ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད

Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 181 · folio 28a

རིགས་ལྡན་རིགས་མིན་ཞེས་བྱ་བ་ལ་སོགས་པས་སྤྱི་ནི་ཐ་དད་པའམ། ཐ་མི་དད་པར་ཡོད་པ་མ་ཡིན་པ་དེ་ལྟ་མོད་ཀྱི། ངོ་བོ་མེད་ཅན་སྤྱི་བློ་ལ། །སྤྱི་ཉིད་དུ་ཞེས་བྱ་བ་རང་གི་ངོ་བོར་མཐོང་བ་ལས་སྤྱི་ནི་མ་ཡིན་ཏེ། སྤྱི་མེད་ཀྱང་སྤྱིར་སྣང་བའི་བློ་ནི་དངུལ་མེད་ཀྱང་

དངུལ་དུ་སྣང་བའི་བློ་བཞིན་དུ། དེ་མ་ཡིན་པ་ལ་དེར་འཛིན་པས་དོན་ལ་འཁྲུལ་པ་ཡིན་ཏེ། ཉ་ཕྱིས་ལ་དངུལ་བཞིན་དུ་སྤྱི་ཡིན་པར་འདོད་པ་དེ་ཡང་བསླད་པའི་ཕྱིར་ཏེ་སྒྲོ་བཏགས་པའི་ཕྱིར། དེ་འབའ་ཞིག་ལས་ནི་མ་ཡིན་ལ། ངོ་བོ་མེད་པའི་དོན་རྣམས་གང་དག་ཡིན་པ་དེ་ཡང་སྤྱི་ཡིན་ཏེ།

བསླད་པའི་ཕྱིར་རོ། །འདི་ཡང་ཞེས་བྱ་བའི་དོན་ནི་ཡང་གི་སྒྲའོ། །དེ་འདི་ནི་སྤྱི་མེད་ཀྱང་ཇི་ལྟར་རང་བཞིན་མེད་པར་ཁས་བླངས་པ་ཉེ་བར་སྡུད་པ་ནི་དེ་ཉིད་དུ་ན་ཞེས་བྱ་བའོ། །སྤྱི་ཉིད་དུ་ནི་མཐོང་ཕྱིར་ཞེས་བྱ་བ་ལ། སྤྱི་བློ་ལ་ཞེས་བྱ་བ་ནི་རྟོགས་པའི་དོན་ཏེ། སྤྱིར་སྣང་བའི་བློ་ནི་སྤྱིའི་བློ་ཞེས་བརྗོད་དོ། །

འབྲེལ་པར་ནི་ངོ་བོ་མེད་པ་ཅན་ལ་རྣམ་པ་མེད་པ་ཉིད་དུའོ། །སྤྱི་བློ་ལ། སྤྱི་ཉིད་དུ་ནི་མཐོང་ཕྱིར་དང་། །ཞེས་བྱ་བ་ནི་སྤྱི་ཉིད་དུ་སྣང་བའི་ཕྱིར་རོ། །ཡང་ཞེས་བྱ་བ་ནི་སྲིད་པའི་དོན་ཏོ། །གལ་ཏེ་རྣམ་པ་མེད་པ་ཉིད་དུ་འགྱུར་ན་ཞེས་བྱ་བའོ། །ཁོ་བོའི་བཤད་པ་ལ་ནི་རྣམ་པ་དང་བཅས་པ་དང་རྣམ་པ་

མེད་པ་ཉིད་ཀྱི་དབྱེ་བ་མེད་པ་ཡིན་ལ། ལྷག་མ་ནི་མཚུངས་སོ། །རིགས་ལྡན་རིགས་མིན་ཞེས་བྱ་བ་ལ་སོགས་པས་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། རང་བཞིན་མེད་པ་ཉིད་དུ་བསྟན་ཏོ། །དེའི་ཕྱིར་ངོ་བོ་མེད་པའི་དོན་མེད་རྣམས་ཀྱི་སྤྱི་བློ་ལ་ཞེས་བྱ་བའི་གང་ཡིན་པ་དེ་ཡང་ཚིགས་སུ་བཅད་པ་

གསུམ་གྱིས་གོ་རིམས་བཞིན་དུ་རྣམ་པར་རྟོག་པའི་བྱ་བ་ཙམ་དང་། ལྡོག་པ་དང་འཁྲུལ་པ་ཉིད་རྣམས་ཀྱིས་དངོས་པོ་མེད་པ་ཉིད་ཡིན་པས་བརྗོད་བྱ་མ་ཡིན་པ་ཉིད་བསྟན་པ་ནི་ངོ་བོ་མེད་པས་བརྗོད་བྱ་མིན་ཞེས་བྱ་བའོ། །རིགས་ལྡན་རིགས་མིན་ཞེས་བྱ་བ་འདིས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ནི།

རང་བཞིན་མེད་པ་ཉིད་ལ་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་གལ་ཏེ་བརྗོད་པ་འགའ་ཞིག་ལས་ཞེས་བྱ་བ་སྟེ། གལ་ཏེ་ཡང་བ་ལང་ཉིད་རང་གིས་གསལ་བ་རྣམས་ལས་བརྗོད་པར་བྱ་བ་མ་ཡིན་ཡང་། རྟའི་གསལ་བ་རྣམས་ལས་ལྡོག་པ་ནི་བརྗོད་བྱ་ཁོ་ན་ཡིན་པའི་ཕྱིར་བརྗོད་བྱ་

Vol. 181 · folio 28b

མ་ཡིན་པ་མ་གྲུབ་པ་ཡིན་ནོ། །གང་ཞིག་ཁ་ཅིག་ཏུ་བརྗོད་བྱའི་དབྱེ་བ་མཐོང་བ་རང་གི་གསལ་བ་ལ་གཞན་དུ་མི་འགྱུར་རོ། །དེའི་ཕྱིར་རང་གི་གསལ་བ་ལ་བརྗོད་བྱ་མ་ཡིན་པ་ནི། གསལ་བ་གཞན་ལ་ཡང་དེ་ཁོ་ན་བཞིན་ཡིན་ལ། འབའ་ཞིག་ནི་མཚན་ཉིད་མི་མཐུན་པའི་གསལ་བ་དག་ཁོ་ན་དེ་

ལྟར་ཐ་དད་པ་ཡིན་གྱི། རིགས་དག་ལ་ནི་མ་ཡིན་ཏེ། མ་དམིགས་པའི་ཕྱིར་རོ། །གལ་ཏེ་རིགས་དག་ལ་ཐ་དད་པ་མེད་ན་གསལ་བྱ་དག་ཇི་ལྟར་ཐ་དད་པ་ཡིན། རིགས་ཉིད་ལ་རྣམ་པ་ཞེས་ཟེར་ཏེ་དེ་གསལ་བ་གསལ་བར་བྱེད་པའི་ཕྱིར་རོ། །རིགས་དག་ཀྱང་དེའི་ངོ་བོ་ཉིད་ལ་དབྱེ་བ་མེད་པས་

ཇི་ལྟར་དེ་ལས་ཀྱང་དབྱེ་བ་ཡིན་ཞེ་ན། དབྱེ་བས་དམིགས་པ་བ་ཁྲ་མོ་དང་། རྟ་ངང་པ་ལ་སོགས་པའི་གསལ་བ་དག་ཁོ་ནའི་དབྱེ་བས་དེའི་རྒྱུ་ཅན་གྱི་རྣམ་པར་རྟོག་པ་དག་ཀྱང་ཡུལ་གྱི་དབྱེ་བ་ལ་བཏགས་པ་ཡིན་ཏེ་དེའི་ཕྱིར་རིགས་ནི་འགའ་ཞིག་ལ་བརྗོད་པར་བྱ་བ་མ་ཡིན་པར་བསྟན་པ་ནི། མིན་པ་ཉིད་ལ་

ཡིན་ཞེས་བྱ་བའོ། །འགྲེལ་པར་ནི་རང་གི་ངོ་བོ་ཉིད་དང་། ཁྱབ་པ་ཉིད་ཀྱིས་དེ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དང་། བརྗོད་པར་བྱ་བ་ཞེས་ཁྱབ་པ་ལ་བརྟེན་པས། ངག་གཅིག་གིས་བཤད་པ་ཡིན་ཏེ། ཁྱབ་བྱ་ཡོད་པའི་ཕྱིར་ཁྱབ་བྱེད་ཡོད་པར་བསྟན་པ་ནི་དེ་ཉིད་དང་གཞན་དག་ཏུ་ཞེས་བྱ་བའོ། །

བརྗོད་བྱ་མ་ཡིན་པ་ཉིད་ཅེས་ཟེར་བ་ནི་ཇི་སྟེ་སྤྱི་གཞན་ལས་ཞེས་བྱ་བའོ། །ཐ་དད་པར་སྣང་བ་མེད་པས་བརྗོད་བྱ་ཉིད་མ་ཡིན་ན། སྣང་བར་ཐ་མི་དད་པའི་ཕྱིར་དེ་ལྟ་ཡིན་ན་དངོས་པོ་མ་ཡིན་ཏེ། དེ་བསྟན་པ་ནི་ཐ་དད་པར་མི་སྣང་ན་ཞེས་བྱ་བ་སྟེ། སོ་སོར་སྣང་བ་ཐ་དད་པ་མེད་པ་ཉིད་ནི་དེ་ཉིད་ལ་ཐ་དད་པ་ནི་

དེ་ཉིད་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ཏེ། དེ་ཉིད་དང་གཞན་ཉིད་བརྗོད་དུ་མེད་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་དག་གི་ནི་རི་བོང་གི་རྭ་ལ་སོགས་པ་རྣམས་ཀྱིའོ། །རྣམ་པར་རྟོག་པའི་བྱ་བ་ཙམ་གྱི་གཞན་ལས་ལྡོག་པའི་འཁྲུལ་བ་ནི། མཚན་ཉིད་མི་མཐུན་པའི་སྤྱི་བརྗོད་པར་བྱ་བ་

ཡིན་ན་འདས་པ་དང་མ་འོངས་པ་སྒྲ་སྦྱོར་བར་མི་འགྱུར་ཏེ། སྤྱི་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། འདས་པ་དང་ནི་མ་འོངས་པ་ཡིན་ཞེས་བྱ་བའོ། །ཅིའི་ཕྱིར་སྤྱི་མེད་ཅེ་ན་ཡོད་པ་ཞེས་བྱ་བ་ནི་དངོས་པོའི་སྤྱི་མེད་པ་གསལ་བའི་ངོ་བོར་ཇི་ལྟར་འགྱུར། མེད་པའི་ཆོས་ཉིད་ནི་ཡོད་པ་ཉིད་དུ་འགལ་བས་ཁྱབ་

Vol. 181 · folio 29a

པ་ཡིན་པར་བསྟན་པ་ནི་མེད་པའི་ཆོས་གང་ཡིན་པ་ཞེས་བྱ་བའོ། །ཡོད་པ་མེད་པའི་ཆོས་ཉིད་ཡིན་ན་མེད་པ་ཁྱབ་པར་བྱེད་པར་འགལ་བ་ཡིན་པར་བསྟན་པ་ནི། ཡོད་པ་མིན་ན་ཡང་ཞེས་བྱ་བའོ། །ད་ལྟར་ཡོད་པ་ལ་ནི་བུམ་པའི་སྒྲ་གཙོ་བོ་ཡིན་ལ། མེད་པ་འདས་པ་ལ་

སོགས་པ་ཚད་མའི་ཡུལ་ཉིད་ཐུན་མོང་བའམ། གཞན་ལས་ཉེ་བར་བཏགས་པར་བྱེད་དོ་སྙམ་དུ་སེམས་པ་ནི་གལ་ཏེ་ཉེ་བར་བཏགས་ལས་དེ་འདོད་ཅེས་བྱ་བ་སྟེ། འདས་པ་ལ་སོགས་པ་སྤྱི་ཉེ་བར་བཏགས་པ་བ་ཡིན་པའི་ཕྱིར་མེད་པའི་ཆོས་ཉིད་མི་འགྲུབ་སྟེ། ཡོད་པ་ཉིད་ལ་འགལ་བ་ཁྱབ་པ་མི་འགྲུབ་

པོ་ཞེས་བྱ་བའི་དོན་ཏོ། །དེ་བསྟན་པ་ནི་མེད་པ་ཞེས་བྱ་བ་ནི་མ་གྲུབ་པའོ། །ཡོད་པ་ཡང་མེད་པའི་ཆོས་ཡིན་ན། ཁྱབ་པར་བྱེད་པ་འགལ་བ་ཡིན་པའི་ཕྱིར་དེ་ཡང་མ་གྲུབ་པ་ཡིན་པར་བསྟན་པ་ནི། གང་ཞིག་ཉེ་བར་བཏགས་པ་ཞེས་བྱ་བ་སྟེ། གཞལ་བྱ་ཉིད་དུ་འདྲ་བའི་ཕྱིར་ད་ལྟར་བའི་བུམ་པ་འདས་

པ་ལ་ཉེ་བར་བཏགས་པ་ནི། སྣམ་བུ་ལ་ཡང་ཁྱད་པར་མེད་དོ། །དེའི་ཕྱིར་འདས་པའི་བུམ་པའོ་ཞེས་བྱ་བས་འདས་པའི་སྣམ་བུའོ་ཞེས་བྱ་བར་འགྱུར་རོ། །ཞེས་བསྟན་པ་ནི་འདས་པ་ཞེས་བྱ་བ་ལ་སོགས་པ་དེ་ལ་ཞེས་བྱ་བའོ། །གཞལ་བྱ་ཉིད་དུ་འདྲ་བ་ཉིད་ཀྱིས་ཉེ་བར་བཏགས་པ་ནི། འདས་པའི་སྣམ་

བུ་ལ་སོགས་པ་ལ་ཡང་འགྱུར་བར་བསྟན་པ་ནི་འབྲེལ་པ་མེད་པར་ཞེས་བྱ་བའོ། །ཉེ་བར་བཏགས་པས་ཀྱང་མེད་པ་ལ་འཇུག་པའི་སྒྲ་ནི། མེད་པའི་ཡུལ་ཅན་དུ་འགྱུར་བར་བསྟན་པ་ནི། འཇུག་ན་ནི་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བའི་སྒྲའི་བརྗོད་བྱའོ། །གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ད་ལྟར་བ་དང་ངོ་། །འདས་

པ་ལ་སོགས་པའི་དུས་ཀྱི་འཕོ་བ་འཇུག་པ་ཙམ་མོ་ཞེས་བྱ་བའི་ལྟ་བ་ལ་ནི་འདས་པ་ལ་སོགས་པ་གཅིག་པ་ཉིད་དུ་རིགས་སོ། །དེ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་ད་ལྟར་བ་ཉིད་དོ། །སྤྱི་ལྟ་བུར་ཞེས་བྱ་བ་ནི་དངོས་པོའི་རང་གི་ངོ་བོ་རྟོགས་པ་ཡང་དོན་བྱེད་པ་དང་བྲལ་བ་ཉིད་ཀྱི་སྤྱི་ལྟ་བུའོ། །དོན་གྱི་ངོ་བོ་ནི་ད་ལྟར་བ་

བཞིན་དུ་དོན་བྱེད་པ་མེད་ཀྱང་སྤྱི་ལྟ་བུ་མ་ཡིན་ཏེ། སྣང་བ་ཐ་དད་པའི་ཕྱིར་རོ་ཞེས་བསྟན་པ་ནི་གལ་ཏེ་དེ་མེད་ན་ཞེས་བྱ་བའོ། །གལ་ཏེ་འདས་པ་ལ་སོགས་པ་རྟོགས་པ་ལས་ཐ་དད་པ་ཀུན་རྫོབ་ཡིན་ན། དེ་རྣམ་པར་དབྱེ་བ་བྱེད་པ་པོ་མ་ཡིན་ཏེ། རྟོགས་པ་ཐམས་ཅད་དོན་ལ་དམིགས་པ་ཉིད་དུ་བྱེ་བྲག་མེད་པའི་ཕྱིར་རོ་ཞེས་

Vol. 181 · folio 29b

བསྟན་པ་ལ། ཀུན་རྫོབ་འདི་ཅི་ཞེས་བྱ་བ་ནི་མ་ཡིན་པ་ཁོ་ནའོ། །ཅི་ལས་ཤེས་ཤེ་ན་དོན་ཞེས་བྱ་བའོ། །ཐ་སྙད་ཀྱི་ངོ་བོ་ནི་ཀུན་རྫོབ་ཡིན་པ་ལ་དོན་གོ་བས་གནོད་པ་ཡིན་པར་བསྟན་པ་ནི་ཀུན་རྫོབ་བདེན་པའི་ཞེས་བྱ་བའོ། །དངོས་པོ་བརྗོད་པར་བྱ་བ་ཡིན་ན་བཏགས་པ་མ་ཡིན་ཏེ། གཙོ་བོ་ཉིད་དུ་ཐལ་

བར་འགྱུར་བའི་ཕྱིར་དངོས་པོ་མ་ཡིན་པ་ལ་ཡིན་ནོ། །དེའི་ཕྱིར་ཡང་དངོས་པོ་མ་ཡིན་པ་བརྗོད་བྱར་ཐལ་བར་འགྱུར་རོ་ཞེས་བསྟན་པ་ནི་དེའི་ཕྱིར་དངོས་པོ་ཞེས་བྱ་བའོ། །བ་ལང་ལ་བ་ལང་ངོ་ཞེས་བྱ་བ་བཞིན་དུ་བརྗོད་པ་ཐ་དད་པ་ཅན་གཙོ་བོ་མ་ཡིན་ནམ། དེ་མེད་པ་ལས་ནི་བཏགས་པ་ཡིན་པ་ནི་ཁུར་

བུ་བ་ལ་བ་ལང་ངོ་ཞེས་བྱ་བ་ལྟ་བུའོ་ཞེས་ཟེར་བ་ནི། འོན་ཏེ་མེད་པར་རྟོགས་པ་ཞེས་བྱ་བའོ། །ཡུལ་མེད་པ་ཉིད་དུ་སྒྲུབ་པར་བྱེད་པ་ནི་གང་ཞིག་མཐོང་བ་ཞེས་བྱ་བའོ། །ངོ་བོ་གང་དུ་ཞེས་བྱ་བ་སྣང་བའི་དབྱེ་བར་མི་ནུས་པའི་ཕྱིར་རོ། །གང་གིས་དེ་དངོས་ཞེས་བྱ་བ་ནི་མེད་པའི་ཡུལ་ཅན་ཉིད་དུ་

ཐལ་བར་འགྱུར་བའི་ཕྱིར་རོ། །འདས་པ་ལ་དེའི་ངོ་བོ་རྟོགས་པ་ཉིད་ད་ལྟར་བར་སྒྲོ་འདོགས་པ་ཇི་ལྟ་བ་དེ་བཞིན་དུ། དེའི་དུས་ཅན་དུ་ཡང་བསྟན་པ་ནི་དེ་ལྟ་ན་ནི། འོ་ན་ཞེས་བྱ་བའོ། །དེ་ལྟ་མ་ཡིན་པ་ནི་རང་གི་ངོ་བོ་མ་ཡིན་པའོ། །སྤྱི་ཞེས་བྱ་བ་ནི་མཐོང་བར་སྒྲོ་བཏགས་པའི་ངོ་བོའོ། །ཐམས་

ཅད་དུ་ཞེས་བྱ་བ་ནི་མངོན་སུམ་མམ་རྗེས་སུ་དཔག་པའོ། །འོ་ན་ནི་དེ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་ཡུལ་ལོ། །མངོན་སུམ་གྱིས་རྟོགས་པའི་གསལ་བའི་ངོ་བོ་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན་ཡང་། མི་གསལ་བ་ནི་དེ་ཉིད་འདི་ཞེས་བྱ་བ་འམ་ཐག་རིང་བ་ཡང་རུང་བ་ཡུལ་ཁོ་ན་ཡིན་ནོ་

སྙམ་དུ་སེམས་པ་ནི། འོན་ཏེ་མངོན་སུམ་གྱིས་ཀྱང་ཞེས་བྱ་བའོ། །དེ་ཉིད་འདིའོ་ཞེས་བྱ་བ་ནི་མངོན་སུམ་པ་མ་ཡིན་ཏེ། བརྟག་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ཐག་རིང་བ་ལ་ཡང་རྒྱུའི་སྐྱོན་གྱིས་རབ་རིབ་ཅན་བཞིན་དུ་ཡིན་པར་བསྟན་པ་ནི། སྤྱི་དེ་ལ་ནི་མངོན་སུམ་ཉིད་ཅེས་བྱ་བའོ། །གཉི་གའི་

ཐུན་མོང་ཡིན་ན་ཞེས་བྱ་བ་ནི། དེ་ཉིད་འདིའོ་ཞེས་བྱ་བའི་འདས་པ་དང་ད་ལྟར་བ་གཉི་ག་དེ་དང་ཐུན་མོང་བའོ། །མངོན་སུམ་གྱིས་ད་ལྟར་བ་འདས་པའི་སྣང་བ་དང་ལྷན་ཅིག་པ་ཐ་མི་དད་པར་མ་རྟོགས་པ་ཡིན་པར་བསྟན་པ་ནི་ད་ལྟར་བར་སྣང་བ་ནི་ཞེས་བྱ་བའོ། །རྣམ་པར་རྟོག་པ་ལ་ཡང་དེའི་བྱ་བ་ལས་

Vol. 181 · folio 30a

ཐ་དད་པ་ཐུན་མོང་བའི་ངོ་བོ་མེད་པར་བསྟན་པ་ནི། དུ་མ་ཉིད་དུ་སྣང་ན་ཡང་ཞེས་བྱ་བའོ། །དེའི་སྒྲུབ་པ་རིགས་དང་འདྲ་བ་ཉིད་འབྲེལ་པ་ལ་སོགས་པ་ཉེ་བར་བྱས་པ་ཁོ་ན་ཉེ་བར་བཏགས་པ་ཡིན་གྱི། རྒྱུ་མཚན་མེད་པ་ཙམ་གྱི་རྒྱུ་ཅན་མ་ཡིན་པར་བསྟན་པ་ནི། བློ་ནི་འཁྲུལ་

པ་མེད་འཇུག་པ། །ཞེས་བྱ་བའོ། །རྒྱུ་མཚན་དང་དེ་དང་འབྲེལ་པའི་རྒྱུ་མཚན་ཉིད་ཡིན་གྱི་རྒྱུ་མཚན་མེད་པ་ཙམ་གྱི་རྒྱུ་ཅན་ནི་ཉེ་བར་བཏགས་པ་མ་ཡིན་ཏེ། ཐལ་ཆེས་པས་འཁྲུལ་བའི་ཕྱིར། རྒྱུ་མཚན་དང་དེ་དང་འདྲ་བའི་རྒྱུ་ཅན་ཉིད་ཀྱིས་གཙོ་བོ་དང་བཏགས་པར་ཡང་བདག་ཉིད་ཇི་ལྟ་བ་བཞིན་

དུ་ཡུལ་ལ་མ་འཁྲུལ་པ་ཁོ་ནའོ་ཞེས་བྱ་བའི་འདོད་པ་གཞན་ཡིན་ནོ་སྙམ་དུ་སེམས་པ་ལ། གཙོ་བོ་དང་སྒྲོ་བཏགས་པའི་རྒྱུ་མཚན་ཡོད་པ་ཁོ་ན་ལ་བློ་འཇུག་གི །མེད་ན་ནི་འཁྲུལ་པ་མེད་པ་མ་ཡིན་ནོ། །འགྲེལ་པར་ནི་འཁྲུལ་པ་མེད་པའི་བློའི་ཡུལ་གཙོ་བོ་ཡིན་ལ། གཞན་

ནི་བཏགས་པ་ཡིན་ཞེས་ཁོང་ནས་འབྱུང་བ་ཡིན་ཏེ། དེ་བསྟན་པ་ནི་ཅིག་ཤོས་ཞེས་བྱ་བ་ནི་འཁྲུལ་པའོ། །ཁོང་ནས་དབྱུང་བ་གང་ཡིན་ཞེ་ན། བྲམ་ཟེའི་ཁྱེའུ་ལ་ཡང་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་རྒྱུ་མཚན་མེད་པ་ཙམ་ཡུལ་དུ་བཏགས་པ་ལའོ། །ཡུལ་མེད་པ་ནི་བཏགས་པ་པ་

ཡིན་ཏེ། འདྲ་བའི་རྒྱུ་མཚན་ཉིད་ཀྱིས་གཙོ་བོ་མ་ཡིན་པ་བཞིན་ནོ། །འཁྲུལ་པ་མེད་པས་འཇུག་པ་བསྟན་པ་ནི། དོན་མེད་ན་ཡང་འགྲོ་བ་ཡིས། །ཞེས་བྱ་བ་སྟེ། དོན་མེད་པ་ཉིད་ནི་བཏགས་པ་བ་མ་ཡིན་ཏེ། འཁྲུལ་པ་མེད་པར་འཇུག་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ་ཡང་ན་དངོས་དང་བཏགས་

པ་བདག་གི་རྒྱུ་མཚན་ནི། དངོས་ལ་འཁྲུལ་པ་མེད་པར་འཇུག་པ་ཉིད་ཁོ་ནའོ་ཞེས་བྱ་བ་ཚིགས་སུ་བཅད་པ་སྔ་མའི་དོན་ལ་ཡང་སྦྱོར་བར་བྱེད་པ་ནི་གང་ལ་ཞེས་བྱ་བ་སྟེ། གཅིག་ལ་འཁྲུལ་པས་འཇུག་པ་ཉིད། གཞན་ལ་དེ་ལས་བཟློག་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པའི་བཤད་པ་ནི་

གསལ་བ་ཁོ་ན་ཡིན་ནོ། །གཞན་དུ་ཞེས་བྱ་བ་ནི་དགོས་པ་དང་བཅས་པ་ལས་སོ། །མཚུངས་པའི་ཕྱིར་ཞེས་བྱ་བ་ནི་འཁྲུལ་པ་མེད་པར་རྟོགས་པ་ཉིད་ཀྱིས་སོ། །ཡོད་པ་དང་མེད་པའི་ཡུལ་ཉིད་ཀྱིས་དོན་སྣ་ཚོགས་པ་ནི་བ་ལང་གི་སྒྲ་བཞིན་དུ་གཙོ་བོ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ། གཉི་ག་ལ་

Vol. 181 · folio 30b

རྟོགས་བྱ་གཅིག་པ་ཉིད་དུ་བསྟན་པ་ནི་དངོས་པོ་མེད་པ་འཛིན་པ་ཞེས་བྱ་བ་སྟེ། གང་གི་ཕྱིར་བུམ་པའོ་ཞེས་འདས་པའམ། ད་ལྟར་བ་ལ་ཐ་དད་པར་འཇུག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། རྣམ་པ་མཚུངས་པ་ཅན་གྱིས་ཞེས་བྱ་བ་ནི་ད་ལྟར་བ་དང་ངོ་། །རྟོགས་པ་ཉིད་ལས་ཞེས་བྱ་བ་ནི་རྟོགས་བཞིན་པ་མེད་

པའི་ཕྱིར་རོ། །ཞིག་པར་མ་ཤེས་པ་ཞེས་བྱ་བ་ནི་འདས་པའི་ཁྱད་པར་དང་བྲལ་བ་ལའོ། །འདི་ཞིག་གོ་ཞེས་བྱ་བ་ནི་འདས་པའི་ཁྱད་པར་ཅན་ལའོ། །ཐེ་ཚོམ་ཞེས་བྱ་བ་ནི་ཞིག་པ་ལ་ཞིག་པ་འམ་འོན་ཏེ་མ་ཞིག་པ་ཞེས་སོ། །དངོས་པོ་འཛིན་པའི་རྟོག་པ་ལ་འདས་པའི་ཤེས་པ་གནོད་པ་

ཡིན་པར་བསྟན་པ་ནི། གལ་ཏེ་དངོས་པོ་ཞེས་བྱ་བའོ། །དེ་ལས་དེ་དང་ཞེས་བྱ་བ་ནི་དུས་ཐ་དད་པ་ལ་ཡང་ལྷ་སྦྱིན་ཁོ་ནའོ་ཞེས་བྱ་བ་ནི་གཞན་གྱི་འདོད་པའོ། །ཡོད་པའི་རྟགས་དུ་བ་ལ་སོགས་པ་ནི། ཁྱབ་པར་བྱེད་པ་ཡོད་བཞིན་པར་རྣམ་པར་གཞག་པ་བྱེད་པ་ཡིན་པར་བསྟན་པ་

ནི་འོན་ཏེ་རྗེས་སུ་དཔག་པ་ལས་ཞེས་བྱ་བའོ། །རྟགས་ཀྱི་ཁྱད་པར་ལས་ཞེས་བྱ་བ་ཉིད་འཆད་པ་ནི་འདི་ལྟར་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་ད་ལྟར་བའི་དངོས་པོའི་ཡུལ་ཅན་ཡིན་ནོ། །མངོན་སུམ་བཞིན་དུ་བཟུང་བ་ལ་ཡང་ཆ་ཁ་ཅིག་ལ་མ་ངེས་པའི་ཕྱིར་མ་བཟུང་བར་མངོན་པར་སེམས་པ་

ཡིན་ནོ་སྙམ་དུ་སེམས་པ་ནི། རྣམ་པ་གཞན་ཞེས་བྱ་བའོ། །ངེས་པའི་བདག་ཉིད་ཀྱི་རྗེས་སུ་དཔག་པ་ལ་མངོན་སུམ་གྱི་རིགས་པ་མེད་པར་བསྟན་པ་ནི་དེ་ལ་རྣམ་པ་གཞན་དེ་ནི་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་མ་གཏོགས་པ་ཉིད་ལའོ། །འོན་ཏེ་འདི་ལ་ཞེས་བྱ་བ་ནི་སྣང་བཞིན་པ་ལའོ། །

གལ་ཏེ་མ་མཐོང་བ་ཙམ་ལ་ཐེ་ཚོམ་ཟ་བ་མ་ཡིན་ན། གང་གིས་ཐལ་ཆེས་པར་འགྱུར། འོན་ཀྱང་ཆོས་ཅན་སྤྱིར་མཐོང་ལ་དེའི་ཁྱད་པར་རྣམས་མ་མཐོང་བ་མཐོང་བར་འདོད་པས་ཐེ་ཚོམ་གྱི་ཡུལ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་སྤྱི་ཞེས་བྱ་བའོ། །མངོན་སུམ་ལས་གཞན་པ་མངོན་སུམ་མ་ཡིན་པའི་ཤེས་པ་

ནི་དྲན་པ་སྟེ། མངོན་སུམ་མ་ཡིན་ནོ་ཞེས་བཀག་པས་ཁྱད་པར་གྱི་ངོ་བོ་ལ་དམིགས་པའི་ཤེས་པ་གཞན་ཡང་ཡོད་པ་ཡིན་ན་ཇི་ལྟར་ཐེ་ཚོམ་ཡིན་མེད་པར་དགག་པ་ཡིན་ན་ནི། །མ་མཐོང་བ་ལ་ཐེ་ཚོམ་དུ་འགྱུར་རོ་ཞེས་བསྟན་པ་ཡིན་པར་བསྟན་པ་ནི། མེད་དང་མ་ཡིན་པ་དག་ལས། །

Vol. 181 · folio 31a

ཞེས་བྱ་བ་སྟེ། རྗེས་སུ་བྱེད་པ་ཡིན་པའི་ཕྱིར་གནས་མ་ཡིན་པ་ལ་སླར་ཡང་བརྗོད་པ་ལྟ་བུའོ། །སྣང་བ་ཉིད་དོན་དང་དོན་མ་ཡིན་པ་ལ་ཐུན་མོང་བ་ཡིན་གྱི། དོན་འབའ་ཞིག་ལ་མ་ཡིན་པར་བསྟན་པ་ནི་འོ་ན་ནི་སྣང་བ་ཙམ་ཁོ་ན་ལའོ་ཞེས་བྱ་བའོ། །མ་ཡིན་པར་དགག་པ་

དྲན་པ་ཐེ་ཚོམ་གྱི་རྒྱུ་མཚན་ལ་སྤྱི་མངོན་སུམ་མོ་ཞེས་མངོན་སུམ་གྱི་ཁྱད་པར་དུ་མི་རིགས་པར་བསྟན་པ་ནི་སྤྱི་མངོན་སུམ་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། དེ་ཡང་ཁྱད་པར་གྱི་ངོ་བོ་ཡིན་པས་སོ། །གལ་ཏེ་ཁྱེད་ཀྱི་འདོད་པ་ལ་ཡང་མཐོང་བ་ལ་ཐེ་ཚོམ་མེད་ན། །མ་མཐོང་བ་ཡང་ཐེ་ཚོམ་མེད་དོ་ཞེས་བྱ་བ་ཇི་

ལྟར་སྐྱོན་མ་ཡིན་ཞེ་ན། བག་ཆགས་ལས་རྟོགས་པ་ཁ་ཅིག་དམིགས་པ་མེད་པར་སྐྱེ་བཞིན་པ་ཐེ་ཚོམ་མེད་པར་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ། མ་མཐོང་བ་འགའ་ཞིག་ལ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྗེས་སུ་དཔག་པ་མངོན་སུམ་བཞིན་དུ་དངོས་པོ་འཛིན་པ་ཡིན་ན་གཞན་ཉིད་དུ་རྟོག་པ་

ཡིན་ཡང་གཡོ་བར་མི་འགྱུར་བ་ཞིག་ན། གཡོ་བ་ཡིན་ཏེ་སྔར་རྟོགས་པའི་རྒྱུན་ལྡོག་ཅིང་རྒྱུན་གཞན་ཡང་འདོད་པ་ལས་སྐྱེ་བར་བསྟན་པ་ནི་གལ་ཏེ་དེར་ནི་དངོས་པོ་དང་རེག་པས་ཞེས་བྱ་བའོ། །དེ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཡོ་བ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་མེད་པ་ཡིན་ཡང་རྒྱུ་

ལ་རང་གི་ངོ་བོ་འཛིན་པ་དང་བྲལ་བར་འགྱུར་བ་མ་ཡིན་ནོ། །མ་ཡིན་ཏེ་རྒྱུ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་རྒྱུན་ཡང་ཕྱིན་ཅི་ལོག་པ་ཡིན་ན། རྣམ་པར་གཅོད་པར་འགྱུར་གྱི་མངོན་སུམ་ནི་མ་ཡིན་ནོ། །དེའི་རྒྱུ་མེད་ན་མི་འབྱུང་བའི་རྒྱུན་ཉིད་དུ་ངེས་པ་ཁོ་ན་རྟགས་ཀྱི་བྱ་བ་མ་ཡིན་ནོ་སྙམ་དུ་

སེམས་པ་ནི་འོན་ཏེ་གཞན་དུ་ཞེས་བྱ་བའོ། །རྗེས་སུ་དཔག་པས་དངོས་པོའི་རང་གི་ངོ་བོ་མཐོང་བ་ན། མེད་ན་མི་འབྱུང་བ་ཉིད་དུ་ངེས་པ་ཁོ་ནར་བསྟན་པ་ནི་དེ་མཐོང་ན་ཞེས་བྱ་བ་སྟེ་དངོས་པོའི་མཐོང་ནའོ། །བསྟན་པ་ཡིས་ཞེས་བྱ་བ་ནི་རྗེས་སུ་དཔག་པས་སོ། །དེ་དང་འདྲ་བ་ཉིད་ལས་མངོན་

སུམ་པའི་གཟུགས་འཛིན་པའི་བདག་ཉིད་ཀྱི་རྗེས་སུ་དཔག་པ་ལ་མཐོང་བ་ནི། རང་གི་ངོ་བོ་འཛིན་པ་མ་ཡིན་ནོ། །མཐོང་བའི་ཞེས་བྱ་བ་ནི་མངོན་སུམ་གྱིས་ཏེ་དེ་ནི་དཔེ་ཡིན་ནོ། །རང་གི་ངོ་བོར་མ་མཐོང་བ་ཉིད་གཡོ་བ་ཡིན་པར་བསྟན་པ་ནི་རེག་བྱ་རེག་མ་ཡིན་ཞེས་བྱ་བའོ། །བཤད་པ་ཡིན་ནོ་ཞེས་

Vol. 181 · folio 31b

བྱ་བ་ནི་སྣང་བཞིན་པ་ལ་མངོན་སུམ་འགལ་བའི་ཕྱིར་རོ་ཞེས་མ་མཐོང་བ་ཁོ་ན་ཞེས་འདིས་བསྟན་པ་ཡིན་ནོ། །རྣམ་པར་རྟོག་པར་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བར་རོ། །རྣམ་པ་གཞན་གྱིས་ཞེས་བྱ་བ་ནི་སྐད་ཅིག་པ་ཉིད་དམ་མ་གོམས་པའམ་ཐག་རིང་བའི་ཁྱད་པར་ལའོ། །དཔག་

བྱ་ལ་ཞེས་བྱ་བ་ནི་མངོན་སུམ་གྱིས་མ་ངེས་ལ། རྗེས་སུ་དཔག་པས་ངེས་པའི་ཁྱད་པར་གྱི་ཆ་ལ་ཡང་རྒྱང་རིང་པོ་ནས་མཐོང་བའམ། མ་མཐོང་བས་ཁ་ཅིག་ལ་ཡང་རྗེས་སུ་དཔག་པ་ཉིད་ཡིན་ཏེ་འོག་གི་ཆ་ལ་དབུས་ཀྱི་ཆ་བཞིན་དུ་དངོས་པོ་གཅིག་ཡིན་པའི་ཕྱིར་རོ། །སྣང་བཞིན་པ་ནི་རྗེས་སུ་

དཔག་པ་ལ་ཡང་སླུ་བས་གཡོ་བ་མ་ཡིན་པ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་སྣང་བ་ལ་ཞེས་བྱ་བའོ། །ཕྱི་རོལ་ལ་ལྟོས་པའི་དབྱེ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཏེ། མངོན་སུམ་དང་དེའི་སྣང་བ་དག་གིས་ཡིན་གྱི། རང་རིག་པ་ལ་ལྟོས་པ་ནི་མ་ཡིན་ནོ་ཞེས་ལན་དུ་བསྟན་པ་ནི་

ཐ་དད་ཅེས་བྱ་བའོ། །འགའ་ཞིག་ཅེས་བྱ་བ་ནི་རབ་རིབ་ལས་བྱུང་བ་ལ་སོགས་པའོ། །རྗེས་སུ་དཔག་པ་ཉིད་ཀྱང་ཞེས་བྱ་བ་ནི་མངོན་སུམ་ལྟར་སྣང་ཉིད་ཅེས་བྱ་བ་དང་སྦྱར་རོ། །ད་ལྟར་བའི་དངོས་པོའི་ངོ་བོར་སྣང་བ་རྗེས་སུ་དཔག་པ་ཡིན་དུ་ཟིན་ཀྱང་། དེ་ཙམ་གྱིས་ནི་རབ་རིབ་ལས་བྱུང་བ་

བཞིན་དུ་ཚད་མ་མ་ཡིན་ཏེ། འབྱུང་བར་འགྱུར་བའི་དངོས་པོ་དང་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཡང་ན་ཞེས་བྱ་བའོ། །དེ་ནི་སྐྱེས་བུ་གཞན་གྱིས་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་མངོན་སུམ་ཉིད་ཀྱིས་ཡིན་ཏེ། ད་ལྟར་བ་ནི་རབ་རིབ་ལས་བྱུང་བ་ལ་ཡང་ཡོད་པའི་ཕྱིར་རོ། །རྗེས་སུ་

དཔག་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི། དང་པོའི་རྗེས་སུ་དཔག་པ་དང་ལྡན་པ་མཚུངས་པར་དངོས་པོ་འཛིན་པ་མ་ཡིན་ཡང་། དངོས་པོ་མེད་ན་མི་འབྱུང་བའི་ཕྱིར་དངོས་པོ་འཛིན་པ་ཡིན་ནོ། །དངོས་པོའི་ཡུལ་ལ་དངོས་པོར་སྣང་བ་ཐམས་ཅད་རྗེས་སུ་དཔག་པར་བཏགས་པར་འགྱུར་བར་བསྟན་

པ་ནི། རྗེས་སུ་དཔག་པ་ཐམས་ཅད་ཅེས་བྱ་བའོ། །ཡོད་པ་ཡང་མེད་པའི་ཡུལ་ཉིད་དུ་དངོས་དང་བཏགས་པའི་མཚན་ཉིད་མ་འཁྲུལ་པ་དང་། ཅིག་ཤོས་ཀྱི་ཤེས་པའི་ཡུལ་ཉིད་མ་ཡིན་ནོ་ཞེས་འདི་ཅི་ལས་ཤེས་སྙམ་དུ་སེམས་པ་ལ། འཇིག་རྟེན་གྱི་གྲགས་པ་ལས་སོ་ཞེས་བསྟན་པ་

Vol. 181 · folio 32a

ནི། ཇི་ལྟར་དངོས་པོ་ནུས་མེད་པ། །ཞེས་བྱ་བ་སྟེ། རབ་ཏུ་བསྟན་པ་ལའོ། །མེད་པར་བརྗོད་པའི་ཕྱིར་མེད་ཅེའམ་ཞེས་བྱ་བ་ནི་གཙོ་བོ་ལ་སོགས་པའི་མཉན་པ་ཡིན་ནོ། །གཙོ་བོ་ལ་སོགས་པ་དངོས་པོ་མ་ཡིན་ཏེ། ཚད་མ་མ་ཡིན་པའི་ཕྱིར་ནུས་པ་མེད་པའི་དངོས་པོ་

ལ་གྲངས་ཅན་གྱི་སྐྱེས་བུའི་སྒྲ་དེ་འབྲས་བུ་དུ་མའི་ནུས་པ་ཅན་ལ་ཡང་གཙོ་བོའི་སྒྲར་བྱེད་དོ། །དེ་ཡང་གཙོ་བོའི་སྒྲར་བྱེད་ལ། དེ་ཡང་འབྲས་བུ་སྣ་ཚོགས་པ་ཉིད་ཁས་བླངས་པའི་ཕྱིར། །ཡོད་པའི་ཡུལ་ཡིན་ཡང་བཏགས་པ་ཡིན་ཏེ། མེད་པའི་ཡུལ་ལ་ཡང་གཙོ་བོར་བསྟན་པ་ནི་རྟོག་

པ་ཅི་བཞིན་དུ་ཞེས་པ་སྟེ། གྲངས་ཅན་གྱི་རྟོག་པ་དང་རྗེས་སུ་མཐུན་པའི་དངོས་པོ་མེད་ཀྱང་། གཙོ་བོ་ལ་སོགས་པའི་སྒྲ་གཙོ་བོར་བྱས་པ་ཡིན་ཞེས་བྱ་བར་སྦྱར་ཏེ། ཁྱེད་ཀྱི་འདོད་པ་ནི་འཇིག་རྟེན་ལས་ཕྱིན་ཅི་ལོག་པར་དམིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མེད་པ་ལ་ཡང་གཙོ་བོ་

ལ་སོགས་པར་སྒྲོ་འདོགས་པ་ཡིན་ཏེ་སྒྲོ་གདགས་པར་བྱ་བ་མེད་པའི་ཕྱིར་མེད་པའི་ཡུལ་ཅན་བཏགས་པར་འགྱུར་བས་ཟེར་བ་ནི་ཇི་སྟེ་གཞན་ཞེས་བྱ་བའོ། །འདས་པའི་བུམ་པ་ལ་སོགས་པའི་སྒྲ་འཁྲུལ་པ་རྟོགས་པའི་ཡུལ་ཉིད་བཏགས་པ་པ་ཉིད་མ་ཡིན་པར་བསྟན་པ་ནི། སྒྲ་ལས་ཞེས་བྱ་

བའོ། །ཞིག་པ་སྟེ་འདས་པ་ལའོ། །མ་ཞིག་པ་ནི་ད་ལྟར་བ་ལའོ། །དེ་འདྲ་ཉིད་ནི་ཁྱད་པར་མེད་པ་ཉིད་དོ། །ཡོད་པ་དང་མེད་པས་ཡང་མཚུངས་པར་ཁོ་ན་ཡིན་གྱི་དེས་བྱས་པའི་ཁྱད་པར་ནི་མ་ཡིན་ནོ། །མངོན་སུམ་ལ་ནི་མེད་པ་ལ་མེད་པ་ཁོ་ན་ཞེས་ཁྱད་པར་ཡིན་པར་བསྟན་པ་

ནི་དོན་ཡོད་ཅན་ཞེས་བྱ་བའོ། །འདས་པ་དང་། ད་ལྟར་བ་ལ་ཡང་འཁྲུལ་པ་མེད་པའི་བློ་འཛིན་པ་ཉིད་སྤྱི་ཙམ་འཛིན་པ་ཡིན་ཏེ། དོན་ཡོད་པའི་ཕྱིར་ནི་མ་ཡིན་ནོ། །གཙོ་བོ་ལ་སོགས་པའི་བློ་ཡང་རྟོག་པ་ཇི་ལྟ་བ་བཞིན་དུ་སྤྱིའི་ཡུལ་ཅན་ཁོ་ན་མ་ཡིན་ནམ་སྙམ་དུ་སེམས་པ་ནི་སྤྱི་ཙམ་ཞེས་བྱ་

བའོ། །གསལ་བའི་མཐར་ཐུག་པ་ཉིད་མེད་ན་དེ་སྤྱི་མ་ཡིན་ཞིང་། འདས་པ་ལ་སོགས་པ་ཡང་མ་ཡིན་པར་བསྟན་པ་ནི་དེ་ཡང་ཞེས་བྱ་བའོ། །གསལ་བ་མ་གཏོགས་པའི་འབའ་ཞིག་འཛིན་པ་ནི་སྤྱི་མ་ཡིན་པར་འགྱུར་ཡང་ཐ་མི་དད་པ་ལ་ནི་སྐྱོན་འདི་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ནི་འོན་ཏེ་གསལ་བ་དེ་ཉིད་

Vol. 181 · folio 32b

ཅེས་བྱ་བའོ། །གསལ་བ་རྣམས་ཀྱི་ངོ་བོ་ནི་ཕན་ཚུན་ལྡོག་པར་འདོད་པ་ཡིན་ལ། ཐ་མི་དད་པར་རྟོགས་པར་མི་ནུས་པའི་ཕྱིར་དེ་ལ་རེག་པའི་རྟོག་པ་མ་ཡིན་ནོ་ཞེས་བསྟན་པ་ནི། ཕན་ཚུན་ཁྱད་པར་ཅན་རྣམས་ནི་ཞེས་བྱ་བའོ། །སྣང་བ་ནི་ལོག་པ་ཡིན་ལ་མ་ལོག་པ་ནི་བརྟག་བྱ་ཁོ་ན་མ་

ཡིན་ནམ་ཞེས་ཟེར་བ་ནི། ངོ་བོ་གཉིས་ནི་ཡོད་ན་ཡང་། །ཞེས་བྱ་བའོ། །དེའི་རྗེས་སུ་འགྲོ་བ་སྟེ་སྤྱིའི་འོ། །རང་གི་ངོ་བོ་ཉིད་ནི་རྗེས་སུ་འགྲོ་བའི་ངོ་བོའོ། །རང་གི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་མངོན་སུམ་གྱིས་ཤེས་པའི་མངོན་སུམ་ཡིན་ནོ། གལ་ཏེ་གསལ་བའི་ངོ་བོ་མ་ལོག་ཅིང་གཅིག་ཡིན་ན།

གསལ་བའི་ངོ་བོར་མི་འགྱུར་ཏེ། དེ་ལྡོག་པའི་ངོ་བོ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། གསལ་བ་ཐ་དད་པ་མེད་པར་འགྱུར་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་གསལ་བའི་མཐར་ཐུག་པ་མེད་པ་མེད་པའི་ཕྱིར་རོ། །དམིགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་མངོན་སུམ་གྱིས་སོ། །རྗེས་སུ་

སོང་བའི་རྣམ་པ་ཅན་གྱིས་ཤེས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །འདི་ལྟར་སྔོན་པོ་ཞེས་བྱ་བ་བཞིན་དུ་འདི་སྤྱིའོ་ཞེས་ཇི་ལྟར་སོར་མོས་སྟོན་པ་མ་ཡིན་ཞེས་བསྟན་པ་ནི། དེ་ཉིད་དེ་ལྟར་ཞེས་བྱ་བའོ། །བག་ཆགས་ལས་བྱུང་བའི་རྗེས་སུ་སོང་བའི་ཤེས་པ་ནི། དོན་ཤུགས་ཀྱིས་འཕངས་པ་

མ་ཡིན་པར་བསྟན་པ་ནི། ཐ་སྙད་ཀྱི་བག་ཆགས་ཀྱི་ཞེས་བྱ་བའོ། །གནས་སྐབས་ཀྱི་བསུ་བ་ནི་སྤྱི་གཞན་ཉིད་ནི་ཞེས་བྱ་བའོ། །རྣམ་གཞན་ཞེས་བྱ་བ་ནི་སྣང་བ་གཞན་ནོ། །སྣང་བ་གཞན་ཏེ་དེ་ནི་དེ་ཉིད་མ་ཡིན་ནོ་ཞེས་བྱ་བའི་རིམ་པའོ། །དེ་ལྟར་ན་ཅི་འགྱུར་ཞེ་ན། གཞན་དུའོ་ཞེས་བྱ་བའོ། །ཅི་ལས་

ཤེ་ན་མངོན་སུམ་ལས་སོ། །བག་ཆགས་ལས་བྱུང་བའི་རྟོག་པ་ནི་དོན་གྱིས་འཕེན་པ་མ་ཡིན་པར་བསྟན་པ་སྟེ། རྗེས་འགྲོའི་རྟོག་པ་ལས་ཞེས་བྱ་བའོ། །གསལ་བ་ལས་ལོག་པ་ཡང་སྤྱིའི་འབྲེལ་པ་མེད་པར་བསྟན་པ་ནི་དེ་དག་ལས་ཏེ། གསལ་བ་དག་ལས་སོ། །མཚུངས་པའི་

དངོས་ནི་གཞན་ཉིད་དུ་གལ་ཏེ་འགྱུར་ན་ཞེས་བྱ་བར་སྦྱར་རོ། །རྟ་ཉིད་ཁྲ་མོ་ལ་སོགས་པ་དང་འབྲེལ་པ་མེད་པ་ཉིད་ཡིན་པའི་ཕྱིར་ཁྱད་པར་དུ་བྱེད་པ་ནི་དེ་དག་ཅེས་བྱ་བའོ། །ལན་ནི་དེ་དག་གི་ཞེས་བྱ་བའོ། །གཞན་ལས་ལོག་པ་ནི་སྤྱི་ཡིན་པས་དངོས་པོ་མ་ཡིན་ཏེ། ལོག་པ་དང་མ་ལོག་པའི་

Vol. 181 · folio 33a

རྣམ་པར་རྟོག་པའི་གཞི་མ་ཡིན་པར་བསྟན་པ་ནི་ལྡོག་པ་ལ་ནི་ཞེས་བྱ་བ་སྟེ། ལོག་པ་ནི་དེ་མ་ཡིན་པ་ལས་ལོག་པས་དངོས་པོ་མཚུངས་པ་བཞིན་དུ་རྟོག་པར་བྱེད་ཅེས་བྱ་བའི་དོན་ཏོ། །གལ་ཏེ་དེ་དག་ཉིད་མཚུངས་པའི་ངོ་བོར་འདོད་ན་དེ་དག་ལས་གཞན་དུ་འགྱུར་རོ་ཞེས་བྱ་བར་སྦྱར་དུ་

ཡང་རུང་ངོ་། །གང་གི་ཕྱིར་དངོས་པོའི་ངོ་བོ་ནི། དེ་ཉིད་དང་གཞན་ཉིད་དག་གིས་བརྗོད་པར་བྱ་བ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར། །དངོས་པོ་མ་ཡིན་པར་བསྟན་པ་ནི། དེ་ཕྱིར་མཚུངས་ཉིད་སྤྱི་འདི་ལ། །ཞེས་བྱ་བ་སྟེ། རྟོག་པ་གཅིག་གི་རྟོགས་པར་བྱ་བའི་ཕྱིར། དེ་ཉིད་དམ་གཞན་ཉིད་དག་ཏུ་མངོན་

སུམ་གྱི་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོས་ཡོད་པའི་སྤྱི་ནི་འབྲས་བུའམ་ཅིག་ཤོས་ཀྱང་རུང་བ་དེ་ནི་ཅིག་ཤོས་མ་ཡིན་ཏེ། སྤྱི་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བསྟན་པ་ནི་དེ་འབྲས་ཡིན་ཞེ་ན་ཡང་ཞེས་བྱ་བའོ། །འབྲས་བུ་ཉིད་ཡིན་ན་ཡང་གསལ་བ་བཞིན་དུ་འཇིག་པ་ཅན་དུ་འགྱུར་

བར་བསྟན་པ་ནི། འཇིག་འགྱུར་དེ་ཡང་འདོད་མ་ཡིན། །ཞེས་བྱ་བའོ། །འབྲས་བུ་ཡང་ཡིན་ལ་རྟག་པ་ཡང་ཡིན་ན་འགལ་བ་ཅི་ཞིག་ཡོད་ཅེ་ན། དངོས་པོ་ཙམ་དང་ནི་བྱ་བ་སྨོས་ཏེ། དངོས་པོ་ཉིད་དམ་འབྲས་བུ་ཉིད་ཀྱང་རུང་མི་རྟག་པ་ཉིད་ཀྱིས་ཁྱབ་པ་ཡིན་ལ། མི་རྟག་པ་དང་འགལ་

བས་ཁྱབ་པ་ཡིན་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ཉིད་མ་ཡིན་ན་ཡང་། །ཡོད་ན་ཐམས་ཅད་ལ་ལྟོས་མིན། ཞེས་བྱ་བའི་རིགས་པས་གསལ་བ་རྣམས་དང་འབྲེལ་པ་ཅན་མ་ཡིན་པའི་སྤྱི་ནི། ནམ་མཁའ་ལྟ་བུར་འགྱུར་ཞེས་བསྟན་པ་ནི་མ་འབྲེལ་བ་དང་ཞེས་བྱ་བ་སྟེ། གསལ་བ་རྣམས་དང་ངོ་། །

དངོས་མེད་ནི་རང་བཞིན་མེད་པ་ཉིད་དེ་རི་བོང་གི་རྭ་བཞིན་དུ་འབྲས་བུ་མ་ཡིན་པའི་ཕྱིར་རོ། །འཁྲུལ་པ་ཞེས་བྱ་བ་ནི་རང་གི་རྣམ་པ་ལ་དོན་གྱི་བདག་ཉིད་དུ་མངོན་པར་ཞེན་པ་ལས་རྟོགས་པའི་འབྲས་བུ་ཡིན་ནོ་ཞེ་ན་ཞེས་བྱ་བས། རྣམ་རྟོག་སྐྱེ་བའི་ས་བོན་ནོ། །ཞེས་ཟེར་བའོ། །བ་ལང་ངོ་བ་ལང་

ངོ་ཞེས་སྔར་མཐོང་བ་ངོ་ཤེས་པ་ནི་གསལ་བ་ལ་སྤྱི་སྒྲུབ་པ་མ་ཡིན་ནམ་སྙམ་སེམས་པ་ལ་ངོ་ཤེས་པ་ནི་ཞེས་བྱ་བའོ། །མ་ངེས་པ་ཞེས་བྱ་བ་ནི་ངེས་པ་མེད་པའོ། །སྤྱི་རྣམས་ལ་གཅིག་པའི་སྒྲའི་རྒྱུ་མཚན་སྔར་མཐོང་བ་ངོ་ཤེས་པ་ནི་གསལ་བ་རྣམས་ལ་ཡང་ཁྱད་པར་ཅན་མ་ཡིན་ཏེ། ངོ་བོ་

Vol. 181 · folio 33b

གཞན་མ་མཐོང་བ་ལ་སོགས་པའི་ཁྱད་པར་ཡིན་པའི་ཕྱིར་རོ། །ཡུལ་མེད་ན་ནི་བློ་རྣམས་ཀྱི། །སྐྱེ་བ་མེད་ཅེས་ཟེར་བ་ནི་སྤྱི་ནི་རྟོགས་པ་ཡིན་ནོ་ཞེས་བྱ་བའོ། །ཐམས་ཅད་མཚུངས་སོ་ཞེས་བྱ་བ་ནི་གསལ་བ་རྣམས་ལ་ཡང་བརྟགས་པའི་སྤྱི་ནི་མངོན་སུམ་གྱིས་རྟོགས་པ་མ་ཡིན་ནོ། །

བརྡ་དང་མཚུངས་པའི་ཡུལ་ཉིད་ནི་བཟློག་པ་དང་འགལ་བ་ཅན་ཡིན་ཏེ། དངོས་པོའི་ཡུལ་ཉིད་ལ་འགལ་བས་ཁྱབ་པ་ཡིན་པར་བསྟན་ཏེ། འདི་བརྡ་ལ་མ་ལྟོས་པར་རྟོགས་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། དེ་ལ་ལྟོས་པ་ཡིན་ནོ། །འདིས་ནི་ཡུལ་གང་ལ་བརྡ་ཡིན་པའི་ཡུལ་དེ་ལ་དེའི་ཤེས་

པ་ཡིན་ནོ་ཞེས་བསྟན་ཏོ། །དངོས་པོའི་ཡུལ་ཅན་ཉིད་ནི་བརྡ་མེད་པ་དང་མཚུངས་པ་མ་ཡིན་པའི་ཡུལ་ཅན་མ་ཡིན་པ་ཉིད་ཀྱིས་ཁྱབ་པ་ནི། བརྡ་དང་མཚུངས་པའི་ཡུལ་ཉིད་ལ་འགལ་བ་ཁྱབ་པ་ཡིན་ནོ་ཞེས་བསྟན་པ་ནི་དངོས་པོའི་སྟོབས་ཀྱིས་སྐྱེས་པའི་ཞེས་བྱ་བའོ། །སྒྲོ་འདོགས་པ་ཉིད་དོ་ཞེས་

བྱ་བ་ནི་ཡུལ་ལའོ། །གལ་ཏེ་སྤྱིའི་ཤེས་པ་བརྡ་ལ་ལྟོས་པ་ཡིན་ཞེས་ཅི་ལས་ཤེས་སྙམ་དུ་སེམས་པ་ལ་བརྡ་མེད་པར་ཞེས་བྱ་བ་སྟེ། དང་པོ་བསྲིང་ངོ་ཞེས་བྱ་བ་བཞིན་དུ་གཽ་ཞེས་བྱ་བའི་བརྡ་ཡིན་ན། འདི་ནི་གོའི་སྒྲས་བརྗོད་པར་བྱ་བ་ཡིན་ཞེས་བྱ་བའི་དོན་ཡིན་པའི་ཕྱིར་བརྡ་མེད་ན་གར་

ཡང་སྒྲ་རྗོད་བྱེད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསལ་བ་གཞན་མཐོང་བ་ལས་ཞེས་བྱ་བ་ནི། མཐོང་བའི་གསལ་བ་གཞན་ལ་དེ་ཉིད་དོ། །ཞེས་གསལ་བ་གཞན་མཐོང་བའོ། །ཇི་ལྟར་བ་ལང་ཉིད་ལ་སོགས་པ་རིགས་ནི་རྟགས་དང་བརྡ་ལ་སོགས་པའི་ཤེས་པས་རྟོགས་པར་བྱ་

བ་དེ་བཞིན་དུ་སྐྱེ་བ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ཡང་ཞེས་བྱ་བ་བསྟན་པ་ནི་དེ་བཞིན་དུ་གསལ་བྱེད་ལ་སོགས་པའི་ཞེས་བྱ་བའོ། །ངེས་པའི་བདག་ཉིད་ཀྱི་མངོན་སུམ་ལ་ངེས་པར་བྱེད་པ་པོའི་ཉེ་བར་བསྟན་པ་དོན་མེད་པར་བསྟན་པ་ནི། མངོན་སུམ་གྱིས་ནི་གཟུང་ཞེ་ན། །ཞེས་བྱ་བའོ། །ངེས་པའི་

བདག་ཉིད་ལ་ཡང་ཉེ་བར་བསྟན་པ་འཐད་པ་མ་ཡིན་པས་དོན་མེད་པ་ཅན་ཉིད་ཡིན་ཏེ། རང་ཉིད་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། མངོན་སུམ་གྱིས་ནི་མ་བཟུང་བའང་། །ཞེས་བྱ་བའོ། །བརྡ་མ་བཟུང་བ་ཡང་བེའུ་མ་ཚོལ་བ་དང་མ་ཧེ་ལ་སོགས་པའི་ཚོགས་མང་པོ་ཡོངས་སུ་འདོར་ནས། རང་

Vol. 181 · folio 34a

གི་སྤྱིས་བ་ལང་གི་ཚོགས་དང་ཉེ་བར་འགྲོའོ་ཞེས་བྱ་བའི་རིགས་པས་དབང་པོས་ལྷག་པར་རྟོགས་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི་ཇི་སྟེ་ཡང་དངོས་པོ་ཞེས་བྱ་བའོ། །དེ་ནི་དེ་ལྟར་མ་རྟོགས་ཕྱིར། །ཞེས་བྱ་བ་ནི་བརྡ་མེད་ནའོ། །བ་ལང་ཉིད་ནི་ཞེས་བྱ་བ་ནི་བརྡ་མེད་པའོ། །

གཞན་གྱི་ཞེས་བྱ་བ་ནི་རྗེ་རིགས་ལ་སོགས་པས་སོ། །གསལ་བ་ནི་མངོན་པར་གསལ་བ་སྟེ་དེ་ཁོ་ན་ཉིད་ཀྱི་ངོ་བོའོ། །བ་ཁྲ་མོ་ལ་སོགས་པའི་གསལ་བ་རྣམས་མཐའ་ཡས་པ་མ་ཡིན་ནམ། རིགས་གཅིག་མེད་ན་གཅིག་གི་སྒྲ་ངེས་པར་སྦྱོར་རོ། །དབྱེ་བ་རྣམས་ནི། མཐའ་ཡས་ཕྱིར་ན་

འཁྲུལ་པ་ཉིད། །ཅེས་བྱ་བའི་རིགས་པས་ཟེར་བ་ནི་མཐའ་ཡས་གསལ་ལྡན་ཞེས་བྱ་བའོ། །འོན་ཏེ་བརྡ་མ་བཟུང་ཡང་གསལ་བྱེད་ལ་སོགས་པ་རྣམས་ལ་དེ་ཉིད་འདིའོ་ཞེས་རྗེས་སུ་འབྲེལ་བས་བརྡར་བྱེད་པ་ནི། བ་ལང་ཉིད་ལ་ཡང་མཚུངས་པར་བསྟན་པ་ནི། ངོ་ཤེས་པ་ཞེས་བྱ་བའོ། །ང་རོ་

རྩུབ་པ་ལ་སོགས་པ་ནི་སྒྲ་དང་ལྡན་པ་ཉིད་ལ་སོགས་པའོ། གལ་ཏེ་རྟ་ངང་པ་ལ་སོགས་པ་ལས། བ་ཁྲ་མོ་ལ་སོགས་པ་ལ་ངོ་བོ་གཅིག་མེད་ན། དབྱེ་བ་མེད་པར་འདི་ཁོ་ན་དེའི་ཞེས་གཅིག་ཏུ་འཛིན་པ་སྒྲ་མེད་པར་ཇི་ལྟར་སྐྱེད་པར་བྱེད་སྙམ་དུ་སེམས་པ་ནི། ཇི་ལྟར་རིགས་མེད་ཤེས་པའི་ཞེས་

བྱ་བ་སྨོས་ཏེ། ཇི་ལྟར་བ་ཁྲ་མོ་ལ་སོགས་པ་རྣམས་ལ་རྒྱུ་མཚན་མེད་ཀྱང་བ་ལང་ཉིད་ཡིན་གྱི་རྟ་ངང་པ་ལ་སོགས་པ་རྣམས་ལ་ནི་མ་ཡིན་པ་དེ་བཞིན་དུ་མཐོང་བ་ལས་དེ་ལ་དེ་ལྟར་འཛིན་པ་ཡང་དེ་ལྟ་བུའི་ངོ་བོའི་ཤེས་པ་མིག་ལ་སོགས་པ་རྣམས་ཁོ་ན་ལ་ཡིན་གྱི། རྣ་བ་ལ་སོགས་པ་རྣམས་ལ་ནི་

མ་ཡིན་ཏེ། རྒྱུ་མཚན་གཞན་མེད་ཀྱང་རང་བཞིན་གྱི་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བློ་གཅིག་ཏུ་འགྱུར་རོ་ཞེས་བྱ་བ་ནི་འདི་གཅིག་བྱ་བ་ཡིན་བློ་ཡང་ཡིན་པའོ། །མཚུངས་པའི་རྣམ་པ་ཉིད་ཅེས་བྱ་བ་ནི་གཞལ་བྱའི་ངོ་བོའོ། །བློ་སྐྱེད་པ་ཉིད་ཅེས་བྱ་བ་ནི་དེའི་རྣམ་པའི་བློ་སྐྱེད་པར་བྱེད་པའོ། །

ཐ་དད་པའི་བདག་ཉིད་ཀྱི་བློ་སྐྱེད་པ་འགོག་པར་མི་བྱེད་པ་མ་ཡིན་ནམ། འོན་ཀྱང་གཅིག་ཏུ་སྣང་བ་ཉིད་ཡིན་ནོ་ཞེས་བདག་སྨྲའོ་སྙམ་དུ་སེམས་པ་ལ། རྣམ་པ་འགས་ཀྱང་ནི་མངོན་སུམ་ལ་སྔོན་པོ་བཞིན་དུ་གཅིག་ཏུ་སྣང་བ་མ་ཡིན་པའོ། །མིག་ལ་སོགས་པའི་ཤེས་པས་གཞན་དུ་མི་འཐད་

Vol. 181 · folio 34b

པས་བརྟགས་པ་ཡང་ཡོད་པ་ཁོ་ན་མ་ཡིན་ནམ། དེ་བཞིན་དུ་བ་ལང་ཉིད་ཀྱང་ཡིན་ནོ་ཞེས་བསྟན་པ་ནི། གལ་ཏེ་ཞེས་བྱ་བ་སྟེ་བ་ལང་ཉིད་ལ་སོགས་པའི་བློ་བཞིན་དུ་གཟུགས་ལ་སོགས་པའི་བློ་ནི་བ་ཁྲ་མོ་ལ་སོགས་པ་ཙམ་ལས་འབྱུང་བ་ནི་མ་ཡིན་ཏེ། མིག་ལ་སོགས་པ་མེད་ན་མེད་པའི་ཕྱིར་རོ། །

དེའི་གཟུགས་བཞིན་དུ་དབང་པོ་ལས་འདས་པ་མཐོང་བ་པོ་ལ་དེའི་ངོ་བོར་སྣང་བར་འགྱུར་བར་སྲིད་དོ་སྙམ་དུ་སེམས་པ་ལ། གལ་ཏེ་ལྟ་བ་པོའི་ཞེས་བྱ་བའོ། །དེ་བཞིན་དུ་རིགས་ནི་དབང་པོ་ལས་འདས་པ་མ་ཡིན་ཏེ། ཁས་མ་བླངས་པའི་ཕྱིར་རོ། །ཁས་ལེན་ན་ནི་དོན་གྱིས་གོ་བ་ཉམས་པར་

བསྟན་པ་ནི། རིགས་རྣམས་ནི་མ་ཡིན་ཞེས་བྱ་བ་ནི་གཟུགས་ཅན་ཉིད་མ་ཡིན་པའོ། །ཡན་འགར་བ་རྣམས་ནི་གསལ་བྱ་འཛིན་པ་དང་བྲལ་བ་རྣམས་སོ། །དེ་དག་འཛིན་ན་དེ་རྣམས་ཁོ་ན་དེ་ལྟ་བུའི་ཤེས་པ་སྐྱེད་པར་བྱེད་པའི་ཕྱིར་དོན་གྱིས་གོ་བ་ཉམས་པ་ཡིན་པར་བསྟན་པ་ནི་གསལ་བ་

འཛིན་ཚེ་ནའང་ཞེས་བྱ་བའོ། །ལུགས་ཀྱི་ནི་དབྱེ་བ་ཞེས་བྱ་བ་ནི་གསུམ་མོ། །བག་ཆགས་ཀྱི་ཁྱད་པར་ལ་མིག་ཏུ་སྨྲ་བའི་འདོད་པ་བསྟན་པ་ནི། གང་ཞིག་འབྲས་བུ་ལྡོག་པས་ཞེས་བྱ་བ་སྟེ། ལྡོག་པ་ལས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་རིགས་པས། གང་གི་ཕྱིར་གསལ་བ་རྣམས་

ཉིད་ལ་རྣམ་པ་འགས་གཅིག་གི་བློར་འགྱུར་བ་དང་། རང་གི་ངོ་བོར་སྣང་བ་ཡང་རིགས་ལ་ནི་མ་ཡིན་ནོ། །དེའི་ཕྱིར་ཕྱིའི་དོན་བྱེད་པ་ཡིན་པར་ལྟ་ཞོག་གི། །རྟོག་པ་དང་ཅིག་ཤོས་ཀྱི་ངོ་བོའི་ཤེས་པ་ཙམ་གྱི་བྱེད་པ་ཡང་ནུས་པ་མེད་པའི་ཕྱིར་རོ། །ནུས་པ་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་

མཚན་ཉིད་ཉེ་བར་བརྗོད་པ་མེད་པར་འཐོབ་བོ་ཞེས་བསྟན་པ་ནི། ཤེས་པ་ཙམ་གྱིས་ཞེས་བྱ་བའོ། །རང་བཞིན་མེད་པ་ཞེས་བྱ་བ་ནི་ཉེ་བར་བརྗོད་པ་མེད་པའོ། །སྣང་བཞིན་པ་དམིགས་པ་མེད་པ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། གང་དང་གང་ཞེས་བྱ་བ་སྟེ། དེ་དངོས་

པོ་མེད་པ་ཡིན་ཏེ། བརྗོད་བྱ་ཉིད་དང་གཞན་ཉིད་དག་ཏུ་བརྗོད་བྱ་ཡིན་པའི་ཕྱིར་རོ། །ཤེས་པ་ཙམ་གྱི་དོན་བྱེད་པར་ཡང་མི་རུང་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཇི་སྐད་དུ་བསྟན་པའི་སྤྱིའི་མཚན་ཉིན་ཡིན་ལ། དེ་ལས་བཟློག་པ་རང་གི་ངོ་བོར་སྣང་བའི་བརྗོད་བྱ་ཉིད་ནི་བརྗོད་བྱ་མ་ཡིན་པ་ཉིད་

Vol. 181 · folio 35a

ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་ཅན་རང་གི་མཚན་ཉིད་ཡིན་པར་བསྟན་པ་ནི། ཇི་སྐད་བཤད་ལས་བཟློག་གང་ཡིན། །ཞེས་བྱ་བའོ། །རང་གི་ངོ་བོ་ཉིད་ལ་མཚན་ཉིད་ཅེས་བྱ་བར་ནི་མི་རིགས་ཏེ། སྤྱིའི་མཚན་ཉིད་ལ་རང་གི་ངོ་བོ་མེད་པས་ཁྱབ་པར་བྱེད་པ་མ་ཡིན་པའི་ཕྱིར།

གང་ཞིག་རང་གི་གསལ་བ་རྣམས་ལ་ཁྱབ་པར་མི་བྱེད་པ་དེ་ནི་མཚན་ཉིད་མ་ཡིན་པར་འགྱུར་རོ་སྙམ་དུ་སེམས་པ་ནི། འོ་ན་ཇི་ལྟར་ཞེས་བྱ་བའོ། །ཡང་ན་གསལ་བ་མ་ཁྱབ་པའི་ཕྱིར་ཞེས་བྱ་བ་ནི་སྤྱི་ནི་ཁྱད་པར་ལ་ཁྱབ་པར་བྱེད་པ་ཡིན་ཏེ། མཚུངས་པ་རྣམས་ཀྱི་དངོས་པོ་ནི་སྤྱི་ཡིན་ནོ་

ཞེས་བྱ་བའི་ངེས་པའི་ཚིག་ལས་སོ། །དངོས་པོ་མེད་པར་སྨྲ་བ་ལ་ནི་དེ་མེད་པའི་ཕྱིར་སྤྱི་ནི་རྣམ་པར་རྟོག་པའི་བྱ་བ་ཡིན་ནོ། །དེ་ཡང་དངོས་པོ་ལ་བརྟེན་པ་ཡིན་ཏེ། རྗེས་སུ་དཔག་པ་ངེས་པའི་ཚུལ་གསུམ་པའི་རྟགས་ཡོད་ན་ཡོད་པའི་ཕྱིར་རོ། །མ་གྲུབ་པ་དང་འགལ་བ་ལས་བྱུང་བ་ནི་དངོས་

པོ་མེད་པ་ལ་བརྟེན་པ་ཡིན་ཏེ་འབྲེལ་བ་མེད་པ་ལས་བྱུང་བའི་ཕྱིར་རོ། །མ་ངེས་པ་ཡིན་པས་གཉི་ག་ལ་བརྟེན་པ་ཡིན་ཏེ། གཅིག་ཏུ་ཡང་ངེས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་སྤྱི་དེ་ཡང་རྣམ་པ་གསུམ་ཞེས་བྱ་བའོ། །འགྲེལ་པར་བཤད་པ་ནི་གསལ་བ་ཁོ་ནའོ། །དངོས་པོ་དང་། དངོས་

པོ་མེད་ལས་ཞེས་བྱ་བ་ནི་གྲུབ་པ་དང་བདེ་བ་ཐ་དད་པ་ཉིད་ཀྱི་སྣང་བ་ཐ་དད་པའི་མིང་ཅན་ཉིད་ཀྱིས་སོ། །དངོས་པོ་དང་དངོས་པོ་མེད་པ་ཉེ་བར་ལེན་པ་ཞེས་བྱ་བ་ནི་སྒྲུབ་པ་ལ་སྒྲུབ་བྱེད་དུ་རུང་བ་ཉིད་ཀྱི་མི་དམིགས་པ་དག་བསྟན་པ་ཡིན་ནོ། །གཉི་ག་ལ་བརྟེན་ཕྱིར་ཞེས་བྱ་བ་སྣང་བ་དམིགས་པ་ལ་

ལྟོས་པ་ཡིན་པར་བསྟན་པ་ནི་གཉི་གའི་ཉེ་བར་ལེན་པའི་ཁྱད་པར་ཞེས་བྱ་བའོ། །རང་གི་མཚན་ཉིད་ཀྱིས་དངོས་པོ་ལ་བརྟེན་པ་མ་ཡིན་ཏེ། མི་སྣང་བའི་ཕྱིར་ལ་སྣང་བཞིན་པ་ལ་ནི་འགྱུར་བ་དེ་ལྟ་ན་སྤྱིའི་དངོས་པོར་ཐལ་བར་འགྱུར་བ་མ་ཡིན་ནམ་ཞེས་ཟེར་བ་ནི། གལ་ཏེ་དངོས་རྟེན་དངོས་

འབྲེལ་ཕྱིར། །ཞེས་བྱ་བ་སྟེ། དངོས་པོ་ལ་འགྱུར་གྱི་མེད་པ་དངོས་པོ་མ་ཡིན་པ་སྤྱི་ལ་ནི་མི་འགྱུར་ཏེ། དངོས་པོ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་འཛིན་པ་ཉིད་ཀྱི་ཕྱིར་དངོས་པོའི་འབྲས་བུ་ཡང་ཡིན་ནོ་ཞེས་ཟེར་བ་ནི་དངོས་འབྲེལ་ཕྱིར་ཞེས་བྱ་བའོ། །ལན་ནི། རྣམ་པ་འགས་ཀྱང་

Vol. 181 · folio 35b

རྣམ་ཤེས་ལ། །དེ་དངོས་སྣང་བ་མེད་ཕྱིར་རོ། །ཞེས་བྱ་བ་དང་། དེའི་ཕྱིར་དེ་ནི་ཤེས་ཙམ་གྱིས། །དོན་བྱེད་པར་ཡང་མི་རུང་ཉིད། །ཅེས་བྱ་བས་ལན་རྒྱས་པར་བཏབ་པ་ཡིན་ནོ། །བྱུང་བར་གྱུར་པ་དང་འབྱུང་བར་འགྱུར་བ་ཞེས་བྱ་བ་དེའི་ཤེས་པ་སྤྱི་ལ་མ་དམིགས་པར་སྣང་བའི་ཕྱིར།

འདས་པ་དང་མ་འོངས་པ་ནི་སྤྱི་མ་ཡིན་པར་བསྟན་པ་ནི་མཐོང་ཕྱིར་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་སྤྱི་མེད་ཀྱང་ངོ་། །ཤེས་པ་དངོས་པོ་ལ་བརྟེན་པ་ཞེས་བྱ་བ་འགྲེལ་པ་ནི། གལ་ཏེ་དངོས་རྟེན་དངོས་འབྲེལ་ཕྱིར། །ཞེས་བྱ་བའི་རང་གི་མཚན་ཉིད་ཀྱི་དངོས་པོ་ཁས་བླངས་ནས་བཀོད་པ་ཡིན་ནོ། །

གལ་ཏེ་ཤེས་པ་དེ་སྤྱི་ལ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་ནི་སྤྱི་ཡོད་པར་རོ། །བཟློག་པ་ལ་ཞེས་བྱ་བ་ནི་སྤྱི་མེད་པ་ལའོ། །རང་དང་སྤྱིའི་མཚན་ཉིད་ཀྱི་དངོས་པོ་འཛིན་པའི་སྤྱིའི་ཤེས་པ་དངོས་པོ་ལ་བརྟེན་པ་ཇི་ལྟར་བརྗོད་ཅེས་ཟེར་བ་ནི། གལ་ཏེ་དངོས་ཆོས་ཉིད་ཉམས་ན། །ཞེས་བྱ་བའོ། །

བརྒྱུད་པས་རང་གི་མཚན་ཉིད་ཀྱི་ངོ་བོ་དངོས་པོ་ལ་བརྟེན་པར་བསྟན་པ་ཡིན་ནོ་ཞེས་བསྟན་པ་ནི། དངོས་པོར་འཛིན་པ་སྔོན་འགྲོ་ཅན། །ཞེས་བྱ་བའོ། །ལྐོག་ཏུ་གྱུར་པ་ཞེས་བྱ་བ་ནི་གཙོ་བོ་ལ་སོགས་པ་བཞིན་དུ་ཚད་མའི་ཡུལ་མ་ཡིན་པའོ། །རང་གི་མཚན་ཉིད་ཁོ་ན་ཚད་མའི་ཡུལ་ཡིན་པའི་ཕྱིར་

གཞལ་བྱ་ཡིན་པར་བསྟན་པ་ནི། རང་གི་མཚན་ཉིད་གཅིག་གཞལ་བྱ། །ཞེས་བྱ་བའོ། །དངོས་པོ་ལ་རང་གི་མཚན་ཉིད་སྣང་བའི་མངོན་སུམ་དང་། སྤྱི་སྣང་བའི་རྗེས་སུ་དཔག་པ་སྟེ་ཤེས་པ་གཉིས་མ་ཡིན་ནམ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་བྱ་བ་ཡིན་ན། དེ་ཇི་ལྟར་

གཅིག་ཉིད་ཡིན་སྙམ་དུ་སེམས་པ་ལ། ཡོད་པ་དང་མེད་པ་ཞེས་བྱ་བའོ། །རྗེས་སུ་དཔག་པ་ལ་ཡང་རང་གི་མཚན་ཉིད་ཁོ་ན་རྣམ་པར་དཔྱོད་ཀྱི་སྤྱི་ཙམ་ནི་མ་ཡིན་ནོ། །ཅི་ལས་ཤེ་ན་དོན་བྱ་དེ་ལས་ཞེས་བྱ་བ་ནི་རང་གི་མཚན་ཉིད་ལས་ཏེ་སྤྱིས་མཚོན་བཞིན་པའི་རང་གི་མཚན་ཉིད་ཡིན་ཏེ། དེ་ལྟར་

ཡང་སྣང་བའི་དབྱེ་བ་ལས། གཞལ་བྱ་གཉིས་ཞེས་བསྟན་ཏོ། །རང་གི་མཚན་ཉིད་ཁོ་ན་ཡོད་པའམ་མེད་པ་ཉིད་དུ་རྗེས་སུ་དཔག་པས་དཔྱོད་པ་ཡིན་ཏེ། རྣམ་པར་དཔྱོད་པར་བྱེད་པའི་བདག་ཉིད་ཡིན་པའི་ཕྱིར། འཛིན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་མཚན་ཉིད་ཡོད་པ་དང་མེད་

Vol. 181 · folio 36a

པའི་དོན་དུ་ཚད་མས་རྣམ་པར་དཔྱོད་པ་རྟོགས་པ་དང་ལྡན་པའི་བསྟན་བཅོས་ཡིན་པར་བསྟན་པ་ནི་འགྲེལ་པ་ནི་དོན་གྱི་བྱ་བ་བྱེད་པ་ཞེས་བྱ་བའོ། །གང་གི་ཕྱིར་རང་གི་མཚན་ཉིད་ཀྱི་དོན་དུ་བསྟན་བཅོས་ཡིན་པ་དེའི་ཕྱིར་དེས་རྟོགས་པར་བྱེད་པའི་ཚད་མ་གཉིས་ཀྱང་རང་གི་མཚན་

ཉིད་ཀྱི་ཡུལ་ཅན་དུ་བསྟན་པར་འགྱུར་རོ་ཞེས་བསྟན་པ་ནི། དེས་ན་ཞེས་བྱ་བའོ། །མངོན་སུམ་གྱི་དབང་པོ་ལས་བྱུང་བ་ཉིད་ནི་རྗེས་སུ་དཔག་པ་ལ་སོགས་པ་ལས་ཐ་དད་པའི་རྒྱུ་མཚན་མ་ཡིན་ཏེ། དེ་མེད་ཀྱང་རང་རིག་པ་ལ་སོགས་པ་མངོན་སུམ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་མ་

ཡིན་ཏེ། དབང་པོ་སྐྱེད་པ་ཉིད་ཅེས་བྱའོ། །སྒྲ་ལས་བྱུང་བ་དང་ཉེ་བར་འཇལ་བ་ལ་སོགས་པ་ནི་རྗེས་སུ་དཔག་པ་ལས་གཞན་པའི་ཚོགས་པའི་བསྐྱེད་བྱ་ནི་ཚད་མ་མ་ཡིན་ཏེ། དེ་བཞིན་དུ་དོན་དང་འབྲེལ་པ་མི་འགྲུབ་པའི་ཕྱིར་རོ། །འགྲུབ་ན་ཡང་རྗེས་སུ་དཔག་པ་ཁོ་ན་ཡིན་ནོ་ཞེས་བསྟན་

པ་ནི་དེའི་ཕྱིར་གཞལ་བྱ་རྣམ་པ་གཉིས་ཞེས་བྱ་བ་སྟེ། སྣང་བཞིན་པའི་རྣམ་པ་གཉིས་ཁོ་ནས་སོ། །དེ་ལྟ་ཡིན་དང་མ་ཁྱབ་པ་ལ་སོགས་པའི་སྐྱོན་ཡང་མེད་དོ། །གལ་ཏེ་རྗེས་སུ་དཔག་པ་ཡང་རང་གི་མཚན་ཉིད་ཁོ་ན་སྟོན་པར་བྱེད་པ་ནི་གཞལ་བྱ་རྣམ་པ་གཉིས་སུ་མི་འགྱུར་བ་ཞེས་ཟེར་བ་

ལ། དེ་ནི་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་སྟེ། མངོན་སུམ་དང་ཅིག་ཤོས་ཀྱི་ཚད་མའི་བྱ་བའི་དབྱེ་བས་གཅིག་ཉིད་རྣམ་པ་གཉིས་སུ་རྣམ་པར་གཞག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཞལ་བྱ་ནི་ཚད་མའི་བྱ་བས་ཉེ་བར་མཚོན་པ་ཡིན་ན། གཉི་ག་ལ་ཡང་ཐ་དད་པར་མི་འགྱུར་

ཏེ། འོན་ཏེ་དེའི་བྱ་བ་དང་བཅས་པ་ཡིན་ན་དོན་དམ་པ་མ་ཡིན་ལ། གཞན་དང་གཞན་དུ་ཉེ་བར་བཞག་པས་གཞན་དང་གཞན་ཡིན་པས་མཐའ་ཡས་པར་འགྱུར་རོ་ཞེས་ཟེར་བ་ནི། གལ་ཏེ་རྟོགས་པའི་དབྱེ་བས་ཞེས་བྱ་བའོ། །དེའི་ཕྱིར་འདི་ནི་དེའི་རང་དང་གཞན་གྱི་ངོ་བོ་དག་གིས་

ཞེས་བྱ་བའི་དབྱེ་བའི་མཚན་ཉིད་ནི་མི་རུང་ངོ་། །ཅི་ལས་ཤེ་ན་དོན་དམ་ཞེས་བྱ་བ་སྟེ། དེ་དག་གིས་ཉེ་བར་མཚོན་པ་ནི་གཅིག་ཉིད་དོ་ཞེས་བྱ་བའི་དོན་ཏོ། །མཐའ་མེད་པ་ཉིད་ནི་དེ་ཉེ་བར་གནས་ཀྱང་དེ་ཉིད་ཀྱི་ནང་གི་དབྱེ་བ་ལས་སོ་ཞེས་བསྟན་པ་ནི། ལྟོས་པས་བྱས་པས་ཞེས་བྱ་བ་

Vol. 181 · folio 36b

སྟེ། ཉེ་བར་དམིགས་པས་སོ། །དོན་དམ་པ་ནི་མངོན་སུམ་དུ་སྣང་བ་ཡིན་ཏེ། དེ་ལས་དོན་བྱེད་པར་དམིགས་པའི་ཕྱིར་འདིས་ནི་དེའི་བྱ་བ་ཉེ་བར་མཚོན་པར་བརྗོད་དོ། །རྗེས་སུ་དཔག་པ་ལ་ནི་དེ་ལྟར་མཚོན་པ་མ་ཡིན་ལ། མངོན་སུམ་བྱ་བ་བཅས་པར་ཡང་དོན་དམ་དང་ཁོ་ནའོ་

ཞེས་བསྟན་པ་ནི། ཡོད་པ་ཡིན་ཞེས་བྱ་བ་ནི་གང་གི་ཚེ་དམིགས་པས་འདི་བཤད་པ་ནི་རང་གི་ངོ་བོས་ཞེས་བྱའོ། །གལ་ཏེ་དམིགས་པས་ཞེས་བྱ་བས་ནི་ཡོད་པ་ཡིན་ཞེས་བྱ་བ་ལ་སོགས་པ་འཕེན་པ་ཡིན་ནོ། །གང་གི་ཚེ་མི་དམིགས་པའི་མེད་པ་ཡིན་ལ། དེ་ལས་བཟློག་པས་དམིགས་པ་

ཉིད་ནི་ཡོད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། རི་བོང་གི་རྭ་ལ་སོགས་པ་མ་དམིགས་པ་ཞེས་བྱ་བའོ། །དམིགས་པར་བྱ་བ་མེད་པར་ཇི་ལྟར་མི་དམིགས་པ་ཉིད་ཡིན་པ་དེ་བཞིན་དུ་དམིགས་པ་ཡང་དམིགས་པ་མ་ཡིན་པར་བསྟན་པ་ནི། དངོས་པོ་མེད་པ་ནི་ཞེས་བྱ་བའོ། །

དེ་ཡང་ཞེས་བྱ་བ་ནི་དམིགས་པ་མེད་པ་སྟེ། དམིགས་པར་བྱ་བ་བཞིན་དུ་གཞན་གྱིས་རྟོགས་པར་བྱ་བ་ཡིན་ནའོ། །བློའི་མི་དམིགས་པ་མེད་པར་མི་འགྱུར་བའི་ཕྱིར་དོན་གྱིས་གོ་བར་ཉེ་བར་འཇོག་པ་ཡིན་ན། ཐུག་པ་མེད་པར་འགྱུར་ལ་གང་གི་ཕྱིར་གང་ཁོ་ན་ལ་ཉེ་བར་གཞག་པ་མ་བྱས་པ་དེ་

ཁོ་ན་ལ་མེད་པར་འགྱུར་རོ། །དེ་བསྟན་པ་ནི། ཐུག་པ་མེད་པའི་ཕྱིར་ཞེས་བྱ་བ་སྟེ། བློ་མ་དམིགས་པས་མེད་པ་ཡིན་ན་ཐུག་པ་མེད་པར་བརྗོད་དོ། །དངོས་པོ་དང་དམིགས་པ་དག་གཅིག་ཉིད་ཡིན་ན། མི་དམིགས་པ་དང་དངོས་པོ་ཇི་ལྟ་མི་འགལ་བས་དངོས་པོ་ཡོད་པ་དེ་བཞིན་དུ་

དམིགས་པ་ལ་ཡང་འགྱུར་རོ་ཞེས་བསྟན་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བ་སྟེ་ཤེས་པ་གཅིག་ལ་འདྲེ་བ་དམིགས་པ་ན་དེ་ལས་གཞན་པ་དམིགས་པ་མེད་པ་ངེས་པར་བྱེད་པ་ཡིན་ཏེ་མ་འདྲེས་པའི་ཕྱིར་རོ། །དེའི་ཕྱིར་ཐུག་པ་མེད་པ་དང་། མེད་པ་རྟོགས་པ་ཞེས་བྱ་བའི་སྐྱོན་ཡང་མེད་དོ་ཞེས་ཟེར་བ་ནི།

འོན་ཏེ་གཞན་དམིགས་པ་ཉིད་ཅེས་བྱ་བའོ། །འདི་ལ་ལན་བཏབ་ཟིན་ཞེས་བྱ་བ་ནི་དངོས་པོ་མེད་པར་ནི་རྟོགས་པ་མ་ཡིན་ནོ་ཞེས་བྱ་བས་སོ། །གཞན་དམིགས་པ་ཉིད་ནི་དེ་ལས་གཞན་པ་དམིགས་པ་མེད་པར་ངེས་པ་ཁོངས་སུ་གཏོགས་པར་བྱེད་པ་འདི་ཡང་ཚད་མ་མ་ཡིན་པར་བརྗོད་དེ།

Vol. 181 · folio 37a

གང་གི་ཕྱིར་ཚད་མ་ཅན་མ་ཡིན་པའི་ངེས་པ་ནི་ཚད་མ་མ་ཡིན་ནོ། །གཞན་རྟོགས་པའི་ངོ་བོ་ཉིད་དེ་ལས་གཞན་པ་མི་རྟོགས་པའི་ངོ་བོ་རང་རིག་པ་ཡིན་པས། ཐུག་པ་མེད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། གཞན་དམིགས་པ་དེ་ཉིད་ཅེས་བྱ་བའོ། །རང་རིག་པ་གཞན་ལས་

དབེན་པ་དེ་ལས་མི་དམིགས་པ་གཞན་དམིགས་པ་མེད་པའི་ངོ་བོར་མི་འགྱུར་བར་བསྟན་པ་ནི། དེ་ལྟ་ན་ཡང་དེ་མེད་དོ་ཞེས་བྱ་བའོ། །གཅིག་རིག་པ་ཁོ་ན་གཞན་རིག་པར་བྱེད་པ་མ་ཡིན་པ་ནི་གཞན་དུ་མི་དམིགས་པ་ཡིན་གྱི་མེད་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་ན་དེ་དམིགས་པ་ཁོ་ན་དངོས་པོ་ཡིན་པའི་

ཕྱིར་དེ་ལས་གཞན་པ་དམིགས་པ་དག་ཁོ་ན་ཡོད་པ་དང་མེད་པ་དག་གོ། །དེ་བསྟན་པ་ནི། དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །སོ་སོར་ངེས་པའི་ངོ་བོ་གཞལ་བྱ་སྔ་མ་མ་ཡིན་ནམ། དེ་ལ་དེའི་དམིགས་པ་གཞན་ཡིན་པའི་ཕྱིར། ཇི་ལྟར་དམིགས་པ་ཡོད་པ་ཡིན་སྙམ་དུ་སེམས་པ་ནི། གལ་ཏེ་

སོ་སོར་ངེས་པ་ཉིད་ཅེས་བྱ་བའོ། །འགའ་ལ་ཡང་ཞེས་བྱ་བ་སྟེ། རྗེས་སུ་དཔག་པ་ལ་དེ་བཞིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དམིགས་པར་བྱ་བ་ཉིད་ཀྱི་ངོ་བོ་རྗེས་སུ་དཔག་པར་བྱ་བ་ཉེ་བ་མ་ཡིན་པའི་ཕྱིར། མངོན་སུམ་ལ་མི་སྣང་བར་ཅི་ལས་ཤེས་ཤེ་ན་གལ་ཏེ་འགས་ཀྱང་ཞེས་བྱ་བ་

སྨོས་ཏེ། དམིགས་པར་བྱ་བ་མ་ཡིན་པའི་ཡུལ་ལ་རྗེས་སུ་དཔག་པ་ཚད་མ་མ་ཡིན་པ་ཡིན་ཏེ་འབྲེལ་པ་མེད་པའི་ཕྱིར་རོ། །འགས་ཀྱང་ཞེས་བྱ་བ་ནི་རང་གིས་སམ་གཞན་གྱིས་མ་དམིགས་པའི་ངོ་བོ་སྟེ། རྗེས་སུ་དཔག་པ་ལ་ཡང་མ་རྟོགས་བཞིན་པ་ནི་དེ་ལྟར་ཡིན་པའི་ཕྱིར་དམིགས་པར་

བྱ་བ་མ་ཡིན་པར་མི་རིགས་པར་ཟེར་བ་ནི། དེའི་ཚེ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ཡང་ཞེས་བྱ་བ་ནི་དམིགས་པར་བྱ་བ་མ་ཡིན་པ་ལ་ཡང་ངོ་། །དམིགས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི། རང་གི་ངོ་བོ་དམིགས་པ་མེད་ཀྱང་ངོ་ཞེས་བྱ་བ་སྟེ་སྣང་བ་དམིགས་པའོ། །ཕྱིས་ཞེས་བྱ་བ་ནི་

ཐོབ་པའི་དུས་སུའོ། །སྔར་ཞེས་བྱ་བ་ནི་རྗེས་སུ་དཔག་པ་འཇུག་པའི་དུས་སུའོ། །ཡོད་པ་ཉིད་ཇི་ལྟར་ཡིན་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་དུས་ནའོ། །ཕྱིས་ཉིད་ཅེས་བྱ་བ་ནི་ཐོབ་པའི་དུས་སུའོ། །དམིགས་པར་བྱ་བ་ཉིད་དུ་རྟོགས་པ་ཞེས་བྱ་བ་ནི་ཚད་མས་རྟོགས་པའི་ཕྱིར་རོ། །

Vol. 181 · folio 37b

རྗེས་སུ་དཔག་པའི་དུས་སུ་དེ་ལྟར་རྟོགས་པ་ནི་མི་སྣང་བ་ཉིད་དུ་འགྱུར་རོ་ཞེས་ཟེར་བ་ནི་དམིགས་པར་བྱ་བ་ཉིད་དུ་ཞེས་བྱ་བའོ། །གཞན་གྱི་ཚེ་ཡང་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་དུས་སུ་ཡང་ངོ་། །གཞན་དུ་ཞེས་བྱ་བ་ནི་དམིགས་བྱ་མ་ཡིན་པའོ། །གཞན་དུ་རྟོགས་ཞེས་བྱ་བ་ནི་རྟོགས་བཞིན་པ་

ཉིད་ཀྱིས་སོ། །འབྱུང་བར་འགྱུར་བའི་ཡོད་པ་ལ་ཞེས་བྱ་བ་ནི་ཐོབ་པའི་ཤེས་པས་ཡུལ་ལ་ཡིན་གྱི། རྗེས་སུ་དཔག་པའི་དུས་སུ་འབྱུང་བར་འགྱུར་བའི་དམིགས་བྱ་མ་ཡིན་པ་ལ་ནི་མ་ཡིན་ནོ། །དམིགས་པར་བྱ་བ་དེ་ཉིད་གཞན་གྱི་ངོ་བོས་ཞེས་བྱ་བ་ནི་སྔར་མཐོང་བའི་ངོ་བོས་སམ་ཞེས་པའི་

རྣམ་པའི་ངོ་བོས་སོ། །རང་གི་མཚན་ཉིད་དོན་དམ་པ་ཡིན་དུ་ཟིན་ཀྱང་རྗེས་སུ་དཔག་པའི་ཡུལ་དོན་དམ་པ་མ་ཡིན་པར་ཟེར་བ་ནི། ལྟོས་པ་བྱས་པའི་ཕྱིར་ཞེས་བྱ་བའོ། །དེ་ལྟར་རྗེས་སུ་དཔག་པས་སྒྲོ་བཏགས་པའི་ངོ་བོ་ནི་དངོས་པོ་མ་ཡིན་པ་དེས་ན་གཉི་གའི་ངོ་བོ་ཉིད་མེད་པའི་ཕྱིར་དངོས་པོའི་

མཚན་ཉིད་འདྲེས་པར་བསྟན་པ་ནི། ཚད་མ་གཅིག་གིས་གཉི་གའི་རང་བཞིན་དུ་ཞེས་བྱ་བ་སྟེ། སྤྱི་ནི་ལྟོས་པ་ཅན་ཡིན་པའི་ཕྱིར་དངོས་པོ་མ་ཡིན་ནོ། །ཡང་ན་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱང་དོན་དམ་པ་པ་མ་ཡིན་ཏེ། ཤེས་པས་བསྟན་པ་ཉེ་བར་མཚོན་པའི་སྔོན་པོ་ལ་སོགས་པ་

ནི་བདེན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚད་མ་ཉིད་དུ་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་གོ། །ཐོབ་བྱ་གང་ཞེས་བྱ་བ་ནི་གཉི་ག་ཡང་ངོ་། །གལ་ཏེ་གཞན་གྱི་ངོ་བོས་དེ་རྟོགས་པ་ཇི་ལྟར་ཡིན། གང་གི་ཕྱིར་དཀར་པོ་ནི་སེར་པོ་ཉིད་ཀྱིས་རྟོགས་པ་མ་ཡིན་ནོ་སྙམ་

དུ་སེམས་པ་ལ། ཇི་ལྟ་བ་བཞིན་མངོན་ཞེན་མིན་པའི་ཕྱིར། །ཞེས་བྱ་བ་སྟེ། འཁྲུལ་པས་ནི་དཀར་པོ་ཡང་སེར་པོ་ཉིད་དུ་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །འཁྲུལ་པ་ཡིན་ཡང་དཀར་པོ་ཉིད་སེར་པོ་ཞེས་ཅི་ལས་ཤེས་ཤེ་ན། དེ་ལྟར་མངོན་པར་ཞེན་པ་ཁོ་ནས་སོ། །དེའི་ཕྱིར་མེད་

པའི་ཡུལ་འཁྲུལ་པ་ཉིད་ཡིན་ནོ་ཞེས་ཟེར་བ་ནི་མ་དཔྱད་པ་ཁོ་ནའོ། །རྟོགས་ནས་ཞེས་བྱ་བ་འདིས་འཁྲུལ་པ་ཉིད་རྗེས་སུ་བརྗོད་ནས་ཚད་མ་མིན་ཞེས་བྱ་བ་ལ་སོགས་པར་སྒྲུབ་པར་བྱེད་པའོ། །གལ་ཏེ་ཡང་རང་གི་རྣམ་པ་མཐོང་བ་ཐོབ་བྱ་ཉིད་དུ་སྒྲོ་འདོགས་པར་བྱེད་ལ། ཐོབ་བྱ་ནི་མངོན་པར་

Vol. 181 · folio 38a

འདོད་པའི་བསམ་པས་འཛིན་པ་སྟེ་བསམ་པ་ཇི་ལྟ་བ་བཞིན་དུ་འཐོབ་པར་བྱེད་ཅིང་མི་སླུ་བར་བྱེད་པ་ནི་ཚད་མ་ཡིན་ཏེ། མངོན་སུམ་བཞིན་ནོ་ཞེས་བསྟན་པ་ནི། བསམ་པ་ལ་ནི་ཞེས་བྱ་བའོ། །ཇི་ལྟར་བསམ་པ་ཐོབ་པ་ཡིན་ན། གཞན་ནི་གཞན་གྱི་རྣམ་པས་རྟོགས་

པའམ་འཁྲུལ་པ་ཉིད་ཇི་ལྟར་ཡིན་ཞེས་བསྟན་པ་ནི། རྣམ་པ་གཞན་གྱིས་ཀྱང་རྟོགས་པ་ཞེས་བྱ་བ་སྟེ། རང་གི་རྣམ་པ་མཐོང་ནས་སེམས་ལ་ཕྱི་རོལ་དུ་སྒྲོ་འདོགས་པར་མཐོང་བའི་ཕྱིར་འགལ་བ་མེད་དོ། །གལ་ཏེ་བསམ་པ་ཐོབ་ན་ཐོབ་པར་བྱ་བ་ཁོ་ན་སྣང་ངོ་ཞེས་ཅིའི་ཕྱིར་མ་རྟོགས་ཞེས་

ཟེར་བ་ལ། ཕྱོགས་འདི་ལ་ཞེས་བྱ་བ་སྟེ། ཇི་བཞིན་མངོན་ཞེན་མིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་དངོས་པོར་འཛིན་པའི་རྣམ་པར་རྟོག་པ་བཀག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསམ་པ་ནི་རྟོགས་པ་མ་ཡིན་ནམ་ཇི་ལྟར་བསམ་པ་ཐོབ་པ་ནི་མི་སླུ་བ་ཡིན་ལ། དེ་ཡོད་ན་ཇི་

བཞིན་མ་ཡིན་པའི་དོན་དུ་མངོན་པར་ཞེན་པ་ཇི་ལྟར་ཡིན་སྙམ་དུ་སེམས་པ་ལ། གཞན་དུ་ཡང་ཞེས་བྱ་བ་ནས་རིགས་པ་མ་ཡིན་གྱི་ཞེས་བྱ་བའི་བར་དུའོ། །ལན་ནི་འདི་ནི་འཆད་པར་བྱེད་པ་རྣམས་ཀྱིས་རྟོགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་སེམས་པ་པོ་ནི་སྣང་བའི་

དབྱེ་བ་ལས་ཤེས་པའི་སྣང་བ་དང་ཕྱི་རོལ་དག་གི་དབྱེ་བ་མཐོང་ནས་དེ་དག་ལ་གཅིག་པ་ཉིད་དུ་ཞེན་པ་ནི་ཇི་བཞིན་མ་ཡིན་པའི་དོན་དུ་མངོན་པར་ཞེན་པ་རིག་གོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ལྟོས་ནས་ཕྱི་རོལ་ལས་གཞན་པ་རང་གི་རྣམ་པ་མཐོང་བའི་ཕྱིར། ཇི་ལྟར་བསམ་པ་དེ་རྟོགས་པའི་ངོ་བོ་ཞེས་ཟེར་

བ་ནི་དེ་ཉིད་དུ་ཞེས་བྱ་བ་སྨོས་སོ། །ཐ་སྙད་བྱེད་པ་པོའི་སྐྱེ་བོ་ལ་ལྟོས་ནས་བསམ་པ་ལ་མི་སླུ་བ་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། རྣམ་པར་རྟོག་པ་རྣམས་ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་རིག་པ་པོ་ལ་ལྟོས་ནས་འཁྲུལ་པ་ཡིན་གྱི་ཅིག་ཤོས་ལ་ནི་བསམས་པ་ལ་མི་སླུ་བ་ཡིན་ཞེས་བྱ་བའི་དོན་ཏོ། །གཉིས་

ན་ཞེས་བྱ་བ་ནི་རྗེས་སུ་དཔག་པ་རྟོག་པ་ཡིན་པའི་ཕྱིར། མ་འོངས་པའི་ཐོབ་བྱ་ལ་རེག་པ་ཅན་ཡིན་གྱི་མངོན་སུམ་ནི་མ་ཡིན་ཏེ། རང་གི་ནུས་པ་འཛིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པས་གསལ་བར་ནི། །ཞེས་བྱ་བའོ། །ཡུལ་རུང་ཅན་གྱིས་མི་ཤེས་པའི་སྟེ། མི་གསལ་

Vol. 181 · folio 38b

བའི་རྣམ་པ། རང་གིས་ཤེས་ཕྱིར་དེ་ཤེས་ཡིན། །ཞེས་བྱ་བའི་རིགས་པས་རང་གི་ངོ་བོ་ཉེ་བར་གནས་པ་ཞེས་བྱ་བར་སྦྱར་ཏེ། ཉེ་བར་གནས་པ་དང་ཉེ་བར་གནས་པ་མ་ཡིན་པ་གང་ལ་ཡོད་པ་དེའོ། །རང་གི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་ཐ་དད་པའི་རྟོག་པ་མེད་པའོ། །རྣམ་པར་བརྟག་པ་འབྱུང་

བར་འགྱུར་བ་ཞེས་བྱ་བ་ནི། སྔ་མ་དང་ཕྱི་མར་གྱུར་པའི་དངོས་པོ་རྣམས་ཀྱི་རྒྱུན་གྱི་བརྟག་བྱ་བའོ། །དེའི་ཞེས་བྱ་བ་ནི་མངོན་སུམ་ལའོ། །རྒྱུན་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་རྒྱུན་སྐད་ཅིག་མ་གཞན་ལའོ། །དེ་འདི་མངོན་སུམ་ལས་འབྱུང་བར་འགྱུར་བའི་རྣམ་པར་རྟོག་པ་ལ་རྒྱུན་དང་དེའི་

རིགས་ལ་འཇུག་པ་མ་ཡིན་པར་བསྟན་པ་ནི། འགལ་ཏེ་ཞེས་བྱ་བའོ། །སྐད་ཅིག་གང་གཟུང་བ་དེའི་རྒྱུན་ལ་མངོན་སུམ་ལས་བྱུང་བའི་རྣམ་པར་རྟོག་པས་ལྷག་པར་ཞེན་པར་བྱེད་དོ། །དེའི་ཕྱིར་འཇུག་པའི་ཡུལ་ལ་ལྟོས་ནས་ཀྱང་ཁྱད་པར་གྱི་ཡུལ་ཅན་མ་ཡིན་ནམ། རྗེས་སུ་དཔག་པ་

ནི་རྒྱུ་གཞན་དང་ཐུན་མོང་བས་དེ་སྟོན་པར་བྱེད་ཅིང་དེ་ལས་ལྟོས་ནས་ཀྱང་སྤྱིའི་ཡུལ་ཅན་ཡིན་ནོ་སྙམ་དུ་སེམས་པ་ལ་མངོན་སུམ་གྱི་བྱ་བ་མི་དཔྱད་པར་རྣམ་པར་རྟོག་པ་ཙམ་ལ་དཔྱོད་པར་བྱེད་པ་ནི་གཉི་ག་ཡང་སྤྱིའི་ཡུལ་དུ་མཚུངས་སོ། །སྐད་ཅིག་མའི་མངོན་སུམ་ལྟོས་པ་ཡིན་ན་ཡང་

རྟགས་ཀྱི་མངོན་སུམ་ལ་ལྟོས་ནས་ཁྱད་པར་མཚུངས་པ་ཡིན་ཏེ། སྐད་ཅིག་མ་གང་གཟུང་བ་དེའི་རྒྱུན་བཞིན་དུ་འབྲས་བུ་གང་གཟུང་བ་དེའི་རྒྱུན་ལ་ངེས་པར་བྱེད་པ་ཡང་ཡིན་ནོ་ཞེས་བསྟན་པ་ནི། དེ་དང་འབྲེལ་པ་གཟུང་བ་ནི་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་འབྱུང་བར་འགྱུར་རོ། །འབྲེལ་པ་

ཅན་ཞེས་བྱ་བ་ནི་དང་པོའོ། །རྗེས་སུ་དཔག་པ་ལ་བསྒྲུབ་པར་བྱ་བ་དང་འབྲེལ་པ་ཅན་གྱི་རྟགས་ཀྱི་རྟོགས་པ་མངོན་སུམ་གྱི་རྗེས་ལ་འབྱུང་བ་ལ་རྒྱུ་ནི་འབྱུང་བར་འགྱུར་བ་ལའོ། །དེའི་རིགས་ཉིད་ནི་མངོན་སུམ་གྱི་ཡུལ་ཡིན་ནོ། །གང་ལ་ཞེ་ན། རྗེས་སུ་དཔག་པའི་ཡུལ་ལ་ནི་རྗེས་སུ་

དཔག་པར་ཞེས་སྦྱར་རོ། །དེར་ནི་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལའོ། །འདི་ལ་ཞེས་བྱ་བ་ནི་མངོན་སུམ་ལས་བྱུང་བའི་རྟོགས་པ་ལའོ། །འདིར་ནི་ཞེས་བྱ་བ་ནི་མངོན་སུམ་ལའོ། །འདི་ཉིད་ལ་ནི་གསལ་བ་གཅིག་ལའོ་ཞེས་བྱ་བ་མི་རིགས་པར་བསྟན་པ་ནི་མ་ཡིན་ཏེ། བྱུང་བ་དང་

Vol. 181 · folio 39a

འབྱུང་བར་འགྱུར་བ་ཞེས་བྱ་བ་རྒྱུན་གཞན་ལས་ལོག་པ་ཡང་སྤྱི་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐོབ་པར་བྱ་བ་ནི་འཇུག་པར་བྱ་བ་སྟེ་ཐོབ་པར་བྱ་བའི་ཡུལ་ཉིད་མེད་ན་ཞེས་བྱ་བ་ནི་ད་ལྟར་བ་སྟེ་འཁྲུལ་པ་ལ་ཡང་མཚུངས་སོ། །མཐོང་ངོ་ཞེས་བྱ་བ་ནི་ནོར་བུའི་འོད་ལ་

ནི་ནོར་བུར་ཤེས་པའོ། །ཕྱི་མ་རྣམས་ཀྱང་ཞེས་བྱ་བ་ནི་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་རོ། །ཤེས་པའི་སྐད་ཅིག་མ་དང་པོ་ཁོ་ནས་བཟུང་ཞིང་ཁོངས་སུ་གཏོགས་པའི་ངེས་པ་བས་ངེས་པ་མ་ཡིན་ནམ། དེར་མ་ངེས་ན་དེའི་ཡུལ་དུ་དཔྱོད་པ་མི་རིགས་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ་

ཐེ་ཚོམ་ཟ་ན་ནི་ཞེས་བྱ་བ་སྨོས་ཏེ། ངེས་པའི་མཐར་ཐུག་པའི་བྱ་བ་ལ་ཚད་མ་རྫོགས་ན་ཐེ་ཚོམ་མ་ཡིན་ཏེ་ཐམས་ཅད་ལ་དེ་ལྟར་ཐལ་བར་འགྱུར་བའི་ཕྱིར་རོ། །ཚད་མ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི། ཐེ་ཚོམ་ཟ་བས་གནོད་པའི་བྱ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་འཇུག་པའི་

སྔ་རོལ་དུ་འཇུག་པ་པོ་དེ་མེད་པའོ། །ཐེ་ཚོམ་ཟ་བའི་ཡུལ་ཅན་གྱི་ཤེས་པ་ཉིད་ཚད་མ་མ་ཡིན་པ་ལས་འཇུག་པ་ཉིད་ཡིན་པར་བསྟན་པ་ནི། རེ་ཞིག་མཐོང་སྟེ་ཞེས་བྱ་བ་ནི་མ་ངེས་པའི་ཚད་མ་ཉིད་ལས་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །གསལ་བའི་མངོན་སུམ་ལ་ནི་མི་གསལ་བ་

འབྱུང་བར་འགྱུར་ཞིང་མི་གསལ་བའི་རྗེས་སུ་དཔག་པ་ལ་ནི་འཇུག་པའི་ཡུལ་གསལ་བ་སྟེ། བརྟགས་པ་ནི་མི་གསལ་བ་ཡིན་ལ་ཅིག་ཤོས་ནི་གསལ་བ་ཡིན་ནོ། །གསལ་བ་ཡང་སྒྲོ་འདོགས་པར་བྱེད་པ་ནི་རྗེས་སུ་དཔག་པ་ཡིན་ཏེ། རྗེས་སུ་དཔག་པ་གཞན་བཞིན་ནོ་ཞེས་བསྟན་

པ་ནི། ཡང་ན་རྣམ་པ་གཞན་དུ་ཞེས་བྱ་བའོ། །དེ་ནི་མངོན་སུམ་གང་ཡིན་ནོ་ཞེ་ན་གཙོ་བོར་གྱུར་པས་ནི་བྱ་བ་སྨོས་ཏེ། ཤིན་ཏུ་གོམས་པས་རྟོག་པ་མེད་པ་ཡིན་ན་ཁྱད་པར་དུ་འཇུག་པར་བརྗོད་དོ། །རྣམ་པར་རྟོག་པ་དེས་སྦྱོར་བ་ཅན་གྱིས་ཀྱང་ནི་འབྲེལ་པ་ཅན་གྱིས་ཀྱང་ངོ་། །

དེ་མེད་ན་ཡང་ཞེས་བྱ་བ་ནི་རྟོག་པ་མེད་ན་ཡང་ངོ་། །འཇུག་པར་བྱེད་པའི་མངོན་སུམ་ཆ་གང་ལ་ངེས་པ་སྐྱེད་པར་བྱེད་པའི་རྣམ་པར་རྟོག་པ་ཉེ་བར་མཚོན་པར་བྱེད་པ་མ་ཡིན་ནམ། གང་གི་ཕྱིར་མངོན་སུམ་ནི་ཐམས་ཅད་ཀྱི་ཆ་ལ་གསལ་བའི་བྱ་བ་ཅན་ཡིན་པར་བསྟན་པ་ནི།

Vol. 181 · folio 39b

རྗེས་འགྲོ་ལྡོག་པ་དག་ལས་ནི། །ཞེས་བྱ་བའོ། །རྣམ་པར་རྟོག་པའི་འཇུག་པ་ནི་མངོན་སུམ་གྱིས་འཇུག་པ་ལ་ནུས་པ་ཡོད་དོ་ཞེས་རྣམ་པར་བསྒྱུར་ནས་སྦྱར་བ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་ཐ་སྙད་སྒྲུབ་པར་བྱེད་པས་ཕན་མ་ཐོགས་པ་ལ་དྲན་པ་སྔོན་དུ་འགྲོ་བ་ཅན་གྱི་རྟོག་པ་དང་། ངེས་པ་རྗོད་

པར་བྱེད་པ་ལ་སོགས་པའི་དྲན་པ་ནི་མ་མཚོན་པའི་ཡུལ་ལ་མི་འབྱུང་བ་དེ་ཉིད་ཀྱི་ཕྱིར་དྲན་པ་བཞིན་དུ་ཐ་སྙད་དུ་ཡང་འགྱུར་བའི་ཕྱིར་རྟོག་པའི་ནུས་པ་མ་ཡིན་ནོ། །གང་གི་ཕྱིར་རང་ཉིད་མཚོན་པ་ལ་ནི་རང་བཞིན་གྱི་གཏན་ཚིགས་ཀྱང་དོན་མེད་དོ། །དེའི་ཕྱིར་རང་ཉིད་མཚོན་པ་མ་ཡིན་པ་ལ་ནི་རང་བཞིན་གྱི་

གཏན་ཚིགས་སམ་གཞན་གྱིས་ཀྱང་རུང་ཐ་སྙད་ཀྱི་ཕྱིར་ངེས་པར་བྱེད་ལ། དེར་ངེས་ཀྱང་དེའི་དོན་བྱེད་པ་ལ་ངེས་པ་མེད་པའི་ཕྱིར་དེའི་ངེས་པ་ནི་རང་ཉིད་ཀྱང་རྟགས་ཁོ་ན་ལས་ཡིན་པས་སྐྱོན་མེད་དོ། །ལྐོག་ཏུ་གྱུར་པའི་ཡུལ་ལ་འཇུག་པར་བྱེད་པ་ཉིད་ཡིན་ཡང་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་

པ་དག་ལ་མཚུངས་པ་ཡིན་ནོ། །གསལ་བ་དང་མི་གསལ་བའི་དབྱེ་བས་ཞེས་བྱ་བ་ནི་གཟུང་བྱའི་རྣམ་པའི་དབྱེ་བས་སོ། །དེའི་ཕྱིར། བསམ་པ་ལ་ནི་སླུ་མེད་ཕྱིར། །འཁྲུལ་པ་ལ་ཡང་ཚད་མ་ཉིད། །ཅེས་བྱ་བ་ནི་ལེགས་པར་གསུངས་པ་ཡིན་པར་བསྟན་པ་ནི། དེས་ན་གཞན་གྱི་ངོ་བོས་ཞེས་

བྱ་བའོ། །ཚད་མ་ཉིད་ཡིན་ཡང་ཞེས་བྱ་བ་ནི་ཚད་མ་ཉིད་འཁྲུལ་པ་ཉིད་དང་འགལ་བ་མེད་པ་ཡིན་ནོ། །འདི་ཉིད་བསྟན་པ་སྟེ་རྗེས་སུ་དཔག་པ་ནི་དེ་ཁོ་ན་ཉིད་རིག་པར་བྱེད་པ་པོ་རྣམས་ལ་འཁྲུལ་པ་ཡིན་ཏེ། ཐ་སྙད་པ་རྣམས་ལ་ནི་མི་སླུ་བའི་ཕྱིར་ཚད་མ་མ་ཡིན་ནོ། །ནོར་བུའི་འོད་ལ་ནོར་བུའི་

ཤེས་པ་ནི་འཁྲུལ་པ་དང་མི་སླུ་བ་ཅན་ཡང་ཡིན་པ་ཐ་སྙད་པ་རྣམས་ཁོ་ན་ལའོ་ཞེས་པ་ནི་ཁྱད་པར་རོ། །ཕན་ཚུན་ཁྱད་པར་མེད་མོད་ཀྱི་ཞེས་བྱ་བ་ནི་གསེབ་ཀྱི་བུ་གའི་ཕྱོགས་ལ་གཉི་ག་ལ་ཡང་ནོར་བུ་མེད་པའི་ཕྱིར་རོ། །དོན་ཇི་ལྟ་བ་མ་ཡིན་པའི་ཤེས་པ་ཡང་གནོད་པར་བྱེད་པ་འབྱུང་བ་མེད་ན་འཇུག་པར་བྱེད་པ་

མཐོང་ངོ་ཞེས་བསྟན་པ་ནི། མ་མཐོང་ཡང་ཞེས་བྱ་བའོ། །རྗེས་སུ་དཔག་པའི་འཁྲུལ་པ་ལས་ཅིག་ཤོས་ལ་ཁྱད་པར་མེད་པར་བསྟན་པ་ནི། འབྲེལ་པའི་དོན་ལས་ཞེས་བྱ་བ་སྟེ་ཚད་མ་སྐྱེ་བའི་སྟེ་མངོན་སུམ་གྱི་སྐྱེ་བའི་རྒྱུ་མཚན་ནོ། །དེ་བསྟན་པ་ནི་མངོན་སུམ་གྱི་སྐྱེ་བའི་རྒྱུ་མཚན་གང་ཡིན་པ་

Vol. 181 · folio 40a

དེ་ནི་དེ་ལྟ་བུ་ཡིན་ནོ། །དེ་ཡང་དེ་ཡིན་ལ་རྗེས་སུ་དཔོག་པའི་ཤེས་པ་ཡང་ཡིན་པ་ནི་འབྲུ་མང་པོ་པའི་བསྡུ་བ་དང་། བསྒྲུབ་བྱ་ལ་དྲུག་པའི་བསྡུ་བ་སྟེ། མངོན་སུམ་གྱི་རྗེས་སུ་དཔག་པ་བཞིན་དུ་རྗེས་སུ་དཔག་པ་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་

བྱའི་བཤད་པ་ནི་རྗེས་སུ་དཔག་པ་ནི་ཞེས་བྱ་བའོ། །དཔེ་ནི་མངོན་སུམ་ཡང་ཞེས་བྱ་བའོ། །གལ་ཏེ་མངོན་སུམ་གྱིས་སྔོན་པོར་མཐོང་བ་ལ། རྗེས་སུ་དཔག་པ་ཇི་ལྟར་དཔེ་ཡིན་སྙམ་དུ་སེམས་པ་ལ། རྗེས་དཔག་མེད་པར་ཞེས་བྱ་བ་ནི་ལས་ཀྱི་ཚིག་སྟེ། སྔོན་པོ་མཐོང་བ་ནི་ངེས་པ་ཡོད་ན་

མ་གོམས་པའི་ཆེད་དུ་འཇུག་པར་བྱེད་པ་ཡིན་ལ། ངེས་པ་ཡང་རྗེས་སུ་དཔག་པ་ཡིན་པའི་ཕྱིར་མངོན་སུམ་ཚད་མར་བྱེད་ན་རྗེས་སུ་དཔག་པར་ཐོབ་པར་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པའི་ཚད་མ་ཉིད་ཀྱི་རྒྱུ་མཚན་མི་སླུ་བའི་ངོ་བོའི་མངོན་སུམ་ཡིན་པར་བསྟན་པ་ནི། དེ་བཞིན་

རྗེས་སུ་དཔག་ཅེས་བྱ་བ་ནི་བྱེད་པ་པོའི་ཚིག་གོ། །ལ་ལར་དང་པོར་ཞེས་བྱ་བ་ནི་མངོན་སུམ་མམ་རྗེས་སུ་དཔག་པར་ཡང་ངོ་། །མངོན་སུམ་ནི་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་མ་ཡིན་ལ། རྗེས་སུ་དཔག་པ་ནི་མངོན་སུམ་སྔོན་དུ་འགྲོ་བ་ཅན་མ་ཡིན་ནམ་ཞེས་བྱ་བའི་ཁྱད་པར་ཡོད་པ་ཇི་

ལྟར་ཁྱད་པར་མེད་པ་ཡིན་སྙམ་དུ་སེམས་པ་ལ། རྗེས་དཔག་ལས་ཞེས་བྱ་བའོ། །འདས་མ་ཐག་པའི་ཚིག་རྐང་བཤད་པ་ནི། འོན་ཏེ་འགྱུར་ན་ཡང་ཞེས་བྱ་བ་ནི་སྔ་མའོ། །རྗེས་སུ་དཔག་པ་མེད་པ་ཡང་ཞེས་བྱ་བ་ནི་ལས་ཀྱི་ཚིག་གོ། །གལ་ཏེ་ན་མངོན་སུམ་སྐྱེ་བ་ལ་ནི་རྗེས་སུ་དཔག་པ་

ལ་མི་ལྟོས་པ་ཐ་སྙད་དུ་ནི་ལྟོས་པ་ཁོ་ན་ཡིན་ཏེ། གཞན་དུ་ན་ཚད་མ་ཉིད་དུ་མི་རིགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། རྗེས་དཔག་མེད་པར་མངོན་སུམ་ནི། །ཞེས་བྱ་བ་སྟེ། སྒྲུབ་པར་བྱེད་པ་རྗེས་སུ་དཔག་པ་ཡིན་ཞེས་བྱ་བར་སྦྱར་རོ། །བདེན་ཏེ་ཐ་སྙད་དུ་ནི་མངོན་སུམ་རྗེས་སུ་དཔག་པ་ལ་ལྟོས་ལ་རྗེས་སུ་དཔག་པ་ནི་དེ་

ལ་ལྟོས་པ་མ་ཡིན་ཏེ། རང་ཉིད་ངེས་པའི་བདག་ཉིད་ཡིན་པ་ཉིད་ཀྱིས་ཐ་སྙད་འདོགས་པ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་ཡང་འགྱུར་ན། མངོན་སུམ་ནི་ཞེས་བྱ་བའོ། །སྔར་ཉམས་སུ་མྱོང་བའི་བག་ཆགས་ལས་བྱུང་བའི་རྗེས་སུ་དཔག་པ་ནི་དྲན་པ་ཡིན་ལ་ཇི་ལྟར་ཉམས་སུ་མྱོང་བ་ཁོ་ན་

Vol. 181 · folio 40b

དངོས་པོའི་ད་ལྟར་བ་ཉིད་རྣམ་པར་གཞག་པ་མི་བྱེད་དོ། །མངོན་སུམ་ནི་ཕྱོགས་ཀྱི་ཆོས་ངེས་པའི་ཡུལ་ཅན་གང་དྲན་པའི་ཡུལ་ལ་ཁྱབ་པར་བྱེད་པ་སྟེ་སྟོན་པ་ཡིན་ནོ། །ཡུལ་ཅན་གཞན་གྱིས་དེའི་ཡུལ་ཅན་ལ་ཁྱབ་པ་ནི་མ་ཡིན་ཏེ། དེ་ལྟར་མ་དམིགས་པའི་ཕྱིར་རོ་ཞེས་བསྟན་པ་ནི།

མངོན་སུམ་མིན་ན་ཞེས་བྱ་བའོ། །དྲན་པ་ནི་ཇི་ལྟར་ཉམས་སུ་མྱོང་བ་ཁོ་ན་ཡིན་ནོ་ཞེས་བསྟན་པ་ནི། རྗེས་སུ་དཔག་པས་ཞེས་བྱ་བའོ། །དྲན་པ་ནི་ཡུལ་དང་དུས་ལ་སོགས་པས་ཐག་རིང་བའི་ཡུལ་ཅན་ཉིད་དུ་བསྟན་པ་ནི། རྩིག་པ་ལ་སོགས་པ་ཞེས་བྱ་བའོ། །མངོན་སུམ་གྱིས་ཞེས་བྱ་

བ་ནི་ཁྱབ་པར་བྱ་བའི་མངོན་སུམ་གྱི་བྱ་བ་ལས་འབྱེད་པའི་རྗེས་སུ་དཔག་པ་དྲན་པ་ཙམ་ཉིད་ཀྱིས་མ་ངེས་པའི་ཡུལ་ལ་སོགས་པའི་ཡུལ་ཅན་ཉིད་ཡིན་པར་ཐེ་ཚོམ་ཟ་བ་ཉིད་དོ། །རྗེས་སུ་དཔག་པ་དང་བྲལ་བའི་ནོར་བུའི་འོད་ལ་ནོར་བུའི་ཤེས་པ་ལ་ཡུལ་ལ་ཕྱིན་ཅི་ལོག་པའི་ཕྱིར། ངེས་པའི་ཡུལ་

ཡོངས་སུ་མི་འཛིན་པ་ནི་གཉི་ག་ལ་ཡང་མཚུངས་པ་ཡིན་པར་བསྟན་པ་ནི། ནོར་བུའི་འོད་ལ་ཞེས་བྱ་བ་སྟེ། ཉམས་སུ་མྱོང་བ་ཡུལ་ངེས་པ་ཅན་ཡིན་ན། དྲན་པ་ཡུལ་ངེས་པ་ཅན་ཡིན་ཏེ། ཡུལ་ངེས་པ་ལ་སོགས་པའི་ཁྱབ་པ་ཉམས་སུ་མྱོང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིམ་

གྱིས་ངེས་པར་མཐོང་བ་ཅན་ནི་ཐེ་ཚོམ་ཡིན་ལ་གཅིག་མེད་པ་ངེས་པར་འགྱུར་རོ་སྙམ་དུ་སེམས་པ་ནི་ཐེ་ཚོམ་ནི་ཞེས་བྱ་བའོ། །རིམ་གྱིས་སམ་རིམ་གྱིས་མ་ཡིན་པར་ཡང་རུང་སྟེ། ཐེ་ཚོམ་ནི་ངེས་པར་མཐོང་བ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ངེས་པར་གཟུང་བ་མི་བྱེད་པར་བསྟན་པ་ནི། གཉི་

གའི་ཆ་ལ་ཞེས་བྱ་བ་སྟེ། དེའི་ཆ་གཉི་ག་ངེས་པར་འཛིན་པ་མ་ཡིན་ནོ། །ཆ་ཕྱེད་པ་མེད་པ་ཞེས་བྱ་བ་ནི། གལ་ཏེ་ཡང་གཞན་ལས་ལོག་པར་ངེས་པ་ཡིན་ཡང་། དེ་གཉི་ག་ལས་གཅིག་ངེས་པར་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ཡང་མངོན་སུམ་གཞན་ཁོ་ན་ཡུལ་

ངེས་པར་བྱེད་པས་ཚད་མ་ཡིན་གྱི་རྗེས་སུ་དཔག་པས་ནི་མ་ཡིན་ཏེ། ཡུལ་ཉེ་བར་མ་བསྟན་པས་ཞིག་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། དེས་ན་ཆ་ཕྱེད་པ་མེད་པ་དེ་ཞེས་བྱ་བ་སྟེ། དེ་དག་གི་དབྱེ་བ་ཡིན་ན་བདེན་མོད་ཀྱི་ཚད་མ་གཅིག་གི་བྱ་བ་ལ་ཕྲལ་བའི་དབྱེ་བ་ཡིན་པས་དབྱེ་བ་ལས་བྱུང་

Vol. 181 · folio 41a

བའི་སྐྱོན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནོར་བུའི་འོད་ལ་ནོར་བུའི་ཤེས་པ་ཕྱིན་ཅི་ལོག་པ་ཡང་རྗེས་སུ་དཔག་པ་དང་ལྷན་ཅིག་བྱ་བ་གཅིག་པ་ཡིན་གྱི། བྱ་བ་ཐ་དད་པའི་སྐྱོན་གྱིས་གོས་པ་མ་ཡིན་པར་བསྟན་པ་ནི་ཕྱིན་ཅི་ལོག་ཀྱང་ཞེས་བྱ་བ་དང་། སེལ་བ་ཡིན་

ཞེས་བྱ་བ་དང་སྦྱར་ཏེ་མངོན་སུམ་དང་རྗེས་སུ་དཔག་པའི་སྟོབས་ཀྱིས་སྔ་རོལ་ཉིད་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་ནོར་བུའི་འོད་ལ་ནོར་བུའི་ཤེས་པ་ཚད་མ་མ་ཡིན་པ་ཁོ་ནར་གསུངས་སོ་ཞེས་བྱ་བ་སེལ་བ་ཡིན་པར་བསྟན་པ་ནི། རྗེས་སུ་དཔག་པ་གཞན་

ལས་ཞེས་བྱ་བའོ། །དེ་རྗེས་སུ་དཔག་པའོ་ཞེས་ལོག་པར་རྟོགས་པས་ཟེར་བ་ནི། དེ་ཚད་མ་གང་ཡིན་ཞེས་པའོ། །རང་གི་འདོད་པ་བསྟན་པ་ནི། །དེ་ནི་མངོན་སུམ་ཚད་མ་ཉིད། །ཅེས་བྱ་བ་སྟེ། འཁྲུལ་པ་མེད་པའི་ཁྱད་པར་ནི་བསམས་པའི་ཆ་ལ་འཁྲུལ་པ་བསལ་བའི་ཆེད་དུ་ཡིན་གྱི་བདག་

ཉིད་ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །མངོན་སུམ་ཐམས་ཅད་ཁོ་ན་ངེས་པར་མཚུངས་པ་ཡིན་པའི་ཕྱིར། བདག་ཉིད་ཐམས་ཅད་ཀྱིས་མ་འཁྲུལ་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། མི་སླུ་བས་ན་ཞེས་བྱ་བ་སྟེ། བསམས་པའི་ཆ་ལ་འཁྲུལ་པ་མེད་པས་ཆ་གཞན་ཐམས་ཅད་འཁྲུལ་པ་

ཡིན་པར་བསྟན་པ་ནི་འཁྲུལ་དང་མི་འཁྲུལ་ཞེས་བྱ་བའོ། །ནོར་བུའི་འོད་ལ་ནོར་བུའི་ཤེས་པ་སྤྱིའི་མཚན་ཉིད་ལས་རེ་ཞིག་ཚད་མ་ཡིན་པར་བསྟན་པ་ནི། ཚད་མ་ནི་མི་སླུ་བ་ཅན་ཞེས་བྱ་བའོ། །དེའི་རྒྱུ་མཚན་མ་འཁྲུལ་པ་ཉིད་མི་སླུ་བ་ལས་གཞན་ཉིད་ཡིན་ཞེས་ཟེར་བ་ནི། གལ་

ཏེ་མི་སླུ་བ་ཡང་ཞེས་བྱ་བའོ། །དོན་ཇི་ལྟ་བ་ཉིད་དང་མ་འཁྲུལ་པ་དང་མི་སླུ་བ་རྣམས་དོན་གཞན་མ་ཡིན་པར་བསྟན་པ་ནི། ཡུལ་དང་དུས་ཞེས་བྱ་བའོ། །དེ་སྐད་བརྗོད་པའི་ཕྱིར་ཞེས་བྱ་བ་ནི་གནོད་པ་མེད་པ་ཉིད་དུ་བརྗོད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་རང་གི་ཕྱོགས་ཀྱི་རྩོད་པ་སྟེ། འཁྲུལ་

པ་དང་མི་འཁྲུལ་པ་ཉིད་དུ་ཁོ་ནས་དེ་དག་གི་དབྱེ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་འཁྲུལ་པའི་དོན་ནི་མི་སླུ་བའི་དོན་ཉིད་ཡིན་པའི་ཕྱིར། རྟོག་པ་དང་ཅིག་ཤོས་ཉིད་དུ་དེ་ལས་ཁྱད་པར་མེད་པར་བསྟན་པ་ནི། སྣང་བ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བའོ། །མ་འཁྲུལ་

Vol. 181 · folio 41b

པ་ཉིད་ནི་འདོད་པ་ལ་མི་སླུ་བ་ཅན་ཉིད་དུ་གཉི་ག་ལ་ཡང་ཁྱད་པར་མེད་པར་བསྟན་པ་ནི། ཚད་མའི་ཤེས་པ་ཐམས་ཅད་ཅེས་བྱ་བའོ། །དེ་ཁོ་ན་ཉིད་རིག་པ་པོའི་རྣམ་པར་འཁྲུལ་པ་ཡང་གཉི་ག་ལ་ཡང་འཁྲུལ་པ་མེད་པར་བསྟན་པ་ནི། འཁྲུལ་པ་ནི་ཞེས་བྱ་བའོ། །ཡང་དག་

པའི་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར། མི་སླུ་བ་ཅན་གྱི་ཡང་དག་པའི་ཤེས་པའི་གནས་སྐབས་སུ་མི་སླུ་བའི་དོན་ཅན་གྱི་མ་འཁྲུལ་པ་སྨོས་པས་ཅི་ཞིག་བྱ་ཞེས་བྱ་བ་ཡང་གང་སྨྲས་པ། དེ་ཡང་བསྡུས་པའི་བདག་ཉིད་ཀྱི་སྡུད་པར་བྱེད་པའི་ངག་གི་སྐྱོན་མ་ཡིན་ནོ། །གཞན་དུ་

ན་རྟོགས་པ་དང་བྲལ་བ་ཉིད་ཀྱང་དེ་ལ་ཤེས་པའི་སྣང་བ་གང་ཡིན་ཞེས་བྱ་བའི་གནས་སྐབས་རྟོག་པ་མེད་པ་ཅན་ལས་ཕྱིན་ཅི་ལོག་ཏུ་བཤད་པར་བྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་ལ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་མངོན་སུམ་ལའོ། །དེ་ནི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་

པའི་ཤེས་པ་ལའོ། །ཡུལ་གང་ལ་མཐོང་བའི་ཡུལ་དེ་ཁོ་ན་རྗེས་སུ་དཔག་པ་ཡིན་ལ། དེའི་ཕྱིར་ཡུལ་ཐ་མི་དད་པར་རློམ་པའི་མངོན་སུམ་པ་ཡིན་གྱི་ནོར་བུའི་འོད་ལ་ནོར་བུའི་ཤེས་པ་ལ་ནི་མ་ཡིན་ནོ། །ཡུལ་བཞིན་དུ་ཡུལ་གྱི་དབྱེ་བས་ཚད་མ་གཞན་ཉིད་དུ་མངོན་པར་རློམ་པའི་ཕྱིར་

ཞེས་ཟེར་བ་ནི་ནོར་བུར་ཤེས་པ་ལ་ནི་ཞེས་བྱ་བའོ། །མངོན་སུམ་ཐམས་ཅད་ལ་ནི་ངེས་པ་འདྲེན་པའི་བྱ་བ་ཅན་རང་གི་ཡུལ་ལས་འདས་ནས་དེའི་ཡུལ་དུ་འགྱུར་རོ་ཞེས་བསྟན་པ་ནི་དོན་དམ་དུ་ནི་ཞེས་བྱ་བའོ། །ཐམས་ཅད་འཇུག་པའི་ཡུལ་སྟོན་པར་བྱེད་པ་པོ་མངོན་སུམ་དང་རྗེས་སུ་

དཔག་པ་ཡང་འདུས་པ་ཁོ་ན་ཡིན་ཏེ། རེ་རེ་ནི་མ་ཡིན་པར་བསྟན་པ་ནི། དེ་ནི་གཉི་ག་ཚད་མ་ཉིད་ཅེས་བྱ་བའོ། །དེ་ཉིད་མངོན་སུམ་མམ་ཞེས་བྱ་བ་ནི་རང་གི་འདོད་པའོ། །ཡང་ན་རྗེས་དཔག་ཉིད་ཅེས་བྱ་བ་ནི་ཤཱཀྱ་བློའིའོ། །འོད་ལ་ནོར་བུའི་ཤེས་པ་ནི། གཞན་

སྣང་བ་དང་ཁྱད་པར་མེད་པའི་སྣང་བ་ཙམ་མ་ཡིན་པར་བསྟན་པ་ནི། ནོར་བུ་སྣང་བའི་ཞེས་བྱ་བའོ། །སྣང་བ་ལ་ཁྱད་པར་མེད་པ་ལ་ཇི་ལྟར་ཡུལ་གཞན་ལ་ཡུལ་དེ་ཁོ་ན་ཞེས་གཞན་དུ་ཇི་ལྟར་ཡིན་སྙམ་དུ་སེམས་པ་ལ། དེ་ལ་ལ་ལར་ཞེས་བྱ་བ་སྟེ། འཁྲུལ་པ་ཉིད་དུ་

Vol. 181 · folio 42a

ཡང་ཁྱད་པར་མེད་དོ། །སྤྱིའི་རྗེས་སུ་དཔག་པ་ཞེས་བྱ་བ་ནི་ཐ་དད་པར་བྱས་པ་ལའོ། །ཇི་ལྟར་དེ་ཁོ་ན་ཉིད་རིག་པ་པོའི་བསམ་པས་རྗེས་སུ་དཔག་པ་ནི། བདག་ཉིད་ཀྱི་རྣམ་པ་ལ་ཕྱི་རོལ་དུ་མངོན་པར་ཞེན་པས་འཁྲུལ་པ་ཡིན་པ་དེ་བཞིན་དུ།

མངོན་སུམ་རྣམ་པ་ལ་མངོན་པར་ཞེན་པར་མི་བྱེད་དོ་སྙམ་དུ་སེམས་པ་ལ། གང་ལ་དོན་གྱི་ནུས་པ་ལ་ཞེས་བྱ་བའོ། །མངོན་པར་ཞེན་པ་མེད་པའི་བློ་ནི་དོན་གྱིས་ནུས་པས་དོན་འཛིན་པར་བྱེད་པའི་མངོན་སུམ་ཡིན་གྱི་ངོ་བོ་གཞན་མདུན་དུ་བྱས་པ་མ་ཡིན་ལ་དོན་ཡང་བདག་ཉིད་འཛིན་པའི་དོན་དུ་

བློ་ལ་བདག་ཉིད་གཞན་གྱིས་བར་དུ་ཆོད་པར་བྱེད་པ་ཞེས་བྱ་བ་བསྟན་པ་ནི། དེ་ལྟ་ཞེས་བྱ་བའོ། །རང་དབང་ཅན་ནི་བར་དུ་མ་ཆོད་པ་ཅན་ནོ། །དེ་ཉིད་ཅེས་བྱ་བ་ནི་མངོན་སུམ་པའོ། །རྟོགས་པར་བྱ་བ་གང་ལ་བློའམ་དོན་ནི་ངོ་བོ་གཞན་ཉེ་བར་བྱེད་པ་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་

བསྟན་པ་ནི། དེ་ལས་གཞན་དངོས་ཞེས་བྱ་བའོ། །དེའི་རྣམ་པ་ཉིད་ཀྱིས་སྐྱེ་བ་ལས་ཐ་དད་པའི་བློའི་བྱ་བའམ། ངོ་བོ་གཞན་མདུན་དུ་བྱས་པ་མ་ཡིན་པར་བསྟན་པ་ནི། དེའི་རྣམ་པ་ཅན་དུ་ཞེས་བྱ་བའོ། །དེ་དག་གཉི་ག་གཞན་ལ་ཡིན་པར་བསྟན་པ་ནི། གང་ལ་མངོན་མཐོང་བ་

ཞེས་བྱ་བའོ། །དབང་པོའི་བྱ་བ་མེད་པའི་ཕྱིར་ལྐོག་ཏུ་གྱུར་པ་ཐོབ་པ་དེ་ནི་སངས་རྒྱས་པ་རྣམས་མི་འདོད་པ་ཡིན་ནོ་ཞེས་ཟེར་བ་ནི་དེ་ནི་དེ་ལྟར་ནི་དབང་པོའི་བྱ་བ་མེད་པས་ལྐོག་ཏུ་གྱུར་པ་ཉིད་དུ་མི་འདོད་པའོ། །གང་གི་ཕྱིར་དངོས་པོའི་ངོ་བོ་མཐོང་བ་དང་ལྐོག་ཏུ་གྱུར་པའི་ཡུལ་ཉིད་ཀྱང་འགལ་

བ་ཅན་ཡིན་ནོ་ཞེས་ཟེར་བ་ནི། དེའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ལྐོག་ཏུ་གྱུར་པ་སྣང་བ་མ་ཡིན་པའི་ཡུལ་ཤེས་པ་གང་གི་ཡིན་པ་དེ་སྟེ། དངོས་པོ་མཐོང་བ་ནི་དངོས་པོ་མཐོང་བ་མ་ཡིན་པའོ། །དངོས་པོ་མཐོང་བར་ཡང་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཉིད་དུ་མི་འགྱུར་བར་ཟེར་

བ་ནི། རྟོགས་པ་ཞེས་བྱ་བའོ། །འདི་ཉིད་བཤད་པ་ནི། གལ་ཏེ་རྟོགས་ན་ཞེས་བྱ་བའོ། །ཕྱེད་སྔ་མ་བཤད་པ་ནི། །དངོས་པོ་ལ་རེག་པ་མ་ཡིན་པ་ཞེས་བྱ་བའོ། །ལན་ནི་སྤྱིའི་ཡུལ་ཅན་ཡིན་ན་ཞེས་བྱ་བའོ། །སྤྱི་སྣང་ཞིང་ཁྱད་པར་མི་སྣང་བ་ཡིན་ན་ཡུལ་ལྐོག་ཏུ་

Vol. 181 · folio 42b

གྱུར་པ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་སྤྱི་འབའ་ཞིག་ཅེས་བྱ་བའོ། །འདིར་ཡང་ཞེས་བྱ་བ་ནི་ལན་ནོ། །ཇི་ལྟར་དེ་ཡུལ་ཉིད་ཡིན་པ་ནི་དོན་ཡུལ་ཡིན་ཏེ་ཞེས་འདྲི་བ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་ལན་ཡིན་ནོ། །གལ་ཏེ་རང་གི་ངོ་བོས་རྟོགས་པ་མ་ཡིན་པ་དེ་བཞིན་གྱིས་

རྟོགས་བཞིན་པ་ཡང་ཡོད་དོ་ཞེས་ཅི་ལས་ཡིན། དེ་ལྟར་རྟོགས་ཀྱང་གཙོ་བོ་ལ་སོགས་པ་ནི་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་ནི། མ་མཐོང་བདག་ཉིད་ངོ་བོ་དེ། །ཞེས་བྱ་བ་སྟེ། མ་མཐོང་བའི་རང་བཞིན་གྱི་ངོ་བོའོ། །གཞན་ལས་རྟོགས་པ་ཡིན་ལ་ཐལ་ཆེས་པར་འགྱུར་བ་སེལ་བ་ཡིན་

ཏེ། དེ་རྟོགས་པའི་རྟེན་ཏེ། དམིགས་པས་འབྲེལ་པ་ཅན་གལ་ཏེ་ངེས་པ་ཡིན་ན་དེ་ལྟར་འགྱུར་བར་བསྟན་ཏེ། གོ་བྱེད་ཉིད་ནི་རྟོགས་པའི་རྟེན་ཏེ། དེ་ཚེ་ཞེས་བྱ་བ་ནི་རང་བཞིན་གྱི་འབྲེལ་པའི་རྟགས་ཀྱི་མཚན་ཉིད་དོ་ཞེས་བསྟན་པར་འགྱུར་རོ། །གཞན་དག་ན་རེ་དེ་རྟེན་ནི་བསྒྲུབ་

བྱའི་རྟེན་ཆོས་ཅན་དང་འབྲེལ་པ་ཅན་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་ཉིད་དེ། ཆོས་ཅན་དེ་དག་གང་གི་རྟེན་ཡིན་པའི་བསྒྲུབ་བྱའི་ཆོས་དེ་དང་འབྲེལ་པ་ཅན་དུ་ངེས་པའི་ཕྱིར་མེད་པ་མི་འབྱུང་བར་བསྟན་ཏོ་ཞེས་སེམས་པ་ཡིན་ནོ། །དེ་ཉིད་བསྟན་པ་ནི་རྟེན་དེ་དང་ཞེས་བྱ་བའོ། །

ཇི་ལྟར་ཞེས་བྱ་བའི་དྲི་བ་བཤད་པ་ནི། འབྲེལ་པ་ཅན་ལས་དྲན་པ་ཉིད་ཅེས་བྱ་བའོ། །དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་ལན་གྱི་ཤེས་པ་ནི་མ་ཡིན་ཏེ། འབད་རྩོལ་ལ་སོགས་པས་ཞེས་བྱ་བའོ། །ཐམས་ཅད་ཀྱི་ཚེ་ཡང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་པའི་

ཕྱིར་ཐམས་ཅད་ལ་ཡང་ཞེས་བྱ་བ་ཡང་འཐོབ་བོ། །དེའི་ཕྱིར་འདྲ་བའི་རང་གི་ངོ་བོ་ཐམས་ཅད་ལ་ཐམས་ཅད་དུ་ཡང་ཡིན་ནོ། །དུ་བ་ནི་ཞེས་བྱ་བ་འདིས་ལྐོག་ཏུ་གྱུར་པའི་འདྲ་བ་རྟོགས་བཞིན་པ་ནི་རང་གི་ངོ་བོས་ཀྱང་ངེས་པ་ཅན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཐོང་བ་དེ་དང་དེ་འདྲ་

བ་ཡིན་ཏེ་དོན་དེ་བྱེད་པ་ཉིད་ཀྱིས་སམ། གཞན་དུ་ཡང་རུང་བ་མངོན་སུམ་ཡིན་ཏེ། གཞན་དུ་མི་འཇུག་པའི་ཕྱིར་བསྟན་པ་ནི། དེ་དང་འདྲ་བ་དེས་ཞེས་བྱ་བ་སྟེ། ད་ལྟར་བས་ཞེས་བྱ་བའི་དོན་ཏོ། །དེ་དང་འདྲ་བ་ཞེས་བྱ་བ་ནི་མཐོང་བ་དང་འདྲ་བས་སོ། །དེ་ལ་ཞེས་བྱ་བ་ནི་དེའི་དོན་

Vol. 181 · folio 43a

བྱེད་པ་ཅན་གྱི་ད་ལྟར་བ་ལའོ། །འདིས་ཀྱང་མངོན་སུམ་དང་དེ་དང་འདྲ་བ་འཛིན་པའི་ཕྱིར་རྗེས་སུ་དཔག་པ་མཚུངས་པར་བསྟན་པ་ནི། དེ་ལྟ་བུ་ཉིད་ཅེས་བྱ་བའོ། །གལ་ཏེ་ཡང་དེ་དང་འདྲ་བ་རང་གི་ངོ་བོས་རྟོགས་པ་མ་ཡིན་ཡང་དེ་དང་འབྲེལ་པ་ཅན་རྟོགས་

པ་ཡིན་པར་བསྟན་པ་ནི། འབྲེལ་པ་ལས་ཀྱང་ཞེས་བྱ་བའོ། །འབྲེལ་པ་ཉིད་བསྟན་པ་ནི། འབྲས་སོགས་རྟགས་ནི་ཞེས་བྱ་བ་སྟེ། འདིས་ནི་མེད་ན་མི་འབྱུང་བར་བཤད་པ་ཁས་ལེན་པ་ཡིན་ནོ། །འབྲས་བུ་ཉིད་དུ་ཞེས་བྱ་བ་ནི་ཤིང་ཤ་པ་ཉིད་ལའོ། །རྒྱུ་ཉིད་དུ་ཞེས་བྱ་བ་ནི་

དུ་བ་ལ་སོགས་པའི་འོ། །ཡོད་པའི་ཕྱིར་སྐད་ཅིག་པ་ཉིད་དོ་ཞེས་བྱ་བ་འདི་ལ་ཡང་འདྲ་བ་ཉིད་རྟོགས་པ་ཁོ་ན་ཡིན་ནོ་ཞེས་བསྟན་པ་ནི། དེ་ནི་འདི་ཡིན་ཏེ་ཞེས་བྱ་བའོ། །གཞན་གྱི་ཡང་ཞེས་བྱ་བ་ནི་དངོས་པོའོ། །འབྲས་བུ་ལས་འདྲ་བ་ཉིད་རྟོགས་པ་ཡིན་གྱི་རང་བཞིན་ལས་ནི་མ་ཡིན་ཏེ།

དཔེ་མེད་པའི་ཕྱིར་རོ་ཞེས་ཁ་ཅིག་ཟེར་བ་ལ། དེ་སེལ་བ་བསྟན་པ་ནི། རྗེས་སུ་དཔག་པའི་རྟོག་པ་མཐའ་དག་ཅེས་བྱ་བ་སྟེ། དེ་ལ་བརྟེན་ནས་མི་བསླུ་བ་ཅན་ནོ་ཞེས་བྱ་བར་འབྲེལ་ཏོ། །ཇི་ལྟར་མཐོང་བ་དྲན་པ་ཚད་མ་ཡིན་ཏེ། དཔེ་མེད་པའི་དོན་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ན་ཇི་ལྟ་བ་མ་

ཡིན་པ་མཐོང་བ་ཚད་མ་མ་ཡིན་པར་འགྱུར་བར་ཟེར་བ་ནི། གལ་ཏེ་མཐོང་བ་འཁྲུལ་པ་ཞེས་བྱ་བའོ། །མཐོང་བ་ནི་རང་རིག་པར་མཐར་ཐུག་པའི་ཕྱིར། ཇི་ལྟར་མཐོང་བ་གཞན་དུ་དྲན་པ་མི་སྲིད་པར་བསྟན་པ་ནི་མཐོང་བ་ལས་འཁྲུལ་པ་དེ་ཡང་ནི་ཞེས་བྱ་བའོ། །མཐོང་བ་ཡལ་བར་བོར་བ་

ཡང་དྲན་པ་ཁོ་ནས་ཕྱི་རོལ་གྱི་ཡུལ་དུ་རྣམ་པར་གཞག་པ་ཡིན་ལ། ཇི་ལྟར་གཞག་པ་དྲན་པ་ཚད་མ་ཡིན་གྱི་གཞན་དུ་ནི་ཚད་མ་ཡིན་པར་བསྟན་པ་ནི་དྲན་པ་དེ་ཡང་ཞེས་བྱ་བའོ། །ཉེར་མཚོན་དག་ལས་ཞེས་བྱ་བ་ནི་ངེས་པ་དག་ལས་སོ། །རང་གི་ངོ་བོས་རྟོགས་པ་ཇི་ལྟ་བ་དེ་བཞིན་རང་

གི་ངོ་བོ་དང་མ་འབྲེལ་བ་ལས་ཀྱང་མ་ཡིན་ནམ། ཇི་ལྟར་རང་གི་ངོ་བོ་རྗེས་སུ་དཔག་པས་རྟོགས་པ་མ་ཡིན་ཞེས་ཟེར་བ་ལ། དེ་ཚེ་གོ་བྱེད་རྗེས་སུ་འགྲོ། །ཞེས་བྱ་བས་སོ། །འབྲེལ་པ་འཛིན་པའི་དུས་སུ་མཐོང་བ་དང་འདྲ་བ་ནི་རྗེས་སུ་དཔག་པར་བྱ་བ་ལ་གོ་བྱེད་ཡིན་ཞིང་གོ་བྱ་ཡང་ངོ་། །དེས་

Vol. 181 · folio 43b

ན་དེའི་དུས་ཅན་གྱིས་འདི་ལ་ཁྱབ་པ་ཡིན་པའི་ཕྱིར། གོ་བར་བྱེད་པའི་རྗེས་སུ་འགྲོ་བ་དེ་དང་འདྲ་བ་ནི་དེའི་སྤྱི་ཉིད་དུ་རྟོགས་པ་ནི་རང་གི་ངོ་བོས་སོ་ཞེས་བྱ་བའི་དོན་གོ་བྱེད་ཡོད་ན་ངེས་པ་ཡིན་ལ། གོ་བྱ་ནི་གོ་བྱེད་ཀྱི་རྗེས་སུ་འགྲོ་བ་ཡིན་ནོ། །དེ་ལ་ཡང་སྤྱིའོ་ཞེས་བཤད་པ་ལ་ཁྱད་པར་ཉིད་

ཅིའི་ཕྱིར་མ་ཡིན་ཞེས་བྱ་བར་ནི་རིགས་པར་བསྟན་པར་མི་འགྱུར་རོ། །འབྲེལ་པ་འཛིན་པ་ལ་ལྟོས་པ་མེད་པར་ལུང་དང་དོན་གྱི་གོ་བ་ལ་སོགས་པ་ནི་རང་གི་ངོ་བོས་སམ། གཞན་དུ་ཡང་རང་གི་གོ་བྱེད་མ་ཡིན་པར་བསྟན་པ་ནི། དེས་ན་ལྐོག་གྱུར་ཅེས་བྱ་བའོ། །གོ་བྱེད་ཀྱི་རྗེས་སུ་འགྲོ་བ་

ཡང་དེ་ཡིན་ལ། སྤྱིའི་ངོ་བོ་ཡང་དེ་ཡིན་པའི་རྒྱུ་དེས་ན། རྟོགས་པ་ནི་ལྐོག་ཏུ་གྱུར་པའི་དོན་གྱིའོ། །གོ་བྱེད་སྤྱི་ནི་གོ་བྱ་ཁྱད་པར་ལ་མ་ངེས་སོ་ཞེས་བསྟན་པ་ནི། གོ་བར་བྱེད་པ་དེའི་གཞན་གྱི་དབང་ཞེས་བྱ་བ་སྟེ། རྟགས་ཀྱི་ཁྱད་པར་ཉེ་བར་མཚོན་ན་གོ་བྱེད་ཀྱི་རྣམ་པ་ཐམས་ཅད་

རྟོགས་པ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བསྒོམ་པའི་ལམ་ནི་ལུང་མེད་ན། མི་རྟོགས་པ་མ་ཡིན་ནམ། ལུང་དང་རིགས་པས་རྣམ་དཔྱོད་པས་ཞེས་གསུངས་པས་སོ། །བདེན་ཏེ་དེའི་དོན་ཡང་རིགས་པ་དང་འབྲེལ་བ་

ཁོ་ན་ཡིན་ནོ། །གལ་ཏེ་ཡང་ལུང་ལས་ཐོག་མར་དེ་རྟོགས་པར་རིགས་པ་མ་ཡིན་ཡང་ཚད་མ་ཁོ་ན་ཡིན་པའི་ཕྱིར། རྗེས་སུ་དཔག་པ་ལས་གཞན་པ་ལས་དབང་པོ་ལས་འདས་པ་རྟོགས་པ་མ་ཡིན་པར་བསྟན་པ་ནི། འབྲེལ་པ་ཅན་གྱི་ཆོས་ལས་ནི་ཞེས་བྱ་བ་སྟེ། ལུས་ལ་སོགས་པ་ལ་ཆགས་པ་

ནི་ཡུལ་གཞན་ལ་གཉེན་པོ་བརྟེན་ཀྱང་རྒྱབ་ཀྱིས་ཕྱོགས་པ་ཐོབ་པར་མི་འགྱུར་ལ་དང་པོ་ནས་དེའི་བསམ་པ་དང་ལྡན་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་ཐམས་ཅད་ལ་སྔར་རམ་ཕྱིས་ཀྱང་རུང་། འབྲེལ་པ་ཅན་མཐོང་བ་ཚད་མ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

གནས་གསུམ་པར་འཕོ་བ་ན་ལུང་ཚད་མ་ཡིན་ནམ་ཞེས་ཟེར་བ་ལ། མངོན་སུམ་ལྐོག་ཏུ་གྱུར་པ་དག་ལས་ཞེས་བྱ་བ་སྟེ། དེ་ཡང་གཙོ་བོའི་དོན་ལ་མི་བསླུ་བ་བསྒྲུབ་པའི་བསྒོམ་པ་དང་། ཚོགས་པ་གཅིག་ལ་རག་ལས་པའི་ཤེས་པའི་རྒྱུ་རྗེས་སུ་དཔག་པ་ཁོ་ན་ཞེས་བྱ་བའི་དོན་ཏོ། །

Vol. 181 · folio 44a

རྗེས་སུ་དཔག་པའམ་རྗེས་སུ་དཔག་པ་ཉེ་བར་འཇོག་པ་ཡང་རྗེས་སུ་དཔག་པ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དེ་ལྟར་ཚད་མ་རྣམ་གཉིས་ཞེས་བྱ་བ་ལ་སོགས་པས་མཚན་ཉིད་མི་མཐུན་པའི་རྣམ་པ་གཉིས་ཉམས་སུ་མྱོང་བཞིན་པ་ལས། ཐ་དད་པའི་

ཉམས་སུ་མྱོང་བ་གཅིག་མ་ཡིན་ཞིང་གཞན་དུ་ཡང་མ་ཡིན་ནོ་ཞེས་བྱ་བ་ཉིད་ཡིན་གྱི། གཉི་གའི་བདག་ཉིད་ཀྱི་གཅིག་ནི་ནམ་ཡང་མ་ཡིན་ན། གང་གིས་དེའི་ཡུལ་ལ་གསུམ་པར་འགྱུར། དེ་བཞིན་དུ་རང་གི་མཚན་ཉིད་ཁོ་ན་གཅིག་མ་ཡིན་ན། གང་གིས་གཅིག་ཁོ་ན་ཚད་མར་འགྱུར་

ཞེས་བྱ་བ་འདིས་གསུམ་ཉིད་དམ་གཅིག་ཀྱང་གཞལ་བྱ་རྣམ་པ་གཉིས་ཀྱིས་བཀག་པ་ཡིན་ནོ་ཞེས་བསྟན་པ་ནི། གཞལ་བྱ་གཉིས་ནི་མཐོང་བའི་ཕྱིར། །ཞེས་བྱ་བ་སྟེ། གཞལ་བྱ་གཞན་མེད་པའི་ཕྱིར་ཚད་མ་གསུམ་པ་ལ་སོགས་པ་མེད་པར་སྔར་བསྟན་པ་ཡིན་ལ། འདིར་ནི་གཞན་མེད་

ཀྱང་གཉིས་པོ་དེས་གཅིག་ཏུ་གྱུར་པའི་གསུམ་པ་འཕངས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །འགྲེལ་པར་ཡང་དེ་ལྟ་བུའི་དོན་དུ་བཤད་པར་བྱའོ། །གསུམ་ལ་སོགས་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་སོགས་པའི་སྒྲ་ནི་བག་མེད་པས་བརྗོད་པའམ་ཡང་ན་གཉི་ག་མ་ཡིན་པ་ལ་

སོགས་པ་སྡུད་པའི་དོན་དུའོ། །དེ་ལ་རེ་ཞིག་རང་གི་མཚན་ཉིད་གཅིག་པོ་ཁོ་ན་སྤྱི་དང་ཁྱད་པར་རྟོགས་པའི་ཡུལ་ཡིན་པའི་ཕྱིར། གཞལ་བྱ་གཉིས་པོ་མེད་དོ་སྙམ་དུ་སེམས་པ་ནི་འོན་ཏེ་སྤྱི་དང་ཁྱད་པར་ཞེས་བྱའོ། །སྤྱི་མེད་པས་གཞལ་བྱ་ཐ་དད་པ་མ་ཡིན་པའི་ཕྱིར། རང་གི་

མཚན་ཉིད་གཅིག་པོ་ཁོ་ན་རྣམ་པ་གཉིས་སུ་རྟོགས་པ་ཡིན་ནོ་ཞེས་ཟེར་བ་ནི། མེད་པས་གཞལ་བྱ་མ་ཡིན་ཕྱིར། གཅིག་ཉིད་ཅེས་བྱ་བའོ། །མཚན་ཉིད་ནི་མེད་པ་ཉིད་ཅེས་བྱ་བ་ནི་ངོ་བོའོ། །གཞལ་བྱ་མ་ཡིན་པ་ཉིད་དུ་བསྒྲུབ་པ་ལ་མ་ངེས་པ་ཡིན་ཏེ། མེད་པ་གཞལ་བྱ་ལ་ཡང་

ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི་མ་ངེས་པ་ཉིད་དམ་ཞེས་བྱ་བའོ། །མེད་པ་ནི་མེད་པའི་ངོ་བོ་སྟེ་གཞན་གྱི་གཞལ་བྱ་ཞེས་བསྟན་པ་ནི་མེད་པ་ཡང་ཞེས་བྱ་བའོ། །སྤྱིའི་ཡུལ་ལ་རྗེས་སུ་དཔག་པ་ཚད་མ་མ་ཡིན་དུ་ཟིན་ཀྱང་། མེད་པར་ངེས་པའི་ངོ་བོ་ནི་གཉིས་པ་ཐོབ་པ་ཁོ་ན་སྟེ། དེ་རྗེས་སུ་

Vol. 181 · folio 44b

དཔག་པའམ་གཉིས་པར་འགྱུར་རོ་ཞེས་བྱ་བ་ལ་ཁྱད་པར་མེད་པར་བསྟན་པ་ནི། དེ་ངེས་ཚད་མ་གཉིས་པ་ཉིད། །ཅེས་བྱ་བ་སྟེ། གལ་ཏེ་ཡོད་པ་གསལ་བར་བྱེད་པའི་དབང་པོ་ནི་དེའི་ཁྱད་པར་དང་ལྡན་པ་མེད་པ་ཡང་གསལ་བར་བྱེད་པ་ཡིན་ཏེ་བྱ་བ་དང་ལྡན་པའི་དབང་པོ་ལ་དེ་རྟོགས་

པ་མཐོང་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། མེད་པ་དབང་སྐྱེས་བློ་མིན་ཏེ། །ཞེས་བྱ་བ་སྟེ། དེས་དབེན་པ་མཐོང་བ་ལས་དེ་དྲན་ན་དེ་མེད་པའི་ངེས་པ་སྐྱེ་བ་ཡིན་གྱི་དབང་པོ་ལས་སྐྱེས་པའི་བདག་ཉིད་རང་ལ་ཁྱད་པར་གཞན་དུ་སྒྲོ་འདོགས་པས་ལྟོས་པ་མ་ཡིན་ནོ། །དྲན་པས་ཕན་

བཏགས་པའི་དབང་པོ་ཉིད་མེད་པའི་ཤེས་པའི་རྒྱུ་མ་ཡིན་ནམ་ཞེས་ཟེར་བ་ལ། དོན་གྱི་སྟོབས་ལས་ཞེས་བྱ་བ་སྟེ། དོན་གྱི་ཉེ་བ་དང་ཉེ་བ་མ་ཡིན་པ་དག་ལས་སྣང་བའི་དབྱེ་བ་དང་འབྲེལ་པའི་ཤེས་པ་དེ་ནི་དེའི་བསྐྱེད་བྱ་ཡིན་གྱི། མེད་པའི་ཉེ་བ་དང་ཅིག་ཤོས་དག་ལས་དེའི་སྣང་བའི་

དབྱེ་བ་ཅན་གྱི་ཤེས་པ་ནི་མ་ཡིན་ཏེ། ཁྱད་པར་མེད་པར་དམིགས་པའི་ཕྱིར་རོ། །དོན་ནི་ཤེས་པ་ལ་དམིགས་པ་ཉིད་ཁོ་ན་སྐྱེད་བྱེད་ཉིད་ཡིན་པ་མེད་པ་ལ་ཡང་འདི་ལ་ཁྱད་པར་མེད་དོ་སྙམ་དུ་སེམས་པ་ལ། དོན་གྱི་ནུས་པ་ལ་ཞེས་བྱ་བ་སྨོས་ཏེ། ཉེ་བ་དང་ཅིག་ཤོས་ཀྱི་བསྐྱེད་བྱ་སྣང་

བའི་དབྱེ་བ་མེད་པས་དེ་ལ་དམིགས་པ་ཙམ་གྱིས་དོན་གྱི་བསྐྱེད་བྱ་ཉིད་ཀྱི་དུ་བ་ལས་མེ་རྟོགས་ན་མཐོང་བ་དང་ཐལ་བ་ནི་དུས་ཀྱིས་བར་དུ་ཆོད་ཀྱང་རགས་པས་ཕྲ་མོའི་ཤེས་པ་ལ་རང་བཞིན་གྱིས་བསྐལ་པ་ཡིན་ཡང་དབང་པོ་བསྐྱེད་བྱ་ཉིད་དུ་འགྱུར་རོ། །གང་གི་ཕྱིར་དེའི་ཚེ་དབང་པོའི་

བྱ་བ་མེད་པ་ནི་མ་ཡིན་ནོ། །དེ་ལ་གཞན་དུ་འཇུག་པའི་དབང་པོ་ཡིན་ནོ་ཞེས་འདི་ལ་ཡང་ཅིས་མི་འདོད། ཉེ་བ་དང་ཅིག་ཤོས་དག་ལས་སྣང་བ་ལ་ཁྱད་པར་མེད་པ་ནི་དེའི་བསྐྱེད་བྱ་ཉིད་ལ་རྒྱུ་ནི་འདི་ལ་ཁྱད་པར་མེད་དོ། །གལ་ཏེ་གང་གི་མེད་པ་འདི་ཡིན་པ་དེ་ནི་དེའི་ཁྱད་པར་ཅན་

མངོན་སུམ་གྱི་ཡུལ་མ་ཡིན་ལ་འོ་ན་ཅི་ཞེ་ན། ཡུལ་ཉེ་བ་ལ་སོགས་པ་དེས་དབེན་པའི་ཕྱིར་བར་དུ་ཆོད་པ་རྟོགས་པའི་སྐྱོན་ཡོད་དོ་ཞེས་ཟེར་བ་ནི། འོན་ཏེ་ས་ཕྱོགས་དབེན་པ་དམིགས་པ་ཉིད་ལས་ཞེས་བྱ་བའོ། །གཅིག་གི་རིགས་པ་ཁོ་ནའི་མི་སྣང་བ་ལ་ལྟོས་ནས་མི་རིགས་པ་

Vol. 181 · folio 45a

མ་ཡིན་ནམ་ཞེས་ཟེར་བ་ནི། དེ་ཉིད་ལས་གཞན་རིག་པ་ཉིད་ཅེས་བྱ་བའོ། །སྣང་བཞིན་པ་གཞན་མ་ཡིན་ན་གང་ལ་ལྟོས་ནས་དེ་གཞན་ཡིན། དེ་མི་སྣང་ན་གཞན་ཉིད་མི་འགྲུབ་བོ་ཞེས་བསྟན་པ་ནི། དེ་ལས་གཞན་ཉིད་དུ་ཞེས་བྱ་བའོ། །དེ་ཁོ་ན་ཉིད་

མེད་པའི་ཁྱད་པར་ཅན་མེད་པར་ངེས་པ་ལ་མངོན་སུམ་ཉིད་ལྡོག་པ་ལས་ཞེས་བྱ་བ་ནི་ལྡོག་པའི་ཕྱིར་རོ། །ལྡོག་པ་ནི་མེད་པར་ངེས་པར་བྱེད་དོ་སྙམ་དུ་སེམས་པ་ནི་འགལ་བ་སྟེ་མི་མཐུན་པ་ཡིན་ནོ། །ལོག་པ་སྟེ་མེད་པར་གྱུར་པས་ཡོད་པ་བཞིན་དུ་མེད་པར་ཡང་ངེས་པར་བྱེད་པ་མི་རིགས་སོ་ཞེས་

བྱ་བའི་དོན་ཏོ། །མངོན་སུམ་ལོག་པ་ནི་མ་ཡིན་གྱི་འོ་ན་ཅི་ཞེ་ན། དེའི་ལྡོག་པས་སྟེ་རབ་ཏུ་ལྡོག་པར་ནི་ངེས་པར་བྱེད་པ་ཡིན་ནོ། །དེ་ལ་སྨྲས་པ། མངོན་སུམ་ཉིད་ཅེས་བྱ་བའོ། །གཞན་སེམས་པ་ཅན་དུ་རྟོགས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཅི་ལས་ཤེས་པར་བྱེད་ཅེས་ཟེར་བ་ལ། སྨྲས་

སོགས་ལ་ནི་ཞེས་བྱ་བ་སྟེ། དེའི་ངོ་བོ་ངེས་པ་ཅན་ནི་གཞན་སེམས་པ་ཅན་དུ་རྟོགས་པའི་ངེས་པའོ། །རྣམ་པ་ཅི་ཞིག་ལྟར་ཞེས་བྱ་བ་ནི་ཚད་མ་ཅན་མ་ཡིན་པའོ། །ཐབས་མེད་པ་ཁོ་ནའོ་ཞེས་བྱ་བ་ནི་ཚད་མ་མེད་པ་ཉིད་དོ། །དེ་ལྟར་རྟོགས་ན་གཞན་སེམས་པ་ཅན་དུ་རྟོགས་པར་

འགྱུར་བ་བསྟན་པ་ནི། དེ་ལྟ་ཡིན་ན་ཞེས་བྱའོ། །འོན་ཏེ་འདི་ཡང་ཞེས་བྱ་བ་ནི་གཞན་ལ་ཐབས་མེད་པར་བསྟན་པའོ། །གཞན་གྱིས་ཀྱང་ཞེས་བྱ་བ་ནི་འཇིག་རྟེན་རྒྱང་པན་པས་སོ། །མེད་པ་དང་རྒྱུ་དང་ཁྱབ་བྱེད་ལ་སོགས་པའི་ངེས་པ་ཡོད་པ་ནི་བདེན་ཡང་། དེ་ལྟ་བུ་ཚད་མ་ཡིན་

ན་ཐལ་ཆེས་པ་ཡིན་ནོ་ཞེས་ཟེར་བ་ལ། སླུ་མེད་ཕྱིར་ན་ཚད་མ་ཉིད། །ཅེས་བྱ་བའོ། །དེ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་ལ་སྨྲ་བ་པོ་ཉིད་དམ་ཉིང་མཚམས་མི་སྦྱོར་བ་ལ་ཤི་བའི་སེམས་ཉིད་ཁྱབ་པ་ཡིན་ཡང་ངེས་པར་བྱེད་པ་མ་ཡིན་པ་མ་ཡིན་ན། དེས་ན་མི་སླུ་བའི་ཕྱིར་རོ། །ཇི་ལྟར་ཉེ་བར་

བསྟན་པ་ཚད་མ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། ལ་ལ་དག་ཏུ་ཞེས་བྱ་བའོ། །སྨྲ་བ་པོ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་འགལ་བ་མ་ཡིན་ཞིང་། ཁྱབ་པར་བྱེད་པ་ལ་སོགས་པ་འགལ་བ་མ་ཡིན་པ་ལ་འབྲས་བུ་འགལ་བ་མ་ཡིན་ཞིང་དེས་ཁྱབ་པ་ཡང་མ་ཡིན་

Vol. 181 · folio 45b

ནོ། །དེའི་ཕྱིར་ཐེ་ཚོམ་ཟ་བ་ཡིན་ལ་འབྲས་བུའམ། ཁྱབ་བྱའམ་འགལ་བའི་འབྲས་བུའམ་ཁྱབ་བྱ་ཞེས་བྱ་བའི་ངེས་པར་བསྟན་པ་ནི། རྟགས་ལ་ལོག་པར་མཐོང་བ་གང་གི་ཡིན་པ་དེའི་འདི་ལྟ་བུའི་རྟགས་དང་རྟགས་མ་ཡིན་པ་མཚུངས་པར་བྱེད་པས་རྟགས་ལས་ངེས་པ་མེད་པ་

ཡིན་གྱི། དཔྱོད་པར་བྱེད་པ་པོ་ལས་ནི་མ་ཡིན་ནོ། །དེ་ཡང་རེ་ཞིག་ཚོགས་པ་གཅིག་པར་མཚུངས་པ་ཡིན་ནོ་ཞེས་ཟེར་བ་ནི། ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཀྱིས་ཞེས་བྱ་བའོ། །གལ་ཏེ་འགལ་བའི་འབྲས་བུའམ་ཁྱབ་བྱ་ཞེས་ཅི་ལས་ཡིན་གང་གི་ཕྱིར་དེ་ལ་རེས་འགའ་

འབྱུང་བ་ཉིད་ཀྱིས་དེའི་འབྲས་བུ་ཉིད་དམ་ཁྱབ་བྱ་ཉིད་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ་ཞེས་ཟེར་བ་ལ། གང་ལས་ནི་དངོས་པོ་ལས་ཏེ་དངོས་འགལ་ལའོ། །འདིའི་ནི་རྒོལ་བ་པོའི་འོ། །རྟོགས་པ་གྲུབ་པ་ནི་ངེས་པ་ཉིད་དོ། །ངེས་པའི་ངོ་བོ་མི་མཐུན་པའི་ཕྱོགས་མ་ངེས་པ་ལས་

ལྡོག་པའི་དངོས་པོ་དེ་དེ་ལྟར་རྟོགས་པའི་ཡུལ་གྱི་འབྲས་བུའམ་ཁྱབ་བྱ་ཡིན་ནོ། །གང་གི་ཕྱིར་དེ་ལ་ངེས་པ་ནི་དེའི་འབྲས་བུ་མ་ཡིན་པའམ་ཁྱབ་བྱ་མ་ཡིན་པ་མ་ཡིན་ཏེ། ངེས་པ་ཉིད་ཁོ་ན་ལ་དེ་ལྟར་བརྗོད་པའི་ཕྱིར་རོ། །རྟོགས་པ་ཞེས་བྱ་བ་ནི་ངེས་པའི་ཡུལ་རྟོགས་པའོ། །དེའི་

ངོ་བོ་ཞེས་བྱ་བ་ནི་དེའི་རང་གི་ངོ་བོའོ། །དེའི་འབྲས་བུ་ཉིད་དམ་དེའི་ངོ་བོ་ཉིད་འདི་གྲུབ་ན་དེ་ངེས་པར་ཡོད་པ་ཡིན་ཏེ་དེ་མེད་ན་དེ་ཉིད་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། རང་གི་རྒྱུའམ་ངོ་བོ་དག་ཅེས་བྱ་བའོ། །གལ་ཏེ་ཡང་སྨྲ་བ་པོ་ཉིད་ལ་སོགས་པ་ལས་དུ་བ་ལ་སོགས་པའི་རང་གི་ངོ་བོ་

ནི་བསྒྲུབ་བྱ་གཞན་ཉིད་ཁྱད་པར་མེད་ཀྱང་བསྒྲུབ་བྱའི་འབྲས་བུ་དང་ཁྱབ་བྱ་ཉིད་ཀྱི་དེ་ལས་ཁྱད་པར་ཡོད་པའི་ཕྱིར་གཞན་དུ་འདི་དག་གི་འབྲས་བུ་ཉིད་ལ་སོགས་པའི་ངོ་བོ་གཞན་ཉིད་ཀྱི་རྒྱུ་མཚན་གང་ཡིན་པ་དེ་དག་གི་མཚན་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འགྲེལ་པར་བཤད་པ་ནི་

གསལ་བ་ཁོ་ནའོ། །གལ་ཏེ་རེས་འགའ་རྒྱུའམ་རང་བཞིན་ཡིན་ཡང་། གཞན་གྱི་ཚེ་ཡང་དེ་ལྟར་ཡིན་པ་ཅི་ལས་ཤེ་ན། དེ་ལྟར་དོགས་པ་ཡིན་ན་ཞེས་བྱ་བའོ། །དེ་འདི་ལྟར་འབྲས་བུ་དང་ཁྱབ་བྱ་ཡོད་ན་རྒྱུ་དང་ཁྱབ་བྱེད་ཡོད་པར་བརྗོད་དེ། དེ་ཡོད་ན་ཡོད་པ་ཉིད་ཀྱི་ཕྱིར་རོ། །

Vol. 181 · folio 46a

དེ་ཉིད་ཀྱི་ཕྱིར་དེ་དག་མེད་པར་ངེས་ན་འབྲས་བུ་དང་ཁྱབ་བྱ་དག་མེད་པར་ངེས་པར་བསྟན་པ་ནི། རང་གི་ངོ་བོའམ་ཞེས་བྱ་བའོ། །བལྟར་རུང་ཞེས་བྱ་བ་ནི་ངོ་བོའི་ཁྱད་པར་རོ། །མཐོང་བའི་རྒྱུ་ཞེས་བྱ་བ་ནི་རྐྱེན་གཞན་ཚང་བའོ། །བལྟར་རུང་མིན་པ་ཞེས་བྱ་

བ་ནི་རང་བཞིན་མི་དམིགས་པའོ། །དེ་དང་ལྡན་པ་ཞེས་བྱ་བ་ནི་རང་བཞིན་གྱི་རྒྱུ་དང་ལྡན་པའོ། །འདི་ལ་ཇི་སྐད་བསྟན་པ་དང་ལྡན་པ་ཞེས་ཟེར་བ་ནི་མི་རིགས་ཏེ། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་དག་གིས་རུང་བ་མ་ཡིན་པའི་མི་དམིགས་པ་དང་ལྡན་པ་ཉིད་ཀྱི་མེད་པར་ངེས་པའི་

ཕྱིར་རོ། །འབྲེལ་པ་ཅན་ཡང་ཡིན་ལ་དེ་མེད་ཀྱང་ཡོད་ན་འགལ་བ་ཅི་ཡོད་ཅེ་ན། གང་གི་ཕྱིར་འདི་འབྲེལ་པ་ཅན་ཞེས་བྱ་བ་སྟེ། དེ་མེད་ན་མེད་པ་དང་ཡོད་པར་ཡང་འགལ་ལ་མེད་པ་ནི་འབྲེལ་ཡིན་ཞེས་བྱ་བའོ། །མཐོང་བ་ཙམ་ཁས་བླངས་ནས་ལྐོག་ཏུ་གྱུར་པ་གསལ་བར་བྱེད་ན་ཁས་བླངས་

པའི་ཁྱིམ་དང་སྐྱེད་མོས་ཚལ་ལ་སོགས་པ་ཡང་ཡུལ་གཞན་དུ་སོང་བ་མི་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ནི། སྤྱི་ཡི་བློ་ནི་ཚད་མིན་ན། །ཞེས་བྱ་བ་སྟེ་སྤྱིའི་བློ་ནི་ལྐོག་ཏུ་གྱུར་པའི་བློའོ། །དེ་མེད་པ་ནི་རང་གིས་ཁས་བླངས་པའི་ལྐོག་ཏུ་གྱུར་པ་དེ་ཡང་མེད་པར་འགྱུར་རོ། །ཕ་རོལ་གྱི་

དངོས་བཞིན་ནི་ཁོ་བོ་ཅག་འདོད་པའི་འཇིག་རྟེན་ཕ་རོལ་བཞིན་ནོ། །མ་མཐོང་བའི་ཁྱིམ་དང་སྐྱེད་མོས་ཚལ་ལ་སོགས་པ་ནི་ཡང་མཐོང་བ་དེའི་ཕྱིར་མ་མཐོང་བས་ཁྱད་པར་དུ་བྱས་པའི་མ་མཐོང་བ་ནི་མེད་པར་གོ་བར་བྱེད་ལ་འཇིག་རྟེན་ཕ་རོལ་ལ་ཡང་དུས་ཐམས་ཅད་དུ་མ་མཐོང་བ་ཡང་ཡོད་དོ་

ཞེ་ན་ཁྱོད་ཀྱིས་འདོད་པའི་དབང་པོ་ལ་སོགས་པ་ལ་ཡང་དུས་ཐམས་ཅད་དུ་མ་མཐོང་བ་ཡོད་དོ་ཞེས་བསྟན་པ་ནི། དེ་མིན་ཞེས་བྱ་བའོ། །གནས་སྐབས་གནས་སྐབས་སུ་མཐོང་དུ་ཟིན་ཀྱང་དེ་མེད་པའོ་ཞེས་བྱ་བ་ཡང་མི་རིགས་ཏེ། རྒྱུ་མེད་ན་མཐོང་བ་ཁས་བླངས་པ་འགལ་བའི་ཕྱིར་

རོ་ཞེས་བསྟན་པ་ནི། མེད་པར་རྟོགས་པ་ཡིན་ན་ནི། །ཞེས་བྱ་བའོ། །ཁྱིམ་དང་སྐྱེད་མོས་ཚལ་ལ་སོགས་པ་མ་མཐོང་བ་ནི་དེའི་ཚེ་མེད་པས་མ་རིག་ན་ཇི་ལྟར་ཁྱད་པར་དུ་བྱེད་ཅེས་ཟེར་བ་ལ། འོ་ན་གང་གི་ཚེ་ཞེས་བྱ་བའོ། །རུང་བ་ཉིད་ལ་ཞེས་བྱ་བ་ནི་རྒྱུ་རྣམས་ཀྱི་ནུས་པ་ལའོ། །ནུས་པ་

Vol. 181 · folio 46b

ཡང་དེ་ཡོད་ན་ཡོད་པ་ཉིད་ཀྱིས་རང་བཞིན་གྱི་གཏན་ཚིགས་ཀྱིས་རྟོགས་ཀྱི། གཞན་གྱིས་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། རང་བཞིན་གྱི་གཏན་ཚིགས་ཞེས་བྱ་བའོ། །བློ་ཡང་ཡིན་ལ་སྐྱེ་བ་ཡང་ཡིན་ཞེས་བྱ་བ་ནི། གཉིས་གཉིས་པ་ལ་གཅིག་བཞིན་པའི་ངོ་བོ་ཞེས་བསྟན་པ་ནི་སྐྱེ་བ་

དང་བློའོ་ཞེས་བྱ་བའོ། །འབྲས་བུ་མཐོང་བ་དང་ཞེས་བྱ་བ་ནི་རྗེས་སུ་འགྲོ་བས་སོ། །མིག་གམ་ནུས་པ་ཡང་རང་གི་མཚན་ཉིད་ཡིན་ལ། དངོས་པོ་ཡིན་པའི་ཕྱིར་མངོན་སུམ་ཁོ་ནར་རྟོགས་པ་མ་ཡིན་ནམ་ཞེས་ཟེར་བ་ནི། རང་གི་མཚན་ཉིད་ལ་སྟེ་གཟུང་བྱ་ལ་རྣམ་རྟོག་མེད་པའོ། །

རྟོག་པ་དང་བཅས་པའི་མངོན་སུམ་ནི་རང་གི་རྣམ་པ་ལ་དོན་དུ་ཞེ་ན་སྤྱིས་ཞེན་པར་བྱེད་ལ། མངོན་སུམ་གྱིས་རྟོགས་བྱ་ངེས་པ་བས་ནི་མི་གསལ་བར་བྱེད་པ་ཡིན་གྱི། འོན་ཀྱང་ཞེན་པར་བྱེད་པ་ཡིན་གྱི་ངོ་བོ་གཞན་གྱི་སྤྱི་གསལ་བར་བྱེད་པ་མ་ཡིན་པར་བསྟན་པ་ནི། རྣམ་རྟོག་མེད་པར་ཞེས་

བྱ་བའོ། །སྤྱིས་འཛིན་པར་རྗེས་སུ་དཔག་པ་ཁོ་ན་ཡིན་པར་བསྟན་པ་ནི། དེ་ལ་ཞེས་བྱ་བ་ནི་མིག་ལ་སོགས་པ་ལའོ། །དེ་འདི་ལྟར་རང་གི་མཚན་ཉིད་གཅིག་པོ་གཞལ་བྱ་ལ། རང་གི་མཚན་ཉིད་དང་སྤྱིའི་ཤེས་པའི་ཡུལ་ཡིན་པ་དེའི་ཕྱིར། ཤེས་པའི་དབྱེ་བ་ཁོ་ན་ཚད་མའི་དབྱེ་བ་

ཡིན་པས་གཅིག་ཉིད་ཚད་མ་ཡིན་ནོ་ཞེས་གསལ་ནས་ད་ལྟར་ནི་རང་གི་མཚན་ཉིད་དང་སྤྱིའི་ངོ་བོ་གཅིག་པའི་གཞལ་བྱ་གསུམ་པ་ཡོད་པའི་ཕྱིར་ཚད་མ་གསུམ་པར་འགྱུར་རོ་ཞེས་གསལ་བའི་དོན་དུ་ཉེ་བར་བཀོད་པ་ནི་གཞལ་བྱ་ངེས་ན་ཁ་དོག་ནི་ཞེས་བྱ་བའོ། །རང་གི་མཚན་ཉིད་ནི་མངོན་

སུམ་ཁོ་ནའི་ཡུལ་ཡིན་གྱི། སྤྱིའི་ནི་རྗེས་སུ་དཔག་པ་ཁོ་ནའི་ཡིན་ཏེ་རང་གི་མཚན་ཉིད་ཀྱི་ནི་ཁ་དོག་མི་རྟག་པ་ཉིད་སྤྱིའོ་ཞེས་ཁས་བླངས་པའི་ཕྱིར་རོ། །དེ་བློ་སྟེ་གཉིས་གའི་བདག་ཉིད་ཀྱི་བློ་མངོན་སུམ་ཡིན་ཏེ་སྤྱིའི་སྣང་བ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། ཁྱད་

པར་གྱི་ཆ་སྣང་བའི་ཕྱིར་དང་རྟགས་མེད་པའི་ཕྱིར་ཡང་ངོ་ཞེས་བསྟན་པ་ནི་ཞེས་བྱ་བའོ། །ཁྱད་པར་མཐོང་བ་ལ་ནི་རྟགས་ཡོད་ཀྱང་རྗེས་སུ་དཔག་པ་མ་ཡིན་ཏེ་སྤྱིའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་བསྟན་པ་ནི། ཁྱད་པར་མཐོང་བ་རྟགས་དང་ནི། །ཞེས་བྱ་བའོ། །ཅིའི་ཕྱིར་སྤྱི་ཡུལ་མ་ཡིན་

Vol. 181 · folio 47a

ཞེ་ན། དེ་དང་ལྷན་ཅིག་རྟགས་ཀྱི་འབྲེལ་པ་མི་འཛིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། རྟགས་དང་ནི་ཞེས་བྱ་བའོ། །ཚད་མ་གཞན་པ་དེ་ནི་ཁྱད་པར་མཐོང་བ་སྟེ། མངོན་སུམ་ཡིན་ཏེ་དབང་པོ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་མ་ཡིན་ཏེ།

སྤྱི་ཡུལ་མ་ཡིན་པས་འདིའི་ཤུགས་ཀྱིས་ཚད་མ་གཞན་གྲུབ་པ་ཡིན་ཞེས་ཟེར་བ་ནི། མང་པོ་ཉིད་དམ་ཞེས་བྱ་བའོ། །མངོན་སུམ་དང་ཁྱད་པར་མཐོང་བ་ཡང་གཅིག་ལའམ་ཁྱད་པར་ལ་ཞེས་བྱ་བ་འཆད་པར་འགྱུར་བའི་དགག་པ་དང་སྦྱར་བས་གནས་སྐབས་ཀྱི་མང་པོ་ཉིད་ཀྱི་རྟོག་པ་

དགག་པ་ཡིན་ཏེ། གཅིག་ཉིད་ཀྱིས་རྣམ་པར་བཅད་པའི་ཕྱིར་རོ། །དེ་སྨྲ་བ་ནི་དཔེར་ན་ཁྱད་པར་མཐོང་བའི་ཞེས་བྱ་བ་ནི་གཞལ་བྱ་ལའོ། །དེ་ལྟར་གཅིག་ཉིད་དང་གསུམ་ཉིད་གསལ་བར་མི་འགྱུར་ཞེས་ཟེར་བ་ནི་གཅིག་མ་ཡིན་པ་ཡང་མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །

ཁྱད་པར་མཐོང་བའི་ཚད་མས་ཁྱད་པར་འཛིན་པའི་ཕྱིར་རོ། །བཤད་པ་གསུམ་པ་འཇུག་པ་ནི་གཅིག་ཉིད་ཁོ་ནའོ་ཞེས་བྱ་བའམ་གྱི་སྒྲ་ནི་འཇུག་པའམ་ཞེས་རྒྱུ་མཚན་གྱི་རྟོག་པས་མང་པོ་ཉིད་ཁོ་ནར་སྒྲུབ་པར་བྱེད་པ་དེ་ལ་ནི་གཅིག་ཉིད་དུ་སྒྲུབ་པ་མ་ཡིན་ཏེ་མང་པོ་ཉིད་དངོས་སུ་འགོག་པའི་

ཕྱིར་རོ། །དེའི་ཕྱིར་དྲང་བའི་དོན་ཉིད་ཡིན་ནོ། །ནུས་དང་ནུས་མིན་ཉིད་ཅེས་བྱ་བ་དྲང་བའི་དོན་ཉིད་ཡིན་ནོ། །ཐ་དད་པར་སྣང་བ་ཡང་མངོན་པར་ཞེན་པས་གཅིག་ཉིད་ཡིན་ནོ་སྙམ་དུ་སེམས་པ་ལ་ཟློས་པ་ཉིད་མ་ཡིན་པར་བསྟན་པ་ནི། བདེན་མོད་ཀྱི་འདི་ཡང་ཞེས་བྱ་བའི་རིགས་

པ་ཁོ་ན་ཡིན་པའི་ཕྱིར་ཟློས་པ་མ་ཡིན་ནོ། །ཁ་དོག་ཀྱང་མི་རྟག་པ་བཞིན་དུ་རྟོག་པའི་ཡུལ་སྤྱི་ཁོ་ནས་ཡིན་ནོ་ཞེས་བསྟན་པ་ནི། སྐྱོན་འདིར་ཐལ་བར་མི་འགྱུར་ཏེ་ཞེས་བྱ་བ་སྟེ། །མི་རྟག་པ་ཉིད་བཞིན་དུ་རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་ཁ་དོག་ཀྱང་སྤྱི་ཁོ་ན་ཡིན་ནོ་ཞེས་བྱ་བའི་

དོན་ཏོ། །གལ་ཏེ་ཁ་དོག་ལ་སོགས་པའི་སྤྱི་མི་རྟག་པ་ཉིད་ལ་སོགས་པ་དང་སྦྱོར་བ་ལ་ཇི་ལྟར་ཁྱད་པར་རྣམས་ལ་མངོན་པར་ཞེན་པའམ། འཇུག་པ་ཡིན་ཞེས་ཟེར་བ་ལ། དངོས་མེད་ངོ་བོ་མིན་ནི་དངོས་པོ་ལས་གཞན་པའི་སྤྱི་ཡིན་ཏེ། སྒྲ་མི་རྟག་པའམ་ཁ་དོག་གམ་ཞེས་བྱ་བ་

Vol. 181 · folio 47b

འདིས་དེ་ཉིད་དེ་དངོས་པོ་ཉིད་ཀྱིའོ། །དེ་བཞིན་ནི་མངོན་སུམ་དུ་མི་བྱེད་པས་སོ། །གྲུབ་ཕྱིར་ནི་ངེས་པའོ། །རབ་བསྒྲུབ་ཕྱིར་ནི་ངེས་པར་མཐོང་བས་བྱེད་པའི་ཕྱིར་རོ། །གཞན་དུ་མངོན་དུ་བྱེད་པ་ན་མངོན་དུ་བྱེད་པའི་ཡུལ་མ་གྲུབ་པ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། གཞན་ལ་ཞེས་

བྱ་བ་སྟེ། དངོས་སུ་མི་སྣང་བའི་ཡུལ་ལ་གཞན་ལ་དེ་སྣང་བའི་ཡུལ་དུ་ཇི་ལྟར་འགྱུར་བ་ཡིན་ཞེ་ན། རང་གི་མཚན་ཉིད་ལས་གཞན་འགྲུབ་པ་ཞེས་བྱ་བ་ནི་མི་རིགས་པ་ཁོ་ནའོ། །དེ་ཉིད་ནི་རང་གི་མཚན་ཉིད་དོ། །གྲུབ་ཕྱིར་ནི་ཞེན་པའི་ཕྱིར་ཏེ། གལ་ཏེ་ཡང་རང་གི་མཚན་ཉིད་སྣང་བ་མ་

ཡིན་ན་ཞེན་པར་བྱེད་པ་ཡིན་ལ་ཞེན་པ་ཡང་རང་གི་ངོ་བོ་མི་སྣང་བ་ཡིན་ན་ཞེན་པ་ཡིན་ཏེ། མི་མཐུན་པ་ཡིན་པའི་ཕྱིར་ཐམས་ཅད་དུ་མཚུངས་པ་ཡིན་ཏེ། གང་གི་ཕྱིར་རང་གི་ངོ་བོ་སྣང་བ་ནི་ངེས་པ་ཡིན་པའི་ཕྱིར་མི་མཐུན་པ་ཞེན་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བརྟགས་པས་ཞེས་བྱ་བ་

ནས་བརྩམས་ནས་མ་ཡིན་ནོ་ཞེ་ན་ཞེས་བྱ་བའི་བར་གྱི་ཁ་དོག་ཉིད་དང་མི་རྟག་པ་ཉིད་དག་གིས་སྤྱིའི་ངོ་བོ་ཡིན་པའི་ཕྱིར། དངོས་པོ་མ་ཡིན་པ་ཉིད་དུ་ཐེ་ཚོམ་ཟ་བ་དང་འབྲེལ་པ་ཡིན་ཏེ་དེས་བསྐྱེད་པའི་ཕྱིར་དང་དེར་ཞེན་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ལ་མི་སྣང་བའི་ཕྱིར་ནི་མངོན་དུ་མི་བྱེད་པའི་

ཕྱིར་རོ། །དངོས་སུ་མ་འབྲེལ་ཡང་ཞེས་བྱ་བ་ནི་དངོས་སུ་མི་སྣང་བ་ལ་ཡང་ངོ་། །གལ་ཏེ་དངོས་སུ་མི་སྣང་བ་ཡིན་ཡང་རང་གི་མཚན་ཉིད་ཁོ་ན་ཞེས་པས་ཡུལ་ཡིན་གྱི་གཞན་ནི་མ་ཡིན་ན། དབང་ཕྱུག་ལ་སོགས་པའི་རྣམ་པར་རྟོག་པ་ལ་ཡང་དེ་ལྟར་འགྱུར་རོ་སྙམ་དུ་སེམས་པ་ལ།

དངོས་པོ་ཇི་ལྟ་བུར་གྱུར་པ་ཞེས་བྱ་བ་སྟེ། རྟགས་ལས་སྐྱེས་པའི་རྟོག་པ་ནི་རྟགས་ཀྱི་རྒྱུ་དང་ཁྱབ་བྱེད་དག་ལས་འབྲེལ་པས་འབྲེལ་པ་ཅན་དེ་མངོན་དུ་བྱེད་ཀྱང་དེར་ཞེན་པའི་ཕྱིར་དེའི་ཡུལ་ཅན་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ཏེ། དེ་དང་འབྲེལ་པ་མེད་པས་དེའི་ཡུལ་ཉིད་དུ་རྣམ་པར་གཞག་པར་

མི་རིགས་པའི་ཕྱིར་རོ། །དངོས་གང་ཞེས་བྱ་བ་ནི་ཡོད་པ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ། །ཇི་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་མེ་མ་ཡིན་པ་དང་ཤིང་མ་ཡིན་པ་ལ་སོགས་པའི་བདག་ཉིད་ཀྱིས་ཡིན་གྱི་ཡོད་པ་ལ་སོགས་པས་ནི་མ་ཡིན་ནོ། །དེ་འདྲ་བ་དེ་ནི་ཞེས་བྱ་བ་ནི་དུ་བ་མ་ཡིན་པ་

Vol. 181 · folio 48a

དང་ཤིང་ཤ་པ་ནི་མ་ཡིན་པ་ལས་ལོག་པའི་ངོ་བོ་ཡོད་པ་དང་། རྩྭ་ལས་བྱུང་བ་ལ་སོགས་པ་ནི་མ་ཡིན་ནོ། །རྟགས་ཀྱང་འབྲས་བུའམ་ཁྱབ་བྱ་ཡིན་ལ་དེའི་ནི་རྒྱུ་ནི་སྦྱོར་བར་བྱེད་པའི་རྒྱུ་མཚན་ནི་རྒྱུ་ཉིད་ཀྱིས་སམ་ཁྱབ་པར་བྱེད་པ་ཉིད་ཀྱིས་སོ། །སེམས་

ཀྱི་ཞེས་བྱ་བ་ནི་མི་ཤེས་པ་རྟགས་མ་ཡིན་པའི་ཕྱིར་བརྒྱུད་པ་བརྟན་པར་བྱེད་པའོ། །དེ་ལྟར་ཡང་རྒྱུ་བྱེད་པ་ཡིན་པ་དེའི་ཕྱིར་རྟགས་འབྲས་བུ་ཡིན་ནོ། །སེམས་ལ་ནི་གཉི་ག་ཡང་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་ཏེ། གལ་ཏེ་ན་ཅུང་ཟད་འགས་ཁྱབ་པར་བྱེད་པ་ཡིན་ན་ནི་འདི་ལས་ཅིར་འགྱུར་

ཞེས་བསྟན་པ་ནི་གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་དེས་བསྐྱེད་པ་ནི་རྟགས་ཀྱིས་བསྐྱེད་པའི་རྟགས་ཅན་གྱི་བློ་ཉིད་དོ། །རྒྱུ་ཇི་ལྟར་བུར་གྱུར་པའི་དངོས་པོ་ལ་ནི་ཡུལ་ལ་འམ་རྒྱུ་མཚན་ལ་སྟེ་རྟགས་ཀྱི་སྒོ་ནས་དེ་ལས་བྱུང་བའི་ཕྱིར་གཞན་མེད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །རྟག་ཏུ་

སྣང་བ་ལས་ལྐོག་ཏུ་གྱུར་པ་རྟོགས་པ་ནི་ཐོབ་པར་བྱ་བའི་ཡུལ་ཉིད་ལ་འབྲེལ་པའི་ཡུལ་དུ་ངེས་པ་ཅན་ཉིད་ཡིན་ལ། འབྲེལ་པ་ཅན་མི་བསླུ་བ་ཡང་མི་བསླུ་བ་ཅན་གྱི་ངོ་བོ་ནི་ཚད་མ་ཉིད་ཡིན་ཞེས་བྱ་བའི་དོན་བཤད་ནས། བཤད་པ་བྱེད་པ་གཞན་རྣམས་ཀྱི་ལོག་པར་རྟོག་པའི་ཆེད་དུ་ཡང་

ཚིགས་སུ་བཅད་པ་བརྗོད་པ་ནི། དེ་ལྟར་རྟགས་དང་རྟགས་ཅན་བློ། །ཞེས་བྱ་བའོ། །རྟགས་ཅན་གྱི་ཤེས་པ་བཞིན་དུ་དེར་ཞེན་པའི་རྟགས་ཀྱི་ཤེས་པ་ཡང་དེ་དང་འབྲེལ་པ་ཅན་ཡིན་པའི་ཕྱིར་མི་བསླུ་བ་ཅན་ཡིན་ནོ། །འདི་ཉིད་སྐྱེད་པར་བྱེད་པའི་ཕྱིར་རྟགས་ཀྱི་ཤེས་པས་ཡང་དེ་ལ་

ཞེན་པ་ཡིན་ནོ། །གང་གི་ཕྱིར་ཐ་མི་དད་པར་ཞེན་པ་ཉིད་ཀྱིས་དེར་ཞེན་པ་ཉིད་ནི་མ་ཡིན་ཏེ་མངོན་སུམ་ལ་མེད་པའི་ཕྱིར་རོ། །མངོན་སུམ་ཉིད་ཀྱང་དེ་མ་ཡིན་ཏེ་མ་བཟུང་བའི་རྒྱུན་ལ་ཞེན་པ་སྐྱེད་པར་བྱེད་པའི་ཕྱིར་རོ། །གལ་ཏེ་དོན་དང་འབྲེལ་པ་ཞེན་པ་དང་ཐོབ་པ་ལ་སོགས་པ་ཡོད་པས་

ཚད་མ་ཉིད་ཡིན་ཡང་ཇི་ལྟར་འཁྲུལ་པ་ཅན་ཡིན་ཏེ། འགལ་བའི་ཕྱིར་རོ་ཞེས་ཟེར་བ་ལ། དེའི་ངོ་བོར་དེའི་རྟགས་ཅན་ལ་ཞེན་པར་བྱེད་པའི་ཕྱིར་རྟགས་དང་རྟགས་ཅན་གྱི་ཤེས་པ་དག་ལ་སྔར་ཇི་སྐད་བསྟན་པའི་འཁྲུལ་པ་ཡིན་ནོ། །དེ་ཡི་ངོ་བོས་སྟོང་དེ་དག །ཅེས་བྱ་བ་ནི་དེ་མངོན་

Vol. 181 · folio 48b

སུམ་དུ་བྱེད་པ་དང་བྲལ་བ་དག་གོ་ཞེས་བྱ་བའི་གཏན་ཚིགས་ཀྱི་ཚིག་གོ། །རང་གི་ངོ་བོ་མངོན་དུ་བྱེད་པ་ནི་མ་འཁྲུལ་བ་ཡིན་ནོ། །འགྲེལ་པ་བྱེད་པས་ནི་རྟགས་དང་ལྡན་པ་དང་མི་ལྡན་པ་ཉིད་དུ་དབྱེ་བ་མེད་པའི་རྟགས་ཀྱི་ཤེས་པ་ནི་རང་བཞིན་གྱི་རྗེས་སུ་དཔག་པ་ཡིན་ལ་རྟགས་

ཅན་གྱི་ཤེས་པ་ནི་འབྲས་བུའི་རྗེས་སུ་དཔག་པ་ཡིན་པར་བཤད་དོ། །དུ་བ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ནས་གཙོ་བོ་ཉིད་དུ་ཡིན་ནོ་ཞེས་བྱ་བའི་བར་གྱིས་རྟགས་ཅན་གྱི་ཤེས་པ་བཞིན་དུ་རྟགས་ཀྱི་ཤེས་པ་ཡང་རྟགས་ཀྱི་ཡུལ་ཅན་ཡིན་ལ་རྟགས་ཅན་མེད་ན་མི་འབྱུང་བ་ཉིད་ཀྱི་

ངེས་པའི་ངོ་བོའི་རྟགས་ཀྱི་བྱ་བ་ལ་རྟགས་ཅན་ཡང་རྗེས་སུ་འཇུག་པའི་ཕྱིར་གཞན་དག་གི་རང་གི་འདོད་པ་བཀོད་པ་ཡིན་ནོ། །འདིས་ཀྱང་ཕ་རོལ་པོ་གཞན་གྱི་རྩོད་པ་སེལ་བར་སྟོན་པ་ནི། དེས་ན་ཇི་སྐད་དུ་ཞེས་བྱ་བའོ། །དེའི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བསལ་ནས། ཡུལ་གཅིག་

པའི་ཕྱིར་ཞེས་བྱ་བ་ནི་རྟགས་ཅན་ཁྱད་པར་དུ་བྱས་པའི་རྟགས་རྟོགས་པའི་མངོན་སུམ་མ་ཡིན་པར་སྨྲ་བ་ནི་མངོན་སུམ་མ་ཡིན་པའི་ཕྱིར་རོ། །དེ་འདི་ནི་གཞན་གྱི་འདོད་པ་བཀོད་པ་སེལ་བར་བྱེད་པ་ནི། འབྲེལ་པ་ཉིད་ཀྱིས་རྟགས་འཛིན་པ་ཞེས་བྱའོ། །ཐུན་མོང་གི་ཆོས་དག་གི་ནི་

སྤྱིའི་ངོ་བོ་དག་གི་འབྲེལ་པ་ནི་མངོན་སུམ་མ་ཡིན་ཏེ། དེའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པས་འཛིན་པ་ཡིན་ན་ཐུག་པ་མེད་པར་བསྟན་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བའོ། །འོན་ཏེ་གོམས་པ་ལས་མངོན་སུམ་གྱི་བསྒྲུབ་བྱ་མེད་ན་མི་འབྱུང་བའི་རྟགས་ལ་དེ་

ཉིད་དུ་འཛིན་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དེའི་ཚེ་མངོན་སུམ་དེ་རྟགས་ཅན་སྣང་བ་ཉིད་ཡིན། དེ་མི་སྣང་བ་ཉིད་ཡིན་ན། དེ་མེད་ན་མི་འབྱུང་བ་ཉིད་ཁོ་ན་མི་འཛིན་ཏོ་ཞེས་ཟེར་བ་ནི་འོན་ཏེ་རྟགས་ནི་ཞེས་བྱ་བའོ། །ཇི་སྟེ་དེ་ཞེས་བྱ་བའི་རྗེས་སུ་དཔག་པའོ། །རྟགས་ཅན་མེད་ན་

མི་འབྱུང་བ་ཉིད་འཛིན་པ་ཉིད་ནི་རྟགས་ཀྱི་བྱ་བ་ཡིན་ལ། འདི་ལ་རྟགས་ཅན་འཛིན་པ་རྗེས་སུ་འཇུག་པ་ཡང་ཡིན་པར་བསྟན་པ་ནི། ཤིན་ཏུ་གོམས་པ་ལས་ཞེས་བྱ་བ་སྟེ་དུ་བའི་ངོ་བོ་ནི་སྦྲང་བུའི་ཚོགས་པ་དང་མི་མཐུན་པའི་མཚན་ཉིད་ལ་གོམས་པ་ཡིན་ན། མེ་མ་རྟོགས་ཀྱང་ཆེས་

Vol. 181 · folio 49a

གསལ་བར་ཉམས་སུ་མྱོང་བས་ཉེ་བར་མཚོན་པ་པ་ནི་རྟགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གོམས་པ་མེད་པ་ནི་ཇི་ལྟར་རྟགས་འཛིན་པ་ཡིན་ཞེ་ན། དུ་བ་དེ་ཉིད་དུ་ཞེས་བྱ་བ་སྨོས་ཏེ་དེའི་ཚེ་ཡང་མེ་འཛིན་པ་མ་ཡིན་ཡང་རྟགས་འཛིན་པ་ལ་ཡང་འཇུག་པ་ཡིན་ནོ། །

ཞེས་བྱ་བའི་དོན་ཏོ། །གཞན་དང་འབྲེལ་པ་ཉིད་དུ་ངེས་པ་ནི་རྟགས་འཛིན་པ་ཡིན་པར་བརྗོད་པ་གང་ཡིན་པ་དེ་རྟགས་ཅན་འཛིན་པ་ཁོ་ན་ཡིན་ཏེ། རྟོགས་པ་ཅན་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེའི་མེ་དང་འབྲེལ་པ་ཉིད་ཅེས་བྱའོ། །མི་དམིགས་པ་ལས་བྱུང་བའི་རྗེས་སུ་

དཔག་པ་ནི་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར། རྟགས་དང་རྟགས་ཅན་གྱི་ཤེས་པ་དག་ལ་བརྒྱུད་པས་ཀྱང་དངོས་པོ་དང་འབྲེལ་པ་མེད་པ་མ་ཡིན་ནམ། དངོས་པོ་གཞན་ནི་མེད་པར་བསམས་ནས་དངོས་པོའི་ཡུལ་ཉིད་དོ་ཞེས་བརྗོད་པས་ཤེས་པ་དང་ཤེས་བྱ་གཞན་དག་གི་འབྲེལ་པ་

ཡང་མ་ཡིན་ཏེ། མངོན་སུམ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེའི་ཕྱིར་དངོས་པོ་རྟོགས་བྱ་ལ་ཞེས་བྱ་བ་སྟེ། ཁྱབ་བྱེད་ནི་ཁྱབ་བྱའི་རྒྱུ་མཚན་ནམ་དེའི་ངོ་བོ་ཡང་རུང་དངོས་པོ་བསྒྲུབ་པར་བྱ་བ་ལ་ཡིན་གྱི་མེད་པ་ལ་ནི་མ་ཡིན་ཏེ། དེའི་བདག་ཉིད་དང་དེ་ལས་སྐྱེས་པ་ཉིད་དངོས་པོ་

བསྒྲུབ་བྱ་ལ་སྟེ། དངོས་པོ་རྟོགས་པར་བྱ་བ་ཡིན་གྱི་མེད་པ་ལ་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དངོས་པོ་རྟོགས་པར་བྱ་བ་ཡིན་ན། དངོས་པོ་མ་ཡིན་པ་ལ་ཡང་འབྲས་བུ་འགལ་བ་དང་། འགལ་བས་ཁྱབ་པར་དམིགས་པ་ཡང་ཇི་ལྟར་ཡིན་ཞེ་ན། །དེ་དག་ཁོ་ན་དེ་ལ་

ཡང་མ་ཡིན་ཏེ། དེ་ལས་དངོས་པོ་གྲུབ་པ་ཉིད་སྔར་ཐོབ་པ་ཡིན་ནོ་ཞེས་དེ་ལྟར་བསྟན་ཟིན་ཏོ། །ཁྱབ་བྱ་ཁྱབ་བྱེད་ཉིད་གྲུབ་ན། དེ་ཡང་སྟེ་ཁྱབ་བྱ་ནི་དེའི་བློ་སྟེ་ཁྱབ་པར་བྱེད་པའི་ཤེས་པའི་རྒྱུར་འགྱུར་བ་ལ། དེ་ཡང་ཞེས་བྱ་བ་ནི་ཁྱབ་བྱེད་ཡིན་ལ་ཁྱབ་བྱ་ཡང་དེ་ཡིན་པའོ། །དགག་

པ་སྟེ་ཕ་རོལ་པོ་རྣམས་ཀྱི་འདོད་པའི་མེད་པ་དང་། ཁོ་བོ་ཅག་གི་མེད་པའི་ཐ་སྙད་བསྒྲུབ་པར་བྱ་བ་ལ་གེགས་བྱེད་པ་འགའ་ཡང་མེད་པར་བསྟན་པ་ནི། འགག་པ་ཉིད་ནི་ཞེས་བྱ་བའོ། །ཇི་ལྟར་འབྲེལ་པ་ཡིན་ཞེས་བྱ་བའི་འགྲེལ་པ་ནི་གསལ་བར་བྱེད་པའི་ཆེད་དུའོ། །ཐམས་ཅད་དུ་

Vol. 181 · folio 49b

ཞེས་བྱ་བ་ནི་སྣང་བ་དང་མི་སྣང་བ་ལ་ཡང་ངོ་། །འབྲེལ་པ་མེད་པ་ཅི་ལས་ཤེ་ན། དམིགས་པ་ནི་དངོས་པོ་རྣམས་འཛིན་པར་བྱེད་པའི་ཕྱིར་ཚད་མ་ཡིན་ལ་གང་ཞིག་གང་གི་ཡིན་པ་དེའི་མེད་པ་ནི། མི་དམིགས་པའོ། །གང་གི་ཕྱིར་འཛིན་པར་བྱེད་པ་ནི་གཟུང་བར་བྱ་བ་འཇོག་པར་བྱེད་པ་ཡིན་གྱི་

དེ་མེད་པ་ལ་ནི་མ་ཡིན་ནོ། །ཚད་མ་གཞན་ཡིན་ནོ་ཞེ་ན། རེ་ཞིག་མངོན་སུམ་ནི་མ་ཡིན་ཏེ། དངོས་པོའི་ཉེ་བ་དང་ཅིག་ཤོས་དག་གིས་སྣང་བ་ཐ་དད་པར་འཛིན་པའི་ཕྱིར་དེ་མེད་པས་མེད་པ་ལ་ནི་མི་འགྱུར་རོ། །རྗེས་སུ་དཔག་པ་ལ་སོགས་པ་ཡང་འབྲེལ་པ་མེད་ན་མི་འགྱུར་ལ་མེད་པར་

རྟོགས་པ་ནི་ཡོད་དོ། །དེའི་ཕྱིར་སྡུད་པར་བྱེད་པ་ཡོད་པ་ཉིད་ཀྱིས་གཞན་དུ་མི་རིགས་པར་བསྟན་པ་ནི། གྲུབ་པ་ནི་ངེས་པའོ། །དོན་གྱིས་ཞེས་བྱ་བ་ནི་མེད་པར་རྟོགས་པའི་ཕྱིར་རོ། །རྣམ་པ་གཞན་མེད་པ་ནི་ཤུགས་ཀྱིས་སོ། །བཟློག་པ་ཉིད་ཅེས་བྱ་བ་ནི་འཛིན་པར་བྱེད་པ་བཟློག་པ་

སྟེ་འཛིན་བྱེད་གཞན་བཀག་ན་དེ་མེད་པ་ཁོ་ནའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པ་འབའ་ཞིག་མ་ཡིན་གྱི། འགལ་བའི་འབྲས་བུ་བསྒྲུབ་པ་ལ་ཡང་ངོ་ཞེས་ཤེས་པར་བྱེད་དོ་ཞེས་བྱ་བ་ནི་ཁ་ཅིག་གི་ཡིན་ནོ། །དེ་ཡང་མི་དམིགས་པ་ལ་ཞེས་བྱ་བ་ནི་སྤྱིས་བསྡུས་

པའི་ཕྱིར་དང་། གཞི་མཐུན་པ་ཉིད་མེད་པའི་ཕྱིར་བརྗོད་བྱས་སྟོང་པ་ཡིན་ནོ། །གང་དུ་ཞེས་བྱ་བ་ནི་སྣང་བ་འམ་མི་སྣང་བ་ལ་ཡང་ངོ་། །དེ་དགག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དངོས་པོའི་འོ། །རྣམ་པ་གཅིག་བསྟན་པ་ནི། འདི་ལྟར་ཞེས་བྱ་བ་སྟེ། དམིགས་པར་

རིགས་པ་ནི་སྣང་བའོ། །གལ་ཏེ་གཞན་གྱི་མེད་པར་རྟོགས་པ་ནི་ཇི་ལྟར་ཡིན་དུ་ཟིན་ཀྱང་ཁྱོད་ཀྱི་ཇི་ལྟར་ཡིན། ཚད་མ་ལས་བྱུང་བའི་རྟོགས་པ་ནི་དངོས་སུ་འབྲེལ་པ་ཅན་མ་ཡིན་པ་མ་ཡིན་ནོ་ཞེས་ཟེར་བ་ལ། མི་དམིགས་པ་ཉིད་ཅེས་བྱ་བའོ། །མི་དམིགས་པ་ལས་གཞན་དུ་དགག་པ་ཡིན་ན་

འབྲེལ་པ་མེད་པ་ཡིན་གྱི། ཁོ་བོ་ཅག་གི་མ་ཡིན་ཏེ། གཞན་མ་ཡིན་པ་ཉིད་ཀྱིས་དེའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་དེའི་དོན་ལ་ཡང་ཚིགས་སུ་བཅད་པ་འདི་ཡིན་ནོ། །གྲུབ་པ་ནི་བསྒྲུབས་པས་སོ། །ཚད་མས་ནི་དམིགས་པའི་ཚད་མ་ལ་བརྟན་ནས་སོ། །སྨྲ་བ་པོ་རྣམས་ཀྱི་

Vol. 181 · folio 50a

ཐ་སྙད་པ་རྣམས་ཀྱིའོ། །དོན་གྱིས་བཟློག་པ་ཉིད་ནི་མ་གྲུབ་པ་དང་དགག་པ་པ་དང་ཚད་མ་མ་ཡིན་པ་དང་མི་དམིགས་པ་ཉིད་དོ་ཞེས་བྱ་བའོ། །བསྒྲུབ་པ་སྟེ་དམིགས་པ་ལ་དམིགས་པ་སྟེ། དགག་པ་ནི་དེའི་བདག་ཉིད་མ་ཡིན་པ་བཞིན་དུ་སྒྲུབ་པ་ནི་མ་

ཡིན་པར་མི་འགྱུར་ལ་ཡོད་པ་ནི་ཡིན་ནོ། །རང་བཞིན་མི་དམིགས་པ་ལ་རིགས་པ་འདི་མ་ཡིན་ནམ། འགལ་བ་དམིགས་པ་ལ་སོགས་པ་ནི་མ་ཡིན་ཏེ། ཡུལ་དུ་མི་རུང་བ་ཉིད་ཀྱིས་མི་དམིགས་པས་དགག་པ་ལ་དབྱེ་བ་ཡོད་པའི་ཕྱིར་རོ་ཞེས་ཟེར་བ་ནི། འགལ་བ་ཡང་ཞེས་

བྱ་བ་སྟེ་དངོས་སམ་ཞེས་བྱ་བ་ནི་འགལ་བ་དམིགས་པའོ། །བརྒྱུད་པས་ཞེས་བྱ་བ་ནི་རྒྱུ་འགལ་བ་ལ་སོགས་པའོ། །འདི་ལ་ཞེས་བྱ་བ་ནི་རྒྱུ་འགལ་བའོ། །སྣང་བ་མི་དམིགས་པ་ཉིད་ལ་མེད་པ་ནི་རྨོངས་པ་ལ་ཐ་སྙད་ཙམ་བསྒྲུབ་པར་བྱ་བ་མ་ཡིན་ནམ། མི་སྣང་བ་མི་

དམིགས་པ་ཙམ་ནི་ཡོད་པ་ལ་ཡང་ཡོད་པའི་ཕྱིར་དང་། སྦྱོར་བའི་དབྱེ་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ། དེ་ལ་ཡང་འགལ་བ་མ་དམིགས་པའི་དུས་ན་ཡོད་པའི་སྣང་བ་དམིགས་པ་ཉིད་དེ་དང་འདྲ་བ་མཐོང་བས་རྗེས་སུ་དཔོག་པ་ནི་མེད་པའི་ཐ་

སྙད་ཀྱི་རྒྱུ་ཡིན་ནོ་ཞེས་བསྟན་པ་ནི། དགག་པ་དེ་ཡང་དེ་རྒྱུ་འམ། །ཞེས་བྱ་བ་སྟེ། གང་གི་ཞེ་ན་དེའི་སྟེ་དགག་བྱ་གྲང་བའི་འོ། །དགག་བྱ་དེའི་ཤུགས་ཀྱིས་འབྲས་བུའི་འོ། །རྒྱུ་འམ་ནི་གྲང་བ་ཉིད་ཀྱིའོ། །དེ་ཉིད་ནི་གྲང་བའོ། །དེའི་འབྲས་བུ་སྤུ་ལོང་ཞེས་བྱེད་པ་ལ་

སོགས་པ་ལ་དགག་པ་ལ་ཡང་མཐོང་བ་སྟེ། ཚད་མ་ཉིད་མེད་པ་སྟོན་པར་བྱེད་པ་ནི་མི་དམིགས་པ་རྗེས་སུ་དཔག་པ་སྟེ་འབར་བའི་ངོ་བོ་མངོན་སུམ་པ་ནི་ཚོགས་པ་གཅིག་ལ་རག་ལས་པ་དྲོ་བའི་རེག་པ་གྲང་བ་མི་དམིགས་པ་རྟོགས་པར་བྱེད་པའི་ཕྱིར་རྗེས་སུ་དཔག་པས་མི་དམིགས་

པ་གྲུབ་པོ། །དེས་ན་མི་དམིགས་པ་ལ་ཡང་འགལ་བའི་འབྲེལ་པ་གང་ཡིན་ཞེས་བྱ་བ་བསལ་བ་ཡིན་ནོ། །དེ་ལ་ཚོགས་པ་གཅིག་ལ་རག་ལས་པའི་མེའི་གཟུགས་ཀྱི་དྲོ་བའི་བདག་ཉིད་ཀྱི་རེག་པ་དཔོག་པ་ལ་སོགས་པ་འཆད་པར་འགྱུར་བ་གང་ཡིན་པའོ། །འགལ་བ་ནི་

Vol. 181 · folio 50b

གྲང་བའོ། །མེད་པར་འགྱུར་བ་ཞེས་བྱ་བ་ནི་གྲང་བའི་འོ། །དེ་ལྟ་མ་ཡིན་པ་ཞེས་བྱ་བ་ནི་མི་དམིགས་པ་ལའོ། །གཞན་དུ་ཞེས་བྱ་བ་ནི་འགལ་བ་ལ་སོགས་པ་བསྒྲུབ་པས་མི་དམིགས་པ་ལ་རྗེས་སུ་དཔག་པ་མེད་ནའོ། །དངོས་པོ་གཅིག་ཅེས་བྱ་བ་ནི་འགལ་བ་ལ་སོགས་

པའོ། །གཞན་ཞེས་བྱ་བ་ནི་གྲང་བ་ལ་སོགས་པའོ། །གང་ལས་ཞེས་བྱ་བ་ནི་ཚད་མ་གང་གིས་སོ། །དེ་ནི་ཞེས་བྱ་བ་ནི་ལྷན་ཅིག་མི་གནས་པའོ། །ཚད་མ་མ་ཡིན་པ་ཉིད་མི་དམིགས་པའོ། །འབྲེལ་པ་འཛིན་པར་བྱེད་པ་ཁོ་ནས་གཞལ་བྱ་གྲུབ་ན་རྗེས་སུ་དཔག་པ་ཚད་མ་

གཞན་དུ་མི་འགྱུར་རོ་ཞེས་བསྟན་པ་ནི། འབྲེལ་པར་གྲུབ་པར་བྱ་བ་ལ་ཞེས་བྱ་བའོ། །འཇུག་པ་གང་ཡིན་པ་ཞེས་བྱ་བ་ནི་མེ་དམིགས་པའི་ངོ་བོ་སྟེ་གྲང་བ་མ་དམིགས་པའོ། །དུ་བ་མེ་ལ་ངེས་པ་ཉིད་དུ་མངོན་སུམ་གྱིས་གྲུབ་ན་དུ་བ་མཐོང་བ་ལས་མེ་རྗེས་སུ་དཔག་པར་འགྱུར་

གྱི། འགལ་བ་མི་དམིགས་པ་འདི་ལ་ནི་མེད་པར་ངེས་པ་ཉིད་དེ་ལྟ་བུར་འཛིན་པ་མ་ཡིན་ཏེ། མི་དམིགས་པ་དང་མེད་པ་དག་ལ་དབྱེ་བ་མེད་པའི་ཕྱིར་འགལ་བ་ཅན་གྱི་མེད་པར་རྟོགས་སོ་ཞེས་མི་དམིགས་པར་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་གྱི་ཐ་མི་དད་པ་མེད་ན་རྗེས་སུ་དཔག་

པ་མེད་པས་རྩོད་པའི་གནས་སུ་འགྱུར་རོ་ཞེས་བསྟན་པ་ནི། མེ་ལས་གྲང་བ་མེད་པར་ནི་ཞེས་བྱ་བའོ། །གྲང་བ་ལས་གཞན་པ་ནི་གྲང་བ་མེད་པ་སྟེ། དེའི་འབྲས་བུ་ལས་ཀྱང་གཞན་པ་ནི་མེད་པ་ཡོད་པར་ཡིན་པར་བསྟན་པ་ནི། གང་གི་ཚེ་ཞེས་བྱ་བའོ། །དྲོ་བའི་རེག་པ་ལ་

གཟུགས་ནི་གྲང་བ་མེད་པའི་ངོ་བོ་ལ་འབྲས་བུའི་གཏན་ཚིགས་སོ། །གྲང་བ་མེད་པ་ཡང་དེ་ལས་གཞན་པའི་ངོ་བོ་དེའི་འབྲས་བུ་མེད་པའི་ངོ་བོའོ། །དེ་ལ་རྒྱུ་མེད་པར་བསྟན་པ་ནི། དེས་ན་རྗེས་སུ་དཔག་པ་ཞེས་བྱ་བའོ། །འབྲེལ་པ་འཛིན་པའི་མངོན་སུམ་ཁོ་ནའི་རྗེས་སུ་དཔག་

པ་ལས་རྗེས་སུ་དཔག་པར་བྱ་བ་གྲུབ་པ་ན་རྗེས་སུ་དཔག་པ་མེད་པའི་རྩོད་པའི་གནས་གང་ཡིན་པ་དེ་ཡང་མངོན་སུམ་ལས་རྗེས་སུ་དཔག་པ་ཐ་དད་པ་མེད་ན་དེ་གྲུབ་པས་དེ་ཉིད་འགྲུབ་པོ་ཞེས་བྱ་བ་མི་རིགས་སོ་ཞེས་ཟེར་བ་ནི། གལ་ཏེ་དེ་ལྟ་ན་ནི་ཞེས་བྱ་བ་ནས་ཚད་མར་མི་འགྱུར་རོ་ཞེས་

Vol. 181 · folio 51a

བྱ་བའི་བར་དུའོ། །དམིགས་པའི་ངོ་བོ་ཡོད་པ་ཉིད་ལ་མི་དམིགས་པ་ཉིད་མེད་པ་དེའི་ཕྱིར་ཡང་རྗེས་སུ་དཔག་པས་མེད་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཉམས་པར་འགྱུར་རོ་ཞེས་ཟེར་བ་ནི་མེས་མེད་པར་སྒྲུབ་ཀྱི་ཞེས་བྱ་བའོ། །མི་དམིགས་པས་མེད་པའི་དབྱེ་བ་མེད་ལ་

གཞན་དམིགས་པ་མི་དམིགས་པ་སྟེ། མེད་པ་ན་ཅི་ཞིག་གང་གིས་སྒྲུབ་པར་བྱེད་ཅེས་བསྟན་པ་ནི་མེ་ཉིད་ཅེས་བྱ་བའོ། །མི་དམིགས་པ་ལས་མེད་པ་ཇི་ལྟ་བ་དེ་བཞིན་དུ་གཞན་དམིགས་པའི་མི་དམིགས་པའི་ངོ་བོ་ལས་སོ། །དེའི་ཕྱིར་ཐ་སྙད་ལས་གཞན་བསྒྲུབ་པར་བྱ་བ་ཡོད་པ་མ་

ཡིན་ནོ། །ཇི་སྐད་བསྟན་པའི་རིམ་པས་གང་གི་ཕྱིར་མི་དམིགས་པ་ཉིད་མེད་པ་སྒྲུབ་པར་བྱེད་པ་དེའི་ཕྱིར་རང་གི་སྒྲས་བརྗོད་ན་ཡང་ཞེས་བྱ་བ་ནི་མི་དམིགས་པ་སྟེ། ཡང་གི་སྒྲས་ནི་རང་གི་སྒྲ་མ་ཡིན་པས་བརྗོད་པ་སྟེ་འགལ་བ་སྒྲུབ་པ་ལ་མེ་ཡོད་པའི་ཕྱིར་རོ་ཞེས་བྱ་བས་སོ། །མ་

བརྗོད་པར་ཡང་ཞེས་བྱ་བ་ནི་གཞན་ནོ། །འགལ་བའི་གནས་སྐབས་ཡིན་པའི་ཕྱིར་འགྲེལ་པར་ནི་དེའི་སྒྲ་ནི་རང་གི་སྒྲ་ཞེས་བཤད་དོ། །རྒོལ་བ་པོ་གང་གི་མི་དམིགས་པ་དེ་གཞན་དམིགས་པའི་ངོ་བོ་མངོན་སུམ་ལས་སམ་རྗེས་སུ་དཔག་པ་ལས་འགྲུབ་པ་མེད་པའི་ཐ་སྙད་སྒྲུབ་པར་

བྱེད་པ་ཡིན་པར་མི་འདོད་ཅིང་དངོས་པོ་རྣམས་ཀྱི་མེད་པ་ཉིད་ཅི་ལས་ཀྱང་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་འདོད་པ་དེ་དག་གི་དེ་ནི་ཡིད་སྨོན་གྱི་ལ་ཐུ་ཙམ་ཡིན་ནོ་ཞེས་བསྟན་པ་ནི། །གལ་ཏེ་དེ་ནི་ཚད་མིན་དེས། །ཞེས་བྱ་བའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་འགལ་བ་ཉེ་བར་བསྟན་

པས་སམ། ཚད་མ་གཞན་གྱིས་ཀྱང་ཞེས་བྱ་བའི་དོན་ཏོ། །གང་ལ་ཚད་མ་གཞན་མེད་པར་སྒྲུབ་པར་བྱེད་པ་ཉིད་ཀྱི་ལུང་ལ་སོགས་པ་འདོད་པ་དེ་ལ་ཡང་དེ་ལྟ་བུར་འགྱུར་ལ། དེ་ཉིད་རྣམ་པ་འགས་མི་དམིགས་པའི་ཁོངས་སུ་གཏོགས་པ་ཡིན་ན། འདིས་མ་མཚོན་

པའི་སྦྱོར་བའི་དབྱེ་བས་འཕངས་པ་ཉིད་ཡིན་པར་བསྟན་པ་ནི། དེ་དང་དགག་བྱ་དང་ངོ་། །འགལ་བ་ནི་མེ་ལ་སོགས་པའོ། །དེའི་འབྲས་བུ་ནི་དུ་བ་ལ་སོགས་པ་དེ་བརྗོད་པ་ལ་སོགས་པའོ། །ཇི་སྐད་བསྟན་པའི་མི་དམིགས་པ་དང་བྲལ་བའི་སྦྱོར་བ་ལ་སོགས་པ་གྲུབ་པ་མ་ཡིན་

Vol. 181 · folio 51b

པར་བསྟན་པ་ནི། འགལ་བ་དང་ཞེས་བྱ་བའོ། །འགལ་བ་བསྒྲུབ་པ་མ་གྲུབ་པར། ཐབས་དང་བཅས་པ་ནི་དགག་པ་ལ་རྒྱུ་དང་ཁྱབ་པར་བྱེད་པ་དག་མི་དམིགས་པ་དང་བཅས་པའོ། །ཅི་ཞེ་ན་འགལ་བ་བསྒྲུབ་པ་མ་བྱས་པ་སྟེ་རང་བཞིན་མི་དམིགས་པ་རྣམ་པ་བཞིའི་མི་

དམིགས་པ་མ་བསྟན་པར་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བསྟན་པའི་མི་དམིགས་པ་དང་བྲལ་བའི་སྦྱོར་བ་བསྟན་པ་ནི། སྨྲ་བ་ནི་ཚིག་སྟེ་ཤི་བའི་སེམས་ཉིད་ལ་སོགས་པ་གང་གི་དང་པོ་ཡིན་པ་དེ་ལས་ཐམས་ཅད་མཁྱེན་པ་དང་འཇིག་རྟེན་གཞན་ཏེ་ཉིང་མཚམས་སྦྱོར་བ་བཀག་

པ་ནི་འགལ་བ་བསྒྲུབ་པ་ལས་འགྱུར་བ་ཡིན་ཏེ་གཞན་མེད་པའི་ཕྱིར་རོ། །སྨྲ་བ་པོ་ཉིད་ལ་སོགས་པས་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་དེ་ཡོད་ན་མེད་པའམ་དེ་བསལ་ན་གནས་པར་རྟོགས་པ་གྲུབ་པ་མ་ཡིན་ཏེ། དབང་པོ་ལས་འདས་པའི་ཕྱིར་རོ། །སྐད་ཅིག་

པ་མ་ཡིན་པ་ཉིད་ནི་སྔོན་པོ་ལ་སོགས་པ་རྣམས་ལ་བདག་ཉིད་དུ་སྒྲོ་བཏགས་པ་སྣང་དུ་རུང་བ་ཡིན་ན་སྐད་ཅིག་པ་ཉིད་དང་འགལ་བ་ཡིན་ཏེ་དེ་བསྟན་པ་ནི། དབང་པོ་ལས་འདས་ཞེས་བྱ་བའོ། །ཉོན་མོངས་པ་དང་ལན་དག་གཏན་མེད་པ་འགལ་བ་མ་ཡིན་ནམ། དེ་ཡོད་ན་དེ་

ཆེས་ཤིན་ཏུ་འགྲིབ་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་ཤེས་པ་དང་ཚིག་དག་ལ་ཡང་བརྟག་པར་བྱའོ་ཞེ་ན་འདི་ནི་མི་རིགས་ཏེ། ཤེས་པ་འཕེལ་བ་ཡང་ཚིག་ལ་འགྲིབ་པས་ལོག་པར་སྒྲུབ་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་ཤེས་པ་ཁྱད་པར་དུ་འཕེལ་བའི་རྗེས་སུ་

འགྲོ་བ་ཞེས་བྱ་བ་སྟེ། ཤེས་པའི་རྒྱུ་མཚན་ཚིག་ཡིན་ཏེ་དེ་འཕེལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཤེས་པ་ཐམས་ཅད་དང་། ཚིག་དག་ལྷན་ཅིག་པར་མ་མཐོང་ཡང་འགལ་བ་རྟོགས་པ་མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་རྟོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི།

གལ་ཏེ་སྨྲ་པོ་རིག་མིན་ན། །ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་འཕེལ་བ་ལ་འགྲིབ་པ་ནི་འགལ་བ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བུའི་མི་དམིགས་པའི་ཁྱད་པར་གྱི་སྨྲ་བ་པོ་ཉིད་ནི་གྲང་བ་མི་དམིགས་པའི་ཁྱད་པར་གྱི་དྲོ་བའི་རིག་པ་བཞིན་དུ་འགལ་

Vol. 181 · folio 52a

བ་ཅན་མ་ཡིན་ནམ་སྙམ་དུ་སེམས་པ་ནི་དེ་འདྲ་ཞེས་བྱ་བའོ། །དེ་ལྟ་ན་ནི་མི་དམིགས་པ་ཉིད་སྒྲུབ་བྱེད་ཡིན་ཏེ་འདིས་སྒྲུབ་པར་བྱེད་པའི་ཕྱིར། བསྒྲུབ་བྱ་ངེས་པའི་རྒྱུ་མཚན་ནི་སྒྲུབ་བྱེད་ཉིད་མི་དམིགས་པ་ཁྱད་པར་དང་ལྡན་པར་བརྗོད་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ། །

ཁྱད་པར་མི་ལྡན་ན་མ་ངེས་པ་ཡིན་པར་བསྟན་པ་ནི་ངེས་བྱེད་མིན་པར་ཏེ་སྒྲུབ་བྱེད་མ་ཡིན་པའོ། །གལ་ཏེ་མི་དམིགས་པ་ཙམ་ལས་མེད་པར་མ་ངེས་ན་དངོས་པོ་ཡོད་པར་ངེས་པར་འགྱུར་རོ་ཞེས་ཟེར་ན་ཡང་དེ་ཕྱིར་ཤིན་ཏུ་ཞེས་བྱ་བའོ། །རེས་འགའ་ལྐོག་ཏུ་གྱུར་པ་ནི་ཡོད་པ་དང་མེད་པ་

ཉིད་དུ་ཚད་མ་དག་གིས་ངེས་པར་བྱེད་པ་ཡིན་ལ། དབང་པོ་ནི་ཐམས་ཅད་དུ་ལྐོག་ཏུ་གྱུར་པ་ཡིན་ཏེ། དོན་གྱིས་གོ་བ་རྟོགས་པ་ཡིན་གྱི་ཐམས་ཅད་མཁྱེན་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་ཕ་རོལ་པོ་ཁས་ལེན་པ་ཡིན་ནོ། །ཐམས་ཅད་ཤེས་པ་ནི་དངོས་པོ་ཐམས་ཅད་གསལ་བར་མཐོང་

བ་ཡིན་ཞིང་རྣམ་པར་རྟོག་པ་དང་འགལ་བ་མ་ཡིན་ནམ་དེའི་འབྲས་བུ་ཚིག་དང་ཡང་འགལ་བ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ལ་སྨྲ་བ་པོ་ཉིད་འབྲས་བུ་འགལ་བར་ཐལ་བར་འགྱུར་རོ་སྙམ་དུ་སེམས་པ་ནི། འོན་ཏེ་གྱུར་ན་ཡང་ཐམས་ཅད་མཁྱེན་པ་ཞེས་བྱ་བའོ། །

ཐམས་ཅད་མཐོང་བར་གསལ་བ་ཡིན་ཡང་ད་ལྟར་བ་ཉིད་བཞིན་དུ་རྟོག་པ་འཇུག་པ་ཡིན་ནོ། །མ་བརྟགས་མ་དཔྱད་པར་ཚིག་འཇུག་པ་མ་ཡིན་ནོ་ཞེས་གསུངས་སོ་ཞེས་བྱ་བ་ནི་ལུང་རིགས་རྣམས་ཀྱི་དང་རྣམ་པར་རྟོག་པས་ཀྱང་ཕྱི་རོལ་ཉིད་རང་གི་གཟུགས་བརྙན་ལྟ་བུར་དེ་ཉིད་དུ་ཞེན་

པས་བརྗོད་པར་བྱ་བ་ཡིན་ཏེ། ཚིག་གི་རྒྱུ་མཚན་རྟོགས་པས་དེ་ཡོད་ཀྱང་དེ་རིག་པ་ཡོད་པ་ཉིད་ཡིན་ལ། བརྡ་བྱེད་པ་པོའི་རྟོག་པ་ནི་བག་ཆགས་ཀྱི་གནས་སྐབས་ཅན་ཡོད་ན་དེའི་ཕྱིར་ཚིག་མེད་པ་ཅི་ལས་ཡིན་ཞེས་བླ་ན་མེད་པའི་ཐེག་པ་མི་ཤེས་པ་མ་ཡིན་པ་དག་གིའོ། །དེ་གཉི་ག་

ཡང་ལྷན་ཅིག་ཚིགས་སུ་བཅད་པ་གཅིག་བརྗོད་པས་བསྟན་པ་ནི། དོན་ཀུན་གསལ་བ་ཉིད་དུ་ནི། །ཞེས་བྱ་བ་སྟེ། གོམས་པ་ལས་བརྗོད་པར་འདོད་པ་འཇུག་པ་ཞེས་བྱ་བ་ལ་བརྗོད་པར་འདོད་པ་ནི་སྔར་ཡིན་ལ་བརྡ་བྱེད་པ་པོའི་གོམས་པ་ལས་ནི་ཕྱིས་ཚིག་འཇུག་པར་འགྱུར་བ་ཡིན་ཏེ།

Vol. 181 · folio 52b

དཔག་ཏུ་ཡོད་པ་ལས་གཞན་པ་ནི་དཔག་ཏུ་མེད་པའོ། །ཚིག་ཅེས་བྱ་བ་དང་མི་འབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བ་དང་སྦྱར་རོ། །ཚིག་རྣམས་ཀྱི་ཞེས་བྱ་བ་ནི་འདས་མ་ཐག་ཏུ་བསྟན་པའི་ཕྱོགས་ལ་ལན་བཏབ་པ་ཡིན་ནོ། །ཀུན་བསླངས་པས་ཞེས་བྱ་བ་ནི་ལུས་ཀྱི་ལས་སོ། །ཉེ་བ་

ཞེས་བྱ་བ་ནི་ཆེས་དང་པོར་ཉེ་བ་སྟེ། སྔར་མ་མཐོང་བ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་སུམ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་དེ་སྔ་མ་ཡིན་པའི་ཕྱིར་རོ། །ཕན་ཚུན་འགལ་བ་ཡང་དཔེར་ན་མེ་དང་གྲང་བའི་ཞེས་བྱ་བའོ། །གལ་ཏེ་ཆོས་ནི་ཐ་དད་པ་ཞེས་བྱ་བ་ནི་

གཞན་གྱིས་ཐ་མི་དད་པར་སྒྲོ་བཏགས་ན་ཡང་འགལ་བ་ཅན་ནི་འགལ་བ་ཡིན་པར་བསྟན་པ་ནི། ཐ་དད་ཐ་དད་མེད་པ་ཞེས་བྱ་བ་སྟེ། ཁ་བ་མེད་པ་ནི་གྲང་བ་མེད་པ་ནའོ། །མེད་པ་སྐྱེ་བ་ནི་མེད་པའི་བདག་ཉིད་ཐོབ་པ་ཡིན་ན་ཡོད་པ་དང་མེད་པ་གཅིག་པ་ཉིད་དུ་ཁས་ལེན་པ་ནི་

འགལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་དད་མེད་པ་ཞེས་བྱ་བ་ནི་ཁས་ལེན་པའི་ཡུལ་ཡིན་ལ། གཞན་གྱིས་ཁས་བླངས་པ་དེ་ཉིད་བསྟན་པ་ནི། སྐྱེ་བ་ནི་ཡོད་པ་ལས་ཞེས་བྱ་བའོ། །འགལ་བ་ཡང་ཞེས་བྱ་བ་ཁོ་ན་མ་ཡིན་ཏེ་ཞེས་བསྟན་ཏོ། །ཐ་དད་པ་མེད་པ་ཞེས་བྱ་བ་ནི་

ཐ་དད་པར་ཁས་ལེན་ན་འགལ་བ་མེད་པའོ། །དངོས་པོ་མེད་པར་བསྟན་པ་དང་ཅིག་ཤོས་ཅིག་མ་ཡིན་ནོ། །མ་ཚང་བ་མེད་པར་རྒྱུ་ཅན་ཡོད་པ་གཞན་ཡོད་ན་མེད་པར་རྟོགས་པ་ཞེས་བྱ་བའི་འགལ་བའི་མཚན་ཉིད་རྗེས་སུ་བརྗོད་པ་ནི། མ་ཚང་བ་མེད་རྒྱུ་ཅན་ཞེས་བྱ་བའོ། །ཡོད་

པ་ཞེས་བྱ་བ་ནི་རྒྱུན་གྱིས་གནས་པའོ། །གང་དུ་འདི་མཐོང་ཞེ་ན་མེ་དང་གྲང་བ་ལའོ། །གལ་ཏེ་གཞན་གྱིས་ཞེས་བྱ་བ་འདིས་འགལ་བ་ཉིད་རྣམ་པར་དཔྱོད་པར་བྱེད་པ་ཡིན་ནོ། །གལ་ཏེ་རྒྱུ་ཡོད་གྱུར་ན་ནི། །ཞེས་བྱ་བ་ནི་སྐད་ཅིག་ཕྱི་མའི་རྒྱུན་ལའོ། །རྒྱུ་མེད་ན་དེས་བྱས་པའི་

འབྲས་བུ་མི་སྐྱེ་བ་ནི་འགལ་བར་བྱེད་པ་མ་ཡིན་པར་བསྟན་པ་ནི། འོན་ཏེ་རྒྱུ་ཡོད་མིན་ན་ཡང་། །ཞེས་བྱ་བའོ། །རྒྱུ་མེད་པའི་ངོ་བོའི་མ་ཚང་བ་ཉིད་འགལ་བ་ཅན་གྱིས་བྱས་པ་མ་ཡིན་ཏེ། རང་ཉིད་ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི་གལ་ཏེ་མེད་པ་ཞེས་བྱ་བའོ། །རང་གི་ངོ་བོ་

Vol. 181 · folio 53a

སྟེ་ནུས་པ་ཅན་གྱི་ངོ་བོས་སོ། །ཡོད་པ་ཡང་འགལ་བ་ཅན་གྱིས་ཕྱིན་ཅི་ལོག་ཏུ་བྱེད་པར་མི་ནུས་སོ་ཞེས་བསྟན་པ་ནི་ཡོད་པ་ཡང་ཞེས་བྱ་བའོ། །དེའི་རྒྱུ་ནི་མ་ཚང་བ་མེད་པའི་རྒྱུའོ། །རང་ཉིད་ཅེས་བྱ་བ་ནི་མ་ཚང་བ་མེད་པར་སྐྱེས་པ་མ་ཡིན་པ་ནི་

མ་ཚང་བའོ། །མེ་གང་གི་ལྷན་ཅིག་བྱེད་པ་མ་ཡིན་གྱི་གྲང་བ་དེ་ལས་མེ་མེད་པ་དང་ལྷན་ཅིག་པའི་གྲང་བ་ནི་གྲང་བ་སྐྱེད་པར་བྱེད་དོ། །ལྷན་ཅིག་བྱེད་དང་ཞེས་བྱ་བ་ལ་སོགས་པ་ཉིད་བཤད་པ་ནི། ཞན་པ་དང་ཆེས་ཞན་པ་ཞེས་བྱ་བའོ། །གྲང་བར་ཤིན་ཏུ་གསལ་བ་ལ་མི་

གསལ་བའི་མེ་ནི་ཅི་ཙམ་མ་ཚང་བར་བྱེད་ཀྱང་། གསལ་བར་འགྱུར་བ་གྲང་བ་ནི་དེ་ལས་བཟློག་པ་ཡིན་ཏེ། ཆེས་ཤིན་ཏུ་བའི་དེ་ལས་བཟློག་པ་ལས་ཆེས་ཤིན་ཏུ་གསལ་བར་བྱེད་པ་ཡིན་པའི་ཕྱིར་འགལ་བ་མེད་དོ། །སྐད་ཅིག་ཕྱི་མ་ལྡོག་པ་ཉིད་དེས་བྱས་པ་མ་ཡིན་ནམ་ཞེས་

ཟེར་བ་ལ་རྒྱུའི་བྱེད་པ་ནི་སྐྱེ་བ་ལ་ཞེས་བྱ་བའོ། །རང་གི་རང་བཞིན་དེ་འདི་ནི་རང་གི་རྒྱུས་ངེས་པར་བསྟན་པར་བྱས་པ་ནི། ཡང་ན་གྲང་བའི་ཞེས་བྱ་བའོ། །ཆེས་གསལ་བར་འབར་བའི་མེའི་འབར་བ་ལ་ཡང་དེ་ལྟར་གྱུར་པའི་རྒྱུ་དང་ཉེ་བར་ལྡན་པ་མུན་པ་དང་། གྲང་བ་དག་གི་རྒྱུ་

ཉིད་དེ་དག་གི་རྒྱུར་མི་འགྱུར་གྱི་སྐྱེས་ཟིན་པ་གསལ་བ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། ཤིན་ཏུ་གསལ་བའི་ཞེས་བྱ་བའོ། །དེ་ཉིད་ཀྱིས་ན་ཞེས་བྱ་བ་ནི་སྣང་བ་སྐྱེས་པའོ། །སྣང་བ་འབྱུང་བ་ལས་སྔ་རོལ་ན་ཡོད་པའིའོ། །སྣང་བ་དང་དུས་མཚུངས་པར་ནི་ཞིག་པ་མ་ཡིན་པར་

བསྟན་པ་ནི། རང་བཞིན་གང་གིས་ཀྱང་ཞེས་བྱ་བའོ། །ས་ཕྱོགས་ན་ཞེས་བྱ་བ་ནི་འགའ་ཞིག་ན་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བ་ནི་ཡུལ་གཞན་ན་ཡོད་པའོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ཁྱད་པར་མ་ཡིན་ནོ་ཞེས་ཟེར་བ་ནི་དུས་གཞན་དུ་ཞེས་བྱ་བའོ། །གལ་ཏེ་ཡུལ་གཞན་དུ་མ་དམིགས་པ་

དེ་ཉིད་ཡུལ་གཞན་ན་ཡོད་པ་ནི་དུས་གཞན་ན་འབྱུང་བ་མ་ཡིན་གྱི་དེ་ཉིད་དུ་གཞན་དུ་ཡིན་ནོ་སྙམ་དུ་སེམས་པ་ནི། དུས་གཞན་མ་མཐོང་འཇིག་ཡིན་ན། །ཞེས་བྱ་བའོ། །ཡུལ་གཞན་ན་མེད་ཀྱང་ཡུལ་གཞན་ན་ཡོད་པ་བཞིན་དུ། དུས་གཞན་ན་མེད་པ་དུས་གཞན་དུ་གྲུབ་པ་ཆོས་ཅན་ཐ་

Vol. 181 · folio 53b

དད་པར་རྟོག་པས་མི་མཐུན་པ་ཉིད་བརྗོད་པ་ནི་གཏན་ཚིགས་ཀྱི་རྒྱ་ཉམས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །རྒྱུ་དང་འབྲས་བུའི་ཁྱད་པར་ཉིད། །ཅེས་བྱ་བ་ནི་གྲང་བ་ནི་གྲང་བ་གཞན་སྐྱེད་ན་མེ་དང་ལྷན་ཅིག་སྐྱེད་པར་མི་ནུས་སོ། །དེ་ཁོ་ན་ལྟར་ཞེས་བྱ་བ་ནི་མེ་དང་བྲལ་བ་གྲང་བའི་རང་བཞིན་སྐྱེད་

པར་བྱེད་པ་བཞིན་དུ་སྐད་ཅིག་པ་མ་ཡིན་པའི་རང་བཞིན་དང་བྲལ་བ་ནི་སྐད་ཅིག་པ་སྐྱེད་པར་བྱེད་པ་ཡིན་ནོ། །དེ་བཞིན་དུ་སྔོན་པོ་ཉིད་ལ་སོགས་པ་རྣམས་ཀྱང་སྔོན་པོ་འབའ་ཞིག་གི་རང་བཞིན་སྐྱེད་པར་བྱེད་པ་ཡིན་གྱི་སེར་པོ་ལ་སོགས་པ་དང་ལྷན་ཅིག་པ་མ་ཡིན་པའི་རང་བཞིན་སྐྱེད་པར་བྱེད་

ནུས་པ་ཡིན་ནོ། །མེ་དང་ལྷན་ཅིག་པ་ལས་དེ་དང་བྲལ་བའི་གྲང་བ་ནི་སྔོན་པོ་དང་སེར་པོ་ཁོ་ན་བཞིན་དུ་འགལ་བ་ཡིན་པར་བསྟན་པ་ནི་དེས་ན་ཞེས་བྱ་བའོ། །རྒྱུའི་དབང་གིས་ཞེས་བྱ་བ་ནི་ཇི་སྐད་བསྟན་པས་སོ། །མེད་པའི་སྒྲུབ་པའི་འགལ་བ་དམིགས་པ་གང་ཡིན་པ་དེ་མ་ཡིན་ནོ་

ཞེས་བྱ་བ་དང་སྦྱར་རོ། །བཟློག་པ་ལ་ནི་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་དང་འཇིག་རྟེན་ཕ་རོལ་ཡང་ཡོད་པ་ལས་སོ། །ཇི་ལྟར་དམིགས་པ་ལས་ཡོད་པ་གྲུབ་པ་དེ་བཞིན་དུ་མི་དམིགས་པ་ལས་ཀྱང་མེད་པ་གྲུབ་པ་མ་ཡིན་ནམ། མི་དམིགས་པ་ངེས་པར་མི་བྱེད་པ་ཇི་ལྟར་

ཡིན་སྙམ་དུ་སེམས་པ་ལ་ཇི་ལྟར་དངོས་པོ་ཉིད་བསྒྲུབ་པ་ན་ཞེས་བྱ་བའོ། །སྒྲུབ་པ་ནི་དམིགས་པ་ལས་མ་ཡིན་ནོ། །དངོས་པོ་རྣམས་ཀྱི་སྟེ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲུབ་པར་བྱེད་པ་ནི་ངེས་པ་ལའོ། །དེ་བཞིན་དུ་དངོས་པོ་ཉིད་ལྡོག་པ་ནི་ལྡོག་པར་བྱེད་པ་ཡིན་གྱི་དམིགས་པ་ནི་མ་ཡིན་

ནོ་ཞེས་བྱ་བའི་དོན་ཏོ། །འདིས་གྲུབ་པར་བྱེད་པས་སྒྲུབ་པར་བྱེད་པ་སྟེ་འབྲེལ་པ་ཅན་ནོ་ཞེས་བསྟན་པ་ནི་ཇི་ལྟར་འབྲེལ་པ་ཞེས་བྱ་བའོ། །དཔེར་ན་འབྲས་བུ་དང་ཁྱབ་པར་བྱ་བ་ཞེས་བྱ་བ་ནི་དངོས་པོ་སྒྲུབ་པར་རྟོགས་པར་བྱེད་པ་པོའི་ཚིག་གོ། །འདོད་པ་ཙམ་ལས་བྱུང་བ་དང་དངོས་

པོ་མ་ཡིན་པ་སྒྲུབ་པར་བྱེད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་ཞར་ལ་བསྟན་པ་ནི། འདིས་ནི་རྟོགས་པས་སྦྱར་བའི་ཆོས་ཞེས་བྱ་བའོ། །སྒྲུབ་བྱེད་མ་ཡིན་པ་ཅི་ལས་ཤེ་ན། གང་ལས་གང་ནའང་སྲིད་ཕྱིར་རོ། །ཞེས་བྱ་བ་སྟེ། དངོས་སུ་བའི་ཆོས་སྤྱི་བསྟན་པ་སྒྲུབ་བྱེད་ཡིན་གྱི་

Vol. 181 · folio 54a

གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་དངོས་པོ་ཐམས་ཅད་ཉིད་རང་ལོག་པས་དངོས་པོ་ཐམས་ཅད་ཉིད་ལྡོག་པར་བྱེད་དམ་འོན་ཏེ་ཅུང་ཟད་ཁོ་ན་ཡིན་ཞེས་ཟེར་བ་ལ། དེ་ལ་ཡང་ཁྱབ་པར་བྱེད་པའི་ཆོས་ཞེས་བྱ་བ་སྟེ། ཁྱབ་བྱེད་ནི་རང་ལོག་པས་

ཁྱབ་བྱ་ལྡོག་པར་བྱེད་དེ། དེ་ཉིད་ཀྱི་ཕྱིར་སྒྲུབ་བྱེད་ཀྱང་ཐམས་ཅད་མ་ཡིན་གྱི་འོ་ན་ཅི་ཞེ་ན། དེ་ལོག་པས་གང་ཡིན་པ་གང་འཇུག་པས་འཇུག་པར་འགྱུར་བའོ། །དེའི་ཕྱིར་དངོས་ཉིད་སྒྲུབ་པ་ན། །དངོས་པོ་རྣམས་ཀྱི་སྒྲུབ་བྱེད་འདོད། །ཅེས་བྱ་བ་ཡང་ཐམས་ཅད་ནི་མ་ཡིན་ནོ་ཞེས་

བསྟན་པ་ཡིན་ནོ། །སྤྱི་སྟོན་པའི་ཚིགས་སུ་བཅད་པ་སྔ་མའི་དོན་མདོར་བསྡུ་བས་སྡུད་པར་བྱེད་པའི་ཕྱིར་བསྡུ་བ་ཡིན་ཏེ། རྣམ་པར་འཇོག་པར་བྱེད་པའི་དོན་ཏོ་ཞེས་བྱ་བའི་དོན་ཏོ། །ཁྱབ་པར་བྱེད་པ་ལོག་པ་ནི་རང་ལོག་པ་ཡིན་ལ། དེ་ཡང་མངོན་སུམ་གྱིས་གྲུབ་པ་ཡིན་ནམ།

གཞན་དམིགས་པའི་ངོ་བོ་ཡིན་པའི་ཕྱིར་དེ་ཇི་སྐད་རྣམ་པ་འགར་ཞེས་བརྗོད་ཅེས་ཟེར་བ་ལ། མེད་པ་ལ་ནི་དེ་ཉིད་ཀྱི་ཞེས་བྱ་བ་སྟེ། ཚད་མ་མེད་པ་ནི་མི་དམིགས་པའོ། །དེ་ཉིད་ཀྱི་ཁྱབ་པར་བྱེད་པ་ཉིད་ཀྱིའོ། །མེད་པ་ལ་ནི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ། ཤིན་ཏུ་

རྨོངས་པའི་དོན་དུ་རྟགས་བརྗོད་པ་གང་གི་ཕྱིར་ཡིན་པ་དེའི་ཕྱིར་དེ་ལྟར་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྨོངས་པ་མ་ཡིན་པ་རྣམས་ལ་ཡང་རྟགས་ཉིད་ཅིའི་ཕྱིར་མ་ཡིན་ཞེས་ཟེར་བ་ལ། གནག་རྫི་མོའི་བར་ཞེས་བྱ་བའོ། །མ་བསྒྲིབས་པ་ཞེས་བྱ་བ་ལ་བསྒྲིབས་པ་ནི་

ལྐོག་ཏུ་གྱུར་པ་མི་རིགས་པ་མ་གྲངས་པ་ཡིན་ལ། དེ་ལས་བཟློག་པ་ནི་མ་བསྒྲིབས་པ་སྟེ་རྟགས་ལ་ལྟོས་པ་མ་ཡིན་པའོ། །གང་གི་ཕྱིར་དམིགས་སུ་རུང་བ་མ་དམིགས་པ་ནི་མེད་པ་ཉིད་ཀྱི་ཐ་དད་ཀྱི་ཡུལ་ཅན་ཉིད་དུ་བྱས་པ་རྣམས་ལ་ཡང་ངེས་པ་ཡིན་ལ། དེས་ན་དེའི་ངེས་པ་

ལ་ཁྱབ་པར་བྱེད་པ་མི་དམིགས་པ་ལ་སོགས་པ་རྗེས་སུ་དྲན་པ་ཡིན་ཞེས་ཟེར་བ་ནི། རྣམ་འགྲེལ་གྱི་རིགས་པ་དང་འགལ་བ་ཡིན་ནོ། །ཡང་ན་བརྗོད་པ་གང་ཡིན་པ་དེ་ཤིན་ཏུ་རྨོངས་པའི་དོན་དུ་ཞེས་ངག་གི་དོན་མཆོག་ཏུ་འཛིན་པའོ། །ཤེས་པ་གཅིག་ལ་འདྲེ་བ་ལ་གང་

Vol. 181 · folio 54b

གི་ཚད་མ་མེད་པ་ཉིད་དེ་ཁོ་ནའི་མི་དམིགས་པ་ཡིན་གྱི་མི་སྣང་བའི་མེད་པའམ། མེད་པའི་ཐ་སྙད་ལ་ནི་མ་ཡིན་ཏེ། མི་དམིགས་པའི་ཕྱིར་རོ་ཞེས་བརྗོད་པའི་བར་དུ་རྨོངས་པའི་དོན་དུ་ཡིན་ནོ་ཞེས་བྱ་བ་ནི་བཤད་པ་གཞན་ཡིན་ནོ། །དམིགས་པ་ལོག་པ་ཡང་རང་བཞིན་མི་དམིགས་

ངོ་བོ་ནི་དངོས་པོའི་ལྡོག་བྱེད་ཉིད་མ་ཡིན་ནམ། དངོས་པོ་ཉིད་ལོག་བཞིན་པ་ནི་ཇི་ལྟར་ལྡོག་བྱེད་ཡིན་པར་བརྗོད་སྙམ་དུ་སེམས་པ་ལ་འགྲེལ་པ་བཤད་པ་ནི། རང་བཞིན་མི་དམིགས་པ་ཡང་གོ་བར་བྱེད་པ་མ་ཡིན་ནམ་ཞེས་བྱ་བའོ། །གནག་རྫི་མོ་ལ་སོགས་པ་ཡང་རྣམ་པར་

དཔྱོད་པ་དང་། མ་བྲལ་བ་ན་འདི་ལ་མི་རྨོངས་པ་ཡིན་ནོ། །དེ་ལྟ་ན་རྨོངས་པ་གང་ཡིན་ཞེ་ན། གྲངས་ཅན་ཞེས་བྱ་བ་སྨོས་སོ། །གང་དུ་ཚད་མ་ལྔ་པོ་དག །དངོས་པོའི་ངོ་བོར་མ་སྐྱེས་པ། །དངོས་པོའི་མེད་པ་རྟོགས་པའི་ཕྱིར། །དེ་ལ་མེད་པ་ཚད་མ་ཉིད། །ཅེས་བྱ་བའི་རིགས་པ་མ་

ཡིན་ནམ་ཞེས་པ་ལ་ཤིན་ཏུ་ལྐོག་ཏུ་གྱུར་པ་ལ་ཚད་མ་ལྔ་པོ་ལོག་པ་ཡང་རང་བཞིན་ནམ་ཁྱབ་པར་བྱེད་པ་མི་དམིགས་པ་ཁོ་ནའོ་ཞེས་བསྟན་པ་ནི། མི་དམིགས་པ་ནི་འདི་ཙམ་ཞིག་ཅེས་བྱ་བ་སྟེ། མི་དམིགས་པ་དེ་ཡང་དངོས་སུ་མེད་པར་ངེས་པའི་འབྲས་བུ་ཅན་ནོ། །འདི་ཙམ་

ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །རྒྱུ་འམ་རང་བཞིན་ཏེ་ཁྱབ་པར་བྱེད་པར་སྣང་བར་འདོད་པ་ཡིན་ལ། སྣང་བ་མེད་པ་ནི་མ་དམིགས་པ་སྟེ། རུང་བ་མི་དམིགས་པ་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་དུ་མངོན་སུམ་ལོག་པ་ནི་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ཞིང་རྗེས་

སུ་དཔག་པ་ལུང་ལ་སོགས་པའི་ཡང་མ་ཡིན་ནོ། །གང་གི་ཕྱིར་དེ་ནི་དངོས་པོ་མཐོང་བ་མ་ཡིན་ཞིང་ཁྱབ་པར་བྱེད་པ་ཡང་མ་ཡིན་ནོ། །རྒྱུའམ་རང་བཞིན་ཞེས་བྱ་བ་ནི་སྣང་དུ་རུང་བ་ཙམ་ཉེ་བར་མཚོན་པ་ཡིན་ལ། བྱེད་པ་པོ་དང་ཁྱབ་བྱེད་དང་རང་བཞིན་མི་དམིགས་པ་རྣམས་ནི་མེད།

སྒྲུབ་པར་བྱེད་པ་ཡིན་པར་འདི་ཙམ་ཞིག་ཅེས་བྱ་བས་བསྟན་པ་ཡིན་ཏེ། རང་བཞིན་གྱི་སྒྲ་ནི་དངོས་པོའི་ངོ་བོ་དང་ཁྱབ་པར་བྱེད་པའི་ངོ་བོ་ལ་ཡང་འཇུག་པ་ཡིན་པའི་ཕྱིར་འགྲེལ་པར་རྣམ་པ་གསུམ་ཁོ་ན་ཞེས་བྱ་བའོ། །གཞན་མ་ཡིན་པ་ནི་རྒྱུ་ལ་སོགས་པ་ལས་གཞན་པའོ། །རྣམ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words