ཚད་མ་རྣམ་འགྲེལ་གྱི་རྒྱན
Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀ་ཨཱ་ལཾ་ཀཱ་ར
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 178 · folio 192a
དངོས་པོ་ནི་མེད་པའི་ཡུལ་ཅན་ཉིད་ཀྱིས་དངོས་པོ་མ་ཡིན་པ་ཉིད་དོ་ཞེ་ན། དེ་ཡང་བཟང་པོ་མ་ཡིན་ཏེ། རྗེས་སུ་དཔག་པ་ཐམས་ཅད་དངོས་པོ་མེད་པའི་ཡུལ་ཅན་ཉིད་དོ་ཞེས་འགྲུབ་པའི་ཕྱིར་རོ། །འདི་ནི་དངོས་པོ་མ་ཡིན་པའི་མཚན་ཉིད་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་
མཐོང་བའི་ཕྱིར་རོ། །འདི་ལྟར། ཇི་ལྟར་དངོས་པོ་ནུས་མེད་ལ། །མེད་ཅེའམ་རྟོགས་པ་ཅི་བཞིན་དུ། །ནུས་ལའང་གཙོ་བོ་ལ་སོགས་པའི། །མཉན་པོ་སྐྱེ་བོས་བྱས་པ་ཡིན། །དངོས་པོ་ལ་ཡང་རུང་བ་ཉིད་དམ་རུང་བ་མ་ཡིན་པ་ཉིད་ཀྱིས་འཇིག་རྟེན་གཙོ་བོ་ལ་སོགས་པའི་
སྒྲ་འཇུག་པར་བྱེད་པ་དེ་ནི་ཕལ་པ་ཡིན་ནོ། །ཁྱོད་ཀྱི་འདོད་པ་ནི་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར་དངོས་སུ་འགྱུར་རོ། །གཙོ་བོ་དང་སྐྱེས་བུ་ལ་སོགས་པ་ནི་ཁྱོད་ཀྱི་འདོད་པས་གྲངས་ཅན་གྱི་སྐྱེས་བུ་ལ་སོགས་པའི་སྒྲ་གང་ཡིན་པ་དེ་དག་གི་ཐ་སྙད་དང་རྣམ་པར་རྟོག་པ་དག་དངོས་པོའི་
ཡུལ་ཅན་ཡིན་པའི་ཕྱིར། དངོས་པོ་མ་ཡིན་པར་འགྱུར་ན་དེ་ལྟར་མ་ཡིན་ནོ། །ཅི་སྟེ་གཞན་སྒྲོ་བཏགས་པའི་ཕྱིར་བུ་ལ་སོགས་པ་ལ་གཙོ་བོ་ལ་སོགས་པའི་སྒྲ་དངོས་མ་ཡིན་ནོ་ཞེ་ན། འོ་ན་དངོས་པོ་དང་ཅིག་ཤོས་ཀྱི་ཡུལ་ཅན་ཉིད་སྒྲ་དངོས་པོ་དང་ཅིག་ཤོས་ཀྱི་མཚན་ཉིད་དུ་མི་འགྱུར་རོ། །དེ་ལ་
སྒྲོ་བཏགས་པས་ན་དེ་ཉིད་ཀྱི་རང་བཞིན་དུ་མེད་པ་ཉིད་དེ་དེས་ན་མཚན་ཉིད་དེ་ཉིད་ཡིན་ནོ་ཞེ་ན། འོ་ན་ནི་རྗེས་སུ་དཔག་པ་ཡང་དཔེ་ལ་མཐོང་བའི་རང་བཞིན་ཉིད་སྒྲོ་འདོགས་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་མ་ཡིན་པ་ཉིད་དུ་གྲུབ་བོ། །དེའི་ཕྱིར། ཞིག་པ་སྒྲ་ལས་བློ་ཅི་
འདྲ། །སྣང་བ་དེ་འདྲ་བ་ཞིག་ལའང་། །རྣ་བ་ལ་སོགས་རྣམ་པར་ཤེས། །དོན་ཡོད་ཅན་ལ་དེ་དག་མེད། །སྤྱི་ཙམ་འཛིན་པར་བྱེད་པའི་ཕྱིར། །སེམས་གཉིས་དག་ནི་མཚུངས་པ་ཡིན། །དེ་འབའ་ཞིག་ནི་འཛིན་བྱེད་པ། །སྔར་ནི་རྣམ་པར་བཟློག་ཟིན་ཏོ། །སྤྱི་ཙམ་ཞིག་
འཛིན་ན་འདས་པ་ལ་སོགས་པའི་རྣམ་པར་དབྱེ་བར་མི་འགྱུར་རོ། །འབའ་ཞིག་གཟུང་བར་བྱ་བ་ནི་མ་ཡིན་ནོ་ཞེས་བསྟན་ཟིན་པ་ཡང་ཡིན་ནོ། །འོན་ཏེ་གསལ་བ་དེ་དག་ཉིད་ཁྱད་པར་མེད་པར་གཟུང་བ་ནི་སྤྱི་ཡིན་ཏེ། དེས་ན་རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་དུ་འགྱུར་རོ་ཞེ་ན། འདི་
Vol. 178 · folio 192b
ལ་བརྗོད་པ། ཁྱད་པར་མེད་པར་འཛིན་པ་དེ་གལ་ཏེ་ཤེས་པའི་རང་བཞིན་ཉིད་ཡིན་ན་ནི་རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་དུ་མི་འགྱུར་རོ། །འོན་ཏེ་རང་བཞིན་དེ་དངོས་པོ་ཉིད་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། འདི་ལྟར། ཕན་ཚུན་ཁྱད་པར་ཅན་རྣམས་ནི། །ཁྱད་མེད་ངོ་བོ་ཅི་ལྟར་
འགྱུར། །ངོ་བོ་ཉིད་གཉིས་ཡོད་ན་ཡང་། །དེ་དངོས་གཅིག་ཏུ་ཇི་ལྟར་འགྱུར། །ཁྱད་པར་ཅན་གྱི་ངོ་བོ་རྣམས་ངོ་བོ་ཁྱད་པར་མེད་པར་འགྱུར་བ་ནི་མ་ཡིན་ཏེ། ཕན་ཚུན་འགལ་བ་དག་ནི་གཅིག་ཉིད་དུ་མི་འཐད་པའི་ཕྱིར་རོ། །བ་ལང་བ་ལང་ཞེས་གཅིག་ཉིད་ལྡོག་པ་དང་རྗེས་སུ་སོང་བར་མངོན་
སུམ་དུ་དམིགས་པ་ཡིན་ནོ་ཞེ་ན། རྗེས་སུ་སོང་བ་ཞེས་བྱ་བ་འདི་ཅི་ཞིག །བ་ལང་བ་ལང་ཞེས་རྗེས་སུ་ཞུགས་པ་ཉིད་དུ་རྟོགས་པ་གང་ཡིན་པའོ་ཞེ་ན། ཅི་རྗེས་སུ་སོང་བ་ལ་ཡང་རྗེས་སུ་སོང་བ་ཡོད་དམ། དེ་ལྟའོ་ཞེ་ན་ཐུག་པ་མེད་པར་འགྱུར་རོ། །དེ་ནི་དེའི་རང་གི་ངོ་བོ་ཉིད་དོ་ཞེ་ན། ཅི་
སྟེ་འདིར་རང་གི་ངོ་བོ་ཉིད་ཀྱིས་དམིགས་སམ་གལ་ཏེ་དམིགས་ན་ནི་རྣམ་པ་གཉིས་རྟོགས་པར་འགྱུར་རོ། །དེའི་རང་བཞིན་ནི་དོན་གྱི་ངོ་བོ་ཉིད་ཡིན་ནོ་ཞེ་ན། རང་བཞིན་རྗེས་སུ་སོང་བ་ནི་རང་བཞིན་གཅིག་ཉིད་ཡིན་པ་དེས་ན་གསལ་བ་ཐ་དད་པ་མེད་པར་འགྱུར་ཏེ། དེ་ལྟར་ན་ཡང་སྤྱི་མེད་དོ། །
འོན་ཏེ་དེ་དག་རང་བཞིན་གཅིག་མ་ཡིན་པ་དེ་ལྟ་ནའང་སྤྱི་མེད་དོ། །འོན་ཏེ་གསལ་བ་ལ་བ་ལང་བ་ལང་ཞེས་རྗེས་སུ་སོང་བའི་རྣམ་པ་ཅན་གྱི་ཤེས་པ་ནི་དམིགས་པ་ཁོ་ན་ཡིན་ནོ། །གཞན་དུ་ན་འདི་ཇི་ལྟར་རུང་བར་འགྱུར་རོ་ཞེ་ན། འདིར་འདི་སྐད་བརྗོད་དེ། རྗེས་སུ་སོང་བའི་རྣམ་པ་ཅི། །
ཤེས་པའམ་དོན་ཅིས་བརྗོད་པར་བྱ། །ཤེས་པའོ་ཞེ་ན་དེ་ཡི་དོན། །འགའ་ཡང་རྗེས་སོང་མཐོང་མ་ཡིན། །གལ་ཏེ་རྗེས་སུ་སོང་བའི་རྣམ་པ་ཤེས་པ་ཡིན་ན་དོན་དང་ཅིར་འོང་། དོན་རྗེས་སུ་སོང་བ་ཉིད་ཀྱིས་དེ་རྗེས་སུ་སོང་བ་ཡིན་ནོ་ཞེ་ན། དེ་ཉིད་དེ་ལྟར་བསྙད་པར་བྱའི། །གཞན་ལ་
བསྙད་པས་ཅི་ཞིག་བྱ། །སྔོན་པོ་ལ་སོགས་པ་དག་ཤེས་པ་ལ་ཐ་སྙད་བྱས་པའི་སྒོ་ནས་དེ་ལྟར་ཐ་སྙད་དུ་ངེས་པ་ནི་མ་ཡིན་ནོ། །སྔོན་པོ་ལ་སོགས་པ་ལ་ཡང་དེ་ལྟར་ཐ་སྙད་བྱེད་པ་ཡིན་ཏེ། འདི་ལྟར་སྔོན་པོའི་རྣམ་པ་ཉམས་སུ་མྱོང་བས་ན་སྔོན་པོ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ།
Vol. 178 · folio 193a
འཇིག་རྟེན་ན་དེ་ལྟར་ཐ་སྙད་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་སྔོན་པོ་མཐོང་ངོ་ཞེས་སྔོན་པོ་དང་སེར་པོ་དག་ཐ་དད་པ་ཁོ་ནར་རྟོགས་པ་ཡིན་ནོ། །བདེ་བ་དང་སྡུག་བསྔལ་དག་ཀྱང་སྟེ། འདིར་གང་ཐ་དད་པར་རིག་པ་ན་འདི་ནི་འདིར་རྗེས་སུ་སོང་བ་ཡིན་ལ། འདི་ནི་གཞན་
དུ་ཡིན་ནོ་ཞེས་ཐ་སྙད་དུ་བྱ་བ་ཡིན་ནོ། །དེ་ནི་ཐ་སྙད་དུ་བྱ་བ་མ་ཡིན་པ་ཉིད་དོ་ཞེ་ན། འོ་ན་ད་ཇི་ལྟར་ཡོད་པའི་རང་བཞིན་བསྟན་པར་བྱ་བ་མ་ཡིན། བསྟན་པར་མི་ནུས་པའི་ཕྱིར་ཏེ། །གང་ཕྱིར་དེ་ལ་རྟོགས་པ་འདི། །སྤྱིར་ཞེས་བྱ་བར་རྗེས་འགྱུར་བ། །གང་ཞིག་རང་གི་ངོ་བོ་ཡིས། །
བསྟན་པར་ནུས་པ་ཡོད་མ་ཡིན། །གལ་ཏེ་བསྟན་པར་མི་ནུས་ན་ཅི་ལྟར་གཞན་ལ་བསྒྲུབ་པར་བྱ་བ་ཡིན། མ་གྲུབ་ན་ཡང་ཇི་ལྟར་གཞན་ཁས་ལེན་པར་བྱེད་པར་འགྱུར། །བདེ་བ་ལ་སོགས་པ་ཡང་ཇི་ལྟར་བསྟན་པ་ཡིན། དེ་དག་ཀྱང་རང་གི་ངོ་བོས་ནི་བསྟན་པར་འོས་པ་མ་ཡིན་ཏེ། རང་
རིག་པའི་མངོན་སུམ་ཡིན་པའི་ཕྱིར་རོ་ཞེ་ན། མ་བསྟན་ཀྱང་སྐྱོན་མེད་དེ། ཁྱོད་ལ་བདེ་བ་ཡོད་དོ་ཞེས་བསྟན་པ་འདིས་ཅི་ཞིག་བྱ། ཁྱོད་མཐོང་བས་ང་བདེའོ་ཞེས་བསྟན་པས་ནི་དགོས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་འདི་ནི་ཐ་སྙད་ཙམ་དུ་ཟད་དེ། ཚོགས་ཅན་མ་ལ་སོགས་པ་དག་ལ་མཐོང་
བའི་ཕྱིར་རོ། །འོན་ཏེ་བ་སྤུ་ལྡང་བ་ལ་སོགས་པ་མཐོང་བ་ལ་རྟོགས་ན། དེ་ལྟ་ན་ཡང་གཞན་གྱིས་བསྟན་པས་ཅི་བྱ་སྟེ་དེས་ན་འདི་ནི་གྱི་ནའོ། །གང་གི་ཕྱིར་འདི་སྤུ་ལྡང་བ་ལ་སོགས་པ་རྣམ་པ་དུ་མར་འགྱུར་བ་དེ་ནི་བདེ་བ་ལ་སོགས་པ་ཡིན་ནོ་ཞེས་རྟོགས་པ་ཙམ་གྱིས་ཆོག་པའི་ཕྱིར་རོ། །
འདིར་ཡང་གང་ལས་སྣམ་བུ་ཞེས་བྱ་བའི་རྣམ་པར་འགྱུར་བ་ནི་སྤྱི་ཡིན་ནོ་ཞེ་ན། དེ་ལྟར་ཐ་དད་པའམ་ཅིག་ཤོས་རྗེས་སུ་སོང་བའི་རྣམ་པ་ཅན་གྱི་སྤྱི་གྲུབ་པ་ནི་མ་ཡིན་ཏེ། འོན་ཀྱང་འདི་ནི་ཐོག་མ་མེད་པའི་ཐ་སྙད་ཀྱི་བག་ཆགས་ཀྱི་རྒྱུ་མཚན་ཅན་ཡིན་ཏེ་གཙོ་བོ་ལ་སོགས་པའི་ཐ་སྙད་
བཞིན་ནོ། །ཐ་དད་པ་དང་ཐ་མི་དད་པ་ཡང་ཉམས་སུ་མྱོང་བ་མེད་དེ། སྤྱི་གཞན་ཉིད་ནི་ཡོད་མ་ཡིན། །གཞན་དུ་རྟོགས་པ་མེད་ཕྱིར་རོ། །གཞན་དང་གཞན་མིན་ཕྱོགས་དག་ཀྱང་། །རྣམ་གཞན་མེད་པར་ཇི་ལྟར་འགྱུར། །འདི་ལྟར་རྣམ་འགས་དེ་ཉིད་དང་། །གཞན་གྱིས་
Vol. 178 · folio 193b
བཟློག་པར་འགྱུར་བ་ཡིན། །དེ་ཉིད་གང་དེ་བཟློག་པ་དང་། །གཞན་དུ་རབ་ཏུ་ཚོར་བ་མེད། །ལག་གདུབ་ཉིད་ལ་ཐ་དད་ཀྱང་། །རྣ་རྒྱན་ཅི་ལྟར་གསེར་མ་ཡིན། །ལག་གདུབ་སོགས་ལས་མ་གཏོགས་པར། །གསེར་གཞན་དག་ནི་ག་ལས་ཡིན། །གལ་ཏེ་རྗེས་ཞུགས་གསེར་
ཡིན་ན། །རྗེས་ཞུགས་གཞན་ཡོད་ག་ལས་ཡིན། །རྗེས་འགྲོའི་རྟོགས་པ་ལས་ཤེ་ན། །འདིར་ནི་སྔར་བསྟན་ཟིན་པ་ཉིད། །འདི་ནི་རེ་ཞིག་བཞག་གོ། །ཅི་སྟེ་སྤྱི་དང་ཐ་དད་པ་ཡིན་ན་དེ་ལྟ་ན་ཡང་དེའི་འབྲེལ་པ་ཡོད་པ་མ་ཡིན་ཏེ། གལ་ཏེ་དེ་དག་མཚུངས་པ་ཡི། །དངོས་དེ་དེ་
དག་ལས་གཞན་ཉིད། །དེ་དག་གིས་ཞེས་འབྲེལ་མེད་འགྱུར། །ལྡོག་པ་ལ་ནི་སུན་དབྱུང་མེད། །གལ་ཏེ་དེ་དེ་དག་ལས་གཞན་འབྲེལ་པ་ཉིད་ཡིན་ན་དེའི་ཚེ་སྤྱིར་མི་འགྱུར་ཏེ། དོན་གཞན་ཡིན་པའི་ཕྱིར་རོ། །བུམ་པ་ནི་སྣམ་བུའི་སྤྱི་མ་ཡིན་ནོ། །སྤྱིའི་བདག་ཉིད་མ་ཡིན་པའི་ཕྱིར་
སྤྱིར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། སྤྱི་ཡི་བདག་ཉིད་ཡིན་པས་དེ། །སྤྱི་ཉིད་དུ་ནི་འགྱུར་ལ་རག །དེའི་ཞེས་བྱ་བའི་འབྲེལ་པ་ནི་གང་ཞིག་ལས་ནི་འགྱུར་བ་ཡིན། དེ་དང་འབྲེལ་པ་རང་བཞིན་ཡིན་པའི་ཕྱིར་རོ་ཞེ་ན། དེ་ནི་འདི་འབྱུང་བ་ཡིན་ཏེ། ཅིའི་ཕྱིར་སྒྲ་ནི་མི་རྟག་ཡིན། །མི་རྟག་
ཕྱིར་ན་མི་རྟག་འགྱུར། །དེ་ལྟར་དངོས་པོ་འགའ་ཡང་ནི། །འགྲུབ་པར་མི་འགྱུར་ཡོད་མ་ཡིན། །འདི་ལ་འབྲེལ་པ་ཉིད་མ་གྲུབ་པའི་ཕྱིར་དེ་ཉིད་གཏན་ཚིགས་སུ་ག་ལ་འགྱུར་བ་མ་ཡིན་ནམ། དེ་ལྟ་མ་ཡིན་ན་ཐམས་ཅད་ལ་ཐམས་ཅད་འགྲུབ་པར་འགྱུར་རོ། །སྤྱིར་མངོན་པར་འདོད་པ་ལ་
ཡང་སྤྱིའི་རང་བཞིན་ཞེས་བྱ་བ་ནི་གྲུབ་པ་མེད་དོ། །འོན་ཏེ་འབྲེལ་པ་གྲུབ་བོ་ཞེ་ན། དེ་ལྟ་ན་ཡང་གསལ་བ་མཐའ་དག་འཛིན་པར་འགྱུར་ཏེ། མཐའ་དག་དང་འབྲེལ་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འབྲེལ་པའི་ངོ་བོ་ཉིད་མ་རྟོགས་པར་སྤྱི་གཞན་ཡོད་པ་ནི་མ་ཡིན་ནོ། །རྣམ་པ་མཚུངས་
པ་ཉིད་དོ་ཞེ་ན། རྣམ་པ་མཚུངས་ཉིད་ཅེས་འབྲེལ་པ་ཉིད་ལ་དེ་ལྟར་ཐ་སྙད་བྱས་པ་ཡིན་ནོ། །རྣམ་པ་མཚུངས་པ་ཉིད་ནི་གསལ་བ་ལ་ལྟོས་ནས་ཡིན་གྱི། རང་གི་ངོ་བོ་ལ་ལྟོས་པ་ནི་མ་ཡིན་ཏེ། རང་གི་ངོ་བོ་ནི་ཐམས་ཅད་དུ་རང་གི་བདག་ཉིད་ལ་རྣམ་པར་གནས་པའི་ཕྱིར་རོ། །གསལ་
Vol. 178 · folio 194a
བ་ལ་ལྟོས་ནས་མཚུངས་པ་ཉིད་ཡིན་ན་ནི། གསལ་བ་མ་བཟུང་བར་མི་འཛིན་པའི་ཕྱིར་རོ། །གཞན་ལས་ལྡོག་པའི་སྤྱི་ལ་ཡང་ཉེས་པ་འདི་ཉིད་དོ་ཞེ་ན། མ་ཡིན་ཏེ་ལྡོག་པ་ལ་སྐྱོན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ཕན་ཚུན་ཁྱད་པར་ཅན་དུ་གྱུར་པ་དག་
ཀྱང་གཞན་དུ་མངོན་པར་འདོད་པ་ལ་ལྡོག་པ་མི་འགལ་ལོ། །དེ་དོན་བྱ་བ་གཅིག་བྱེད་པའི་ཕྱིར་སྤྱིའི་ཐ་སྙད་ཀྱང་མི་འགལ་བ་ཉིད་དོ། །དུ་མ་ཉིད་མ་འཕྲོགས་པའི་རྣམ་པ་མཚུངས་པ་ཉིད་གང་གིས་ཟློག །མི་མཚུངས་པ་དག་ལ་ཇི་ལྟར་བློའི་བློར་འགྱུར་ཞེ་ན་མ་ཡིན་ཏེ། དེ་ཉིད་ཀྱིས་
མཚུངས་པའི་ཕྱིར་རོ། །མཚུངས་པའི་རྣམ་པ་ཅན་གྱི་བློའི་ཡུལ་ཉིད་མ་རྟོགས་པ་མཚུངས་པ་ཉིད་གཞན་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་མི་མཚུངས་པ་དག་ལ་ཇི་ལྟར་སྤྱིའི་བློར་འགྱུར་ཞེས་བརྒལ་ཞིང་བརྟགས་པའི་དོན་ནི་འདི་ཡིན་ཏེ། མཚུངས་པའི་བློའི་ཡུལ་མ་ཡིན་པ་
དག་ལ་ཇི་ལྟར་མཚུངས་པའི་བློར་འགྱུར་ཞེས་བྱ་བ་ཡིན་ན་བློའི་ཡུལ་མ་ཡིན་པ་ཉིད་ནི་མ་གྲུབ་བོ། །དེ་ལ་མཚུངས་པའི་བློ་ལ་ཡུལ་དུ་བྱེད་པར་ནི་སྤྱི་སྨྲ་བ་ལ་ཡང་མ་གྲུབ་པ་མ་ཡིན་ནོ། །དེ་ཕྱིར་མཚུངས་ཉིད་སྤྱི་འདི་ལ། །དངོས་པོ་མེད་པའི་མཚན་ཉིད་ཡིན། །དེ་འབྲས་ཤེ་ན་དུ་མ་དང་། །འཇིག་
འགྱུར་དེ་ཡང་འདོད་མ་ཡིན། །འཇིག་པ་དངོས་པོ་ཙམ་དང་ནི། །རྗེས་འབྲེལ་ཕྱིར་ན་རྟག་ཉིད་མིན། །རིགས་རྣམས་འབྲས་བུ་མིན་ཕྱིར་ན། །མ་འབྲེལ་པ་དང་དངོས་མེད་འགྱུར། །རྟོགས་པ་འཁྲུལ་པའི་རྣམ་པ་ལས་མ་རྟོགས་པ་མཚུངས་པའི་རྣམ་པ་ཉིད་གཞན་ནི་བསྒྲུབ་པར་ནུས་པ་མ་ཡིན་ནོ། །
འོན་ཏེ་མཚུངས་པའི་རྣམ་པ་ཉིད་ནི་ཇི་ལྟར་སྲིད་པ་ཡིན་ཏེ། གང་ན་གཉིས་ཡོད་པ་དེར་ནི་གཉིས་ཀྱི་རྣམ་པ་ཡིན་ལ་གང་ན་ལྷག་པ་ཡོད་པ་དེར་ནི་དེ་ལྟར་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་གསལ་བ་གཞན་དང་གཞན་སྐྱེས་པ་ནི་སྤྱིའི་རྣམ་པ་འཕེལ་བར་འགྱུར་བས་གསལ་བའི་རྗེས་སུ་འགྲོ་ལྡོག་གི་རྗེས་
སུ་བྱེད་པའི་ཕྱིར་གསལ་བ་རྣམས་ཀྱི་འབྲས་བུ་ཉིད་དོ། །དེ་ལྟར་གྱུར་དང་གསལ་བ་བཞིན་དུ་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །ངོ་ཤེས་པ་ཡིན་པའི་ཕྱིར་གཅིག་ཉིད་དོ་ཞེ་ན། སྤྱི་ལ་ཡང་རྣམ་པར་མཚུངས་པ་ཉིད་ཡོད་པས་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་སྤྱི་ལ་ནི་སྤྱི་མ་རྟོགས་པ་མེད་
Vol. 178 · folio 194b
པ་ཉིད་དོ་ཞེ་ན། གསལ་བ་ལ་ཡང་མ་ཡིན་པའི་ཕྱིར་བརྒལ་ཞིང་བརྟགས་པ་མཚུངས་སོ། །ངོ་ཤེས་པ་ནི་སྤྱི་མ་ངེས་ཏེ་སྤྱི་དག་ལ་ཡང་ངོ་ཤེས་པ་མཐོང་བའི་ཕྱིར་རོ། །སྤྱི་ཞིག་པས་མི་འདོད་པ་ཐོབ་པར་ཡང་འགྱུར་ཏེ། གསལ་བ་ཞིག་ན་འཇིག་པའི་ཕྱིར་རོ། །དངོས་པོ་ཉིད་ཡིན་
པའི་ཕྱིར་ཡང་འཇིག་པར་འགྱུར་ཏེ། འཇིག་པ་ནི་དངོས་པོ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་ནོ་ཞེས་འགྲུབ་པར་འགྱུར་རོ། །སྤྱི་བསྐྱེད་པར་བྱ་བ་མ་ཡིན་ན་ཡང་མ་འབྲེལ་པ་དང་། ངོ་བོ་མེད་པ་ཉིད་དུ་འགྱུར་རོ། །དངོས་པོ་ཉིད་ནི་སོ་སོར་ངས་པའི་རྣམ་པ་འཛིན་པ་ཉིད་ཡིན་ལ། སྤྱི་ཁྱབ་
པ་ལ་ནི་དེ་ཡོད་པ་མ་ཡིན་ནོ། །དུས་ཀྱི་ཆའི་ཚོགས་ཐམས་ཅད་ན་གནས་པའི་སྤྱི་ནི་རྟོགས་པར་ནུས་པ་མ་ཡིན་ནོ། །དམིགས་པ་ཉིད་ཡོད་པ་ཡིན་ཏེ་དེ་མེད་ན་ཡོད་པར་ག་ལ་འགྱུར། ཡོད་པ་ཉིད་དང་འབྲེལ་པས་ཡོད་པ་ཡིན་ནོ་ཞེ་ན། ཡོད་པ་ཉིད་ཀྱང་ཡོད་པ་དང་འབྲེལ་དགོས་པས་ཐུག་པ་མེད་དོ། །
སྤྱི་ནི་ཡོད་པ་ཉིད་གཞན་དང་འབྲེལ་པས་ཡོད་པ་ནི་མ་ཡིན་ཏེ། རང་གི་ངོ་བོར་ཡོད་པའི་ཕྱིར་རོ། །དེ་ནི་དམིགས་པ་མེད་པར་དམིགས་པར་བྱ་བ་མ་ཡིན་ཏེ། དེས་ནི་སྤྱི་ནི་ཡོད་པ་མ་ཡིན་ནོ། །བོང་བུའི་རྭ་ཡང་རང་གི་ངོ་བོ་ཡོད་པར་ཅིའི་ཕྱིར་མ་གྱུར། ཁྱེད་ལ་ཡང་ཅིའི་ཕྱིར་མ་གྱུར་ཞེ་ན། རྒྱུ་མེད་པའི་ཕྱིར་རོ། །དེ་བཞིན་ནོ་
ཞེ་ན་སྤྱི་ཡང་མེད་པར་འགྱུར་ཏེ། དེ་ལ་ཡང་རྒྱུ་མེད་པའི་ཕྱིར་རོ། །སྤྱི་ནི་རྟོགས་པ་ཡིན་ནོ་ཞེ་ན། རི་བོང་གི་རྭ་ལ་སོགས་པ་ཡང་རང་གི་བློས་རྟོགས་སོ་ཞེས། འདི་ལ་བཤད་ཟིན་ཏོ། །དེས་ན་དེ་དག་ཀྱང་ཡོད་པར་འགྱུར་རོ། །ངེས་པར་བརྟགས་ན་མ་ཡིན་ནོ་ཞེ་ན། ཐམས་ཅད་མཚུངས་སོ། །གཞན་ཡང་
སྤྱི་འདི་ནི་བརྡའི་སྟོབས་ཀྱིས་སྒྲའི་བློ་ལ་སྣང་བ་ཡིན་པ་དེ་ལྟར་ན་ཡང་དངོས་པོར་ནི་མི་འགྱུར་ཏེ། འདི་ལྟར། དངོས་པོའི་སྟོབས་ཀྱིས་སྐྱེས་པ་ཡི། །ཤེས་པ་གང་དེ་བརྡ་དག་ལ། །ལྟོས་པ་མ་ཡིན་སྤྱི་ཡི་ནི། །བློ་ལ་དེ་ལྟར་སྣང་བ་མེད། བརྡ་བྱེད་པ་ནི་ཉེ་བ་ཙམ་ལ་དམིགས་ནས་བྱེད་པ་མ་ཡིན་ཏེ། དེ་ལ་
ལྟོས་པའི་ཤེས་པ་ཡང་སྒྲོ་འདོགས་པ་ཉིད་དོ། །འདི་ལྟར། སྔ་མ་ཕྱི་མར་སྒྲོ་འདོགས་ནི། །མེད་པར་གལ་ཏེ་བརྡ་བྱེད་ན། །ཁྱབ་པ་མེད་ལ་ཐ་སྙད་ནི། །རྗེས་སུ་འཇུག་པར་འགྱུར་མ་ཡིན། །སྒྲའི་མཐུ་ཉིད་ཀྱིས་ཐ་སྙད་ཀྱི་དུས་སུ་རྟོགས་སོ་ཞེ་ན། གལ་ཏེ་སྔ་མ་དང་ཕྱི་མའི་སྒྲོ་འདོགས་པ་མེད་ན་
Vol. 178 · folio 195a
རྟོགས་པར་མི་འགྱུར་རོ། །བརྡ་མེད་པར་ནི་སྒྲ་ལས་སྤྱིའི་བློ་མ་མཐོང་ངོ་། །སྒྲ་མེད་པར་ཡང་གསལ་བ་གཞན་མཐོང་བ་ལས་ནི་འགྱུར་བ་ཉིད་དོ་ཞེ་ན། དེར་ཡང་དེའི་ངོ་བོར་ཐ་སྙད་ཀྱི་དངོས་པོ་ལ་དེ་ཉིད་རྟགས་ཡིན་ནོ། །བརྡ་སྨོས་པ་ནི་ཉེ་བར་མཚོན་པ་སྟེ། །རྟགས་ལ་ཡང་
ལྟོས་པ་མ་ཡིན་ནོ། །རྟགས་ཀྱང་སྔོན་མཐོང་བ་ཉིད་སྦྱོར་བར་བྱེད་ཀྱི་ལྷག་པ་ནི་མ་ཡིན་ནོ། །དེ་བཞིན་དུ་དབྱངས་ལ་སོགས་པའི་རིགས་དང་། བྲམ་ཟེ་ལ་སོགས་པའི་རིགས་ཀྱང་བརྡ་ཙམ་ལ་བརྟེན་པ་ཡིན་གྱི་དངོས་པོ་ལ་ལྟོས་པ་ནི་མ་ཡིན་ནོ། །བྲམ་ཟེ་ལ་སོགས་པའི་རིགས་ལ་བརྡ་དང་ལྷན་ཅིག་པའི་མངོན་
སུམ་ཚད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དངོས་པོའི་སྟོབས་ལས་གང་སྐྱེས་པ་དེ་ནི་བརྡ་ལ་ལྟོས་པ་མ་ཡིན་ཏེ། བརྡ་ཙམ་ལ་ལྟོས་པ་ནི་དམུས་ལོང་བརྒྱུད་པ་ཉིད་དུ་འགྱུར་རོ། །ལྷན་ཅིག་བྱེད་པའི་མངོན་སུམ་ཡང་ཡོད་དོ་ཞེ་ན། འདི་ལ་བཤད་པ། མངོན་སུམ་གྱིས་ནི་བཟུང་ཞེ་ན། །ཉེ་བར་བསྟན་པ་དོན་
མེད་ཡིན། །མངོན་སུམ་གྱིས་ནི་མ་བཟུང་ནའང་། །ཉེ་བར་བསྟན་པ་དོན་མེད་ཡིན། །གལ་ཏེ་མངོན་སུམ་གྱིས་བཟུང་ན། །བསྟན་པས་ཅི་བྱ་སྟེ། དེ་ཉིད་ཀྱིས་བཟུང་བའི་ཕྱིར་རོ། །འོན་ཏེ་མངོན་སུམ་གྱིས་འཛིན་པར་མི་ནུས་པ་དེ་ལྟ་ན་ཡང་དེ་བསྟན་པ་སྟོང་ཕྲག་གིས་ཀྱང་གཟུང་བར་ནུས་པར་ཅི་ལྟར་འགྱུར།
མཐོང་བ་བདག་གིས་འདི་མཐོང་ངོ་ཞེས་སྐྱེས་བུ་ཉེ་བར་བསྟན་པར་བྱེད་པར་འགྱུར་གྱི། དབང་པོ་ལས་འདས་པ་བྲམ་ཟེ་ཉིད་ལ་སོགས་པ་ལ་ཉེ་བར་བསྟན་ནུས་པ་མ་ཡིན་ནོ། །དེ་སྐད་དུ་ཡང་སྐྱེས་བུའི་བློ་བསྐྱེད་པ་དེ་ཙམ་ནི་ཚད་མ་ཅན་མ་ཡིན་ནོ་ཞེས་བཤད་དོ། །དངོས་གཉིས་མཐོང་ལ་བློ་འགའ་ཞིག །
བརྡ་མེད་ན་ཡང་ཐ་དད་མེད། །རྗེས་སུ་འཇུག་པ་གང་ཡིན་ཏེ། །དོན་ཉེ་བ་དང་འབྲེལ་པ་ཡིན། །ཅི་སྟེ་ཡང་དངོས་པོ་གཉིས་མཐོང་བ་ན། བརྡ་མེད་པར་རྗེས་སུ་འགྲོ་བའི་རྣམ་པ་ཅན་གྱི་བློར་འགྱུར་བ་ཡིན་ཏེ། དཔེར་ན་བ་ལང་གི་བློ་ཁྲ་བོ་ལ་སོགས་པ་མཐོང་བ་ཙམ་ལས་འགྱུར་གྱི་དེར་བརྡ་ལ་ལྟོས་པ་ནི་
མེད་པ་བཞིན་ནོ་ཞེ་ན། དེ་ལྟ་ན་འོ་ན་ནི། དེ་ནི་དེ་ལྟར་མ་རྟོགས་ཕྱིར། །བྲམ་ཟེ་ཉིད་ནི་རིགས་མིན་འགྱུར། །བ་ལང་ཉིད་བཞིན་བྲམ་ཟེ་ནི། །གསལ་བས་གསལ་བྱེད་མཐོང་བ་ཡིན། །བ་ལང་ཉིད་ལ་ངག་གཞན་གྱི། །འདིར་འགའ་ཐེ་ཚོམ་འགྱུར་རམ་ཅི། །བྲམ་ཟེ་འདི་མིན་ཞེས་བརྗོད་པའམ། །བྲམ་
Vol. 178 · folio 195b
ཟེ་ཉིད་ལ་ཐེ་ཚོམ་འགྱུར། །གཞན་གྱིས་སྐྱེད་པར་ཐོས་པའི་ཕྱིར། །བྱ་ལས་དེར་ནི་ངེས་པ་མེད། །བསྟན་པ་མེད་པར་གསལ་བྱེད་ལ། །སོགས་པའི་རིགས་ནི་གསལ་མ་ཡིན། །གལ་ཏེ་དེ་ལ་དེ་མེད་པ། །བ་ལང་སོགས་ལ་ཅི་སྟེ་འདོད། །ཅི་ལྟར་དབྱངས་ལ་སོགས་པ་ལ། །སྒྲ་གཅིག་བརྗོད་བྱ་
རིགས་སུ་རྟོགས། །དེ་བཞིན་ངང་པ་ལ་སོགས་ལ། །སྒྲ་གཅིག་བརྗོད་བྱ་ཅིས་མི་འདོད། །བ་ལང་ཉིད་མེད་མཐའ་ཡས་པའི། །གསལ་བ་དེར་ནི་ཅི་ལྟར་བརྗོད། །དེར་ཡང་གསལ་བའི་དབྱེ་བ་ཡིས། །མཐའ་ཡས་པ་ཉིད་ཅི་སྟེ་མེད། །གོང་དུ་སྤོར་སོགས་དབྱེ་བ་ནི། །མཐའ་ཡས་སྒྲུབ་པར་བྱེད་མིན་
མིན། །ངོ་ཤེས་པ་ལས་གཅིག་ཉིད་ནི། །གཉི་ག་ལ་ཡང་ཡོད་པ་ཡིན། །གོང་དུ་སྤོར་བ་དང་ང་རོ་རྩུབ་པ་ལ་སོགས་པ་དེ་མཐའ་ཡས་པའི་རྒྱུ་མཚན་ནི་ཡི་གེ་ཧ་ལ་སོགས་པ་ལ་ཡང་ཡོད་པ་ཉིད་དོ། །ང་རོ་རྩུབ་པ་ལ་སོགས་པས་ཐ་དད་ཀྱང་ངོ་ཤེས་པ་ལས་གཅིག་ཉིད་དོ་ཞེས་བྱ་བ་ནི་ངང་པ་ལ་སོགས་པ་
ལ་ཡང་མཚུངས་པ་ཉིད་དོ། །དེའི་ཕྱིར་བ་ལང་ཉིད་ལ་སོགས་པ་ཡང་བ་ལང་གི་སྒྲས་བརྗོད་པར་བྱ་བ་ཉིད་ལས་གཞན་པའི་བ་ལང་མེད་པས་ན་སྒྲ་གཅིག་གིས་བརྗོད་བྱ་ཉིད་དམ་གཅིག་ཏུ་འཛིན་པ་སྐྱེད་པས་དོན་ཉེ་བ་ཉིད་ཡིན་གྱི། འགར་ཡང་རིགས་ཞེས་བྱ་བ་ནི་ཡོད་པ་མ་ཡིན་ནོ། །ཅི་སྟེ་ཡང་སྤྱི་མེད་ན་སྒྲ་
གཅིག་ནི་བརྗོད་པར་བྱ་བ་དང་། འཛིན་པ་གཅིག་སྐྱེད་པ་དེ་ཉིད་དུ་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། ཇི་ལྟར་རིགས་མེད་ཤེས་པ་ཡི། །འབྲས་ཅན་མིག་སོགས་དེ་འདོད་བཞིན། །གང་གིས་རྣམ་པར་ཕྱེ་བ་ཡི། །རིགས་ཀྱང་རྗེས་སུ་འགྲོ་བ་ཡིན། །མིག་དང་སྣང་བ་དང་ཡིད་ལ་བྱེད་པ་རྣམས་ལ་
རིགས་མེད་པར་འབྲས་བུ་གཅིག་བྱེད་པའི་མཚན་ཉིད་ཀྱི་ཉེ་བ་མི་སྲིད་པ་ནི་མ་ཡིན་ནོ། །ལྷན་ཅིག་བྱེད་པ་རྣམས་ལ་སྲིད་པ་ཉིད་དོ་ཞེ་ན་དངོས་པོ་གཉིས་མཐོང་བ་ལ་ཡང་ལྷན་ཅིག་བྱེད་པ་ཉིད་ཀྱིས་བློ་གཅིག་ཏུ་འགྱུར་རོ། །མཚུངས་པའི་རྣམ་པ་ཉིད་མེད་དོ་ཞེ་ན། མ་ཡིན་ཏེ་གཞལ་བྱ་མཚུངས་པའི་རྣམ་པ་
ཉིད་ནི་དངོས་པོ་གཉིས་ལས་ཐ་དད་པར་མ་མཐོང་བའི་ཕྱིར་རོ་ཞེས་བསྟན་པའི་ཕྱིར་བློ་བསྐྱེད་པ་ཉིད་ནུས་པ་ཡིན་ནོ། །དེ་ནི་མིག་ལ་སོགས་པ་ལ་ཡང་མཚུངས་སོ། །དེ་དག་ལ་ཡང་རྟོགས་པ་དེ་གཅིག་སྐྱེད་པ་ཉིད་ཁོ་ནའོ་ཞེ་ན། ཁྲ་བོ་ལ་སོགས་པ་ལ་ཡང་འཛིན་པ་གཅིག་བསྐྱེད་པ་ལས་གཞན་མེད་པའི་ཕྱིར་
Vol. 178 · folio 196a
མཚུངས་པར་ཐལ་ལོ། །གལ་ཏེ་དེ་ཉིད་དངོས་པོར་གྱུར་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་དག་ཉིད་རྟོགས་པ་དེ་སྐྱེད་ཀྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་ག་ལས་ཡིན་ཞེ་ན། འོ་ན་རིགས་ཀྱང་ཁྲ་བོ་ལ་སོགས་པ་ལས་ཡིན་གྱི་གཞན་ལས་མ་ཡིན་ཞེས་བྱ་བའི་རྣམ་པར་
དབྱེ་བ་འདི་ག་ལས་ཡིན། དེ་ལ་རྣམ་པར་འབྱེད་པའི་སྤྱི་གཞན་དགོས་ལ་དེ་ལ་ཡང་རྣམ་པར་ཕྱེ་ནས་འཇུག་པའི་རྒྱུ་མཚན་གཞན་ཡོད་དགོས་པས་ན་ཐུག་པར་མེད་པར་འགྱུར་རོ། །འོན་ཏེ་ཁྲ་བོ་ལ་སོགས་པ་དེ་དག་ཉིད་བ་ལང་ཉིད་ཀྱི་གསལ་བྱེད་དམ་དེའི་རྟེན་དུ་འགྱུར་རོ་ཞེས་བྱ་བར་འདོད་པ་དེ་དག་གི་རྒྱུ་ཉིད་དེ་
འདྲ་བར་གྱུར་པ་ཡིན་ནོ་ཞེ་ན། དེ་ལྟར་ན་འོ་ན་རིགས་མེད་པར་རང་གི་རྒྱུའི་ངོ་བོ་ཉིད་ལས་དེར་འཛིན་པ་བསྐྱེད་པ་ཡིན་པས་རིགས་མེད་ན་ཁར་ཆད་པ་ཅི་ཡོད་དེ། དེས་ན་རིགས་སུ་འཛིན་པ་འོར་ཅིག །མིག་ལ་སོགས་པ་ལ་ཡང་སྤྱི་ཡོད་པ་ནི་མ་ཡིན་ཏེ། རྣམ་པ་འགས་ཀྱང་རྣམ་ཤེས་ལ། །དེ་དངོས་སྣང་བ་
མེད་ཕྱིར་རོ། །གཟུགས་ཅན་ཡིན་ཕྱིར་དབང་རྣམས་ལ། །གལ་ཏེ་ལྟ་བ་པོ་ཡོད་ན། །དེ་ལུས་སྣང་འགྱུར་རིགས་རྣམས་ནི། །མ་ཡིན་ཡན་འགར་མཐོང་མིན་ཕྱིར། །གསལ་འཛིན་ཚེ་ཡང་དེ་སྒྲ་དང་། །ངོ་བོ་ལས་གཞན་སྣང་བ་མེད། །མིག་ལ་སོགས་པ་ལ་ནི་སྤྱི་ཅི་ལྟར་ཡང་སྣང་བ་མེད་དེ་འབྲས་
བུའི་སྒོ་ནས་རྟོགས་པར་བྱེད་པ་ཡིན་ནོ། །འབྲས་བུའི་སྒོ་ནས་རྟོགས་པར་བྱེད་པ་ན་ཡང་འབྲས་བུ་དེ་གཅིག་བྱེད་པ་ཉིད་རྟོགས་པར་འགྱུར་རོ། །དེ་ལྟ་ཡིན་ན་དེ་དག་འབྲས་བུ་གཅིག་གིས་འབྲེལ་ཏེ་ཞེས་བྱ་བར་འགྱུར་གྱི་སྤྱི་ནི་མ་ཡིན་ནོ། །འབྲེལ་པ་ཡང་ཐམས་ཅད་དུ་སྤྱི་གཅིག་པ་ཉིད་ཡིན་ནོ་ཞེ་ན་མ་ཡིན་ཏེ།
འབྲེལ་པ་ཡང་ཇི་ལྟ་བུར་ཡང་མི་སྣང་བའི་ཕྱིར་དེའི་དེ་མ་ཐག་ཏུ་འབྲས་བུ་དམིགས་པ་ཉིད་དེ་དང་འབྲེལ་པ་ཡིན་གྱི་གཞན་ནི་དམིགས་པ་མེད་དེ། འབྲས་བུ་རག་ལས་མེད་པ་ཡང་། །རྟོགས་པ་ཡིས་ནི་འབྲེལ་པར་བྱེད། །ཅེས་བཤད་ཟིན་ཏོ། །འོན་ཏེ་ཐམས་ཅད་ལ་ནུས་པ་གཅིག་ཉིད་དོ་ཞེ་ན་ནི་མ་ཡིན་ཏེ། ནུས་
པ་ནི་ནུས་པ་ཅན་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །ནུས་པ་ཡང་སྣང་བ་མེད་དོ། །མི་སྣང་ཡང་ནུས་པ་དབང་པོ་ལ་སོགས་པ་ལྟར་ཅི་སྟེ་མི་རྟག་ཅེ་ན་དེ་མི་རུང་སྟེ། །དེ་ལ་ནི་དབང་པོ་ལས་འདས་པར་ཁས་བླངས་པའི་ཕྱིར་བདག་ཅག་ལྟ་བུས་མི་དམིགས་ཏེ། ཟི་རའི་མེ་ཏོག་ལྟ་བུའོ་ཞེས་བྱ་བ་ལ་
Vol. 178 · folio 196b
སོགས་པ་བཤད་པའི་ཕྱིར་རོ། །སྤྱི་ནི་ལུང་གཅིག་པུས་རྟོགས་པར་བྱ་བ་མ་ཡིན་ནོ། །འབྲས་བུ་ལྡོག་པས་ནི་གཟུགས་ལ་སོགས་པ་སྣང་བའི་རྒྱུ་ཅི་ཞིག་ཅིག་ཡོད་དོ་ཞེས་བྱ་བར་འགྱུར་གྱི། དེ་ཅི་མིག་འབྲས་ཀྱི་རང་བཞིན་ལས་ཐ་དད་པའམ། འོན་ཏེ་དེ་ལྟ་མ་ཡིན་ཞེས་འདིར་རྣམ་པར་འབྱེད་པ་ནི་མ་ཡིན་
ནོ། །འདི་ལྟར། ལྡོག་ལས་ཁྱད་པར་ཅན་འགའ་ཡོད། །མིག་འབྲས་དེ་བཞིན་ཡང་ན་ནི། །བག་ཆགས་ཁྱད་པར་ལུགས་ཀྱི་ནི། །དབྱེ་བས་རྣམ་པ་སོ་སོར་འགྱུར། །གང་ཞིག་འབྲས་བུ་ལྡོག་པས་ཕྱིའི་དོན་མི་འགྲུབ་པར་དེའི་ལྟར་ན་འབྲས་བུ་ལྡོག་པ་ལས་མིག་ལ་སོགས་པ་རྣམས་ལ་ལྡོག་པའི་རྗེས་སུ་
དཔག་པ་བཟོད་པར་འགྱུར་རམ་ཅི། དེའི་ཕྱིར་འདི་ནི་རྣམ་པ་ཅི་ཞིག་ལྟར་གནས་པ་མེད་པར་རྗེས་སུ་དཔོག་པའི་གཞལ་བྱ་ཡིན་པ་དེས་ན་དེའི་སྒོ་ནས་ནི་གླགས་ཐོད་པ་མ་ཡིན་ནོ། །གཟུགས་དང་ལྡན་པ་ཉིད་ནི་ལུང་ཡིན་ཏེ། དེ་ལྟར་ཡིན་ན། གལ་ཏེ་དེ་དག་ལྟ་བ་པོ། །ཡོད་ན་མིག་སོགས་མཐོང་བར་
འགྱུར། །དབང་པོ་ལས་འདས་ཁས་བླངས་ལ། །དེ་ལས་གཞན་པའི་རྟེན་ཡོད་མིན། །གཟུགས་ལྡན་ཉིད་དུ་ཁས་བླངས་པས། །འདི་ཉིད་དབང་པོ་འདས་པའི་རྟེན། །སྤྱི་ནི་དེ་ལྟ་མ་ཡིན་ཏེ། །འབའ་ཞིག་པ་མི་མཐོང་བར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་རྣལ་འབྱོར་པས་སྤྱི་ཡན་འགར་མཐོང་ན་ནི་
སྤྱིར་མི་འགྱུར་རོ། །འོན་ཏེ་སྤྱིའི་རྣམ་པ་ཅན་གྱི་བློ་སྐྱེ་བ་དེའི་རྒྱུ་མཚན་ནི་འདི་ཡིན་ནོ་ཞེས་བྱ་བར་རྣལ་འབྱོར་པས་མཐོང་ན་དེ་ལྟར་ན་སྤྱི་ཚད་མས་གྲུབ་པ་མ་ཡིན་ནོ། །བདག་ཅག་གིས་ནི་སྤྱི་ཐ་དད་པར་མ་མཐོང་བ་ཁོ་ནའོ། །གལ་ཏེ་སྤྱི་ནི་གསལ་བས་གསལ་བར་བྱ་བ་ཡིན་པའི་ཕྱིར་འབའ་ཞིག་འཛིན་པ་མ་ཡིན་ཏེ།
སྣང་བ་མ་བཟུང་བར་གཟུགས་མི་འཛིན་པ་བཞིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། གཟུགས་ནི་རེག་པ་དང་འཁྲུལ་པ་མེད་པ་ཡིན་པའི་ཕྱིར། སྣང་བ་མེད་ཀྱང་རྗེས་སུ་དཔག་པས་འཛིན་ཏོ། །གལ་ཏེ་མི་འཛིན་པ་ནི་སྣང་བ་ལས་ཐ་དད་པ་ཉིད་དུ་མི་འགྱུར་བ་ཁོ་ནའོ། །ལྡོག་པར་རབ་ཏུ་མ་གྲུབ་པ་ནི་ལྡོག་པ་དང་ལྡན་
པ་ཡིན་ནོ་ཞེས་བྱ་བར་མི་འོས་སོ། །སྤྱི་ནི་འབའ་ཞིག་ནས་ཡང་དམིགས་པའི་ཡུལ་དུ་མི་འགྱུར་རོ། །གསལ་བའི་རང་བཞིན་ལ་རྗེས་སུ་ཞུགས་ན་ནི་མེད་པ་ཉིད་དེ། བ་ལང་བ་ལང་ཞེས་བྱ་བའི་མིང་ཙམ་ཞིག་ཏུ་ཟད་པར་འགྱུར་རོ། །འོན་ཏེ་ཡུལ་མཚུངས་པའི་ཕྱིར་ཐ་དད་པར་མི་དམིགས་ན། གཟུགས་དང་རོ་
Vol. 178 · folio 197a
ལ་སོགས་པ་ཇི་ལྟར་དེ་རྣམས་ནི་དབང་པོ་ཐ་དད་པའི་གཟུང་བ་ཡིན་པའི་ཕྱིར་ཐ་དད་པར་རྟོགས་ན། འདིར་ནི་ཤིན་ཏུ་འདྲེས་པས་ན་རྣམ་པར་དབྱེ་བ་མེད་པར་རྟོགས་སོ་ཞེ་ན། ཤིན་ཏུ་འདྲེས་པ་འདི་ཅི་ཞིག །ཅི་ག་རང་བཞིན་འདྲེས་གྱུར་ཏམ། །དེ་ཡི་རང་བཞིན་གང་ཡིན་པ། །
འདི་ཉིད་ཡིན་པས་དབྱེར་མེད་འགྱུར། །རང་བཞིན་གཞན་ཕྱིར་ཡུལ་གཅིག་ཀྱང་། །ཐ་དད་པར་ནི་ཅིས་མི་འཛིན། །རང་བཞིན་ལས་ནི་གཞན་འགྱུར་བར། །ཡུལ་ཞེས་བྱ་བ་རྟོགས་པ་མེད། །དངོས་པོ་ལས་ཐ་དད་པའི་ཡུལ་གཞན་ན་ཡོད་དེ། གལ་ཏེ་དངོས་པོ་ཐ་དད་པ་ཡིན་ན་ཡུལ་ཡང་ཐ་དད་པ་ཡིན་
པས་ཇི་ལྟར་ཡུལ་ཐ་མི་དད། གལ་ཏེ་ཡུལ་དབྱེས་ཐ་དད་ན། །དེ་ཡི་དབྱེ་བ་ག་ལས་ཡིན། །ཡུལ་གཞན་ཉིད་ལས་དེ་ཡིན་པ། །དེ་ལྟར་ཡིན་ན་ཐུག་པ་མེད། །གང་གི་ཕྱིར་བོང་བུའི་རྭ་ལ་སོགས་པ་བཞིན་དུ་རང་གི་ངོ་བོར་སྣང་བ་མེད་པ། དེ་ཕྱིར་དེ་ནི་ཤེས་ཙམ་གྱིས། །དོན་བྱེད་པར་ཡང་མི་རུང་ངོ་། །དེ་
མི་རུང་ཕྱིར་རང་བཞིན་མེད། །དེ་ནི་དངོས་མེད་མཚན་ཉིད་ཡིན། །གང་དང་གང་རང་གི་ངོ་བོ་ཉིད་ཀྱིས་མི་སྣང་བའི་གཟུང་བར་མངོན་པར་འདོད་པ་དེ་ནི་རང་གི་རྣམ་པ་གཏོད་པར་ནུས་པའི་ཕྱིར་དམིགས་པའི་རྐྱེན་དུ་འགྱུར་བ་མ་ཡིན་ཏེ། མིག་ལ་སོགས་པ་བཞིན་ནོ། །བདག་པོའི་རྐྱེན་ཡིན་ནོ་ཞེ་ན། མ་ཡིན་ཏེ།
དེ་ལ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་རོ། །ཅི་སྐད་བཤད་ལས་བཟློག་གང་ཡིན། །དེ་ནི་རང་གི་མཚན་ཉིད་འདོད། །གང་ཞིག་རང་གི་རྣམ་པར་སྣང་བ་དང་། རྗེས་སུ་འགྲོ་བ་དང་བཟློག་པ་དག་གིས་ནུས་པ་ངེས་པ་དེ་ནི་དོན་དམ་པར་ཡོད་པ་རང་གི་མཚན་ཉིད་ཡིན་ཏེ། རང་གི་རང་བཞིན་དུ་མཚོན་པར་
བྱ་བའི་ཕྱིར་རམ། འདིར་རང་བཞིན་མཚན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་རང་གི་རང་བཞིན་ལ་ཇི་ལྟར་མཚོན་བྱ་མཚོན་བྱེད་ཀྱི་དངོས་པོར་འགྱུར་ཞེ་ན། མ་ཡིན་ཏེ། མཚོན་བྱ་མཚོན་བྱེད་ཀྱི་དངོས་པོ་ནི་བརྟགས་པ་ཡིན་པའི་ཕྱིར་ཏེ། བྱ་དང་བྱེད་པའི་རྣམ་གཞག་ནི། །ཐམས་ཅད་དེ་ལྟའི་རྣམ་པ་ཅན། །ཞེས་
འཆད་པར་འགྱུར་རོ། །རང་གི་ངོ་བོ་ཉིད་མཚན་ཉིད་དུ་རིགས་ཀྱི་གཞན་ནི་མ་ཡིན་ཏེ། གཞན་ནི་གཞན་གྱིས་དོན་དམ་པར་མཚོན་པར་མི་ནུས་པའི་ཕྱིར་རོ། །གཞན་གྱི་ངོ་བོས་མཚོན་པ་ནི་གཞན་གྱི་རང་བཞིན་ཉིད་སྒྲོ་བཏགས་པ་ཡིན་གྱི། དེ་རང་གི་ངོ་བོ་མཚོན་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་སྤྱིའི་མཚན་ཉིད་ཡིན་ཏེ།
Vol. 178 · folio 197b
གཞན་གསལ་བ་མ་ཁྱབ་པའི་ཕྱིར་རོ་ཞེ་ན། བདེན་ཏེ་སྤྱི་ཞེས་བྱ་བ་དོན་དམ་པར་ཡོད་པ་མ་ཡིན་ནོ། །རང་གི་ངོ་བོ་དེ་ཡང་ཤེས་པའི་ཐ་སྙད་དུ་དེ་ལྟར་བརྗོད་པ་ཉིད་དེ། གསལ་བ་དུ་མའི་རང་བཞིན་ལ་སྒྲོ་བཏགས་པས་འཇུག་པའི་ཕྱིར་དང་། དེ་ལས་སྐྱེས་པ་ཡང་ཡིན་པས་སོ། །དངོས་པོ་མེད་པ་ཉིད་ཡིན་ན་མི་
དམིགས་པ་རང་བཞིན་དང་འབྲས་བུའི་གཏན་ཚིགས་ཐ་དད་པར་ཇི་ལྟར་འགྱུར། མངོན་སུམ་དང་རྗེས་སུ་དཔག་པ་དག་ནི་ཡུལ་གྱི་དབྱེ་བ་ལས་ཐ་དད་པར་འགྱུར་གྱི། མི་དམིགས་པ་ལ་སོགས་པ་ལ་ནི་ཡུལ་གྱི་དབྱེ་བ་ཡོད་པ་མ་ཡིན་ནོ། །རྟགས་ཀྱི་དབྱེ་བ་ལས་ཐ་དད་དོ་ཞེ་ན། བརྒལ་བ་གང་ཡིན་པ་དེ་ཉིད་ལན་ཡིན་
པའི་ཕྱིར་འདི་ཇི་ལྟར་ཡིན། འདི་ལྟར་རྟགས་ཀྱི་དབྱེ་བ་ཉིད་མི་འཐད་པ་མ་ཡིན་ནམ། དེ་སྟེ་མཐོང་ངོ་ཞེ་ན། འོ་ན་རྣམ་པ་དྲུག་ཏུ་འགྱུར་རོ། །འོན་ཏེ་གཉིས་ནི་དངོས་པོ་སྒྲུབ་པར་བྱེད་པ་ཡིན་ལ་གཅིག་ནི་དགག་པའི་གཏན་ཚིགས་སོ་ཞེས་བརྗོད་ན། སྤྱི་དངོས་པོ་མ་ཡིན་ན་ཇི་ལྟར་དངོས་པོ་དང་དངོས་པོ་མེད་པའི་རྣམ་
པར་དབྱེ་བར་འགྱུར་ཞེ་ན། འདི་ལ་ལན་བཤད་པ། དངོས་དང་དངོས་མེད་གཉི་ག་ལ། །རྟེན་ཕྱིར་སྤྱི་སྟེ་རྣམ་པ་གསུམ། །དོན་དམ་པར་ནི་དབྱེ་བ་ཡོད་པ་མ་ཡིན་ཏེ། ཐམས་ཅད་དངོས་པོ་མེད་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་དང་གཉི་ག་ལ་བརྟེན་པའི་སྒོ་ནས་འབྲས་བུ་ཤེས་པ་ཐ་དད་པའི་ཕྱིར་རང་
བཞིན་དང་མི་དམིགས་པ་དང་འབྲས་བུའི་གཏན་ཚིགས་ནི་དབྱེ་བ་ཉིད་ཀྱིས་ཐ་དད་པ་ཡིན་ནོ། །འདི་ལྟར་རང་བཞིན་གྱི་གཏན་ཚིགས་ལས་ནི་དངོས་པོ་ཉེ་བར་ལེན་པ་ཅན་གྱི་རྣམ་པར་རྟོག་པ་སྐྱེ་བའོ། །མི་དམིགས་པ་ལས་ནི་དངོས་པོ་མེད་པའི་ཉེ་བར་ལེན་པ་ཅན། འབྲས་བུའི་རྟགས་ལས་ནི་གཉི་གའི་ཉེ་བར་ལེན་པ་ཅན་
ཡིན་ནོ། །འབྲས་བུའི་གཏན་ཚིགས་ནི་ཐ་དད་པ་སྒྲུབ་པར་བྱེད་པ་ཡིན་ལ། ཐ་དད་པ་ནི་དངོས་པོ་དང་དངོས་པོ་མེད་པ་དག་ལས་འགྱུར་བ་ཡིན་ནོ། །བསྒྲུབ་པར་བྱ་བ་ཐ་དད་པ་ཡང་རྒྱུ་ཡིན་ནོ། །ཡང་ན་དངོས་པོ་མེད་ཀྱང་དངོས་པོ་དང་དངོས་པོ་མེད་པ་ཅན་ཉིད་ཀྱིས་ན་ཉེ་བར་ལེན་པ་ཅན་ཐ་དད་པ་ལས་ཉེ་བར་ལེན་པ་ཐ་དད་པ་
ལ་བརྟེན་ནས་ཡུལ་ཐ་དད་པ་ཡིན་ནོ། །དངོས་པོ་ཉིད་ནི་རྣམ་པ་གཉིས་ཏེ་ཐ་དད་པ་དང་ཐ་མི་དད་པའོ། །དེས་ན་ཡུལ་གྱི་དབྱེ་བས་གཏན་ཚིགས་ཀྱི་དབྱེ་བ་རྣམ་པ་གསུམ་ཡིན་ནོ། །དེས་ན་གཉིས་ཀའི་ཉེ་བར་ལེན་པའི་ཁྱད་པར་ནི་མི་སྣང་བ་མི་དམིགས་པའི་ཡུལ་ཡིན་ནོ། །གལ་ཏེ་དངོས་རྟེན་དངོས་འབྲེལ་ཕྱིར། །
Vol. 178 · folio 198a
དངོས་པོ་ཤེས་འགྱུར་ཞེ་ན་མིན། །ལན་བཏབ་ཕྱིར་དང་འདས་སོགས་ལ། །རྣམ་པ་གཞན་དུ་མཐོང་ཕྱིར་རོ། །ཤེས་པ་དངོས་པོ་ལ་བརྟེན་པ། །ཞེས་བྱ་བ་ཙམ་གྱིས་ནི་དངོས་པོ་ལ་འགྱུར་བ་མ་ཡིན་ཏེ་དངོས་པོའི་ཡུལ་ཅན་ཉིད་ནི་དངོས་པོའི་ཡུལ་ཅན་རང་བཞིན་འཛིན་པ་ལས་ཡིན་ནོ། །
སྤྱིའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་ནི་རང་བཞིན་འཛིན་པ་མ་ཡིན་ཏེ། དབང་པོའི་ཚོགས་འབྲས་བུ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །འོན་ཏེ་དངོས་པོ་ཡོད་པ་ཞེས་བྱ་བར་བརྗོད་ན། དེ་ནི་མ་གྲུབ་སྟེ་འདས་པ་ལ་སོགས་པ་དངོས་པོ་མེད་ཀྱང་མཐོང་བའི་ཕྱིར་རོ། །གལ་ཏེ་ཤེས་པ་དེ་སྤྱི་ལ་ཡིན་ནམ་
ཁྱད་པར་ལ་ཡིན་ཡང་བླ་སྟེ། འདས་པ་ལ་སོགས་པ་ནི་ཡུལ་ཉིད་མ་ཡིན་ཏེ། རང་ནི་ངོ་བོ་ཉིད་གཟུང་བཞིན་པའི་དངོས་པོ་ནི་འདས་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །འདི་ལ་འཇིག་རྟེན་དངོས་པོའི་ཡུལ་ཉིད་དུ་རྟོགས་པ་མ་ཡིན་ཏེ། དངོས་པོ་མེད་པ་དང་ཤེས་པ་རང་གི་ངོ་བོར་མངོན་པར་ཞེན་པ་མ་ཡིན་པའི་ཕྱིར་
འཁྲུལ་པ་ཙམ་དུ་ཟད་དོ། །ལན་གདབ་ཕྱིར་དང་ཞེས་བྱ་བས་ནི་བཟློག་པ་ལ་ཚད་མ་འཇུག་པར་བསྟན་པ་ཡིན་ལ། འདས་སོགས་རྣམས་ལ་རྣམ་པ་གཞན་དུ་མཐོང་ཕྱིར་རོ་ཞེས་བྱ་བས་ནི་གཞན་གྱིས་མངོན་པར་འདོད་པའི་གཏན་ཚིགས་མ་ངེས་པ་ཉིད་དུ་བརྗོད་པ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པ་དངོས་པོ་ལ་ཡང་མཐོང་
ལ་དངོས་པོ་མེད་པར་ཡང་མཐོང་ན་དེ་ལྟར་ནི་འོ་ན་ནི་དེའི་ཚེ་དངོས་པོའི་ཆོས་ཉམས་པར་འགྱུར་ཏེ། དེ་ལྟ་ན་གཉིས་ཀའི་ཆོས་ཉིད་ཡིན་པར་འགྱུར་རོ་ཞེ་ན། དེའི་ཕྱིར་བཤད་པ་ནི། གལ་ཏེ་དངོས་ཆོས་ཉིད་ཉམས་ན། །དངོས་པོར་འཛིན་པ་སྔོན་འགྲོ་ཅན། །དེ་ཤེས་ཡིན་ཕྱིར་ཉེས་འདི་མེད། །དེ་ནི་ཤེས་པ་ཡིན་
ཏེ། དེ་ལ་དམིགས་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། སྤྱི་ལྐོག་ཏུ་གྱུར་པ་ནི་གཞལ་བྱ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་སྤྱི་ནི་ལྐོག་ཏུ་གྱུར་པ་ཡིན་ནོ། །དེ་ཡང་རང་གི་ངོ་བོས་རྟོགས་པ་མ་ཡིན་པས་ཇི་ལྟར་གཞལ་བྱ་ཡིན། རང་གི་མཚན་ཉིད་གཅིག་གཞལ་བྱ། །སྤྱི་ཞེས་བྱ་བའི་གཞལ་བྱ་ནི་ཡོད་པ་མ་ཡིན་ཏེ།
ཇི་ལྟར་བརྟགས་པ་བཞིན་དུ་མི་རུང་བའི་ཕྱིར་རོ། །དོན་དམ་པར་རང་གི་མཚན་ཉིད་ཁོ་ན་གཞལ་བྱ་ཡིན་ཏེ། དེ་ཉིད་ཡོད་པ་དང་མེད་པར་རྟོགས་པ་དགོས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །དེ་གང་ལས་ཤེ་ན། ཡོད་མེད་ཉིད་དུ་དཔྱོད་རྣམས་ཀྱིས། །དོན་བྱ་དེ་ལ་གྲུབ་ཕྱིར་རོ། །དོན་བྱ་བ་བྱེད་པའི་དངོས་པོ་
Vol. 178 · folio 198b
ནི་ཡོད་པ་དང་མེད་པ་དག་གིས་རྟོག་པ་དང་ལྡན་པ་རྣམས་དོན་དུ་གཉེར་ཏོ། །ཚད་མས་རྗེས་སུ་ཚོལ་བ་ཡང་དེ་རྟོགས་པའི་དོན་དུ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚད་མ་རྟོགས་པ་མངོན་དུ་བྱེད་པ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་དོན་བྱ་བ་བྱེད་པའི་དངོས་པོ་ཡོད་པ་དང་མེད་པའི་ཡུལ་དུ་བྱེད་ནུས་པའི་ཚད་མ་ནི་དོན་དང་
ལྡན་པ་ཡིན་ནོ། །དེས་ན་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཀས་ཀྱང་རང་གི་མཚན་ཉིད་ཁོ་ན་ཡུལ་དུ་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚད་མ་ཉིད་དུ་མི་རུང་བའི་ཕྱིར་རོ། །གལ་ཏེ་གཉིས་ཀས་ཀྱང་རང་གི་མཚན་ཉིད་ཁོ་ན་ཡུལ་དུ་བྱེད་ན་ཡུལ་གཅིག་ཉིད་ཡིན་པའི་ཕྱིར་ཚད་མ་གཅིག་ཉིད་དུ་ཐལ་
བར་འགྱུར་རོ། །འོན་ཏེ་ཡུལ་གཅིག་ཡིན་ཡང་ཚོགས་པའི་དབྱེ་བས་ཚད་མ་ཐ་དད་པ་ཡིན་ནོ། །དེ་ལྟ་ཡིན་ན་གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་དང་འགལ་ལོ། །སློབ་དཔོན་གྱིས་ཀྱང་གང་གི་ཕྱིར་མཚན་ཉིད་གཉིས་ནི་གཞལ་བྱ་ཡིན་ནོ་ཞེས་གསུངས་སོ། །ཚོགས་པའི་དབྱེ་བས་ཚད་མ་ཐ་དད་པ་ཡིན་ན་ནི།
མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཚོགས་པ་ལས་ཐ་དད་པའི་ཕྱིར་དེ་སྙེད་ཀྱི་ཚད་མར་འགྱུར་རོ། །གཞལ་བྱའི་དབྱེ་བས་ཐ་དད་པ་ལ་ཡང་སྔོན་པོ་ལ་སོགས་པ་གཞལ་བྱ་དུ་མ་ཡིན་པའི་ཕྱིར་ཚད་མ་མཐའ་ཡས་པར་ཐལ་བར་མི་འགྱུར་རམ་ཞེ་ན། མ་ཡིན་ཏེ་ཐམས་ཅད་ཀྱང་རང་གི་མཚན་ཉིད་
ཡིན་པའི་ཕྱིར་རོ། །དེའི་ཡུལ་ཅན་གྱི་ཚད་མ་ནི་གཅིག་ཉིད་ཡིན་པར་འགྱུར་ཏེ། ཡུལ་གཅིག་ཡིན་པའི་ཕྱིར་རོ། །ཚོགས་པ་ཐ་དད་པ་ཡིན་ཡང་དབང་པོས་སྐྱེད་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་ཚད་མ་ཅི་སྟེ་མ་ཡིན་ཞེ་ན། མ་ཡིན་ཏེ་དབང་པོས་སྐྱེད་པ་ཉིད་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་
ཡང་སྟོན་པར་འགྱུར་རོ། །དེའི་ཕྱིར་གཞལ་བྱ་རྣམ་པ་གཉིས་ཡིན་པ་ཉིད་ལས་རྣམ་པ་གཉིས་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚད་མ་མཐའ་ཡས་པ་ཉིད་དུ་འགྱུར་རོ། །ཇི་ལྟར་གཞལ་བྱ་མཐའ་ཡས་པ་མ་ཡིན་ཞེ་ན། མ་ཡིན་ཏེ། སྔོན་པོ་ཉིད་ལ་སོགས་པ་མཐའ་ཡས་པ་ཡིན་ཡང་གཞལ་བྱ་གཉིས་ཉིད་
ཁོ་ན་ཡིན་ཏེ། འདི་ལྟར། དེ་ནི་རང་གཞན་ངོ་བོ་ཡིས། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་འདོད། །སྔོན་པོ་ལ་སོགས་པའི་དབྱེ་བས་མཐའ་ཡས་པ་ཡིན་ཡང་རང་གི་ངོ་བོར་སྣང་བ་ཉིད་ཀྱིས་རང་གི་མཚན་ཉིད་ཁོ་ན་ཡིན་ཏེ། རང་གི་ངོ་བོས་མཚོན་པའི་ཕྱིར་རོ། །གལ་ཏེ་རྟོགས་པའི་དབྱེ་བ་ཐ་
Vol. 178 · folio 199a
དད་པ་ཡིན་ན་རང་གི་མཚན་ཉིད་དོན་དམ་པ་པར་མི་འགྱུར་བ་ཡིན་ནམ་རྟོགས་པ་དེ་མེད་ཅིང་རྟོགས་པ་གཞན་མངོན་དུ་འགྱུར་ན། རང་གི་མཚན་ཉིད་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཅིག་པོ་དེ་ཉིད་གཅིག་ལ་ནི་རང་གི་མཚན་ཉིད་ཡིན་ལ། གཞན་ལ་ནི་དེ་ལྟ་མ་ཡིན་པར་འགྱུར་
ན། རྟོགས་པ་པོ་སོ་སོ་ལ་གཞལ་བྱ་ཐ་དད་པར་འགྱུར་བ་ནི་མ་ཡིན་ནོ། །ལྟོས་པས་བྱས་པའི་ཐ་དད་པ་ནི་རྟོགས་པས་སྐྱེད་པ་ཡིན་པའི་ཕྱིར་དོན་དམ་པ་མ་ཡིན་ནོ། །གཅིག་ཉིད་རང་གི་མཚན་ཉིད་དང་གཞན་ཉིད་ཡིན་ན་ནི་དེ་གཉི་གའི་རང་བཞིན་གྱི་གཞལ་བྱ་གཞན་ཡིན་པའི་ཕྱིར་དེ་ལ་ཚད་མ་གཞན་
འབྱུང་བར་འགྱུར་རོ། །དེའི་ཕྱིར་འདི་ནི་མི་རུང་ངོ་། །དོན་དམ་གཞལ་བྱ་ཉིད་ཡིན་ན། །གཞལ་བྱ་ཉིད་ནི་མཐའ་ཡས་འགྱུར། །ལྟོས་པས་འབྲེལ་པ་ཐ་དད་ན། །དོན་དམ་མཚན་ཉིད་མིན་པར་འགྱུར། །འདི་ལ་བཤད་པ། དམིགས་པ་ཡིས་ནི་མཚོན་པ་གང་། །དེ་ནི་དོན་དམ་ཉིད་ཡིན་ནོ། །
དམིགས་པ་ཡིས་ནི་དངོས་རྣམས་ཀྱི། །དམ་པའི་དོན་ནི་ཡོད་པ་ཡིན། །དངོས་པོ་རྣམས་རང་གི་ངོ་བོས་དམིགས་པ་ལ་མ་བརྟེན་པར་ནི་ཡོད་པར་བདག་གིར་བྱེད་པ་མ་ཡིན་ནོ། །གལ་ཏེ་དམིགས་པ་ཡོད་པས་ཤེས་པ་ཡིན་གྱི། དེ་ཉིད་ནི་ཡོད་པ་མ་ཡིན་ནོ་ཞེ་ན། རི་བོང་གི་རྭ་ལ་སོགས་པ་མ་དམིགས་པ་ནི་མེད་
པ་ཡིན་པའི་ཕྱིར་བཟློག་པ་ལས་དམིགས་པ་ནི་ཡོད་པ་ཡིན་ནོ་ཞེས་རྣམ་པར་གནས་སོ། །གལ་ཏེ་དེ་ལ་ཡང་མེད་པས་མ་དམིགས་པ་ཉིད་ནི་མེད་པ་མ་ཡིན་ན། མ་དམིགས་པ་ལས་མེད་པ་ཉིད་གཞན་ནི་མེད་དོ། །མི་དམིགས་པས་རྟོགས་པ་གང་ཡིན་པ་དེ་མེད་པ་ཡིན་ནོ་ཞེ་ན། མི་དམིགས་པ་འདི་ཅི་ཞིག་དམིགས་
པ་མེད་པ་ཡིན་ནམ། འོན་ཏེ་གཞན་དམིགས་པ་ཡིན་ནམ་ཅི་སྟེ་མ་དམིགས་སོ་སྙམ་པའི་རྣམ་པར་རྟོག་པ་ཡིན། གལ་ཏེ་དམིགས་པ་མེད་པ་མ་དམིགས་པ་ཡིན་ན་དེ་ལས་ཅི་ལྟར་རྟོགས། དངོས་པོ་མེད་པ་ནི་རྟོགས་པ་མ་ཡིན་ནོ། །དམིགས་པ་མེད་པ་དེ་ཡང་དམིགས་པ་མེད་པ་གཞན་གྱིས་རྟོགས་པར་བྱ་
དགོས་པས་ཐུག་པ་མེད་དོ། །གལ་ཏེ་ཤེས་པ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་དམིགས་པ་ལ་དམིགས་པ་གཞན་མེད་པས་ན། གང་གིས་ཐུག་པ་མེད་པར་འགྱུར་བ། དེ་ནི་དམིགས་པ་མེད་པས་རྟོགས་པར་བྱ་བ་ཡིན་ནོ་ཞེ་ན། གལ་ཏེ་ཤེས་པ་ལྐོག་ཏུ་གྱུར་པ་ཡིན་ན་ཇི་ལྟར་དེ་ཡོད་པར་རྟོགས། ཇི་ལྟར་དོན་ལ་མ་
Vol. 178 · folio 199b
དམིགས་པ་ལས་མེད་པར་རྟོགས་པ་དེ་བཞིན་དུ་ཤེས་པ་ལ་ཡང་འགྱུར་བ་ཤིན་ཏུ་ཉམས་པར་འགྱུར་རོ། །འོན་ཏེ་དོན་ལྐོག་ཏུ་གྱུར་པ་མ་ཡིན་པའི་ཕྱིར་ཏེ། དེ་ལ་དོན་གྱིས་གོ་བ་ཡོད་པ་ཡིན་ཏེ། དེས་ན་ཚད་མ་ལྔ་ཡང་མེད་པ་མ་ཡིན་ནོ་ཞེ་ན། དོན་གྱིས་གོ་བ་ཡང་བློ་ཉིད་མ་ཡིན་ནམ། དེས་བློ་གཞན་གྱིས་
བློ་རྟོགས་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་དེ་ལས་དོན་གྱིས་གོ་བ་གཞན་མེད་པའི་ཕྱིར་ཚད་མ་ལྔ་མེད་པས་དོན་གྱིས་གོ་བའི་བློ་མེད་དོ་ཞེས་བྱ་བར་འགྱུར་རོ། །འོན་ཏེ་དེ་ལ་གཞལ་བྱ་རྟོགས་པ་ཡོད་པས་དོན་གྱིས་གོ་བ་ཡིན་ན་ནི་ཐུག་པ་མེད་པའི་ཕྱིར་མི་རྟོགས་པར་འགྱུར་རོ། །གལ་ཏེ་རྟོགས་པ་མཐོང་བ་ཉིད་མ་ཡིན་ནམ་
ཞེ་ན། གལ་ཏེ་མཐོང་བ་ཙམ་ལ་བརྟེན་ན་ནི་དོན་གྱིས་གོ་བས་ཅི་བྱ། ཇི་ལྟར་མཐོང་བ་དེ་ལྟ་ཡིན་དུ་ཟད་མོད་དོན་གྱིས་གོ་བས་བློ་བརྟགས་པས་ཅི་ཞིག་བྱ། དོན་གྱིས་གོ་བ་སྐྱེ་བ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ཐུག་པ་མེད་པའི་ཕྱིར་རྟོགས་པ་མེད་པར་ངེས་པ་ཡང་འགྱུར་བ་ཉིད་པས་ཇི་ལྟར་དེ་ཇི་ལྟར་མི་
འདོད། གང་གི་ཕྱིར་བློ་དམིགས་པར་བྱ་བ་ཉིད་དམ། ལྐོག་ཏུ་གྱུར་པ་ཡིན་པ་དེའི་ཚེ་ནི་དེ་མེད་པར་རྟོགས་པ་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་དོན་མི་དམིགས་པ་ཉིད་དམིགས་པ་མི་དམིགས་པ་ཡིན་ན་དེ་ལྟར་ཡིན་དམིགས་པ་དམིགས་པར་བྱ་བ་མ་ཡིན་པ་ཡང་ཡོད་དོ་ཞེས་བྱ་བར་འགྱུར་རོ། །དེ་ཉིད་
མེད་པ་ཡིན་ནོ་ཞེ་ན། གལ་ཏེ་མི་དམིགས་པ་མེད་པ་ཡིན་ན། དམིགས་པ་ཡང་ཡོད་པ་ཡིན་ཞེས་བྱ་བར་འགྱུར་རོ། །འོན་ཏེ་གཞན་དམིགས་པ་ཉིད་མི་དམིགས་པ་ཡིན་ནོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་གཞན་དམིགས་པ་ལ་མིང་བཏགས་པ་ཡིན་དུ་ཟད་མོད་གཞན་མེད་པར་
ཇི་ལྟར་འགྱུར། དེ་དམིགས་པ་མེད་པའི་ཕྱིར་རོ་ཞེ་ན། འདི་ལ་ལན་བཏབ་ཟིན་ཏོ། །གཞན་དམིགས་པ་དེ་ཉིད་གཞན་ལ་མི་འཇུག་པའི་ཕྱིར་ཏེ། དེ་ལས་གཞན་མི་དམིགས་པ་ཡིན་ནོ་ཞེ་ན། གལ་ཏེ་གཞན་ལ་མི་འཇུག་མོད། །དེ་ལྟ་ན་ཡང་དེ་མེད་དོ། །ཞེས་བྱ་བ་ག་ལས། འོན་ཏེ་དམིགས་
པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པ་ནི་མེད་པ་ཁོ་ན་སྟེ། དེ་ལྟ་མ་ཡིན་ན། དེ་ལ་ཡང་འཇུག་པ་ཉིད་དེ་དེ་ཡང་དེ་བཞིན་དུ་དམིགས་པར་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །དམིགས་པ་ཡང་མ་ཡིན་ནོ་ཞེ་ན། མེད་པའི་མཚན་ཉིད་ཅན་ཏེ་མི་དམིགས་པ་གང་གིས་རྟོགས་ཞེས་ཐུག་པ་མེད་པ་དེ་ཉིད་དོ། །སོ་
Vol. 178 · folio 200a
སོར་ངེས་པའི་རྣམ་པ་དམིགས་པའི་ཕྱིར་རོ་ཞེ་ན། ཅི་འདི་དོན་གྱིས་གོ་བ་ཡིན་ནམ། དེ་ལྟའོ་ཞེ་ན། ཐུག་པ་མེད་པར་བརྗོད་ཟིན་ཏོ། །སོ་སོར་ངེས་པའི་རྣམ་པ་དམིགས་པ་ཉིད་གཞན་དམིགས་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་གཞན་ཡོད་པ་ལས་མ་རྟོགས་པ་དངོས་པོ་མེད་
པའོ་ཞེས་བྱ་བ་འགའ་ཡང་མེད་པར་འགྱུར་རོ། །དེས་ན་གཞན་གྱི་དངོས་པོ་ཉིད་གཞན་ལ་ལྟོས་ནས་དངོས་པོ་མེད་པ་ཡིན་ལ་རང་ལ་ལྟོས་ནས་དངོས་པོ་ཡིན་ནོ། །སོ་སོར་ངེས་པའི་རང་བཞིན་དེ་ཡང་དམིགས་པ་ཉིད་ལས་ཡིན་པ་དེས་ན་དམིགས་པ་ཡོད་པར་བརྗོད་དོ། །གལ་ཏེ་སོ་སོར་ངེས་པ་ཉིད་ཡིན་ན་དམིགས་
པ་སོ་སོར་ངེས་པར་འགྱུར་གྱི་དེ་ཉིད་ནི་སོ་སོར་ངེས་པ་མ་ཡིན་ནོ་ཞེ་ན། གལ་ཏེ་མི་དམིགས་ན་ད་ལྟར་སོ་སོར་ངེས་པ་ཞེས་བྱ་བའི་བློར་འགྱུར་ཏེ། དམིགས་པའི་རིག་བྱ་ཉིད་ལས་འགྱུར་བ་མ་ཡིན་ནམ། དེས་ན་དམིགས་པ་ཉིད་ཡོད་པ་ཡིན་ནོ། །འོན་ཏེ་མ་དམིགས་སོ་སྙམ་པའི་རྣམ་པར་རྟོག་པ་ཉིད་མི་
དམིགས་པ་ཡིན་ན། དེ་ཡང་མ་ཡིན་ཏེ་མ་དམིགས་སོ་སྙམ་པའི་རྣམ་པར་རྟོག་པ་ནི་མི་དམིགས་པ་ཉིད་ཀྱི་རྗེས་སུ་འབྲང་བ་ཡིན་ན། མི་དམིགས་པ་དེ་ཡང་དཔྱད་ཟིན་ཏོ། །དེའི་ཕྱིར་དམིགས་པ་ཉིད་ཡོད་པ་ཡིན་པས་དམིགས་པར་བྱ་བ་ཉིད་གཞལ་བྱ་ཡིན་ནོ། །གལ་ཏེ་དེ་ཉིད་དོན་དམ་པར་ཡོད་པ་ཉིད་ཡིན་
ན་འོ་ན་འགའ་ལ་ཡང་རྣམ་པ་གཞན་དུ་མི་འགྱུར་རོ་ཞེ་ན། དེ་ནི་གཞན་དུ་མི་འགྱུར་བ་ཁོ་ན་སྟེ། སྐྱེས་བུ་གཞན་ལ་ལྟོས་ནས་ཀྱང་དེ་ནི་དེ་ལྟ་བུ་ཁོ་ན་ཡིན་ཏེ། སྔོན་པོ་ཉིད་ལ་སོགས་པ་བཞིན་ནོ། །ལྐོག་ཏུ་གྱུར་པ་ཉིད་ཀྱིས་ན་ཇི་ལྟར་དེ་ཉིད་ཀྱི་ཚེ་དེ་རྟོགས་པ་ཡིན་ཞེ་ན། དེ་ཉིད་ཀྱིས་རང་བཞིན་གྱིས་དེ་ལྐོག་ཏུ་
གྱུར་པར་རྟོགས་སོ། །གལ་ཏེ་འགས་ཀྱང་དེ་ལྟར་མ་རྟོགས་པའམ་རྟོགས་པར་མི་འགྱུར་བ་ཡིན་ན་དེ་རྗེས་སུ་དཔོག་པ་དོན་མེད་དོ། །དེའི་ཚེ་མ་རྟོགས་པ་དེ་ཇི་ལྟར་དེ་ལྟར་ཡིན་ཞེ་ན། དེའི་ཚེ་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ཡང་ག་ལས་མ་དམིགས་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། འོ་ན་དམིགས་པ་མེད་
པའི་ཕྱིར་མེད་པ་ཁོ་ནའོ། །ཡོད་ཀྱང་མི་དམིགས་པར་འགྱུར་གྱི་མེད་པར་ཇི་ལྟར་འགྱུར་ཞེ་ན། ཡོད་པ་ལ་ཚད་མ་ཡོད་པ་མ་ཡིན་ན་དེ་སྐད་བརྗོད་པར་བྱ་བ་མ་ཡིན་ནམ། རྗེས་སུ་དཔག་པའི་ཚད་མ་ཡོད་དོ་ཞེ་ན། དེ་ཡང་མཐོང་བའི་རང་བཞིན་ཉིད་ཀྱིས་རྗེས་སུ་འབྲང་ངོ་། །ཕྱིས་མཐོང་བའི་ཕྱིར། སྔར་
Vol. 178 · folio 200b
བལྟ་བར་བྱ་བ་ཉིད་ཇི་ལྟར་ཡིན་ཞེ་ན། གལ་ཏེ་བལྟ་བར་བྱ་བ་ཉིད་མེད་ན། ཡོད་པ་ཉིད་ཇི་ལྟར་ཡིན། ཕྱིས་དམིགས་པའི་ཕྱིར་རོ་ཞེ་ན། ཕྱིས་ཉིད་ཡོད་པར་འགྱུར་མོད་སྔར་ཇི་ལྟར། གལ་ཏེ་སྔར་མེད་ན་ཕྱིས་ཇི་ལྟར་དམིགས་པར་འགྱུར་ཞེ་ན། དམིགས་པར་བྱ་བ་ཉིད་དུ་རྟོགས་པའི་ཕྱིར་རོ། །དམིགས་
པར་བྱ་བ་ཉིད་དུ་རྟོགས་པ་ནི་དམིགས་པ་ཡིན་ལ་དེ་ལྟ་མ་ཡིན་ན་ནི་གཞན་དུ་ཡིན་ནོ་ཞེ་ན། གཞན་གྱི་ཚེ་ཡང་དེའི་རང་བཞིན་ཉིད་དུ་ངེས་པའི་ཕྱིར་གཞན་དུ་ཡོད་པ་མ་ཡིན་ཏེ། གཞན་དུ་རྟོགས་པར་མི་ནུས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ནི་འབྱུང་བར་འགྱུར་བ་ལ་ཚད་མ་ཡིན་ནོ་ཞེས་ཀྱང་སྟོན་པར་འགྱུར་རོ། །འོ་
ན་ཇི་ལྟར་གཞལ་བྱ་གཞན་ཡིན་ཞེ་ན། དེ་ཉིད་གཞན་གྱི་ངོ་བོས་རྟོགས་པའི་ཕྱིར་རོ། །དཔེ་དང་ཐུན་མོང་བའི་རང་བཞིན་གྱིས་དེ་ལྟར་རྟོགས་པ་ཉིད་གཞལ་བྱ་གཞན་ཡིན་ནོ། །དེ་ཉིད་རྟོགས་པའི་དབྱེ་བས་དེའི་ངོ་བོར་སྒྲོ་བཏགས་པའི་ཕྱིར་གཞལ་བྱ་གཞན་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ། །དེ་ལྟ་ན་ནི་
འོ་ན་ལྟོས་པས་བྱས་པའི་ཕྱིར་དོན་དམ་པ་ཡང་མ་ཡིན་ནོ་ཞེ་ན་བདེན་ཏེ། སྤྱི་ནི་དངོས་པོ་མེད་པ་ཡིན་ནོ་ཞེས་བསྟན་པ་ཉིད་དེ། འདི་སྔ་ན་མེད་པ་བརྗོད་པ་ནི་མ་ཡིན་ནོ། །དངོས་པོ་ལ་མི་སླུ་བའི་སྒོ་ནས་ཐ་དད་པ་ཉིད་དུ་མ་རྟོགས་པའི་ཐ་སྙད་པ་དག་གིས། དངོས་པོ་ཞེས་ཐ་སྙད་དུ་བྱེད་པ་དེས་ན་དེ་ལ་ལྟོས་ནས་
གཞལ་བྱ་རྣམ་པ་གཉིས་ཞེས་དེ་སྐད་བརྗོད་པ་ཡིན་ནོ། །འོན་ཏེ་གཉིས་ཀའི་རང་བཞིན་ཡིན་པའི་ཕྱིར་གཅིག་འཛིན་པ་ཚད་མ་གཞན་ཉིད་དུ་འགྱུར་རོ་ཞེས་བྱ་བར་འདོད་ན། དེ་ནི་མི་རིགས་ཏེ། ཚད་མ་གཅིག་གིས་གཉི་གའི་རང་བཞིན་དུ་རྟོགས་པར་མི་ནུས་པའི་ཕྱིར་རོ། །རྟོགས་ན་ཡང་དེ་ཚད་མ་གཉིས་ཡིན་
ཏེ། རྟོགས་པའི་དབྱེ་བ་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །ཡང་ན་རྟོགས་པའི་དབྱེ་བ་ཡིན་པའི་ཕྱིར་དོན་དམ་པའི་མཚན་ཉིད་མ་ཡིན་པས་ན་གཉི་གའི་རང་བཞིན་དུ་ཐལ་བ་མེད་དོ། །སྔོན་པོ་ཉིད་ལ་སོགས་པ་ནི་དོན་དམ་པའི་རང་བཞིན་ལ་དེ་ནི་ལྟོས་པའི་དབྱེ་བས་ཐ་དད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་དོན་དམ་པའི་
གཞལ་བྱ་མེད་པའི་ཕྱིར་ཚད་མ་ཉིད་དུ་འགྱུར་ཞེ་ན། འདི་ལ་བརྗོད་པ། ཐ་དད་བཏགས་པའི་རང་བཞིན་ཕྱིར། །དེ་ཉིད་དོན་དམ་མ་ཡིན་གྱི། །དངོས་པོའི་རང་བཞིན་ཐོབ་བྱ་གང་། །དེ་ནི་དོན་དམ་ལས་གཞན་མིན། །འོ་ན་དོན་དམ་པ་ཡུལ་དུ་བྱེད་པའི་ཕྱིར་ཐ་དད་པར་ཅི་ལྟར་འགྱུར་ཏེ། རང་གི་
Vol. 178 · folio 201a
ངོ་བོ་དངོས་སུ་བྱེད་ན་ནི་མངོན་སུམ་ཉིད་དུ་འགྱུར་རོ། །དེ་ལ་མ་རེག་ན་ཇི་ལྟར་དེ་ཡུལ་དུ་ཡིན་ཞེ་ན། འདིར་བརྗོད་པ། ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། །གཉིས་པ་འཁྲུལ་པ་ཡིན་པར་འདོད། །ཇི་ལྟར་དོན་དེ་དེ་ལྟར་དེ་ན་རྒྱུའི་དབྱེ་བས་ཐ་དད་པ་དེ་ལྟར་དེ་མངོན་པར་ཞེན་པ་མ་
ཡིན་པའི་ཕྱིར་ཇི་བཞིན་མ་ཡིན་པར་མངོན་པར་ཞེན་པས་ན་འཁྲུལ་པ་ཉིད་ཡིན་ཏེ། སྔར་མཐོང་བའི་དོན་གྱིས་སྐྱེད་པའི་བག་ཆགས་སད་པའི་སྟོབས་ལས་འབྱུང་བ་ཡིན་པས་ན། དངོས་པོ་མ་རེག་ཀྱང་དེར་ལྷག་པར་ཞེན་པའི་ཕྱིར་རོ། །གལ་ཏེ་དངོས་པོ་ལ་རེག་པ་མེད་ན་འོ་ན་ཚད་མ་ཉིད་དུ་མི་འགྱུར་རོ། །མི་
སླུ་བའི་ཕྱིར་ཚད་མ་ཉིད་དོ་ཞེ་ན། གཞན་རྟོགས་པ་ན་གཞན་ཐོབ་པའི་ཕྱིར་མི་སླུ་བར་འགྱུར་རོ་ཞེ་ན། དེ་ཉིད་སྨྲས་པ་ནི། གལ་ཏེ་གཞན་གྱི་ངོ་བོས་ནི། །རྟོགས་ན་འཁྲུལ་པ་ཚད་མ་ཡིན། །གལ་ཏེ་གཞན་གྱི་ངོ་བོས་རྟོགས་ན་ཇི་ལྟར་དེ་རྟོགས་པ་ཡིན། དེ་ནི་གཞན་གྱི་ངོ་བོ་ཉིད་རྟོགས་པ་ཡིན་ནོ། །
དེ་ལ་གཞན་ཐོབ་པ་ནི་འཁྲུལ་པ་ཉིད་ཡིན་ལ་འཁྲུལ་པ་ཡང་ཚད་མ་ཉིད་མ་ཡིན་ནོ་ཞེ་ན། ལན་དུ། བསམ་པ་ལ་ནི་སླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །རྣམ་གཞན་གྱིས་ཀྱང་རྟོགས་པ་མཐོང་། །ཕྱོགས་འདི་ལ་ནི་ལན་བཏབ་ཟིན། །གཞན་དུ་ཡང་དོན་ཇི་ལྟ་བ་བཞིན་དུ་མངོན་པར་ཞེན་པར་
ཇི་ལྟར་རྟོགས་པར་བྱ་ཞེ་ན་བསམ་པ་ལ་སླུ་བ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་འདི་ལ་ཡང་ཡོད་པའི་ཕྱིར་དོན་ཇི་ལྟ་བ་བཞིན་མ་ཡིན་པར་ཞེན་པ་མ་ཡིན་ནོ། །འདི་ནི་བག་ཆགས་ཀྱི་སྟོབས་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་དང་། སྣང་བ་ཐ་དད་པའི་ཕྱིར་ཐ་དད་དོ་ཞེས་བྱ་བ་འདི་ཐ་སྙད་པས་རིག་པ་མ་ཡིན་གྱི། འདི་ནི་འཆད་
པར་བྱེད་པ་རྣམས་ཀྱིས་དོན་རྟོགས་པ་ཡིན་ནོ། །གཞན་མཐོང་བའི་ཕྱིར་བསམ་པ་དེ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། མ་ཡིན་ཏེ། རྣམ་པར་རྟོག་པ་རྣམས་ནི་དངོས་པོ་སོ་སོར་ངེས་པ་མ་ཡིན་པའི་ཕྱིར་རོ། །འདི་ནི་ཐོག་མ་མེད་པའི་བག་ཆགས་ཀྱི་མཐུ་ཡིན་ནོ། །དེས་ན་ཇི་ལྟར་དེ་ཁོ་ན་ཉིད་དུ་ཡོངས་སུ་མ་བཅད་པར་དེ་
ལ་འཇུག་ཅེས་བྱ་བ་འདི་བརྩད་པར་བྱ་བ་མ་ཡིན་པ་ཁོ་ནའོ། །མཐོང་བ་ལ་ནི་མི་འཐད་པ་མེད་དོ། །མངོན་སུམ་ལ་ཡང་འཇུག་པར་བྱེད་པ་ཉིད་ཇི་ལྟར་འགྱུར་ཏེ། དེ་ལ་ཡང་ཐོབ་པར་བྱ་བའི་རང་བཞིན་ཡོངས་སུ་གཅོད་པ་ནི་མེད་པ་ཁོ་ན་སྟེ། ཉེ་བར་གནས་པ་ཙམ་ཡོངས་སུ་གཅོད་པ་ཡིན་པའི་ཕྱིར་རོ། །གཉིས་
Vol. 178 · folio 201b
ན་མངོན་སུམ་ཉིད་འཇུག་པར་བྱེད་པ་མ་ཡིན་ཏེ། ཉེ་བར་གནས་པ་ཙམ་ནི་མི་འཐོབ་པའི་ཕྱིར་རོ། །དེར་ཡང་དེ་དག་གཅིག་ཏུ་ལྷག་པར་ཞེན་པ་ཉིད་ཀྱིས་འབྱུང་བར་འགྱུར་བ་ལ་འཇུག་པ་ཡིན་ཏེ། དེས་ན་རྗེས་སུ་དཔག་པའི་འཇུག་པ་ཡང་དེ་ལྟ་བུ་ཉིད་ཡིན་པས་ཅི་ལྟར་མཚུངས་པ་ཉིད་དུ་མ་མཐོང་། འོན་ཏེ་
མངོན་སུམ་ནི་གཅིག་ཏུ་ལྷག་པར་ཞེན་པའི་རང་བཞིན་ནི་མ་ཡིན་ཏེ། ཉེ་བར་གནས་པ་ཡོངས་སུ་གཅོད་པ་ཙམ་ཉིད་དོ། །གཅིག་ཏུ་ལྷག་པར་ཞེན་པ་ནི་དེའི་དུས་ཕྱིས་འབྱུང་བ་ཅན་གྱི་རྣམ་པར་རྟོག་པས་ཡིན་ནོ་ཞེ་ན། དེ་ནི་མི་རུང་སྟེ། རྗེས་སུ་དཔག་པས་ཤིན་ཏུ་ནི། །རང་གི་ངོ་བོ་གཟུང་བའི་ཕྱིར། །
ཉེ་བར་གནས་པས་གཟུང་བ་ལ། །རྣམ་རྟོག་གཞན་ནི་གནས་པར་འགྱུར། །ཇི་ལྟར་ཉེ་བར་གནས་པའི་གཟུགས་ལ་སོགས་པ་ཙམ་འཛིན་པའི་མངོན་སུམ་རྣམ་པར་རྟོག་པ་གཞན་གྱིས་གཅིག་ཏུ་ལྷག་པར་ཞེན་པར་གྱུར་ན་འཇུག་པར་བྱེད་པ་ཡིན་པ་དེ་བཞིན་དུ་རྗེས་སུ་དཔག་པ་རང་གི་ངོ་བོ་ཉེ་བར་གནས་པ་ཉིད་
དུ་ལྷག་པར་གསལ་བ་འཛིན་པ་ཡིན་པའི་ཕྱིར། དེར་ཡང་ལྷག་པར་ཞེན་པ་ལས་འཇུག་པར་བྱེད་པའི་རྣམ་པར་རྟོག་པ་གཞན་ཡོད་པར་འགྱུར་རོ། །འོན་ཏེ་རྗེས་སུ་དཔག་པ་ནི་རང་གི་ངོ་བོ་ཉིད་ཀྱིས་ལྷག་པར་ཞེན་པའི་རང་བཞིན་ཡིན་པའི་ཕྱིར། འཇུག་པར་བྱེད་པ་ཉིད་དང་དངོས་པོ་ལ་རེག་པ་མེད་པ་ཉིད་ཡིན་
པས་ན་ཚད་མ་མ་ཡིན་ནོ། །མངོན་སུམ་ནི་དངོས་པོ་ལ་རེག་པ་ཉིད་ཀྱིས་ཚད་མ་ཡིན་ནོ་ཞེ་ན། དེ་ཡང་རུང་བ་མ་ཡིན་ཏེ། དངོས་ལ་རེག་པ་ཙམ་གྱིས་ནི། །མངོན་སུམ་འཇུག་པར་བྱེད་པ་མིན། །འབྱུང་བར་འགྱུར་བ་གཅིག་ཉིད་དུ། །ཞེན་པ་མངོན་སུམ་ཡོད་མིན་ན། །རང་བཞིན་གང་གི་དངོས་པོ་ལ་རེག་
པའི་རང་བཞིན་དེས་ནི་ཚད་མ་མ་ཡིན་ཏེ། འཇུག་པར་བྱེད་པ་ཉིད་མེད་པའི་ཕྱིར་རོ། །འོན་ཏེ་རང་བཞིན་དེ་ཉིད་རྣམ་པར་རྟོག་པ་སྐྱེད་པར་བྱེད་པ་ལ་འཇུག་པར་བྱེད་པ་ཡིན་ནོ་ཞེ་ན། གང་གིས་དེའི་སྒོ་ནས་མངོན་སུམ་འཇུག་པར་བྱེད་པ་ཉིད་ཡོད་དམ། དེ་རང་ཉིད་འཇུག་པར་བྱེད་པ་ཉིད་ཡིན་ན། འོ་ན་ནི་འཇུག་པར་
བྱེད་པ་ཡིན་ནོ་ཞེས་བྱ་བའི་ཚིག་གི་ཚུལ་འདི་ཅི་ཡིན། གལ་ཏེ་རྣམ་རྟོག་འཇུག་བྱེད་ན། །དངོས་འཛིན་མིན་པར་ཇི་ལྟར་འགྱུར། །དེ་ལྟ་ཡིན་ཡང་འཇུག་བྱེད་ན། །རྗེས་དཔག་ལ་འདི་ཅིས་མི་འདོད། །གལ་ཏེ་རྣམ་པར་རྟོག་པ་སྐྱེད་པའི་སྒོ་ནས་མངོན་སུམ་འཇུག་པར་བྱེད་པ་ཉིད་ཡིན་ན། འོ་ན་ནི་འཇུག་པར་
Vol. 178 · folio 202a
བྱེད་པའི་ཕྱིར་རྣམ་པར་རྟོག་པ་ཚད་མ་ཉིད་ཡིན་པར་འགྱུར་རོ། །དེ་ལྟ་ཡིན་ན་རྗེས་སུ་དཔག་པ་ཚད་མ་ཡིན་པ་ལ་བཟློག་པ་མེད་པ་ཁོ་ནའོ། །རྗེས་སུ་དཔག་པ་ལ་ནི་དངོས་པོ་འཛིན་པ་མ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ཏེ། འཇུག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་མངོན་སུམ་
གྱི་དུས་ཕྱིས་འབྱུང་བའི་རྣམ་པར་རྟོག་པ་ཅི་ལྟར་ཡིན། དེར་ཡང་མངོན་སུམ་གྱིས་དངོས་པོ་གཟུང་བའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། རྣམ་པར་བརྟགས་པ་འབྱུང་བར་འགྱུར་བ་ལ་དེ་མི་འཇུག་པའི་ཕྱིར་རོ། །དེའི་རྒྱུན་ལ་ཞུགས་པའི་ཕྱིར་ཞུགས་པ་ཁོ་ནའོ་ཞེ་ན། ཇི་ལྟར་དང་པོའི་སྐད་ཅིག་རྒྱུན་ཡིན། གཞན་ལ་
ཞུགས་པས་ནི་གཞན་ལ་ཞུགས་པར་མི་འགྱུར་རོ། །དེ་ལྟར་ཡིན་ནོ་ཞེ་ན་རྗེས་སུ་དཔག་པ་ཡང་རང་གི་ངོ་བོ་ལ་ཞུགས་པས་དོན་ལ་ཡང་ཞུགས་པར་འགྱུར་རོ། །དེ་ནི་ཉེ་བར་བཏགས་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བར་ཡང་ལན་མ་ཡིན་ཏེ་མངོན་སུམ་གཞན་ལ་ཞུགས་པ་ཡང་ཉེ་བར་བཏགས་པ་
ལས་གཞན་པ་ནི་མ་ཡིན་ནོ། །མངོན་སུམ་ནི་དེའི་རིགས་པ་ལ་ཞུགས་ལ། རྗེས་སུ་དཔག་པ་ནི་དེ་ལ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་འགལ་ཏེ། མངོན་སུམ་གྱི་དུས་ཕྱིས་འབྱུང་བའི་རྣམ་པར་རྟོག་པ་དེའི་རིགས་ལ་ཞུགས་པ་མེད་པའི་ཕྱིར་རོ། །དེ་ལ་མངོན་སུམ་ཞུགས་སོ་ཞེས་བྱ་བ་ལན་ཡིན་ན། དེ་ནི་རྗེས་སུ་དཔག་
པ་ལ་ཡང་ཡིན་པས་འདིར་མཚུངས་ཏེ། རྗེས་སུ་དཔག་པའི་ཡུལ་དེའི་རིགས་ཅན་ལ་མངོན་སུམ་ཞུགས་པའི་ཕྱིར་རོ། །ཚང་བང་གི་རྒྱུ་མེ་ལ་ནི་མངོན་སུམ་ཞུགས་པ་ཁོ་ནའོ། །རྗེས་སུ་དཔག་པའི་ཡུལ་ལ་དེ་མེད་དོ་ཞེ་ན་ཐམས་ཅད་མཚུངས་སོ། །འདི་ལྟར། ཇི་ལྟར་རྗེས་སུ་དཔག་པ་ཡི། །ཡུལ་ལ་མངོན་
སུམ་འཇུག་མེད་ན། །དེ་བཞིན་མངོན་སུམ་ཕྱིས་འབྱུང་བའི། །རྣམ་རྟོག་ཡུལ་ལ་མིན་ནམ་ཅི། །གལ་ཏེ་རྗེས་དཔག་སྐྱེད་པ་ཡི། །མངོན་སུམ་གསལ་གཞན་ལ་ཞུགས་ན། །རྣམ་རྟོག་དེ་བསྐྱེད་མངོན་སུམ་ཅི། །རང་བཞིན་གཞན་ལ་ཞུགས་མིན་ནམ། །གཅིག་ཏུ་ལྷག་པར་ཞེན་པ་ནི། །གཉི་ག་ལ་ཡང་
མཚུངས་པ་ཉིད། །སྤྱི་ནི་གཉི་གར་ཡང་འཛིན་ཅིང་། །དེར་ནི་མེ་སོགས་ཐོབ་བྱ་ཡི། །དངོས་པོ་རྣམ་པར་བརྟག་བྱ་བ། །དབང་པོ་ཡི་ནི་སྤྱོད་ཡུལ་ཡིན། །གཞན་གཟུང་བ་ན་གཞན་གཟུང་བ། །མིན་ཞེས་དཔྱད་ཟིན་མ་ཡིན་ནམ། །དེ་དང་འབྲེལ་པ་གཟུང་བ་ན། །གལ་ཏེ་དེ་བཟུང་བར་འདོད་ན། །རྗེས་དཔག་ལ་ཡང་
Vol. 178 · folio 202b
ཐམས་ཅད་དུ། །འབྲེལ་པ་འཛིན་པ་མཚུངས་པ་ཡིན། །རྣམ་རྟོག་ལ་ནི་རྒྱུ་མཐོང་ཞིང་། །རྗེས་སུ་དཔག་པའང་འབྲས་བུ་མཐོང་། །ཇི་ལྟར་མངོན་སུམ་གྱི་ཕྱིས་འབྱུང་བའི་ཡུལ་ལ་མངོན་སུམ་མ་ཞུགས་ཀྱང་དེའི་རྒྱུ་ལ་ཞུགས་པས་རྣམ་པར་རྟོག་པ་འཇུག་པར་བྱེད་པའི་ཚད་མར་གྲུབ་པ་དེ་བཞིན་དུ་རྗེས་སུ་དཔག་པའི་ཡུལ་ལ་
མ་ཞུགས་ཀྱང་དེའི་འབྲས་བུ་ལ་ཞུགས་པས་རྗེས་སུ་དཔག་པ་ལ་ཡང་ཚད་མར་འགྲུབ་སྟེ། འབྲེལ་པ་ཁྱད་པར་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་འབྲེལ་པ་གཉིས་ཀ་ལ་མཚུངས་སོ། །རྒྱུ་ལས་འབྲས་བུ་རྟོགས་པར་མ་ངེས་པའི་ཕྱིར། ཉམས་ན་མངོན་སུམ་ཉིད་ཚད་མ་མ་ཡིན་པར་འགྱུར་གྱི། རྗེས་སུ་དཔག་
པ་ནི་མ་ཡིན་ནོ། །འོན་ཏེ་མངོན་སུམ་ཡིན་པའི་ཕྱིར་མ་ངེས་པ་བརྗོད་པར་མི་འཐད་དོ་ཞེ་ན། མངོན་སུམ་ཉིད་ནི་ཉེ་བར་གནས་པ་ཙམ་ལ་ཡིན་པས་དེ་ལས་མ་ངེས་པ་བརྗོད་པར་མ་ཡིན་གྱི། འབྱུང་བར་འགྱུར་བ་ལ་ནི་དེ་མངོན་སུམ་ཉིད་འདི་མ་ཡིན་ནོ། །དེའི་རིགས་ལ་མངོན་སུམ་ཡིན་པས་དེ་ལ་ཡང་མངོན་
སུམ་ཡིན་ནོ་ཞེས་བྱ་བར་ཡང་རྩོད་པར་མི་བྱའོ། །རྗེས་སུ་དཔག་པའི་ཡུལ་ལ་ཡང་དེའི་རིགས་ཉིད་མངོན་སུམ་གྱི་ཡུལ་ཡིན་ནོ། །དེར་ཅིར་མངོན་སུམ་ཞུགས་ལ་འདི་ལ་ནི་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །དེར་ནི་གསལ་བ་གཞན་ལ་ཞུགས་ལ་འདིར་ནི་དེ་ཉིད་ལ་ཡིན་པས་མངོན་སུམ་སྤྱིའི་ཡུལ་ཅན་
ཉིད་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་འབྱུང་བ་དང་། འབྱུང་བར་འགྱུར་བ་ལ་གཅིག་ཉིད་མེད་པའི་ཕྱིར་དང་མངོན་སུམ་མ་ཡིན་པའི་ཕྱིར་སྤྱིའི་ཡུལ་ཅན་ཉིད་དུ་མཚུངས་པ་ཁོ་ནའོ། །འབྱུང་བར་འགྱུར་བ་དང་མཐོང་བ་རིགས་གཅིག་པར་ཡང་ཇི་ལྟར་རྟོགས། གཞན་དུ་དེ་ལྟར་མཐོང་བའི་ཕྱིར་རོ་ཞེ་ན། འོ་ན་ནི་ཐམས་ཅད་
དུ་གསལ་བ་གཞན་དང་ཐུན་མོང་བ་ཉིད་ཀྱི་སྤྱི་རྟོགས་པ་ཡིན་པས་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་ཁྱད་པར་མེད་དོ། །འོན་ཏེ་འབྱུང་བར་འགྱུར་བ་གདོན་མི་ཟ་བར་འགྱུར་བ་ཡིན་པས་དེས་ན་མ་ངེས་པ་ཉིད་མ་ཡིན་ནོ་ཞེ་ན། གང་ན་རྒྱུ་ཡོད་པ་དེར་གདོན་མི་ཟ་བར་འགྱུར་བ་ཡིན་ན། གང་འབྲས་བུ་ཡོད་པ་
དེར་གདོན་མི་ཟ་བར་འགྱུར་བ་ཤིན་ཏུ་ཡང་གསལ་ལོ། །གདོན་མི་ཟ་བར་འབྱུང་བར་འགྱུར་བའི་འབྲས་བུ་ནི་རྒྱུ་ཉིད་དོ་ཞེས་བསྟན་ཟིན་ཏོ། །དེས་ན་འབྱུང་བར་འགྱུར་བའི་འཇུག་པར་བྱ་བ་ལ་མངོན་སུམ་དང་རྗེས་སུ་དཔག་པ་དག་ཁྱད་པར་མེད་དོ། །འོན་ཏེ་མངོན་སུམ་ནི་རེ་ཞིག་དངོས་པོ་ལ་རེག་པ་ཡིན་པ་དེས་ན་ཚད་མ་
Vol. 178 · folio 203a
ཡིན་གྱི་རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་རུང་བ་མ་ཡིན་ཏེ། ཐོབ་པར་བྱ་བའི་ཡུལ་མེད་ན། འཁྲུལ་བ་དང་མ་འཁྲུལ་བ་ཁྱད་པར་མེད་དོ། །དོན་ཡོད་པ་དང་མེད་པ་དག་གི་ཁྱད་པར་ཡོད་དོ་ཞེ་ན། མ་ཡིན་ཏེ་མི་སླུ་བ་མེད་པར་དོན་ཡོད་པ་དང་གཞན་དེ་ཉིད་རྟོགས་པར་མི་
ནུས་པའི་ཕྱིར་རོ། །འོན་ཏེ་མངོན་སུམ་ལ་མི་གཞན་གྱིས་མི་སླུ་བ་ཉིད་ཡོད་པས་མི་སླུ་བ་ཉིད་མེད་ཀྱང་དངོས་པོའི་ཡུལ་ཅན་ཡིན་ནོ་ཞེ་ན། དེ་ཡང་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཉིད་ཡིན་པས་ན་ཁྱད་པར་མེད་དོ། །དེའི་ཕྱིར་བསམ་པ་ལ་མི་སླུ་བའི་ཕྱིར་ཚད་མ་ཡིན་གྱི་དངོས་པོ་འཛིན་པ་ནི་ཉེ་བར་མཁོ་བ་ཡོད་པ་མ་
ཡིན་ནོ། །དེ་ལྟ་མ་ཡིན་ན་མངོན་སུམ་ཚད་མ་ཉིད་དུ་མི་འགྱུར་རོ། །དེ་ལ་འདི་ལྟར་བཤད་པར་བྱ་སྟེ། རྣམ་པ་གཞན་དུ་རྟོགས་པ་མཐོང་སྟེ། འཁྲུལ་པས་ཀྱང་རྟོགས་པ་མཐོང་ངོ་ཞེས་བྱ་བ་ཡིན་ནོ། །ཡང་ན་གལ་ཏེ་འཇུག་པའི་དོན་ཏེ། དེ་ལས་རྣམ་པ་གཞན་དུ་གཞན་གྱི་ངོ་བོས་ཤེས་པ་ལ་ཡང་མཐོང་བ་
ཡིན་ནོ། །ཇི་ལྟར་ཐོབ་ཅེ་ན་དོན་ཡོད་པའི་ཕྱིར་རོ། །ཡོད་པ་གང་ཡིན་པ་དེ་ནི་ཐོབ་པར་བྱ་བ་ཡིན་ནོ། །འདི་ལྟར་མུན་པར་ལག་པས་བཙལ་བ་ལས་ཀྱང་ཐོབ་པ་མཐོང་བ་ཡིན་ནོ། །ངེས་པ་ཇི་ལྟར་ཞེ་ན་འབྲེལ་པའི་སྟོབས་ཉིད་ལས་སོ། །ཡོད་པ་ཉིད་ཀྱང་འབྲེལ་པ་ཅན་ཡོད་པ་ཉིད་ལས་སོ། །ཇི་ལྟར་འབྲེལ་པ་
ཅན་ཉིད་རྟོགས་ཤེ་ན། མངོན་སུམ་ལ་ཡང་འབྱུང་བར་འགྱུར་བ་དང་འབྲེལ་པ་ཇི་ལྟར་རྟོགས། དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ་ཞེ་ན། གཉི་གར་ཡང་མཚུངས་པའི་ཕྱིར་རྩོད་པ་མེད་དོ། །འོན་ཏེ་དེར་ནི་མངོན་སུམ་དེ་ཉིད་ཚད་མ་ཡིན་ཏེ། རྣམ་པར་རྟོག་པ་དེ་བསྐྱེད་པའི་ཕྱིར་རོ་ཞེ་ན། རྗེས་སུ་དཔག་པ་སྐྱེད་པའི་ཕྱིར་ཡང་སྔར་
གྱི་མངོན་སུམ་དེ་ཉིད་ཚད་མར་ཅི་སྟེ་མི་འདོད་དེ་འདས་པའི་ཕྱིར་རོ་ཞེ་ན། རྟོགས་པ་སྐྱེ་བའི་དུས་ན་ཡང་མངོན་སུམ་འདས་པ་ཁོ་ནའོ། །རྒྱུ་དང་འབྲས་བུ་དག་ནི་དུས་མཉམ་པ་མ་ཡིན་ནོ་ཞེས་སྟོན་པར་འགྱུར་རོ། །འོན་ཏེ་རྣམ་པར་རྟོག་པའི་དུས་ན་ཡང་མངོན་སུམ་རྒྱུན་ཆགས་པར་ཡོད་པ་ཡིན་པའི་ཕྱིར་ཁྱད་པར་ཡོད་དོ་ཞེ་ན། མ་
ཡིན་ཏེ། ཕྱི་མའི་མངོན་སུམ་གྱི་སྐད་ཅིག་མ་རྣམས་མ་ཡིན་པའི་ཕྱིར་རོ། །འོན་ཏེ་ཕྱི་མ་རྣམས་ཀྱང་ཚད་མ་ཉིད་དེ། དེ་ལྟ་མ་ཡིན་ན་རྒྱུན་ཆགས་པར་འབྱུང་བ་མི་ངེས་པའི་ཕྱིར་རོ་ཞེ་ན། འོ་ན་ཐམས་ཅད་ཚད་མ་མ་ཡིན་པར་འགྱུར་ཏེ། ཐོབ་པར་བྱ་བའི་ཡུལ་མེད་པའི་ཕྱིར་རོ། །སྔ་མ་དག་ཉིད་ཀྱི་ངེས་པ་སྐྱེད་ན་ནི་ཕྱི་
Vol. 178 · folio 203b
མ་རྣམས་ཚད་མ་མ་ཡིན་པའི་ཕྱིར་རོ། །ཐེ་ཚོམ་ཟ་ན་ནི་ངེས་པ་མ་ཡིན་ལ་དེས་ན་ཡང་ཐེ་ཚོམ་ཟ་བ་མ་ཡིན་ཏེ། ངེས་པ་དང་གཞན་པ་དག་ཡུལ་གཅིག་ལ་མི་འདོད་པའི་ཕྱིར་རོ། །འོན་ཏེ་སྔ་མ་རྣམས་ཚད་མ་མ་ཡིན་པ་ཁོ་ནའོ་ཞེ་ན། དེ་ལྟ་ཡིན་ན་འཇུག་པ་ཉིད་མེད་པའི་ཕྱིར། འགའ་ཡང་ཚད་མ་མ་ཡིན་ནོ། །རེ་
ཞིག་མཐོང་སྟེ། ཅི་འདི་ལ་ཐོབ་པ་ཡོད་དམ་འོན་ཏེ་མ་ཡིན་ཞེས་བྱ་བས་འཇུག་ན་དེ་ནི་རྗེས་སུ་དཔག་པ་ལ་ཡང་མཚུངས་སོ། །མངོན་སུམ་དུ་མངོན་པར་འདོད་པའི་རྟོགས་པ་ཡང་རྣམ་པ་གཞན་དུ་གཞན་གྱི་རང་བཞིན་དུ་མཐོང་བ་ཡིན་ཏེ། འཇུག་པའི་ཡུལ་རང་གི་ངོ་བོས་རྟོགས་པ་ནི་འགའ་ཡང་མེད་དོ། །གཞན་དངོས་
པོའི་ངོ་བོ་འམ་རང་གི་ངོ་བོར་རྟོགས་པ་ནི་གཉི་ག་ལ་ཡང་ཡོད་པས་ན་འབྱུང་བའི་དངོས་པོ་ལ་ཁྱད་ཅི་ཡོད། འོ་ན་མངོན་སུམ་དང་རྗེས་སུ་དཔག་པ་དག་ཡུལ་ཐ་དད་པར་ཇི་ལྟར་འགྱུར་ཞེ་ན། གསལ་བ་ལ་མི་གསལ་བར་སྒྲོ་བཏགས་པ་དང་། མི་གསལ་བ་ལ་གསལ་བར་སྒྲོ་བཏགས་པའོ། །ཡང་ན་རྣམ་པ་གཞན་དུ་ཡིན་ཏེ།
གང་དུ་འབྱུང་འགྱུར་རྟོགས་པ་དེར། །རྗེས་སུ་དཔག་པ་ཚད་མར་འདོད། །དེ་ལྟར་གཙོ་བོར་གྱུར་པས་ནི། །འཇུག་ལ་མངོན་སུམ་ཚད་མ་ཉིད། །གང་ལ་ཤིན་ཏུ་གོམས་པ་ལས་རྣམ་པར་མི་རྟོག་བཞིན་དུ་འཇུག་པ་དེར་ནི་མངོན་སུམ་ཚད་མ་ཡིན་ཏེ། དེ་ལྟ་མ་ཡིན་ཏེ་གང་ལ་རྣམ་པར་རྟོག་པ་ཡོད་པ་དེ་ཉིད་ལ་
མངོན་སུམ་འཇུག་པར་བྱེད་པ་དང་ཚད་མ་ཡིན་ན་རྣམ་པར་རྟོག་པ་ཚད་མ་གཞན་ཡིན་པར་འགྱུར་རོ། །འོན་ཏེ་དེར་མངོན་སུམ་ཉིད་ཚད་མ་ཡིན་གྱི་རྣམ་པར་རྟོག་པ་ནི་མ་ཡིན་ཏེ། བཟུང་ཟིན་པ་འཛིན་པ་ཡིན་པའི་ཕྱིར་རོ་ཞེ་ན། ཇི་ལྟར་བཟུང་ཟིན་པ་འཛིན་པ་མ་ཡིན་ཏེ་དེ་ལྟར་དཔྱད་ཟིན་ཏོ། །ཡང་བརྗོད་པར་བྱ་སྟེ།
འདི་ལྟར། གལ་ཏེ་རྣམ་རྟོག་འཇུག་པ་ལ། །ཉེར་མཁོ་མེད་ན་དེས་ཅི་བྱ། །འཇུག་ལ་ཉེ་བར་མཁོ་ཞེ་ན། །རྣམ་རྟོག་ཇི་ལྟར་ཚད་མ་མིན། །གལ་ཏེ་རྣམ་པར་རྟོག་པ་ཉེ་བར་མཁོ་བ་མེད་པ་ཉིད་ཡིན་ན། ཇི་ལྟར་འདི་མངོན་སུམ་གྱིས་ལྷན་ཅིག་ཉིད་དུ་འདོད། ཉེ་བར་མཁོ་བ་མེད་པ་ནི་རྣལ་འབྱོར་པ་དང་ནི་
ལྡན་དུ་ཟིན་ཀྱང་ལྷན་ཅིག་པ་ཉིད་དུ་སུ་ཡང་དོན་དུ་མི་གཉེར་རོ། །འོན་ཏེ་དེ་མེད་པར་མི་འཇུག་ན་མངོན་སུམ་ཚད་མ་མ་ཡིན་པར་འགྱུར་རོ། །དེ་ནི་མེད་ན་ཡང་མི་འཇུག་གོ་ཞེ་ན། འོ་ན་གཉི་ག་ཚད་མར་ཐལ་ལོ། །འོན་ཏེ་རྣམ་པར་རྟོག་པ་ནི་ཚད་མ་མ་ཡིན་ཏེ་དངོས་པོའི་རང་བཞིན་ལ་མ་རེག་པའི་ཕྱིར་རོ་ཞེ་ན། འོ་ན་
Vol. 178 · folio 204a
མངོན་སུམ་ཡང་ཚད་མ་མ་ཡིན་ཏེ། ཐོབ་པར་བྱ་བའི་རང་བཞིན་ལ། །མ་རེག་པའི་ཕྱིར་རོ་ཞེས་ད་ལྟ་ཁོ་ན་བཤད་པ་ཡིན་ནོ། །དེའི་ཕྱིར། རྗེས་འགྲོ་ལྡོག་པ་དག་ལས་ནི། །གལ་ཏེ་རྣམ་རྟོག་འཇུག་པ་ལ། །རྒྱུ་ཉིད་མིན་ན་དེ་ཡི་ཚེ། །ཚད་མ་ཡིན་པ་ཉིད་དུ་འགྱུར། །མངོན་
སུམ་འོག་རོལ་འཇུག་པ་ཡི། །རྣམ་རྟོག་གལ་ཏེ་འཇུག་པ་ལ། །ནུས་ཡོད་ཅེ་ན་མཆོད་པས་ན། །མངོན་སུམ་ཚད་མ་ཉིད་མིན་འགྱུར། །ཅི་སྟེ་ཚད་ཀྱང་ཚད་མ་ཉིད་ཡིན་ན། དེ་ལྟ་ན་མིག་ལ་སོགས་པ་རྣམས་ཀྱང་འཇུག་པར་བྱེད་པ་ཉིད་ཀྱིས་ཚད་མར་འགྱུར་རོ། །ཤེས་པ་མ་ཡིན་པའི་ཕྱིར་མ་ཡིན་ནོ་ཞེ་ན།
མཚུངས་པ་དེ་མ་ཐག་པའི་རྐྱེན་ཡང་འགྱུར་རོ། །དེ་ནི་ཡུལ་གཞན་དང་ལྡན་པའི་ཕྱིར་མ་ཡིན་ནོ་ཞེ་ན། ཡུལ་མཚུངས་པ་ཉིད་ན་འགྱུར་རོ། །འགྱུར་བ་ཁོ་ནའོ་ཞེ་ན། མ་ཡིན་ཏེ་དེ་ལ་འཇུག་པར་བྱ་བ་ཤེས་པ་མེད་པའི་ཕྱིར་རོ། །སྐད་ཅིག་སྔ་མ་འཛིན་པའི་མངོན་སུམ་ལ་ནི་འཇུག་པའི་ཡུལ་ཅན་ཉིད་མེད་དོ། །དེའི་ཕྱིར་
རྣམ་པར་རྟོག་པ་ཉིད་དེ་མ་ཐག་པ་ཡིན་པའི་ཕྱིར་ཚད་མར་འགྱུར་རོ། །འོན་ཏེ་ཡང་མངོན་སུམ་སྣང་བ་ཙམ་གྱིས་འཇུག་པའི་ཡུལ་ལ་ཞུགས་པ་ཡིན་ནོ། །དེ་ལྟ་ཡང་རྣམ་པར་རྟོག་པ་ནི་ཚད་མ་ཡིན་ནོ། །བཟུང་ཟིན་པ་འཛིན་པས་ཇི་ལྟར་ཚད་མ་ཡིན་ཞེ་ན། འཇུག་པར་བྱེད་པའི་ཕྱིར་དཔེར་ན་རང་བཞིན་གྱི་རྟགས་ཀྱི་རྗེས་
སུ་དཔག་པ་བཞིན་ནོ། །སྣང་བ་ཙམ་གྱིས་ནི་མངོན་སུམ་ཚད་མ་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱང་མངོན་སུམ་གྱིས་གཟུང་བར་འགྱུར་རོ། །འགྱུར་བ་ཁོ་ནའོ་ཞེ་ན། སྐད་ཅིག་མ་འཛིན་པའི་ཕྱིར་རྗེས་སུ་དཔག་པ་ཚད་མ་མ་ཡིན་པར་འགྱུར་ཏེ་བཟུང་ཟིན་པ་འཛིན་པའི་ཕྱིར་རོ། །འོན་ཏེ་ཐ་སྙད་བསྒྲུབ་པའི་ཕྱིར་ཚད་མ་ཡིན་
ནོ་ཞེ་ན། རྣམ་པར་རྟོག་པ་ཡང་དེ་ལྟར་ཡིན་པའི་ཕྱིར་ཚད་མར་འགྱུར་རོ། །དེའི་ཕྱིར་ལྐོག་ཏུ་གྱུར་པའི་ཡུལ་ལ་འཇུག་པར་བྱེད་པ་ཡིན་ཡང་གསལ་བ་དང་མ་གསལ་བའི་དབྱེ་བས་ཚད་མ་གཉིས་ཁོ་ནའོ། །དེས་ན་གཞན་གྱི་ངོ་བོས་རྟོགས་ཀྱང་མི་སླུ་བའི་ཕྱིར་ཚད་མ་ཁོ་ནའོ། །ཇི་ལྟར་མི་སླུ་བ་ཡིན་ཡང་དངོས་པོའི་རང་
བཞིན་འཛིན་པ་མ་ཡིན་པ་དེ་ལྟར་ན་བསྟན་ཟིན་པ་ཁོ་ནའོ། །མི་སླུ་བའི་ཕྱིར་ཚད་མ་ཡིན་ཡང་འཁྲུལ་པ་ཉིད་ཡིན་པར་སྟོན་པ་ནི། ནོར་བུ་སྒྲོན་མའི་འོད་དག་ལ། །ནོར་བུའི་བློ་ཡིས་མངོན་རྒྱུག་པ། །ལོག་པའི་ཤེས་པར་ཁྱད་མེད་ཀྱང་། །ཇི་ལྟར་དོན་བྱེད་ལ་ཁྱད་ཡོད། །དེ་ལྟར་ཇི་བཞིན་དོན་མིན་ན། །རྗེས་
Vol. 178 · folio 204b
དཔག་དང་ནི་དེ་སྣང་དག །དོན་བྱེད་དང་ནི་རྗེས་འབྲེལ་པ། །ཚད་མ་ཉིད་དུ་རྣམ་པར་གཞག །སྒོ་གསེབ་ཀྱི་བུ་ག་ན་གནས་པའི་ནོར་བུའི་དབྱིབས་ཀྱི་ཁྱད་པར་ཅན་ནོར་བུའི་ཁྱད་པར་ལ་བརྟེན་པ་མ་ཡིན་པའི་ནོར་བུའི་འོད་དང་། སྒྲོན་མའི་འོད་དག་ལ་པདྨ་རཱ་ག་རུ་འཁྲུལ་པ་དག་ཕན་ཚུན་ཁྱད་པར་མེད་མོད་ཀྱི་དེ་ལྟ་
ན་ཡང་ནོར་བུ་ཐོབ་པས་བྱས་པའི་ཁྱད་པར་འགའ་ཞིག་ནི་ཡོད་པ་ཁོ་ནའོ། །དེ་བཞིན་དུ་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པ་ལྟར་སྣང་བའི་ཡང་ཡིན་པ་དེས་ན་ཚད་མ་དང་ཅིག་ཤོས་དག་ཡིན་ནོ། །ནོར་བུ་མ་མཐོང་ཡང་སྒྲོན་མའི་འོད་ལ་ནོར་བུར་ལྷག་པར་ཞེན་པས་འཇུག་པ་ནི་མཐོང་བ་ཉིད་དོ། །འཁྲུལ་ལོ་ཅོག་ནི་
མཚུངས་པ་མ་ཡིན་ཏེ། ཚོགས་པའི་ཁྱད་པར་ཡོད་པའི་ཕྱིར་རོ། །ཤེས་པ་ཡིན་པའི་ཕྱིར་ཐམས་ཅད་འཁྲུལ་པའམ་གཞན་དུ་འགྱུར་བ་ནི་མ་ཡིན་ནོ། །དེའི་ཕྱིར་འཁྲུལ་པ་ཡིན་ཡང་ཚོགས་པ་ཁྱད་པར་དང་ལྡན་པ་ནི་མི་སླུ་བའི་ཕྱིར་ཚད་མ་ཡིན་ནོ། །འབྲེལ་པའི་དོན་ལས་སྐྱེས་པ་ནི་འཁྲུལ་པ་ཡིན་ཡང་ཚད་མ་
སྐྱེས་པའི་རྒྱུ་མཚན། མངོན་པར་འདོད་པ་ཐོབ་པའི་རྒྱུ་རུ་འགྱུར་བ་ཡིན་ཏེ་མངོན་སུམ་སྐྱེ་བའི་རྒྱུ་མཚན་རྗེས་སུ་དཔག་པའི་ཤེས་པ་བཞིན་ནོ། །རྗེས་སུ་དཔག་པ་ནི་མངོན་སུམ་སྐྱེ་བ་མེད་ན་ཚད་མ་མ་ཡིན་པ་ལ་མངོན་སུམ་ཡང་རྗེས་སུ་དཔག་པ་སྐྱེ་བ་མེད་པར་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །འདི་ལྟར། རྗེས་དཔག་
མེད་པར་མངོན་སུམ་ནི། །དང་པོ་འཇུག་པར་བྱེད་པ་མེད། །དེ་བཞིན་རྗེས་དཔག་མངོན་སུམ་ནི། །མེད་པར་མིན་ཞེས་བསྟན་ཟིན་ཏོ། །ལ་ལར་དང་པོར་ལ་ལར་ཕྱིས། །འདི་ཉིད་འདིར་ནི་ཁྱད་པར་ཡིན། །རྗེས་དཔག་ལས་འོག་མངོན་སུམ་མིན། །མངོན་སུམ་ལས་དཔོག་སྔར་མཐོང་མེད། །ཅི་སྟེ་མངོན་སུམ་
མེད་པར་ནི་རྗེས་སུ་དཔག་པ་འཇུག་པར་བྱེད་པ་མ་ཡིན་ལ། མངོན་སུམ་ནི་རྗེས་སུ་དཔག་པ་མེད་པར་ཡང་ཡིན་པས་ཁྱད་པར་ཡོད་པའི་ཕྱིར་ན་རྗེས་སུ་དཔག་པ་མངོན་སུམ་དང་མཚུངས་པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་རུང་སྟེ། རྗེས་དཔག་མེད་པར་མངོན་སུམ་ནི། །རང་རིག་པ་ལ་ཚད་མ་ཡིན། །དེ་ལྟར་ཐ་སྙད་ཡོད་མིན་
པས། །ཚད་ཡིན་ན་ཡང་ཅི་ཞིག་བྱ། །མངོན་སུམ་རང་རིག་ཙམ་ཉིད་ནི། །དོན་དང་ཐ་དད་མི་འགྲུབ་ཕྱིར། །ཅི་ཡང་འགྱུར་བ་མ་ཡིན་ཏེ། །གཉིས་སུ་མེད་པར་ལུས་པར་འགྱུར། །དེས་ན་རྗེས་དཔག་མེད་པར་ནི། །མངོན་སུམ་དོན་དང་ཐ་དད་ཀྱི། །སྒྲུབ་བྱེད་མི་འགྱུར་དེ་ཡི་ཕྱིར། །རྗེས་དཔག་མེད་པར་དེ་
Vol. 178 · folio 205a
ཚད་མིན། །མངོན་སུམ་ནི་རྗེས་སུ་དཔག་པ་ལ་ལྟོས་པ་ཉིད་ཐ་དད་པ་དང་། དོན་ལ་འཇུག་པ་ཡིན་ལ། རྗེས་སུ་དཔག་པ་ནི་མངོན་སུམ་མེད་པར་ཡང་ཡིན་ནོ། །འདི་ལྟར་དུས་ཕྱིས་འབྱུང་བའི་མངོན་སུམ་ལ་མ་ལྟོས་པ་ཁོ་ན་དུ་བ་ལས་མེ་རྗེས་སུ་དཔོག་པ་ཡིན་ཏེ། དེ་ཉིད་ལས་དོན་དེ་
ཐོབ་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། མངོན་སུམ་མེད་ན་ཁྱད་པར་གྱིས། །ཡུལ་ཅན་ཉིད་ནི་རྟོགས་མ་ཡིན། །རྗེས་སུ་དཔག་པས་ཡུལ་གྱི་ནི། །ཁྱད་པར་མེད་པར་མི་རིག་འགྱུར། །རྩིག་པ་ལ་སོགས་པས་ཆོད་པའི་མེ་ནི་རྗེས་སུ་དཔག་པས་སོ་སོར་ངེས་པའི་ཡུལ་ཅན་དུ་རྟོགས་པར་ནུས་པ་མ་ཡིན་ནོ། །
རྩིག་པའི་ཕ་རོལ་གྱི་ཡུལ་འགའ་ཞིག་ན། མེ་ཡོད་དོ་ཞེས་སྤྱི་རྗེས་སུ་དཔོག་པ་ན། མངོན་སུམ་གྱིས་སོ་སོར་ངེས་པའི་ཡུལ་འཛིན་པ་ཡིན་ནོ། །ཡུལ་སོ་སོར་ངེས་པ་མེད་པར་མི་སྐྱེ་བར་ནི་མི་འགྱུར་རོ། །ནོར་བུའི་འོད་ལ་ནོར་བུར་ཤེས་པ་ལ་ཡང་སོ་སོར་ངེས་པའི་ཡུལ་མ་བཟུང་བ་ཉིད་སྐྱོན་དུ་འགྱུར་བ་ཡིན་ན། ཐེ་ཚོམ་
ཟ་བ་དང་ཕྱིན་ཅི་ལོག་དག་ནི་སོ་སོར་ངེས་པའི་དངོས་པོ་ཐོབ་པར་བྱེད་པ་མ་ཡིན་པ་ཁྱད་པར་ཡོད་པ་མ་ཡིན་ནོ། །འོན་ཏེ་ཡང་ཕྱིན་ཅི་ལོག་གི་ཤེས་པ་ནི་གཞན་དུ་འཇུག་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ནོ། །ཐེ་ཚོམ་ནི་རེས་འགའ་དེར་ཡང་མི་རུང་སྟེ། གཉི་གའི་ཆ་ལ་བརྟེན་པས་ན། །ཐེ་ཚོམ་འཇུག་པར་
བྱེད་པ་མིན། །ཕྱིན་ཅི་ལོག་ནི་བཟློག་པའི་ཕྱིར། །ལུས་ཅན་རྣམས་ནི་འཇུག་པར་བྱེད། །ཐེ་ཚོམ་ནི་ཕྱིན་ཅི་ལོག་པས་ཐུ་བ་ཡིན་ཏེ། གཉི་གའི་ཆ་ལ་བརྟེན་པས་སེམས་ཆ་ཕྱེད་པ་མེད་པ་ཅན་ཇི་ལྟར་འཇུག་པར་བྱེད་པ་ཡིན། དེས་ན་ཆ་ཕྱེད་པ་མེད་པ་དེ་མངོན་སུམ་གྱིས་སེལ་བ་ཡིན་ནོ། །ནོར་བུའི་འོད་ལ་ནོར་བུར་
ཤེས་པའི་མཚན་ཉིད་ཀྱི་ཕྱིན་ཅི་ལོག་ཀྱང་ཕྱིས་འབྱུང་བའི་རྗེས་སུ་དཔག་པ་ལས་ཡིན་པའི་ཕྱིར་ནོར་བུའི་འོད་ལ་ནོར་བུར་ཤེས་པ་ནི་རྗེས་སུ་དཔག་པ་གཞན་ལས་ཚད་མ་ཉིད་དུ་ཁྱད་པར་མེད་དོ། །དེ་ཚད་མ་གང་ཡིན་ཞེ་ན། དེ་ནི་མངོན་སུམ་གྱི་ཚད་མ་ཉིད་དོ། །ཇི་ལྟར་འཁྲུལ་ཏེ་དེ་འདྲ་ཉིད། །མི་སླུ་བས་ན་ཚད་མ་
ཉིད། །འཁྲུལ་དང་མ་འཁྲུལ་གང་དུ་དགོས། །ཚད་མ་ནི་མི་སླུ་བ་ཅན་གྱི་ཤེས་པའོ་ཞེས་སྤྱིར་མཚན་ཉིད་ཡིན་གྱི་དེ་འཁྲུལ་པར་གྱུར་པའམ། དེ་ལྟ་མ་ཡིན་ཞེས་བྱ་བ་གང་དུ་དགོས་པ་དང་ལྡན་པ་ཡིན། གལ་ཏེ་མི་སླུ་བ་ཡང་མ་འཁྲུལ་པ་ཡིན་ན་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེ་ན། དེ་ཡང་བདེན་པ་མ་ཡིན་ཏེ།
Vol. 178 · folio 205b
ཡུལ་དང་དུས་དང་མི་གཞན་ལ། །མི་སླུ་བ་ལ་འཁྲུལ་མེད་ཡིན། །མ་འཁྲུལ་བ་ལས་མི་སླུ་བ། །མ་ཡིན་མ་འཁྲུལ་མ་གྲུབ་ཕྱིར། །མི་སླུ་བ་མེད་པ་འདི་ནི་འཁྲུལ་པའོ། །འདི་ནི་དེ་ལྟ་མ་ཡིན་པའོ་ཞེས་བྱ་བར་མི་འགྱུར་རོ། །གནོད་པ་མེད་པའི་ཕྱིར་མ་འཁྲུལ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། མི་སླུ་བ་ཉིད་
ལ་དེ་སྐད་བརྗོད་པའི་ཕྱིར་རོ། །མི་སླུ་བ་མ་ཡིན་ན་ནི་གནོད་པ་མེད་པ་ཡིན་ཡང་ཐམས་ཅད་འཁྲུལ་པ་ཉིད་དོ། །དེ་ཉིད་གནོད་པ་ཡིན་ནོ་ཞེ་ན། འོ་ན་ནི་གནོད་པ་མེད་པ་ཉིད་དེ་མི་སླུ་བ་ཉིད་ཡིན་པའི་ཕྱིར་མི་སླུ་བ་ཉིད་འཁྲུལ་པ་མེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །རྗེས་སུ་དཔག་པ་མི་སླུ་བ་ཡིན་ཡང་འཁྲུལ་པ་ཉིད་དོ་
ཞེས་བྱ་བ་ཡང་དཔྱོད་པའི་གཞུང་མ་ཡིན་ལ། འཇིག་རྟེན་རྒྱང་པན་པའི་འདོད་པ་ཡང་མ་ཡིན་ཏེ། འཁྲུལ་པ་མཐའ་དག་ཚད་མ་མ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་འཁྲུལ་ཀྱང་མངོན་སུམ་ཚད་མ་ཉིད་ཡིན་ན། མངོན་སུམ་དང་རྗེས་སུ་དཔག་པ་དག་ཁྱད་པར་ཡོད་ཅེ་ན་སྣང་བ་ཐ་དད་པའི་ཕྱིར་རོ་ཞེས་འཆད་
པར་འགྱུར་རོ། འཁྲུལ་པ་ཉིད་ཀྱང་སོ་སོར་སྣང་བ་ཐ་དད་པ་ཡིན་ཏེ། རྗེས་སུ་དཔག་པའི་སྣང་བ་དང་རབ་རིབ་ཅན་གྱི་ཤེས་པ་བཞིན་ནོ། །ཤེས་པ་མཐའ་དག་མ་འཁྲུལ་ཉིད། །ཚད་མ་འཁྲུལ་པ་མ་ཡིན་ནོ། །འཁྲུལ་པ་དང་ནི་མ་འཁྲུལ་པ། །ཁྱད་པར་འདི་ནི་གང་གིས་ཤེས། །འཁྲུལ་པ་ནི་རང་གི་ངོ་བོ་
ལ་མ་རེག་པ་འདི་ཡིན་པ་ལ་དེ་ནི་ཚད་མ་ཐམས་ཅད་ལ་མཚུངས་པ་ཉིད་དོ། །ཇི་ལྟར་རྗེས་སུ་དཔག་པ་ཐོབ་པར་བྱ་བའི་རང་བཞིན་ལ་རེག་པ་མ་ཡིན་པ་དེ་བཞིན་དུ། །མངོན་སུམ་ཡང་ཡིན་པས་ཁྱད་པར་མེད་དོ། །དེའི་ཕྱིར་ནོར་བུའི་འོད་ལ་ནོར་བུར་ཤེས་པ་ཡང་མངོན་སུམ་ཉིད་དོ། །འབྱུང་བར་འགྱུར་བའི་རྗེས་སུ་དཔག་
པ་ཚད་མ་ཡིན་ནོ་ཞེ་ན། འདི་ནི་མངོན་སུམ་གཞན་ལ་ཡང་མཚུངས་སོ། །དེར་ནི་ཚད་མ་གཞན་ཉིད་དུ་མངོན་པར་རློམ་པ་མེད་ལ་ནོར་བུར་ཤེས་པ་ལ་ནི་ཡོད་པ་ཁོ་ནའོ་ཞེ་ན་མ་ཡིན་ཏེ། ཤིན་ཏུ་གོམས་པ་ལས་ནོར་བུར་ཤེས་པ་ལ་ཡང་། ཚད་མ་གཞན་དུ་མངོན་པར་རློམ་པ་མེད་པའི་ཕྱིར་མཚུངས་སོ། །གལ་ཏེ་འོད་ལ་ནོར་བུར་
ཤེས་པ་ལ་ནི་འཁྲུལ་པར་མངོན་པར་རློམ་པ་ཡོད་ཀྱི་ཀ་བ་ལ་སོགས་པ་ཤེས་པ་ལ་ནི་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ། དོན་དམ་དུ་ནི་མཚུངས་པས་ན། །མངོན་རློམ་ཚད་མ་མིན་པ་ལས། །ཁྱད་པར་བདེན་པ་མ་ཡིན་ཏེ། །དེ་ནི་གཉི་ག་ཚད་མ་ཉིད། །ཐམས་ཅད་དུ་མངོན་སུམ་དང་རྗེས་སུ་དཔག་པ་དག་ལ་ཚད་
Vol. 178 · folio 206a
མ་གཞན་ནི་ཡོད་པ་མངོན་པར་རློམ་པ་ནི་མེད་པ་ན་དེ་ཙམ་གྱི་དངོས་པོ་ཐ་དད་པར་འགྱུར་བ་མ་ཡིན་ནོ། །ཚད་མ་མ་ཡིན་པའི་མངོན་པར་རློམ་པ་ནི་ཇི་ལྟར་འབྱུང་བར་རུང་བར་འགྱུར་བ་ཡིན་པའི་ཕྱིར་དེ་ཡོད་པ་དང་མེད་བ་དག་ལ་ནི་ཁྱད་པར་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ནོར་བུའི་འོད་
ལ་ནི། །ནོར་བུར་ཤེས་པའི་ཤེས་པ་དེ། །དེ་ཉིད་དུ་ན་མངོན་སུམ་མམ། །ཡང་ན་རྗེས་དཔག་ཉིད་ཅེས་ངེས། །འོན་ཏེ་ནོར་བུའི་རང་བཞིན་མ་བཟུང་བར་ཇི་ལྟར་མངོན་སུམ་ཉིད་ཡིན། ཀ་བ་ལ་སོགས་པ་ལ་ནི་གལ་ཏེ་འབྱུང་བར་འགྱུར་བའི་རང་བཞིན་ནི་མ་བཟུང་བ་དེ་ལྟར་ན་ཡང་དེའི་དུས་སུ་བྱུང་བ་དེའི་རང་བཞིན་
འཛིན་པ་ནི་ཡོད་པ་ཉིད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། འབྱུང་འགྱུར་རང་བཞིན་མ་བཟུང་ན། །ཤེས་དང་ཤེས་བྱ་གཞན་འཛིན་ཏེ། །མཚུངས་ཉིད་གཉི་ག་ལྟ་ན་ཡང་། །ཐོབ་པ་འབྲེལ་པ་ལས་ཡིན་ནོ། །གལ་ཏེ་ཐོབ་པར་བྱ་བའི་རང་བཞིན་གཟུང་བ་མེད་ན་དེ་ལས་གཞན་རང་གི་ངོ་བོ་གཟུང་ངམ་གཞན་གྱི་
ངོ་བོ་གཟུང་ཡང་སླ་སྟེ་ཁྱད་པར་མེད་དོ། །ནོར་བུར་སྣང་བའི་ནོར་བུ་ཉིད་དང་ནོར་བུའི་འོད་ལས་མཚུངས་པ་ཉིད་དོ། །དེ་ལ་ལ་ལར་ནི་ཡུལ་འཁྲུལ་པ། ལ་ལར་ནི་རང་གི་ངོ་བོ་ལ་འཁྲུལ་པ། ལ་ལར་ནི་གཉིས་ཀ་ལ་འཁྲུལ་པ། ལ་ལར་ནི་གཉི་ག་ལྟར་ཡང་མ་ཡིན་ཏེ། ནོར་བུའི་འོད་ལ་ནོར་བུར་ཤེས་པ་ནི་ཡུལ་ལ་
འཁྲུལ་པའོ། །ནོར་བུ་ཉིད་ལ་ནོར་བུར་ཤེས་པ་ནི་ཐོབ་པར་བྱ་བའི་རང་བཞིན་ལ་འཁྲུལ་པའོ། །སྤྱི་རྗེས་སུ་དཔག་པ་ནི་གཉིས་ཀ་ལའོ། །རང་རིག་པ་ནི་གཉིས་ཀ་ལྟར་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ། །དེས་ན་ཇི་སྐད་དུ་གང་ཞིག་རྟོགས་པ་དེ་ནི་རང་གི་ངོ་བོ་ཁོ་ནས་ཏེ་དཔེར་ན་མངོན་སུམ་གྱི་རྟོགས་པ་
བཞིན་ནོ། །གང་ཞིག་ཚད་མ་ཡིན་པ་དེ་ནི་འཁྲུལ་པ་མ་ཡིན་ཏེ། དཔེར་ན་མངོན་སུམ་བཞིན་ནོ་ཞེས་སྨྲས་པ་དེ་ནི་རིགས་པ་མ་ཡིན་ཏེ། མངོན་སུམ་ཡང་རང་གི་ངོ་བོས་རྟོགས་པ་མ་ཡིན་ལ་མ་འཁྲུལ་པ་ཡང་མངོན་སུམ་ལ་ཡོད་པ་ཡང་མ་ཡིན་ནོ། །རང་གི་ངོ་བོ་ལ་ནི་ཇི་ལྟར་མངོན་སུམ་འཁྲུལ་པ་དེ་བཞིན་དུ་
རྗེས་སུ་དཔག་པ་ཡང་ཡིན་ལ་འཁྲུལ་པར་འདོད་པའི་ཤེས་པ་གཞན་ཡང་ཡིན་པས་ན་དེ་ལྟར་མ་འཁྲུལ་བར་བསྒྲུབས་པ་ཡིན་པས་འགའ་ཡང་ཉེ་བར་མཁོ་བ་མེད་དོ། །དེ་ལྟ་ན་འོ་ན་མངོན་སུམ་དང་རྗེས་སུ་དཔག་པ་དག་ཇི་ལྟར་མཚན་ཉིད་ཐ་དད་ཅེ་ན། འདི་ལ་གསལ་བ་དང་ཅིག་ཤོས་སྣང་བ་ཐ་དད་པའི་ཕྱིར་རོ་ཞེས་བཤད་
Vol. 178 · folio 206b
ཟིན་ཏོ། །དེ་ལྟར་སྣང་བ་ཐ་དད་པ་དེ་ཉིད་ག་ལས་འགྱུར་ཞེ་ན། གང་ཞིག་རང་དབང་དུ་གཟུང་བ། །དེར་ནི་གསལ་བར་སྣང་འགྱུར་ལ། །གང་ཞིག་དེ་ལྟ་མིན་དེ་ནི། །མི་གསལ་བར་སྣང་དབང་པོ་འདས། །ལྐོག་ཏུ་གྱུར་པ་ཞེས་བྱ་བའི་ཐ་ཚིག་གོ། །གང་གིས་དེ་སྐད་བརྗོད་པ་དེ་ཉིད་ཇི་ལྟར་འགྱུར་བ་ཡིན་
ཞེ་ན། བཤད་པ། གང་ལ་དོན་གྱི་ནུས་པ་ལས། །རྗེས་འགྲོ་ལྡོག་པ་ཅན་གྱི་བློ། །དེ་ལ་འཛིན་པ་རང་དབང་ཅན། །དེ་ལས་གཞན་དངོས་དབང་པོ་འདས། །གང་ཞིག་དངོས་སུ་སྣང་བའི་དོན་དེ་ཉིད་དབང་པོ་ལས་འདས་པ་མ་ཡིན་པ་རང་གི་མཚན་ཉིད་ཡིན་ནོ། །དངོས་སུ་སྣང་བ་ཡང་རྗེས་སུ་འགྲོ་ལྡོག་གི་རྗེས་སུ་
བྱེད་པའི་བློ་དེའི་རྣམ་པ་ཅན་དུ་སྐྱེད་པའི་ཕྱིར་རོ། །གང་ལ་སྔོན་མཐོང་བས་སྐྱེད་པའི་བག་ཆགས་སད་པ་ལས་སྣང་བའི་ཡུལ་སྔོན་མཐོང་བའི་རང་བཞིན་གྱི་རྣམ་པར་ངེས་པ་དེ་ནི་དེ་ལས་གཞན་དབང་པོ་ལས་འདས་པ་ཡིན་ནོ། །དེ་ལ་ནི་དབང་པོའི་བྱེད་པའམ། དེ་ལས་བྱུང་བ་དངོས་སུ་བྱེད་པའི་རྣམ་པ་ཡོད་པ་མ་ཡིན་ནོ། །གལ་
ཏེ་རྣམ་པ་འདི་དངོས་ཉིད་དུ་རྟོགས་པ་མ་ཡིན་ནམ། དེའི་རྣམ་པ་ལས་ཐ་དད་པ་གཞན་ནི་དེ་ལས་རྟོགས་པ་མེད་དོ། །དེས་ན་རྟོགས་པ་གང་ཡིན་པ་དེ་ནི་དངོས་ཁོ་ནར་ཡིན་ལ། གང་ཞིག་དངོས་སུ་མ་ཡིན་པ་དེ་ནི་རྟོགས་པ་མེད་པ་ཁོ་ནའོ། །འོན་ཏེ་དབང་པོ་དང་འབྲེལ་པ་མེད་པས་ལྐོག་ཏུ་འགྱུར་བ་ཡིན་ན། འོ་ན་
དབང་པོ་བྱེད་པ་མེད་པའི་ཕྱིར་རང་གི་ངོ་བོས་རྟོགས་པ་ཉིད་ལྐོག་ཏུ་གྱུར་པ་ཡིན་པར་འགྱུར་རོ། །དེ་ནི་དེ་ལྟར་འདོད་པ་མ་ཡིན་ནོ། །གང་ཞིག་ལྐོག་གྱུར་ཡུལ་ཅན་གྱི། །རྟོགས་པ་གལ་ཏེ་དངོས་མཐོང་མིན། །རྟོགས་པ་ལྐོག་གྱུར་མ་ཡིན་ཕྱིར། །ཇི་ལྟར་ལྐོག་གྱུར་ཡུལ་ཅན་ཡིན། །གལ་ཏེ་རྟོགས་ན་ལྐོག་ཏུ་
གྱུར་པ་མ་ཡིན་པ་ཉིད་དོ། །དངོས་པོ་ལ་རེག་པ་མ་ཡིན་པ་ཉིད་དངོས་པོའི་ཡུལ་ཅན་ཡང་མ་ཡིན་ནོ། །འོ་ན་སྤྱིའི་ཡུལ་ཅན་ཡིན་ན་ཇི་ལྟར་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཉིད་ཡིན། དེ་ལ་སྤྱི་ནི་མངོན་དུ་བྱས་པ་ཉིད་དོ། །དངོས་པོ་ལ་ཡང་རེག་པ་མེད་པའི་ཕྱིར་ཇི་ལྟར་སྤྱིའི་ཤེས་པའི་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཡིན་པར་
འགྱུར། མཚོན་པར་བྱས་པས་མཚོན་པ་རྟོགས་པའི་ཕྱིར་རོ་ཞེ་ན། ཁྱད་པར་རང་བཞིན་གང་གིས་རྟོགས། །གལ་ཏེ་ཁྱད་པར་གྱིས་ཡིན་ན། །སྒྲ་ཉིད་ལས་དེ་རྟོགས་ལ་རག་མོད་བར་མ་དོའི་ལྷག་པའི་སྤྱིས་ཅི་ཞིག་བྱ། སྤྱིའི་རང་བཞིན་དུ་མཚོན་ན་ནི་ཐུག་པ་མེད་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །ཁྱད་
Vol. 178 · folio 207a
པར་གྱི་རང་བཞིན་གྱིས་མཚོན་ན་དབང་པོའི་ཚོགས་དོན་མེད་པར་ཡང་འགྱུར་རོ། །འོན་ཏེ་ཅི་འབའ་ཞིག་སྣང་ལ་ཁྱད་པར་ནི་ལྐོག་ཏུ་གྱུར་པ་ཡིན་ཏེ། མི་སྣང་བའི་ཕྱིར་རོ། །འདིར་ཡང་བག་ཆགས་ཀྱི་སྟོབས་ལས་བྱུང་བ་རང་གི་རྣམ་པ་ཉིད་དངོས་སུ་སྣང་བ་ཡིན་ལ་དོན་ནི་ལྐོག་ཏུ་གྱུར་པ་
ཡིན་ནོ། །ཇི་ལྟར་དེ་ནི་ཡུལ་ཉིད་ཡིན། །དེ་ལ་འཇུག་པ་ཡིན་ཕྱིར་རོ། །མ་རྟོགས་པ་ལ་ཇི་ལྟར་འཇུག །ཐམས་ཅད་དུ་མ་རྟོགས་པ་ཉིད་ལ་འཇུག་པ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །ལྷ་སྦྱིན་གྱིས་རང་བཞིན་མ་རྟོགས་པར་ཡང་མཆོད་སྦྱིན་མཚུངས་པ་མཐོང་བ་ལས་འཇུག་པ་མཐོང་བའི་ཕྱིར་རོ། །དེ་ལ་ནི་སླུ་བ་ཡོད་
པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་འབྲེལ་པ་ལས་མི་སླུ་བ་ཡིན་ནོ་ཞེས་མི་སླུ་བའི་རྒྱུ་འཆད་པའི་ཕྱིར་རོ། །གལ་ཏེ་བག་ཆགས་ཀྱི་སྟོབས་ལས་འཁྲུལ་པ་ཡིན་ན། འོ་ན་བག་ཆགས་ཉིད་ལ་འབྲེལ་པ་ཡིན་པའི་ཕྱིར་དོན་ངེས་པའམ། ཐོབ་པར་ཇི་ལྟར་འགྱུར་བ་ཡིན་ཏེ་བག་ཆགས་སད་པར་བྱེད་པ་ཡང་རྒྱུ་ཡིན་པའི་ཕྱིར་རོ། །
དོན་དེ་དང་འབྲེལ་པས་ཡིན་པའི་ཕྱིར་སྐྱོན་མེད་དོ། །འདི་ཉིད་བཤད་པ་ནི། མ་མཐོང་བདག་ཉིད་ངོ་བོ་དེ། །རྟོགས་པའི་རྟེན་ནི་དོན་གཞན་ཡིན། །གལ་ཏེ་དེ་རྟེན་དང་འབྲེལ་ཅན། །ཡིན་ན་དེ་ཚེ་གོ་བྱེད་ཉིད། །རང་གི་ངོ་བོ་མ་མཐོང་བའི་དོན་ནི་འབྲེལ་པ་གཞན་ལས་རྟོགས་ཏེ། གཞན་ཙམ་ལས་རྟོགས་ན་ནི་ཧ་
ཅང་ཐལ་བར་འགྱུར་ལ། རང་ཉིད་རྟོགས་ན་ཡང་ཐམས་ཅད་ཀྱིས་ཐམས་ཅད་མཐོང་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་རྟེན་དེ་དང་གཞན་དེ་འབྲེལ་པ་ཡོད་པ་ཡིན་ན། དེའི་ཚེ་གོ་བར་བྱེད་པ་ཡིན་ནོ། །འདི་ཇི་ལྟར། དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ། །འབྲེལ་བ་ལས་དྲན་པ་ཉིད་འབྱུང་བ་མ་
ཡིན་ནམ། དེ་ནི་འདྲ་བ་ལས་ཀྱང་ཡིན་པས་ཧ་ཅང་ཐལ་བ་དེ་ཉིད་དོ་ཞེ་ན། མ་ཡིན་ཏེ། འབད་རྩོལ་ལ་སོགས་པ་ལས་སྐྱེས་པའི་དྲན་པ་ནི་གཞན་དུ་འགྱུར་བ་ཡིན་པའི་ཕྱིར་རོ། །རྩོལ་སོགས་ལས་ནི་དྲན་པ་དེ། །ཡུལ་ལ་སོགས་པ་རྣམས་གནས་མིན། །དེ་རྟེན་དང་ནི་འབྲེལ་པ་ལས། །ཡུལ་དུས་ལ་སོགས་ཁྱད་
པར་ཅན། །ཆོས་ཅན་དང་བསྒྲུབ་བྱ་དང་འབྲེལ་པའི་དངོས་པོ་མཐོང་བ་ལས་ནི་ཡུལ་དང་། དུས་ངེས་པ་ཐོབ་པར་ནུས་པའི་དངོས་པོ་རྟོགས་ཀྱིས་འབད་རྩོལ་ལ་སོགས་ལས་ནི་མ་ཡིན་ནོ། །འདི་ལྟར་འབད་རྩོལ་ནི་བདག་གིས་ཅི་མཐོང་ཞེས་རྩོལ་བ་ལྷུར་ལེན་པའི་ཡིད་ཀྱི་བྱེད་པ་ཡིན་ནོ། །དེ་ཡོད་པས་ནི་དེ་ལྟ་བུར་གྱུར་པའི་ཡུལ་
Vol. 178 · folio 207b
དང་དུས་ཀྱི་དངོས་པོ་ཉིད་དྲན་གྱི་བྱེད་པ་བླ་ལྷག་པ་ནི་མེད་དོ། །དེས་ན་དེ་ནི་ཚད་མ་མ་ཡིན་ནོ། །འདྲ་བ་གཟུང་བ་ལས་འདི་ནི་དེ་དང་འདྲའོ་ཞེས་དེ་ཙམ་ཞིག་རྟོགས་ལ་འདྲ་བ་ཉིད་ནི་ཡུལ་དང་དུས་ཀྱི་ཁྱད་པར་ཅན་མ་ཡིན་ཏེ། ནམ་ཡང་འདྲ་བའི་ཕྱིར་རོ། །དུ་མ་ནི་འདྲ་བའམ་གཞན་ནོ་ཞེས་སོ་སོར་ངེས་པར་རྟོགས་པ་
ཡིན་པའི་ཕྱིར་ན་དེ་ཚད་མ་མ་ཡིན་ནོ། །དེ་དང་འདྲ་བ་དེས་བྱས་པ་གང་ཡིན་པ་དེ་ནི་བྱས་པ་ཡིན་པའི་ཕྱིར་དེ་ལ་མངོན་སུམ་ཚད་མ་ཉིད་དོ། །དེ་ལྟ་མ་ཡིན་ན་མངོན་སུམ་ལས་མི་འཇུག་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེས་བསྟན་ཟིན་པ་ཉིད་ལས་ཀྱང་མི་བརྗོད་དོ། །འབྲེལ་པ་ལས་ཀྱང་དེ་ལྟ་བུ་ཉིད་དུ་རྟོགས་པ་ནི་རྗེས་སུ་
དཔག་པའི་བདག་ཉིད་ཀྱི་ཚད་མ་ཡིན་ནོ། །འདི་ལྟར། འབྲས་སོགས་རྟགས་ནི་དེ་ཡི་ནི། །ཚད་མ་ཉིད་ཀྱིས་གོ་བྱེད་འདོད། །དེ་ཡི་མཚན་ཉིད་ལས་གཞན་པ། །རྟགས་ཀྱི་མཚན་ཉིད་ཡོད་མ་ཡིན། །ཤིང་གི་དོན་བྱ་བ་བྱེད་པའི་ཤ་པའམ་མེ་ལ་སོགས་པ་ལས་སྐྱེ་བའི་དུ་བ་ལ་སོགས་པ་དེ་ནི་འདི་ཡིན་ནོ་ཞེས་དེར་
ཡང་རྒྱུ་ཉིད་དམ་འབྲས་བུ་ཉིད་དུ་མཚུངས་པ་ཉིད་དུ་རྟོགས་པ་ཡིན་ནོ། །སྔ་མ་དང་ཕྱི་མ་དང་བྲལ་བ་ཉིད་ཀྱིས་མི་རྟག་པའི་རང་བཞིན་གྱིས་ཡོད་པ་ཉིད་དེ་ནི་འདི་ཡིན་ཏེ། གཞན་གྱིས་མི་རྟག་པའི་རང་བཞིན་ཡང་གཞན་ནི་མ་ཡིན་ནོ་ཞེས་རྗེས་སུ་དཔག་པའི་རྟོགས་པ་མཐའ་དག་ནི་འདི་ལྟ་བུར་གྱུར་པ་ཉིད་དོ། །ཁྱད་
པར་འགའ་ཞིག་གིས་ཉེ་བར་མཚོན་པའི་དུ་བའི་རང་བཞིན་ནི་རྒྱུ་ཉེ་བར་གནས་པ་ཅན་ཡིན་ལ། ཐལ་བ་ལ་སོགས་པའི་ནི་རྒྱུ་ཉེ་བར་གནས་པ་ཅན་མ་ཡིན་པའི་ཕྱིར་གཉིས་ཀ་ཡང་ཇི་ལྟར་རིགས་པར་གོ་བར་བྱེད་པ་ཡིན་ནོ། །འདི་ལྟར། དངོས་གང་ལྷན་ཅིག་ཇི་ལྟར་མཐོང་། །དེ་ནི་གཞན་ཚེ་དེ་ལྟ་བུར། །དྲན་
པ་སད་རྒྱུ་དེ་ལྟར་ན། །ཅི་རིགས་པར་ནི་འཇུག་བྱེད་ཉིད། །གཞན་དུ་གང་ཚེ་སྔོན་གྱི་ནི། །མཐོང་ལས་གཡོས་ཏེ་དྲན་གྱུར་པ། །དེ་ལ་འཇུག་པ་ཡིན་ན་ཡང་། །མི་སླུ་བ་དང་འབྲེལ་མ་ཡིན། །མངོན་སུམ་སླུ་བ་མེད་པ་ཅན། །དྲན་པ་དེ་ལ་བརྟེན་པས་ཡིན། །གལ་ཏེ་བདག་གིས་དྲན་ནོ་ཞེས། །ཇི་བཞིན་དྲན་
ན་དེ་ཚད་མིན། །གལ་ཏེ་མཐོང་བ་འཁྲུལ་པས་ན། །དེ་བཞིན་ཡིན་ཡང་ཚད་མིན་ན། །མཐོང་བ་འཁྲུལ་པ་དེ་ཡང་ནི། །རྣམ་པ་གཞན་དུ་དྲན་ལས་ཡིན། །འདི་ལྟར་མཐོང་བ་དམིགས་མེད་ལ། །དེ་ནི་དམིགས་དང་བཅས་ཉིད་དུ། །རྣམ་པ་གཞན་དུ་དྲན་ཡིན་ལ། །དེ་ལྟ་ན་དེ་ཚད་མིན་གྱུར། །དྲན་པས་གཞན་
Vol. 178 · folio 208a
དུ་རྟོགས་པས་མཐོང་བ་ཚད་མ་མ་ཡིན་པའི་ཕྱིར་མཐོང་བ་རང་གིས་ཉེས་པ་ནི་མ་ཡིན་གྱི་འོན་ཀྱང་དྲན་པའི་ཉེས་པ་ཡིན་ནོ། །དྲན་པ་དེ་ཡང་འདྲ་བ་ལས་རྣམ་པ་གཞན་དུ་སྐྱེ་བ་ནི་དྲན་པ་གསལ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཕྱིར་དེ་ཉིད་དུ་དམིགས་པའི། །འབྲས་བུ་རང་བཞིན་དག་
ལས་ནི། །དོན་བཅས་དྲན་པ་སྐྱེ་འགྱུར་གྱི། །གཞན་དུ་དྲན་པ་འཁྲུལ་པར་འགྱུར། །དེས་ན་ཐམས་ཅད་དུ་སླུ་བ་ནི་དྲན་པ་འཁྲུལ་པས་བྱས་པ་ཉིད་དོ། །དེའི་ཕྱིར་འབྲེལ་པ་ལས་མཐོང་བ་ཇི་ལྟ་བ་བཞིན་ལྐོག་ཏུ་གྱུར་པའི་ཡུལ་དྲན་པ་ཉིད་ཚད་མ་ཡིན་ལ། དེ་ཡང་རྗེས་སུ་དཔག་པ་ཁོ་ན་ཡིན་གྱི་གཞན་ནི་
མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཤད་པ། དེའི་ཚེ་གོ་བྱེད་རྗེས་འགྲོ་བ། །སྤྱི་ཡིས་ངོ་བོ་ཉིད་དུ་རྟོགས། །དེས་ན་ལྐོག་གྱུར་དོན་ཐམས་ཅད། །ཁྱད་པར་དུ་ནི་རྟོགས་མི་འགྱུར། །གོ་བར་བྱ་བ་རྟོགས་པ་ནི། །གོ་བར་བྱེད་པའི་གཞན་གྱི་དབང་དུ་གྱུར་པ་ཡིན་ནོ། །གོ་བར་བྱེད་པ་དེ་ཡང་སྤྱིའི་ངོ་བོས་ཡིན་གྱི་ཁྱད་
པར་གྱིས་ནི་མ་ཡིན་ཏེ། དེ་རྟོགས་པར་མི་ནུས་པའི་ཕྱིར་རོ། །མ་རྟོགས་པའི་ངོ་བོས་ཀྱང་གོ་བར་བྱེད་པ་ཉིད་ཡིན་ན་ནི་རྣམ་པ་ཐམས་ཅད་དང་རྒྱུ་གཞན་དང་གཞན་ཐམས་ཅད་རྟོགས་པར་ཐལ་བར་འགྱུར་རོ། །དུ་བ་ལ་སོགས་པའི་སྤྱི་དེ་ཡང་མེ་ལ་སོགས་པ་ཐམས་ཅད་ལ་མཐོང་བ་དེའི་ཕྱིར་མ་ངེས་པ་ཉིད་ཀྱིས་ན་
དེ་ལས་ཁྱད་པར་སྤྱི་མི་རྟོགས་སོ། །ཁྱད་པར་ཉེ་བར་མཚོན་པ་ཡིན་ན་རྟོགས་སོ་ཞེ་ན། མ་ཡིན་ཏེ་ནང་ཚན་གྱི་ཁྱད་པར་མི་ནུས་པའི་ཕྱིར་རོ། །འགའ་ཞིག་ཁྱད་པར་མཚོན་པར་འགྱུར་བ་ཉིད་དོ་ཞེ་ན་མ་ཡིན་ཏེ། ཤིན་ཏུ་ཁྱད་པར་དུ་གྱུར་པ་མི་ནུས་པའི་ཕྱིར་རོ། །ཁྱད་པར་ཉེ་བར་མཚོན་པ་ནི་དེར་ལྟོས་པས་བྱས་
པ་ཡིན་ཏེ། གང་ཅི་སྲིད་པ་ཙམ་ཞིག་ཡིན་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་རྟོགས་པ་གང་ཡིན་པ་དེ་ནི་མངོན་དུ་བྱེད་པ་ཡིན་པའི་ཕྱིར། དེ་མངོན་སུམ་ཁོ་ནའོ་ཞེས་བསྟན་ཟིན་ཏོ། །ཁྱད་པར་མཐོང་བ་ལས་ཁྱད་པར་རྟོགས་སོ་ཞེ་ན། མ་ཡིན་ཏེ་དེར་ཡང་སྤྱི་རྟོགས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་
ཉིད་བཤད་པ་ནི། འབྲེལ་པ་ཅན་གྱིས་ཆོས་ལས་ནི། །ཆོས་ཅན་ལ་རྟོགས་སྐྱེ་བ་དག །དེ་ནི་རྗེས་དཔག་ལྐོག་གྱུར་གྱི། །སྒྲུབ་བྱེད་གཅིག་ཏུ་ངེས་པ་ཡིན། །མཚན་ཉིད་གཞན་མེད་པའི་ཕྱིར་དང་། རྗེས་སུ་དཔག་པའི་མཚན་ཉིད་ཡོད་པའི་ཕྱིར་ལྐོག་ཏུ་གྱུར་པའི་ཡུལ་ཅན་གྱི་ཚད་མ་ནི་རྗེས་སུ་དཔག་པ་ལས་གཞན་མ་ཡིན་
Vol. 178 · folio 208b
ནོ། །གལ་ཏེ་གཞལ་བྱ་གཞན་གྱི་ཡུལ་ཅན་ཚད་མ་གཞན་ཡིན་པའི་ཕྱིར་ཚད་མ་གཉིས་ཁོ་ནར་ཟད་པ་མ་ཡིན་ནོ་ཞེ་ན། འདི་ལ་ལན་དུ། མངོན་སུམ་ལྐོག་ཏུ་གྱུར་པ་ལས། །གཞལ་བྱ་གཞན་ནི་ཡོད་མ་ཡིན། །དེ་ཕྱིར་གཞལ་བྱ་གཉིས་ཉིད་ཀྱིས། །ཚད་མ་གཉིས་སུ་འདོད་པ་དང་། །གལ་ཏེ་ཚད་མ་
གཉིས་ཉིད་ཀྱིས་གཞལ་བྱ་གཉིས་ཉིད་དོ་ཞེས་རིགས་པ་ཡིན་ཏེ། ཡོད་པར་སྒྲུབ་པར་བྱེད་པ་ནི་ཚད་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ་ཚད་མས་ནི་གཞལ་བྱ་སྒྲུབ་ལ། ཚད་མའི་རང་གི་ངོ་བོ་ནི་རང་རིག་པའི་རྣམ་པ་གྲུབ་པ་ལས་སོ། །རང་རིག་པ་ནི་ཤེས་པའི་རྣམ་པ་ཉིད་དེ། རང་དང་སྤྱི་ཉིད་དུ་
དམིགས་པ་ལ་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་ཡིན་ནོ་ཞེས་བཤད་ཟིན་ཏོ། །གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་ནི་རྣམ་པ་གཉིས་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རང་གི་རྣམ་པ་གཉིས་མྱོང་བ་ན་གཅིག་གོ་ཞེས་བྱ་བར་ནི་མི་རིགས་ལ། གསུམ་ལ་སོགས་པར་ཡང་མ་ཡིན་ནོ། །གཞལ་བྱ་
གཉིས་ནི་མཐོང་བའི་ཕྱིར། །གསུམ་གཅིག་ངས་ནི་གསལ་བ་ཡིན། །གཞལ་བྱ་གཉིས་ལས་གཞན་པའི་གཞལ་བྱ་མེད་པའི་ཕྱིར་ཚད་མ་གཞན་མེད་དོ་ཞེས་བསྟན་པ་ཡིན་ལ། ད་ལྟར་ནི་གཞལ་བྱ་གཉིས་པ་ཡོད་པའི་ཕྱིར། ཚད་མ་གཅིག་མ་ཡིན་ལ་གསུམ་ལ་སོགས་པ་ཡང་མ་ཡིན་ནོ་ཞེས་སྟོན་ཏོ། །
གཞལ་བྱ་གཉིས་ཡོད་ན་ཚད་མ་གཅིག་ཏུ་འགྱུར་བ་མ་ཡིན་ནོ། །གཞལ་བྱ་གཉིས་པའི་ཡུལ་ཅན་གྱི་ཚད་མ་ཡང་ཡོད་པའི་ཕྱིར་རོ། །ཚད་མ་གཅིག་གིས་ནི་གཉིས་པ་ཡང་འགྱུར་བ་མ་ཡིན་ནོ། །འོན་ཏེ་སྤྱི་དང་ཁྱད་པར་གྱི་ཡུལ་ཅན་གཞལ་བྱ་གཅིག་ཉིད་ཡིན་པ་ལ། གཞན་ནི་ཡོད་པ་མ་ཡིན་པའི་ཕྱིར། གཞལ་
བྱ་གཉིས་མ་གྲུབ་བོ་ཞེ་ན། བཤད་པ། མེད་པས་གཞལ་བྱ་མ་ཡིན་ཕྱིར། །གཅིག་ཉིད་ཅེ་ན་ཁོ་བོའང་འདོད། །འདི་ནི་འདོད་པ་ཉིད་ཡིན་ཏེ། །རང་གི་མཚན་ཉིད་ལས་གཞན་པའི་གཞལ་བྱ་ནི་མེད་པ་ཡིན་ལ། དེ་ཡང་གཞལ་བྱ་མ་ཡིན་གྱི་རང་གི་མཚན་ཉིད་གཅིག་ཉིད་གཞལ་བྱ་ཡིན་ནོ། །དེ་ཉིད་
རང་དང་གཞན་གྱི་ངོ་བོ་དག་གིས་རྟོགས་པའི་ཕྱིར་སྤྱི་དང་རང་གི་མཚན་ཉིད་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །གཞན་ཡང་། མེད་པ་ངེས་ཕྱིར་གཞལ་བྱ་ནི། །མིན་ལ་མ་ངེས་པ་ཉིད་དམ། །སྔ་ན་མེད་པ་ལ་སོགས་པའི་མཚན་ཉིད་མེད་པ་ཡང་གཞལ་བྱ་ཡིན་པའི་ཕྱིར་མེད་པར་གཞལ་བྱ་མ་ཡིན་ནོ་ཞེས་བྱ་བ་ཇི་
Vol. 178 · folio 209a
ལྟར་ཁྱབ་པ་ཡིན། ཁྱབ་པ་མེད་པ་ཡང་ཇི་ལྟར་གཏན་ཚིགས་ཡིན་ཏེ། མ་ངེས་པ་ཉིད་དོ། །འདི་ལྟར། སྔ་ན་མེད་སོགས་རིགས་མེད་ན། །ཐམས་ཅད་རྟག་པ་ཉིད་འགྱུར་ཏེ། །འབྲས་མེད་རྒྱུ་ཡང་མེད་པ་ཉིད། །དེ་ལྟར་ཡང་ནི་སྟོན་པར་འགྱུར། །གཅིག་ལ་གཅིག་མེད་
པ་མེད་ན་ནི། རྫས་རྣམས་འདྲེ་བར་འགྱུར་བའི་ཕྱིར་ན་མཐའ་དག་གཉིས་མེད་པ་ཉིད་དུ་འགྱུར་རོ། །དེ་ངེས་ཚད་མ་གཉིས་པ་ཉིད། །འདི་ལྟར། མེད་ལ་དབང་སྐྱེས་བློ་མིན་ཏེ། །དོན་གྱི་སྟོབས་ལས་སྐྱེས་པའི་ཕྱིར། །དོན་གྱི་དུས་ལ་ལྟོས་མེད་ན། །བར་ཆོད་ལ་སོགས་ཡོད་ན་ཡང་། །དབང་སྐྱེས་བློ་ནི་
སྐྱེ་བར་འགྱུར། །མེད་པ་ནི་དབང་པོའི་སྤྱོད་ཡུལ་ཡང་མ་ཡིན་ཏེ། དེ་ལ་ནི་སྒྲ་ལ་སོགས་པའི་རང་གི་ངོ་བོ་ཉིད་སྣང་བའི་ཕྱིར་རོ། །དེ་འདི་ན་མེད་དོ་ཞེས་བྱ་བར་དེའི་རང་བཞིན་མེད་པར་ནི་དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་མ་ཡིན་ནོ། །བར་ཆོད་ཀྱང་དེ་མེད་པ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་རོ། །འོན་ཏེ་ཕྱོགས་
དབེན་པ་དམིགས་པ་ཉིད་ལས་དེ་ལྟར་ངེས་པ་ཡིན་ནོ་ཞེ་ན། དབེན་པ་ཞེས་བྱ་བ་ནི་འདི་ཅི་ཞིག་གིས། གལ་ཏེ་ས་ཕྱོགས་པའི་རང་བཞིན་ཡིན་ན། དེ་དམིགས་པས་གཞན་མེད་དོ་ཞེས་བྱ་བ་ག་ལས། དེ་ནི་དེ་མེད་པའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེ་ན། ཇི་ལྟར་གཞན་མེད་པ་ཡིན། དེ་དང་ལྷན་ཅིག་འབྲེལ་པའི་ཕྱིར་རོ་
ཞེ་ན། མ་འབྲེལ་བ་ག་ལས་ལྷན་ཅིག་རིག་པ་མེད་པའི་ཕྱིར་རོ་ཞེ་ན། འོ་ན་རིག་པ་མེད་པ་ལས་མེད་པར་རིག་པར་གཞག་གོ། །དེ་ལས་གཞན་རིག་པ་ཉིད་དེ་རིག་པ་མེད་པ་ཡིན་ནོ་ཞེ་ན། དེ་མ་རིག་ན་དེ་ལས་གཞན་ཉིད་དུ་ཇི་ལྟར་འཛིན། །དེ་སྔར་རིགས་པའི་ཕྱིར་རོ་ཞེ་ན། དེ་ཉིད་ཀྱི་ཚེ་ཡིན་མོད། རིག་པ་མེད་
དོ་ཞེས་མེད་པར་ཇི་ལྟར་རྟོགས། དེའི་ཕྱིར་མེད་པར་ངེས་པའིདི་ནི་དབང་པོ་ལས་སྐྱེས་པ་མ་ཡིན་ནོ། །དེས་ན་འདི་ནི་མངོན་སུམ་མ་ཡིན་ནོ། །ཅི་སྟེ་ཡང་མངོན་སུམ་ཉིད་ལྡོག་པ་ན་དངོས་པོ་མེད་པར་ངེས་པའི་རྒྱུ་ཡིན་ནོ་ཞེ་ན་མི་རུང་སྟེ། གལ་ཏེ་མངོན་སུམ་ཉིད་ལྡོག་ལས། །མེད་པར་ངེས་པ་ཡིན་ཞེ་ན། །འགལ་
བའམ་དེ་ཉིད་ལྡོག་པ་དང་། །རྗེས་འགྲོ་ཅན་གྱི་རྟགས་ཡིན་ནོ། །མངོན་སུམ་ཉིད་ལྡོག་པ་ལས་དངོས་པོ་མེད་པ་ངེས་པར་བྱེད་དོ་ཞེ་ན། དེ་མེད་པར་ཡང་ཡིན་ལ་དེས་རྟོགས་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ནི་འགལ་ལོ། །མངོན་སུམ་ནི་མྱོང་བའི་བདག་ཉིད་ཀྱིས་ན་གང་དུ་ཞུགས་པ་དེ་ངེས་པར་བྱེད་པ་ཡིན་ཏེ། ཉམས་སུ་
Vol. 178 · folio 209b
མྱོང་བ་ལ་ངེས་པའི་ཕྱིར་རོ། །ཉམས་སུ་མ་མྱོང་ན་གོ་ཇི་ལྟར་ངེས། འདི་ལྟར་སྨྲ་བ་པོ་དག་ཅི་གཞན་ཡོད་དམ་འོན་ཏེ་མེད་ཅེས་མི་ཤེས་ཏེ། དེར་བདག་ལ་མྱོང་བ་མེད་དོ་ཞེས་བརྗོད་པ་མ་ཡིན་ནོ། །ངེས་པ་མེད་པའི་རྒྱུ་རིག་པ་མེད་པ་ལས་ཇི་ལྟར་ངེས། འོན་ཏེ་དམིགས་པར་རུང་བ་མ་དམིགས་པ་ནི་དོན་མེད་པ་ཡིན་
ཏེ། དེས་ན་དངོས་པོ་མེད་པར་ངེས་སོ་ཞེ་ན། འོ་ན་ནི་འཇིག་རྟེན་ཕ་རོལ་ལ་སོགས་པ་དབང་པོ་ལས་འདས་པ་དངོས་པོ་མེད་པར་ངེས་པ་མེད་དོ། །གལ་ཏེ་མི་དམིགས་པ་དངོས་པོ་ཡོད་པ་ལས་ལྡོག་པ་ཡིན་པ་དེའི་ཚེ་དེ་ལས་ལྡོག་པས་ཁྱབ་པ་ཡིན་ན་གོ་བར་བྱེད་པར་འགྱུར་བས་ན། རྗེས་སུ་འགྲོ་བ་དང་ལྡོག་པ་དང་
ལྡན་པའི་ཕྱིར་རྟགས་ཡིན་པས་རྗེས་སུ་དཔག་པའི་ཚད་མ་གཞན་གྲུབ་སྟེ། རྟགས་ལས་སྐྱེས་པའི་ཕྱིར་རོ། །འདིས་ནི་རང་བཞིན་གྱི་གཏན་ཚིགས་དང་དེའི་ཁོངས་སུ་འདུས་པ་མི་དམིགས་པའི་གཏན་ཚིགས་བརྗོད་པ་ཡིན་ནོ། །འབྲས་བུའི་གཏན་ཚིགས་བཤད་པ་ནི། གཞན་སེམས་དག་ནི་རྟོགས་ཕྱིར་ཡང་། །
ཚད་མ་གཉིས་ནི་གྲུབ་པ་ཡིན། །སྨྲ་སོགས་ལ་ནི་འཇུག་པའི་ཕྱིར། །དེ་ཡི་ངོ་བོའང་ངེས་པར་འགྲུབ། །གཞན་གྱི་སེམས་པ་ནི་བདག་ཉིད་ཀྱི་བཞིན་དུ་མངོན་སུམ་གྱིས་གྲུབ་པ་མ་ཡིན་ནོ། །དེའི་རྣམ་པར་སྣང་བ་ཉིད་ལས་ནི་གཞན་སེམས་པ་ཡོད་པས་ཡིན་ནམ་འོན་ཏེ་མེད་པ་ཡིན་ཞེས་ཤེས་པ་མེད་པ་མ་ཡིན་ཏེ།
དེ་ལྟར་རྟོགས་པ་མེད་པའི་ཕྱིར་རོ། །སྡང་བ་ལ་སོགས་པའི་ཁྱད་པར་ནི་འབྲས་བུའི་ཁྱད་པར་གྱིས་ངེས་པ་ཡིན་ནོ། །གལ་ཏེ་རྣམ་པ་ཅི་ཞིག་ལྟར་ངེས་པ་འདིར་འགྱུར་མོད་དེ་ཚད་མ་ནི་མ་ཡིན་ནོ་ཞེ་ན། ཉེས་པ་འདི་ནི་མེད་དེ། རྗོད་པ་ལ་སོགས་པའི་མཚན་ཉིད་དེ་དང་རྗེས་སུ་མཐུན་པའི་ཐ་སྙད་མཐོང་བའི་ཕྱིར་རོ། །ཇི་
ལྟར་རུང་བར་ཚད་མ་མེད་པ་ཅན་ཉིད་འཇུག་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དཔྱད་ནས་འདོར་བར་ཐལ་བའི་ཕྱིར་རོ། །ཐབས་གཞན་མེད་པའི་ཕྱིར་རྟེན་མེད་པས་མི་འདོར་རོ་ཞེ་ན། ཐབས་གཞན་མེད་དོ་ཞེས་ངེས་པ་འདི་ཡང་ཚད་མ་ཉིད་ཡིན་ལ་དེ་ལའང་རྗེས་སུ་དཔག་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གཞན་གྱིས་ཁས་
བླངས་པས་དེ་སྐད་བརྗོད་པ་དེས་ན་སྐྱོན་མེད་དོ་ཞེ་ན། མ་ཡིན་ཏེ་གཞན་གྱིས་ཁས་བླངས་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་ལ་འཇུག་པའི་ཕྱིར་རོ། །བདག་ཉིད་གཞན་གྱིས་ཁས་བླངས་པས་རྟོགས་པར་བྱེད་པ་ནི་སུ་ཡང་མེད་དོ། །རེ་ཞིག་རྟེན་གཞན་མ་རྟོགས་པས་དེས་ན་བདག་འཇུག་པ་ཡིན་ནོ་ཞེ་ན། འོ་
Vol. 178 · folio 210a
ན་འཇིག་རྟེན་ཕ་རོལ་ཡང་རྟོགས་པར་འགྱུར་རོ། །འཇིག་རྟེན་ཕ་རོལ་མེད་ཀྱང་དེར་ཡང་འཚོ་བར་ནུས་པ་དེས་ན་དེར་ཡང་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་འཚོ་བར་ནུས་སོ་ཞེས་བྱ་བ་འདི་ག་ལས། འཚོ་བ་དོན་དུ་གཉེར་བ་ཡང་ཅི་འདས་པའི་འཚོ་བ་དོན་དུ་གཉེར་རམ།
འོན་ཏེ་ད་ལྟར་བ་དང་མ་འོངས་པའི་འཚོ་བ་དོན་དུ་གཉེར། དེ་ལ་འདས་པ་ནི་དོན་དུ་གཉེར་བ་མ་ཡིན་ཏེ། འདས་པ་ཉིད་ཀྱི་ཕྱིར་རོ། །ད་ལྟར་བྱུང་བའི་དོན་དུ་གཉེར་བ་ཡང་མ་ཡིན་ཏེ། དེ་ནི་ཐོབ་ཟིན་པའི་ཕྱིར་རོ། །མ་འོངས་པའི་དོན་དུ་གཉེར་རོ་ཞེ་ན། འོ་ན་ནི་མ་འོངས་པའི་འཚོ་བ་ནི་ཐབས་འདིས་འགྱུར་གྱི་
གཞན་གྱིས་ནི་མ་ཡིན་ནོ་ཞེས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྟོགས་པ་ནི་རྗེས་སུ་དཔག་པ་ཉིད་དོ། །གཞན་ཡང་ཐ་སྙད་འདི་ནི་ཅི་ལྟར་རུང་བར་ཡིན་ནོ་ཞེས་བྱ་བ་ཅི་ཁྱེད་ཉིད་ཀྱིའམ་འོན་ཏེ་གཞན་གྱི། གལ་ཏེ་ཁྱེད་ཉིད་ཀྱི་ཡིན་ན་གཉི་ག་ལ་གྲུབ་པ་མེད་པའི་ཕྱིར་ཇི་ལྟར་གཞན་རྟོགས། འོན་ཏེ་གཞན་ལ་
ཡང་ཐབས་མེད་པ་ཁོ་ནའོ་ཞེ་ན། དེ་ལྟ་ཡིན་ན་གདོན་མི་ཟ་བར་གཞན་གྱིས་སེམས་པ་རྟོགས་པས་ཇི་ལྟར་འདི་རྣམ་པ་རུང་བར་རྟོགས་པ་ཡིན་ནོ། །འོན་ཏེ་འདི་རྣམས་ཡང་ཇི་ལྟར་རུང་བར་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་ཁྱོད་ཉིད་ཡིད་ཆེས་པ་མེད་པར་གཞན་ཇི་ལྟར་རྟོགས་པར་བྱེད། བདག་རེ་ཞིག་དེ་ལྟར་
ཡིན་ཏེ་གཞན་ནི་ཇི་ལྟར་ཞེས་མི་ཤེས་སོ་ཞེ་ན། འོ་ན་ནི་མི་སྨྲ་བ་ཉིད་ཐོབ་བོ། །གཞན་ཡང་དེ་ལྟ་བུ་ཉིད་དུ་འགྱུར་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཚད་མ་མེད་པའི་ཕྱིར་རོ། །དེས་ན་འདི་ནི་གྱི་ནའོ། །དེས་ན་གཞན་རྟོགས་པ་ཡོད་པ་དེས་ན་གཞན་གྱིས་ཀྱང་རྗེས་སུ་དཔག་པ་ཁས་བླང་བར་བྱ་བ་ཡིན་ནོ། །སླུ་མེད་ཕྱིར་དེ་
ཚད་མ་ཉིད། །གལ་ཏེ་ལ་ལ་དག་ཏུ་ནི། །འཁྲུལ་ཕྱིར་ཡིད་བརྟན་མེད་ཅེ་ན། །རྟགས་ལོག་མཐོང་ཕྱིར་དེ་དེ་འདྲ། །ཚད་མའི་མཚན་ཉིད་ནི་མི་སླུ་བ་ཡིན་ལ། དེ་ནི་རྗེས་སུ་དཔག་པ་ལ་ཡད་པས་ནི་ཚད་མ་ཉིད་དོ། །འོན་ཏེ་ལ་ལར་སླུ་བ་ཡང་མཐོང་བའི་ཕྱིར་བཟློག་པར་འགྱུར་ཏེ། འདི་ལྟར་ན་དེའི་བུ་ཡིན་པའི་
ཕྱིར་སྔོ་བསངས་སོ་ཞེས་བྱ་བས་འཁྲུལ་པ་དང་འབྲེལ་པ་ཡིན་ཡང་རྗེས་སུ་དཔག་པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་ཏེ། དེ་ནི་རྗེས་སུ་དཔག་པ་ཉིད་མ་ཡིན་ཏེ་འབྲེལ་པ་མེད་པས་རྟགས་ལྟར་སྣང་བ་ལས་སྐྱེས་པའི་ཕྱིར་རོ། །དེའི་བུ་ཉིད་ནི་སྔོ་བསངས་དང་འབྲེལ་པ་མ་ཡིན་ནོ། །ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཀྱིས་
Vol. 178 · folio 210b
ན་མཚུངས་པ་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཚོགས་པ་གཅིག་ལ་རག་ལས་པ་ཉིད་མེད་པའི་ཕྱིར་རོ། །ལས་དང་བྲས་དང་དུས་ཀྱི་ཁྱད་པར་སྲིད་པའི་ཕྱིར་རོ། །ཚོགས་པ་གཅིག་ལ་རག་ལས་པ་ཡིན་ན་ནི་ཅིག་ཅར་སྐྱེ་བར་ཐལ་ལོ། །དེས་ན་རྟགས་ཀྱི་དེ་ཁོ་ནའི་རང་བཞིན་མ་མཚོན་པའི་ཕྱིར་གཏན་ཚིགས་མ་ཡིན་པ་ལ་
ཡང་གཏན་ཚིགས་སུ་ལྷག་པར་སྒྲོས་བཏགས་པ་ན་འཁྲུལ་པར་བསམས་པ་ཡིན་ནོ། །ཅི་སྟེ་རྗེས་སུ་དཔག་པ་ཐམས་ཅད་ནི་འདི་ལྟ་བུའི་ཚུལ་ཅན་ཡིན་ཏེ། ཁྱད་པར་གཞན་ནི་རྟོགས་པ་མེད་པས་ན་གང་ཞིག་མི་འཁྲུལ་པ་ཡིན་སྙམ་ན་དེ་ཡང་མི་རུང་སྟེ། འདི་ལྟར། གང་ལས་འགའ་ཚེ་དངོས་དགའ་ལ། །དེ་རྟོགས་པ་
ནི་གྲུབ་གྱུར་པ། །དེ་ནི་དེ་ལས་སྐྱེས་པའམ། །དེ་ཡི་ངོ་བོར་གདོན་མི་ཟ། །དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་དང་ལྡན་པའི་རྟགས་ནི་གོ་བར་བྱེད་པ་ཡིན་ཏེ། གཞན་ནི་དེ་ལྟར་སྣང་བ་ཡིན་པའི་ཕྱིར་རོ། །གང་ལས་འཁྲུལ་པ་མེད་པ་བསྒྲུབ་པར་བྱ་བ་རྟོགས་པ་དེ་ནི་ངེས་པ་ཁོ་ནར་དེ་ལས་སྐྱེས་
པའམ། དེའི་རང་བཞིན་དུ་ངེས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་འཁྲུལ་པ་མེད་པར་རྟོགས་པ་མི་སྲིད་དེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཐམས་ཅད་ལས་ནི་ཐམས་ཅད་ལ་རྟོགས་པ་སྐྱེ་བ་མ་ཡིན་ཏེ། རེས་འགའ་བ་ཉིད་དུ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་རྟོགས་པ་འདི་ནི་གདོན་མི་ཟ་བར་འབྲེལ་པ་དང་
ལྡན་པའི་དོན་གྱིས་བསྐྱེད་པ་ཡིན་ལ་འབྲེལ་པ་ཡང་རྣམ་པ་གཉིས་ཁོ་ནའོ། །ཚོགས་པ་གཅིག་ལ་རག་ལས་པ་ལ་ཡང་བརྒྱུད་པ་དེ་ལས་བྱུང་བའི་མཚན་ཉིད་ཁོ་ནས་འབྲེལ་པ་ཡིན་པས་དེ་ཉིད་ལས་མ་འཁྲུལ་པ་ཡིན་ནོ། །འདི་ལྟར། རང་གི་རྒྱུའམ་ངོ་བོ་དག །མེད་པར་དོན་ནི་སྲིད་མིན་པ། །དེ་དག་རང་བཞིན་མཐོང་
གང་ཡིན། །དེ་ཉིད་གཞན་དུ་མཚན་ཉིད་ཡིན། །འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་གང་ཡིན་པའི་མཚན་ཉིད་མཐོང་བ་གང་ཡིན་པ་དེ་ཉིད་གཞན་དུ་ཡང་མཚན་ཉིད་ཡིན་ནོ། །དེའི་བུ་ལ་སོགས་པ་ཉིད་ལ་ནི་དེ་ཡོད་པ་མ་ཡིན་ཏེ། དེས་ན་ཐམས་ཅད་ལ་ཡིད་བརྟན་དུ་མེད་པ་མ་ཡིན་ནོ། །མཚན་ཉིད་དང་ལྡན་པ་
ལ་གནོད་པ་སྲིད་ན་ནི། དེའི་མཚན་ཉིད་སུན་ཕྱུང་བ་ཉིད་དུ་འགྱུར་བས་ཐམས་ཅད་ལ་ཡིད་བརྟན་དུ་མེད་པར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་རིགས་སོ། །རྒྱུའམ་རང་གི་ངོ་བོ་མེད་པ་ནི་འགའ་ཡང་སྲིད་པ་མ་ཡིན་ཏེ། དེ་ལྟར་རྟོགས་པ་ཡིན་ན་ཐམས་ཅད་དུ་ཐ་སྙད་ཆད་པ་ཉིད་དུ་འགྱུར་རོ། །འདི་ནི་ཐ་
Vol. 178 · folio 211a
སྙད་པའི་ཚད་མའི་སྐབས་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེས་ན་ཐ་སྙད་པ་དག་གིས་ནི་གདོན་མི་ཟ་བར་རྗེས་སུ་དཔག་པ་དོན་དུ་གཉེར་བར་བྱ་བ་ཡིན་ནོ། །ཐབས་མེད་པར་ཇི་ལྟར་འཇུག་ཅེ་ན། མ་ཡིན་ཏེ། ཐབས་རབ་ཏུ་གྲུབ་པའི་ཕྱིར་རོ། །རྣམ་པར་དཔྱད་ན་འཇིག་པར་འགྱུར་རོ་
ཞེ་ན་མ་ཡིན་ཏེ། རྣམ་པར་དཔྱོད་པ་ཡང་རྗེས་སུ་དཔག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་ལམ་དུ་འགྲོ་བཞིན་པ་ཉིད་ན་ལམ་དེ་ཉིད་བརྗོད་པར་འགྱུར་བ་ཡིན་ནོ། །འོ་ན་མི་དམིགས་པ་ལ་འབྲེལ་པ་ཅི་ཡོད་ཅེ་ན། དེའི་བདག་ཉིད་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཉིད་དོ་ཞེས་སྟོན་པར་བྱེད་དོ། །འདི་ལྟར།
བལྟར་རུང་རང་གི་ངོ་བོའམ། །རང་རྒྱུ་མཐོང་བའི་རྒྱུ་གཞན་དག །ཡོད་པར་སྣང་བ་མེད་ན་ནི། །དེ་དང་ལྡན་པའང་ཇི་ལྟར་ཡོད། །གང་ཕྱིར་འདི་དེར་འབྲེལ་པ་དེ་ཉིད་ཀྱི་ཕྱིར་དེ་མེད་པས་མེད་པར་འགྱུར་བ་ཡིན་ཏེ། དེ་ལྟ་མ་ཡིན་ན། གཞན་མེད་པས་ཇི་ལྟར་མེད་པར་འགྱུར། དེ་ལྟ་ན་ནི་ཧ་ཅང་ཐལ་བར་འགྱུར་
རོ། །གལ་ཏེ་དེ་མེད་ན་མེད་པ་དེ་ལྟ་ན་དེ་འབྲེལ་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་འབྲེལ་པ་མེད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གང་དུ་དམིགས་པའི་མཚན་ཉིད་དུ་གྱུར་པའི་རྒྱུའམ་ཁྱབ་པར་བྱེད་པ་མ་དམིགས་པ་དེར་ནི་དེ་དག་མེད་པ་ཡིན་ལ། དེ་དག་མེད་པ་གང་ཡིན་པ་དེ་ན་འབྲས་བུ་དང་ཁྱབ་པར་བྱ་བ་དག་ཀྱང་མི་
སྲིད་པས་ན་མི་དམིགས་པ་ཡང་འཁྲུལ་པ་མེད་དོ། །དེ་ལྟར་ན་འབྲས་བུ་དང་རང་བཞིན་དང་མི་དམིགས་པ་རྣམ་པ་གསུམ་ཆར་གྱི་རྗེས་སུ་དཔག་པ་ཡང་ཡོད་དོ་ཞེས་བསྒྲུབས་པ་ཡིན་ནོ། །གང་གི་ཕྱིར། སྤྱི་ཡི་བློ་ནི་ཚད་མིན་ན། །མེད་པ་ཐོབ་འགྱུར་ཕ་རོལ་གྱི། །དངོས་གཞན་གལ་ཏེ་དབང་རྣམས་ཀྱིས། །དུས་གཞན་
དུ་ནི་རྟོགས་ཤེ་ན། །དེ་མིན་དབང་དང་ནུས་སོགས་ལ། །དབང་པོའི་བློ་ནི་མི་སྲིད་ཕྱིར། །མེད་པར་རྟོགས་པ་ཡིན་ན་ནི། །བློ་དང་སྐྱེ་བ་རྒྱུ་མེད་འགྱུར། །གལ་ཏེ་སྤྱིའི་བློ་ཚད་མ་མ་ཡིན་པ་ཉིད་ན་དེའི་ཚེ་ལྐོག་ཏུ་གྱུར་པ་ཞེས་བྱ་བའི་གཞལ་བྱ་མེད་དོ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན་ཕ་རོལ་ཉིད་བཞིན་ནོ། །འོན་ཏེ་
ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་ནི་མེད་པ་མ་ཡིན་ཏེ། དབང་པོ་རྣམས་ཀྱིས་རིམ་གྱིས་རྟོགས་པའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་ལ་ནི་དུས་གཞན་དུ་ཡང་དབང་པོ་འཇུག་པ་མ་ཡིན་ཏེ། དེས་ན་རྣམ་པ་དེ་ལྟ་བུ་ཉིད་མེད་པ་ཡིན་ནོ་ཞེ་ན། འོ་ན་གང་གི་ཚེ་རྟོགས་པ་དེ་ཉིད་ཀྱི་ཚེ་ཡོད་མོད་སྔར་ཡོད་པ་གང་གི་ལས་སྔར་ཡང་གཞན་
Vol. 178 · folio 211b
གྱིས་རྟོགས་པ་དེས་ན་ཡོད་པ་ཡིན་ནོ་ཞེ་ན། འཇིག་རྟེན་ཕ་རོལ་ཡང་སྔར་གཞན་ནམ་རང་གིས་མ་རྟོགས་སོ་ཞེས་བྱ་བ་ག་ལས་ཡིན་ཞིང་འཇིག་རྟེན་ཕ་རོལ་ལས་གཞན་ཡང་གཞན་གྱིས་རྟོགས་སོ་ཞེས་བྱ་བ་ག་ལས་ཡིན། དེ་ལྟར་ཐ་སྙད་བྱེད་པ་ལས་སོ་ཞེ་ན་རྗེས་སུ་དཔག་པ་ཚད་མར་འགྱུར་རོ། །དབང་པོའམ་རུང་
བ་ཉིད་ལ་ནི་རྣམ་གྲངས་ཀྱིས་དབང་པོ་འཇུག་པ་མ་ཡིན་ཏེ། འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ལས་བྱུང་བའི་རྗེས་སུ་དཔག་པ་ཉིད་ཀྱི་རྟོགས་པ་ཡིན་པའི་ཕྱིར་རོ། །དེ་མེད་ན་ནི་དོན་རྣམས་ཀྱི་སྐྱེ་བ་དང་བློ་རྒྱུ་མཚན་མེད་པ་ཁོ་ནར་འགྱུར། དེའི་ཕྱིར་འབྲས་བུ་མཐོང་བ་དང་། འབྲས་བུ་ལྡོག་པས་རུང་བ་ཉིད་དང་།
མིག་ལ་སོགས་པ་རྗེས་སུ་དཔག་པས་ན་ཡོད་པ་ཉིད་ཡིན་གྱི། དེ་ལ་དབང་པོའི་བྱེད་པ་ནི་རྣམ་གྲངས་ཀྱིས་འཇུག་པ་མ་ཡིན་ནོ། །དེས་ན་འཇིག་རྟེན་ཕ་རོལ་ལ་སོགས་པ་ཡང་དེ་ལྟ་བུ་ཉིད་དོ། །དེས་ན་རྗེས་སུ་དཔག་པ་མེད་པར་ནི་སྤྱི་མི་རྟོགས་སོ། །འདི་ལྟར། རྣམ་རྟོག་མེད་པ་ཉིད་ཀྱིས་ན། །རང་གི་མཚན་ཉིད་ལ་
མངོན་སུམ། །རྣམ་རྟོག་མེད་པར་སྤྱི་འཛིན་མིན། །དེ་ཕྱིར་དེ་ལ་རྗེས་དཔག་ཉིད། །སྤྱི་ངེས་པར་འཛིན་པའི་རང་བཞིན་གྱི་རྟོགས་པ་ཡང་ཐ་སྙད་ཀྱི་རྒྱུ་ཡིན་ན། སྤྱི་རྣམ་པར་རྟོག་པ་མེད་པས་ནི་འཛིན་པ་མ་ཡིན་ནོ། །མངོན་སུམ་ནི་རྣམ་པར་རྟོག་པ་དང་བཅས་པ་མ་ཡིན་ཏེ། རྣམ་པར་དཔྱོད་པ་མེད་པའི་ཕྱིར་རོ། །དེའི་
ཕྱིར་སྤྱིའི་ཡུལ་ཅན་ནི་རྗེས་སུ་དཔག་པ་ཡིན་གྱི། མངོན་སུམ་ནི་མ་ཡིན་ནོ། །འོ་ན་ཁ་དོག་ལ་སོགས་པ་དེ་མི་རྟག་པ་ལ་སོགས་པའི་རྣམ་པས་འཛིན་པ་དེ་ཇི་ལྟར། འདི་ནི་རང་དང་སྤྱིའི་རང་བཞིན་འཛིན་པར་བྱེད་པ་མ་ཡིན་ནོ། །ཁྱེད་ནི་གཞལ་བྱ་ངེས་པར་འདོད་པ་ཡིན་ནོ། །གཞལ་བྱ་ངེས་ན་ཁ་དོག་ནི། །མི་རྟག་ཉིད་
དུ་རྟོགས་མི་འགྱུར། །དེ་བློ་ཚད་མ་གཞན་འགྱུར་ཏེ། །རྟགས་མེད་པར་ནི་ཡོད་ཕྱིར་རོ། །གཞལ་བྱ་ངེས་པ་ཞེས་བྱ་བ་ནི་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་སོ་སོར་ངེས་པའི་ཚད་མས་བཟུང་བ་ཉིད་ཡིན་ན། ཁ་དོག་ལ་སོགས་པ་མི་རྟག་པ་ཉིད་དོ་ཞེས་བྱ་བ་འདི་ནི་འདྲེན་མར་རྟོགས་པ་ཡིན་ཏེ། རང་དང་སྤྱིའི་མཚན་ཉིད་
དག་ཕན་ཚུན་འདྲེས་པར་རྟོགས་པའི་ཕྱིར་རོ། །འདྲེས་ན་གཉི་གའི་རང་བཞིན་རྟོགས་པ་ཚད་མ་གཞན་དུ་ཐལ་བར་འགྱུར་རོ། །རྟགས་མེད་པར་ཡང་ཡོད་པའི་ཕྱིར་ན་འདི་རྗེས་སུ་དཔག་པ་མ་ཡིན་ལ་སྤྱི་འཛིན་པའི་ཕྱིར་མངོན་སུམ་ཡང་མ་ཡིན་ནོ། །རང་གི་མཚན་ཉིད་ལ་ནི་རྗེས་སུ་དཔག་པ་ཡང་མ་ཡིན་པས་ན་འདི་ནི་ཚད་མ་
Vol. 178 · folio 212a
གཞན་ཉིད་དེ། རྟགས་མེད་པར་འཇུག་པའི་ཕྱིར་དང་། སྤྱི་ཡང་སྣང་བའི་ཕྱིར་རོ། །ཁྱད་པར་མཐོང་བའི་རྗེས་སུ་དཔག་པ་ལ་ཡང་སྤྱི་རྟོགས་པ་མེད་དེ། སྤྱི་དང་རྟགས་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །དེ་སྨྲས་པ་ནི། ཁྱད་པར་མཐོང་ལ་རྟགས་དང་ནི། །འབྲེལ་པར་རྟོགས་པ་མེད་
བའི་ཕྱིར། །དེ་ནི་ཚད་མ་གཞན་ཡིན་ནོ། །གཞལ་བྱ་མང་ཕྱིར་ཚད་མ་རྣམས། །མང་པོ་ཉིད་དམ་གཅིག་ལ་ཡང་། །དུ་མ་ཉིད་ནི་འཇུག་ཕྱིར་ཏེ། །གཅིག་གསུམ་གྲངས་ཀྱང་སེལ་མི་འགྱུར། །དཔེར་ན་ཁྱད་པར་མཐོང་བ་བཞིན། །ཡུལ་ངེས་པ་ནི་མེད་ཕྱིར་དང་། །གཞལ་བྱ་གཞན་ནི་ཡོད་ཕྱིར་རོ། །ཁ་
དོག་ལ་སོགས་པ་ནི་མི་རྟག་གོ་ཞེས་བྱ་བ་འདི་ལ་ནི་རྟགས་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ནི་མངོན་སུམ་ཡང་མ་ཡིན་ཏེ། སྤྱི་མི་རྟགས་པ་ཉིད་ཀྱང་རྟོགས་པའི་ཕྱིར་རོ། །ཁྱད་པར་མཐོང་བ་ལ་ཡང་ཁྱད་པར་ཉིད་རྟོགས་པ་ཡིན་ཏེ། རྟགས་དེ་དང་སྤྱི་འབྲེལ་པ་མེད་པ་རྟོགས་པའི་ཕྱིར་རོ། །དེས་ན་དེ་ནི་ཁྱོད་ཀྱི་འདོད་
པ་དང་སྦྱར་ན་ཚད་མ་གཞན་ཡིན་པར་འགྱུར་རོ། །དངོས་སུ་རྟོགས་པ་མེད་པའི་ཕྱིར་ན། མངོན་སུམ་མ་ཡིན། སྤྱིའི་ཡུལ་ཅན་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ནོ། །གཞན་ཡང་སྤྱི་དང་ཁྱད་པར་དང་གཉི་གའི་དབྱེ་བས་གཞལ་བྱ་མང་པོ་ཡོད་པའི་ཕྱིར་ཚད་མ་རྣམས་མང་པོ་གཉིས་པས་གསུམ་གྱི་གྲངས་སེལ་བ་མ་
ཡིན་ལ། ཚད་མ་དུ་མ་གཅིག་ལ་འཇུག་པས་གྲངས་གཅིག་ལ་སེལ་བ་མ་ཡིན་ཏེ། དཔེར་ན་ཁྱད་པར་མཐོང་བ་དང་ལྷན་ཅིག་མངོན་སུམ་རང་གི་མཚན་ཉིད་གཅིག་ལ་འཇུག་པ་བཞིན་ནོ། །དེ་བཞིན་དུ་སྤྱི་ལ་ཡང་མངོན་སུམ་འཇུག་པར་འགྱུར་རོ། །དེས་ན་གཞལ་བྱ་གཉིས་མཐོང་བའི་ཕྱིར། གྲངས་གཅིག་གསལ་བ་ཡིན་
ནོ་ཞེས་གང་བརྗོད་པ་དེར་མི་འགྱུར་ཏེ། མངོན་སུམ་ཉིད་སྤྱི་ལ་འཇུག་པ་སྲིད་པའི་ཕྱིར་རོ། །ཡུལ་ངེས་པ་ཡིན་ན་གཞལ་བྱ་གཞན་མེད་པས་གསུམ་དང་གཅིག་གྲངས་གསལ་བར་འགྱུར་བ་ཡིན་ན། བཤད་པའི་ཚུལ་གྱིས་ན་གཉི་ག་ཡང་ཡོད་པས་མངོན་པར་འདོད་པའི་དགོས་པ་མི་འགྲུབ་སྟེ། ཚད་མ་མ་ངེས་པར་
འཇུག་པའི་ཕྱིར་དང་། གཞལ་བྱ་མང་བའི་ཕྱིར་ཚད་མ་མང་བས་སོ། །གལ་ཏེ་དོན་བྱེད་ནུས་དང་མི་ནུས་ཕྱིར། །ཞེས་བྱ་བ་ལ་སོགས་པས་གཞལ་བྱ་མང་པོ་ཉིད་གསལ་བ་མ་ཡིན་ནམ། དེ་ཇི་ལྟར་ན་འདི་ཉེ་བར་འགོད་ཅེ་ན། བདེན་མོད་ཀྱི་འདི་ཡང་མཐོང་ངོ་ཞེས་ཉེ་བར་བསྟན་པར་འགྱུར་རོ། །ཡང་ན་ཕ་རོལ་པོ་འགལ་
Vol. 178 · folio 212b
བ་མི་འཁྲུལ་བ་ཅན་ཉེ་བར་སྟོན་པར་བྱེད་པས་ན་སྐྱོན་མེད་དོ། །ཚད་མ་མ་ངེས་པར་འཇུག་པ་ཉེ་བར་བསྟན་པ་ནི་འཐད་པ་ཁོ་ན་ཡིན་ནོ། །དེའི་ཕྱིར་ལྐོག་གྱུར་དོན་ཐམས་ཅད། །ཁྱད་པར་དུ་ནི་རྟོགས་མི་འགྱུར། །ཞེས་བྱ་བ་འདི་ཡང་མ་གྲུབ་པ་བརྗོད་པ་ཡིན་ཏེ། དེས་ན་གསུམ་དང་གཅིག་གི་གྲངས་གསལ་བ་མ་ཡིན་ནོ་ཞེ་ན། འདི་ལ་བཤད་
པ། སྐྱོན་འདིར་ཐལ་བར་མི་འགྱུར་ཏེ། །ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། །ཁ་དོག་ལ་སོགས་པ་མི་རྟག་པའོ་ཞེས་ཁ་དོག་གི་སྤྱི་མི་རྟག་པ་ཉིད་དང་འབྱོར་པར་བྱེད་དོ། །དེས་ན་སྤྱིའི་ངོ་བོ་གཅིག་པུ་ཉིད་གཞལ་བྱ་ཡིན་གྱི། གཉི་གའི་རང་བཞིན་ནི་མ་ཡིན་པས་ཉེས་པ་འདི་མེད་དོ། །སྤྱི་དང་ཁྱད་པར་གྱི་ངོ་བོ་ཡིན་ན་ནི་ཡུལ་ངེས་པ་མེད་
པའི་ཕྱིར་དང་གཞལ་བྱ་གཞན་ཡང་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་སྐྱོན་འདིར་འགྱུར་གྱི། སྤྱི་གཅིག་པུ་ཡིན་པ་ལ་ནི་མ་ཡིན་ནོ། །གལ་ཏེ་མི་རྟག་པ་ཉིད་ཁ་དོག་གི་སྤྱི་ཉིད་དང་སྦྱོར་བར་བྱེད་ན་དེ་དངོས་པོའི་ཆོས་མ་ཡིན་པར་འགྱུར་ཏེ། ཆོས་གང་ཞིག་གང་ལ་ལྡན་པར་རྟོགས་པ་དེ་ནི་དེ་ཉིད་ཀྱང་ཆོས་ཡིན་ནོ། །སྤྱི་ཡང་སྤྱི་དང་ལྡན་
པ་ཡིན་ན་དེའི་རང་བཞིན་ཡིན་གྱི། དངོས་པོའི་ནི་མ་ཡིན་ནོ། །སྤྱི་ནི་དངོས་པོའི་མ་ཡིན་པའི་ཕྱིར་དེའི་ཆོས་ནི་དངོས་པོ་མེད་པའི་ཆོས་ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། འདི་ལྟར། དངོས་མེད་ངོ་བོ་མིན་དེ་ཉིད། །དེ་ལྟར་གྲུབ་པས་སྒྲུབ་ཕྱིར་རོ། །གཞན་ལ་གཞན་གྲུབ་མིན་ཞེ་ན། །མ་ཡིན་དེ་ཉིད་གྲུབ་ཕྱིར་རོ། །
གལ་ཏེ་སྤྱི་བརྟགས་པས་དངོས་པོ་མ་ཡིན་པའི་ཕྱིར་དངོས་པོའི་ཆོས་མ་ཡིན་ན། མི་རྟག་པ་ལ་སོགས་པ་དེ་ཡང་དངོས་པོ་ཉིད་མ་ཡིན་པར་འགྱུར་རོ། །གཉི་ག་ཡང་དངོས་པོའི་ངོ་བོ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་དངོས་པོ་ཉིད་དེ་ལྟར་གྲུབ་པས་སོ། །རྣམ་པར་རྟོག་པ་ལ་སྣང་བའི་ཁ་དོག་ལ་སོགས་པ་མི་རྟག་པ་ཉིད་ལ་སོགས་པ་གང་
ཡིན་པ་དེ་ནི་རང་གི་མཚན་ཉིད་ལ་ཡང་ཡོད་པ་ཁོ་ན་ཡིན་ཏེ། རང་གི་མཚན་ཉིད་ཉམས་སུ་མྱོང་བ་ཉིད་ལས་འདིའི་ངོ་བོའི་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རོ། །གལ་ཏེ་རྣམ་པར་རྟོག་པ་རང་གི་མཚན་ཉིད་ལ་འབྲེལ་བ་མ་ཡིན་ན་དེ་ལ་རང་གི་མཚན་ཉིད་མི་སྣང་བའི་ཕྱིར་ཇི་ལྟར་དེ་ཉིད་དེ་ལྟར་གྲུབ་པ་ཡིན་ཞེ་ན་མ་ཡིན་ཏེ། བརྒྱུད་ནས་འབྲེལ་
པའི་ཕྱིར་རོ། །དངོས་སུ་མ་འབྲེལ་པར་ཡང་བརྒྱུད་ནས་འབྲེལ་པའི་ཕྱིར་རྣམ་པར་རྟོག་པ་དེ་ཉིད་ནི་མི་སླུ་བ་དང་ལྡན་པ་ཉིད་དོ། །གལ་ཏེ་བག་ཆགས་དང་འབྲེལ་པ་ཡིན་ན་ཇི་ལྟར་དངོས་པོ་དང་འབྲེལ་པ་ཉིད་ཡིན་ནོ་ཞེ་ན། བག་ཆགས་དེ་དངོས་པོ་དང་འབྲེལ་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། དངོས་གང་ཇི་ལྟ་བུར་གྱུར་པ། །དེ་འདྲ་དེ་
Vol. 178 · folio 213a
ནི་རྟགས་སེམས་ཀྱི། །རྒྱུ་ཡིན་དེ་ལས་དེ་ལྟ་ཡི། །དངོས་ལ་དེ་སྐྱེད་རྟགས་ཅན་བློ། །བསྒྲུབ་པར་བྱ་བའི་ཆོས་གང་ཡིན་པ་དེ་ནི་སྒྲུབ་པར་བྱེད་པའི་རྒྱུའམ། ཁྱབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །རྒྱུ་དང་ཁྱབ་པར་བྱེད་པ་ཡང་འབྲས་བུ་དང་ཁྱབ་བྱའི་སེམས་ཀྱི་རྒྱུ་ཡིན་ལ། སེམས་དེ་
ལས་ཀྱང་རྟགས་ཅན་གྱི་བློ་སྐྱེ་བ་གང་ཡིན་པ་དེ་ནི་བརྒྱུད་ནས་དངོས་པོ་ལ་འབྲེལ་པ་ཡིན་ནོ། །དེས་ན། དེ་ལྟར་རྟགས་དང་རྟགས་ཅན་བློ། །བརྒྱུད་པ་ཡིས་ནི་དངོས་པོ་ལ། །འབྲེལ་ཕྱིར་དེར་སྣང་བ་ཡིས་ན། །སྟོང་ཡང་སླུ་བྱེད་ཉིད་མ་ཡིན། །སྣང་བ་ཉིད་ལས་དངོས་པོ་འཐོབ་པ་ནི་མ་ཡིན་ཏེ། ལྷག་པར་ཞེན་པ་ལས་
ཀྱང་དངོས་པོ་འཐོབ་པ་ཡོད་པའི་ཕྱིར་རོ། །འཇུག་པས་ཐོབ་པ་ཡིན་གྱི་སྣང་བ་ཙམ་གྱིས་ནི་མ་ཡིན་ནོ། །འཇུག་པ་ནི་ལྷག་པར་ཞེན་པ་ལས་ཀྱང་མཐོང་སྟེ། དེ་ལྟ་མ་ཡིན་ན་སྣང་བ་ལས་ཀྱང་འཇུག་པར་མི་འགྱུར་རོ། །དང་པོ་ལྷག་པར་ཞེན་པས་འཇུག་ན་ཕྱིས་གོམས་པ་ལས་སྣང་བར་འཇུག་པར་ནུས་པ་ཡིན་ནོ། །དེས་ན་
ཞུགས་ཤིང་ཡོད་པ་ཉིད་ན་ཐོབ་པ་ཡིན་ནོ། །ཇི་ལྟར་སྣང་བ་ཡོད་པ་ཉིད་ཡིན་པ་དེ་བཞིན་དུ་སྣང་བའི་རྒྱུ་དང་ཁྱབ་པར་བྱེད་པ་ཡང་ཡིན་པས་གཉི་ག་ལ་ཡང་ཐོབ་པ་ཡོད་པར་འགྱུར་རོ། །སྣང་བ་འདི་འགའ་ཡང་ཐོབ་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་སྔར་དཔྱད་པ་ཉིད་དོ། །ཇི་ལྟར་སྣང་བ་ལས་ཡོད་པར་ཤེས་པ་དེ་བཞིན་དུ་འབྲེལ་པ་སྣང་
བ་ལས་ཀྱང་ཡིན་ནོ། །གལ་ཏེ་ཐོབ་པའི་ཡུལ་མེད་པ་འདི་ན་ནི་འགྲོ་བ་སྣང་བ་ཙམ་དུ་འགྱུར་ཏེ། འཁྲུལ་པ་དང་མ་འཁྲུལ་པའི་དབྱེ་བ་ངེས་པར་མི་ཟིན་པའི་ཕྱིར་རོ། །སྣང་བ་ཙམ་ལ་ནི་འཁྲུལ་པ་དང་ཅིག་ཤོས་ཀྱི་དབྱེ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ལྐོག་ཏུ་གྱུར་པ་རྟོགས་པ་ན་འཁྲུལ་པ་དང་མ་འཁྲུལ་པ་རྣམ་པར་གནས་
པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ངེས་སོ། །དེ་ལྟར་རྟགས་དང་རྟགས་ཅན་བློ། །བརྒྱུད་པ་ཡིས་ནི་དངོས་པོ་ལ། །འབྲེལ་ཕྱིར་དེར་སྣང་བ་ཡིས་ནི། །སྟོང་ཡང་སླུ་བྱེད་ཉིད་མ་ཡིན། །དེ་ཡི་ངོ་བོས་སྟོང་དེ་ལ། །དེ་ཡི་ངོ་བོར་ཞེན་པའི་ཕྱིར། །དེ་དངོས་སླུ་བྱེད་ཉིད་མིན་ཡང་། །འཁྲུལ་པར་རྣམ་གཞག་
བྱས་པ་ཡིན། །འདི་ལ་ཁ་ཅིག་ན་རེ། དུ་བ་ལ་སོགས་པ་རྟགས་ཅན་དང་འབྲེལ་པར་རྟོགས་པའི་བློ་ནི་རྟགས་ཀྱི་བློ་ཡིན་ནོ། །རྟགས་ནི་དབང་པོ་བཞིན་དུ་ཡོད་པ་ཙམ་གྱིས་གོ་བར་བྱེད་པ་མ་ཡིན་ལ། རང་ལ་དམིགས་པའི་རྣམ་པར་ཤེས་པ་ལ་སྣང་བ་ཙམ་གྱིས་ཀྱང་མ་ཡིན་ཏེ། དེའི་རང་བཞིན་དང་འབྲེལ་པ་མ་མཐོང་བས་
Vol. 178 · folio 213b
ཀྱང་རྟོགས་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་འབྲེལ་པ་ཉིད་དུ་འཛིན་པ་ནི་རྟགས་འཛིན་པ་ཡིན་ནོ། །འབྲེལ་པ་དེ་ཡང་གཉི་གའི་རང་བཞིན་ལ་མ་རེག་པར་ནི་གཟུང་བར་མི་ནུས་ཏེ་གཞན་དུ་འཛིན་པ་མ་མཐོང་བའི་ཕྱིར་རོ། །དེ་ལ་ཇི་ལྟར་རྟགས་ཅན་འཛིན་པ་རྟགས་ཅན་གྱི་ཡུལ་ཅན་ཡིན་པ་དེ་བཞིན་དུ་རྟགས་འཛིན་པ་ཡང་
ཡིན་ནོ། །འོན་ཀྱང་གཙོ་བོ་དང་ཅིག་ཤོས་ཉིད་དེ་རྟགས་ཅན་འཛིན་པ་ན་ནི་རྟགས་ཅན་གཙོ་བོ་ཉིད་དུ་རྟོགས་ལ་རྟགས་འཛིན་པ་ན་ནི་རྟགས་གཙོ་བོ་ཉིད་དུ་ཡིན་ནོ། །དེས་ན་ཇི་སྐད་འདིར་རྗེས་སུ་དཔག་པ་ནི་རྟགས་ཅན་གྱི་ཤེས་པ་ཡིན་པ་དེ་ཡང་མི་སླུ་བ་དང་འཁྲུལ་པར་བསྟན་པའི་སྐབས་སུ་རྟགས་རྟོགས་པའི་སྐབས་དེ་ཅི་ཞིག་ཡོད་
ན་གང་གིས་དེ་ཡང་དཔྱོད་པར་བྱེད། ཅི་སྟེ་དེ་ཡང་རྗེས་སུ་དཔག་པའི་བདག་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་རྟགས་ཅན་རྟོགས་པ་ཉིད་ཡིན་པས་སོ་སོར་མི་བསྟན་ཏོ། །གལ་ཏེ་རྟགས་རྟོགས་པ་མངོན་སུམ་གྱི་རང་བཞིན་ཡིན་ན་ཡང་དེ་རྟགས་སྣང་བས་སྟོང་པ་མ་ཡིན་ནོ། །རྟགས་ཅན་སྣང་བས་སྟོང་པ་ཉིད་ཡིན་ན་ཡང་
འཁྲུལ་པ་མ་ཡིན་ཏེ། དེ་ནི་ཡུལ་མ་ཡིན་པའི་ཕྱིར་རོ། །བུམ་པའི་རྣམ་པས་སྟོང་པས་ནི་ཀ་བའི་ཤེས་པ་འཁྲུལ་པར་མི་འགྱུར་རོ་ཞེས་བརྗོད་པ་དེ་གསལ་བ་ཡིན་ཏེ། རྟགས་དང་རྟགས་ཅན་གྱི་བློ་དག་གི་ཡུལ་ནི་གཅིག་པའི་ཕྱིར་དང་། མངོན་སུམ་མ་ཡིན་པའི་ཕྱིར་རོ་ཞེས་ཟེར་རོ། །འདིར་བརྗོད་པ། གལ་ཏེ་
རྟགས་འབྲེལ་དེ་ཉིད་དུ། །འཛིན་པ་རྟགས་ཀྱི་བློ་ཡིན་ཞིང་། །འབྲས་བུའི་ཆོས་ཀྱི་འབྲེལ་པ་ནི། །རྗེས་སུ་དཔག་པ་ལས་ཡིན་ན། །དེ་ལྟ་ཡིན་ན་ཐུག་མེད་འགྱུར། །དེ་ལའང་རྗེས་སུ་དཔག་པ་ནི། །གཞན་ཞིག་ཁོ་ནས་འབྲེལ་ཤེས་ཤིང་། །དེར་ཡང་དེ་ལས་གཞན་གྱིས་ཡིན། །འོན་ཏེ་རྟགས་ནི་མངོན་སུམ་
གྱིས། །རྟགས་ཉིད་དུ་ནི་རྟོགས་བྱེད་ན། །དེ་ལྟ་ཡིན་ན་དེར་སྣང་བས། །སྟོང་པ་ཉིད་དུ་ཇི་ལྟར་འགྱུར། །ཅི་སྟེ་དུ་བ་ལ་སོགས་པ་མངོན་སུམ་གྱིས་གཟུང་ཡང་དེའི་ཚེ་རྟགས་ཉིད་དུ་དྲན་པ་ཡིན་ནོ་ཞེ་ན། དེ་ལྟར་ན་དྲན་པ་ཚད་མ་མ་ཡིན་པས་དེ་མི་སླུ་བ་ཉིད་དུ་བསྟན་པ་ལ་ཅི་བྱ། དེ་ནི་དེ་ལ་ཚད་མ་མ་ཡིན་ཏེ། ཚད་མ་
ཉིད་ཀྱི་མངོན་སུམ་དང་རྗེས་སུ་དཔག་པ་དག་ཁོ་ན་མི་སླུ་བ་དང་འབྲེལ་པ་ཡིན་ནོ། །འོན་ཏེ་བརྒྱུད་པས་འབྲེལ་པའི་ཕྱིར་དྲན་པ་ཡང་ཚད་མ་ཉིད་དོ་ཞེ་ན། འོ་ན་ནི་དེ་ཉིད་རྟགས་ཅན་གྱི་ཤེས་པ་དང་རྗེས་སུ་དཔག་པ་ཡིན་པས་རྟགས་དང་རྟགས་ཅན་གྱི་བློ་ཐ་དད་དུ་བསྟན་པས་ཅི་བྱ་སྟེ་གཟུང་བ་འཛིན་པའི་ཕྱིར་དེ་ཚད་མ་མ་ཡིན་པར་བརྗོད་
Vol. 178 · folio 214a
དོ་ཞེ་ན། དེ་ལྟར་གྱུར་ན་སྔར་ཞུགས་པའི་མངོན་སུམ་ཉིད་དེ་ལ་ཚད་མ་མ་ཡིན་ལ། དེ་ཡང་དེར་སྣང་བས་སྟོང་པ་མ་ཡིན་པའི་ཕྱིར་འགལ་ལོ། །དེའི་ཕྱིར་གཞན་དུ་བཤད་པར་བྱ་སྟེ། རང་བཞིན་གྱི་གཏན་ཚིགས་ལས་སྐྱེས་པའི་རྟགས་ཅན་གྱི་བློ་ནི་རྟགས་ཀྱི་བློ་ཉིད་དེ་ལ་དོན་དམ་པར་
རྟགས་དང་རྟགས་ཅན་དག་ཐ་མི་དད་པའི་ཕྱིར་རོ། །འབྲས་བུའི་རྟགས་ཀྱི་རྟགས་ཅན་གྱི་བློའི་ཡུལ་ནི་རྒྱུ་ཡིན་པས་དེར་ཐ་དད་པའི་ཕྱིར་དེའི་ཡུལ་དེ་རྟགས་ཀྱི་བློ་མ་ཡིན་ནོ། །ཤིན་ཏུ་གོམས་པ་ལས་དུ་བ་གློ་བུར་ལས་རང་གི་མཚན་ཉིད་འཛིན་པའི་དུ་བའི་བློ་ལས་མེའི་བློ་མི་སྐྱེད་པ་ཡང་མ་ཡིན་ནོ། །དུ་བ་དེ་ཉིད་དུ་གཟུང་བ་
ཁོ་ན་འབྲེལ་པ་ཡིན་ལ། དེ་ཉིད་ཀྱང་ངོ་ཤེས་པ་ལས་ངོ་ཤེས་པ་ཡང་དེའི་རང་བཞིན་མཐོང་བ་ལས་རྗེས་སུ་དཔག་པ་ཁོ་ན་ཡིན་ནོ། །ཤིན་ཏུ་གོམས་པ་ལས་དེའི་རང་བཞིན་མཐོང་བ་ནི་མངོན་སུམ་ཐ་སྙད་ཀྱི་རྒྱུ་ཡིན་པའི་ཕྱིར་ཐུག་པ་མེད་པ་མ་ཡིན་ནོ། །དེའི་ཕྱིར་རང་གི་མཚན་ཉིད་འཛིན་པ་ཁོ་ན་རྟགས་རྟོགས་པ་ཡིན་ནོ། །
དེའི་མེ་དང་འབྲེལ་པ་ཉིད་གང་ཡིན་པ་དེ་ནི་སྤྱི་འཛིན་པ་ཡིན་ནོ། །དེའི་རང་བཞིན་མཐོང་བ་ལས་སྐྱེས་པ་ནི་རྟགས་ཅན་གྱི་ཤེས་པའི་རང་བཞིན་རྗེས་སུ་དཔག་པ་ཉིད་ཡིན་པས་གཞན་དུ་ཐ་སྙད་མི་བྱའོ། །དེའི་ཕྱིར་དངོས་པོ་རྟོགས་བྱ་ལ། །ཁྱབ་བྱེད་དེ་ཡི་ངོ་བོའམ། །རྒྱུ་དག་ཁྱབ་པར་བྱ་སེམས་ཀྱི། །རྒྱུ་མཚན་དེ་ཡང་དེ་བློ་
ཡིན། །བསྒྲུབ་པར་བྱ་བ་ནི་རྣམ་པ་གཉིས་ཏེ་དངོས་པོ་དང་དེ་དགག་པའོ། །དངོས་པོ་བསྒྲུབ་པར་བྱ་བ་ལ་ནི་ཁྱབ་པར་བྱེད་པ་བསྒྲུབ་བྱ་ཡིན་ལ། དེ་ཡང་ཁྱབ་པར་བྱ་བ་རྟགས་ཀྱི་ངོ་བོའམ་རྒྱུ་ཡིན་ནོ། །གང་གི་ཕྱིར་ཁྱབ་པར་བྱེད་པ་དེ་ཁྱབ་པར་བྱ་བའི་སེམས་ཀྱི་རྒྱུ་མཚན་ཡིན་ལ། ཁྱབ་པར་བྱེད་པ་དེ་ཡང་ཁྱབ་པར་བྱ་བ་
རྟགས་ཀྱི་ངོ་བོའམ་རྒྱུ་ཡིན་ནོ། །དེ་ཡང་ཁྱབ་པར་བྱེད་པའི་སེམས་ཀྱི་རྒྱུ་མཚན་ཡིན་པས་བརྒྱུད་པས་འབྲེལ་པ་ཡོད་པའི་ཕྱིར་ཚད་མ་ཡིན་ནོ། །མི་དམིགས་པ་ཇི་ལྟར་ཚད་མ་ཡིན་པ་སྟོན་པ་ནི། དགག་པ་ཉིད་ནི་ཐམས་ཅད་དུ། །མི་དམིགས་པ་ལས་འགྲུབ་པ་ཡིན། །ཚད་མས་གྲུབ་པར་སྨྲ་རྣམས་ཀྱི། །དོན་གྱིས་བཟློག་
པ་ཉིད་ལས་ཡིན། །གང་དུ་དགག་པ་སྒྲུབ་པར་བྱེད་པ་ཞེས་བྱ་བ་དེ་ཐམས་ཅད་ནི་མི་དམིགས་པ་ཁོ་ན་ཡིན་ནོ། །གང་དུ་དངོས་པོ་སྒྲུབ་པའི་ཕྱིར་ཚད་མ་འཇུག་པ་དེར་ནི་དངོས་པོ་ཉིད་གྲུབ་ཀྱང་དེ་དགག་པ་ནི་མ་ཡིན་ནོ། །དེས་ན་བཟློག་པ་ཉིད་ཀྱིས་དགག་པ་བསྒྲུབ་བོ། །འདི་ལྟར་དམིགས་པར་རིགས་པ་མ་དམིགས་པ་ན་མེད་དོ་
Vol. 178 · folio 214b
ཞེས་བརྗོད་པ་ཡིན་ནོ། །དེ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་པའི་ཕྱིར་མི་དམིགས་པ་ཉིད་དགག་པ་ཡིན་པས་དེའི་བདག་ཉིད་ཁོ་ནས་འབྲེལ་པ་ཡིན་ནོ། །འགལ་བ་ཡང་དངོས་སམ་བརྒྱུད་པས་འབྲེལ་པས་དེ་ལས་ཀྱང་དངོས་པོ་དགག་པ་གྲུབ་པ་མཐོང་བ་མ་ཡིན་ནམ། དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་
ཕྱིར་རོ། །འདི་ལ་སྤུ་ལངས་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དག་མེད་དེ་གདུང་བར་བྱེད་པའི་ཕྱིར་བྱེ་བྲག་ཉེ་བའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་ཡིན་ཏེ། དེ་ཇི་ལྟར་མི་དམིགས་པས་སྒྲུབ་བོ་ཞེ་ན། འདི་ལ་ལན། དེ་ནི་མ་ཡིན་ན། འོན་ཀྱང་། འགགས་ལ་དེའང་དེ་རྒྱུ་དང་། །འགལ་བ་བརྗོད་པ་མཐོང་གང་ཡིན། །དེ་ཡང་
དེ་ཡི་ཚད་མ་ཉིད། །མེད་པ་སྟོན་པར་བྱེད་པ་ཡིན། །འགལ་བའི་དོན་ནི་དེ་མེད་པ་གོ་བར་བྱེད་པ་ཡིན་ན་ཡང་། འགལ་བའི་འབྲེལ་པ་ཉིད་ལས་ནི་མ་ཡིན་ཏེ། འགལ་བ་ནི་འཇལ་བར་འདོད་པ་མ་ཡིན་ནོ། །མེད་པའི་ཚུལ་དུ་འཇལ་བར་འདོད་པ་ཡོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་ནི་མེད་པ་ཉིད་དང་འབྲེལ་པ་ངེས་
པར་བྱ་བ་ཡིན་ན་ནི་དེ་དང་ལྷན་ཅིག་འགལ་བ་མེད་དོ། །གང་ན་དེ་ཡོད་པ་དེར་མེད་པར་འགྱུར་བ་ཡིན་ནོ་ཞེ་ན། དེ་ག་ལས་དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ་ཞེ་ན། ཅི་མེད་པ་དེ་འགལ་བ་འཛིན་པའི་དུས་སུ་དངོས་པོར་དམིགས་སམ། དེ་ལྟ་མ་ཡིན་ན། གལ་ཏེ་དམིགས་ན་ཇི་ལྟར་མེད་པ་ཡིན་ཏེ་མ་དམིགས་ན་ནི་མི་དམིགས་པ་
ཁོ་ན་ལས་དགག་པ་འགྲུབ་བོ་ཞེས་བྱ་བར་གྲུབ་བོ། །གཞན་དུ་དངོས་གཅིག་ཡོད་བརྗོད་པས། །གཞན་མེད་དེ་ནི་གང་ལས་རྟོགས། །འགལ་ཕྱིར་ཞེ་ན་དེ་ཉིད་ཀྱང་། །ཅིས་གྲུབ་ལྷན་ཅིག་མི་གནས་ཕྱིར། །ཞེ་ན་དེ་ནི་ག་ལས་འདོད། །སྣང་བ་མཐོང་མེད་ཕྱིར་ཞེ་ན། །དེ་ནི་ཚད་མ་ཉིད་མ་ཡིན། །གལ་ཏེ་གཅིག་
ཡོད་པས་གཞན་མེད་ན་ཐམས་ཅད་ཡོད་ན་གཞན་འགོག་པར་འགྱུར་རོ། །ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡང་མི་དམིགས་པ་མེད་པར་མི་རྟོགས་སོ། །གལ་ཏེ་དེ་ལྟ་ན་མི་དམིགས་པས་འགལ་བར་རྟོགས་པ་ཡིན་ལ། འགལ་བའི་རྟགས་དེ་ལས་མེད་པ་རྟོགས་པ་ཡིན་གྱི་མི་དམིགས་པས་ནི་མ་ཡིན་ནོ། །
ཅི་སྟེ་འགལ་བ་སྒྲུབ་པའི་མི་དམིགས་པ་སྔོན་བྱུང་བ་དེའི་རྗེས་སུ་འབྲངས་པ་ཉིད་ཀྱིས་འགལ་བའི་རྟགས་ལས་ཀྱང་དངོས་པོ་མེད་པ་རྟོགས་པ་ཡིན་པའི་ཕྱིར། དེ་ཉིད་དོན་དམ་པར་མེད་པའི་སྒྲུབ་པར་བྱེད་པ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་ན་ནི། འབྲེལ་པ་གྲུབ་པར་བྱ་བ་ལ། །མཁོ་བར་མཐོང་བ་གང་ཡིན་དེས། །གལ་ཏེ་བསྒྲུབ་
Vol. 178 · folio 215a
བྱ་བསྒྲུབ་འགྱུར་ན། །རྗེས་དཔག་ཚད་མ་ཇི་ལྟར་འགྱུར། །རྗེས་སུ་དཔག་པའི་འབྲེལ་པ་ནི། །འཛིན་པ་མངོན་སུམ་ལ་བརྟེན་ཡིན། །བསྒྲུབ་བྱ་གྲུབ་པའང་དེ་ཉིད་ལས། །ཡིན་ཕྱིར་རྗེས་དཔག་ཚད་མ་མིན། །རྗེས་སུ་དཔག་པའི་འབྲེལ་པ་འཛིན་པའི་མངོན་སུམ་དེ་ཉིད་ཀྱི་བསྒྲུབ་པར་བྱ་བ་མེ་གྲུབ་
པའི་ཕྱིར་རྗེས་སུ་དཔག་པ་ཚད་མ་གཞན་དུ་ཇི་ལྟར་འགྱུར། ཅི་སྟེ་ལྐོག་ཏུ་གྱུར་པའི་མེ་ལ་མངོན་སུམ་མི་འཇུག་པའི་ཕྱིར་དེར་རྗེས་སུ་དཔག་པ་ཡིན་ནོ་ཞེ་ན། ལྐོག་ཏུ་གྱུར་པ་མེད་པ་ལ་ཡང་མི་དམིགས་པ་ཇི་ལྟར་འཇུག །འཇུག་པ་གང་ཡིན་པ་དེ་ནི་དམིགས་པའི་མཚན་ཉིད་དུ་གྱུར་པའི་མི་དམིགས་པ་མ་ཡིན་ནོ། །ཅི་སྟེ་དམིགས་
པའི་མཚན་ཉིད་དུ་གྱུར་པའི་མི་དམིགས་པ་དྲན་པ་ཡིན་ནོ་ཞེ་ན། དེའི་འདི་ཡང་གཞུང་ལུགས་ངན་པ་ཡིན་ཏེ། གང་ཕྱིར་རྗེས་སུ་དཔག་པ་ལའང་། །མངོན་སུམ་དྲན་པ་མེད་མིན་པས། །དེར་ཡང་མངོན་སུམ་འབའ་ཞིག་ནི། །ཚད་འགྱུར་རྗེས་དཔག་དོན་མེད་དོ། །དེའི་ཕྱིར་འདི་ལ་དེ་ཁོ་ན་ཉིད་ཅན་གྱི་དོན་ནི་འདི་
ཡིན་ཏེ། མེ་ལ་གྲང་བ་མེད་པར་ནི། །སྔར་ནི་དམིགས་པ་ལ་བརྟེན་པ། །དེས་ནི་དེ་ཡི་འབྲེལ་གྲུབ་པས། །དེ་མེད་པར་ནི་སྒྲུབ་པ་ཡིན། །མེད་པ་དེ་ཡང་མི་དམིགས་པ་ཉིད་ཡིན་ཏེ། དེས་ན་རྗེས་སུ་དཔག་པས་གྲུབ་པའི་མི་དམིགས་པ་ཉིད་མེད་པའི་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ནོ། །དཔེར་ན་མངོན་སུམ་གྱིས་གྲུབ་
པ་བཞིན་ཏེ། དེས་ན་མི་དམིགས་པ་འདི་ནི་མངོན་སུམ་རང་ཉིད་ལས་གྲུབ་པ་ཡིན་ཞེས་གང་འཆད་པར་འགྱུར་བ་ལྟར་འདིར་ཡང་རྗེས་སུ་དཔག་པས་རྟོགས་སོ་ཞེས་ཁོང་དུ་ཆུད་པར་བྱའོ། །གང་གི་ཚེ་སྤུ་ལངས་པ་མེད་པ་སྒྲུབ་པ་དེའི་ཚེ་མེས་གྲང་བ་མི་དམིགས་པ་ཡིན་ལ། དེ་མི་དམིགས་པ་དེ་ནི་སྤུ་ལངས་པ་མེད་པ་ཡིན་
ནོ། །ཚོགས་པ་གཅིག་ལ་རག་ལས་པ་མེའི་གཟུགས་ཀྱིས་ནི་དྲོ་བའི་བདག་ཉིད་ཀྱི་རེག་པ་དཔོག་པ་ཡིན་ནོ། །དེ་ཡང་གྲང་བ་མེད་པའི་རང་བཞིན་ཡིན་ཏེ། རྗེས་སུ་དཔག་པས་དེ་ནི་དམིགས་པ་ཉིད་ནི་གྲང་བ་མི་དམིགས་པ་ཡིན་ནོ། །དེས་ན་འབྲས་བུའི་གཏན་ཚིགས་དང་། རྒྱུ་མི་དམིགས་པ་གཉིས་གཅིག་ལ་འཇུག་
པའི་ཕྱིར་འགལ་བ་ནི་རྟགས་གཞན་མ་ཡིན་ནོ། །དེས་ན་རྗེས་སུ་དཔག་པས་གྲུབ་པའི་མི་དམིགས་པ་ཉིད་མེད་པ་གོ་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་ནི་རྗེས་སུ་དཔག་པའི་རྗེས་སུ་དཔག་པ་ཉིད་དོ། །གལ་ཏེ་དེ་ལྟ་ན་ནི་རྗེས་སུ་དཔག་པས་མངོན་སུམ་སྒྲུབ་ཅིང་། དེས་དངོས་པོ་ཡོད་པ་ཡིན་པའི་ཕྱིར། རྗེས་སུ་དཔག་པ་དངོས་
Vol. 178 · folio 215b
པོའི་ཡུལ་ཅན་གྱི་ཚད་མར་མི་འགྱུར་རོ་ཞེ་ན། དེ་ཡང་གྱི་ན་སྟེ། འདི་ལྟར་དམིགས་པའི་རང་བཞིན་གྱི་མངོན་སུམ་ཉིད་དམིགས་པའི་ཡོད་པ་ཡིན་པའི་ཕྱིར་ཏེ་དེས་ན་རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་ཡིན་ནོ། །མི་དམིགས་པ་ཉིད་མེད་པ་ཡིན་ནོ་ཞེ་ན། ཡིན་མོད་ཅི་སྐྱོན། མེས་མེད་པར་གྲུབ་ཀྱི་མི་དམིགས་པས་མ་ཡིན་པའི་ཕྱིར་སྐྱོན་
ཆེའོ་ཞེ་ན། མེ་ཉིད་གྲང་བ་མེད་པ་ཡིན་ནོ། །དེའི་ཕྱིར་དེ་ཉིད་དེ་ཉིད་ཀྱིས་སྒྲུབ་པར་ཅི་ལྟར་འགྱུར། དྲོ་བས་ཡུལ་ཅི་ཙམ་ཁྱབ་པ་དེ་ཙམ་དུ་གྲང་བ་མེད་པའི་ཕྱིར། གྲང་བ་མེད་པ་ནི་དྲོ་བ་ལས་གཞན་མ་ཡིན་ནོ། །འདི་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ་ཞེ་ན། མི་དམིགས་པ་ནི་རང་བཞིན་གྱི་གཏན་ཚིགས་ཉིད་དུ་འདོད་པ་ཡིན་ནོ། །
དེས་ན་འདི་ནི་གྲང་བའི་རེག་པ་མེད་དེ་མེ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་སུ་བསྟན་ཏོ། །དེ་ཕྱིར་རང་སྒྲས་བརྗོད་ན་ཡང་། །དེ་ཉིད་མེད་པའི་སྒྲུབ་བྱེད་ཡིན། །གང་ལ་དེ་ནི་ཚད་མིན་དེས། །དགག་པ་རྣམ་ཀུན་བརྗོད་བྱ་མིན། །མེ་ལ་སོགས་པ་འགལ་བ་གང་ཞིག་རང་གི་རྒྱུས་བརྗོད་པ་
བསྟན་ཀྱང་། གཞན་ཡོད་པའི་མཚན་ཉིད་ཀྱི་མི་དམིགས་པ་དེ་ཉིད་མེད་པ་སྒྲུབ་པར་བྱེད་པ་ཡིན་ནོ། །གང་ལ་དེས་ཚད་མ་མ་ཡིན་པ་དེས་ནི་འགལ་བ་ཡོད་པ་ལ་དགག་པར་མི་བྱའོ། །དགག་པ་ལ་ནི་རྣམ་པ་གཞན་ཡང་སྲིད་པ་མ་ཡིན་ནོ། །དེས་ནི་དེ་དང་འགལ་དོན་གྱི། །འབྲས་བུ་བརྗོད་པ་བཤད་པ་ཡིན། །ཐམས་
ཅད་དུ་ནི་སྦྱོར་ཉིད་དུ། །ཐ་དད་དོན་ལ་ཐ་དད་མེད། །དགག་པར་བྱ་བ་གྲང་བ་ལ་སོགས་པ་དང་འགལ་བ་མེ་ལ་སོགས་པའི་དོན་གྱི་འབྲས་བུ་གང་ཡིན་པ་དེ་ལ་ཡང་རྗེས་སུ་དཔག་པའི་རྗེས་སུ་དཔག་པས་གྲུབ་པའི་མི་དམིགས་པས་ཐ་སྙད་ལས་དངོས་པོ་མེད་པར་སྒྲུབ་པར་བྱེད་པ་ཡིན་ནོ། །འདི་ལྟར། འབྲས་གྱུར་དུ་བས་
མེ་གྲུབ་ཅིང་། །གྲང་མེད་སྔར་བཤད་ཚུལ་གྱིས་བསྒྲུབ། །གཞན་དུ་གྲང་མེད་མི་འགྲུབ་པས། །དེར་ཡང་བརྒྱུད་ནས་མེད་པར་འགྲུབ། །དུ་བ་ལས་ནི་མེ་ཡིན་ལ། གྲང་བའི་རེག་པ་མེད་པའི་རང་བཞིན་དམིགས་པ་ལས་བཟློག་པའི་མེ་ལས་ནི་གྲང་བ་མེད་པའི་ཐ་སྙད་ཡིན་པའི་ཕྱིར་ཏེ། དེས་ན་སྦྱོར་བ་དགོད་
པའི་ཚུལ་འབའ་ཞིག་ཐ་དད་དོ། །འགལ་དང་དེ་ནི་ཐབས་བཅས་པ། །བསྒྲུབས་དང་བཀག་པ་མེད་པར་ནི། །དགག་ལ་ཚད་སྨྲ་གང་ཡིན་དེ། །རིགས་པའི་རྗེས་འབྲང་ཅན་མིན་ཏེ། །སྨྲ་ལ་སོགས་པས་ཀུན་མཁྱེན་དང་། །འཇིག་རྟེན་གཞན་སོགས་མེད་བསྒྲུབ་བཞིན། །དབང་པོ་ལས་འདས་དོན་རྣམས་དང་།
Vol. 178 · folio 216a
འགལ་བ་གྲུབ་པ་མེད་ཕྱིར་རོ། །སྨྲ་བ་ནི་ཐམས་ཅད་ཤེས་པ་དང་འགལ་བ་མ་ཡིན་ཏེ། དབང་པོ་ལས་འདས་པ་དང་ནི་ལྷན་ཅིག་འགལ་བ་མི་འགྲུབ་བོ། །ཚིག་ནི་ཤེས་པ་ཉིད་ལས་འཇུག་པ་ཡིན་ན་དེ་མེད་པར་སྒྲུབ་པར་ཅི་ལྟར་བྱེད། ཐམས་ཅད་ཤེས་པ་ཉིད་དང་ནི་འགལ་ལོ་ཞེ་ན། གང་གིས་
འགལ་བར་འཛིན། གལ་ཏེ་ཤེས་པ་ཁྱད་པར་དང་འཕེལ་བའི་རྗེས་སུ་འགྲོ་བ་སྨྲ་བ་ཉིད་འགྲིབ་པར་མཐོང་ན་ཐམས་ཅད་ལེགས་པར་འགྱུར་ཏེ་ཐམས་ཅད་ཤེས་པ་ལ་སྨྲ་བ་ཉིད་ཐམས་ཅད་མེད་པ་ཁོ་ནར་འགྱུར་ན་དེ་ལྟར་ནི་མ་ཡིན་ནོ། །གལ་ཏེ་སྨྲ་བ་པོ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པར་དམིགས་སོ་ཞེ་ན། སྨྲ་བ་པོ་རྨོངས་
པར་མཐོང་བའི་ཕྱིར། ཐམས་ཅད་རྨོངས་པར་ཅི་སྟེ་མི་འགྱུར། སྨྲ་བ་པོ་མཁས་པས་མཐོང་བའི་ཕྱིར་རོ་ཞེ་ན། དེ་ཡང་དམིགས་པར་མི་འགྱུར་རོ་ཞེས་བྱ་བ་ག་ལས། འདི་ལྟར། གལ་ཏེ་སྨྲ་པོ་རིག་ཡིན་ན། །གནོད་བྱ་གནོད་བྱེད་ངོ་བོ་གང་། །དེ་འདྲ་མི་དམིགས་ཕྱིར་ཞེ་ན། །དེ་ཉིད་སྒྲུབ་བྱེད་ཡིན་པར་འདོད། །
དཔེར་ན་རྨོངས་པ་སྨྲ་བ་ནི། །མཁས་པའི་དུས་སུ་དེ་མེད་ཀྱང་། ཁྱད་པར་དང་བཅས་ཏེ་སྨྲ་བ་དེ་བཞིན་དུ། གལ་ཏེ་ཐམས་ཅད་མཁྱེན་པའི་གནས་སྐབས་སུ་ཡང་འགྱུར་ན་ཅི་འགལ། ཚིག་ནི་ཤེས་པ་ཕུལ་དུ་བྱུང་བ་དང་འགལ་བ་མ་ཡིན་ནོ། །ཤིན་ཏུ་ཕུལ་དུ་བྱུང་བར་འདོགས་པ་དང་འགལ་ལོ་ཞེ་ན། མ་ཡིན་ཏེ།
འགལ་བ་འཛིན་པ་མེད་པའི་ཕྱིར་རོ། །དེ་ལྟ་བུའི་སྨྲ་བ་པོ་ལ་དམིགས་པ་ཁོ་ནའོ་ཞེས་བྱ་བ་ནི་ལན་དུ་མི་རུང་སྟེ། མི་དམིགས་པ་ནི་སྣང་བའི་ཡུལ་ཙམ་ཉིད་ཀྱིས་གོ་བར་བྱེད་པ་ཡིན་ནོ། །མི་དམིགས་པ་ནི་དེ་ལྟ་བུ། །ངེས་འབྱེད་མིན་པར་རབ་ཏུ་བརྗོད། །དེ་ཕྱིར་ཤིན་ཏུ་ལྐོག་གྱུར་ལ། །ཡོད་མེད་ངེས་པ་ཡོད་མ་ཡིན། །
ཐམས་ཅད་མཁྱེན་པ་དང་འཇིག་རྟེན་ཕ་རོལ་མེད་པ་ལ་སོགས་པ་ལྐོག་ཏུ་གྱུར་པ་ནི་མི་དམིགས་པ་ཙམ་གྱིས་མེད་པར་ངེས་པའི་ཕྱིར་རོ། །འོན་ཏེ་ཡང་ཐམས་ཅད་མཁྱེན་པ་འཁྲུལ་པ་དང་བྲལ་བ་ཚིག་ག་ལས་འབྱུང་སྟེ། སྔ་མ་དང་ཕྱི་མ་སྟེ་བརྗོད་པར་འདོད་པའི་འཁྲུལ་པ་སྐྱེས་ན་ནི་ཚིག་ལ་འཇུག་པར་བྱེད་པ་ཡིན་ནོ་སྙམ་ན། དེ་
ཡང་ཡང་དག་པ་མ་ཡིན་ཏེ། དོན་ཀུན་གསལ་བ་ཉིད་དུ་ནི། །ཤེས་ཀྱང་བརྗོད་འདོད་འཇུག་འགྱུར་ཏེ། །གོམས་ཕྱིར་དེ་ལ་བརྗོད་པ་ནི། །གང་ལས་མེད་པར་འགྱུར་བ་ཡིན། །བསྒོམས་པ་ལ་བརྟེན་ནས་དོན་དཔག་ཏུ་མེད་པར་ཤིན་ཏུ་གསལ་བར་མཐོང་བ་དང་དུས་མཉམ་པར་གོམས་པ་ལས་བརྗོད་པར་འདོད་པ་མི་འབྱུང་
Vol. 178 · folio 216b
བ་ནི་མ་ཡིན་ནོ། །བརྗོད་པར་འདོད་པ་མེད་ཀྱང་སྔོན་གྱི་འཕེན་པ་ལས་ཚིག་འབྱུང་ངོ་། །ཉེ་བར་གནས་པའི་བརྗོད་པར་འདོད་པ་ཉིད་ནི་ཚིག་གི་རྒྱུ་མ་ཡིན་ཏེ་ཡིད་གཞན་དུ་ཡེངས་ཀྱང་སྔོན་གྱི་འཕེན་པ་ལས་ཚིག་དང་ངག་མ་འདྲེས་པར་འདོན་པར་མཐོང་བའི་ཕྱིར་དང་། སྔར་གོམས་པར་བྱ་བ་དུ་མ་རྩོམ་པ་ཡང་མཐོང་བའི་
ཕྱིར་རོ། །འདིས་ནི་སྔ་མ་དང་ཕྱི་མར་འཛིན་པ་མེད་ཀྱང་རྟོགས་པ་པོ་ཉེ་བར་གནས་པ་ལ་ཇི་ལྟར་བརྗོད་པར་འགྱུར་ཞེས་བྱ་བ་དེ་ཡང་གསལ་བ་ཡིན་ཏེ། དགྲ་ནི་ཉེ་བ་རྩོམ་ཉིད་ལས། །རྟོགས་པ་མེད་པར་དང་པོ་ཉིད། །ཁྲོ་བ་ཡིས་ནི་ཀུན་བསླང་བ། །དེ་བཟློག་པ་ལ་འཇུག་པར་རྩོམ། །དཔེར་ན་སྔར་གོམས་པ་ལས། གཉིད་
སད་མ་ཐག་ཏུ་མཚོན་འབྱིན་པ་ལ་སོགས་པ་དག་ལ་བརྡེག་པ་ལ་སོགས་པ་དང་རྗེས་སུ་མཐུན་པ་ཉིད་རྩོམ་པ། དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཡང་ཐམས་ཅད་མཛད་པས་མི་འགལ་ལོ། །དེའི་ཕྱིར་འགལ་བ་ཉིད་ལས་འགལ་བ་མེད་པར་ངེས་པ་ཡིན་ནོ། །འགལ་ཏེ་ཆོས་ནི་ཐ་དད་དམ། །ཐ་དད་མེད་ལ་རབ་སྦྱོར་ཏེ། །
ཁ་བ་མེད་པར་བསྒྲུབ་པ་ལ། །མེ་དང་སྐྱེ་ལ་ཡོད་གནོད་བཞིན། །གྲང་བ་དང་དྲོ་བ་དག་ནི་ཕན་ཚུན་ཐ་དད་པའི་ཕྱིར་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་ནོ། །ཡོད་པ་དང་སྐྱེ་བ་དག་ནི་ཕན་ཚུན་སྤངས་པའི་མཚན་ཉིད་ཀྱིས་ཐ་དད་པ་མེད་པ་ཡིན་ནོ། །སྐྱེ་བ་ནི་ཡོད་པ་ལས་ཐ་དད་པ་མ་ཡིན་པ་ལ་ཡང་ཡིན་ནོ། །ཡོད་
པ་ཉིད་ནི་སྐྱེ་བ་མ་ཡིན་ཏེ། ཆ་མེད་པར་ཐམས་ཅད་ཡོད་པ་ནི་སྐྱེ་བ་དོན་མེད་དོ། །ཐ་དད་པ་མེད་པ་དག་ཕན་ཚུན་འགལ་བར་ཇི་ལྟར་འགྱུར་ཞེ་ན། གཞན་གྱིས་ཐ་མི་དད་པར་ཁས་བླངས་པའི་ཕྱིར་དེ་སྐད་བརྗོད་པ་ཡིན་ནོ། །གལ་ཏེ་འགལ་བ་ཞེས་བྱ་བ་འདི་ཅི་ཡིན་ཞེ་ན་ཟློག་པར་བྱེད་པ་དང་བཟློག་པར་བྱ་བའི་ངོ་བོའོ། །འདི་ལྟར།
མ་ཚང་མེད་རྒྱུ་ཅན་གཅིག་དེ་ལས་གཞན། །ཡོད་ན་གང་ཚེ་འབྱུང་བ་མེད་འགྱུར་བ། །དེ་གཉིས་འགལ་བ་ཉིད་ནི་ཡིན་པ་དེ། །མེ་དང་གྲང་བའི་བདག་ཉིད་མ་མཐོང་ངོ་། །གལ་ཏེ་གཞན་གྱིས་གཞན་མེད་པར་བྱེད་པ་དེ་མི་འཐད་པ་མ་ཡིན་ནམ། མེད་པ་ལ་ནི་འབྲས་བུ་ཉིད་མེད་པའི་ཕྱིར་རོ། །དེ་སྟེ་མི་བྱེད་ན་ནི་དེའི་ཚེ་
རང་ཉིད་འཇིག་པས་གཞན་དང་འགལ་བ་ཅི་ཡོད། སྐད་ཅིག་ནི་གཞན་གྱིས་འཇིག་པར་བྱེད་པ་མ་ཡིན་ཏེ། སྐྱེས་པ་དང་མ་སྐྱེས་པའི་གནས་སྐབས་དག་ལས་མི་འཐད་པའི་ཕྱིར་རོ། །མ་སྐྱེས་པ་ནི་མེད་པས་གང་ཞིག་འགལ་བའམ་འཇིག་པ་ཡིན། སྐྱེས་པ་ཡང་རང་གི་དུས་སུ་འཇིག་པར་མི་ནུས་ཏེ། སྐད་ཅིག་ལ་འགྱུར་བ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words