉིད་ཐོབ་པར་འགྱུར་རོ། །ཅི་སྟེ་ཡང་དེ་བཞིན་ཁོ་ནར་འགྱུར་ལ་དྲག་མོད་ཅེས་བྱ་བར་འགྱུར་ན། མ་ཡིན་ཏེ། རང་

ཉིད་ཀྱང་རྣམ་པ་འགའ་ཞིག་ལྟར་གཅོད་པ་སྲིད་པའི་ཕྱིར་རོ། །ཚིག་ནི་བཟློག་པར་ནུས་ཀྱི། བློ་ནི་མ་ཡིན་ཏེ་གདོན་མི་ཟ་བར་ཅི་ཞིག་ལྟར་རྟོགས་པར་འགྱུར་རོ། །གཞན་ཡང་གལ་ཏེ་དངོས་པོ་མེད་པ་ནམ་ཡང་བདག་ཉིད་ཐམས་ཅད་ཀྱི་གཉིས་ཉིད་དམ་འབྱུང་བ་ཉིད་དུ་རྟོགས་པར་ནུས་པ་མ་ཡིན་དེ་

ཁོ་ན་ཡིན་ན་ཐ་སྙད་ཆད་པར་འགྱུར་རོ། །འདི་ལྟར། ཡོད་པ་རྣམས་ལ་དགག་པ་མེད། །དེ་ནི་མེད་ལའང་ཡོད་མ་ཡིན། །རིགས་པ་འདི་ཡི་འགྲོ་བ་ལ། །དགག་པའི་དོན་ནི་མེད་པར་འགྱུར། །དགག་པའི་དོན་ནི་མེད་པ་ཉིད་དོ། །དེས་ན་མེད་པ་མི་རྟོགས་པ་ནི་ཅི་ལྟར་དེ་སྦྱོར། འདི་ལྟར། བརྗོད་བྱ་

Vol. 179 · folio 252b

བློ་ལ་གནས་པ་ཡིས། །དེ་ཉིད་རྟོགས་པར་བྱ་བའི་ཕྱིར། །རྗོད་པར་བྱེད་པའི་སྦྱོར་འགྱུར་ལ། །མེད་པ་དེ་གཉིས་ཡོད་མ་ཡིན།། །།བམ་པོ་བཅུ་གསུམ་པ། གལ་ཏེ་མེད་པ་ཙམ་ཡུལ་དུ་བྱེད་ན་དགག་པ་དོན་མེད་པ་ཉིད་དོ། །ཡུལ་རྟོགས་པ་ལ་དགག་པ་སྦྱོར་བའི་ཕྱིར་རོ། །སྦྱར་ན་ཡང་

དགོས་པ་མེད་དོ། །འོ་ན་གང་ཞིག་མེད་པ་དེ་ཡུལ་དུ་བྱ་བ་ཡིན་ན། དེ་ལྟར་ཡིན་ན་རྟོགས་བཞིན་པ་ཉིད་མེད་པར་ཅི་ལྟར་འགྱུར། འོ་ན་རྟོགས་པ་ནི་རྣམ་པ་གཞན་དུ་ཡིན་ལ། མེད་པ་ཡང་རྣམ་པ་གཞན་དུ་ཡིན་ནོ། །འདི་ལྟར་ཡོད་པ་ཉིད་ཡུལ་ལ་སོགས་པ་དང་ལྡན་པ་འགའ་ཞིག་གིས་དགག་པར་

བྱ་བ་ཡིན་ནོ་ཞེ་ན། འདི་ལ་བཤད་པ། གལ་ཏེ་ཡུལ་དུས་འགོག་ཅེ་ན། །ཅི་ལྟར་དེ་ཡོད་དེ་ལྟར་ནི། །མི་འགོག་ཅི་ལྟར་དེ་མེད་པ། །དེ་ལྟར་ཡང་ནི་འགོག་མི་འགྱུར། །ད་ལྟར་འདི་ན་རང་བཞིན་འདི་ལྟར་མེད་དོ་ཞེས་བྱ་བ་ཡང་། དགག་པར་ནུས་པ་མ་ཡིན་པ་ཉིད་དོ། །འདི་ལྟར་རང་བཞིན་གང་དང་

ཡུལ་གང་དང་། དུས་གང་ཡིན་པ་དེ། གལ་ཏེ་ཡོད་ན་ཅི་ལྟར་འགོག །འོན་ཏེ་མེད་ན་བློས་ཡུལ་དུ་བྱེད་པར་སྲིད་པ་མ་ཡིན་ཏེ་མེད་པ་གཅད་པར་མི་ནུས་པའི་ཕྱིར་རོ། །ཅི་སྟེ་ཡུལ་དུ་བྱེད་ན་དེ་ལྟར་ཡིན་ན་གཞི་ལ་སོགས་པ་ཡང་ཡུལ་དུ་བྱེད་པར་འགྱུར་རོ། །དེ་ལྟ་མ་ཡིན་པར་ཡུལ་དུ་བྱ་མི་ནུས་པའི་

ཕྱིར་རོ། །གདོན་མི་ཟ་བར་བྱེད་པའི་ངོ་བོར་ཡོངས་སུ་གཅོད་པ་ཡིན་ཏེ། གཞན་དུ་སྲིད་པ་མེད་པའི་ཕྱིར་རོ། །གལ་ཏེ་ཡུལ་འདི་ན་མེད་དོ་ཞེས་གཞིའི་རང་བཞིན་ཡུལ་དུ་བྱས་པ་ཡིན་ན་མེད་པར་ཅི་ལྟར་འགྱུར། མེད་ན་ཅི་ལྟར་ཡུལ་དུ་བྱེད། །འོན་ཏེ་དགག་པར་བྱ་བ་སྒྲོ་བཏགས་ནས་འགོག་པར་བྱེད་ན།

དེ་ལྟར་ཡིན་ན་མཐུན་པའི་ཕྱོགས་ཀྱང་སྒྲོར་བཏགས་ནས་མཐུན་པའི་ཕྱོགས་ལས་ལྡོག་པ་ཡོད་པ་ཡིན་པའི་ཕྱིར་ཅི་ལྟར་མཐུན་པའི་ཕྱོགས་ལས་མི་ལྡོག །དེས་ན་ཕྱི་རོལ་ལ་དོན་བརྟན་པའི་བསྒྲུབ་པ་དང་དགག་པ་ནི་ཐ་སྙད་མི་སྲིད་པ་དེའི་ཕྱིར་ཐ་སྙད་ཆད་པར་འགྱུར་རོ། །གལ་ཏེ་སྒྲུབ་པའི་ཐ་སྙད་

སྲིད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཡུལ་དུ་བྱ་བ་ལ་སྒྲུབ་པ་མེད་པའི་ཕྱིར་རོ། །བུམ་པ་ཡོད་ཅེས་བྱ་བ་གལ་ཏེ་ཡོད་པར་བཟུང་ན་དེ་ཉིད་སྒྲུབ་པ་ཡིན་པས་ཡང་ཡོད་དོ་ཞེས་སྒྲུབ་པས་ཅི་ཞིག་བྱ། འོན་ཏེ་མེད་པར་ཡིན་ན་དེས་ན་འགལ་བའི་ཕྱིར་མེད་པ་ནི་ཡོད་དོ་ཞེས་སྒྲུབ་པར་མི་ནུས་སོ། །གལ་ཏེ་ཡོད་

Vol. 179 · folio 253a

པར་བཅད་ན་ནི། །དེ་ལ་སྒྲུབ་པ་དོན་མེད་ཡིན། །མེད་པར་ཡོངས་སུ་བཅད་ཕྱིར་ན། །སྒྲུབ་པ་གཞན་དུ་ནུས་མ་ཡིན། །དེ་ཕྱིར་དངོས་དངོས་མེད་རྟེན་པ། །ཕྱི་རོལ་རྟེན་མིན་སྒྲ་དོན་ལ། །བརྟེན་ནས་འདིར་ནི་སྒྲུབ་པ་དང་། །དགག་པ་ཐམས་ཅད་འདོད་པ་ཡིན། །ཚད་མའི་

དོན་ཡང་གཞན་ཡིན་ལ། །སྒྲ་ཡི་དོན་ཡང་གཞན་ཡིན་ནོ། །སྒྲའི་དོན་ནི་ཡོད་པ་དང་དངོས་པོ་མེད་པའི་རྟེན་ཡིན་གྱི། ཚད་མའི་དོན་ནི་དེ་ལྟ་མ་ཡིན་ནོ། །ཚད་མའི་དོན་ནི་དངོས་པོ་མེད་པའི་རྟེན་མ་ཡིན་ནོ། །ཚད་མའི་དོན་ནི་རྣམ་པ་གཞན་དུ་སྲིད་པ་མ་ཡིན་ཏེ། རང་བཞིན་ངེས་པར་གཟུང་བའི་ཕྱིར་

རོ། །སྒྲ་ལས་ཞིག་ལ་བློ་ཅི་འདྲ། །མ་ཞིག་པ་ལའང་དེ་འདྲ་ཉིད། །དེས་ན་དངོས་དངོས་མེད་རྟེན་ནི། །སྒྲ་དོན་ཚད་མའི་དེ་ལྟ་མིན། །དེས་ན་སྒྲུབ་པ་དང་དགག་པ་དག་གི་ཡུལ་ནི་རྣམ་པར་རྟོག་པ་ཅན་གྱི་བློས་བརྟགས་པ་ཡིན་ཏེ། རྣམ་པར་རྟོག་པ་རྣམས་ནི་དངོས་པོ་ལ་འཇུག་པར་མ་ངེས་པའི་ཕྱིར་རོ། །

རྣམ་པར་རྟོག་པ་མེད་པ་ཡང་ཐམས་ཅད་ནི་ཚད་མ་མ་ཡིན་ནོ། །གལ་ཏེ་ཚད་མ་མ་ཡིན་པ་སྒྲུབ་པའི་ཚུལ་དུ་ཞུགས་ན། དེས་ན་དེ་ཚད་མ་མ་ཡིན་པར་བསྟན་པའི་ཕྱིར་དགག་པར་བྱེད་ལ། དགག་པའི་ཚུལ་གྱིས་ཞུགས་ན་ནི་སྒྲུབ་པར་བྱེད་དོ། །གལ་ཏེ་འདི་རྟོགས་པ་འཁྲུལ་པ་ཉིད་ཡིན་པ་དེའི་ཚེ་

བདག་ཉིད་དེ་ལྟ་བུ་ཉིད་དུ་གསལ་བར་འགྱུར་ཏེ། རང་རིག་པ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །རང་གི་ངོ་བོ་ནི་གཞན་དུ་མཐོང་བར་ནུས་པ་མ་ཡིན་ཏེ། རང་གི་ངོ་བོ་ལས་ཉམས་པར་ཐལ་བའི་ཕྱིར་རོ། །རྣམ་པ་གཞན་དུ་སྣང་ན་དེ་ཉིད་ཀྱང་རང་གི་ངོ་བོ་ཡིན་པས་དེར་ཡང་དེ་ལྟར་འགྱུར་བའི་ཕྱིར་ཐུག་པ་

མེད་པར་འགྱུར་རོ། །རང་གི་ངོ་བོར་ཡོད་ན་ནི་དངོས་པོའི་ཉེ་བར་ལེན་པ་ཅན་ཉིད་འགོག་པ་ཡིན་ནོ། །ཆོས་ཅན་དེ་ཡང་རང་གི་ངོ་བོས་རྟོགས་པས་ན་གང་གིས་དེ་གཉིས་དང་འབྲེལ་པར་འགྱུར་བ་ཅི་ལྟར་སྒྲུབ་པ་དང་དགག་པ་ཐུན་མོང་བ་ཡིན་ནོ་ཞེ་ན། འདིར་བརྗོད་པ། དེ་འདྲ་མེད་ནའང་ཆོས་ཅན་དེ། །དེ་དག་

དང་ནི་འབྲེལ་པར་སྣང་། །དེ་ཡང་སྒྲ་འཇུག་པ་ཉིད་ལས། །ཡོད་ཅེས་ཐ་སྙད་རྟེན་པར་འདོད། །ཐ་སྙད་འདི་ཕྱི་རོལ་དང་ནང་གི་རང་བཞིན་ཉིད་ལ་བརྟེན་པ་ནི་མ་ཡིན་གྱི། འོན་ཀྱང་སྒྲའི་དོན་ལ་བརྟེན་པ་ཡིན་ནོ། །སྒྲས་ནི་ཕྱི་དང་ནང་གི་རང་གི་ངོ་བོ་རྟོགས་པ་མ་ཡིན་ནོ། །གལ་ཏེ་དེ་ལས་མ་རྟོགས་པ་

Vol. 179 · folio 253b

གཞན་མེད་པའི་ཕྱིར་སྒྲུབ་པ་དང་དགག་པ་དག་ཐ་སྙད་ཇི་ལྟར་རྟེན་ཞེ་ན། གཞན་སེལ་བ་ལ་བརྟེན་ནོ་ཞེས་བརྗོད་དོ། །གཞན་སེལ་བ་ལ་བརྟེན་ནོ་ཞེས་བྱ་བ་འདི་ཅི་ཞིག །སྒྲ་ལ་རྟོགས་པ་གང་ཡིན་ནའོ། །རྟོགས་པ་དེ་གང་ཡིན་ཞེས་བྱ་བ་དེ་ཉིད་དེ་ལྟར་བརྗོད་པ་མ་ཡིན་ནམ། ཅུང་ཟད་ཀྱང་མ་

ཡིན་ནོ། །དེ་ལྟ་ན་ཡང་ཐ་སྙད་འདི་ནི་ཐོག་མ་མེད་པའི་ཀུན་དུ་རྨོངས་པ་བསྐྱེད་པ་ཡིན་ནོ། །འདི་ལྟར་རྣམ་པར་དཔྱད་ན་ཕྱི་རོལ་ལམ་ནང་འདྲ་བ་ཡོད་པ་མ་ཡིན་ནའང་སྒྲའི་དོན་གྱི་མཚན་ཉིད་ཀྱི་ཆོས་ཅན་དེ་སྒྲུབ་པ་དང་དགག་པ་དག་དང་འབྲེལ་པ་ལྟ་བུར་མངོན་པ་ཡིན་ནོ། །དེ་སྐད་དུ་ཡང་

འདི་ལ་དངོས་པོ་ཅུང་ཟད་མེད་ཅེས་བཤད་པ་ཡིན་ནོ། །གལ་ཏེ་དེ་ལ་ཕྱི་རོལ་གྱི་རང་བཞིན་དུ་སྒྲོ་བཏགས་པ་ཉིད་ཀྱི་རང་བཞིན་ཡོད་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ཤེས་པ་དང་ཤེས་བྱ་མ་རྟོགས་པ་གཞན་མི་སྲིད་པའི་ཕྱིར་རོ། །འཁྲུལ་པའི་རང་བཞིན་ཡོད་དོ་ཞེ་ན། དེ་ཡང་གལ་ཏེ་རང་གི་

ངོ་བོས་རྟོགས་ན་ཅི་ལྟར་འཁྲུལ། འོན་ཏེ་མ་རྟོགས་ན་ཅི་ལྟར་ཡུལ་ཡིན། མ་རྟོགས་པར་ནི་ཡོད་དོ་ཞེས་ལྷག་པར་ངེས་ནུས་པ་མ་ཡིན་ནོ། །ཕྱིས་འཁྲུལ་པར་ཤེས་སོ་ཞེ་ན། འོ་ན་དང་པོར་རང་གི་ངོ་བོར་མ་རྟོགས་པས་ཇི་ལྟར་ཡོད་དོ་ཞེས་བྱ་བར་རྣམ་པར་གཞག་པའི་ཡུལ་ཡིན། གཞན་གྱི་རང་

གི་ངོ་བོས་རྟོགས་ན་ནི་རྟོགས་པ་གཞན་འཁྲུལ་གྱི་དེ་ཉིད་ནི་མ་ཡིན་པས་ན་ཐུག་པ་མེད་དོ། །འོན་ཏེ་དེ་མི་བདེན་པ་ཉིད་དུ་ངེས་པས་ན་འཁྲུལ་པར་བརྗོད་དོ་ཞེ་ན། དེ་ནི་མི་བདེན་པ་གང་ཡིན། དོན་ལ་མ་རེག་པ་ཉིད་དོ། །དེ་ཉིད་དེའི་རང་བཞིན་མ་ཡིན་ནམ་ཅི་ལྟར་མི་བདེན་པ་ཉིད་ཡིན་རང་གི་རང་བཞིན་ལ་

གནས་པ་ཉིད་ནི་མི་བདེན་པར་འགྱུར་བ་མ་ཡིན་ནོ། །རྣམ་པ་གཞན་དུ་ངེས་པ་བསྐྱེད་པའི་ཕྱིར་མི་བདེན་པ་ཡིན་ནོ་ཞེ་ན། འོ་ན་ངེས་པ་ཉིད་མི་བདེན་པར་འགྱུར་རོ། །དེས་དེ་བསྐྱེད་པའི་ཕྱིར། དེ་ཡང་མི་བདེན་པ་ཁོ་ནའོ་ཞེ་ན། མ་ཡིན་ཏེ། བག་ཆགས་ཀྱི་ངེས་པར་རྣམ་པ་གཞན་དུ་བསྐྱེད་པའི་ཕྱིར་

རོ། །དེ་ལྟ་ཡིན་ན་ངེས་པར་འཁྲུལ་པ་ཉིད་དོ་ཞེས་བྱ་བ་ཡང་མ་འབྲེལ་པ་ཡིན་ཏེ། དེ་ཡང་རང་གི་རང་བཞིན་ལ་གནས་པའི་ཕྱིར་རོ། །དེའི་ཕྱིར་སྒྲའི་དོན་ནི་རང་བཞིན་མེད་པ་ཉིད་དོ། །འོ་ན་ཇི་ལྟར་ཡོད་ཅེས་ཐ་སྙད་དུ་བྱེད་ཅེ་ན། སྒྲ་འཇུག་པའི་ཕྱིར་ཡོད་དོ་ཞེས་ཐ་སྙད་འདོགས་སོ། །སྒྲ་འཇུག་པའི་

Vol. 179 · folio 254a

མཚན་ཉིད་ཀྱི་ཐ་སྙད་ལས་ཡོད་དོ་ཞེས་རྟོགས་པར་འགྱུར་རོ། །གཞན་སེལ་བ་ཞེས་བྱ་བ་ནི་སྤྱི་ལ་སོགས་པར་འཛིན་པར་བཟློག་པའི་དོན་དུ་མི་རྟོགས་པར་བྱེད་པ་ཡིན་ནོ། །གལ་ཏེ་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བརྗོད་ན་ནི་གཞན་དག་སྐྲག་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་

དེ་ཡང་ཐ་སྙད་རྟེན་པར་འདོད་ཅེས་སྨོས་སོ། །དེ་ལྟ་མ་ཡིན་ན་ནི་ཐ་སྙད་ཆད་པར་འགྱུར་རོ་ཞེས་ཏེ། གཞན་དག་སྤོང་བར་འགྱུར་རོ། །འདི་ལྟར། སྒྲ་ལས་གཞན་ནི་རྣམ་གཅོད་འདིར། །རྟོགས་པ་རྣམས་ཀྱི་ཕན་ཚུན་གྱི། །རྒྱུ་དང་འབྲས་བུ་ཉིད་ཀྱིས་ནི། །དངོས་པོ་འབའ་ཞིག་ཡོད་པ་ཡིན། །མེ་

འོན་ཅིག་ཅེས་བརྗོད་པ་ན་མེ་མ་རྟོགས་ཀྱང་མེ་མ་ཡིན་པ་སྤངས་ནས་འཇུག་གོ། །སྒྲ་ལས་ནི་དངོས་པོ་ལ་མ་རེག་པའི་རྣམ་པར་རྟོག་པ་རང་གི་ངོ་བོ་རྟོགས་པ་སྐྱེ་བ་ལ་བརྟེན་པ་ཡིན་ལ། དེ་ལས་ནི་འཇུག་པའི་རྣམ་པར་རྟོག་པ་དེ་ལས་ནི་འགྲོ་བའི་རང་བཞིན་ཉམས་སུ་མྱོང་བ་དེ་ལས་ནི་ཐོབ་པའམ་

དེ་ལྟར་མ་ཡིན་པ་ཞེས་བྱ་བའི་ཐ་སྙད་དུ་འགྱུར་གྱི། བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཞེས་བྱ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་མིན་ན་དོན་རྣམས་ཀྱི་ཆོས་གཅིག་བསྒྲུབས་སམ་བཀག་པ་ན། བདག་ཉིད་ཐམས་ཅད་བསྒྲུབས་པ་དང་། །བཀག་འགྱུར་བདག་ཐ་དད་མེད་ཕྱིར། །ཐ་དད་

ཡིན་ན་གཞན་དང་གཞན། །བཀག་པ་དང་ནི་བསྒྲུབ་པ་ཡིན། །བསྒྲུབ་པ་དང་ནི་དགག་པ་དག །ཆོས་ཅན་གཅིག་ལ་འདུ་མི་འགྱུར། །གལ་ཏེ་ཆོས་རྣམས་ཆོས་ཅན་ལས་ཐ་མི་དད་པ་ཡིན་པ་དེའི་ཚེ་ཆོས་གཅིག་བསྒྲུབ་པའམ། འགོག་པ་ནི་ཐམས་ཅད་བསྒྲུབ་པའམ་བཀག་པར་འགྱུར་རོ། །

དེ་བསྒྲུབས་པ་ན་དེའི་བདག་ཉིད་མ་བསྒྲུབས་པ་ཞེས་བྱ་བ་ནི་མ་ཡིན་ཏེ། དེ་ཡང་མ་བསྒྲུབས་པར་ཐལ་བའི་ཕྱིར་རོ། །དགག་པ་ཡང་དེ་བཞིན་ནོ། །དུམ་བུར་བསྒྲུབ་པ་དང་འགོག་པ་ནི་མ་ཡིན་ཏེ། ཐ་དད་མེད་པས་དུམ་བུ་ཉིད་མེད་པའི་ཕྱིར་རོ། །སྒྲ་དེས་དེ་བསྒྲུབས་པས་ན་དེའི་བདག་ཉིད་མ་

བསྒྲུབས་པར་ནི་མི་འཐད་དོ། །ད་བསྒྲུབས་པ་ཉིད་ཡིན་མོད་ཀྱི་འཁྲུལ་པས་མ་ངེས་པ་ཡིན་ནོ་ཞེ་ན། འོ་ན་ཐམས་ཅད་མ་ངེས་པར་འགྱུར་བའི་ཕྱིར་རྟོགས་པ་མེད་པར་འགྱུར་རོ། །ཅུང་ཟད་ཅིག་ནི་ངེས་ལ་ཅུང་ཟད་ཅིག་ནི་མ་ངེས་པ་ཡིན་ནོ་ཞེས་གཞུང་གཟུགས་པར་ནུས་པ་ཡང་མ་ཡིན་ཏེ། རྣམ་པར་དབྱེ་བ་

Vol. 179 · folio 254b

མེད་པའི་ཕྱིར་རོ། །རྣམ་པར་དབྱེ་བ་ཡོད་ན་དེ་ལྟར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དམིགས་པ་ཉིད་ཡོད་པར་བརྗོད་པ་ཡིན་ཏེ། དེ་རྣམ་པར་དབྱེ་བས་ནི་ཡོད་པར་རྣམ་པར་དབྱེ་བར་འགྱུར་བ་ཡིན་ནོ། །དེས་ན་ཅི་ལྟར་གཅིག་ཉིད་ལ་ཅུང་ཞིག་ནི་ངེས་པར་འགྱུར་ལ་གཞན་ནི་མ་ཡིན་ཏེ།

དེས་ན་འདི་ནི་གྱི་ནའོ། །གལ་ཏེ་སྐད་ཅིག་མ་ཉིད་ངེས་ཀྱང་སྔོན་པོ་དེས་མ་ཡིན་ནམ་མཐོང་བ་ནི་མི་འཐད་པ་ཞེས་བྱ་བ་མ་ཡིན་ནོ་ཞེ་ན་དེ་ལ་ཡང་འགལ་བའི་ཕྱིར་རོ། །འདི་ལྟར། ངེས་པས་གལ་ཏེ་དེ་ནི་ཅི་སྐད་ཅིག་ཉིད། བསྒྲུབ་པ་དང་བྲལ་སྔོན་པོར་རྟོགས་ན་ནི། །གཞན་གྱིས་སྐད་ཅིག་དངོས་

པོར་འགྲུབ་མི་འགྱུར། །ཚད་མར་གྲུབ་པ་གཞན་གྱིས་གནོད་མ་ཡིན། །གལ་ཏེ་ཚད་མས་གྲུབ་པ་ཚད་མ་གཞན་གྱིས་གནོད་ན་ཐུག་པ་མེད་དེ། དེ་ཡང་གཞན་གྱིས་ཡིན་པས་ཡིད་བརྟེན་པ་མེད་པ་ཉིད་དུ་འགྱུར་རོ། །འོན་ཏེ་གལ་ཏེ་སྔོན་པོར་ངེས་པར་སྐད་ཅིག་མ་ལ་འཇུག་པ་ཞེས་བྱ་བ་མ་ཡིན་

མོད། དེ་ལྟ་ན་ཡང་དེས་སྐད་ཅིག་ཉིད་བཀག་པ་མ་ཡིན་ལ། དེ་བསྒྲུབ་པས་ཀྱང་སྔོན་པོས་ངེས་པ་ལ་གནོད་པ་མ་ཡིན་ཏེ། བསྡུ་བའི་ཚུལ་གྱིས་གཉི་ག་ཡང་འཇུག་པའི་ཕྱིར་རོ། །ལྡན་པ་ནི་གསུམ་སྟེ། བསྡུ་བ་དང་རྣམ་པར་བརྟགས་པ་དང་གནོད་པའོ། །བསྡུ་བ་ནི་སྔོན་པོ་ཡང་ཡིན་ལ་

ཨུཏྤ་ལ་ཡང་ཡིན་ནོ་ཞེས་བྱ་བ་སྟེ། ཆོས་གཉིས་བསྡུ་བའི་ཕྱིར་རོ། །རྣམ་པར་བརྟགས་པ་ནི་མི་འམ་ཐོ་ཡོར་ཞེས་བྱ་བ་སྟེ། གཉི་ག་ལ་མི་སྲིད་པའི་ཕྱིར་རོ། །གནོད་པ་ནི་ཐག་པ་ནི་སྦྲུལ་མ་ཡིན་ནོ་ཞེས་བྱ་བ་སྟེ། སྦྲུལ་ཉིད་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་འདིར་སྔོན་པོ་དང་སྐད་ཅིག་མ་དག་བསྡུ་བ་

ཡིན་པའི་ཕྱིར་སྐྱོན་ཅི་ཡོད་ཅེ་ན། འདིར་བརྗོད་པ། གནོད་པའི་མཚན་ཉིད་དང་ལྡན་ཕྱིར། །འདིར་ནི་ཅི་ལྟར་སྡུད་པར་འགྱུར། །གནོད་བྱ་གནོད་པར་བྱེད་པ་ནི། །སྡུད་པར་འགར་ཡང་འོངས་མ་ཡིན། །གལ་ཏེ་སྔོན་པོ་ཉིད་སྐད་ཅིག་མ་སྤངས་པར་ངེས་པ་ཡིན་ན་སྐད་ཅིག་མ་ཉིད་བཀག་པར་འགྱུར་

ཏེ། དེས་དབེན་པ་ནི་རང་བཞིན་བཟུང་བའི་ཕྱིར་རོ། །བདེན་པའི་རང་བཞིན་དུ་རྟོགས་པ་ཉིད་གནད་པ་ཡིན་ནོ། །གལ་ཏེ་འདི་ལ་འདི་མེད་དོ་ཞེས་དངོས་པོ་མེད་པའི་ཚད་མས་གནོད་པ་མ་ཡིན་ནམ། མངོན་སུམ་ནི་འགའ་ལ་ཡང་གནོད་པར་བྱེད་པ་མ་ཡིན་ནོ་ཞེ་ན། དེ་ནི་མི་འཐད་དེ་འདི་ལྟར། མེད་

Vol. 179 · folio 255a

ཅེས་ངེས་པ་འདི་ཉིད་ནི། །ཚད་མིན་འདི་ནི་ཚད་འབྲས་ཡིན། །དེ་ཡིས་དབེན་པར་དམིགས་པ་ནི། །ཚད་མ་དེ་ལ་ངེས་པ་ཡིན། །ངེས་པ་འདི་རང་རྒྱུད་པའི་ཚད་མ་ནི་མ་ཡིན་ནོ། །འདི་ནི་མངོན་སུམ་གྱི་རྗེས་སུ་འབྲང་བ་ཡིན་པས་འདི་གཞན་དུ་འགྱུར་བ་ནི་མ་ཡིན་ནོ། །གལ་ཏེ་ཅི་

ཞིག་ལྟར་དབེན་པའི་རྟོགས་པ་སྐྱེས་ཀྱང་དེ་སྐྱེས་པར་མ་གྱུར་པ་དེ་ལྟ་ན་ཡང་དེར་རུང་བ་ཉིད་ཀྱིས་དེ་འགོག་པ་ཡིན་ནོ། །འདི་ཡང་འོག་ནས་བསྟན་པར་བྱའོ། །དེ་ལ་གལ་ཏེ་སྔོན་པོ་སྐད་ཅིག་མ་ཉིད་ཡོངས་སུ་སྤངས་ཏེ་དེས་ན་དེ་ཉིད་ཀྱིས་སྐད་ཅིག་མ་ཉིད་བཀག་པའི་ཕྱིར། ཅི་ལྟར་གཞན་གྱིས་

བསྒྲུབ་པར་འགྱུར། །འོན་ཏེ་དེས་ཀྱང་བསྒྲུབ་པ་ཉིད་ཡིན་མོད་ཀྱི་འོན་ཀྱང་གཞན་གྱིས་གསལ་བར་བྱེད་དོ་ཞེ་ན། འདིར་བརྗོད་པ། གལ་ཏེ་སྔོན་གྱི་རྟོགས་པ་དེ། །ཚད་མིན་ཅི་ལྟར་གསལ་མ་ཡིན། །དོན་དེ་གསལ་བར་མ་བྱས་དང་། །དེ་གྲུབ་ཅེས་བྱ་འཐད་པར་དཀའ། །དེས་ཀྱང་གསལ་བ་མ་

ཡིན་ཞེས། །བྱ་བ་འདིར་ཡང་ཅི་ལྟར་འགྱུར། །འདིར་ནི་དེ་བསལ་གཞན་དུ་ནི། །ངེས་པར་འཐད་དང་འབྲེལ་མ་ཡིན། །དེ་ཡི་ཕྱིར་ན་སྔ་མ་དང་། །ཕྱི་མའང་འཁྲུལ་པར་རྟོགས་པར་གྱིས། །ཡུལ་གཅིག་གི་ཤེས་པ་དག་ནི་ཕན་ཚུན་འགལ་བར་འགྱུར་བ་མ་ཡིན་ནོ། །དེས་ན་གཅིག་བསྒྲུབས་པས་དེ་

ཐ་མི་དད་པར་ཐམས་ཅད་བསྒྲུབ་པའི་ཕྱིར་སྒྲ་དང་རྟོགས་པ་གཞན་འཇུག་པ་ནི་དོན་མེད་དོ། །འོན་ཏེ་ཁྱད་པར་ཐ་དད་པ་དག་སྒྲ་དང་རྣམ་པར་རྟོག་པ་ཐ་དད་པའི་ཡུལ་ཡིན་པ་དེས་ན་ཐལ་བ་འདིར་མི་འགྱུར་རོ་ཞེ་ན། ཐ་དད་པ་ཡིན་ན་བསྒྲུབ་པ་དང་དགག་པ་དག་ཆོས་ཅན་གཅིག་ལ་འདུ་བར་མི་འགྱུར་རོ། །

གལ་ཏེ་ཕན་ཚུན་དང་རྟེན་ལས་ཀྱང་ཐ་དད་པ་ཡིན་ན། དེའི་ཚེ་དེ་དག་ཆོས་ཅན་ཡང་ཐ་དད་པ་ཁོ་ནས་རྟོགས་པར་འགྱུར་བས་དེའི་ཚེ་དེ་དག་ལ་རྟེན་གཞན་མེད་པའི་ཕྱིར། ཅི་ལྟར་གཞི་མཐུན་པ་ཉིད་དུ་འགྱུར། ཅི་ལྟར་ཨུཏྤ་ལ་སྔོན་པོ་ཞེས་ཡོན་ཏན་དང་རྫས་རྟོགས་པས་ན་དེ་དག་ལ་རྟེན་གཞན་ནི་ཡོད་པ་

མ་ཡིན་ཏེ། དེས་ན་གཞི་མཐུན་པ་ཉིད་དང་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་ཉིད་དུ་རྟོགས་པར་མི་འགྱུར་ཏེ། དོན་སོ་སོར་རྟོགས་པའི་ཕྱིར་བུམ་པ་དང་སྣམ་བུ་བཞིན་ནོ། །འོན་ཏེ་སྔོན་པོ་ཡན་འགར་བ་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་སྔོན་པོའི་རང་བཞིན་རྟོགས་པ་ཉིད་ཀྱིས་རྫས་རྟོགས་པར་

Vol. 179 · folio 255b

འགྱུར་ཏེ། དུམ་བུར་རྟོགས་པ་མེད་པའི་ཕྱིར་རོ། །འོན་ཏེ་རིགས་དང་ཡོན་ཏན་ཡིན་ན་ཡང་གཞི་མཐུན་པ་མི་རྟོགས་ཏེ། གཞི་བརྗོད་པའི་སྒྲ་གཞན་མེད་པའི་ཕྱིར་རོ། །འོན་ཏེ་སྔོན་པོ་རྫས་ཉིད་རྟོགས་པར་འགྱུར་གྱི། སྔོན་པོ་ཙམ་ནི་མ་ཡིན་ན་དེ་ལྟ་ཡིན་ན་ནི་སྒྲ་གཅིག་གིས་གཉིས་བརྗོད་

ལ། གཞན་གྱིས་ཀྱང་དེ་བཞིན་ཡིན་པའི་ཕྱིར་བཞི་འམ་གསུམ་བརྗོད་པས་ཇི་ལྟར་གཞི་མཐུན་པའམ་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོར་འགྱུར་སྒྲ་གཅིག་གམ་དུ་མ་བསྟན་པ་རང་བཞིན་ཐ་དད་པ་རྣམས་གཞི་མཐུན་པ་ལ་བརྟེན་པ་ནི་མ་ཡིན་ནོ། །འོན་ཏེ་སྔོན་པོ་ལ་སོགས་པ་ཡན་

འགར་བ་རྟོགས་པར་མི་ནུས་པ་དེས་ན་གཞན་དང་གཞན་རྟོགས་པ་གཞི་མཐུན་པ་མ་ཡིན་པ་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་དེ་དག་ནི་རིགས་མ་ངེས་པ་ཡིན་ལ་རིགས་ལ་སོགས་པ་ཡང་ཡོན་ཏན་མ་ཡིན་པར་ངེས་པ་ཡིན་ནོ། །དེས་ན་ངེས་པ་བསྟན་པའི་ཕྱིར་སྒྲ་གཞན་སྦྱོར་རོ་ཞེ་ན། གལ་

ཏེ་སྔོ་སོགས་མངོན་སུམ་གྱིས། །ཐ་དད་མེད་པར་རྟོགས་ན་ནི། །དོན་དེ་ཉིད་ནི་སྒྲ་ཡིས་ཀྱང་། །ཇི་ལྟར་གཞན་དུ་རྟོགས་པར་འགྱུར། །གལ་ཏེ་མངོན་སུམ་ལ་སྔོན་པོ་ལ་སོགས་པ་ཐ་དད་པ་མེད་པར་སྣང་ན་སྒྲ་ལས་ཀྱང་དེ་ཁོ་ན་ཉིད་སྣང་བར་འགྱུར་ཏེ། དེ་ཉིད་ལ་འབྲེལ་པ་རྟོགས་པའི་ཕྱིར་རོ། །

འོན་ཏེ་ལྐོག་ཏུ་གྱུར་པས་དེ་ལྟར་སྣང་བ་མ་ཡིན་ནོ་ཞེ་ན། རྟོགས་བཞིན་པ་ཉིད་ཇི་ལྟར་ལྐོག་ཏུ་གྱུར་པས་དེ་ལྟར་སྣང་བ་མ་ཡིན་ནོ་ཞེ་ན། རྟོགས་བཞིན་པ་ཉིད་ཅི་ལྟར་ལྐོག་ཏུ་གྱུར་པ་ཡིན་ཏེ། ཉེ་བར་གནས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། ཉེ་བར་གནས་པ་མ་ཡིན་ཡང་སྒྲའི་ཤེས་པ་འཇུག་པའི་ཕྱིར་རོ། །

དབང་པོའི་བྱེད་པ་མེད་པའི་ཕྱིར་རོ་ཞེ་ན། དབང་པོ་ཉིད་རྟོགས་པའི་རྒྱུ་མ་ཡིན་ནོ། །གལ་ཏེ་རང་བཞིན་རྟོགས་ན་ནི་དབང་པོ་དང་དབང་པོ་མ་ཡིན་པ་དག་ལ་ཁྱད་པར་ཅི་ཡོད་གང་དུ་ཉེ་བར་གནས་པ་ཡོད་པ་དེར་ཅི་ལྟར་གཞན་དུ་རྟོགས། དབང་པོའི་བྱེད་པ་མེད་པས་ན་ཅི་ཡང་ཉམས་སུ་མྱོང་བ་

མེད་དོ། །གསལ་བ་ཉིད་ཉམས་པར་འགྱུར་རོ་ཞེ་ན། གལ་ཏེ་གསལ་བ་ཉིད་མེད་མོད། དེ་ལྟར་ཡོད་ཀྱང་རྫས་སོ་སོར་ངེས་པ་ལ་ལྟོས་པར་བྱ་བའི་སྔོན་པོ་ཉིད་གཞན་དུ་རྟོགས་པ་ཅི་ལྟར་འགྱུར། དེ་ལྟ་ཡིན་དང་ཚིག་གཞན་སྦྱོར་བ་མེད་པར་འགྱུར་རོ། །འོན་ཏེ་སྔོན་པོ་ལ་སོགས་པ་རྫས་མ་ངེས་པ་

Vol. 179 · folio 256a

ལ་འཇུག་པ་ཡིན་ན། དེ་ལྟ་ཡིན་ན་ཡང་སྔོན་པོ་སྒྲ་ལས་སྔོན་པོ་ཉིད་ཀྱང་མ་ངེས་པར་རྟོགས་ལ། ཨུཏྤ་ལའི་སྒྲ་ལས་ཡང་ཨུཏྤ་ལའི་རྗོད་བྱེད་ལས་མ་ངེས་པ་ཡིན་པའི་ཕྱིར་དེས་ན་སླར་གཞི་མཐུན་པ་མེད་ན་དེ་ཉིད་དེ། མ་ངེས་པ་བརྗོད་པ་གཉིས་ལ་དོན་གཅིག་རྟོགས་པ་མེད་པའི་

ཕྱིར་རོ། །ཕན་ཚུན་རྣམ་པར་གཅོད་པའི་ཕྱིར་དེ་ལྟར་རྟོགས་སོ་ཞེས་བྱ་བ་ཡང་འབྲེལ་པ་མ་ཡིན་ཏེ། ཟིན་པ་གཞན་དང་གཞན་ལས་ནི། །རྣམ་པར་གཅོད་པ་ཅི་ལྟར་འགྱུར། །གལ་ཏེ་རྣམ་པར་གཅོད་བྱེད་ན། །གཞན་སེལ་བ་ཉིད་བརྗོད་བྱར་འགྱུར། །གལ་ཏེ་སྔོན་པོ་ལ་སོགས་པའི་སྒྲས་མ་ངེས་

པར་རྟོགས་ན་ཕྱིས་གཞན་གྱིས་ངེས་པར་བྱ་ནུས་པ་མ་ཡིན་ནོ། །མངོན་སུམ་གྱིས་རྟོགས་པ་ནི་གཞན་གྱིས་བཟློག་པ་མ་ཡིན་ཏེ། འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་རོ། །འོ་ན་སྒྲ་གཞན་ལས་ཐེ་ཚོམ་བཟློག་པ་ཡིན་ཏེ། བསྡུ་བས་རྟོགས་པ་ནི་བཟློག་པར་ནུས་པ་མ་ཡིན་ནོ། །གང་ཚེ་སྔོན་པོ་ཨུཏྤ་ལ་

ཡིན་ནམ་ཅི་འོན་ཏེ་གཞན་ཡིན་ཞེས་རྣམ་པར་རྟོག་པ་དེའི་ཚེ་སྒྲ་གཞན་ལས་རྣམ་པར་རྟོག་པ་བཟློག་པར་འཐད་པ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། འདི་ལྟར་གལ་ཏེ་སྒྲ་ལས་རྟོགས་པའི་དོན་རྣམ་པར་བརྟགས་པ་བདེན་ན་ནི། སྒྲ་གཞན་དང་ནི་འབྲེལ་པ་ལས། །དེ་ནི་ཅི་ལྟར་ལྡོག་པར་འགྱུར། །གལ་

ཏེ་རྟོགས་པའི་ཡུལ་གྱི་དོན་དེ་བདེན་པ་ཡིན་ན། གཞན་གྱིས་དེ་ལྟར་མ་ཡིན་པར་བྱ་ཅི་ལྟར་ནུས་ཏེ། གཉི་ག་ཡང་ཚད་མ་ཡིན་པའི་ཕྱིར་རོ། །འོན་ཏེ་དེས་ཐེ་ཚོམ་དུ་གྱུར་པའི་རང་བཞིན་ཉིད་རྟོགས་པར་བྱས་པ་ཡིན་ལ། ཐེ་ཚོམ་གྱི་རང་བཞིན་ཡང་བསྟན་པར་རྟོགས་པས་བཟློག་པར་བྱ་བ་ཁོ་ནའོ། །

དེས་ན་གཞན་གྱིས་བཟློག་པར་འཐད་དེ། དེ་ལྟ་བུ་ཉིད་ནི་དེ་ལྟར་གྱུར་པ་མ་ཡིན་པར་མི་འགྱུར་རོ་ཞེ་ན། དེ་ཡང་མི་རུང་སྟེ། གང་ཕྱིར་སྒྲ་དེ་ཉིད་ཀྱིས་ནི། །བཟློག་བྱ་ཉིད་དུ་རྟོགས་བྱས་ལ། །དེས་ན་སྒྲ་གཞན་དག་གིས་ཀྱང་། །བསྒྲུབ་པར་བྱ་བ་ཅི་ཞིག་ཡོད། །གལ་ཏེ་རྟོགས་པ་སྔ་མས་ནི་མ་ངེས་པར་

བཟློག་པར་བྱ་བ་ཉིད་དུ་རྟོགས་ལ། ཕྱི་མས་ནི་ངེས་པར་ཡིན་པའི་ཕྱིར་མཁོ་བ་ཡོད་དོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། ཚད་མའི་སྟོབས་ཀྱིས་འོངས་པ་ཡི། །ངེས་པ་མེད་པ་གང་ཡིན་ཏེ། །གཞན་དུ་བྱ་བར་ཚད་གཞན་ནི། །བརྒྱ་ཕྲག་གིས་ཀྱང་ནུས་མ་ཡིན། །དེའི་ཕྱིར་སྔ་མའམ་ཕྱི་མ་གང་ཡང་

Vol. 179 · folio 256b

རུང་བ་གཅིག་ནི་ཚད་མ་མ་ཡིན་པ་ཁོ་ནའོ། །དེས་ནི་གཞན་ཡང་དེ་ལྟར་གྱུར་པ་ཡིན་པའི་ཕྱིར་ན་སྒྲུབ་པ་མ་ཡིན་པའི་ཕྱིར་རོ། །སྤྱི་ཙམ་བརྗོད་པ་ཡིན་ན་ནི་གཞན་དོན་མེད་དོ། །འོན་ཏེ་རྗེས་སུ་དཔག་པ་ནི་གནོད་པར་བྱེད་པ་ཉིད་དོ་ཞེ་ན། མ་ཡིན་ཏེ། དེ་ཡང་མངོན་སུམ་གྱིས་གནོད་པའི་ཕྱིར་རོ། །

རྗེས་སུ་དཔག་པས་ནི་རྣོ་བ་དང་འབར་བ་ལ་སོགས་པའི་ཁྱད་པར་འཛིན་པ་མ་ཡིན་ཏེ། དེས་ན་དེར་ཡང་ཐེ་ཚོམ་ཟ་བ་ཁོ་ནའོ། །སྤྱི་ལ་ཐེ་ཚོམ་མི་ཟའོ་ཞེ་ན་ནི་མ་ཡིན་ཏེ། སྤྱི་རྟོགས་པའི་ཁྱད་པར་མ་ངེས་པར་རྟོགས་པ་ཉིད་ཡིན་ནོ། །སྤྱི་ལ་ནི་རྣམ་པར་ངེས་པར་སྲིད་པ་མ་ཡིན་ནོ། །འདི་ལྟར།

སྤྱི་གང་ཡིན་པ་དེ་ལ་ནི། །ཁྱད་པར་རྣམ་པ་འདི་ལྟར་ཞེས། །རྟོགས་མེད་ངེས་ན་སྤྱི་ཡི་ནི། །ཤེས་པ་ཐམས་ཅད་བསླད་པ་ཉིད། །སྤྱི་རྟོགས་ཀྱང་གསལ་བ་སོ་སོར་ངེས་པ་ཉིད་དུ་རྟོགས་པ་འདྲེན་པ་ནི་མ་ཡིན་ཏེ། དེས་ན་སྤྱི་རྟོགས་པ་ནི་ཉེ་བར་བསླད་པ་ཡིན་ནོ། །གསལ་བ་ལ་འཁྲུལ་པ་

ཡིན་གྱི། སྤྱི་ལ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། གལ་ཏེ་དེ་ནི་གསལ་བ་ལ་འཁྲུལ་པ་སྤྱི་ནི་གང་དུ་འདོགས་སོ། །སྤྱི་ནི་འགར་ཡང་བཞོ་གསལ་ལས། །སོགས་པ་ཉེ་བར་མཁོ་མ་ཡིན། །གལ་ཏེ་གང་གི་དོན་དུ་འདི་བརྩམས་པ་དེ་ལ་འཁྲུལ་ན་དེའི་ཚེ་གཞན་ལས་མ་འཁྲུལ་ཡང་ཅི་བྱ།

གལ་ཏེ་སྤྱི་རྟོགས་པ་མེད་ན་གསལ་བའི་ཡུལ་ཅན་གྱི་རྟོགས་པ་དེ་ཉིད་མི་འཐད་དོ་ཞེ་ན། སྤྱི་ངེས་པས་ཀྱང་སྤྱི་དེ་ཉིད་ངེས་པར་འགྱུར་མོད། གཞན་ལ་ཐེ་ཚོམ་ཟ་བར་ཅི་ལྟར་འགྱུར། གཞན་ངེས་པར་གཞན་ལ་ཐེ་ཚོམ་ཟ་བར་མི་འཐད་དེ། ངེས་པ་ཐམས་ཅད་ཀྱིས་ཐམས་ཅད་ལ་ཐེ་ཚོམ་ཟ་བར་

འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་སྲིད་པ་ཉིད་ཐེ་ཚོམ་གྱི་ཡུལ་ཡིན་གྱི་གཞན་ནི་མ་ཡིན་ཏེ། འདི་ལྟར། གང་ཞིག་གང་ལ་སྲིད་པ་དེ། །དེ་ལ་འཁྲུལ་རྟེན་མཐོང་བ་ནི། །དེ་མཐོང་བ་ཡིས་དེ་ཉིད་ལ། །ཐེ་ཚོམ་འཇུག་པར་བྱེད་པ་ཡིན། །ཐེ་ཚོམ་ནི་སྲིད་པ་དང་འཁྲུལ་པ་ལ་འཐད་པ་ཡིན་ནོ། །སྤྱི་

ལ་ཡང་གང་ལ་གང་སྲིད་པ་དེ་མཐོང་བས་དེ་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། བ་ལང་ཉིད་ངེས་པ་ནི་ཁྲ་བོ་ལ་སོགས་པ་ལ་ཡིན་ལ། རྟ་ཉིད་ངེས་ན་ནི། ངང་པ་ལ་སོགས་པ་ལ་ཡང་ཡིན་པའི་ཕྱིར་ཧ་ཅང་ཐལ་བ་མ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་མི་རུང་སྟེ། འདི་ལྟར་ཁྲ་བོ་ལ་སོགས་ཐེ་ཚོམ་གྱི། །རང་བཞིན་

Vol. 179 · folio 257a

ཙམ་གྱིས་རྟོགས་པ་ལས། །རྟོག་པ་གཞན་ནི་འདིར་ཡོད་མིན། །སྤྱི་རྟོགས་པར་ཅི་ནི་ལྟར་འགྱུར། །ཅི་ལྟར་འདི་ཁྲ་བོ་འམ་འོན་ཏེ་ཁུ་ཡུ་ཡིན། སྒྲ་ཅམ་ཞིག་ནི་ཐོས་ན་ཁྲ་བོ་ལ་སོགས་པའི་ཁྱད་པར་ནི་ངེས་པར་མ་ཟིན་ཏོ་ཞེས་ཁྲ་བོ་ལ་སོགས་པའི་རྣམ་པ་ཅན་གྱི་

རྣམ་པར་རྟོག་པ་ཉིད་འབའ་ཞིག་འཇིག་རྟེན་པས་རྟོགས་སོ། །སྤྱིའི་རྣམ་པ་དག་གཞན་ཡང་དེ་བཞིན་དུ་ལྟའོ། །ཡང་ན། ཐོག་མེད་བག་ཆགས་དང་འབྲེལ་ཅན། །སྤྱི་ཡི་རྣམ་པར་རིག་པ་ལས། །རྣམ་རྟོག་འདིར་འགྱུར་དེ་ཡི་ཕྱིར། །སྤྱི་ཡི་དངོས་པོ་རྟོགས་མ་ཡིན། །དེས་ན་བསྒྲུབ་པ་དང་

དགག་པའི་ཐ་སྙད་ནི་ཕྱི་རོལ་བརྟེན་པ་མ་ཡིན་ལ་གཞི་མཐུན་པ་ལ་སོགས་པ་མི་རུང་བའི་ཕྱིར་རོ། །འོན་ཏེ་སྒྲ་དང་རྣམ་པར་རྟོག་པ་དག་གིས་ནི་ཁྱད་པར་འབའ་ཞིག་རྟོགས་པ་ཡིན་ལ། ཁྱད་པར་དེ་དང་ལྡན་པ་ནི་མཚོན་ཟིན་པས་མཚོན་པས་རྟོགས་པ་ཡིན་ནོ་ཞེ་ན། ཁྱད་པར་གྱི་དབྱེ་བ་རྣམས་

ནི་རྟགས་ཡིན་ཏེ། དེས་ན་རྟགས་ཀྱི་རྫས་དེས་ན་ཐེ་ཚོམ་མེད་པས་ཁྱད་པར་གཞན་རྟོགས་པས་ཅི་བྱ། རྫས་ཅི་ལྟ་བུར་གྱུར་པ་མི་ཤེས་པས་ན་དེའི་དོན་དུ་ཁྱད་པར་གཞན་སྟོན་ཏོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་ཁྱད་ཅིག་གིས་དོན་ཏེ། རང་གི་རང་བཞིན་དུ་རྟོགས་ན། ཁྱད་པར་གཞན་གྱིས་རིགས་

པ་ཡིན། །གཞན་པ་ཅི་ཞིག་བྱེད་པར་འགྱུར། །འོན་ཏེ་ཁྱད་ཅིག་དང་འབྲེལ་པས། །དོན་དེ་གཞན་དུ་རྟོགས་ན་ནི། །ཁྱད་པར་གཞན་དང་འབྲེལ་པ་ཡིས། །གཞན་པ་བྱེད་པར་ནུས་མ་ཡིན། །འོན་ཏེ་ཁྱད་པར་གཞན་དང་ལྡན་པ་ཙམ་ཁོ་ནར་སྒྲ་གཞན་གྱིས་རྟོགས་པ་ཡིན་གྱི། དེའི་ཁྱད་པར་

ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་ཡན་འགར་དུ་རྟོགས་པས་དོན་བྱེད་པ་ཅི་ལྟར་འགྲུབ། ཁྱད་པར་ཡན་འགར་བས་ནི་དོན་བྱ་བ་བྱེད་པར་ནུས་པ་མ་ཡིན་ནོ། །ཅི་སྟེ་དེའི་སྒོ་ཉིད་ཁྱད་པར་ལྡན་པ་རྟོགས་ན་མ་ཡིན་ཏེ། ཁྱད་པར་སྔ་མ་ཉིད་ཀྱིས་རྟོགས་ཟིན་པའི་ཕྱིར་རོ། །འོན་ཏེ་ཁྱད་པར་སྔ་མས་ནི་ཁྱད་

པར་གཞན་དང་བྲལ་བ་རྟོགས་པ་ཡིན་ཏེ། དེ་ལྟར་ཡང་། དེས་ན་ཐ་དད་རྣམ་པར་གནས། །ཞེས་རང་ཉིད་ཀྱིས་བརྗོད་པ་ཡིན་ནོ་ཞེ་ན། འོ་ན་གལ་ཏེ་ཁྱད་པར་གཞན་གྱིས་འདི་གཞན་དུ་གྱུར་པར་ཚད་མར་གྱུར་པའི་རྟོགས་པས་རྟོགས་པར་བྱ་བར་བྱས་ན་ཁྱད་པར་གཞན་སྟོང་གིས་ཀྱང་ཅི་ལྟར་གཞན་དུ་

Vol. 179 · folio 257b

བྱེད་པར་ནུས། ཚད་མས་གྲུབ་པ་ནི་ཚད་མ་གཞན་གྱིས་གཞན་དུ་བྱེད་ནུས་པ་མ་ཡིན་ནོ། །འཕྲོད་པ་འདུ་བའི་འབྲེལ་པས་ཁྱད་པར་ཐམས་ཅད་དབྱེར་མེད་པར་གནས་པ་ཉིད་པས་དེ་ཇི་ལྟར་གཞན་དུ་རྟོགས་པར་ནུས་ན་རྟོགས་ན་ནི་དེ་ཉིད་དེའི་རང་བཞིན་ཡིན་པས་ཅི་ལྟར་གཞན་གྱིས་གཞན་དུ་བྱེད། འོན་

ཏེ་གཞན་གྱིས་གཞན་དུ་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ལྷག་པར་རྣམ་པ་ཙམ་ཞིག་གཞན་ལ་གྱུར་པ་ཡིན་ནོ། །དེ་ལས་གཞན་བཟློག་པ་ནི་མི་སྲིད་པར་ངེས་པ་ལས་དེ། དེ་དང་ལྡན་པའང་ཡིན་ལ་དེ་ལས་གཞན་པའི་ཆོས་དང་ལྡན་པར་ཡང་འགྱུར་བ་ན་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། འདི་ལྟར།

གལ་ཏེ་ཕྱོགས་གཞན་ཐོབ་ན་ནི། །ཚད་མ་ཡིས་ནི་འཐད་པ་ཉིད། །ལྷག་མ་སྟོང་ཕྲག་བསྣན་པས་ཀྱང་། །དེ་བཟློག་པ་ནི་ནུས་མ་ཡིན། །འོན་ཏེ་གཞན་རྣམས་ཐོབ་མེད་ན། །དོན་དེ་ཉིད་ནི་བཅད་པའི་ཕྱིར། །ཁྱད་པར་གཞན་གྱིས་ཅི་བྱ་སྟེ། །འདིར་ནི་བཟློག་བྱ་འགའ་ཡོད་མིན། །དེའི་ཕྱིར་

མ་འཁྲུལ་པའི་རྟོགས་པས་ནི་ཐམས་ཅད་རྟོགས་པར་བྱ་བ་ཡིན་ཏེ། མངོན་སུམ་གྱི་ཚད་མ་བཞིན་ནོ། །དེས་ན་ཁྱད་པར་གཞན་རྟོགས་པར་བྱེད་པ་ནི་དོན་མེད་དོ། །གལ་ཏེ་ཁྱད་པར་རྣམས་ཐ་དད་པ་ཡིན་ཞིང་། ཁྱད་པར་དང་ལྡན་པ་ཡང་ཐ་དད་པ་ཡིན་ན་དེའི་ཕྱིར་ཁྱད་པར་རྟོགས་པ་ཙམ་

གྱིས་ན་མཚོན་པས་མཚོན་པ་མ་ཡིན་པའི་ཕྱིར་ཆོས་ཅན་གཅིག་ལ་མི་འདུ་བ་ཉིད་དོ། །འོན་ཏེ་ཁྱད་པར་རྟོགས་པས་ཀྱང་ཁྱད་པར་ཅན་རྟོགས་པར་འགྱུར་ན། དེ་ལྟ་ཡིན་ན་སླར་ཡང་ཁྱད་པར་གཅིག་གིས་རྟོགས་པས་ཁྱད་པར་གཅིག་གིས་ཐམས་ཅད་བཟུང་བར་འགྱུར་རོ། །མངོན་སུམ་གྱིས་

ནི་དེ་ལྟར་མི་འཛིན་པ་མ་ཡིན་ནོ། །འོན་ཏེ་མངོན་སུམ་གྱིས་ཀྱང་རེས་འགའ་ཐག་རིང་པོ་ནས་དབྱིབས་ཙམ་འཛིན་ལ། དོན་ཉེ་བ་ན་ནི་མདོག་འཛིན་པ་ཡིན་ནོ་ཞེ་ན། དེ་ཡང་མི་འཐད་དེ། གལ་ཏེ་རྫས་དང་མི་ལྡན་པར། །མདོག་དང་དབྱིབས་ཙམ་འཛིན་ན་ནི། །ནམ་ཡང་རྫས་འཛིན་མི་འགྱུར་

བས། །དེས་ནི་དངོས་པོ་མེད་པར་འགྱུར། །འོན་ཏེ་དབྱིབས་ནི་རྫས་མེད་པར། །འཛིན་པར་ནུས་པ་མ་ཡིན་ཏེ། །མདོག་ཀྱང་རྫས་མེད་མིན་ཞེ་ན། །དེ་ལས་རྫས་གཞན་ཅི་ལྟར་འགྱུར། །དེའི་ཕྱིར་གཞི་མཐུན་པ་མ་ཡིན་ནོ། །ཁྱེད་ལ་ཡང་དེར་ཅི་ལྟར་འགྱུར་ཞེ་ན། དེའི་ཕྱིར་བཤད་པ། སྣ་ཚོགས་

Vol. 179 · folio 258a

ཆོས་ཀྱི་གཞིར་གྱུར་པ། །ཆོས་ཅན་གཅིག་གིས་དབང་བྱས་ཏེ། །གཅིག་བསྒྲུབ་པ་ན་དེ་བརྟེན་དང་། །གཞན་རྣམས་བཏང་སྙོམས་ལྟ་བུ་དང་། །འགོག་ན་དེ་ཡང་དབེན་པ་དང་། །དེ་ལས་གཞན་ལ་ལྟོས་ལྟ་བུར། །མེད་པ་ཡིས་ནི་དོན་ཅན་གྱི། །ཐ་སྙད་ཅི་ལྟར་བློས་བསྟན་པ། །

དེ་བཞིན་ཉིད་དེ་མ་བཏགས་པར། །ཐ་དད་དོན་རྟེན་ཁས་ལེན་པས། །ཐོག་མེད་བག་ཆགས་ལས་བྱུང་བ། །འཇིག་རྟེན་དོན་ལ་གནོད་མེད་འགྱུར། །ཁོ་བོ་ཅག་གི་ལྟར་ནི་གཞི་མཐུན་པ་ལ་སོགས་པའི་ཡུལ་གྱི་དངོས་པོ་ལ་གནས་པ་མ་ཡིན་གྱི་ཐ་སྙད་འདི་དོན་དམ་པ་མ་ཡིན་ནོ། །གཞི་མཐུན་པ་ལ་

སོགས་པའི་ཡུལ་གྱི་དངོས་པོ་ལ་གནས་པ་མ་ཡིན་པ་སྒྲའི་དོན་ལ་བརྟེན་ནས་ཡིན་ཏེ། སྒྲའི་དོན་ལ་བརྟེན་ནས་དངོས་པོ་ལ་གནས་པ་མ་ཡིན་པ་འཇུག་པའི་ཕྱིར་རོ། །འདི་ལྟར་སྒྲ་ཞེས་བྱ་བ་སྒྲ་མ་ཡིན་པ་ལ་ལྡོག་པ་ལ་ལྟོས་ནས་སྒྲའི་སྒྲ་ཆོས་ཅན་ཉིད་དུ་འཇོག་གོ། །སྒྲ་དེ་ཡང་ངོ་ཤེས་པའི་སྟོབས་

ཀྱིས་རྟག་ཏུ་གནས་པ་ཉིད་དང་། འབྲེལ་པ་ཉིད་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་པ་ཉིད་ལ་བརྟེན་པ་ཡིན་ནོ། །དེས་ནི་མི་རྟག་པ་ཉིད་སྣང་བ་ཡིན་ཡང་ཕྱིན་ཅི་ལོག་ཐ་སྙད་ཀྱིས་ཟིན་པའི་ཕྱིར་ན་མ་དམིགས་པ་ལྟ་བུ་དང་། མེད་པ་ཞེས་བྱ་བ་ལྟ་བུར་རྣམ་པར་གནས་པ་ཡིན་ནོ། །དེས་ན་མི་རྟག་པ་སྒྲུབ་པར་

བྱེད་པའི་ཚད་མས་ཐ་སྙད་གཞན་བཅུག་པས་ཕྱིན་ཅི་ལོག་གི་ཐ་སྙད་ཀྱི་ཡུལ་གསལ་བའི་ཕྱིར། དེའི་ཚེ་ཡོད་པ་ཉིད་དུ་རྣམ་པར་གཞག་པས་བསྒྲུབས་སོ་ཞེས་རྟོགས་སོ། །དེས་ན་ཆོས་ཅན་སྒྲའི་དོན་དེ་ལ་བརྟེན་པའི་བདག་གི་ངོ་བོར་རྟོགས་པ་ཡིན་ནོ། །འགོག་ན་ནི་དེ་དང་བྲལ་བར་དེ། དེས་ན་དེས་

དབེན་པ་ཉིད་དུ་རྟོགས་པས་ན་དེ་ལས་བཟློག་པའི་ཆོས་ལ་ལྟོས་པ་དང་བཅས་པ་ཉིད་དུ་རྟོགས་སོ། །བསྒྲུབ་པ་དང་དགག་པ་དང་ལྡན་པ་ནི་རྟོགས་པ་འབའ་ཞིག་ཁོ་ནར་ཟད་དེ། དངོས་པོ་ནི་དེ་ལྟ་བུའི་རང་བཞིན་དུ་འགྱུར་བ་མ་ཡིན་ནོ། །འདི་ལྟར་འདི་ཁོ་ན་བཞིན་དུ་ཁོ་བོས་རྟོགས་སོ་ཞེས་མངོན་སུམ་

གྱིས་རྟོགས་པ་དེ་ཉིད་དུ་ཐ་སྙད་ཀྱི་ཡུལ་དུ་འགྲུབ་པ་ཡིན་གྱི། དེ་ལ་རྣམ་པར་རྟོག་པ་རྣམས་གཞན་དང་གཞན་གྱིས་བསྒྲུབ་པའམ། དགག་པ་ཅུང་ཟད་བྱས་པ་ནི་ཡོད་པ་མ་ཡིན་ནོ། །རྣམ་པར་རྟོག་པ་ནི་འདས་པ་ལ་སོགས་པའི་རང་བཞིན་ལ་རེག་པ་མ་ཡིན་ཏེ། དེའི་ཚེ་དེ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་

Vol. 179 · folio 258b

སྒྲ་དང་རྣམ་པར་རྟོག་པ་ནི་གཞན་སེལ་བའི་ཡུལ་ཅན་ཡིན་ཏེ། འཁྲུལ་པ་ཙམ་སེལ་བའི་ཕྱིར་རོ། །འོ་ན་གང་གི་ཚེ་འཁྲུལ་པ་མ་ཞུགས་པར་འདི་བུམ་པའོ་ཞེས་རྣམ་པར་རྟོག་པ་གློ་བུར་དུ་དུ་བ་ལས་མེ་རྟོགས་པ་དེར་ཅི་ལྟར་སྒྲ་གཞན་སེལ་བའི་ཡུལ་དུ་འགྱུར་ཞེ་ན། འདི་ཡང་མི་བཟང་སྟེ། འདི་

ལྟར། མི་འཇུག་པ་ཡི་ཡུལ་གྱི་མེ། །འཇུག་པ་ཡུལ་གྱི་བྱེད་པ་ཡིན། །འདིར་ཡང་འཇུག་པའི་ཡུལ་མ་ཡིན། །བཟློག་པ་ཡོད་པ་ཁོ་ནའོ། །འདི་ལྟར་མེ་ངེས་པས་ནི་མེ་འདི་ནི་འཇུག་པའི་ཡུལ་ཡིན་ཏེ། འདི་ལ་ཁྱོད་ཅི་ལྟར་བྱ་བ་མེད་པར་འཇུག་ཅེས་བརྗོད་པ་ཡིན་པས་དེའི་ཚེ་བྱ་བ་མེད་

པའི་ཡུལ་བཟློག་པ་ཙམ་རྣམ་པར་རྟོག་པ་ནི་མེད་དོ། །གཞན་དུ་རྟོགས་པ་ཡང་རྟོགས་པ་མ་ཡིན་ནོ། །མངོན་སུམ་གྱི་དུས་ཕྱིས་འབྱུང་བའི་དངོས་པོའི་རྣམ་པར་རྟོག་པས་སྒྲའི་ཡུལ་གྱི་སྔོན་པོ་རྟོགས་པ་སྔ་མ་དང་ཕྱི་མའི་རང་བཞིན་མ་ཡིན་ཏེ། ཉེ་བར་མི་གནས་པའི་ཕྱིར་རོ། །དེ་འདིའོ་ཞེས་

བྱ་བ་ནི་རྣམ་པར་རྟོག་པ་འདི་མ་ཡིན་ཏེ། ཡིད་ཀྱི་མངོན་སུམ་ཡིན་པའི་ཕྱིར་རོ། །འོན་ཏེ་དེས་སྐད་ཅིག་མ་ཉིད་མ་རྟོགས་པ་དེས་ན། མངོན་སུམ་ཉིད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ད་ལྟར་བ་རྟོགས་པ་ཉིད་སྐད་ཅིག་མ་རྟོགས་པ་ཡིན་ནོ་ཞེས་བསྟན་ཟིན་ལ། སྟོན་པར་ཡང་འགྱུར་རོ། །དེའི་ཕྱིར་

གཞན་སེལ་བ་ལ་བརྟེན་ནས་ཆོས་དང་ཆོས་ཅན་གྱི་དངོས་པོ་དང་། གཞི་མཐུན་པ་ལ་སོགས་པའི་ཐ་སྙད་དུ་འགྱུར་བ་ཡིན་ནོ། །ཐ་དད་པའི་དོན་ཐ་སྙད་ཀྱི་ཡུལ་ཡིན་ན་ནི་ཐམས་ཅད་འཐད་དེ། དེ་ཉིད་ཐམས་ཅད་ལས་ལྡོག་པའི་ཕྱིར་རོ། །གང་གིས་དོན་གཅིག་ལ་འདུ་བར་མི་འགྱུར་བ་ལྡོག་

པ་ནི་དེ་ལས་གཞན་མ་ཡིན་ནོ། །འོ་ན་ཅི་ལྟར་སྒྲའི་མི་རྟག་པ་ཞེས་ཐ་དད་པའི་རྒྱུ་མཚན་ཅན་གྱི་རྣམ་པར་དབྱེ་བར་འགྱུར་རོ་ཞེ་ན། དཔེར་ན་མཆི་གུའི་ལུས་ཞེས་བྱ་བ་བཞིན་ནོ། །གལ་ཏེ་ལྡོག་པ་རྣམས་ཐ་དད་མ་ཡིན་པའི་ཕྱིར། ཅི་ལྟར་ཐ་དད་པར་འགྱུར། ལྡོག་པ་ནི་དངོས་པོ་ལས་ཐ་དད་པ་མ་ཡིན་

ནོ་ཞེ་ན། ཉེས་པ་འདི་མེད་དོ། །ཀུན་རྫོབ་ཏུ་ནི་དེ་དག་ལས། །ཐ་དད་དོན་དམ་དུ་ནི་མིན། །དེས་ན་སྒྲ་དོན་ཐ་དད་དང་། །ཐ་དད་མེད་པའི་རྒྱུ་མཚན་ཡིན། །དོན་དམ་པ་ལ་ལྟོས་ནས་ནི་ནམ་ཡང་ཐ་དད་པ་ཡོད་པ་མ་ཡིན་གྱི། ཀུན་རྫོབ་ཏུ་ནི་དེ་དག་གཉིས་ཀའི་རང་བཞིན་ཉིད་དོ། །འདི་ལྟར། དེ་འབྲས་

Vol. 179 · folio 259a

ཅན་དང་དེ་འབྲས་མེད། །དེ་དེ་ལ་ཐ་དད་དོན་གཅིག །ཐ་དད་རྟེན་ཅན་འཕེལ་བ་དང་། །འགྲིབ་པ་ལྟ་བུར་བྱེད་པ་ཡི། །བསླད་པ་དེ་དང་དེ་དག་གིས། །འབྲེལ་པ་འགའ་ལས་དེ་ལྡན་ཉིད། །མིན་ཡང་མཐོང་བར་སྦྱོར་དེས་ན། །དེ་དག་བསླད་པ་འམ་ཤེས་མ་ཡིན། །

གལ་ཏེ་ཐ་སྙད་འདི་ཀུན་རྫོབ་ཏུ་ཡིན་ན་བག་ཆགས་ཙམ་གྱི་རྒྱུ་མཚན་ཅན་ཙམ་ཡིན་པས་ཅི་ལྟར་མི་སླུ་བ་ཡིན་ཞིང་། འཇིག་རྟེན་པ་དག་གིས་བརྟགས་ཏེ་མི་འདོར། སླུ་བའི་ཐ་སྙད་ནི་འགའ་ཡང་མི་འདོར་བ་མ་ཡིན་ནོ་ཞེ་ན། འདི་ནི་དེ་བཞིན་ཉིད་དེ། མ་བརྟགས་པར་ཞེས་བཤད་ཟིན་ཏོ། །གལ་ཏེ་

དེ་ཉིད་ཅི་ལྟར་རྨོངས་ཚབས་ཆེ་ཡང་ཚད་མས་གནོད་པ་མ་བརྟགས་པར་འདུག་པ་ནི་མེད་དོ་ཞེ་ན། འདི་ལ་བརྗོད་པ། མི་སླུ་བའི་ཕྱིར་མི་རྟོག་གོ། །མི་སླུ་བ་ཡོད་ན་ཐ་སྙད་པ་ནང་གི་བྱེ་བྲག་ཞིབ་མོར་རྟོགས་པ་ནི་མི་རིགས་སོ། །མི་སླུ་བའི་དོན་དུ་གཉེར་བ་དེ་ཐོབ་པ་ན་ཡང་རྟོགས་པར་འོས་པ་ནི་མ་

ཡིན་ནོ། །ཐ་དད་ཐ་དད་མེད་སླུ་བ། །དེ་ལ་གང་དུ་དགོས་པ་ཡིན། །བུ་རམ་ལས་ནི་ཐ་དད་པ། །སྦྲང་རྩིས་དོན་བྱ་མེད་པར་འགྱུར། །དོན་བྱ་བ་སྐྱེ་བ་ནི་དེ་མ་ཡིན་པ་ལས་ལྡོག་པ་ཙམ་ཐོབ་པས་ཡིན་ནོ། །ཆོས་ཀྱི་དབྱེ་བ་ནི་ཐོག་མ་མེད་པའི་བག་ཆགས་ལས་དེའི་འབྲས་བུ་ཅན་དང་ཅིག་ཤོས་ཀྱི་

མཐར་ཐུག་པའི་རྒྱུ་མཚན་གྱི་རྣམ་པར་རྟོག་པས་བརྟགས་པ་ཡིན་ནོ། །མི་སླུ་བ་དང་ལྡན་པ་དེ་ནི་དངོས་པོ་དང་འབྲེལ་པ་ལས་སོ། །དེ་ལ་སྣང་བ་ཐ་དད་པ་བརྟགས་པ་དངོས་པོའི་དེ་ཁོ་ན་ཉིད་རྟོགས་པ་ལ་ནི་མངོན་པར་འདོད་པའི་སྐྱེས་བུ་ནུས་པ་མ་ཡིན་ལ། དོན་བྱ་བ་དེ་དོན་དུ་གཉེར་བ་གཞན་དག་

ཀྱང་འཇིག་རྟེན་ཀྱི་ཐ་སྙད་ཉིད་རྗེས་སུ་འབྲང་ངོ་། །དེ་སྐད་དུ་ཡང་། དཔྱོད་དང་ཐ་སྙད་དག་གིས་ནི། །འཇིག་རྟེན་པ་ཡི་ལམ་གནས་པ། །བྱིས་པ་དང་ནི་མཁས་པ་དག །ཤེས་དང་བརྗོད་པ་འདྲ་བ་ཉིད། །ཅེས་བཤད་དོ། །དེས་ན་ཆོས་ཅན་དེ་རྟོགས་པ་ཐ་དད་པའི་རྒྱུ་མཚན་ཅན་རྣམ་པར་རྟོག་པའི་མཚན་

ཉིད་ཀྱིས་ཉེ་བར་བསླད་པ་འགྲིབ་པ་དང་འཕེལ་བ་ལྟ་བུར་བྱེད་པ་དག་གིས་ཐ་སྙད་ཀྱི་འབྲེལ་པ་འགའ་ཞིག་ལས་མཐོང་བ་ལ་ཉེ་བར་སྦྱོར་ཏེ། དེའི་བདག་ཉིད་དང་དེ་ལས་བྱུང་བ་ལས་ཐོབ་པའི་མཚན་ཉིད་མཐོང་བའི་ལམ་དུ་བྱེད་དོ། །དེའི་ཕྱིར་ཐ་སྙད་པ་དེ་དག་བསླད་པའི་ཤེས་པ་མ་ཡིན་ནོ། །དེ་བས་ན་

Vol. 179 · folio 259b

མཐུན་པའི་ཕྱོགས་སམ། མི་མཐུན་པའི་ཕྱོགས་མེད་པ་ལས་ཀྱང་ལྡོག་པར་མི་འགལ་ལོ། །གཞན་ཡང་བུམ་པ་ལ་སོགས་པ་བདག་མེད་པར་གྲུབ་པ་ཡིན་ན། སྲོག་ལ་སོགས་པ་མེད་པ་འགྲུབ་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །བུམ་པ་ལ་སོགས་པ་ལ་བདག་མེད་པར་ནི་གྲུབ་

པ་ཡང་མ་ཡིན་ཏེ། ཡོད་ཉིད་སྒྲུབ་བྱེད་བྱེད་པའི་ཕྱིར། །དེ་མེད་མ་ཡིན་ཐེ་ཚོམ་འགྱུར། །ཁས་བླངས་ཚད་མ་ཡིན་པ་ལ། །མེད་པ་ཉིད་ཀྱང་རིགས་མ་ཡིན། །གསོན་པོའི་ལུས་ལ་བདག་ཐེ་ཚོམ་ཟ་བ་ན་བུམ་པ་ལ་སོགས་པ་ལ་ཐེ་ཚོམ་མི་ཟ་བར་ཇི་ལྟར་འགྱུར་ཐེ་ཚོམ་མི་ཟ་བ་ནི་སྲོག་ལ་སོགས་

པའི་སྒྲུབ་པར་བྱེད་པ་འམ། གཞན་གྱིས་ཡུལ་དུ་བྱ་བར་ནུས་པ་མ་ཡིན་ནོ། །དེའི་ཕྱིར། མེད་པ་ལས་ལྡོག་མེད་ན་ཡང་། །མཐུན་ཕྱོགས་ལས་ལྡོག་ཐེ་ཚོམ་ཟ། །དེ་ལ་ཐེ་ཚོམ་ཟ་ཕྱིར་ཏེ། །མི་མཐུན་ཕྱོགས་ལས་ལྡོག་པར་ཡང་། །བདག་ལ་ཐེ་ཚོམ་ཟ་བས་བུམ་པ་ལ་སོགས་པ་ཉིད་མཐུན་

པའི་ཕྱོགས་སམ་མི་མཐུན་པའི་ཕྱོགས་སུ་གྱུར་པ་གཏོལ་མེད་དོ། །དེས་ན་མཐུན་པའི་ཕྱོགས་ལས་ལྡོག་པར་ཐེ་ཚོམ་ཟ་བ་དེས་ན་ཅི་ལྟར་འདི་ལྡོག་པ་ཅན་ཡིན། གལ་ཏེ་སངས་རྒྱས་པས་ཁས་བླངས་པ་ཉིད་ཀྱིས་བུམ་པ་ལ་སོགས་པ་བདག་མེད་པ་མ་ཡིན་ནམ་ཞེ་ན། དེ་ལྟ་ན་ཆོས་ཐམས་ཅད་

བདག་དང་བྲལ་བ་ཡིན་པའི་ཕྱིར་གསོན་པའི་ལུས་ཀྱང་བདག་མེད་པར་འགྱུར་རོ། །སངས་རྒྱས་པས་ཁས་བླངས་པས་ཚད་མ་མ་ཡིན་ནོ་ཞེ་ན། འོ་ན་དེའི་ཚེ་བུམ་པ་ལ་སོགས་པ་ཡང་དེས་ཁས་བླངས་པས་བདག་མེད་པར་མི་འགྱུར་བའི་ཕྱིར་ཉེས་པ་དེ་ཉིད་དོ། །དེའི་ཕྱིར། ཕུང་པོ་གཉིས་ལས་

གཅིག་ལ་ནི། །ངེས་པར་གྲུབ་པར་གཞན་ལས་ནི། །ལྡོག་གྲུབ་མ་མཐོང་བ་ཡིན་ཡང་། །མཐོང་མེད་དག་ལ་ཐེ་ཚོམ་ཟ། །མ་མཐོང་བ་ཡིན་ཡང་མཐོང་བ་མེད་པ་དམིགས་པའི་མཚན་ཉིད་ཀྱིར་མ་གྱུར་པ་དག་ལས་ཐེ་ཚོམ་གྱིས་ནི་འགའ་ཡང་དངོས་པོ་མེད་པར་བསྒྲུབ་པར་ནུས་པ་མ་ཡིན་ནོ། །

གཞན་ཡང་བུམ་པ་ལ་སོགས་པ་ལ་བདག་མེད་པར་སྒྲུབ་ཏུ་ཆུག་པ་དེ་ལྟར་ན་ཡང་སྲོག་ལ་སོགས་པས་བདག་བསྒྲུབ་པར་ནུས་པ་མ་ཡིན་ནོ། །དེ་དག་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ཉིད་དུ་མི་འགྲུབ་སྟེ། འཇུག་པ་ཡང་སྲིད་པའི་ཕྱིར་རོ། །གལ་ཏེ་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ཡིན་ན་ཅི་ལྟར་

Vol. 179 · folio 260a

དེ་ཉིད་ལ་འཇུག་པར་འགྱུར་ཏེ། བདག་མེད་པ་གཅིག་ཉིད་སྲོག་ལ་སོགས་པ་དང་ལྡན་པ་དང་གཞན་དུ་ཡང་འགྱུར་བ་ནི་རིགས་པ་མ་ཡིན་ནོ། །འདི་ཕྱེད་རྒས་པར་འགྱུར་བ་ནི་མ་ཡིན་ཏེ། གཅིག་གི་ངོ་བོར་ངེས་པ་ཉིད་དུ་རིགས་སོ་ཞེ་ན། འདི་ནི་མ་ཡིན་ཏེ། འདི་ལྟར། གསལ་

ལ་ཁྱབ་བྱེད་མ་ཡིན་ཡང་། །དེ་ཡི་རིགས་གྱུར་དོན་ཡོད་པས། །མ་མཐོང་བས་འགར་དེ་མེད་དོ། །མཁྲེགས་པ་མཚོན་གྱིས་བཅད་པ་བཞིན། །ཡོད་ལ་འགལ་བ་མ་མཐོང་ན། །ཐེ་ཚོམ་གང་ལས་ལྡོག་པར་འགྱུར། །གང་གིས་ན་བདག་མེད་པས་གསོན་པོའི་ལུས་ལ་སྲོག་ལ་སོགས་པ་ཡང་

མི་ལྡན་པར་འགྱུར་བ། བདག་མེད་དོ་ཅོག་ཐམས་ཅད་མཚུངས་པ་ནི་མ་ཡིན་ནོ། །འོན་ཀྱང་བདག་མེད་པ་ཉིད་ལས་འགའ་ཞིག་ནི་སྲོག་ལ་སོགས་པ་དང་ལྡན་པ་དང་། གཞན་ནི་དེ་ལྟ་མ་ཡིན་པར་འགྱུར་བ་ཡིན་ཏེ། དཔེར་ན་མཁྲེགས་པ་ཉིད་ལས་འགའ་ཞིག་ནི་མཚོན་གྱིས་བཅད་པ་དང་། གཞན་ནི་གཞན་

དུ་འགྱུར་བ་བཞིན་ནོ། །འདི་ལྟར། ཡོད་པ་འགལ་བ་མ་མཐོང་ན། །ཐེ་ཚོམ་གང་ལས་ལྡོག་པར་འགྱུར། །བདག་མེད་པ་དང་ལྷན་ཅིག་འགལ་བ་གྲུབ་པ་མེད་པར་ནི་སྲོག་ལ་སོགས་པ་ལས་བདག་མེད་པ་ལྡོག་པར་མི་འགྱུར་རོ། །གང་གིས་དེ་བཟློག་པར་འགྱུར་བ་སྲོག་ལ་སོགས་པ་ནི་བདག་མེད་

པ་དང་། ལྷན་ཅིག་མི་གནས་པ་ལས་གཞན་པའི་འགལ་བའི་མཚན་ཉིད་ཀྱི་འགལ་བ་མ་ཡིན་ནོ། །འོ་ན་དངོས་སུ་འགལ་བ་མེད་ཀྱང་བརྒྱུད་ནས་འགལ་བའི་ཕྱིར་སྲོག་ལ་སོགས་པ་བདག་མེད་པ་ལྡོག་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། དེ་ཡང་ལ་ལར་དེ་འབྲས་དང་། །བདག་ཏུ་

ངེས་པ་གཞན་ཅི་ཡོད། །གལ་ཏེ་སྲོག་ལ་སོགས་པ་བདག་ལ་ངེས་པ་ཡིན་ན་བདག་མེད་པ་དང་ལྷན་ཅིག་འགལ་བར་འགྱུར་བ་ཡིན་ཏེ། ཁྱབ་པར་བྱེད་པ་དང་འགལ་བས་ཁྱབ་པར་བྱ་བ་ཡང་འགལ་བའི་ཕྱིར་རོ། །སྲོག་ལ་སོགས་པ་ནི་བདག་ལ་ངེས་པ་མ་ཡིན་ཏེ། དེའི་བདག་ཉིད་དང་དེ་ལས་འབྱུང་

བ་མེད་པ་ངེས་པ་མི་རུང་བའི་ཕྱིར་ཏེ། དེ་ལྟ་མ་ཡིན་པར་ངེས་པ་མི་སྲིད་པའི་ཕྱིར་རོ། །སྲོག་ལ་སོགས་པ་ནི་བདག་གི་འབྲས་བུ་ཉིད་དམ། བདག་གི་བདག་ཉིད་དུ་ཚད་མས་མི་འགྲུབ་བོ། །བདག་དང་འབྲེལ་པ་མེད་པ། དེས་ནི་བདག་མེད་པ་ལས་ཀྱང་། །དེ་ནི་ལྡོག་པར་ཐེ་ཚོམ་ཟ། །དེར་འབྲེལ་པ་

Vol. 179 · folio 260b

མེད་པ་ནི་དེའི་མི་མཐུན་པའི་ཕྱོགས་ལས་ནི་ལྡོག་པ་མ་ཡིན་ནོ། །ལྡོག་ཏུ་ཆུག་པ་དེ་ལྟ་ན་འང་། །བདག་མེད་མེད་ལས་བདག་མི་འགྲུབ། །གང་གིས་དེ་ནི་ལྡོག་མེད་པ། །ངེས་པ་དངོས་པོར་འདོད་མ་ཡིན། །དཔེར་ན་སྲོག་སོགས་མཐུན་ཕྱོགས་ལ། །ལྡོག་པ་མེད་ཀྱང་ཡོད་མིན་བཞིན། །གལ་ཏེ་

གཏན་ཚིགས་མཐུན་ཕྱོགས་ལས། །ལྡོག་མེད་དེ་རྒྱུ་རྗེས་འགྲོ་ཅན། །རྗེས་འགྲོ་ཅན་མིན་ལྡོག་མེད་པ། །བདག་མེད་མ་ཡིན་བདག་བཅས་མིན། །ཅི་ལྟར་མཐུན་ཕྱོགས་ལ་མེད་པ་མེད་ཀྱང་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་པ་དེ་བཞིན་དུ། བདག་མེད་པ་མེད་ཀྱང་གསོན་པོའི་ལུས་ལ་

བདག་ཡོད་པར་མི་འགྱུར་རོ། །མི་མཐུན་པ་ཉེ་བར་བཀོད་པ་མ་ཡིན་ནམ། འདི་ལྟར་མཐུན་པའི་ཕྱོགས་ལ་ནི་ལྡོག་པ་མེད་ཀྱང་ཡོད་པ་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །མེད་པ་ལ་ནི་དངོས་པོ་སྲིད་པ་མ་ཡིན་ནོ། །དེ་ཡོད་པའི་ཕྱིར་གསོན་པོའི་ལུས་ལ་ལྡོག་པ་མེད་ན་གདོན་མི་ཟ་བར་ཡོད་པར་འགྱུར་

ཏེ། ཕུང་པོ་གཞན་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་བདེན་ཏེ། མི་མཐུན་པའི་ཕྱོགས་ཉེ་བར་བཀོད་པ་ཙམ་ཉིད་ཀྱིས་ནི་འདོད་པ་གྲུབ་པ་མ་ཡིན་ནོ། །གལ་ཏེ་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་ན། འོ་ན་དེ་ཉིད་མེད་པ་མི་ལྡོག་པ་ཡིན་ནོ། །མེད་པ་ལོག་ན་ནི་གདོན་མི་ཟ་བར་དངོས་པོར་འགྱུར་ཏེ།

ཡོད་པ་ནི་མེད་པ་ལྡོག་པ་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་མཐུན་ཕྱོགས་མེད་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །སྲོག་ལ་སོགས་པ་ཡོད་ན་ཅི་ལྟར་མཐུན་པའི་ཕྱོགས་མེད་པར་འགྱུར། ཅི་ལྟར་མཐུན་པའི་ཕྱོགས་ལ་སྲོག་ལ་སོགས་པ་ལྡོག་པ་མེད་

ཀྱང་བཟློག་པར་མི་འགྱུར་བ་དེ་བཞིན་དུ་གསོན་པོའི་ལུས་ལ་བདག་མེད་པ་ལྡོག་ཀྱང་བཟློག་པར་མི་འགྱུར་རོ། །འོན་ཏེ་གསོན་པོའི་ལུས་ནི་ཡོད་པའི་ཕྱིར་བཟློག་པར་འགྱུར་གྱི་མཐུན་པའི་ཕྱོགས་ལ་ནི་མ་ཡིན་ཏེ། མེད་པའི་ཕྱིར་རོ། །མེད་པ་ལ་ནི་དངོས་པོ་སྲིད་པ་མ་ཡིན་ནོ་ཞེ་ན། འོ་ན་མེད་པ་ཉིད་མི་

ལྡོག་གོ་ཞེས་བྱ་བར་འགྱུར་རོ། །མེད་པ་ནི་ཡོད་པ་དང་འགལ་བའི་ཕྱིར་དེ་ལྡོག་པར་འགྱུར་གྱི། མེད་པ་དང་མི་འགལ་བའི་ཕྱིར་དེ་ནི་མི་ལྡོག་པ་ཉིད་དོ། །ཅི་ལྟར་མཐུན་པའི་ཕྱོགས་མེད་པ་དེ་བཞིན་དུ། དེ་ལ་གཞན་ཡང་མེད་པར་འགྱུར་ཏེ། མེད་པ་ལ་ནི་མེད་པ་ཉིད་འགལ་བ་མ་ཡིན་ནོ། །འོན་ཏེ་དེ་དེ་ལ་

Vol. 179 · folio 261a

མེད་པ་ཉིད་དོ་ཞེ་ན། དེ་ལྟ་ཡིན་ན་གསོན་པོའི་ལུས་ལ་བདག་མེད་པ་ལྡོག་པ་ཡིན་ཡང་བདག་མེད་པ་བཟློག་པར་མི་འགྱུར་ཏེ། དཔེར་ན་མཐུན་པའི་ཕྱོགས་ལ་ཡོད་པ་མེད་ཀྱང་མེད་པ་མ་ཡིན་པ་བཞིན་ནོ། །དེ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ་འདི་ལྟར། གཞན་

ཡོད་པ་ཡི་ཅི་ལྟར་ན། །འཁྲུལ་ཅན་ངེས་པ་ཞེས་བྱར་འགྱུར། །རང་གི་ཉེས་པས་འཁྲུལ་པ་ནི། །གཞན་གྱིས་ཅི་ལྟར་གཞན་དུ་འགྱུར། །རང་ཉིད་འཁྲུལ་པ་གང་ཡིན་པ་དེ་ཇི་ལྟར་གཞན་ཡོད་པས་མི་འཁྲུལ་པའམ་གཞན་དུ་འགྱུར། གཞན་ཡང་གལ་ཏེ་མེད་པ་ལ་ཡོད་པ་འགའ་ཞིག་ཡོད་པ་ཡང་

མ་ཡིན་ལ་མེད་པ་ཡང་མ་ཡིན་ན། མེད་པ་ཡང་ཡོད་པ་ལ་ཡོད་པ་ཡང་མ་ཡིན་ནོ་མེད་པ་ཡང་མ་ཡིན་ནོ་ཞེས་ཅི་སྟེ་ཁས་མི་ལེན། ཅི་ལྟར་མེད་པ་གཞི་མ་ཡིན་པ་དེ་བཞིན་དུ་རྟེན་པ་ཡང་མ་ཡིན་པའི་ཕྱིར་འདི་ནི་གྱི་ནའོ། །འདིར་ཡང་སྔར་བསྟན་ཟིན་ཏོ། །གཞན་ཡང་དངོས་པོ་མེད་པ་ཙམ་ནི་བདག་

མེད་པ་མ་ཡིན་གྱི། འོན་ཀྱང་སོ་སོར་ངེས་པའི་རང་བཞིན་ཅན་གྱི་བདག་ནི་དངོས་པོ་མེད་པའོ། །སོ་སོར་ངེས་པའི་རང་བཞིན་མ་མཐོང་བར་དེར་འགྲུབ་པ་ཡང་མ་ཡིན་ནོ། །དངོས་པོ་མེད་པ་ནི་ཕན་ཚུན་ལྡོག་པ་མ་ཡིན་ཏེ། དངོས་པོ་ཐ་དད་ན་དངོས་པོ་རྣམས་ཀྱི་དེ་མེད་པ་ཐ་དད་པའི་ཕྱིར་རོ། །དངོས་པོ་

སོ་སོར་ངེས་པ་མེད་ན། དེའི་དངོས་པོ་མེད་པས་ཐ་དད་པར་ག་ལ་འགྱུར། གང་གིས་དེ་ལས་བཟློག་པ་མེད་པ་དེ་ཡོད་པར་འགྲུབ་པར་བདག་ནི་སོ་སོར་ངེས་པའི་རང་བཞིན་དུ་དམིགས་པ་མེད་དོ། །དེས་ན་བདག་མེད་པ་མེད་ན་དངོས་པོ་མེད་པ་ལྡོག་པ་ཙམ་དུ་ཟད་ཀྱི། བདག་འགྲུབ་པ་ནི་མ་ཡིན་ནོ། །

དེའི་ཕྱིར། གལ་ཏེ་གཏན་ཚིགས་མཐུན་ཕྱོགས་ལས། །ལྡོག་མེད་དེ་རྒྱུ་རྗེས་འགྲོ་ཅན། །རྗེས་འགྲོ་ཅན་མིན་ལྡོག་མིན་ན། །བདག་མེད་མ་ཡིན་བདག་བཅས་མིན། །ཞེས་བྱ་བ་ནི་བསྡུ་བའོ། །གཞན་ཡང་། འཇུག་ལ་གང་གི་རང་བདག་ཉིད། །གང་མེད་མི་འབྱུང་ཅན་གྲུབ་པ། །དེ་ཕྱིར་དེ་ཉིད་

ལྡོག་བྱེད་དེ། །འཇུག་པ་ན་ཡང་འཇུག་བྱེད་ཡིན། །འཇུག་ལ་རྟེན་སྒྲུབ་པ་དག་ལ། །དུ་བ་གང་གིས་རང་གི་ངོ་བོ་མེ་མེད་ན་མི་འབྱུང་བ་ཅན་དུ་གྲུབ་པའི་མེ་དེ་ཉིད་རང་ལོག་པ་ན་ལྡོག་པར་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ལ། འཇུག་པ་ན་ཡང་མེ་དེ་ཉིད་དུ་བ་ལ་སོགས་པ་འཇུག་པར་བྱེད་པ་ཡིན་ནོ་ཞེས་

Vol. 179 · folio 261b

བྱ་བ་ནི་ཚད་མའི་རྟོགས་པ་ཡིན་ནོ། །མེད་ན་མི་འབྱུང་དེ་ཡང་ནི། །སྒྲུབ་པར་བྱེད་ལ་ལྡོག་པ་ཡིན། །འབྲས་བུ་མཐོང་དང་མ་མཐོང་བ། །དེ་དག་རྒྱུ་དང་འབྲས་བུ་ཉིད། །མེད་ན་མི་འབྱུང་བ་ཉིད་ནི་སྒྲུབ་པར་བྱེད་པ་མཐོང་བ་དང་མ་མཐོང་བའི་མཚན་ཉིད་ཅན་རྗེས་སུ་འགྲོ་ལྡོག་གི་སྒྲུབ་བྱེད་དུ་གྱུར་པ་

མེད་པ་རབ་ཏུ་བསྒྲུབ་པ་མ་ཡིན་ནོ། །གལ་ཏེ་ཐ་དད་པ་དག་ནི་མེད་ན་མི་འབྱུང་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་ཡིན་གྱི་མཐོང་བ་དང་མ་མཐོང་བས་ནི་མ་ཡིན་ནོ་ཞེ་ན། མཐོང་བ་དང་མ་མཐོང་བ་དེ་དག་ཉིད་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོ་ནི་རྗེས་

སུ་འགྲོ་བ་དང་ལྡོག་པ་དག་ལས་གཞན་མ་ཡིན་ལ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ཀྱང་མཐོང་བ་དང་མ་མཐོང་བ་དག་ལས་གཞན་མ་ཡིན་ནོ། །དེ་ཡོད་ན་ཡོད་ངེས་མེད་ཕྱིར། །དོན་གཞན་རྟོགས་པར་འགྱུར་མ་ཡིན། །དེ་ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཁྱབ་པར་བྱེད་པ་མ་ཡིན་པ་ལྡོག་པ་ནི་

གཞན་ལྡོག་པར་བྱེད་པ་མ་ཡིན་ནོ། །བདག་ཀྱང་ཁྱབ་པར་བྱེད་པ་མ་གྲུབ་པས་དེ་ཅི་ལྟར་འདིར་སྲོག་ལ་སོགས་པ་ལྡོག་པར་བྱེད་པ་ཡིན། འདི་ལྟར། རྟག་ཏུ་ཡོད་པ་མེད་པ་ན། །དེ་དག་མེད་པ་མི་སྲིད་ཕྱིར། །བདག་ཉིད་རང་ཉིད་ཡུལ་དང་དུས་དག་ཏུ་ལོག་པ་མ་ཡིན་ཏེ། རྟག་པ་དང་ཁྱབ་པ་ཉིད་

ཡིན་པའི་ཕྱིར་རོ། །དེས་ན་དེ་མེད་པས་སྲོག་ལ་སོགས་པ་མེད་པ་ཡིན་ནོ་ཞེས་བྱ་བ་འདི་མ་གྲུབ་པོ། །འོན་ཏེ་རྗེས་སུ་འགྲོ་བ་ཙམ་ཉིད་ལས་བདག་སྲོག་ལ་སོགས་པའི་རྒྱུ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཐམས་ཅད་ནི་ཐམས་ཅད་དུ་ལྡོག་པ་ལ་ལྟོས་པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། འདི་

ལྟར། འབྲས་བུའི་རང་བཞིན་ཐ་དད་རྣམས། །རྒྱུ་རྣམས་ལས་ནི་འབྱུང་བའི་ཕྱིར། །དེ་དག་མེད་པར་གཞན་ལས་འབྱུང་། །ཅི་ལྟར་དེས་བསྐྱེད་རང་བཞིན་ཡིན། །གལ་ཏེ་རྗེས་སུ་འགྲོ་བ་ཙམ་འབའ་ཞིག་ལས། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན། དེའི་ཚེ་མེད་པར་འགྱུར་རོ་ཞེས་བྱ་བར་འགྱུར་

རོ། །དེས་ན་དེ་དག་མེད་པར་ཡང་གཞན་ལས་འབྱུང་འབྲས་བུ་ཅི་ལྟར་དེས་བསྐྱེད་པའི་རང་བཞིན་དུ་འགྱུར། གཞན་ལས་ཀྱང་འབྱུང་ངོ་ཞེ་ན། མ་ཡིན་ཏེ། གཞན་ལས་དེའི་རང་བཞིན་མི་འབྱུང་བའི་ཕྱིར་རོ། །དེའི་རང་བཞིན་མ་ཡིན་ན་ནི་དེ་ཉིད་མ་ཡིན་ཏེ་འདི་ལྟར། ཚོགས་པའི་ནུས་པ་ཐ་དད་ཕྱིར། །

Vol. 179 · folio 262a

དངོས་རྣམས་སྣ་ཚོགས་ངོ་བོ་ཉིད། །གལ་ཏེ་དེ་ཐ་དད་བྱེད་མིན། །འགྲོ་བའི་ངོ་བོ་གཅིག་ཏུ་འགྱུར། །གལ་ཏེ་ཚོགས་པ་ཐ་དད་པ་ལས་ཐ་དད་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས། ཐ་དད་པ་ནི་རེ་ཞིག་དེ་དམིགས་ན་དེའི་རྒྱུའི་དབྱེ་བས་ཡིན་ནམ། འོན་ཏེ་དེ་ལྟ་མ་ཡིན་ཞེས་བྱ་བ་

འདི་ནི་དཔྱོད་པ་གཞན་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། འདི་ལྟར། སྲོག་སོགས་འབྲེལ་པ་དག་ལས་ནི། །མ་མཐོང་བདག་ནི་རྟོགས་པ་ཡིན། །ངེས་པ་མེད་དེ་དེ་དང་དེ། །ཅི་ལྟར་འགྱུར་བ་མ་ཡིན་ནམ། །ཅི་ལྟར་བདག་ཁྱབ་པ་དང་རྟག་པ་དང་རྗེས་སུ་འགྲོ་བ་ཙམ་གྱི་རྒྱུ་ཡིན་པ་དེ་བཞིན་དུ། ནམ་

མཁའ་ལ་སོགས་པ་ཡང་ཡིན་ནོ། །དེས་ན་བདག་བཞིན་དུ་ནམ་མཁའ་ལ་སོགས་པ་ཡང་རྟོགས་པར་འགྱུར་བས་ན་དོན་མི་འགྲུབ་པོ། །འོན་ཏེ་སྐུལ་བར་བྱེད་པའི་བདག་མེད་པར་སྲོག་ལ་སོགས་པར་འགྱུར་བ་ནི་མ་ཡིན་ཏེ། དེས་ན་སྦུད་པ་འབུད་མཁན་ལྟ་བུར་བདག་རྟོགས་པར་བྱེད་པའམ། བྱེད་

པ་དག་ལས་ཕོ་ལོང་འཕེན་མཁན་ལྟ་བུའམ། མཐོང་བ་ལས་སྐར་ཁུང་གི་བུ་ག་ནས་ལྟ་བར་བྱེད་པ་ལྟ་བུར་རྟོགས་སོ་ཞེ་ན། དེ་ཡང་མི་རིགས་ཏེ། འདི་ལྟར། བྱ་མེད་ཁྱབ་པར་སྐུལ་བྱེད་དུ། །ཚད་མ་ཡིས་ནི་འཐད་མ་ཡིན། །བྱེད་པ་མེད་ན་མི་མཐོང་ཕྱིར། །བདག་གི་རབ་ཏུ་འགྲུབ་མ་ཡིན།། །།

བམ་པོ་བཅུ་བཞི་པ། སྦུད་པ་སྦུད་པར་བྱེད་པ་ཅི་བྱེད་པ་དང་བཅས་པས་སྐུལ་བར་བྱེད་པ་དང་བཅས་པ་ཡིན་ནོ། །དེ་བཞིན་དུ་ཁྱབ་པར་བྱེད་པ་མ་ཡིན་ཀྱང་ངོ་། །བདག་ནི་དེ་ལྟར་མ་ཡིན་པའི་ཕྱིར་ཅི་ལྟར་དེ་སྒྲུབ་པར་བྱེད་པ་ཉིད་ཡིན། ཁྱབ་པ་དང་ལུས་ཅན་མ་ཡིན་པ་ནི་སྐུལ་བར་བྱེད་པ་ཉིད་དུ་རིགས་པ་

དང་འབྲེལ་པ་མ་ཡིན་ནོ། །འོན་ཏེ་དེ་སྐུལ་བར་བྱེད་པ་ཡིན་ན་ནི། དེ་ལ་ཡང་སྐུལ་བར་བྱེད་པ་གཞན་ཡོད་པའི་ཕྱིར་ཐུག་པ་མེད་དོ། །སྐར་ཁུང་གི་ནང་ནས་ལྟ་བ་ནི་སྐྱེས་བུ་མིག་ལ་སོགས་པའི་བྱེད་པ་དང་ལྡན་པ་ཡིན་གྱི་བདག་ནི་དེ་ལྟར་གྱུར་པ་མ་ཡིན་ན། ཅི་ལྟར་ལྟ་བ་པོ་ཡིན། དེ་དེ་ལ་ཡང་བྱེད་པ་ལ་

སོགས་པ་ཡོད་པ་ཡིན། དེ་ལ་ཡང་སྐར་ཁུང་ནས་ལྟ་བར་བྱེད་པ་ལྟ་བུ་གཞན་ཡོད་པར་རིགས་པས་ཐུག་པ་མེད་པ་ཉིད་དོ། །གཞན་ཡང་མེ་ལ་སོགས་པས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྒྱུ་དང་འབྲས་བུའི་དངོས་པོར་འགྱུར་བ་ཡིན་ན། དེ་གཞན་ལ་རྣམ་པ་གཞན་དུ་ཅི་ལྟར་འགྱུར། འོན་ཏེ་

Vol. 179 · folio 262b

དེར་ཡང་རྗེས་སུ་འགྲོ་བ་ཙམ་འབའ་ཞིག་ལས་ཡིན་ན། དེ་ལྟ་ཡིན་ན་དེ་དག་མེད་པར་གཞན་པ་ལས་ཀྱང་འབྱུང་ངོ་ཞེས་བྱ་བར་འགྱུར་ཏེ། དེ་ལྟ་མ་ཡིན་ན་ལྡོག་པ་ཡང་ཡོད་པར་འགྱུར་རོ། །དེ་ལྟར་ཡིན་དང་དེ་དག་མེད་པར་གཞན་ལས་ཀྱང་འབྱུང་སྟེ། བརྒྱ་བྱིན་གྱི་སྤྱི་བོ་ལ་སོགས་པ་དག་ཀྱང་འབྱུང་བས་

ཅི་ལྟར་མེས་བསྐྱེད་པར་བྱ་བ་ཡིན། གཉི་གས་མེད་པར་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ལས་གཞན་ལས་འབྱུང་བའི་ཕྱིར། །གཉི་ག་ལ་ཡང་རྒྱུ་མ་ཡིན་ནོ། །དེ་ལས་གཞན་པ་ལས་ཀྱང་བྱུང་བ་ནི་དེའི་འབྲས་བུ་མ་ཡིན་ལ། གཞན་གྱི་འབྲས་བུ་ཉིད་ཀྱང་མ་ཡིན་པའི་ཕྱིར་རྒྱུ་དང་འབྲས་བུའི་

དངོས་པོ་ཉིད་དུ་མི་འགྱུར་རོ། །དེ་ལྟར་གྱུར་ན་འབྲས་བུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་དག །རྒྱུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ལ་རག་ལས་པ་ཞེས་བྱ་བར་མི་འགྱུར་ཏེ། དེ་མེད་པའི་ཕྱིར་རོ། །མཐོང་བ་བཞིན་དུ་ཇི་ལྟར་སྤང་ཞེ་ན། མ་ཡིན་ཏེ་རྒྱུ་དང་འབྲས་བུ་མེད་ན་མཐོང་བ་ཡང་མི་སྲིད་པ་ཉིད་

དོ། །རྟོགས་པ་ངེས་པ་ཡིན་ན་སྔོན་པོའི་རྣམ་པར་ཤེས་པས་སྔོན་པོ་རྟོགས་པར་འགྱུར་གྱི། དེ་ལྟ་མ་ཡིན་ན་འཁྲུལ་པ་དང་མ་འཁྲུལ་པ་རྣམ་པར་དབྱེ་བ་མེད་པར་འགྱུར་རོ། །གལ་ཏེ་ཚོགས་འདི་འདྲ་བ་འཁྲུལ་པ་དང་ཅིག་ཤོས་ཀྱི་རྟོགས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་པ་དེའི་ཚེ་ནི་གཞལ་བྱ་སོ་སོར་

ངེས་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་ཅི་ཞིག་ལྟར་སྣང་བ་ཙམ་ཡིན་པར་འགྱུར་བས་འཇིག་རྟེན་གྱི་ཐ་སྙད་མཐའ་དག་ཚད་མར་འགྱུར་རོ། །འོན་ཏེ་སྣང་བ་རང་ཉིད་ཕན་ཚུན་ཐ་དད་པ་ནི་རང་ཉིད་རིག་པའི་རྟོགས་པས་གཞལ་བར་བྱ་བ་ཡིན་ནོ་ཞེ་ན། དེ་ཡང་མི་བདེན་ཏེ། སྣང་བ་ཙམ་ལས་འཇིག་རྟེན་གྱི། །ཐ་

སྙད་འགྲུབ་པར་འགྱུར་མ་ཡིན། །དེ་ཙམ་འབའ་ཞིག་སྣང་བ་ནི་དེ་ལས་གཞན་པ་ཅི་བྱར་ཡོད། དོན་བྱ་བ་བྱེད་པའི་དངོས་པོ་བླང་བར་བྱ་བའམ་གཞན་ཡིན་ནོ་ཞེས་བྱ་བ་ནི་རྟོག་པ་དང་ལྡན་པ་རྣམས་ཀྱི་ཐ་སྙད་ཡིན་ནོ། །སྣང་བ་ཙམ་ནི་དེའི་སྐད་ཅིག་ཉིད་ལ། དེ་ལྟར་འགྱུར་བ་ཡིན་པས་བླང་བ་དང་དོར་བར་

བྱ་བ་མ་ཡིན་ནོ། །དེ་ལྟར་ན་རྣམ་པར་རིག་པ་ཙམ་གཉིས་མེད་པ་ཡིན་པའི་ཕྱིར་ཐ་དད་པ་དང་ཐ་མི་དད་པ་དག་མ་ཡིན་ནོ། །དེའི་ཕྱིར་ཐ་དད་པ་དང་ཐ་དད་མེད་པ་ནི་འབྲས་བུའི་དངོས་པོ་ལས་ཡིན་ལ། རྒྱུ་དང་འབྲས་བུའི་དངོས་པོ་དེ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཡིན་པའི་ཕྱིར་བདག་གང་གི་

Vol. 179 · folio 263a

ཡང་རྒྱུ་མ་ཡིན་པས་ན་དེ་ནི་གང་ལས་ཀྱང་རྗེས་སུ་དཔག་པ་མེད་དོ། །དེས་ན། ཚོགས་པའི་ནུས་པ་ཐ་དད་ཕྱིར། །དངོས་རྣམས་སྣ་ཚོགས་ངོ་བོ་ཉིད། །གལ་ཏེ་དེ་ཐ་དད་བྱེད་མིན། །འགྲོ་འདི་ངོ་བོ་གཅིག་ཏུ་འགྱུར། །ངོ་བོ་གཅིག་ཅེས་བྱ་བ་ནི་བླང་བྱ་དང་སྤང་བྱ་མེད་པའམ།

སྣང་བ་ཙམ་གཉིས་སུ་མེད་པ་ཞེས་བྱའོ། །འོན་ཏེ་བརྒྱ་བྱིན་གྱི་སྤྱི་བོ་ནི་མེའི་རང་བཞིན་ཡང་ཡིན་ལ། དེ་དང་མི་མཐུན་པའི་རང་བཞིན་ཡང་ཡིན་ནོ། །དེས་ན་མེའི་འབྲས་བུ་དེ་ལས་ཀྱང་འགྱུར་རོ་ཞེ་ན། འདི་ལ་བཤད་པ་ནི། འདི་ཐ་དད་བྱེད་ཐ་དད་བྱེད། །མིན་ན་རང་བཞིན་གཅིག་ཉིད་ཉམས། །

གཅིག་ནི་རང་བཞིན་དུ་མ་ན། །མེ་དང་མེ་མིན་རང་བཞིན་གཉིས། །དངོས་པོ་ཐ་དད་པའི་མཚན་ཉིད་ནི་རང་བཞིན་ཐ་དད་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་དུ་བ་སྐྱེད་པར་བྱེད་པ་ནི་མེ་ཉིད་ཡིན་པའི་ཕྱིར། འབྲས་བུའི་གཏན་ཚིགས་ལ་འཁྲུལ་པ་མེད་དོ། །དེ་མེའི་རང་བཞིན་ཡིན་ན་བརྒྱ་བྱིན་

གྱི་སྤྱི་བོ་གཞན་མ་ཡིན་ནོ། །རང་བཞིན་གང་གིས་ཐ་དད་པ་དེ་ནི་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་པས་འཁྲུལ་པའི་དོགས་པ་ག་ལ་ཡོད། དེས་ན་གཞན་ནི་དེས་བསྐྱེད་པའི། །རང་བཞིན་ཡིན་ཏེ་དེ་ཉིད་ནི། །དེ་བསྐྱེད་རང་བཞིན་མ་ཡིན་ན། །དེ་ནི་དེ་ལས་ཅི་ལྟར་འགྱུར། །དེ་ཕྱིར་རྒྱུ་དང་འབྲས་བུ་

དག །ཕན་ཚུན་རང་བཞིན་ངེས་པ་ཉིད། །དེས་ན་རང་ཉིད་མཐོང་བ་བཞིན། །འབྲས་བུ་མཐོང་ཡང་དེ་རྟོགས་འགྱུར། །འོ་ན། ཆུ་དང་འོ་མས་རུལ་འགྱུར་བཞིན། །དུ་མ་ལས་གཅིག་ཅི་ལྟར་འགྱུར། །དེ་ལྟར་ནི་མ་ཡིན་ཏེ། གཤེར་ནུས་གང་ལས་རུལ་འགྱུར་དེར། །གཉི་ག་གཅིག་ཉིད་ཅི་འདི་ནི། །

ཐ་དད་གཅིག་པའི་བདག་ཉིད་དམ། །ཐ་དད་གཤེར་ཉིད་ཅི་ལྟར་ཡིན། །དེ་ཡི་རང་བཞིན་ཅན་གྱི་བློ། །ཐ་དད་མེད་ཕྱིར་གཅིག་ཅེས་བརྗོད། །ཆུ་དང་འོ་མ་རང་བཞིན་གཅིག་པ་ཉིད་ནི་མ་ཡིན་ཏེ། དེ་ལས་གཞན་སྲ་བ་ལ་སོགས་པའི་རང་བཞིན་ལས་ལྡོག་པ་ཐ་མི་དད་པའི་ཕྱིར་གཅིག་པ་ཉིད་དོ། །འབྲས་

བུ་རུལ་པ་ཡང་དེ་བཞིན་ཏེ། དོན་དམ་པར་ན་རུལ་པ་ཡང་གཅིག་ཉིད་ནི་མ་ཡིན་གྱི། འོན་ཀྱང་དེ་ལས་གཞན་ལས་ལྡོག་པས་དེ་སྐད་བརྗོད་པའི་ཕྱིར་འཁྲུལ་པ་མེད་དོ། །དེ་གཞན་མེ་ནི་ཐ་དད་ཀྱི། །ཆ་གང་གིས་ན་མེར་རྟོགས་པའི། །རྟེན་ཡིན་དེས་ནི་དེ་སྐྱེད་པ། །དེས་ན་དེ་ལྟར་རྟོགས་པ་ཡིན། །

Vol. 179 · folio 263b

མེར་ཤེས་ཡན་ལག་གཞན་ལ་ནི། །ལྟོས་པ་ཉིད་ལས་འབྱུང་བའི་ཕྱིར། །དུ་བ་དེ་ལ་འཁྲུལ་མེད་ཅན། །དེ་ལྟར་འབྲས་གཞན་དེ་བཞིན་གྲུབ། །དེ་བཞིན་ཞེས་བྱ་བ་ནི་ཆུ་དང་འོ་མ་བཞིན་ཏེ། ཆུ་དང་འོ་མ་ཐ་དད་ཀྱང་གཤེར་བ་ཉིད་ཀྱིས་དེ་ལས་གཞན་དག་ལས་ལྡོག་པས་ན་གཤེར་བ་ཉིད་དུ་རྟོགས་པའི་

གཞི་ཡིན་པ་བཞིན་དུ་མེ་ཐ་དད་ཀྱང་དེ་ལས་གཞན་དག་ལ་ལྡོག་པ་ཉིད་ཀྱིས་མེ་རྟོགས་པའི་རྟེན་ཡིན་ནོ། །ཆ་གང་གིས་ཞེས་བྱ་བ་ནི་མེར་རྟོགས་པའི་རྒྱུ་ཉིད་ཀྱིས་སོ། །དེ་ཉིད་ཀྱིས་རྟོགས་པ་ཡིན་ཏེ། གཞན་དུ་ནི་འཁྲུལ་པའི་ཕྱིར་རོ། །མེར་རྟོགས་པའི་ཡན་ལག་མེད་པར་ནི་དུ་བ་མི་སྐྱེད་པའི་ཕྱིར་

དེ་ལ་འཁྲུལ་པ་མེད་དོ། །འདི་ལྟར། དུ་བ་བུད་ཤིང་འགྱུར་བ་ཡི། །ཡན་ལག་ལ་བརྟེན་མེར་འཇོག་ཕྱིར། །གལ་ཏེ་མེ་མིན་དེ་དུ་མིན། །གལ་ཏེ་དེ་དུ་དེ་མེད་ཉིད། །དུ་བ་དང་བུད་ཤིང་གི་རྣམ་པར་འགྱུར་བ་དེ་དག་གི། ཡན་ལག་ཉིད་མེ་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེས་ན་གལ་ཏེ་བརྒྱ་བྱིན་གྱི་

སྤྱི་བོ་ལ་སོགས་པ་འདི་དྲོ་བ་ལ་སོགས་པའི་མཚན་ཉིད་མ་ཡིན་ན་དེའི་ཚེ་དེ་དུ་བ་མ་ཡིན་ཏེ། བླངས་པ་ལ་སོགས་པ་ཉིད་དོ། །འདི་ཉིད་ག་ལས་གཞན་དུ་ནི་མ་ཡིན་ནོ་ཞེས་མ་མཐོང་བ་ནི་ངེས་པར་རིགས་པ་མ་ཡིན་ནོ་ཞེ་ན། འོ་ན་སྔོན་པོ་ལ་ཡང་གཞན་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་དེ་

ལྟ་མིན་ན་སྔོན་པོ་ཉིད་དུ་མི་འགྱུར་རོ་ཞེ་ན། དུ་བ་ཉིད་དུ་མི་འགྱུར་རོ་ཞེས་འདི་ནི་མཚུངས་སོ། །འདི་ག་ལས་ཞེས་བྱ་བ་ནི་གཞན་ཡང་མཚུངས་སོ། །གལ་ཏེ་སྔོན་པོ་ལ་སོགས་པ་ནི་རང་གི་རང་བཞིན་གྱི་མཚན་ཉིད་ཡིན་ཏེ། རང་གི་མཚན་ཉིད་མེད་པར་ནི་འབྱུང་བ་མ་ཡིན་ནོ། །བསྐྱེད་པར་བྱ་བ་ཉིད་ནི་

དུ་བ་ལ་སོགས་པའི་མཚན་ཉིད་མ་ཡིན་ཏེ། དེར་ཡང་རང་གི་རང་བཞིན་ཉིད་མཚན་ཉིད་ཡིན་པས་འདི་ནི་མཚུངས་པ་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། རང་བཞིན་ཙམ་དུ་སྣང་བས་ནི། །དངོས་པོ་དངོས་པོར་གནས་མ་ཡིན། །རང་གི་ངོ་བོར་སྣང་བ་ནི། །འཁྲུལ་དང་ཅིག་ཤོས་ཤེས་པ་མཚུངས། །

སྔོན་པོ་དང་སེར་པོ་ལ་སོགས་པའི་རང་གི་ངོ་བོ་ཙམ་དུ་སྣང་བ་ནི་འཁྲུལ་པ་དང་མ་འཁྲུལ་པའི་ཤེས་པ་མཚུངས་པའི་ཕྱིར་དངོས་པོ་མི་འགྲུབ་པོ། །རྣམ་པར་དབྱེ་བ་ནི་རྒྱུ་དང་འབྲས་བུས་བྱས་པ་ཡིན་པའི་ཕྱིར་ཏེ་སྤྲོས་པས་ཆོག་གོ། །རང་བཞིན་ཅི་ལྟར་མེད་ན་མི་འབྱུང་བ་ཡིན་ཞེ་ན། འདི་བརྗོད་པ།

Vol. 179 · folio 264a

ཅི་ལྟའི་རང་རྒྱུ་ལ་ལྟོས་ནས། །རང་བཞིན་མེད་ན་མི་འབྱུང་བར། །ཤེས་བྱ་འཇིག་དང་བྱས་པ་ཉིད། །གོང་དུ་ཇི་སྐད་བཤད་པ་བཞིན། །འཇིག་པ་ནི་དངོས་པོ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ནོ་ཞེས་དོན་འདི་སྔར་བསྟན་ཟིན་ཏེ། དེས་ན་ཡང་སྐྱུག་ལྡད་མི་བྱའོ། །དེའི་

ཕྱིར་རྒྱུ་དང་འབྲས་བུ་ནི་རྗེས་སུ་འགྲོ་ལྡོག་གི་མཚན་ཉིད་ཁོ་ན་ཡིན་པས་བདག་དང་སྲོག་ལ་སོགས་པ་ནི་མ་ཡིན་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་ནོ། །སློབ་དཔོན་གྱི་དགོངས་པ་མཐའ་དག་ཀྱང་འདི་ཉིད་ཡིན་ནོ། །དེ་ག་ལས་ཤེ་ན། ལྡོག་ཅན་མཚུངས་པར་བསྟན་པའི་ཕྱིར། །མཉན་བྱ་ཉིད་

ནི་བརྗོད་མཛད་ལས། །གཏན་ཚིགས་མིན་ཉིད་རྟོགས་པ་ཡི། །ཚུལ་འདིས་ཐམས་ཅད་དཔག་པར་བྱ། །ལྡོག་པ་ཅན་གྱི་གཏན་ཚིགས་ཐམས་ཅད་དཔེར་བརྗོད་པ་མཚུངས་པར་བསྟན་པའི་ཕྱིར། སློབ་དཔོན་གྱིས་ལྡོག་པ་ཅན་མཉན་པར་བྱ་བ་ཉིད་མ་ངེས་པར་བསྟན་པར་མཛད་པ་ཡིན་ཏེ།

དེས་ན་ཚུལ་འདི་ཐམས་ཅད་ནི་སློབ་དཔོན་གྱི་དགོངས་པ་ལ་གནས་པ་ཡིན་ནོ་ཞེས་བསམ་པར་བྱའོ། །དེ་ལྟར་ན་རེ་ཞིག་ལྡོག་པ་ཅན་གཏན་ཚིགས་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ལྡོག་པ་ཅན་ཐམས་ཅད་མཉན་བྱ་ཉིད་དང་མཚུངས་པའི་ཕྱིར་དང་། དེ་ཡང་ཐུན་མོང་མ་ཡིན་པ་ཉིད་ཀྱིས་མ་ངེས་

པ་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར། མཐུན་ཕྱོགས་མི་མཐུན་ཕྱོགས་དག་ལས། །ལྡོག་པ་ཡང་དག་ཉིད་དུ་ནི། །སྲིད་མིན་མ་མཐོང་བ་ཙམ་གྱིས། །ལྡོག་པ་ཅན་ཞེས་བཤད་པ་ཡིན། །རྟག་པ་དང་མི་རྟག་པ་དང་། བདག་དང་བཅས་པ་དང་བདག་མེད་པའི་ཕུང་པོ་གཉིས་ལས་མ་གཏོགས་

པའི་ཕུང་པོ་གཞན་ནི་ཡོད་པ་མ་ཡིན་ཏེ། དངོས་པོ་དང་དངོས་པོ་མེད་པ་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་ནི་དངོས་པོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་མ་ཡིན་པས་འགྲོ་བ་རྩོལ་མེད་དུ་འགྱུར་རོ། །ཕྱོགས་གཉིས་ལས་མ་གཏོགས་པ་ནི་འགའ་ཡང་མེད་དོ། །གལ་ཏེ་མཉན་པར་བྱ་བ་ཉིད་

རྟག་པ་དང་། མི་རྟག་པ་གཉི་ག་ལས་ལྡོག་པ་ཡིན་འོ་ན་ནི་མེད་པ་ཁོ་ནར་འགྱུར་ཏེ། རྟེན་མེད་པའི་ཕྱིར་རོ། །སྒྲ་ནི་རྟེན་ཡིན་ནོ་ཞེ་ན། མ་ཡིན་ཏེ་སྒྲ་ལ་ཡང་ཉེས་པ་མཚུངས་ཏེ། དེ་ཡང་ཐམས་ཅད་ལས་ལྡོག་པའི་ཕྱིར་མེད་པ་ཉིད་དུ་འགྱུར་རོ། །འདི་ལྟར། སྒྲ་རྟག་མི་རྟག་ཐེ་ཚོམ་ནི། །ཟ་ན་གཏན་ཚིགས་

Vol. 179 · folio 264b

ཚོལ་བ་ཡིན། །དེ་ནི་གཉི་ག་དང་བྲལ་ན། །དེ་དག་ལ་འདིར་ཐེ་ཚོམ་ཅི། །དེ་ལས་ལྡོག་པ་ཉིད་དུ་ངེས་པ་དེ་ཉིད་ལ་ཐེ་ཚོམ་ཟ་བར་མི་སྲིད་དོ། །འོ་ན་ནི་མཉན་བྱ་ཉིད་ཐེ་ཚོམ་གྱི་རྒྱུ་མ་ཡིན་ཏེ། སྒྲ་ཙམ་ཉིད་ལས་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེ་ན། ཅི་སྒྲ་ཉིད་ལས་ཐེ་ཚོམ་ཟ་བས་གཞན་དག་ཀྱང་ཐེ་ཚོམ་གྱི་རྒྱུ་ལ་

བརྟེན་པ་མ་ཡིན་པར་འགྱུར་རམ། གལ་ཏེ་གང་ཞིག་ལ་ལར་མཐོང་བ་དེ་དག་གཞན་མཐོང་བ་ན་དེར་དོགས་པ་བསྐྱེད་པ་མ་ཡིན་ནམ། ཐེ་ཚོམ་གྱི་རྒྱུ་ནི་དེ་ཉིད་ཡིན་པར་བརྗོད་དོ། །མཉན་པར་བྱ་བ་ཉིད་གོ་ཅི་ལྟར་ཐེ་ཚོམ་གྱི་རྒྱུ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། མཐོང་བ་བསྒྲུབ་པའི་ཚུལ་གྱིས་ནི། །

ཐེ་ཚོམ་བཀག་པས་དངོས་མེད་ལ། །ཐེ་ཚོམ་ཟ་འགྱུར་རང་གི་ཕྱོགས། །ཡོངས་སུ་འཛིན་པས་ཅི་ཞིག་བྱ། །གང་དུ་གཞལ་བྱ་ཉིད་ལ་སོགས་པ་ཐུན་མོང་གི་མ་ངེས་པ་ལ་ཐེ་ཚོམ་ཟ་བ་དེ་ནི་མཐོང་བའི་སྒོ་ནས་སྒྲུབ་པའི་ཚུལ་གྱིས་ཡིན་ལ་ཡུལ་ལ་ཐུན་མོང་མ་ཡིན་པ་ལ་ནི་དགག་པའི་སྒོ་ནས་ཡིན་

པའི་ཕྱིར་འདི་གཉིས་ལ་ཁྱད་པར་ཅི་ཡོད། གལ་ཏེ་མཉན་བྱ་ཉིད་རྟག་པ་དང་མི་རྟག་པ་དག་ལ་མ་མཐོང་བའི་ཕྱིར་དེ་དག་མི་རྟོགས་པའི་རྒྱུ་ཉིད་དུ་འཐད་པ་མ་ཡིན་ནམ། མ་མཐོང་བ་ནི་མི་རྟོགས་པའི་ཡན་ལག་ཡིན་པའི་ཕྱིར་རོ་ཞེ་ན། འདི་ནི་བཟང་པོ་མ་ཡིན་ཏེ། འདི་ལྟར། འགལ་བས་གང་ཚེ་

གཅིག་ལྡོག་པར། །དེས་ཕྱིར་བཟློག་པའི་ཟླ་བོ་ནི། །འཇུག་འགྱུར་གཉི་ག་དག་ལས་ཀྱང་། །ལྡོག་པ་སྲིད་པ་མ་ཡིན་ནོ། །ཕན་ཚུན་སྤངས་པས་འགལ་བ་གཉི་ག་ལས་གཅིག་ཏུ་ངེས་པར་ལྡོག་པ་ནི་མི་སྲིད་པས་འདིར་བཏང་སྙོམས་པར་གནས་པ་ནི་མི་འཐོབ་པ་ཁོ་ནའོ། །གལ་ཏེ་གཉིས་ལས་

གཅིག་ལ་གནས་པར་ཚད་མ་མེད་པ་གཉིས་ཀྱིས་ཐེ་ཚོམ་ཟ་བ་ཡིན་གྱི། མཉན་བྱ་ཉིད་ཀྱིས་བྱས་པ་མ་ཡིན་པ་མ་ཡིན་ནམ། དེ་ནི་དེ་ལྟར་ན་མི་རྟོགས་པའི་རྒྱུ་མཚན་དུ་འགྱུར་བར་ཟད་དོ་ཞེ་ན། །འོ་ན་ནི་ཐུན་མོང་གི་མ་ངེས་པ་ལ་ཡང་ཚད་མ་མེད་པ་ཉིད་ལས་ཐེ་ཚོམ་ཟ་བ་ཡིན་གྱི། དེ་གཏན་ཚིགས་ཀྱིས་བྱས་

པ་ནི་མ་ཡིན་ནོ། །དེ་ཡང་མཐོང་བའི་སྒོ་ནས་ཐེ་ཚོམ་གྱི་རྒྱུ་ཉིད་དོ་ཞེ་ན། མཉན་བྱ་ཉིད་ཀྱང་མ་མཐོང་བའི་སྒོ་ནས་ཡིན་པས་འདི་མཚུངས་སོ། །འོན་ཏེ་ཐེ་ཚོམ་ཟ་བར་གྱུར་པ་ནི་དེ་ལས་ཐེ་ཚོམ་མི་ལྡོག་པས་དེ་ཐེ་ཚོམ་གྱི་རྒྱུ་བརྗོད་པ་ན་མཉན་བྱ་ཉིད་ཀྱང་དེ་བཞིན་ཉིད་པས་འདི་ནི་གྱི་ནའོ། །གཞན་ཡང་།

Vol. 179 · folio 265a

གཉི་ག་ལ་མཐོང་གཞལ་བྱ་ཉིད། །གཉིས་ཀྱིས་ཅི་སྟེ་ངེས་མི་བྱེད། །གཉི་ག་ལ་ནི་མཐོང་ལྡན་པ། །གཉི་ག་ལའང་སྒྲུབ་བྱེད་ཡིན་པར་འགྱུར། །གང་ཞིག་གང་ལ་མཐོང་བས་ན། །དེ་གྲུབ་པ་ཉིད་དུ་འགྱུར་གྱི་མེད་དོ་ཞེས་ཆ་གཉིས་པ་ལ་བརྟེན་པ་ག་ལས། འོན་ཏེ་ཕན་

ཚུན་འགལ་བ་དང་ལྡན་པ་གཉི་ག་ལ་གཅིག་ལ་ཡོད་པ་ནི་མི་འཐད་དོ་ཞེ་ན། དེ་ལྟ་ན། འོ་ན་ཕྱོགས་ཉིད་ལ་ཐེ་ཚོམ་པ་ཡིན་གྱི་མཐུན་པའི་ཕྱོགས་ཀྱི་སྒོ་ནས་གྱུར་པ་ནི་མ་ཡིན་ནོ། །མཐོང་བ་ལ་ཡང་ཕྱོགས་ལ་ཐེ་ཚོམ་པའི་སྒོ་ཁོ་ནས་ཐེ་ཚོམ་ནི་འགྱུར་བ་ཡིན་ལ། དེ་ནི་གཉི་ག་ལ་མ་མཐོང་བ་ལ་

ཡང་མཚུངས་སོ། །གཅིག་ཏུ་ངེས་པར་ལྡོག་པར་བྱ་སྟེ་ཐེ་ཚོམ་ཟ་བ་ནི་མ་ཡིན་ནམ། གཅིག་ཏུ་ངེས་པར་གཉིས་ལས་ལྡོག་པར་མ་ངེས་པའི་ཕྱིར་རོ། །གལ་ཏེ་ཕུང་པོ་གསུམ་པ་མི་སྲིད་པ་གཉི་ག་ལས་ལྡོག་པ་དེ་ནི་རང་བཞིན་ཉིད་ཀྱིས་མི་རྟོགས་པའི་རྒྱུ་ཡིན་ཏེ། ལྡོག་པ་ཅན་འདི་ནི་སློབ་

དཔོན་གྱིས་ཀྱང་དེ་ལྟར་བཤད་པ་ཡིན་ནོ། །དེ་སྐད་དུ་ཡང་བསྒྲུབ་པར་བྱ་བའི་ཆོས་ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ནི་ཁྱད་པར་ཅི་སྙེད་ཀྱིས་མཐའ་དག་བསྡུས་པ་དེ་ལ་ཐེ་ཚོམ་ཟ་བའི་རྒྱུ་ཡིན་ཏེ། དེའི་རྟེན་ནི་དེས་བསྡུས་པའི་ཕྱིར་དང་། གཅིག་ཏུ་ངེས་པར་ལྡོག་པའི་ཕྱིར་རོ་ཞེས་གསུངས་ཏེ།

དེ་ཅི་ལྟར་འདི་ལྡོག་པ་ཉིད་ལ་ཐེ་ཚོམ་ཟ་བས་དོགས་པའི་རྒྱུ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ། གང་ཕྱིར་གང་ཞིག་གཉི་ག་ལས། །ལྡོག་པར་ངེས་ཏེ་གཞན་ལ་ནི། །ཡོད་པས་གཉི་ག་དག་ལ་ཡང་། །མེད་འགྱུར་འདི་ནི་བཤད་ཟིན་ཏོ། །ལོག་པར་སླར་ཡང་དེ་ཉིད་ལ། །ཐེ་ཚོམ་བྱེད་པར་ཅི་ལྟར་

འགྱུར། །གཉི་ག་རྣམ་གཅོད་བསྒྲུབ་པ་ནི། །དེ་ལས་ལྡོག་པ་ལས་གཞན་མིན། །གང་ཞིག་གང་ལས་ལྡོག་པ་དེ་ཅི་ལྟར་དེ་རྣམ་པར་གཅོད་པ་སྒྲུབ་པར་བྱེད་པ་མ་ཡིན། འོན་ཏེ་གཉི་ག་རྣམ་པར་གཅོད་པ་སྒྲུབ་པར་བྱེད་པ་ཉིད་ཀྱིས་མི་རྟོགས་པའི་རྒྱུ་ཡིན་ནོ་ཞེ་ན། འདི་ནི་མེད་དེ། འདི་ལྟར།

གཏན་ཚིགས་ཐམས་ཅད་རྣམ་གཅོད་ནི། །སྒྲུབ་པར་བྱེད་པས་གཏན་ཚིགས་ཉིད། །སྒྲ་དང་རྟགས་ཀྱི་ལྡོག་པ་ནི། །རབ་སྒྲུབ་བྱེད་ཅེས་རྣམ་པར་གནས། །གཏན་ཚིགས་གཞན་ལས་གཞན་ལྡོག་པ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་བདེན་མོད་ཀྱི། འོན་ཀྱང་དེ་ནི་གཞན་བསྒྲུབ་འཕེན་པ་ཉིད་

Vol. 179 · folio 265b

ཀྱིས་ཡིན་ནོ། །འདིར་ནི་གཞན་འཕངས་པ་ཅི་ཡང་ཡོད་པ་མ་ཡིན་ཏེ། གཉི་ག་ལས་ལྡོག་པའི་ཕྱིར་རོ། །བྱས་པ་ཉིད་ལས་ནི་རྟག་པ་ལས་ལྡོག་པས་མི་རྟག་པ་འཕེན་པ་ཡིན་ནོ་ཞེ་ན། དེ་བདེན་ཏེ། རྟག་པ་ལོག་ལས་མི་རྟག་པས། །ཉིད་ནི་གཞན་དུ་གྲུབ་པ་མེད། །གང་ཕྱིར་རྗེས་སུ་དཔག་པ་ནི། །གཞན་

ལྡོག་ཉིད་ཀྱིས་དོན་བྱས་འགྱུར། །རྗེས་སུ་དཔག་པ་ནི་གཞན་རྟག་པའི་སྒྲོ་འདོགས་པ་བཅད་པ་ཙམ་གྱིས་དོན་བྱས་པ་ཡིན་ཏེ། རྟག་པ་དང་མི་རྟག་པའི་རྣམ་པར་མི་རྟོག་པ་དག་ནི་གཅིག་བཟློག་པས་གཞན་རང་ཉིད་གནས་པའི་ཕྱིར་རོ། །དེར་ཡང་རེས་འགའ་མེད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ།

དེ་མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །འབྲས་བུའི་གཏན་ཚིགས་ལ་ཅི་ལྟར་ཞེ་ན། འདི་ནི་རེ་ཞིག་གཞག་གོ། །གལ་ཏེ་མཉན་བྱ་ཉིད་ཀྱིས་གཉི་ག་ཡང་རྣམ་པར་བཅད་པ་ཡིན་ན། དེ་ལས་འགྲུབ་པ་མངོན་སུམ་གྱིས་གྲུབ་པར་འགྱུར་བའི་ཕྱིར་གཏན་ཚིགས་ཉིད་དུ་འགྱུར་རོ། །གཏན་ཚིགས་

གཞན་དེ་གཅིག་བསྒྲུབས་པས་གཏན་ཚིགས་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མངོན་སུམ་གྱིས་གྲུབ་པ་གཏན་ཚིགས་གཞན་གྱིས་འགོག་པར་བྱེད་པའམ། སྒྲུབ་པར་བྱེད་པ་ཅི་ལྟར་འགྱུར། །འོན་ཏེ་མངོན་སུམ་ནི་འགོག་པར་བྱེད་པ་མ་ཡིན་ཏེ། དེས་ནི་གཞན་གྱིས་བསྒྲུབ་པའམ་འགོག་པ་ཡིན་ནོ་ཞེ་ན།

མ་ཡིན་ཏེ། མཉན་བྱ་ཉིད་ཀྱིས་གཉི་ག་རྣམ་པར་བཅད་པས། ཅི་ལྟར་གཞན་གྱིས་གྲུབ། དེ་ལྟར་མ་ཡིན་ན། དོར་བ་ཡང་གཞན་གྱིས་སྒྲུབ་པའི་ཕྱིར་ཇི་ལྟར་ན་གཞན་ཡང་ཚད་མ་མ་ཡིན་པར་འགྱུར་ཏེ། དེས་ན་ཐམས་ཅད་ཡིད་བརྟན་དུ་མེད་པར་འགྱུར་རོ། །མངོན་སུམ་འགོག་པར་བྱེད་པ་མ་ཡིན་པ་

ཡང་མ་ཡིན་ཏེ། དེ་ལྟར་ཡིན་ན་ནི་སྒྲུབ་པར་བྱེད་པའི་རང་བཞིན་དུ་ཡང་མི་འགྱུར་རོ། །སྒྲུབ་པར་བྱེད་པ་ནི་དངོས་པོ་རྟོགས་པར་བྱེད་པ་ཡིན་ལ། དངོས་པོ་ཡང་དེ་ལས་གཞན་དང་ཐ་དད་པ་མེད་པར་རྣམ་པར་བཅད་པ་རྟོགས་པར་མི་འགྱུར་རོ། །འདི་ལྟར་དངོས་པོ་དེ་གཞན་དང་མ་འདྲེས་པའམ། འོན་ཏེ་

གཞན་དང་འདྲེས་པར་འགྱུར། །གཞན་དང་འདྲེས་ན་ཐ་སྙད་ནི། །མེད་ཕྱིར་དངོས་པོ་ཉིད་མིན་འགྱུར། །དེ་བཞིན་དུ་ནི་གཞན་དག་ལས། །འགོག་པ་ཡང་ནི་མེད་པར་འགྱུར། །འདི་རྣམ་པར་དཔྱད་པར་བྱ་སྟེ། །དངོས་པོ་རང་ཉིད་ཀྱི་ངོ་བོ། །གཞན་ལས་ལྡོག་པའམ། འོན་ཏེ་དེ་ལྟ་མ་ཡིན། གལ་ཏེ་ལོག་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words