ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད

Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 181 · folio 109b

ཐམས་ཅད་ཚད་མ་མ་ཡིན་པར་བསྟན་པ་ཡིན་ཏེ། ཤེས་རབ་ནི་ཆོས་ལ་རྣམ་པར་དཔྱོད་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །འབྲས་བུའི་དོན་དུ་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཆེད་དུ་སྟེ། ནམ་མཁའ་ལས་སར་ལྷག་པར་མོས་པས་འགྲོ་བ་ཡིན་ནོ། །ས་ལ་སོགས་པའི་ཆ་འགའ་

ཞིག་མཐོང་བ་བསྒོམ་བཞིན་པ་ན་མ་ལུས་པར་འགྱུར་བ་མ་ཡིན་ནམ་ཆོས་ལ་སོགས་པའི་ནི་ཆ་འགའ་ཞིག་དེ་ལྟར་སྣང་བ་ནི་མ་ཡིན་ན། གང་གིས་བསྒོམ་པ་ལ་སྣང་བར་འགྱུར་སྙམ་དུ་སེམས་པ་ལ། བརྟགས་པ་ལ་བསྒོམ་པས་གསལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་དེ་

དག་ཙམ་ནི་དེ་ཉིད་ཡིན་ཏེ། མཐོང་བའི་དུས་ན་བསྒོམ་པ་ལ་ནུས་པ་མེད་པ་ཉིད་དང་། བསྒོམ་པའི་དུས་ན་ཡང་མཐོང་བ་མེད་པའི་ཕྱིར། སྔ་ན་ཡོད་པ་ལ་དགོས་པ་མེད་པར་བསྟན་པ་ནི། དེ་ཕྱིར་ཡང་དག་ཡང་དག་མིན། །ཞེས་བྱ་བའོ། །མཐོང་བའམ་མ་མཐོང་བ་ཞེས་བྱ་བ་མ་གྲུབ་

པའི་ཚིག་ཡིན་ཏེ། དགོས་པ་མེད་པའི་ཕྱིར་མེད་པར་ཡང་བསྒོམ་པས་གསལ་པོར་འགྱུར་རོ་ཞེས་འགྲེལ་པ་ལས་དེ་བསྟན་པ་ནི། ཡོད་པ་འབའ་ཞིག་ཅེས་བྱ་བའོ། །བརྟག་པ་ཙམ་བསྒོམ་པས་གསལ་པོར་བྱེད་པ་ཡིན་ན། གཙོ་བོ་དང་བདག་ལ་སོགས་པ་ཡང་གསལ་

པོར་འགྱུར་སྙམ་དུ་སེམས་པ་ལ། དེ་ལ་ཞེས་བྱ་བ་ནི་བརྟགས་པ་ནི་མི་གསལ་བ་ལའོ། །སྔར་དཔྱད་དངོས་པོ་ནི་བདེན་པ་བཞིའི་ངོ་བོའོ། །གང་གི་ཡིན་པ་དེ་དང་ལྡན་པ་ཡིན་པའི་སླུ་བ་མེད་པ་ཅན་ཏེ། མངོན་སུམ་ཡིན་གྱི་བདག་ལ་སོགས་པའི་ཡུལ་ཅན་མ་ཡིན་པར་

བསྟན་པ་ནི། ལྷག་མ་ཞེས་བྱ་བ་སྟེ། རྨི་ལམ་གྱི་ཤེས་པ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །འགའ་ཞིག་ལ་ཞེས་བྱ་བ་ནི་ངེས་པས་ཏེ་ཐུན་མོང་མ་ཡིན་པའོ། །གནས་པ་མིན་པ་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་གནས་པ་མིན་པ་མིན་པ་ཉིད་ཅེས་བྱ་བའི་དོན་ཏོ། །དོན་མཐོང་

བ་ལ་གནོད་པ་མེད་དོ་ཞེས་བྱ་བ་འདི་ནི་དབང་པོ་ལས་འདས་པ་ཉིད་ཀྱི་ཕྱིར་ངེས་པར་གཟུང་བ་དཀའ་བ་ཡིན་ནོ་ཞེས་ཟེར་བ་ནི་ཇི་སྟེ་འདི་ཞེས་བྱ་བའོ། །དེ་བཞིན་གཤེགས་པའི་རྗེས་སུ་དཔག་པ་ནི་དོན་མཐོང་བ་ཉིད་ཀྱི་ཕྱིར། གནོད་པར་བྱེད་པ་ཡིན་ཏེ་མི་བསླུ་བ་ལས་ཤེས་པ་

Vol. 181 · folio 110a

ཡིན་ནོ་ཞེས་བསྟན་པ་ནི། དེ་བཞིན་གཤེགས་པའི་ཞེས་བྱ་བའོ། །བདག་ལ་སོགས་པའི་ཡུལ་ལ་ཤེས་པ་དང་། ཚིག་ལ་ཡང་འུ་བུ་ཅག་ལ་སོགས་པ་ཐེ་ཚོམ་ཟ་བའི་ཕྱིར་དེའི་མཚན་ཉིད་ཀྱི་ཚད་མ་མ་ཡིན་པ་ཉིད་ཡིན་པར་བསྟན་པ་ནི། དབང་པོ་

ལས་འདས་པ་ལས་ཞེས་བྱ་བའོ། །ཕྱིན་ཅི་ལོག་པའི་མཚན་ཉིད་ཀྱང་། རྣལ་འབྱོར་པའི་ཤེས་པ་ལ་གནོད་པ་བྱེད་པ་མ་ཡིན་པར་བསྟན་པ་ནི། རྣལ་འབྱོར་པའི་ཤེས་པས་ཀྱང་ཞེས་བྱ་བའོ། །དེའི་ཚིག་ནི་བདག་ལ་སོགས་པའི་ཚིག་གོ། །དེའི་རྒྱུ་ཤེས་པ་ནི་གནོད་པ་ཉིད་

དོ། །འདི་ཞེས་བྱ་བ་ནི་རྒོལ་བའོ། །ཕྲད་བྱ་མ་ཡིན་པ་ལ་བསྟན་བཅོས་དོན་དང་ལྡན་པ་མ་ཡིན་པར་ཁས་ལེན་ན། ཚད་མ་ཉིད་ཀྱི་རྒྱུ་མཚན་མི་བསླུ་བ་མེད་པའི་ཕྱིར་དང་། མངོན་དུ་བྱེད་པ་མ་ཡིན་པའི་ཕྱིར་དང་། ངེས་པ་མེད་པའི་ཕྱིར་དོན་གྱི་ངེས་པས་རྟོགས་པ་པ་

ལ་ཐེ་ཚོམ་ཟ་བ་ཡིན་གྱི་ཚད་མ་མ་ཡིན་པར་བསྟན་པ་ནི་གལ་ཏེ་དབང་པོ་ལས་འདས་པའི་དོན་ཞེས་བྱའོ། །ཅིག་ཤོས་ཀྱིས་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པ་རྣམས་ཀྱིས་སོ། །གཞན་གྱི་སླུ་བ་ལ་རུང་བ་ཉིད་དུ་རྗེས་སུ་རྗོད་པར་བྱེད་པར་འགྱུར་རོ་སྙམ་དུ་སེམས་པ་

ནི་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བའོ། །རྣལ་འབྱོར་པའི་ཤེས་པ་ལ་ཡང་རྗེས་སུ་རྗོད་པར་བྱེད་པར་ཅིའི་ཕྱིར་མི་འགྱུར་བ་བསྟན་པ་ནི། རྣལ་འབྱོར་པའི་ཤེས་པ་ཡང་ཞེས་བྱ་བའོ། །རྣལ་འབྱོར་པ་ནི་འགའ་ཡང་མེད་ཀྱི་རིག་བྱེད་ཁོ་ན་རིག་པར་བྱེད་པ་ཡིན་པ་དེའི་ཕྱིར་

རྗེས་སུ་རྗོད་པ་མ་ཡིན་ནོ་ཞེས་ཟེར་བ་ནི། རྣལ་འབྱོར་པའམ་རིག་བྱེད་ཅེས་བྱ་བ་སྟེ། འམ་གྱི་སྒྲ་ནི་ངེས་པར་གཟུང་བའོ། །ཅི་ལས་ཤེ་ན་རང་བཞིན་གྱིས་གྲུབ་ཅེས་བྱ་བ་སྟེ། སྐྱེས་བུས་བྱས་པ་མ་ཡིན་པའོ། །རང་བཞིན་གྱིས་གྲུབ་ཅེས་བྱ་བ་ནས་གཏན་ལ་ཕེབས་པ་ཞེས་བྱ་བའི་

བར་དུའམ་ཡོད་ན་ནི་ཞེས་བྱ་བའི་བར་དུ་རྒོལ་བ་ཡིན་ནོ། །དངོས་འདིར་ཚད་མ་ནི་དེ་ལྟར་འུ་བུ་ཅག་ལ་སོགས་པ་རྣམས་ལ་ནི་མི་སྲིད་དོ་ཞེས་བྱ་བ་ནི་ལན་ཡིན་ནོ། །མི་བསླུ་བ་ཅན་ཉིད་ཀྱིས་རྗེས་སུ་རྗོད་པར་བྱེད་པ་པོ་ཡིན་པར་ནི་མི་རིགས་ཏེ། དེས་གསུངས་པ་ཡིན་པའི་

Vol. 181 · folio 110b

ཕྱིར་དང་། འུ་བུ་ཅག་ལ་སོགས་པས་སྔར་མ་ཤེས་པའི་ཕྱིར་རོ་ཞེས་དོགས་པ་སྔོན་དུ་སོང་བས་བསྟན་པ་ནི་འོན་ཏེ་དེ་དོན་གཉེར་ཞེས་བྱ་བའོ། །སྡུག་བསྔལ་སྤངས་པ་ནི་རྒྱུ་སྤངས་པ་ལས་སོ། །དེའི་རྒྱུ་མཚན་བསྟན་པ་ནི། །བདག་དང་བདག་གིར་འཛིན་ལྡན་

པས། །ཞེས་བྱ་བའོ། །སྡུག་བསྔལ་དང་བདེ་བ་དང་གཞན་ཡང་གྲུབ་པ་མ་ཡིན་ནམ། ཇི་ལྟར་དེ་མེད་པ་བདེ་བའི་མཆོག་ཡིན་ཏེ། དེ་དང་ལྡན་པ་མེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། གལ་ཏེ་རྟག་ཏུ་ཞེས་བྱ་བ་སྟེ། སྡུག་བསྔལ་མེད་པར་རིགས་གཅིག་སེམས་རྒྱུན་ཆད་

པ་མ་ཡིན་པར་རྒྱུན་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཀྱི་རྒྱུན་ཆད་པའི་མྱ་ངན་ལས་འདས་པ་ཚད་མ་དང་ལྡན་པ་མ་ཡིན་པར་བསྟན་པ་ནི་མར་མེ་ཤི་བར་གྱུར་པ་བཞིན་ཞེས་བྱ་བའོ། །སེམས་གཏན་དུ་རྒྱུན་ཆད་པ་མེད་པའི་དོན་བསྟན་པ་ནི། སྲེག་དང་གཅོད་ལ་སོགས་

པ་ཡིས། །ཞེས་བྱ་བའོ། །རྣམ་པར་འབྱེད་པ་ལས་ནི་ཤེས་རབ་ལས་སོ། །འདོར་བའི་རྒྱུ་མཚན་སྐྱོན་མཐོང་བ་ཉིད་ནི་སྡུག་བསྔལ་ཐམས་ཅད་ལས་གྲོལ་བའི་སེམས་ཀྱི་རྒྱུན་ལ་ཡོད་པ་མ་ཡིན་པར་བསྟན་པ་ནི། གལ་ཏེ་སྐྱོ་བས་ཞེས་བྱ་བའོ། །ཆོས་ཐམས་ཅད་སྟོང་པ་

ཉིད་ཀྱི་ཕྱིར་སྐྱོ་བ་དང་ཅིག་ཤོས་ཀྱིས་དབྱེ་བ་ཡོད་པ་མ་ཡིན་པར་བསྟན་པ་ནི། མཉམ་པ་ཉིད་ནི་མཐོང་བ་ཞེས་བྱ་བའོ། །བཏང་སྙོམས་བསྒོམ་པ་ཕུལ་དུ་བྱུང་བས་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་སྤངས་པ་དང་ལྡན་པ་རབ་ཏུ་དགའ་བ་ཁྱད་པར་ཅན་སྐྱེས་

པའི་དྲན་པ་གོམས་པས་གསལ་བ་ཐོབ་པའི་ཡིད་ཀྱིས། སྔོན་གྱི་གནས་རྗེས་སུ་དྲན་པའི་ཕྱིར་འབད་རྩོལ་དང་ལྡན་པས་ལས་དང་འབྲས་བུ་རིག་པར་བསྟན་པ་ནི། སྐྱེ་བ་གཞན་སོགས་ཞེས་བྱ་བའོ། །འབྲས་བུའི་ཁྱད་པར་གྱི་ཤེས་པས་རྒྱུའི་ཁྱད་པར་གྱི་ཤེས་པ་འདས་པ་ལ་

སོགས་པའི་ཡུལ་ཅན་ནི་བསྒོམ་པ་ལ་གསལ་བར་འགྱུར་བར་བསྟན་པ་ནི། རྒྱུ་དང་འབྲས་བུའི་དངོས་པོ་ནི་ཞེས་བྱ་བའོ། །རྣམ་པ་ཐམས་ཅད་རིག་པ་ལ་རྒྱུ་མཚན་བསྟན་པ་ནི། དངོས་པོའི་བདག་མེད་རྟོགས་པ་ན། །ཞེས་བྱ་བའོ། །རང་གི་རྟོགས་པའི་རྗེས་སུ་འབྲང་

Vol. 181 · folio 111a

བའི་བསྒོམ་པ་མེད་ན་མི་འབྱུང་བར་བསྟན་པ་ནི། བསྒོམ་པའི་ཤེས་པའང་ཞེས་བྱ་བའོ། །བསྒོམས་པ་ལས་བྱུང་བའི་ཡོད་པའི་དོན་ལ་སླུ་བ་མེད་པས་མ་གུས་པའི་ཡུལ་མ་ཡིན་པར་བསྟན་པ་ནི། ཡོད་པའི་དོན་ལ་ཞེས་བྱ་བའོ། །འཕགས་པ་

ཉན་ཐོས་ཀྱི་འདོད་ཆགས་དང་བྲལ་བ་ཉིད་ཡིན་ལ། དྲན་པ་གོམས་པ་ལ་སོགས་པ་ལ་གསལ་བ་མེད་པའི་ཕྱིར་རྣམ་པ་ཐམས་ཅད་མཐོང་བ་མེད་པར་བསྟན་པ་ནི། བག་ཆགས་དང་བྲལ་བ་ཞེས་བྱ་བའོ། །ཟག་པ་མེད་པའི་སེམས་ཀྱི་རྒྱུ་ཅན་ལ་སོགས་པ་འདོར་བའི་རྒྱུ་མཚན་གྱི་སྐྱོན་

མཐོང་བ་མེད་པའི་ཕྱིར་དེ་རྣམས་ལ་ཡང་ཡོད་པ་ཉིད་དུ་བསྟན་པ་ནི། ཉོན་མོངས་མེད་པའི་ཞེས་བྱ་བའོ། །ཉོན་མོངས་པ་མེད་པའི་གནས་སྐབས་ཀྱི་སེམས་ལ་གུས་པས་འཇུག་པ་ནི་དེ་ལས་མ་གུས་པས་འདི་ལྷག་པ་ཅི་ཞིག་འདོད་པ་ཡིན་ཏེ། དེ་ལས་གཞན་པའི་གྱ་ནོམ་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི།

གལ་ཏེ་རྟོགས་པ་ཞེས་བྱ་བའོ། །ཁོ་བོ་ཅག་གི་འདོད་པ་ཞེས་བྱ་བ་ནི་བཏང་སྙོམས་ལ་མངོན་པར་དགའ་བའི་བསྒོམས་པ་ལས་སྐྱེས་པ་ཟག་པ་མེད་པ་ཕུལ་དུ་བྱུང་བ་དང་ལྡན་པ་རྒྱུན་མི་འཆད་པའི་ཡིད་བདེ་བ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་མིང་ཅན་ནི་འདོད་པ་ཡིན་ནོ་

ཞེས་བྱ་བའི་དོན་ཏོ། །དྲན་པ་གོམས་པ་དང་འབྲས་བུའི་ཁྱད་པར་ལས་སྐྱེ་བ་ཉུང་ཟད་ཀྱི་རྒྱུའི་ཁྱད་པར་རྟོགས་པ་ཡིན་ཡང་། ཐམས་ཅད་རིག་པ་མ་ཡིན་ནམ་ཞེས་ཟེར་བ་ནི། འོན་ཏེ་ཇི་ལྟར་ཞེས་བྱ་བའོ། །ཡོད་པ་སྲིད་ཀྱང་དེའི་ཤེས་པའི་ཤེས་བྱ་ལ་རྟོག་པ་དང་བྲལ་བ་

རྣམས་ཀྱིས་ཇི་ལྟར་རྟོགས་པ་ཡིན་ཞེས་ཟེར་བ་ནི་དེ་ལ་མི་བསླུ་བྱ་ཞེས་བྱ་བའོ། །འདོད་ཆགས་དང་བྲལ་བ་ཉིད་ཀྱི་ཁྱད་པར་དང་ཐམས་ཅད་མཁྱེན་པ་ཉིད་ནི་འགལ་བ་ཡིན་ཏེ། ཕ་རོལ་གྱི་འདོད་ཆགས་རིག་པ་ནས་འདོད་ཆགས་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་ཟེར་བ་ནི།

ཐམས་ཅད་རིག་པ་ཞེས་བྱ་བ་ལ་སོགས་པའོ། །སྲིད་པར་བསྟན་པ་ནི། ཐབས་ནི་རྣམ་པ་དུ་མ་དག །ཅེས་བྱ་བའོ། །གཉི་ག་སྲིད་པ་ན་འདོད་ཆགས་དང་། འདོད་ཆགས་དང་བྲལ་བ་དག་ཕན་ཚུན་གེགས་བྱེད་ན། ཆགས་པ་མ་ཡིན་ཞིང་ཆགས་པ་དང་བྲལ་བ་མ་ཡིན་

Vol. 181 · folio 111b

པར་འགྱུར་གྱི། འདོད་ཆགས་དང་ལྡན་པ་ནི་མ་ཡིན་པར་བསྟན་པ་ནི། གཅིག་གིས་ཀྱང་ཞེས་བྱ་བའོ། །རྣམ་པ་མེད་པར་རིག་ན་འདོད་ཆགས་དང་བཅས་པ་ཉིད་མ་ཡིན་པར་བསྟན་པ་ནི། ལོགས་ན་གནས་པར་ཞེས་བྱ་བའོ། །རྣམ་པ་དང་བཅས་པས་རིག་པ་

ན་དེ་དང་ལྡན་པ་ཉིད་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་བདག་ཉིད་ཐམས་ཅད་ཅེས་བྱ་བའོ། །དེ་ཞེས་བྱ་བ་ནི་འདོད་ཆགས་དང་བཅས་པའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་རང་རིག་པས་སོ། །དེའི་བདག་ཉིད་ཀྱིས་ཞེས་བྱ་བ་ནི་རང་རིག་པས་སོ། །འདོད་ཆགས་རིག་པ་ཙམ་ནི་འདོད་

ཆགས་དང་ལྡན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེའི་བག་ཆགས་ཡོད་པས་དེའི་བྱ་བ་བྱེད་པ་ཡིན་པར་བསྟན་པ་ནི། ཆགས་སོགས་ཀྱིས་ཞེས་བྱ་བའོ། །རྣམ་འགྱུར་བར་ཞེས་བྱ་བ་ནི་མི་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །ཅི་ལས་ཤེ་ན་གཞན་ལ་གནས་པའི་ཞེས་བྱ་བ་སྨོས་སོ། །

རང་གི་བག་ཆགས་ལས་བྱུང་བ་དེ་ཕྱེད་པ་ལ། གཞན་གྱི་བག་ཆགས་ལས་བྱུང་བ་ནི་གྲུབ་པ་ལ་ཉེ་བར་གནས་པ་ཡིན་པ་ནི། སོ་སོའི་སྐྱེ་བོ་ལྟ་བུར་འདོད་ཆགས་དང་བྲལ་བ་ལ་ཞེས་བསྟན་པ་ནི། གཞན་གྱི་བག་ཆགས་ལས་བྱུང་བ་ཞེས་བྱ་བའོ། །འདོད་ཆགས་ཀྱི་

རང་གི་ངོ་བོ་རིག་པའི་འབྲས་བུ་བ་སྤུ་ལྡང་བ་ལ་སོགས་པ་ཡིན་གྱི། བག་ཆགས་ཀྱི་འབྲས་བུ་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ནི། གལ་ཏེ་རང་གི་ངོ་བོ་ཞེས་བྱ་བའོ། །བག་ཆགས་དང་བཅས་པའི་འདོད་ཆགས་རིགས་པའི་འབྲས་བུ་ཡིན་གྱིས། འདོད་ཆགས་ཙམ་གྱི་འབྲས་

བུ་མ་ཡིན་པར་ཟེར་བ་ནི། ལུས་རྣམ་པར་འགྱུར་བ་ཞེས་བྱ་བའོ། །གཞན་གྱི་སེམས་རིག་པ་གོམས་པ་ལ། གཞན་འདོད་ཆགས་ཀྱང་ཡོད་པའི་ཕྱིར་བག་ཆགས་ཇི་ལྟར་མ་ཡིན་པ་བསྟན་པ་ནི། གལ་ཏེ་གཞན་གྱི་སེམས་ཞེས་བྱ་བའོ། །གཞན་གྱི་འདོད་ཆགས་

རྟོགས་པར་བྱེད་པའི་རྟགས་ཀྱི་ཁྱད་པར་ནི་འབྲས་བུའི་ངོ་བོ་གོམས་པ་ཡིན་གྱི། འདོད་ཆགས་ནི་མ་ཡིན་པར་བསྟན་པ་ནི། གོ་བར་བྱེད་པ་ཞེས་བྱའོ། །ཤིན་ཏུ་མཐར་ཕྱིན་པ་ནི་གོམས་པའོ། །རྟགས་ཅན་གྱི་ཁྱད་པར་ལ་འབྲེལ་པ་ཉིད་ཀྱིས་རྟགས་ཀྱི་ཁྱད་པར་གོམས་པ་ཡིན་ན།

Vol. 181 · folio 112a

དེ་ལ་དེ་ཡོད་པ་ཁོ་ན་མ་ཡིན་ནམ་སྙམ་དུ་སེམས་ལ། ཡོད་ཀྱང་ཞེས་བྱ་བ་སྨོས་ཏེ། གཞན་གྱི་བག་ཆགས་ཀྱིས་བསྐྱེད་བྱའི་འདོད་ཆགས་རིག་པ་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བའི་དོན་ཏོ། །མི་གཙང་བའི་རོ་ཡང་དབང་པོ་ལས་སྐྱེས་པའི་ཤེས་པས་རྟོགས་བྱ་མ་ཡིན་

གྱི། འོ་ན་ཅི་ཞེ་ན་ཡིད་ཀྱིས་སོ། །དེ་ལྟ་ན་ཡང་དག་བྱེད་མ་ཡིན་ན། ཐམས་ཅད་དེ་ལྟར་འགྱུར་ལ། གསལ་བ་དང་ཅིག་ཤོས་དག་ཉིད་ཀྱི་རྣལ་འབྱོར་པ་དང་ཅིག་ཤོས་དག་གི་ཁྱད་པར་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། མི་གཙང་སོགས་ཞེས་བྱ་བའོ། །བགྲོད་པར་མི་བྱ་བ་ཞེས་

བྱ་བ་ནི་མའམ་སྒྱུག་མོ་ལ་འགྲོ་བ་ནི་བགྲོད་པར་མི་བྱ་བ་ལ་འགྲོ་བའོ། །གལ་ཏེ་ཡོངས་སུ་འགྱུར་བ་མ་ཡིན་པ་དང་ལྡན་པ་ངེས་པར་རྟོགས་པར་འགྱུར་ན། རྣམ་པར་རྟོག་པ་ཡང་རྟོགས་པར་མི་བྱེད་པར་བསྟན་པ་ནི། འོན་ཀྱང་བསྟན་བཅོས་ཀྱི་ཞེས་བྱ་བའོ། །ཐ་སྙད་ལ་ཡང་ཞེས་བྱ་བ་ནི་འགྲོ་བ་ལ་ཡང་

ངོ་། །འདི་ཡིན་ཏེ་ཞེས་བྱ་བ་ནི་འབྲས་བུའི་འོ། །རྣམ་པར་འགྱུར་བའི་ཞེས་བྱ་བ་ནི་ཁྱད་པར་རོ། །འདི་འདྲ་བའི་སྔ་མ་ནི་དང་པོ་སྟེ་དེ་མ་ཐག་པའི་ཞེས་བྱ་བའི་དོན་ཏོ། །རྒྱུ་འདིའི་འབྲས་བུ་ཁ་ཅིག་ནི་བརྒྱུད་ནས་ཡིན་ལ། ཁ་ཅིག་ནི་དངོས་སུ་ཡིན་ཞེས་ཅི་ལས་ཡིན་སྙམ་དུ་སེམས་པ་ལ། གང་གིས་འདི་ལ་

ཞེས་བྱ་བ་སྨོས་ཏེ། རྒྱུའི་ལྷན་ཅིག་བྱེད་པ་རྣམས་མེད་པ་དེའི་ཕྱིར་བརྒྱུད་པས་ཡིན་གྱི། གང་གིས་ཡོད་པ་ཡིན་པ་དེའི་ཕྱིར་གཞན་དུ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་སེམས་རྟོགས་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའོ། །ལུགས་ཀུན་ཞེས་བྱ་བ་ནི་གཞན་གྱི་ཐམས་ཅད་མཁྱེན་པ་གྲུབ་པའི་

ལུགས་དང་། དེ་སུན་དབྱུང་བའི་ལུགས་རྣམས་ཀྱང་སྟེ། གཟུང་བྱའི་དོན་ལ་ཤེས་པ་གསལ་བའི་རྣམ་པ་ཉིད་གཞན་དུ་ཞེས་བྱ་བའི་དོན་ཡིན་ནོ། །ཡུལ་གྱི་རྣམ་པ་གསལ་བ་ཉིད་མེད་པའི་ཕྱིར་ཚད་མ་མ་ཡིན་པ་སྟེ། མངོན་སུམ་མ་ཡིན་ཞེས་བྱ་བ་ནི་གནས་སྐབས་ལས་སོ། །དྲན་པ་དང་ཞེས་བྱ་

བ་ནི་རྟོག་པ་དང་བཅས་པའོ། །གཞན་གྱིས་རིག་པ་ཞེས་བྱ་བ་ནི་རིག་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་དང་སྦྱར་རོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་རིག་པའི་དུས་ཉིད་རིག་པའི་བདག་ཉིད་ཀྱིས་བསྐྱེད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་འདས་པས་སོ། །མི་འདོད་ཅེས་བྱ་བ་ནི་རྟོག་པའོ། །ཅི་ལས་རྣམ་པར་

Vol. 181 · folio 112b

རྟོག་པ་མེད་པ་ཡིན་ཞེས་ཟེར་བ་ལ། ལྐོག་ཏུ་གྱུར་ཞེས་བྱ་བའོ། །འདི་ཡང་ཅི་ལས་ཤེ་ན། དེ་ཉིད་ཀྱི་ཞེས་བྱ་བའོ། །རྣམ་པར་རྟོག་པ་མངོན་པར་འདོད་པའི་ཤེས་པ་གཅིག་པོ་རང་རིག་པའི་བྱ་བ་དང་ལྡན་པ་མ་ཡིན་ནམ། དོན་གྱི་ཡུལ་ལ་རྟོག་པ་ཉིད་གཞན་གང་ཡིན་སྙམ་དུ་སེམས་ལ། རྣམ་པར་རྟོག་པ་

བཞིན་དུ་དོན་གྱི་ཡུལ་ཉིད་དུ་རྟོག་པ་ཡིན་པར་བསྟན་པ་ནི། སྒྲའི་དོན་དེ་ལ་རུང་བ་ཉིད་ནི་དེ་ལ་འཛིན་པ་ཡིན་ཏེ། དེ་ལ་སྟེ་དོན་ལ་དེ་ནི་སྟེ་རྟོག་པ་ཡིན་ལ། དེ་ལ་འཛིན་པ་ཉིད་དུ་རུང་བ་མ་ཡིན་པ་རྣམ་པར་དབྱེ་བའོ། །དོན་གྱིས་གོ་བའི་ཤེས་པ་གཞན་གྱི་རང་གི་ངོ་བོ་རིག་པ་ཡིན་པ་དེའི་ཕྱིར་རྣམ་པར་རྟོག་པའི་

ཡུལ་ཉིད་ཡིན་པར་བསྟན་པ་ནི། འོན་ཏེ་དོན་གྱིས་གོ་བས་ཞེས་བྱ་བའོ། །མ་གྲུབ་པའི་རང་གི་ངོ་བོ་དོན་གྱིས་གོ་བས་རྟོགས་པར་བྱེད་པ་ཡིན་ཞེས་ཟེར་བ་ལ་ཐུག་པ་མེད་དོ་ཞེས་བྱ་བའོ། །མངོན་སུམ་གྱིས་གྲུབ་ན་ནི་ཞེས་བྱ་བ་ནི་མངོན་སུམ་གྱི་ངོ་བོ་དེས་གྲུབ་ན་སྟེ་ལྐོག་ཏུ་གྱུར་པ་ཉིད་མ་ཡིན་པ་ཞེས་བྱ་

བའི་དོན་ཏོ། །འདི་ཉིད་ཅེས་བྱ་བ་ནི་ལྐོག་ཏུ་མ་གྱུར་པའི་ངོ་བོའོ། །ཤེས་པས་ཅི་ཞིག་བྱ་བ་རྒྱུས་སོ། །མིག་ལ་སོགས་པའི་བྱེད་པ་ཙམ་ནི་མ་ཡིན་གྱི། འོན་ཀྱང་དེའི་བསྐྱེད་བྱའི་ཤེས་པ་མ་ཡིན་ནམ་ཞེས་ཟེར་བ་ནི་རྣ་བ་ལ་སོགས་པའི་འཇུག་པ་ཞེས་བྱ་བའོ། །ཇི་ལྟར་ཤེས་ཞེས་བྱ་བ་ནི་

མིག་ལ་སོགས་པའི་བྱེད་པ་དེའི་བསྐྱེད་བྱ་ལྐོག་ཏུ་མ་གྱུར་པའི་ངོ་བོ་ལས་མ་གཏོགས་པ་ནི། མངོན་སུམ་ལ་སོགས་པའི་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བསྒོམས་པ་ལས་སྐྱེས་པ་ཡང་མི་བསླུ་བའི་ཕྱིར་མངོན་སུམ་གྱི་ཚད་མ་ཡིན་ན་རྨི་ལམ་གྱི་ཤེས་པ་ཡང་རྨི་ལམ་གྱི་དོན་ལ་མི་

བསླུ་བའི་ཕྱིར་ཚད་མ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་བསྒོམ་པའི་ཞེས་བྱ་བའོ། །འཁྲུལ་པའི་ཤེས་པ་ནི་སྨིག་རྒྱུ་ལ་ཆུར་ཞེས་བྱ་བའོ། །ཀུན་རྫོབ་ཏུ་ཡོད་པ་ཞེས་བྱ་བ་ནི་ཡན་ལག་ཅན་ལ་སོགས་པ་རྣམས་ལ་ཤེས་པ་ཞེས་བྱ་བ་ནི་གནས་སྐབས་པའོ། །མངོན་སུམ་ལྟར་སྣང་བ་ཅི་ལས་ཤེ་ན།

དོན་གཞན་ནི་གཟུགས་ལ་སོགས་པ་གཞན་ཡན་ལག་ཅན་ལ་སོགས་པའོ། །དེར་ཞེན་པས་འཇུག་པས་གང་ལས་ཡིན་ཞེས་བྱ་བའོ། །གལ་ཏེ་བུམ་པ་ཞེས་བྱ་བ་ལ་སོགས་པའི་ཤེས་པ་ཡན་ལག་ཅན་གྱི་ཡུལ་ཅན་ཡིན་པའི་ཕྱིར་ཅིའི་ཕྱིར་མངོན་སུམ་མ་ཡིན་ཞེ་ན། ཡན་ལག་ཅན་ནི་ཞེས་

Vol. 181 · folio 113a

བྱ་བའོ། །རྗེས་སུ་དཔག་པའི་ཤེས་པ་འདི་ཡང་ཞེས་བྱ་བ་ནི་རྟགས་ཀྱི་ཤེས་པ་སྟེ། བསྒྲུབ་བྱ་མེད་ན་མི་འབྱུང་བའི་ཤེས་པའོ། །ཁ་ཅིག་ཏུ་ནི་ཞེས་བྱ་བ་ནི་གོམས་པ་མེད་ནའོ། །སྨིག་རྒྱུ་ལ་ཆུ་དང་བཅས་པ་ཅན་གྱི་ཤེས་པ་དག་གཞན་དབང་པོ་ལས་སྐྱེས་པ་དང་།

ཞེན་པའི་བདག་ཉིད་ཀྱི་འཁྲུལ་པ་མེད་པ་ཅན་དུ་ཡང་འདོད་པའོ། །དབང་པོ་ལས་སྐྱེས་པ་མ་ཡིན་པ་ཉིད་ཀྱི་ཁྱད་པར་གྱིས་ནི་དབང་པོ་དང་དོན་འབྲེལ་པ་ལས་བྱུང་བ་ཉིད་ཁོ་ན་རྣམ་པར་གཅོད་པར་འགྱུར་ཡང་རྗེས་དཔག་རྗེས་སུ་དཔག་ནས་བྱུང་བ་ཞེས་བྱ་བ་ནས། འདོད་པ་ལས་བྱུང་ཞེས་བྱ་བ་

ནས། འདོད་པ་ལས་བྱུང་ཞེས་བྱ་བའི་བར་དུ་དཔེ་བརྗོད་པ་ཡིན་ནོ། །རྣམ་པར་རྟོག་པའི་དབྱེ་བ་བརྗོད་པའི་དགོས་པ་བསྟན་པ་ནི། དབང་སྐྱེས་མིན་པ་ཞེས་བྱ་བའོ། །སྔ་མ་གཉིས་ལ་དབང་པོ་ལས་སྐྱེས་པ་ཉིད་དུ་མངོན་པར་སེམས་པའི་རྒྱུ་མཚན་ནི་དེ་སྐྱེད་པར་བྱེད་པའི་

གཟུགས་ལ་སོགས་པ་དང་། སྨིག་རྒྱུ་ལ་སོགས་པའི་ཤེས་པ་དབང་པོའི་ཡོད་པ་ལ་བར་མཚམས་མེད་པས་སོ་ཞེས་བསྟན་པ་ནི། བརྡ་གང་གི་རྟེན་ཡིན་པ་དེ་ཡིན་པའི་ཡན་ལག་ཅན་དང་གཞན་ཡོད་བཞིན་དྲན་བཞིན་པའི་ཆུ་ལ་སོགས་པའི་དོན་དེ་དག་གོ་རིམས་བཞིན་དུ་སྒྲོ་འདོགས་པ་དང་།

རྣམ་པར་རྟོག་པ་དག་ནི་དབང་པོ་ལས་སྐྱེས་པ་ཉིད་དུ་འཁྲུལ་པའི་རྒྱུ་ཉིད་ཡིན་ནོ། །ཅི་ལས་ཤེ་ན་འགའི་ཚེ་མངོན་སུམ་རྗེས་སུ་འཇུག་པ་ཅན་ཡིན་པའི་ཕྱིར་རོ། །བླ་ལྷག་ཏུ་སྒྲོ་འདོགས་པ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལས་ལྷག་པའི་ཡན་ལག་ཅན་གྱིའོ། །མཐོང་བ་ནི་ཞེས་བྱ་བ་

ནི་སྔ་མའི་ཆུ་ཉམས་སུ་མྱོང་བའོ། །བཟློག་སྟེ་ཞེས་བྱ་བ་ནི་རིམ་པ་གཞན་དུ་སྒྲོ་འདོགས་པ་སྟེ་སྔར་མཐོང་བ་ལའོ། །རྣམ་རྟོག་ནི་ཞེས་བྱ་བ་ནི་སྔ་ན་མེད་པའིའོ། །གཉི་གར་ཞེས་བྱ་བ་ནི་ཆུ་ལ་ཡང་སྐོ་འདོགས་པ་ནི་རྣམ་པར་རྟོག་པ་ལའམ་ཡན་ལག་ཅན་ལའོ། །འཇུག་པའི་

ཕྱིར་ཞེས་བྱ་བ་ཁས་བླངས་ནས། འགའ་ཚེ་ཞེས་བྱ་བ་དེ་དང་སྦྱར་ནས་ཕྱོགས་གཞན་བསྟན་པ་ནི། ཉེ་བར་འཇུག་པ་ཉིད་དམ་ཞེས་བྱ་བའོ། །དེ་ཉིད་དམ་ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་རྣམ་པར་རྟོག་པ་དག་གོ། །དེས་ཞེས་བྱ་བ་ནི་རེས་འགའ་མངོན་སུམ་དང་། ཉེ་བ་ལ་འཇུག་པ་

Vol. 181 · folio 113b

ཉིད་ཀྱིས་ཉམས་སུ་མྱོང་བའི་བརྡ་དྲན་པ་ལ་ལྟོས་པ་ཉིད་མངོན་སུམ་མ་ཡིན་པ་ཉིད་ཀྱིས་ཁྱབ་པར་མཐོང་བར་བསྟན་པ་ནི། ཇི་ལྟར་ལྐོག་ཏུ་གྱུར་ཞེས་བྱ་བ་སྟེ། བརྡ་དྲན་པ་ལ་ལྟོས་པ་ཉིད་ནི་དབང་པོ་ལས་སྐྱེས་པའི་མངོན་སུམ་ཉིད་ལ་འགལ་བས་ཁྱབ་པ་ཡིན་ཞེས་བྱ་བའི་དོན་ཏོ། །དེ་

ལྟ་མ་ཡིན་ཡང་ཞེས་བྱ་བ་ནི་ཡན་ལག་ཅན་མེད་ཀྱང་ཞེས་བསྟན་པ་ཉིད་ཀྱི་བཤད་པ་ནི། ཡུལ་གཅིག་པ་ཉིད་ཅེས་བྱ་བའོ། །དོན་གཅིག་ལ་ནི་སྦྱོར་བ་དང་ཞེས་བྱ་བ་ནི་འབྲས་བུ་གཅིག་ཉིད་ཡིན་པའི་ཕྱིར་བ་ལང་གི་སྒྲ་གཅིག་བཞིན་ནོ། །དེ་འགྱུར་ན་ནི་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་རེག་

པ་འགྱུར་ན་གཟུགས་འགྱུར་བའི་ཕྱིར་རོ། །ཐ་དད་པ་ཉིད་ཅེས་བྱ་བ་ནི་ཡན་ལག་ཅན་ནོ། །གསུམ་པོ་ཞེས་བྱ་བ་ནི་གཟུགས་དང་རེག་པ་དང་ཡན་ལག་ཅན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་རྟག་པའི་འདུ་བའིའོ། །རྒྱུ་མེད་པས་རྒྱུད་པ་ཉིད་ཡིན་པར་བསྟན་པ་ནི། རང་གི་རྒྱུ་ལས་དེ་དག་

གི་ཞེས་བྱ་བ་སྟེ། འདུ་བ་དང་ལྡན་པ་རྣམས་ཀྱིས་སོ། །དེའི་རྒྱུ་ཉིད་ནི་འདུ་བ་དང་ལྡན་པ་རྣམས་ཀྱི་རྒྱུ་ཉིད་དོ། །དེའི་འགྱེས་པ་ནི་འདུ་བ་དང་ལྡན་པ་ལས་མི་འགྱེས་པ་ཡིན་ནོ། །མངོན་སུམ་རྟོག་པ་དང་བྲལ་བ་ཞེས་བྱ་བ་དེ་དག་ཙམ་གྱིས་ནི་ཟླ་བ་གཉིས་ཀྱི་ཤེས་པ་ཡང་རྟོག་པ་

དང་བྲལ་བའི་ཕྱིར་མངོན་སུམ་ཐོབ་པར་འགྱུར་བ་ལ་དམིགས་ཀྱིས་བསལ་བར་བྱེད་པ་ནི་རབ་རིབ་དང་བཅས་པ་སྨོས་པས་ཞེས་བསྟན་པ་ནི། འདིར་བཞི་པ་དམིགས་བསལ་ཏེ་ཞེས་བྱ་བའོ། །སྔར་མ་མཐོང་བ་ཙམ་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་ཞེས་བྱ་བར་སྦྱར་རོ། །གང་

རྟོག་པ་དང་བྲལ་བ་དེ་མངོན་སུམ་ཞེས་བྱ་བ་དེ་གཞན་ཉིད་ལ་ནི་དེ་ལས་ཏེ། ཁྱད་པར་གྱི་རྗེས་སུ་དཔག་པ་ལས་གཞན་པ་ཁོ་ན་ལའོ། །དེ་ཉིད་ཡིན་ནོ་ཞེས་བྱ་བ་སྟེ། སྤྱིའི་ཚིག་ལ་ཁྱད་པར་གྱི་ཚིག་གིས་གནོད་པ་ཡིན་ནོ། །སྤྱི་མཐོང་བ་ལས་ཞེས་བྱ་བ་ནི་རྒྱུ་མཚན་ལས་སོ། །

རབ་རིབ་དང་བཅས་པས་སྨོས་པ་ཞེས་བྱ་བ་ནི་ལན་ཡིན་ཏེ། དོན་ལ་ཁྱད་པར་མེད་པའི་ཕྱིར་ཚིག་གི་ཁྱད་པར་ལ་དེ་མ་ཐག་པ་མེད་པ་ནི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནོད་བྱ་གནོད་བྱེད་ཀྱི་ངོ་བོ་ཞེས་བྱ་བ་ནི་སྤྱིའི་ཡུལ་དག་ལའོ། །མངོན་སུམ་ནི་མ་འཁྲུལ་པ་ཡིན་པ་དེ་དག་

Vol. 181 · folio 114a

ཙམ་གྱི་མཚན་ཉིད་ཀྱིས་ཆོག་པ་མ་ཡིན་ནམ་ཞེས་ཟེར་བ་ནི། མ་འཁྲུལ་པ་ཉིད་སྨོས་པ་ཞེས་བྱ་བའོ། །དེ་ནི་བདེན་ཏེ་ཞེས་བྱ་བ་ནི་ཁས་ལེན་པའོ། །རྟོག་པ་དང་བྲལ་བ་སྨོས་པའི་དགོས་པ་བསྟན་པ་ནི། དེའི་དབང་དུ་བྱས་ནས་ཞེས་བྱ་བའོ། །གཞན་གྱི་གཞུང་ལུགས་

བསལ་བའི་དོན་དུ་ཁྱད་པར་དུ་ཞེས་བྱ་བ་ནི་རྟོག་པ་དང་བྲལ་བ་ཞེས་བྱ་བའོ། །ཐམས་ཅད་ཀྱང་ཞེས་བྱ་བ་ནི་འཁྲུལ་པ་མེད་པའོ། །རྣམ་པར་གཅད་པར་བྱ་བ་ནི་གཞན་གྱི་གཞུང་ལུགས་ལས་གཞན་མེད་དོ་ཞེས་བྱ་བའི་དོན་ཏོ། །གནོད་བྱ་གནོད་བྱེད་ཀྱི་ཚུལ་ཞེས་བྱ་བ་ནི་སྤྱི་དང་ཁྱད་པར་གྱི་

ངོ་བོའོ། །དེ་ཡང་ཞེས་བྱ་བ་ནི་མི་ཤེས་ན་ཡང་ངོ་། །དེ་ལྟ་ན་ནི་ཞེས་བྱ་བ་ནི་འཁྲུལ་པའི་བློ་སྐྱེ་བ་ནའོ། །ཉི་མའི་གཉའ་ཤིང་ཞེས་བྱ་བ་བཞིན་དུ་མཐོ་རིས་འདོད་པས་མེ་ལ་སྦྱིན་སྲེག་བྱ་ཞེས་བྱ་བ་འདི་ལ་ཡང་། དེའི་དུས་སུ་གནོད་པར་བྱེད་པ་མེད་ཀྱང་དུས་ཕྱིས་འགྱུར་བར་བསྟན་པ་ནི་མ་ཡིན་ཏེ།

ཕྱིས་ཡང་ཞེས་བྱ་བའོ། །མ་ཡིན་ཏེ་ཚད་མ་ནི་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་མ་སྤངས་ནའོ། །དོན་དུ་སྨྲ་བས་བཤད་པ་ཞེས་བྱ་བ་ནི་ཉི་མ་གཉའ་ཤིང་པོ་ཞེས་བྱ་བ་ཉི་མ་དང་འདྲ་བ་ཉིད་ཀྱིས་དང་ཕྱིས་བསྟན་མཆོད་སྦྱིན་བྱེད་པ་པོའི་ཞེས་བྱ་བ་ཡིན་ཏེ། མཆོད་

སྦྱིན་བྱེད་པ་པོའི་བྱ་བ་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ནི་དོན་དུ་སྨྲའོ། །སྐྱེས་བུས་བྱས་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཚད་མ་ཡོད་པ་དང་མེད་པ་དག་གིས་སོ། །རབ་རིབ་ཅན་གྱི་དམིགས་པ་ནི་མིག་སེར་ཅན་ལ་ཡང་ཁྱད་པར་མེད་པའི་ཕྱིར་ཉེ་བར་མཚོན་པ་ཡིན་པར་བསྟན་པ་ནི། རབ་རིབ་ནི་

ཞེས་བྱ་བའོ། །དཔེ་ཡིན་གྱི་ཞེས་བྱ་བ་ནི་གནས་སྐབས་ཀྱིས་བཟློག་པའི་དཔེ་ཡིན་ནོ། །ཡིད་ཀྱི་ཞེས་བྱ་བ་ནི་རྟོག་པ་ཅན་ནོ། །མིག་གི་དབུས་ན་ཞེས་བྱ་བ་ནི་རབ་རིབ་ཀྱི་སྐྱོན་གྱིས་སོ། །མིག་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་དེ་དག་ཉིད་ཅེས་བྱ་བ་ལ་སོགས་པའི་གཞུང་དང་འགལ་བར་བྱེད་

པ་ནི། སྔོ་དང་ཟླ་གཉིས་ལ་སོགས་བློའི། །ཞེས་བསྟན་པ་ནི། མི་ནུས་སོ་ཞེས་བྱ་བར་སྦྱར་རོ། །དབང་པོའི་ཤེས་པའི་སྤྱོད་ཡུལ་དག །ཅེས་བྱ་བ་ནི་དངོས་སུའོ། །ཡིད་ཀྱི་ཞེས་བྱ་བ་ནི་བརྒྱུད་པའི་ཡུལ་གྱིའོ། །གཅིག་གི་རྣམ་པར་རགས་པ་ཞེས་བྱ་བ་ནི་ཐག་རིང་པོ་ན་སྣང་བའི་སྐྲ་ཤད་

Vol. 181 · folio 114b

ལ་སོགས་པ་བཞིན་དུའོ། །དབང་པོའི་ཡུལ་ཉིད་དུ་ཞེས་བྱ་བ་ནི་བརྒྱུད་པའི་རྒྱུའོ། །འོ་ན་ནི་ཐལ་བ་ཉིད་ཅེས་བྱ་བ་ནི་བརྒྱུད་པའི་རྒྱུ་ལས་སོ། །དེའི་ཕྱིར་ཡིད་ཀྱི་ནི་སྐབས་སུ་ཇི་ལྟར་ཞེས་བྱ་བ་འདིའི་ཡུལ་བསྟན་པ་ནི། བསམ་པ་ནི་ཞེས་བྱ་བ་སྟེ། ཟླ་བ་གཉིས་ཀྱི་ཤེས་པ་རྟོག་པ་ཡིན་

པར་སྨྲ་བའམ། རྣམ་འགྲེལ་བཤད་པ་པོ་ཡང་རུང་སྟེ། བཤད་པ་ནི་ཡུལ་དེ་བཤད་པ་ཉིད་ཡིན་ནོ། །གྲུབ་མཐའ་བསྟན་པ་ནི། རྡུལ་ཕྲན་ཕན་ཚུན་དབེན་པ་དག །ཅེས་བྱ་བའོ། །ཕྱོགས་སྔ་མ་བསྟན་པ་ནི་རྣམ་པར་རྟོག་པའི་ཞེས་བྱ་བ་སྟེ་གལ་

ཏེ་ཞེས་བྱ་བ་ལ་ལྟོས་པ་ཡིན་ནོ། །དེའི་ཡང་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་སྟེ་མཐོང་བའི་རྗེས་སུ་འབྲང་བ་ཉིད་ཀྱི་ཕྱིར་དྲན་པ་བཞིན་དུའོ་ཞེས་དགོངས་པའོ། །དེར་མི་སྣང་ཕྱིར་ཞེས་བྱ་བ་ནི་གྲུབ་མཐའ་ལ་འགའ་ཞིག་གིས་རྣམ་པར་རྟོག་པའི་ཡུལ་དུ་གཞག་པ་ན་རྣམ་འགྲེལ་དུ་མཐོང་བར་

བསྟན་པ་ནི་འདི་ལ་བརྗོད་པ་ཞེས་བྱ་བའོ། །རིགས་པ་བརྗོད་པ་ཡིན་གྱི་ཞེས་བྱ་བ་ན་ཟླ་བ་གཉིས་ཀྱི་ཤེས་པ་ཡིད་ཀྱི་ཉིད་དུ་མི་རིགས་པའི་ཕྱིར་རོ། །དེ་མཚུངས་ཞེས་བྱ་བ་ནི་ཟླ་བ་གཉིས་ཀྱི་ཤེས་པའོ། །འགྱུར་ལྡན་ན་ཞེས་བྱ་བ་ནི་མི་འགྱུར་བ་ནའོ། །དེ་འདི་ཉིད་ན་ཞེས་བྱ་བ་ནི་ཟླ་བ་གཉིས་ཀྱི་

ཤེས་པའི་འགྱུར་བའོ། །ཡིད་ཀྱི་ཉིད་དུ་ཐལ་བར་འགྱུར་བར་བཤད་པ་ནི། དང་པོ་ནི་ཞེས་བྱ་བའོ། །རང་གི་རྣམ་པ་ཅན་ནི་དབང་པོ་ལས་ཡིན་ལ། དོན་གྱི་རྣམ་པ་ཅན་ནི་ཡིད་ལས་ཡིན་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་ལ་ཚད་མ་མེད་དོ་སྙམ་དུ་སེམས་པ་ནི། ཅི་སྟེ་འདི་ལ་ཞེས་བྱ་བའོ། །ལན་

ནི་དེ་ལྟ་ནི་ཞེས་བྱ་བ་སྟེ། ཚད་མ་མེད་པར་ནི་ཟླ་བ་གཉིས་སུ་སྣང་བའི་རྣམ་པར་དབྱེ་བ་ལ་ཡང་མཚུངས་པ་ཡིན་ནོ། །དེའི་ཚེ་ཡོད་ཉིད་ཅེས་བྱ་བ་ནི་ཟླ་བ་གཉིས་ཀྱི་ཤེས་པ་ཉིད་དོ། །དེ་ཉིད་རབ་རིབ་ལ་སོགས་པའི་དབང་པོའི་འགྱུར་བས་རྣམ་པར་བསྒྱུར་བ་ཡིན་གྱི། གཞན་ལས་ནི་མ་ཡིན་

ཏེ། དང་པོ་ནི་ཟླ་བ་གཅིག་གི་ཤེས་པ་ཡིན་ནོ། །དབང་པོ་ལ་རྟེན་པར་ཡང་ཞེས་བྱ་བ་ནི་དང་པོའི་ཡང་ངོ་། །དངོས་སུའོ་ཞེ་ན་ཞེས་བྱ་བ་ནི་དང་པོའི་ཟླ་བ་གཅིག་གི་ཤེས་པའོ། །གཞན་ལ་ཞེས་བྱ་བ་ནི་ཟླ་བ་གཉིས་ཀྱི་ཤེས་པ་ཉིད་དངོས་སུ་ཡིན་གྱི། གཞན་མ་ཡིན་པ་ནི་ཟླ་བ་

Vol. 181 · folio 115a

གཅིག་གི་ཤེས་པའོ་ཞེས་བྱ་བའི་དོན་ཏོ། །འདིའི་རྗེས་སུ་འབྲངས་ནས་ཞེས་བྱ་བ་ནི་ཟླ་བ་གཉིས་ཀྱི་ཤེས་པ་རྗེས་སུ་འབྲངས་ནས་སོ། །དེ་ཡང་ཞེས་བྱ་བ་ནི་དངོས་སུ་ཟླ་བ་གཅིག་གི་ཤེས་པའོ། །དེ་ཡང་ཞེས་བྱ་བ་ནི་དང་པོ་ན་ཡང་ངོ་། །འདི་བཞིན་ནོ་ཞེས་བྱ་བ་ནི་ཟླ་བ་

གཉིས་ཀྱི་ཤེས་པ་བཞིན་དུའོ། །ཐུག་པ་མེད་པར་ཞེས་བྱ་བ་ནི་ཐལ་ཆེས་པའོ། །ལྡོག་འགྱུར་ཞེས་བྱ་བ་ནི་རྣམ་པར་དཔྱོད་པས་སོ། །ལྡོག་པར་མི་འགྱུར་ཞེས་བྱ་བ་ནི་རྟག་པ་ཉིད་ཀྱི་འཁྲུལ་པ་བཞིན་ཏེ། ཡིད་ཀྱི་འགའ་ཞིག་རྣམ་པ་གཉིས་སུ་མཐོང་བ་ཡིན་གྱི་རྣམ་པ་གསུམ་ནི་མ་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབང་པོ་འགྱུར་བ་ནི་ཡོད་ཀྱང་ཞེས་བྱ་བ་དང་སྦྱར་རོ། །གང་གི་ཚེ་ཞེ་ན་རྣམ་པར་དཔྱོད་ན་ནི་ཡོངས་སུ་དཔྱོད་ནའོ། །སྦྲུལ་དུ་འཁྲུལ་པ་ནི་རྣམ་པར་འགྱུར་བ་ཡོད་ཀྱང་། རྣམ་པར་དཔྱད་ན་མ་གྱུར་པ་མ་ཡིན་ནམ། ནག་པོ་ཉིད་ལ་སོགས་པ་ནི་རྣམ་པར་འགྱུར་བ་ཡང་

ན་རྣམ་པར་དཔྱད་པ་ལ་སོགས་པས་མི་ལྡོག་པའི་ཕྱིར་རོ། །འོན་ཏེ་དཔྱོད་པ་དང་བཅས་པས་ལྡོག་པ་ཡིན་པ་དེ་ལྟ་ན་ཡང་མ་ངེས་པ་ཡིན་ནོ་སྙམ་དུ་སེམས་པ་ནི། ཇི་སྟེ་ནག་པོ་ལ་སོགས་ཞེས་བྱ་བའོ། །དབང་རྟེན་གང་ཡིན་གལ་ཏེ་གང་། །ཞེས་བྱ་བ་གསལ་བར་བྱེད་པ་ནི་དེ་ཡོད་ན་ཡོད་

པ་ཞེས་བྱ་བའོ། །དཔྱད་དུ་རུང་བ་ལ་སོགས་པའི་འཁྲུལ་པ་ལྡོག་པར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །རྣམ་པར་འགྱུར་བ་ལས་སྐྱེས་པའི་ནག་པོ་ལ་སོགས་པའི་ངོ་བོ་ནི་ཟླ་བ་གཉིས་ཀྱི་ཤེས་པ་བཞིན་དུ་ཡིན་པར་བསྟན་པ་ནི། ནག་པོ་ལ་སོགས་པ་སྣང་བ་ཞེས་བྱ་བའོ། །དེ་ཡང་ཡིད་ཀྱི་

ཞེས་བྱ་བ་འདི་ལ་ཡིད་ཀྱི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཅན་ཡིན་ལ། རྟོག་པ་དང་བྲལ་བ་སྨོས་པ་ཉིད་ཀྱི་ལྡོག་པ་ཁས་ལེན་པ་ཡིན་པར་བསྟན་པ་ནི། རྟོག་པ་དང་བཅས་པར་ཞེས་བྱ་བའོ། །གནོད་པར་བྱེད་པ་ཉིད་དུ་མངོན་སུམ་པར་ཞེན་པ་ནི་སྦྲུལ་དུ་འཁྲུལ་པ་ཡིན་ལ། ཕན་འདོགས་པར་བྱེད་

པ་ཉིད་དུ་ཞེན་པ་ནི་ཆུར་འཁྲུལ་པ་ཡིན་ནོ་ཞེས་བསྟན་པ་ནི། ཕན་འདོགས་པ་དང་གནོད་པ་བྱེད་པར་སྣང་བ་ཞེས་བྱ་བའོ། །གཉིད་ལོག་པའམ་ཞེས་བྱ་བས་ཡིད་ཀྱི་གསལ་བར་སྣང་བ་བསྟན་པ་ཡིན་ནོ། །སད་པ་ན་ཞེས་བྱ་བས་ནི་དབང་པོ་ལས་བྱུང་བའོ། །གཉི་གར་ཡང་ཞེས་བྱ་བས་

Vol. 181 · folio 115b

ནི་གཉིད་ལོག་པ་དང་སད་པ་དག་གོ། །དེ་ལྟ་མིན་ན་སྟེ་མི་གསལ་བར་སྣང་བ་བསྟན་པ་ཡིན་ནོ། །དེའི་བྱ་བ་ནི་ཟླ་བ་གཉིས་ཀྱི་ཤེས་པའིའོ། །རྟོག་མེད་ན་ཡང་ཞེས་བྱ་བ་ནི་མངོན་སུམ་ཉིད་ལ་རྟོག་པ་དང་བྲལ་བ་ཉིད་ཀྱི་ཁྱབ་པ་ལ་བགག་པ་སྟེ་ཞེས་བྱ་བ་ནི་རབ་རིབ་བཅས་པ་ཞེས་བྱ་བ་དེས་སོ། །

སླུ་བའི་ཕྱིར་རོ་ཞེས་བྱ་བ་ནི་སྤྱིའི་མཚན་ཉིད་མེད་པའི་ཕྱིར་རོ། །ཚད་མའི་མཚན་ཉིད་ཀྱི་གནས་སྐབས་སུ་རང་གི་ངོ་བོ་ཚད་མ་མ་ཡིན་པ་ལས་ལྡོག་པར་བྱེད་པ་ཡིན་ཏེ། འཁྲུལ་པ་ཅན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ནི་རིགས་ཀྱི་ཐ་སྙད་གདགས་པར་བྱ་བ་ཉིད་མ་ཡིན་ཏེ། ཐ་སྙད་གདགས་པའི་

ཡུལ་ཚད་མ་ཉིད་ཀྱི་ཕྱིར་ཏེ། མངོན་སུམ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་བསྟན་པ་ནི། གཞན་དུ་ཡང་ཞེས་བྱ་བ་སྟེ། ཐ་སྙད་གདགས་པར་བྱ་བ་ཉིད་ཀྱང་ངོ་། །གཞན་གྱིས་གཞན་ལ་གང་དུ་ཐ་སྙད་གདགས་པར་བྱ་བ་ནི་ཉ་ཕྱིས་ལ་དངུལ་བཞིན་དུ་དེ་ལྡོག་པ་ཡང་མ་ཡིན་ཏེ། མ་འཁྲུལ་པ་ཅན་ཉིད་དུ་

འཛིན་པས་ཐ་སྙད་འདོགས་པ་མ་ཡིན་པའི་འབྲས་བུ་གྲུབ་པས་གཉི་ག་ལ་སྐྱེས་པ་སྟེ། སྒྲ་དང་དབང་པོ་ལས་སྐྱེས་པ་ཡང་ཐ་སྙད་གདགས་པར་བྱ་བ་མ་ཡིན་པའི་ཚིག་གིས་སྒྲ་ལས་བྱུང་བ་ཡིན་པས་ལྡོག་པར་བྱེད་དོ་ཞེས་བྱ་བར་མི་རིགས་ཏེ། གཉི་ག་ལས་སྐྱེས་པ་ཉིད་ནི་གང་ཡང་རུང་བ་ཉིད་དུ་

རྣམ་པར་གཞག་པ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །ཐུན་མོང་མ་ཡིན་པ་མ་ཡིན་གྱི་འོན་ཀྱང་ཐུན་མོང་བ་ལྡོག་པར་བྱེད་པའི་ཕྱིར་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ཡོད་པ་དང་ཉེ་བ་ལ་སོགས་པ་ཞེས་བྱ་བ་ནི་ཡོད་པ་དང་ཕྲད་པ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་ཚད་མ་ཉིད་ལ་དགོས་པ་མེད་པའི་ཕྱིར་

བསལ་བ་ཡིན་ནོ། །རྣམ་པ་གཞན་གཞན་དུ་བསྒྲུབ་པའི་ཕྱིར་ནི་ཆོས་ལ་རྒྱུ་མཚན་མ་ཡིན་པ་ཉིད་བསྒྲུབ་པའི་ཕྱིར་རོ། །བརྗོད་པར་བྱ་བའོ་ཞེས་བྱ་བ་ནི་སྐྱེས་བུ་དང་དབང་པོ་རྣམས་ལ་སོགས་པ་རྣམས་ལ་དོན་མེད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཞན་བསྟན་པ་ལ་ཟེར་བ་ནི། ཇི་སྟེ་ཆོས་ལ་ཞེས་བྱ་བའོ། །མཚན་ཉིད་བསྒྲུབ་པ་ནི་

ཆོས་ལ་སྐུལ་བྱེད་གཅིག་པུ་ཚད་མ་ཡིན་པར་དམ་བཅས་པས་འབྲེལ་པ་མེད་པ་མ་ཡིན་ནམ། རྗེས་སུ་བརྗོད་པ་ནི་རྒྱུ་མཚན་ཉིད་བཀག་པས་འབྲེལ་པ་ཅན་ཡིན་ནོ་སྙམ་དུ་སེམས་པ་ལ། མཚན་ཉིད་ཀྱང་ཕྱི་རོལ་གྱི་དོན་དང་རིག་བྱེད་དང་། དེའི་དོན་རྣམ་པར་གཞག་པའི་ཕྱིར་འབྲེལ་པ་ཅན་ཉིད་དུ་འགྱུར་

Vol. 181 · folio 116a

བར་བསྟན་པ་ནི། ཕྱི་རོལ་དོན་གྱི་སྒྲུབ་པ་ལ་ཞེས་བྱ་བའོ། །ཚད་མས་གྲུབ་པ་ཉིད་ཅེས་བྱ་བ་ནི་ཆོས་བཞིན་དུ་མངོན་སུམ་ལ་ཡང་ཡིན་ཏེ། འཇིག་རྟེན་ལ་གྲུབ་པ་ཉིད་དུ་བསླད་པའི་ཕྱིར་རོ། །དེས་ན་དོན་ལས་ཤེས་པ་མངོན་སུམ་མོ་ཞེས་བྱ་བ་ནི་རྩོད་པ་བསྒྲུབ་པའི་ཚིག་

ཅེས་བྱ་བ་ཡིན་ནོ། །ཤེས་པའི་སྣང་བ་ལས་སྐྱེས་པ་ཉིད་མི་སྲིད་པར་བསྟན་པ་ནི། མ་གྲུབ་དང་ཞེས་བྱ་བ་སྟེ། སྣང་བཞིན་པ་ནི་བརྐྱང་པ་ཉིད་ཀྱིས་གཅིག་མ་ཡིན་པའི་ཕྱིར་དང་། ཕྱི་རོལ་ན་དེ་ལྟ་བུ་མེད་པས་སྐྱེད་བྱེད་མ་ཡིན་པའི་ཕྱིར་རོ། །འོན་ཏེ་སྐྱེད་པར་བྱེད་པ་གང་ཡིན་པའི་དོན་དེ་ལ་

དམིགས་པ་ཡིན་ན། སྐྱེད་བྱེད་ཀྱི་དམིགས་པ་ཅན་ཉིད་དབང་པོ་རྣམས་ལ་ཁྱབ་ཆེས་པར་བསྟན་པ་ནི། མ་ངེས་ཉིད་དུ་གསལ་བ་ཡིན། །ཞེས་བྱ་བ་སྟེ། མ་ངེས་པ་ཉིད་ནི་ཁྱབ་ཆེས་པ་ཉིད་དོ། །ཤེས་པ་མེད་པར་མཚོན་མ་ཡིན། །ཞེས་བྱ་བ་ནི་ཤེས་པ་ཉིད་ཀྱིས་སོ། །གཞན་ཞེས་བྱ་བ་

ནི་རྟོག་པ་དང་བྲལ་བ་ཉིད་ལ་སོགས་པ་ལས་གཞན་པ་ཉིད་དོ། །ཡོན་ཏན་མཆོག་ལྡན་ཆུས་གང་ཞིང་། ངོགས་ན་གྲགས་འཕེལ་ལྗོན་ཤིང་ལྡན། །རྒྱལ་བ་ཅན་མཚོར་ཕྲག་དོག་གིས། །གདུངས་པ་ཞི་ཕྱིར་འགྲོ་བར་མཛོད། །གང་ལས་རྟོགས་པ་དེ་ཉིད་སྒྲུབ་བྱེད་ཅེས་བྱ་བ་ཡང་སྤྱིའི་

ཚིག་ཡིན་གྱི། དབང་པོ་ལ་སོགས་པ་ཁོ་ན་བརྗོད་པ་མ་ཡིན་པར་བསྟན་པ་ནི། རེ་ཞིག་ཤེས་པ་སྐྱེ་བ་ནི་ཞེས་བྱ་བའོ། །དེ་ཉིད་ཡིན་ཏེ་ཞེས་བྱ་བ་ནི་དབང་པོ་ལ་སོགས་པ་ཡིན་ཏེ། ཤེས་པ་དང་ལྷན་ཅིག་འབྱུང་བས་ཚོགས་པ་གཅིག་པར་འབྲེལ་པའི་ཕྱིར་རོ། །གལ་ཏེ་ཡང་དབང་པོ་ལ་སོགས་

པ་ལས་སྐྱེས་པའི་ཤེས་པ་ཡིན་ཡང་དེ་ལས་རྟོགས་པ་ངེས་པ་ནི་མ་ཡིན་ཏེ། གང་གི་ཕྱིར་སྐྱེས་པ་ལ་སྒྲུབ་བྱེད་ཡིན་ཞེས་བྱ་བ་ཉིད་ཀྱིས་ངེས་པ་ལ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ་ཞེས་བསྟན་པ་ནི། བྱ་བ་སྒྲུབ་པར་བྱེད་ཅེས་ཏེ་ཞེས་བྱ་བའོ། །ཅི་ཞིག་སུའི་ཡིན་

ཞེས་ཟེར་བ་ལ། གང་ཡིན་དེ་ནི་དེ་སྒྲུབ་བྱེད། །ཅེས་བྱ་བ་སྟེ། དབང་པོའམ་ཉེ་བ་ཡང་རུང་རྣམ་ཤེས་ཀྱི་རྟོག་པའམ་ངེས་པ་ལ་རྒྱུ་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གཅིག་བསྐྱེད་པ་ན་གཞན་ལ་ཡང་ངེས་པ་ལ། གལ་ཏེ་སྐྱེད་བྱེད་ཀྱིས་ངེས་པར་བྱེད་ན། སྐྱེད་བྱེད་

Vol. 181 · folio 116b

མ་ཡིན་པས་ཆེར་བྱེད་དོ་སྙམ་དུ་སེམས་པ་ལ། དེ་ལས་ཏེ་དབང་པོ་ལ་སོགས་པ་ལ་ཉམས་སུ་མྱོང་བའི་བདག་ཉིད་ཡོད་ན། དོན་ཐམས་ཅད་ལ་ཐུན་མོང་པའི་ཤེས་པ་ལ་ངེས་ཏེ། རང་བཞིན་གྱིས་འགྱུར་བ་ཡིན་པ་གང་གི་ཡུལ་སོ་སོ་ལ་རྣམ་པར་འབྱེད་པ་སྟེ། ངེས་པར་འབྱེད་པའི་ཤེས་པ་ནི། དབང་པོ་

ལ་སོགས་པ་ལས་དེ་ལྟ་བུའི་རང་བཞིན་དུ་འགྱུར་རོ་ཞེས་ཁས་བླངས་པ་ཡིན་གྱི། གཞན་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གྲངས་ཅན་པའི་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་གྲངས་ཅན་ལ་སོགས་པ་ཞེས་བྱ་བའི་དོན་ཏོ། །རྣམ་པར་གཞག་པར་འོས་པ་ཡང་ཞེས་བྱ་བ་ནི་རྣམ་པར་གཞག་པར་

འདོད་པ་ཞེས་བྱ་བ་དང་སྦྱར་རོ། །དེ་ལ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་ལའོ། །རྟོགས་བྱེད་དང་རྟོགས་བྱེད་མ་ཡིན་པ་མ་ཡིན་པ་ནི་ཡུལ་གྱི་དབྱེ་བ་ཡིན་ཡང་། རང་གི་འདོད་པའི་དབྱེ་བ་མ་ཡིན་པས་མི་རིགས་པར་བསྟན་པ་ནི། ཇི་སྟེ་དེ་ནི་རྟོགས་བྱེད་དངོས། །ཞེས་བྱ་བའོ། །དེའི་ཕྱིར། གཅིག་

ལ་རྟོགས་བྱེད་ཡིན་པ་ནི། །གཞན་ལ་ཡང་ཞེས་བསྟན་པ་ནི། དེས་ན་འཇལ་བྱེད་མ་ཡིན་པ་མ་ཡིན་ཞེས་བྱ་བ་སྟེ། རྟོགས་བྱེད་མ་ཡིན་པ་ནི་གཞན་ལ་ཡང་ངོ་ཞེས་བྱ་བའི་དོན་ཏོ། །བློ་ནི་རྣམ་པ་དང་བཅས་པ་ཡིན་པའི་ཕྱིར་འདི་རྣམ་པར་གཞག་པ་ཡིན་གྱི། ཉམས་སུ་མྱོང་བ་མ་ཡིན་ནོ་ཞེས་

ཟེར་བ་ནི་བློ་དང་བདེ་བ་ལ་ཞེས་བྱ་བ་སྟེ། བདག་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོའོ། །དེ་ལྟར་ཞེས་བྱ་བ་ནི་དེའི་ངོ་བོ་མངོན་དུ་བྱེད་པ་སྟེ། སྐྱེས་བུའི་དོན་ལ་འགྱུར་གྱི་བློ་ཅི་ཞིག་བྱ། དེ་བསྟན་པ་ནི་དོན་ཉིད་ཅེས་བྱ་བའོ། །ཤིན་ཏུ་སྟབས་ཡིན་ན་ཐག་རིང་བ་རྟོགས་པར་མི་འགྱུར་བར་བསྟན་པ་ནི་ཡུན་རིང་

པོ་ཅན་མ་ཡིན་པ་ཞེས་བྱ་བའོ། །གང་ལས་ཤེ་ན་ཞེས་བྱ་བ་ནི་འདི་རྟོགས་པ་ལ་ལྟོས་པའོ། །གཞན་ནི་ཞེས་བྱ་བ་ནི་རིག་བྱེད་ཀྱི་མཐའི་དགོངས་པ་འཆད་པར་འགྱུར་བ་ནི། དེ་ལྟ་མིན་ན་སྣ་ཚོགས་ཀྱི། །ངོ་བོར་སྣང་ཅན་དངོས་གཅིག་ལ། །རྣམ་པར་ཇི་ལྟར་བདེན་འགྱུར་ཏེ། །གཅིག་པ་

ཉིད་དེ་ཉམས་ཕྱིར་རོ། །ཞེས་བྱ་བར་འདོར་རོ། །མིག་ལ་སོགས་པ་ལས་ཡུལ་ངེས་པ་ནི་དེའི་བསྐྱེད་བྱའི་ཤེས་པ་ཉིད་ལས་མ་ཡིན་ནམ་ཞེས་ཟེར་བ་ནི། གལ་ཏེ་རྣ་བ་ལ་སོགས་པ་ཞེས་བྱ་བའོ། །གལ་ཏེ་ཡང་མིག་ལ་སོགས་པ་ནི་ཡུལ་གྱི་ངེས་པ་སྐྱེས་པ་ཡིན་ཡང་། དེའི་བསྐྱེད་བྱ་ནི་དེ་མེད་

Vol. 181 · folio 117a

ན་མི་འབྱུང་བར་འགྱུར་བ་ཞིག་ན། དེས་འཛིན་པའི་དབྱེ་བ་ལ་ཁྱད་པར་ལས་ནི་མ་ཡིན་ཏེ་སཱ་ལུ་དང་ནས་ལ་སོགས་པའི་ས་བོན་ཐ་དད་པ་ལ་དེས་སྐྱེད་པ་ཉིད་ཙམ་གྱི་མྱུ་གུ་ལ་ཐ་དད་པ་མ་ཡིན་གྱི་འོན་ཀྱང་འབྲས་བུའི་ཐ་དད་པ་མཐོང་བ་ལས་རང་བཞིན་ཐ་དད་པ་ཡོད་པར་བསྟན་པ་ནི། བདག་

ཉིད་གྱུར་མིན་ཞེས་བྱ་བ་སྟེ། རང་ལ་ཡོད་པའི་ཁྱད་པར་མེད་པས་མིག་གི་བསྐྱེད་བྱ་ནི་གཟུགས་བཞིན་དུ་རེག་པ་ལ་སོགས་པ་ལ་ཡང་འཛིན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཡུལ་ཅན་ཡིན་པའི་ཕྱིར་དེའི་འཛིན་བྱེད་ཉིད་ཡིན་ཞེས་བྱ་བ་འདི་ལ་ཡང་དབྱེ་བ་མེད་དེ། ཤེས་པ་ལ་བྱེད་པ་པོ་ཡིན་པའི་

ཕྱིར་ངེས་པར་བྱེད་པ་ཉིད་ནི་རྣམ་པར་འབྱེད་པ་ཉིད་ཀྱིས་ཡིན་པར་བསྟན་པ་ནི། རྣམ་པ་དང་བཅས་པར་ཐལ་བའི་ཕྱིར་རོ་ཞེས་བྱ་བའོ། །དེ་ཉིད་དུ་ཞེས་བྱ་བ་ནི་མིག་གི་རྣམ་ཤེས་གཟུགས་དང་རེག་པ་ལ་སོགས་པ་ལས་ཀྱང་ངོ་། །དོན་མ་ཤེས་ན་ཞེས་བྱ་བ་ནི་ངེས་པས་སོ། །ངེས་པར་ཤེས་པར་

བྱེད་པ་ཉིད་ཡིན་པར་ཟེར་བ་ནི། སྣང་བ་བཞིན་དུ་ཞེས་བྱ་བའོ། །ཤེས་པར་བྱེད་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམས་སོ། །སྣང་བ་གསལ་བ་ཡང་རིག་པའི་བདག་ཉིད་མ་ཡིན་པའི་རྣམ་པ་མེད་པའི་ཤེས་པས་ཇི་ལྟར་རིག་པར་བྱེད་ཅེས་བྱ་བའི་ཕྱོགས་ཉིད་ལ་འདི་བསྟན་པ་ནི། མ་ཡིན་ཏེ་དེ་

དག་ལ་ཡང་ཞེས་བྱ་བའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་སྒྲ་དང་རོ་ལ་སོགས་པའོ། །འདི་ཞེས་བྱ་བ་ནི་ཉམས་སུ་མྱོང་བའོ། །མིག་གི་ཤེས་པའི་བྱ་བའི་ངོ་བོ་དེ་ལས་ཀྱང་དོན་ལ་ཤེས་པ་ཉིད་འབྲས་བུ་ཡིན་པ་དེའི་ཕྱིར་ངེས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། དེའི་ཕྱིར་འདིར་བདག་ཅེས་བྱ་བ་སྟེ།

རྟོག་པ་ཉིད་ཁོ་ན་ཡིན་པའི་ཤེས་པ་དབང་པོ་ལས་སྐྱེས་པ་ཡིན་དུ་ཟིན་ཀྱང་བྱ་བའི་ངོ་བོ་གཞན་གྱིས་ཅི་ཞིག་བྱ་ཞེས་བྱ་བའི་དོན་ཏོ། །འདིའི་རྟོགས་པ་ཞེས་བྱ་བ་ནི་ཤེས་པ་འདིའིའོ། །བྱེད་པ་ནི་བྱ་བའིའོ། །དེ་ཞེས་བྱ་བ་ནི་བྱེད་པའོ། །དེའི་སྒྲུབ་བྱེད་ཅན་དུ་ཞེས་བྱ་བ་ནི་དེས་སྒྲུབ་པའོ། །རྟོག་པ་

ཉིད་ཁོ་ན་ཤེས་པ་ཡིན་པ་ནི་དོན་གྱི་རྣམ་པ་དང་བྲལ་བ་ཡིན་ནོ་སྙམ་དུ་སེམས་པ་ལ། འདི་ནི་དོན་དང་འབྲེལ་བྱེད་པ། །ཞེས་བྱ་བ་སྨོས་སོ། །གཞན་ཞེས་བྱ་བ་ནི་ཤེས་པ་ཉིད་དེ་ཤེས་པ་ཡོད་ན་ངེས་པར་ཡོད་པས་འདིའི་རང་བཞིན་དུ་བརྗོད་དེ། དཔེར་ན་མི་དམིགས་པ་ལ་བརྗོད་པ་ལྟ་བུའོ། །

Vol. 181 · folio 117b

རྣམ་འགས་ཞེས་བྱ་བ་ནི་འདི་རྟོགས་སོ་ཞེས་བྱ་བའི་རྣམ་པས་སོ། །ཤེས་པའི་རང་གི་དབྱེ་བ་ལས། །ཞེས་འདོད་པ་ནི་དོན་བཞིན་དུ་རྣམ་པ་ཡང་། རྣམ་པ་གཞན་ལ་ལྟོས་པས་ཐུག་པ་མེད་པ་ཡོངས་སུ་སྤང་བའི་དོན་དུའོ། །རྒྱུ་རྣམས་ལ་ཉེ་བ་གང་གིས་དོན་གྱི་རྣམ་པའི་ཤེས་པ་ཡིན་པ་དེ་ཉིད་ཀྱིས་དེ་ཉིད་

འཛིན་པར་བྱེད་པ་ཡིན་ན། རྣམ་པས་ཅི་ཞིག་བྱ་ཞེས་ཟེར་བ་ལ། དེ་ཕྱིར་གཞལ་བྱ་རྟོགས་བྱའི་ཞེས་བྱ་བ་སྨོས་ཏེ། །རང་གི་རིག་པ་ཁོ་ན་དོན་རིག་པ་ཡིན་གྱི་བདག་ཉིད་དང་འབྲེལ་པ་མ་ཡིན་ལ། ཤེས་པའི་བདག་ཉིད་ཡིན་ཞེས་བྱ་བའི་དོན་ཏོ། །གཞན་ཡིན་ན་ཞེས་བྱ་བ་ནི་དོན་གྱི་བདག་ཉིད་ཡིན་

ནའོ། །ཤེས་པའི་བདག་ཉིད་ལ་ཡང་ཤེས་པ་དེའི་ལས་དང་འབྲེལ་པ་ནི་དེ་ལས་དང་འབྲེལ་པ་ཡིན་ནོ། །མངོན་དུ་བྱེད་པ་ཉིད་ཅེས་བྱ་བ་ནི་ཉེ་བར་བརྗོད་པའོ། །གཞན་འགའ་ཞིག་ཅེས་བྱ་བ་ནི་མངོན་དུ་བྱེད་པའི་ངོ་བོ་མ་ཡིན་པའོ། །གལ་ཏེ་ན་རྣམ་པར་ཤེས་པ་དེའི་བྱ་བ་རྟོགས་པ་ནི་བྱེད་པའི་

ངོ་བོ་ཁྱད་པར་ཅན་མ་ཡིན་པའི་ཕྱིར་ཇི་ལྟར་ལས་ལ་ངེས་པ་ཡིན་ནོ་སྙམ་དུ་སེམས་པ་ལ་རྣམ་པ་དང་ལྡན་པའི་ཤེས་པ་ལས་བྱ་བ་ཐ་མི་དད་པའི་བྱ་བ་རྣམ་པ་དང་ལྡན་པ་ཡིན་ན། རང་ཉིད་ངེས་པ་ཅན་ཡིན་པར་བསྟན་པ་ནི། དེ་ཡང་ཞེས་བྱ་བ་ནི་གཞལ་བྱའི་ངོ་བོ་ཉིད་ཡིན་ལ། དེའི་སྟེ་ཤེས་པའི་བྱ་བའི་འོ། །

བདག་ཉིད་དུ་གྱུར་པ་ཉིད་བྱེད་པ་དང་ལྡན་པ་དག་ཐ་མི་དད་པའི་ཕྱིར་རོ། །དོན་གཞན་མིན་པ་ཞེས་བྱ་བ་ནི། །རྣམ་པ་ལས་ཐ་མི་དད་པའི་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་ཤེས་ནི་སྔོན་པོ་རིག་པར་བྱེད་པ་ཡིན་པར་ཁས་བླངས་ནས་རྣམ་པ་ངེས་པར་བྱེད་པར་འདོད་པ་མ་ཡིན་ནམ། དེ་ཡང་ཚོགས་

པ་གཅིག་དང་འབྲེལ་པ་ཅན་ཉིད་ཡིན་ན་རྣམ་པས་ཅི་ཞིག་བྱ། འདི་ལྟར་བདེ་བ་ནི་དབྱིབས་ཅན་མ་ཡིན་ལ། ཤེས་པས་ནི་སྔོན་པོའི་དབྱིབས་ཅན་དུ་རིག་པ་ཡིན་ནོ་སྙམ་དུ་སེམས་པ་ལ། བདེ་བ་ལ་སོགས་པའི་རྣམ་པ་ནི་ཞེས་བྱ་བའོ། །རྣམ་པ་དང་བཅས་པ་ཉིད་ཀྱི་དོན་རིག་པར་བྱེད་པ་ནི་བདེན་ཏེ།

དེའི་ཚེ་ཡང་ངེས་པ་ཁོ་ན་ཡིན་ཏེ་ཐལ་ཆེས་པ་ཡང་གཞན་གྱིས་རྣམ་པ་མེད་པ་ཉིད་ཁོ་ན་རིག་པར་བྱེད་པ་ཁས་བླངས་པས། །དེའི་གཅིག་པ་ཉིད་ཁོ་ན་ཁས་བླངས་པ་ཡིན་ནོ་ཞེས་བསྟན་པའི་དོན་དུའོ། །བདེ་བའི་རྣམ་པ་རིག་པ་ནི་སྔོན་པོ་ལ་མ་ཡིན་ཏེ་འགལ་བའི་ཕྱིར་དང་། དེ་ཙམ་གྱི་མཐར་

Vol. 181 · folio 118a

ཐུག་པའི་ཕྱིར་བདེ་བ་དང་ཅིག་ཤོས་དག་གི་གཅིག་མ་ཡིན་ནོ། །ཁྱད་པར་བཞིན་དུ་ཁྱད་པར་དུ་བྱས་པའི་ངོ་བོ་ཁས་བླངས་པས་བདག་མ་ཡིན་པ་རིག་པ་ནི་བདག་མ་ཡིན་པ་ཁོ་ནས་རིག་པའི་ཕྱིར། ཇི་ལྟར་བདག་ནི་བདེ་བའི་རྒྱུ་ཉིད་དུ་དོན་ལ་འཛིན་པ་ཡིན། དོན་གྱི་རྣམ་པ་ཉིད་

ཡིན་ན་ནི་རིགས་པ་ཡིན་ལ། གཞན་དུ་ན་དེ་ཉིད་དུ་འགྱུར་རོ་ཞེས་བསྟན་པ་ནི་གལ་ཏེ་དོན་གྱི་རྣམ་པ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེས་བྱ་བ་ནི་དེའི་རྣམ་པ་མ་ཡིན་པ་ཉིད་གཉི་ག་ཡང་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་བདེ་བའི་རྣམ་པ་སྔོན་པོ་ལ་མ་ཡིན་ན། དེ་ཡང་རང་ལ་མེད་པ་ཡིན་ཏེ། བྱེད་པ་

འགལ་བའི་ཕྱིར་རོ། །དེ་ནས་འབྲས་བུ་མེད་ཅིང་དེ་དང་ལྡན་པ་ཡང་མེད་པར་ཟེར་བ་ནི། དེ་ནི་དེ་ཡི་རང་གི་ངོ་བོ་ཉིད། །ཅེས་བྱ་བ་སྟེ། དེའི་ཤེས་པའི་རིག་པ་ཡིན་གྱི་བྱེད་པ་ནི་མ་ཡིན་ཏེ་ཐ་དད་པ་མེད་པའི་ཕྱིར་རོ། །དེའི་ཞེས་བྱ་བ་ནི་གཞལ་བྱའི་ངོ་བོ་ཉིད་དོ། །འཛིན་པ་དེ་ཞེས་བྱ་བ་ནི་ཤེས་པའོ། །དོན་

རྟོགས་པའི་བདག་ཉིད་དེ་ངོ་བོ་མེད་པ་གང་གི་ཡིན་པ་དེས་བྱེད་པ་དང་བཅས་པ་ལྟ་བུར་ཞེས་བྱ་བ་ནི་ལྡན་པ་ལྟ་བུར་སྣང་བ་དེ་དང་བྲལ་བ་ཉིད་ཡིན་ན་ཡང་ཞེས་བྱ་བའི་དོན་ཏོ། །རང་གི་ལས་ལ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཕྱི་རོལ་ལའོ། །ཁ་ཅིག་ནི་འཛིན་པ་དེ་ནི་སྟེ་དེ་དང་འདྲ་བའི་རྒྱུ་མཚན་

བསྟན་པ་ཡིན་ནོ་ཞེས་ཟེར་རོ། །དོན་རྟོགས་པའི་བདག་ཉིད་ཀྱིས་ཞེས་བྱ་བ་ནི་བྱེད་པ་དང་བཅས་པ་ལྟ་བུར་སྣང་བས་ནི་རང་གི་ལས་ལ་སྟེ། རང་གི་རྣམ་པ་ལའོ། །བྱེད་པས་ནི་རང་གི་རིག་པས་སོ། །འདི་ཉིད་ཕྱི་རོལ་ཡིན་ནོ་ཞེས་ཐ་མི་དད་པར་མངོན་པར་ཞེན་པས་རྣམ་པར་རིག་པ་ཉིད་ཕྱི་རོལ་

རིག་པ་ཞེས་བྱ་བ་ནི་རིགས་པར་མཐོང་བ་ཡིན་ནོ། །དེའི་དབང་གིས་ཞེས་བྱ་བ་ནི་རྣམ་པའི་དབང་གིས་སོ། །དེར་གཞག་ཕྱིར་ཞེས་བྱ་བ་ནི་རྟོགས་པར་རྣམ་པར་གཞག་པའི་ཕྱིར་རྣམ་པར་འཇོག་པར་བྱེད་པའི་ཚད་མ་ཡིན་ནོ། །བདག་ཉིད་ནི་རང་ཉིད་དུ་གྱུར་པའི་རྟོགས་པའི་བྱེད་པ་པོ་མ་ཡིན་

པའམ། བདག་ཉིད་ཀྱི་བྱེད་པ་པོ་ནི་འབྲས་བུ་གཞན་ཉིད་དུ་འཇོག་པའི་རྒྱུ་མཚན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་དེ་ལྟར་ཞེས་བྱ་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པས་ཅི་ཞིག་ཡིན་ཞེས་བྱ་བའི་ཐ་སྙད་ལ་དགོངས་པ་མེད་པའི་ཕྱིར་རོ། །འབྲས་བུ་ཡང་དོན་རིག་པ་ཇི་ལྟར་ཡིན་ཞེ་ན། དོན་གྱི་

Vol. 181 · folio 118b

རྣམ་པ་ཞེས་བྱ་བ་སྟེ། བར་གྱི་ཚིག་ཕྱི་བས་བ་ལང་གི་ཤིང་རྟ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདོར་བ་ལ་སོགས་པའི་བྱེད་པ་ནི་རིགས་པས་རྣམ་པར་གཞག་པ་ཡང་ཅིའི་ཕྱིར་དངོས་སུ་བ་མ་ཡིན་སྙམ་དུ་སེམས་པ་ལ། དངོས་སུ་བའི་མངོན་སུམ་ལ་རིགས་པ་ཆེན་པོ་མ་ཡིན་པར་བསྟན་པ་ནི།

གང་གི་ཚེ་སྔོན་པོ་མྱོང་བ་ནི་ཞེས་བྱ་བའོ། །དེ་དང་དེ་མ་ཡིན་པའི་རྣམ་པ་ནི་སྔོན་པོ་དང་ཅིག་ཤོས་ཀྱི་རྣམ་པའོ། །དེ་དང་འདྲ་བ་ཉིད་ཀྱིས་བསྐྱེད་པ་ཉིད་ལ་བརྡའི་དབང་གིས་དེར་འཛིན་པའི་ཐ་སྙད་འདོགས་པ་ཡིན་གྱི་གཞན་ལ་མ་ཡིན་པར་བསྟན་པ་ནི། དཔེར་ན་འབྲས་བུ་ཞེས་བྱ་བ་སྟེ། འབྱུང་བའི་

ཕྱིར་ཞེས་བྱ་བ་ནི་ཐ་སྙད་འདོགས་པ་ལ་རྒྱུ་མཚན་ཏེ། རྒྱུ་བག་ཆགས་ཀྱི་ནུས་པ་ཞེས་བྱ་བ་དང་སྦྱར་རོ། །མ་མཐོང་བ་ལ་ནི་དོན་གྱི་ནུས་པ་ཉིད་ཡིན་ཏེ་བག་ཆགས་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། འོ་ན་སྔོན་མ་མཐོང་བ་ཞེས་བྱ་བའོ། །མ་མཐོང་བ་དང་མ་ཐོས་པ་བཞིན་དུ། མཐོང་བ་ལ་ཡང་

དངོས་སུའམ། གཞན་དུ་ཡང་ཐུན་མོང་མ་ཡིན་པ་ཉིད་དུ་གོ་བ་ཡིན་པར་བསྟན་པ་ནི་འདི་ལྟར་བག་ཆགས་ལས་ཞེས་བྱ་བའོ། །མཐོང་བ་དང་དབང་པོ་དང་འབྲེལ་པའི་ཁྱད་པར་གྱི་ཤེས་པ་དམ་པའི་དོན་གྱི་རྒྱུ་རྣམས་ལ་ཡང་རྣམ་པར་འཇོག་པར་བྱེད་པ་ཉིད་ལས་རྟོག་པ་ཚད་མ་ཉིད་མ་ཡིན་པར་བསྟན་

པ་ནི། དེའི་ཕྱིར་མཐོང་བ་དང་ཞེས་བྱ་བ་ནི་རྟོག་པ་ཅན་མ་ཡིན་ཏེ། རྣམ་པར་རྟོག་པའི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ཡང་རྣམ་པར་འཇོག་པར་བྱེད་པ་ནི་མ་ཡིན་ནོ། །གལ་ཏེ་མཐོང་བ་ལ་སོགས་པ་ཡང་རྣམ་པ་བཞིན་དུ་རྟོགས་པ་དང་རྣམ་པར་གཞག་པ་དག་སྔ་མ་དང་ཕྱི་མ་དག་མེད་པར་

འགྱུར་རོ་སྙམ་དུ་སེམས་པ་ལ་སྔ་མ་དང་ཕྱི་མ་མེད་ཀྱང་བྱེད་པ་དང་། ཅིག་ཤོས་ལ་སོགས་པ་འཇིག་རྟེན་པ་མ་ཡིན་པ་མ་ཡིན་པར་བསྟན་པ་ནི། ཐམས་ཅད་ཉེ་བར་སྦྱོར་བ་ནི། ཅིག་ཅར་ཞེས་བྱ་བའི་དོན་ཏོ། །མཐའི་ཐ་དད་པར་བྱེད་པ་འཇིག་རྟེན་ལ་གྲགས་པས་གྲུབ་པ་ཡིན་པར་བསྟན་པ་ནི་

དབང་པོ་ལ་སོགས་པ་ཞེས་བྱ་བའོ། །ཉམས་པ་མེད་པ་ཡང་ཤེས་པ་ཙམ་ལས་གོ་བ་མ་ཡིན་པར་བསྟན་པ་ནི་དབང་པོ་ཞེས་བྱ་བ་སྟེ། རྣམ་པ་ཡང་ངེས་པས་ཚད་མར་རྣམ་པར་འཇོག་པར་བྱེད་པ་ཡིན་ཞེས་བྱ་བ་ནི་འདོད་པའོ། །གཞན་གྱི་སུན་དབྱུང་བ་བསྟན་པ་ནི་མ་ཡིན་ཏེ། མངོན་སུམ་

Vol. 181 · folio 119a

གྱི་ཚད་མའི་ཞེས་བྱ་བ་སྟེ། རང་ཉིད་ཀྱིས་དེའི་རྣམ་པར་འཇོག་པར་མི་བྱེད་ན། ཡུལ་དེ་ལ་ངེས་པར་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་གཞག་པ་ལས་ཕྱིར་འབྱུང་བའི་ངེས་པ་ནི་མ་གོམས་པ་ན་ལྟོས་པ་ཡིན་གྱི། རྣམ་པར་གཞག་པ་ཉིད་ལ་མ་ཡིན་པར་བསྟན་

པ་ནི། གཞན་གྱི་བྱེད་པ་མ་ཡིན་ནོ་ཞེས་བྱ་བའོ། །རྣམ་པའི་དུས་སུ་དབང་པོ་ཡོད་པ་ཇི་ལྟར་གཞན་མ་ཡིན་པ་མ་ཡིན་ཟེར་བ་ལ། ཀུན་གྱི་མཚུངས་རྒྱུ་ཞེས་བྱ་བའོ། །དེ་དེའི་ཚེ་ཡོད་ཀྱང་ཚད་མ་གཞན་ལ་ཡང་ཡོད་པའི་ཕྱིར་རྣམ་པར་གཞག་པར་བྱེད་པ་མ་ཡིན་ལ། རྣམ་པ་ནི་དེ་ལྟ་བུ་མ་ཡིན་

ཞེས་བྱ་བའི་དོན་ཏོ། །དེ་ཐ་དད་ཀྱང་ཞེས་བྱ་བ་ནི་ཚད་མ་ཐ་དད་ཀྱང་ངོ་། །ཐ་དད་མེད་ནི་དབང་པོ་དེའིའོ། །འདི་ཞེས་བྱ་བ་ནི་ཚད་མའི་ངོ་བོའི་འབྲས་བུའོ། །འབྲས་བུ་རེ་རེ་ལ་དབང་པོ་ཡང་རྣམ་པ་བཞིན་དུ་གཞན་དང་གཞན་ཁོ་ན་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་སྔོན་པོ་དང་སེར་པོ་ཞེས་བྱ་བའོ། །

དབང་པོའི་མངོན་དུ་ཕྱོགས་པའི་ཁྱད་པར་བྱེད་པར་འདོད་པས་ཀྱང་རྣམ་པའི་ཁྱད་པར་བཙལ་བར་བྱ་དགོས་པའི་ཕྱིར། དེ་ཉིད་ནང་གི་ཡན་ལག་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། མངོན་དུ་ཕྱོགས་པ་ནི་ཞེས་བྱ་བའོ། །དེ་ཡང་དེའི་རྣམ་པར་གཞག་པར་བྱེད་པ་ལ་དེའི་རྣམ་

པ་ཉིད་ཁོ་ན་མདུན་དུ་བྱེད་པ་ཡིན་གྱི་ཁས་བླངས་པ་འབའ་ཞིག་ལས་ནི་མ་ཡིན་ཏེ། ནང་གི་ཡན་ལག་དང་ཅིག་ཤོས་སུ་འབྱེད་པའི་གནས་སྐབས་ཡིན་པའི་ཕྱིར། ཐ་མའི་ཐ་དད་བྱེད་གང་སྟེ། དེ་ཡི་སྒྲུབ་བྱེད་དམ་པར་འདོད། །ཅེས་བྱ་བའོ། །དེ་ལ་ཉམས་མྱོང་ཙམ་དུ་ནི། །འདྲ་བའི་

བདག་ཅན་ཤེས་པ་ནི། །ཞེས་བྱ་བ་ལ་སོགས་པ་རྗེས་སུ་དཔག་པ་མ་ཡིན་ནམ། མངོན་སུམ་ཡང་རྣམ་པ་ལ་དོན་ཉིད་དུ་ལྷག་པར་མོས་པ་ཡིན་གྱི་རྗེས་སུ་དཔག་པ་ནི་མངོན་སུམ་ལ་འགལ་བ་མ་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་དོན་གྱི་རྣམ་པའི་དོན་ཉིད་ཡིན་གྱི་ཞེས་བྱ་བའོ། །རྣམ་

པའི་ཤེས་པ་ཉིད་མངོན་སུམ་ཁོ་ན་ཡིན་གྱི། ལྐོག་ཏུ་མ་གྱུར་པའི་ཕྱིར་ལྷག་པར་མོས་པ་ཉིད་ནི་རྗེས་སུ་དཔག་པ་ཡིན་ཏེ། དེའི་བདག་ཉིད་འཛིན་པ་དེ་དོན་རྟོགས་པའི་བདག་ཉིད་ཀྱི་ཞེས་གསུངས་པའི་ཕྱིར་རོ་ཞེས་ཟེར་བ་ནི། དེ་ལས་བཟློག་པ་རྟོགས་པ་ཞེས་བྱ་བར་སྦྱར་རོ། །བེམས་པོའི་

Vol. 181 · folio 119b

ངོ་བོ་ཉིད་དུ་ཞེས་ཟེར་བ་བསལ་བ་ནི་མ་ཡིན་ཏེ། རྟོགས་པའི་ངོ་བོ་ཉིད་ཅེས་བྱ་བ་སྟེ། བེམས་པོའི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལས་ཤེ་ན་རྟོགས་པའི་ངོ་བོ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་གྱུར་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། རྣམ་པ་མ་གཏོགས་པ་ཞེས་བྱ་

བའོ། །མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པ་ལ་ལྟོས་ནས་ཕྱོགས་གཞན་ནོ། །འོ་ན་ནི་ཞེས་པ་ལྐོག་ཏུ་གྱུར་པ་ཞེས་བྱ་བ་བསལ་བ་ན་དོན་ནི་ལྐོག་ཏུ་མ་གྱུར་ཉིད་ཅེས་བྱ་བ་སྟེ། ཐ་དད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དོན་ལས་ཀྱང་ལྐོག་ཏུ་མ་གྱུར་པ་ཉིད་ཀྱི་ངོ་བོའི་ཤེས་པའི་

ཁྱད་པར་བསྟན་པ་ནི། དོན་གནས་ན་ནི་ཞེས་བྱ་བའོ། །དབང་པོའི་བྱེད་པ་ལས་སྔ་རོལ་དུ་དོན་དེ་དང་བྲལ་བ་ཉིད་ནི་ཕྱིས་ཀྱང་ངོ་ཞེས་བསྟན་པ་ནི། མི་གནས་པ་ཉིད་ཅེས་བྱ་བའོ། །འདི་ཉིད་ཀྱི་དོན་གྱི་འབྲས་བུ་ཉིད་ཀྱང་བརྗོད་པ་ཡིན་པར་བསྟན་པ་ནི། དེས་ན་དོན་ཡོད་ཅེས་བྱ་བའོ། །དེ་ཉིད་ཀྱི་

ཕྱིར་མེད་པ་ཉིད་དུ་ཞེས་བྱ་བ་ཡང་འདིས་ནི་མེད་པ་ཡང་སྤངས་པ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པས་སྔོན་པོ་ལ་སོགས་པ་ལས་ལྐོག་ཏུ་གྱུར་པ་མ་ཡིན་པ་ཐ་དད་ཡིན་ན། ཤེས་པ་རྣམ་པ་མེད་པར་སྨྲ་བ་འགྲུབ་པོ་སྙམ་དུ་སེམས་པ་ལ། ལྐོག་ཏུ་མ་གྱུར་པ་ཞེས་བྱ་བ་

སྟེ། ཉམས་སུ་མྱོང་བཞིན་པའི་སྔོན་པོ་ལ་སོགས་པ་ནི། རྗེས་སུ་འགྲོ་བ་དང་ལྡོག་པ་མ་ཡིན་གྱི། འོན་ཀྱང་རྗེས་སུ་དཔག་པར་བྱ་བ་ཡིན་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་གྱི་བེམས་པོ་ཉིད་དེ་ལས་ལྡོག་པ་དང་འགལ་བ་ཡིན་པར་བསྟན་པ་ནི། བེམས་པོའི་རང་བཞིན་དུ་ཞེས་བྱ་བའོ། །

ཁྱད་པར་དག་ཅེས་བྱ་བ་ནི་བསྟན་པའི་འོ། །དོན་ཉིད་དོ་ཞེས་བྱ་བ་ནི་ལྷག་པར་མོས་པའོ། །རང་ཉིད་མེད་པའི་མེད་པ་ཉམས་སུ་མྱོང་བས་གནོད་པར་བསྟན་པ་ནི་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ་ཞེས་བྱ་བའོ། །མཆོག་གོ་ཞེས་བྱ་བ་ནི་ཤེས་བཞིན་པ་ནི་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་དང་།

རྗེས་སུ་དཔག་པ་ཡང་བག་ཆགས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་དང་རྟོགས་པ་གཞན་མི་འཐད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་དང་ལྐོག་ཏུ་གྱུར་པ་ཉིད་དག་གིས་འདྲེས་པ་ཡིན་པའི་ཕྱིར་དབྱེ་བ་མེད་པ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་དོན་གྱི་རྣམ་པ་ནི་ཞེས་བྱ་བའོ། །གཟུགས་

Vol. 181 · folio 120a

བརྙན་མཐོང་བ་བཞིན་དུ་ཐ་དད་པ་མཐོང་བ་ཡིན་ནོ། །འདྲེས་པ་ཡིན་གྱི་གཞན་དུ་མ་ཡིན་པར་བསྟན་པ་ནི། བཞིན་ལ་སོགས་པ་མེད་པར་ཡང་ཞེས་བྱ་བའོ། །ཐམས་ཅད་ཀྱི་ཚེ་ཞེས་བྱ་བས་ལྷན་ཅིག་དམིགས་པའི་ངེས་པ་བསྟན་པ་ཡིན་ནོ། །རྣམ་པ་མེད་པའི་ཤེས་པ་ནི་

འཛིན་བྱེད་ཡིན་ལ། རྣམ་པ་དང་ལྡན་པའི་དོན་ནི་གཟུང་བྱ་ཡིན་ནོ་ཞེས་བྱ་བ་བསལ་བ་ནི། གལ་ཏེ་དེ་ལྟ་བུར་གྱུར་པ་ཞེས་བྱ་བའོ། །ཡང་ན་དབང་པོ་དང་དོན་དུ་ཕྲད་པ་སྟེ་ལྡན་པའི་འདུ་བ་ལ་དབྱེ་བ་མེད་ན། བ་ལང་དང་དཀར་པོ་དང་འགྲོ་བ་ཞེས་བྱ་བ་ལ་སོགས་པ་ལ་རྟོགས་པ་ཐ་དད་པར་མི་འགྱུར་ཏེ།

རྒྱུ་ཐ་དད་པ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཀུན་གྱི་མཚུངས་རྒྱུ་ཡིན་པའི་ཕྱིར། །ཞེས་བྱ་བའོ། །བྱེད་པའི་ཆོས་ཉིད་ཡིན་པའི་ཕྱིར་རིམ་གྱིས་སྐྱེད་པ་བཞིན་དུ་རྟོགས་པ་ཐ་དད་པར་བྱེད་པའི་ཉིད་དུ་ཡང་འགྱུར་སྙམ་དུ་སེམས་པ་ལ། དེ་ཐ་དད་ཀྱང་ཞེས་བྱ་བ་སྨོས་ཏེ། བྱེད་པའི་ཆོས་ཉིད་

ཀྱིས་སྐྱེ་བ་ཐ་དད་ཀྱང་བསྐྱེད་བྱའི་ཤེས་པ་ནི་གསལ་བ་ཐ་དད་པ་ཡིན་ཡང་རྟོགས་པ་ཙམ་དུ་ཁྱད་པར་མེད་པ་ཡིན་ལ། གང་གི་ཅི་ཞིག་ཡིན་ཞེས་བྱ་བར་ནི་ཤེས་པར་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཞེས་བྱ་བ་ནི་བསྐྱེད་བྱ་དང་སྐྱེད་བྱེད་ལ་གནས་པའི་ཁྱད་པར་མེད་པས་དབང་པོ་དང་ཕྲད་པ་

དེའི་བསྐྱེད་བྱར་བརྗོད་པའི་མཐོང་བ་དང་། དེའི་བསྐྱེད་བྱ་ལ་སོགས་པའི་ཁྱད་པར་མེད་པ་བཤད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་ནི་ངེས་པ་ཅན་དུ་ཞེས་དགོངས་པའོ། །བ་ལང་དཀར་པོ་དང་འགྲོ་བ་ཞེས་བྱ་བ་བ་ལང་ཉིད་ལ་སོགས་པའི་ཁྱད་པར་ནི་ཐ་དད་པས་དེའི་ཤེས་པ་ཁྱད་པར་དུ་མི་བྱེད་

ན། རྣམ་པར་འཇོག་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། ཁྱད་པར་བློ་ཡང་ཞེས་བྱ་བའོ། །དེའི་དངོས་པོ་མེད་པ་ནི་བ་ལང་ཉིད་ལ་སོགས་པའི་རྣམ་པ་ཉིད་མེད་ན་ཕན་ཚུན་དབྱེ་བ་མེད་དོ། །ཁྱད་པར་དུ་བྱ་བའི་ཤེས་པ་རྣམས་ཀྱང་དེ་བཞིན་ཡིན་པར་བསྟན་པ་ནི། དེ་བཞིན་ཏེ་ཞེས་བྱ་བའོ། །

དེ་མ་ཡིན་པའི་ངོ་བོའི་ཁྱད་པར་ཅན་གྱི་བློ་ཉིད་མི་འགྲུབ་བོ་ཞེས་བྱ་བ་ལ་སོགས་པ་ཡང་འདིའི་འདི་ཞེས་དེ་གང་ལས་ཞེས་བྱ་བ་བསྟན་ཟིན་ཏོ། །གལ་ཏེ་རེ་ཞིག་ཅེས་བྱ་བ་ལ་སོགས་པ་སྟེ། ཁྱད་པར་སྔར་ཁོ་ན་ཡིན་ལ་ཁྱད་པར་དུ་བྱ་བ་ཉིད་ནི་ཕྱིས་འཛིན་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ལའོ། །དེ་ལ་བརྟེན་པ་ཉིད་ཅེས་བྱ་བ་ནི་ཁྱད་

Vol. 181 · folio 120b

པར་དུ་བྱ་བ་ལ་བརྟེན་པ་ཉིད་དོ། །ཁྱད་པར་ནི་ཁྱད་པར་དུ་བྱ་བ་ལ་ལྟོས་པ་ཡིན་ལ། ཁྱད་པར་དུ་བྱ་བ་ཉིད་ཀྱང་དེ་ལ་ལྟོས་པ་ཡིན་པས་དེ་འཛིན་པ་ན་གཟུང་བ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ལ་བསྟན་པ་ཡིན་ནོ། །དེའི་རྣམ་པ་འཛིན་པ་ན་ཞེས་བྱ་བའོ། །དེའི་དུས་སུ་ཡང་ཞེས་བྱ་བ་ནི་ཁྱད་པར་དུ་བྱ་བ་རྟོགས་པའི་དུས་སུ་ཡང་

ངོ་། །གལ་ཏེ་ཁྱད་པར་གྱི་ཤེས་པ་ཁྱད་པར་དུ་བྱ་བ་ལ་བྱེད་པ་ལས་ཚད་མ་ཡིན་ནོ་སྙམ་དུ་སེམས་པ་ལ། བསྐྱེད་པ་མ་གཏོགས་པའི་བྱ་བ་མེད་པའི་ཕྱིར་ཁྱད་པར་དུ་བྱ་བའི་ཤེས་པ་ཉིད་བཞིན་དུ་དེ་ཡང་ཡིན་པའི་ཕྱིར་གཅིག་དོན་མེད་པར་བསྟན་པ་ནི། དོན་གཅིག་ཡིན་ན་ཞེས་བྱ་བའོ། །རང་གི་ཤེས་

པའི་དུས་ཁོ་ན་ལ་དེའི་ཤེས་པ་ཡང་སྐྱེ་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །སྐྱེད་བྱེད་མ་ཡིན་ན་དེའི་བྱེད་པ་མ་ཡིན་པར་བསྟན་པ་ནི། རིམ་གྱིས་འབྱུང་བའང་མེད་པར་འགྱུར། །ཞེས་བྱ་བའོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཁྱད་པར་གྱི་དུས་ཉིད་ན་ཁྱད་པར་འཛིན་པ་ཡིན་ནོ། །ཤེས་པ་

གཅིག་ཉིད་རིམ་གྱིས་འཇུག་པ་ཡིན་གྱི་དུ་མ་ཡིན་ནོ་ཞེས་བྱ་བ་མི་རིགས་པར་བསྟན་པ་ནི་གཅིག་ལ་ཞེས་བྱ་བའོ། །གཅིག་དུས་ཐ་དད་པར་སྐྱེད་པ་འགལ་བ་ཡིན་གྱི་བཟླས་པས་ནི་མ་ཡིན་ནོ་ཞེས་ཟེར་བ་ནི་བཟླས་པའི་བྱེ་བྲག་གིས་ཞེས་བྱ་བའོ། །ཤེས་པ་སྔ་མ་ལས་ཕྱི་མའི་ཐ་དད་པའི་ངོ་བོའམ།

ཐ་མི་དད་པའི་ངོ་བོ་འཛིན་ན་འབྲས་བུ་མེད་པ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་དང་། རྗེས་སུ་བརྗོད་པའི་ཕྱིར་རོ་ཞེས་བསྟན་པ་ནི། རིམ་གྱིས་བྱུང་ཡང་ཞེས་བྱ་བའོ། །དེ་དག་གི་ཐ་དད་པ་དང་ཐ་མི་དད་པ་ཡང་ཡིན་ལ། དེའི་རང་གི་ངོ་བོ་ཡང་ཡིན་པ་དེ་དག་གི་འཛིན་པའི་ངང་ཚུལ་ཅན་རྣམས་སོ། །རྟོག་པ་

མ་ཡིན་ཏེ་ཞེས་བྱ་བ་ནི་རྟོགས་པའི་ངོ་བོ་ཉིད་ཕྱི་མ་ཞེས་བྱ་བ་དང་འབྲེལ་ཏོ། །ཅི་ལས་ཤེ་ན་སྔ་མ་དང་ཁྱད་པར་མེད་དོ་ཞེས་སྨོས་སོ། །དོན་གཅིག་ཉིད་ཡིན་ན་རིམ་གྱིས་འབྱུང་བ་མ་ཡིན་དུ་ཟིན་ཀྱང་ཅིག་ཅར་འབྱུང་བ་ཡིན་ནོ་ཞེས་ཟེར་བ་ལ། བློ་ནི་ཅིག་ཅར་འབྱུང་གྱུར་ན། །བསྒྲུབ་བྱ་སྒྲུབ་བྱེད་མེད་པར་འགྱུར། །

ཞེས་བྱ་བ་སྟེ། གཉི་ག་ཡང་ཞེས་གནས་སྐབས་ལས་སོ། །ཁོ་བོ་ཅག་གི་འདོད་པ་ལ་ནི་ཤེས་པའི་ཆ་དག་སྟེ་རྣམ་པ་དང་རྟོགས་པ་དག་ཅིག་ཅར་འབྱུང་ཡང་། དེ་ཞེས་བྱ་བ་ལུང་གི་རྣམ་པར་གཞག་པ་སྟེ། ངེས་པ་དེའི་རྟེན་ནི་རྒྱུ་མཚན་ཡིན་ལ། དེའི་ཡོད་པའི་ཕྱིར་ངེས་པར་བྱ་བ་དང་ངེས་པར་

Vol. 181 · folio 121a

བྱེད་པའི་ངོ་བོས་བསྒྲུབ་བྱ་སྒྲུབ་བྱེད་དུ་གཞག་པ་སྟེ་ཐ་སྙད་དོ། །སྒྲུབ་པ་དང་དགག་པའི་ཡུལ་ཉིད་ལ་ཆོས་དང་ཆོས་ཉིད་ཀྱི་རྒྱུ་མཚན་བཞིན་དུ་ཡིན་པར་བསྟན་པ་ནི། ཆ་དག་ཅེས་བྱ་བའོ། །དབང་པོ་དང་དོན་དུ་ཕྲད་པ་ནི་དུས་ལས་དང་ངོ་བོ་ལས་ཁྱད་པར་དུ་འགྱུར་བ་མ་

ཡིན་ཏེ། དབང་པོ་དང་རྫས་ལ་ཕྲད་པ་དང་འདུ་བ་དག་དང་ལྡན་པའི་འདུ་བ་དང་། དེའི་འདུ་བ་དང་དེའི་ཁྱད་པར་ཉིད་ཀྱང་ཡིན་ལ། དེའི་བདག་ཉིད་ཐམས་ཅད་ཀྱིས་འཛིན་པའི་རྒྱུར་ཁྱད་པར་མེད་པའི་ཕྱིར་འཛིན་པར་ཐལ་བར་འགྱུར་རོ། །གང་ཞིག་གང་ལས་མི་འབྱུང་བ་དེ་དང་ཕྲད་པ་ལས་གཞན་

རྟོགས་པར་སྒྲུབ་པར་བྱེད་པ་ཡིན་པར་བསྟན་པ་ནི། བདག་ཉིད་ཀུན་གྱིས་འབྲེལ་ན་ཡང་། །ཞེས་བྱ་བའོ། །ཡང་ན་ཕྲད་པ་ནི་མཐོང་བ་ཡོད་ན་དོན་ལ་ངེས་པ་ཅན་ཡིན་གྱི། མཐོང་བའི་རྒྱུ་ནི་མ་ཡིན་པ་ཉིད་དོ་ཞེས་བྱ་བ་སེལ་བ་ནི་དེ་ལྟ་བུའི་གནས་སྐབས་ལས་དེར་བྱུང་བ་ཡིན་ཡང་། གཞན་གྱི་

ཚེ་དེ་ལས་བྱུང་བ་ཡིན་པར་རྟོགས་པར་མི་ནུས་སོ། །དེ་བསྟན་པ་ནི། འབྲེལ་པ་བྱེ་བྲག་མེད་ཕྱིར་རོ། །ཞེས་བྱ་བའོ། །དབང་པོ་དང་ཕྲད་པ་དང་འབྲེལ་པས་ཕྲད་པ་དང་འདུ་བའི་ངོ་བོ་ལས་འཛིན་པ་ཡིན་ན་ཐལ་ཆེས་པར་བསྟན་པ་ནི། གལ་ཏེ་སྦྱོར་བས་ཞེས་བྱ་བའོ། །འདིས་ནི་སྟེ་དོན་

གཅིག་ལ་འདུ་བས་སོ། །དེ་ཉིད་འདི་ཞེས་བྱ་བ་ནི་མིག་གིས་བཟུང་བ་ཉིད་དོ། །འབྲེལ་པ་ལ་ཁྱད་པར་མེད་པས་འཛིན་པ་ལ་ཁྱད་པར་མ་ཡིན་ནོ་ཞེས་བསྟན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །མིག་ལས་བྱུང་བའི་སྔོ་བསངས་ཉིད་འཛིན་པ་མ་ཡིན་ཞེས་ཟེར་བ་ནི། སྣང་བ་ཡང་ཞེས་བྱ་བའོ། །

དབྱིབས་དེ་དབྱིབས་ཙམ་ནི་མུན་པར་འཛིན་པ་ཡིན་ནོ་ཞེས་བྱ་བའི་རིགས་པ་བསྟན་པ་ནི། དེས་ན་ཞེས་བྱ་བའོ། །དེ་བདེན་པ་ཡང་ཡིན་ལ་དབྱིབས་ཀྱང་ཡིན་པས་དེའིའོ། །སྒྲིབ་པར་བྱེད་པ་རྡུལ་ལམ་ཅིག་ཤོས་སེལ་བར་བྱེད་པར་འགྱུར་བར་བསྟན་པ་ནི། དོན་དེ་ཞེས་བྱ་བའོ། །གྲུབ་པའི་

རྣམ་པ་ནི་ངེས་པ་ཅན་ཡིན་པའི་ཕྱིར་ཚད་མ་ཡིན་པར་བསྟན་པ་ནི། དེའི་ཕྱིར་རྣམ་པ་ཉིད་ཅེས་བྱའོ། །ཆོས་དང་ཆོས་མ་ཡིན་པར་བཤད་པའི་འདུ་བྱེད་པ་འདོད་པ་དང་ཅིག་ཤོས་ཀྱི་ཡུལ་ཉིད་ཀྱིས་རྣམ་ཤེས་ངེས་པར་བྱེད་པར་བསྟན་པ་ནི། འདུ་བྱེད་ལས་ན་ཞེས་བྱ་བའོ། །མིན་ཞེས་བྱ་

Vol. 181 · folio 121b

བ་ནི་ངེས་པ་ཅན་ཉིད་དགག་པ་ཡིན་ནོ། །ཅི་ལས་ཤེ་ན། དེ་ཡང་ཞེས་བྱ་བ་ནི་འདུ་བྱེད་པའོ། །དེའི་དངོས་མེད་ན་ཞེས་བྱ་བ་ནི་དོན་གྱི་རྣམ་པ་དང་བྲལ་བ་ཡིན་ནའོ། །གཞག་མེད་ཕྱིར་ཞེས་བྱ་བ་ནི་ངེས་པ་མེད་པའི་ཕྱིར་རོ། །ཤེས་པ་ལས་སྐྱེས་པ་ཤེས་པའི་རྒྱུ་ངེས་པར་བྱེད་པ་འདུ་བྱེད་པ་ཡིན་ནོ་ཞེས་

བྱ་བའི་འགྲེལ་པ་ནི་དོན་སོ་སོར་ངེས་པ་ཞེས་བྱ་བའོ། །བློའི་ཆ་དག་ཅེས་བྱ་བ་ལ་གཉིས་ཀྱི་ཚིག་མ་ཡིན་ཏེ། གཉིས་མེད་པས་རང་ལ་བྱེད་པ་འགལ་བའི་ཕྱིར་རོ་ཞེས་ཟེར་བ་ནི། གལ་ཏེ་བྱ་བྱེད་གཅིག་ཡིན་པར། །ཞེས་བྱ་བའོ། །བྱས་པ་དང་མི་རྟག་པ་ཉིད་བཞིན་དུ་ལྡོག་པའི་དབྱེ་བས་

བརྟགས་པའི་ཆོས་ཀྱི་དབྱེ་བ་ལས་བསྒྲུབ་བྱ་དང་སྒྲུབ་པའི་ཐ་དད་པ་ཡིན་ཏེ། དངོས་པོ་ལ་དབྱེ་བ་མེད་ཀྱང་ངོ་ཞེས་བསྟན་པ་ནི། ཆོས་ཐ་དད་པ་ཁས་ལེན་ཕྱིར། །ཞེས་བྱ་བ་སྟེ། ལུས་ལ་སོགས་པའི་ཐ་སྙད་ནི་རྣམ་པར་གཞག་པར་བྱ་བ་ལ་སོགས་པར་བརྟགས་པས་ཡུལ་ཐ་དད་པ་

ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དུ་བ་ནི་མེ་ལས་སོ་ཞེས་བྱ་བའི་དངོས་པོའི་དབྱེ་བ་ཡིན་ཡང་། འབྲས་བུ་ལ་སོགས་པ་ཉིད་ནི་རྗེས་སུ་འགྲོ་བ་དང་ལྡོག་པས་སྤྲུལ་པ་ཡིན་པར་བསྟན་པ་ནི། དེ་ལྟའི་རྣམ་པར་ཞེས་བྱ་བའོ། །རྣམ་པར་གནས་ཞེས་བྱ་བ་ནི་བྱེད་པ་སྟེ་

དེ་དང་ལྡན་པའི་བྱེ་བྲག་ཏུ་བརྟགས་པ་ཞེས་བྱ་བའི་དོན་ཏོ་ཞེས་བསྟན་པ་ནི། བྱེད་པ་པོའི་བདག་ཉིད་ཅན་གྱིས་ཞེས་བྱ་བའོ། །གཅིག་ཉིད་ཀྱང་ཡིན་ལ་གཅིག་མ་ཡིན་པ་ཉིད་ཀྱང་ཡིན་པ་སྟེ། གཅིག་ཉིད་དུ་མ་ཉིད་དག་ཏུ་བརྟགས་པའི་ཡིན་ནའོ། །རེ་ཞིག་ལྷ་སྦྱིན་ཞེས་བྱ་བ་ནི་གཅིག་

ཉིད་དུ་བརྟགས་པའོ། །དེའི་ཞེས་བྱ་བ་ནི་དུ་མའིའོ། །རང་ལ་བྱེད་པར་འགལ་བ་སྤངས་པའི་ནི་དོན་དམ་པ་ནི་ཞེས་བྱ་བའོ། །གཉིས་སུ་སྣང་བའི་ཞེས་བྱ་བ་ནི་ཡུལ་དང་ཤེས་པའི་སྣང་བའིའོ། །རྣམ་པར་རིག་པ་ཉིད་དོན་རིག་པ་ཡིན་པར་མི་རིགས་པ་མ་ཡིན་ནམ། སྔོན་པོ་རིག་པ་ནི་སེར་

པོའི་མ་ཡིན་ནོ་ཞེས་ཟེར་བ་ནི། དོན་རིག་གང་ཡིན་ཞེས་བྱ་བའོ། །ཕྱི་རོལ་སྨྲ་བ་པོས་གཞན་ཅུང་ཟད་ཁོ་ན་དེ་རིག་པས་ཁས་བླངས་པ་ནི་མ་ཡིན་ཏེ། འོ་ན་ཅི་ཞེ་ན། མངོན་སུམ་གང་ཡིན་པ་འདི་འདི་ཉིད་དེ་ལྐོག་ཏུ་མ་གྱུར་པའི་ངོ་བོ་ཡིན་ལ་དེ་ཡང་རེས་འགའ་བས་འགྲོ་བ་ན་རྩས་རེག་པ་བཞིན་

Vol. 181 · folio 122a

དུ་བརྗེད་པར་འགྱུར་ལ། རབ་ཏུ་སྤྱོད་པ་ཉིད་མང་དུ་བསྟན་པ་ནི། སོ་སོ་སོ་སོར་རིག་པ་ནི་རྒྱུན་གྱི་རིག་པ་ཡིན་ཏེ་རང་གི་ངོ་བོ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །ཡང་ན་གང་ཡིན་འདི་ཉིད་ཅེས་བྱ་བ་སྟེ། རིག་པ་ཡིན་པས་བརྗེད་པའི་ཡུལ་ཉིད་སེལ་བར་བྱེད་པའོ། །

སོ་སོ་སོ་སོར་ཞེས་བྱ་བ་ནི་རྒྱུན་དང་མངོན་སུམ་ཡང་ཡིན་ཏེ། རྒྱུན་མ་ཡིན་པ་དང་ལྐོག་ཏུ་གྱུར་པ་ནི་བརྗེད་པར་འགྱུར་བའམ་ཐེ་ཚོམ་ཟ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཁ་ཅིག་ན་རེ་སོ་སོར་རིག་པ་ནི་མཚམས་སྦྱོར་བ་ཡིན་ནོ་ཞེས་ཟེར་རོ། །སོ་སོར་ངེས་པའམ་རིག་པ་དེ་ཡིན་པའི་ཕྱིར་བར་གྱི་ཚིག་ཕྱི་

མ་ཡིན་ནོ་ཞེས་བྱ་བ་ནི་འགྲེལ་པའི་དགོངས་པའོ། །དེ་ནི་ཞེས་བྱ་བ་ནི་ལྐོག་ཏུ་མ་གྱུར་པའི་སྔོན་པོ་ལ་སོགས་པའི་ངོ་བོའི་དོན་ཏེ། ལྐོག་ཏུ་གྱུར་པའི་བེམས་པོའི་རིག་པ་ནི་རིག་པ་གང་གིས་ཏེ། འགས་ཀྱང་མ་ཡིན་ཏེ། འགལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དངོས་སུ་ནི་མ་ཡིན་ཏེ། འོན་

ཀྱང་དོན་དང་འདྲ་བ་ཉིད་ཀྱིས་སོ་སྙམ་དུ་སེམས་པ་ནི། དེ་འདྲ་བ་ལས་ཡིན་ན་ཞེས་བྱ་བའོ། །དོན་མཐོང་བ་ལས་དེ་དང་འདྲ་བ་ཉིད་ཡིན་པའི་ཕྱིར་ཐེ་ཚོམ་ཟ་བ་ཡིན་པར་བསྟན་པ་ནི་འཁྲུལ་པར་འགྱུར་རོ་ཞེས་བྱ་བའོ། །དེ་འདྲ་ལས་ཞེས་བྱ་བ་དེ་ཙམ་ནི་འདིར་སྒྲུབ་བྱེད་དུ་འདོད་པ་ཡིན་ལ་བསྐྱེད་

པ་དང་ཁྱད་པར་ཅན་ནི་དེ་འདྲ་བ་དང་དེ་ལས་བྱུང་ཞེས་བྱ་བས་འཆད་པར་འགྱུར་རོ། །འགྲེལ་པ་ཐུན་མོང་གི་མ་ངེས་པ་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། སྐྲ་དང་སྦྲང་བུ་ལ་སོགས་པ་ཞེས་བྱ་བའོ། །ཉམས་སུ་མྱོང་བ་ནི་བྱུང་བ་པོ་ལ་ལྟོས་པ་མ་ཡིན་ནམ། དེ་ལྟ་བུ་དེས་ཁྱད་པར་དུ་བྱས་པའི་འདྲ་བ་

ཉིད་ནི་དོན་ལ་མེད་པ་ཉིད་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་འདིར་རིག་པ་སྟེ་རྟོགས་པའོ། །གང་ལ་ཞེས་བྱ་བ་ནི་བྱུང་བ་པོ་གང་ལའོ། །སྔོན་པོའི་རྣམ་པ་ཅན་གྱིས་ཤེས་པའི་ལྐོག་ཏུ་མ་གྱུར་པ་ཉིད་ཉམས་སུ་མྱོང་བ་ཡིན་གྱི་ཐ་དད་པ་ཉིད་མ་ཡིན་ནོ་ཞེས་བསྟན་པ་ནི། འདི་ནི་དེ་ཉིད་ཡིན་ཞེས་བྱ་བའོ། །

ཕྱི་རོལ་དང་འདྲ་བ་ཉིད་དུ་རྟོགས་ཀྱང་རྡུལ་ཕྲ་རབ་ཀྱི་ངོ་བོ་ནི་རགས་པ་མ་ཡིན་ཏེ། འགལ་བའི་ཕྱིར་རོ་ཞེས་བསྟན་པ་ནི་རྡུལ་ཕྲན་དེ་དག་ཅེས་བྱ་བའོ། །བར་མཚམས་མེད་པའི་རྡུལ་ཕྲ་རབ་རྣམས་ཉིད་གཅིག་ཏུ་སྣང་བཞིན་པ་མང་པོ་རགས་པ་ཡིན་ནོ་ཞེ་ན་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་ཐག་རིང་བ་དང་

Vol. 181 · folio 122b

ཅིག་ཤོས་ནི་ཤིང་སྣང་བ་དག་ལ་ཐ་དད་པ་མེད་པའི་ཚིག་ནི་མཁས་པ་རྣམས་མགུ་བར་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་དེ་ལ་བར་མཚམས་མི་སྣང་བ་ཙམ་ནི་མ་ཡིན་པའི་ཕྱིར་རོ། །བར་མཚམས་མང་བའི་སྣང་བ་དང་སྣང་བ་མ་ཡིན་པ་ཉིད་ནི་རགས་པ་ཉིད་མ་ཡིན་ཏེ། གནས་སྐབས་དེའི་སྣང་

བ་དག་ཉིད་ལ་ཁྱད་པར་ཡོད་པའི་ཕྱིར་རོ། །ཕྱི་རོལ་གྱི་རགས་པ་ཡང་སྣ་ཚོགས་དེ་གཅིག་ཡིན་ཞེ་ན་ཞེས་བྱ་བས་བཀག་པའི་ཕྱིར་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བ་སྟེ་ཡིན་ཡང་ཞེས་བྱ་བ་ནི་དོན་གྱི་དངོས་པོ་ཉིད་ཡིན་ནའོ། །རང་གི་རིག་པའི་ཤེས་པ་དོན་དང་འདྲ་བ་

ཡིན་ཡང་སྔོན་པོ་བཞིན་དུ་སྔོན་པོ་གཞན་ལ་གོ་བྱེད་མ་ཡིན་ནོ། །འོན་ཏེ་འབྲས་བུ་ཡིན་པའི་ཕྱིར་ཤེས་པ་དོན་གྱི་གོ་བྱེད་ཡིན་གྱི་སྔོན་པོ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་འདྲ་བ་དང་དེ་ལས་བྱུང་། །ཞེས་བྱ་བ་སྨོས་སོ། །དེ་ལས་བྱུང་བའི་ཁྱད་པར་ཅན་གྱི་དེ་དང་འདྲ་བ་ཉིད་ནི་དེའི་གོ་བྱེད་དུ་

མི་རིགས་ཏེ་དེ་དང་འདྲ་བ་ཉིད་བཞིན་དུ། དེ་དང་འདྲ་བ་ཉིད་མ་གྲུབ་པའི་ཕྱིར་ཏེ་དེ་མ་ཐག་པའི་རྐྱེན་ལ་དེ་ལས་བྱུང་བ་དང་དེ་དང་འདྲ་བ་གྲུབ་པའི་ཕྱིར་དེ་ཉིད་ཀྱི་གོ་བྱེད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སེར་པོའི་རྣམ་པའི་དེ་མ་ཐག་པ་ལས་སྔོན་པོའི་རྣམ་པ་མི་འབྱུང་བ་སྔོན་པོའི་རྣམ་

པ་གང་ལས་བྱུང་བར་ཤེས་པ་དེ་ཁོ་ན་ལས་འབྱུང་བ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་གང་ལས་ཞེས་བྱ་བའོ། །དེ་ལྟ་ན་དེ་མ་ཐག་པ་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ལ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ངེས་པའི་ཡུལ་ལའོ། །དེ་ལས་བྱུང་བ་དང་འདྲ་བ་དག་གིས་དེའི་ཡུལ་

ཉིད་ཡིན་ན་ཉམས་སུ་མྱོང་བའི་རྗེས་སུ་འབྲངས་པའི་དྲན་པ་ཉམས་སུ་མྱོང་བའི་ཡུལ་ཉིད་དུ་ཐལ་བར་འགྱུར་ཏེ། ཁྱབ་ཆེས་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་ལྷ་དང་དབང་བློའི་ཡིན་པར་བསྟན་པ་ནི། གཞན་དག་སྨྲ་བ་ནི་ཞེས་བྱ་བའོ། །ཕྱི་རོལ་གྱི་དོན་དུ་སྨྲ་བ་པོ་ཡང་དྲན་པ་ཉམས་སུ་མྱོང་བའི་

ཡུལ་ཅན་དུ་འདོད་པའི་ཕྱིར་ཁྱབ་ཆེས་པ་མ་ཡིན་པར་བསྟན་པ་ནི། དྲན་པ་ནི་ཞེས་བྱ་བའོ། །དོན་མྱོང་བ་ནི་ཉམས་སུ་མྱོང་བའི་རྗེས་སུ་འབྲངས་པ་ཡིན་ཞེས་བྱ་བར་སྦྱར་རོ། །རྩོད་པའི་གཞི་ཁྱད་པར་གྱི་དྲན་པ་འདི་ལས་ཁྱབ་ཆེས་པ་མ་ཡིན་པར་བསྟན་པ་ནི། འདི་ནི་ཡུལ་མེད་པར་ཡིན་པས་ཞེས་བྱ་བའོ། །

Vol. 181 · folio 123a

རང་ཉིད་ཀྱི་བཤད་པ་ནི་འདིར་བརྗོད་པ་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པ་གསལ་བར་སྣང་བ་ནི་རྨི་ལམ་བཞིན་དུ་སད་པ་ན་ཡང་གོམས་པའི་བསྐྱེད་བྱ་ཁྱད་པར་གྱི་ཤེས་པ་ནི་སྔ་མ་སྔ་མ་རང་གི་རིགས་ཀྱི་ནུས་པ་ལས་བྱུང་བ་ཡིན་པའི་ཕྱིར་དེའི་ཡུལ་འཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་བསྟན་པ་ནི།

བསྒོམས་པའི་སྟོབས་ཀྱིས་ཞེས་བྱ་བའོ། །བར་ཏེ་བར་དུ་ཆོད་པ་མེད་པ་གང་གི་ཡིན་པ་དེ་མཚུངས་པ་ཡང་ཡིན་ལ། དེ་མ་ཐག་པ་ཡང་ཡིན་པས་སྔོན་པོའི་ཤེས་པ་ལས་བྱུང་བ་སེར་པོའི་ཤེས་པ་འདས་པ་ནི་སེར་པོ་ཤེས་པ་ལ་མ་ཡིན་ཏེ། བར་དུ་ཆོད་པའི་ཕྱིར་རོ་ཞེས་ཟེར་བ་ནི། ཇི་ལྟར་དེ་དེ་མ་ཐག་པ་ཞེས་བྱ་བའོ། །སེར་

པོའི་ཤེས་པ་ཉིད་དེ་ལས་གཞན་པའི་མཚུངས་པ་དེ་མ་ཐག་པ་ཡིན་ཏེ། དེའི་རིགས་ཀྱི་བར་དུ་གཅོད་པ་གཞན་གྱི་ནུས་པ་བསྒྲིབས་པ་མ་ཐོབ་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་འདྲ་བའི་ཞེས་བྱ་བའོ། །རྣམ་པར་རྟོག་པ་ལས་གསལ་བ་ཉིད་བཞིན་དུ་གསལ་བ་བསྒོམས་པ་ལས་བྱུང་བ་ཉིད་ཡིན་ཏེ། དེ་དང་འདྲ་བ་ཉིད་དམིགས་

པའི་ཕྱིར་ཞེས་བསྟན་པ་ནི། དེས་ན་རྣམ་པ་དེ་ལ་ཞེས་བྱ་བའོ། །ངས་འདི་མཐོང་ངོ་ཞེས་བྱ་བ་བྱེད་པ་པོ་དང་ལས་ལ་སོགས་པ་ནི་ཐ་དད་པར་སྣང་བ་མ་ཡིན་ནམ་སྙམ་དུ་སེམས་པ་ནི། འདི་མཐོང་འདི་ཐོས་ཞེས་བྱ་བའི་ངེས་པས་དམིགས་པར་བརྗོད་པའོ། །དེ་ཞེས་བྱ་བ་ནི་བྱེད་པ་པོའོ། །དེའི་ཞེས་བྱ་བ་ནི་ལས་ཀྱིའོ། །མྱོང་བ་ནི་མྱོང་བར་བྱེད་

པའོ། །སྣང་བ་ནི་ལས་ཉིད་དོ། །མཐོང་བ་ནི་བྱེད་པ་པོ་ཉིད་དོ། །ཉེ་བ་དེ་ཉིད་དཔྱད་བྱ་ཡིན་ཏེ། དེའི་བདག་ཉིད་ཀྱི་མཚན་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །དཔྱད་པ་གང་གིས་ཤེས་བྱེད་ཉིད་ཉེ་བ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་དག་འབྲེལ་པ་ཞེས་བྱ་བ་སྨོས་ཏེ། འབྲེལ་པ་ནི་ཀུན་དུ་འབྲེལ་པའོ། །དེས་དེ་ཡིན་ཞེས་བྱ་བ་ནི་འདིའི་འདིའོ་

ཞེས་དེ་མེད་པས་ཡོད་པ་ཙམ་ཤེས་བྱེད་ཉིད་ཡིན་ན་ཐལ་ཆེས་པར་འགྱུར་ཏེ། ཉམས་སུ་མྱོང་བ་མེད་ན་ངེས་པ་མི་རིགས་པར་བསྟན་པ་ནི་ངེས་པ་ནི་མྱོང་བ་ཞེས་བྱ་བའོ། །དེ་ཁོ་ན་བཞིན་དུ་རང་གི་ངོ་བོ་ཙམ་གྱི་ངེས་པ་ཇི་ལྟར་གོམས་པ་བཞིན་འབྱུང་བ་ཉམས་སུ་མྱོང་བ་ལ་རག་ལས་པ་མ་ཡིན་པར་བསྟན་པ་ནི། ཉམས་སུ་མྱོང་བ་ཉིད་ཅེས་

བྱ་བའོ། །ལྡོག་པའི་དབྱེ་བ་ལ་བརྟེན་ནས་བརྡ་ཡོད་ན་དེ་ལྟར་གོམས་པ་ལས་ཡིན་གྱི། ཉམས་སུ་མྱོང་བ་ལ་བརྟེན་ནས་མ་ཡིན་པར་བསྟན་པ་ནི། གང་གི་ཕྱིར་དེ་ལྟ་ཡིན་ན་ཞེས་བྱ་བའོ། །ཟླ་བ་གཉིས་སུ་མཐོང་བ་ལ་ནི་དེའི་ངེས་པ་དེ་ཁོ་ན་ཉིད་དུ་འབྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་མ་ངེས་པ་ཡིན་པར་བསྟན་པ་ནི། གལ་ཏེ་དེ་ལྟ་ན་ཞེས་བྱ་བ་སྨོས་ཏེ།

Vol. 181 · folio 123b

གཅིག་ཏུ་ངེས་པར་བྱེད་པ་མ་ཡིན་གྱི་འོན་ཀྱང་དུ་མར་ངེས་པར་བྱེད་པ་ཡིན་ནོ། །དབང་པོ་ལས་བྱུང་བ་ནི་འབྱེད་པར་བྱེད་པ་ཡིན་ནོ་སྙམ་དུ་སེམས་པ་ནི། ཇི་སྟེ་གོམས་པ་ལས་ཞེས་བྱ་བ་སྨོས་ཏེ། ཡིད་ཀྱི་ངེས་པ་འདི་ཚད་མ་ཡིན་ཏེ། བརྒྱུད་ནས་དབང་པོའི་བསྐྱེད་བྱ་ཡིན། །ཞེས་བྱ་བའི་དོན་ཏོ། །དབང་པོ་ལས་

ནི་མཐོང་བ་ཡིན་ལ་དེ་ལས་ཀྱང་ངེས་པ་ནི་དབང་པོ་བཞིན་དུ་བྱེད་པ་པོ་ཉིད་ཡིན་པས་ནི་མ་ཡིན་ཏེ། འོན་ཀྱང་འཛིན་པས་སོ། །བཟུང་བ་ལ་ངེས་པར་བྱེད་པ་མཐོང་བ་ཡིན་པར་བསྟན་པ་ནི་མ་ཡིན་ཏེ་གོམས་པ་ནི་ཞེས་བྱ་བའོ། །དོན་ནོ་ཞེས་བྱ་བ་ཡང་ཕྱི་རོལ་མ་ཡིན་གྱི་འོན་ཀྱང་དོན་བྱེད་པའི་ཚིག་སྟེ་

ཤེས་པ་ཉིད་ལ་ཡང་སྐྱོན་ཅན་མ་ཡིན་པར་བསྟན་པ་ནི། དོན་ཞེས་ངེས་པ་ཡང་ཞེས་བྱ་བའོ། །འབྲེལ་པ་ཡང་ཐ་དད་པ་དག་ཉིད་ལ་ཐེ་གུ་དང་བུམ་པ་དག་ལ་བཞིན་དུ་འགྱུར་རོ་སྙམ་དུ་སེམས་པ་ལ་རང་རིག་པ་ཡིན་ན། རང་མ་ཡིན་པར་རིག་པ་ཉིད་མ་ཡིན་པར་བསྟན་པ་ནི། དེ་ཡི་མྱོང་དེ་

དག་ཉིད་དེ། །ཞེས་བྱ་བ་སྟེ། དེའི་སྔོན་པོ་ལ་སོགས་པའིའོ། །སྔོན་པོ་ལ་སོགས་པ་ཉིད་གཞན་གྱི་ཉམས་སུ་མྱོང་བར་འགྱུར་རོ་ཞེས་ཟེར་བ་ལ། དེ་གཞན་ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་སྟེ། བདག་ཉིད་ཉམས་སུ་མྱོང་བ་དང་སྦྱར་རོ། །ངེས་པར་གཟུང་བ་

གཉི་གའི་འབྲས་བུ་བསྟན་པ་ནི། གཞན་གྱི་ཉམས་སུ་མྱོང་བ་མང་ཞིང་ཉམས་སུ་མྱོང་བར་བྱ་བ་ཡང་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཡང་ན་ལྡོག་པ་སྟེ་བདག་ཉིད་དེ་ཞེས་བྱ་བའོ། །དེ་གཞན་ཞེས་བྱ་བ་ནི་དངོས་པོ་འབྱུང་བ་ལ་ལྟོས་པ་ཉིད་དོ། །མངོན་སུམ་སོ་སོར་རིག་བྱ་ཡང་། །ཞེས་བྱ་བས་ཀྱང་ཉམས་

སུ་མྱོང་བ་ལ་དེ་ལས་གཞན་པ་རིག་པར་བྱ་བ་བསལ་བ་ཡིན་ནོ། །འགྲེལ་པ་ནི་གསལ་བ་ཡིན་ནོ། །གྱུར་མོད་ཅེས་བྱ་བའི་ཁས་ལེན་པ་ནི་ཉམས་སུ་མྱོང་བ་དོན་གྱི་བདག་ཉིད་ཅེས་བྱ་བ་འདིའིའོ། །བདག་ཉིད་ཀྱི་ཕྱོགས་ལ་སྐྱོན་བསྟན་པ་ནི། གལ་ཏེ་དོན་གྱི་བདག་ཉིད་ཅེས་བྱ་བའོ། །འདི་ཉིད་ལ་དགག་པ་སྦྱོར་བར་

བྱེད་པ་ནི་གཞན་ལ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བའོ། །འདི་ཐམས་ཅད་ནི་བདག་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་བདག་གིའོ། །གཉའ་ཤིང་ལ་ཉི་མ་བཞིན་དུ་བསྟོད་པ་ཡིན་གྱི་དེ་ཁོ་ན་ཉིད་ནི་མ་ཡིན་ནོ་ཞེས་ཟེར་བ་ནི། དེ་ནི་དོན་བརྗོད་པ་ཡིན་ནོ་ཞེས་བྱ་བའོ། །བདག་ནི་སེམས་ཙམ་ཡིན་ལ་རིག་པ་ནི་སྣ་ཚོགས་པ་ཡིན་པས། དེ་དང་འགལ་

Vol. 181 · folio 124a

བ་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། རྣམ་པ་སྣ་ཚོགས་པ་མྱོང་བའི་ཕྱིར་རོ། །སྔོན་པོ་ནི་ཉམས་སུ་མྱོང་བའི་བདག་ཉིད་ཡིན་པའི་ཕྱིར་མངོན་སུམ་མ་ཡིན་ཏེ། འོན་ཀྱང་ཚོགས་པ་གཅིག་ལ་འབྲེལ་པའི་ཕྱིར་རོ། །དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་ལ་ཁྱད་པར་མེད་དོ་སྙམ་དུ་སེམས་པ་ལ། དེས་ན་

ཉམས་མྱོང་བྱ་གཞན་མེད། །ཅེས་བྱ་བ་སྟེ། དེ་ལྟར་འབྲེལ་པ་ཡིན་ཀྱང་བདག་ཉིད་མ་ཡིན་པ་ལ་ཞུགས་པའི་ཕྱིར་ལ་རྗེས་སུ་ཞུགས་པ་ནི་ཉམས་སུ་མྱོང་བར་བྱ་བ་ཡིན་གྱི་བདག་ཉིད་རིག་པ་ནི་མ་ཡིན་ཏེ། སྐྱེད་བྱེད་ཉིད་ལས་གཞན་པའི་འགལ་བ་ཅན་དེ་ནི་བདག་ཉིད་མ་ཡིན་ཏེ། རིག་པ་མ་ཡིན་པ་

བརྗོད་པའི་ཕྱིར་རོ། །དེ་མ་ཐག་པ་དེ་ལྟ་ན་ཞེས་བྱ་བའི་ཤེས་པ་གཞན་གྱིས་གཟུང་བ་མ་ཡིན་ནམ་སྙམ་དུ་སེམས་པ་ལ། དེ་ལའང་མྱོང་བ་གཞན་ཡོད་མིན། །ཞེས་བྱ་བ་སྨོས་ཏེ། གཟུང་བ་ལ་སོགས་པའི་ངོ་བོར་འདོད་པ་ལ་འདི་ཐལ་ཆེས་པ་ཡིན་གྱི་སྒྲུབ་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་

ཏོ། །མེད་པ་ཅི་ལས་ཤེ་ན་དེར་ཡང་ཞེས་བྱ་བ་སྨོས་ཏེ། ཤེས་པ་གཞན་ལ་བདག་ཉིད་རིག་པ་མ་ཡིན་པ་ནི་དེའི་བདག་ཉིད་མ་ཡིན་པ་དང་འགལ་བ་ཞེས་བྱ་བའི་དོན་ཏོ། །དེ་རྟོགས་པ་ཅི་ལས་ཤེ་ན། དེའི་ཕྱིར་རང་ཉིད་ཅེས་བྱ་བ་ནི་གཞན་མི་ལྟོས་པའི་སྔོན་པོ་ལ་སོགས་པའི་རིག་པ་གསལ་བ་

ཡིན་པ་ནི། མངོན་སུམ་སྟེ་ལྐོག་ཏུ་མ་གྱུར་པ་ཞེས་བྱ་བའི་དོན་ཏོ། །མི་རྟག་པ་དང་བྱས་པ་ཉིད་བཞིན་དུ་སྔོན་པོ་ཉམས་སུ་མྱོང་བ་དེའི་བདག་ཉིད་ཁོ་ན་ཡིན་ནོ་ཞེས་བྱ་བ་ཡང་ཐ་སྙད་འདོགས་པ་ཡིན་ནོ། །འབྲེལ་པ་ཉམས་སུ་མྱོང་བའི་རྗེས་འབྲང་བ་ཡིན་གྱི་གཞན་དུ་མ་ཡིན་པ་བསྟན་པ་ནི། དེ་ཡི་

དངོས་དེ་སྔོ་སོགས་ཀྱི། །ཞེས་བྱ་བ་སྟེ། ཉམས་སུ་མྱོང་བའི་བྱེད་པ་བསྟན་པ་ཡིན་ནོ། །ཐ་དད་པ་ནི་ལྡོག་པས་བརྟགས་པ་ཡིན་ཏེ་མཆི་གུའི་ལུས་སོ་ཞེས་བྱ་བ་བཞིན་དུ། ཐ་མི་དད་པ་འགལ་བ་ཅན་མ་ཡིན་པར་བསྟན་པ་ནི། ལྡོག་པའི་རང་གི་ངོ་བོ་ལའང་། །ཞེས་བྱ་བའོ། །གསལ་བར་བྱ་བ་

ཉིད་ནི་གསལ་བར་བྱེད་པ་ཉིད་ཀྱི་ཁོངས་སུ་གཏོགས་པར་བྱེད་པ་མ་ཡིན་ཏེ། འགལ་བའི་ཕྱིར་རོ་ཞེས་ཟེར་བ་ནི་ཇི་ལྟར་སྔོན་པོ་ཞེས་བྱ་བའོ། །གསལ་བར་བྱེད་པ་ཉིད་ནི་གཞན་ཁོངས་སུ་གཏོགས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི། བདག་ཉིད་ལ་ནི་ཞེས་བྱ་བའོ། །གསལ་བར་བྱ་

Vol. 181 · folio 124b

བའམ་ཅིག་ཤོས་ཀྱང་མ་ཡིན་ཏེ། འོན་ཀྱང་ལྐོག་ཏུ་མ་གྱུར་པ་ཡིན་པར་བསྟན་པ་ནི། ཇི་ལྟར་དེ་ཡི་བདག་ཉིད་ཕྱིར། །ཞེས་བྱ་བ་སྟེ། དེ་ལ་མངོན་སུམ་ལས་གཞན་པའི་བྱེད་པའི་ཡུལ་མ་ཡིན་པ་ཉིད་ཁོ་ནའི་རྗེས་སུ་འབྲངས་པས་རང་ཉིད་གསལ་བར་བྱེད་པ་ཡིན་ནོ་ཞེས་ཟེར་གྱི། དེ་ལ་བྱེད་པ་

འགའ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །བརྒལ་ཞིང་བརྟག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པ་བྱེད་པ་ཉིད་ཀྱི་ཕྱིར་རོ། །སྒྲོན་མ་ལ་ལྟོས་ནས་མིག་ལ་སོགས་པས་བུམ་པ་གསལ་བ་མ་ཡིན་ནོ་ཞེས་ཟེར་བ་ནི། འོན་ཏེ་བུམ་པ་ཞེས་བྱའོ། །ཇི་ལྟར་སྒྲོན་མ་སྐྱེད་པར་བྱེད་པ་ཉིད་

གསལ་བར་བྱེད་པར་ཐ་སྙད་འདོགས་པ་དེ་བཞིན་དུ་མིག་ལ་སོགས་པའང་ཡིན་པར་བསྟན་པ་ནི། གསལ་བར་བྱེད་པ་ཡིན་མིན་ཡང་། །ཞེས་བྱ་བའོ། །གཞན་དག་ནི་ཤེས་པའི་འོ། །བདག་ཉིད་ཀྱི་ངོ་བོ་བྱེད་པ་ཤེས་པ་དང་འགལ་བ་མ་ཡིན་པར་བསྟན་པ་ནི། གང་ཚེ་དེའི་རང་

བཞིན་ཞེས་བྱ་བའོ། །ཆད་པ་ནི་ཞེས་བྱ་བ་ནི་རལ་གྲིའི་སོ་དེ་ཉིད་ཁོ་ནས་གཅོད་པ་མ་ཡིན་པར་བསྟན་པ་ཡིན་ནོ། །དོན་དེ་ཉིད་ཅེས་བྱ་བ་ནི་དེ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་ཇི་ལྟར་ཞེན་པས་རིག་པར་བྱ་བ་དང་རིག་པར་བྱེད་པ་དག་ནི་ཐ་དད་པ་ཉིད་ཡིན་ན་སྐྱོན་ཅི་ཡོད་

ཅེས་ཟེར་བ་ལ། དེའི་རིག་བྱ་བ་ཞེས་སྨོས་ཏེ། རྣམ་པ་མེད་པའི་རིག་པ་དང་། རིག་པར་བྱ་བ་ཡང་དེའི་བདག་ཉིད་མ་ཡིན་ན་མི་འཐད་པ་སྟེ། འབྲེལ་པ་ཅན་མ་ཡིན་པར་འགྱུར་རོ་ཞེས་བྱ་བའོ། །གསལ་བར་བྱེད་པ་མ་ཡིན་པའི་དོན་ནི་དེའི་རྣམ་པ་ཅན་གྱི་གསལ་བས་སམ། གཞན་གྱིས་ཀྱང་

རིག་གོ་ཞེས་བྱ་བའི་ཐ་སྙད་རིགས་པ་ཡིན་གྱི། གཉི་ག་ཅིག་ཅར་གསལ་ན་ནི་མ་ཡིན་ཏེ། ནུས་པ་ཡོངས་སུ་མ་གཏོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེའི་ཚེ་ནི་ཞེས་བྱ་བའོ། །དེ་ཉིད་ཡིན་ཞེས་བྱ་བ་ནི་གསལ་བར་བྱ་བ་དང་ཅིག་ཤོས་ཉིད་ཡིན་ནོ། །དེ་ནི་ཉེ་བའི་ཁྱད་པར་གྱིས་གཟུགས་

ཀྱི་ཁྱད་པར་བསྐྱེད་པ་ཉིད་ཡིན་གྱི་གཟུང་བ་ཉིད་ནི་མ་ཡིན་ཏེ། ཤེས་པ་རྗེས་སུ་འཇུག་པ་ནི་དེ་ལྟ་ཡིན་ནོ་ཞེས་བསྟན་པ་ནི། དེ་ལྟར་སྐྱེས་པ་ཞེས་བྱ་བའོ། །ཇི་ལྟར་མ་རྟོགས་ཤེ་ན། ཐ་སྙད་དེ་ལྟ་བུར་ཞེས་བྱ་བ་ནི་ངེས་པ་སྟེ། ཕྱི་རོལ་གྱི་ཡུལ་ཉིད་དུ་ངེས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །

Vol. 181 · folio 125a

ཕྱི་རོལ་གྱི་ཡུལ་ཉིད་ཀྱི་ངེས་པ་ཉམས་སུ་མྱོང་བ་དང་འགལ་བ་ཡིན་པར་བསྟན་པ་ནི། ཉམས་སུ་མྱོང་བ་མཐུན་པ་ཞེས་བྱ་བའོ། །ཇི་སྟེ་ཞེས་བྱ་བ་ནི་ལྐོག་ཏུ་མ་གྱུར་པ་ཉིད་དོ་ཞེས་བྱ་བའོ། །ཅི་ལས་ཤེ་ན་རིག་པར་བྱ་བའི་ཞེས་བྱ་བ་སྨོས་སོ། །དེ་མེད་པ་སྟེ་རྟོགས་པ་མེད་

པ་ན་ཇི་ལྟར་འགྱུར་ཏེ་རྟོགས་པར་ཇི་ལྟར་འགྱུར་ཞེས་བྱ་བར་སྦྱར་རོ། །དེ་ལས་ཞེས་བྱ་བ་རྗེས་སུ་དཔག་པའི་རྣམ་པ་ལས་དོན་ཡང་ཡོད་ཅེས་བྱ་བ་དོན་གྱི་བྱ་བ་བྱེད་པ་གསལ་བར་སྣང་ངོ་། །གཞན་དུ་ན་ཞེས་བྱ་བ་ནི་སྣང་དུ་རུང་བ་མ་ཡིན་པའོ། །གཞན་གྱིས་རྟོགས་པ་ཡིན་ནོ་ཞེས་བྱ་བར་

རྟོགས་པ་མེད་པར་བསྟན་པ་ནི་མ་ཡིན་ཏེ། རྟོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །དངོས་པོ་ཉིད་གསལ་བའི་ངོ་བོ་ཉིད་དུ་རྗེས་སུ་དཔག་པའི་གོ་བྱ་ཡིན་པར་ཟེར་བ་ནི། རྗེས་སུ་དཔག་པ་ཉིད་ཀྱི་ཞེས་བྱ་བའོ། །གསལ་བ་ཉིད་ནི་ཤེས་པའི་ཆོས་ཉིད་ཡིན་ལ་ཁྱད་པར་ལ་མངོན་སུམ་ཡིན་

གྱི། རྗེས་སུ་དཔག་པ་མ་ཡིན་པར་བསྟན་པ་ནི། རྗེས་སུ་དཔག་པ་ཉིད་དུ་ཞེས་བྱ་བའོ། །རྗེས་སུ་དཔག་པ་ཉིད་ཀྱིས་རྟོགས་པ་ཡིན་པས་མངོན་དུ་བྱེད་པ་ཡིན་ཏེ། མངོན་དུ་མི་བྱེད་པ་དང་འགལ་བའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་མེད་པ་ཡང་ཞེས་བྱ་བའོ། །རང་བཞིན་གཅིག་པ་ཉིད་ཅེས་

བྱ་བ་ནི་དོན་དམ་པར་རྟོགས་པ་ཐ་དད་པ་དེ་ལ་བརྟགས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་དང་འབྲེལ་པས་ཞེས་བྱ་བ་ནི་འོ་མ་དང་ཆུ་བཞིན་དུ་དོན་དང་རྟོགས་པའི་བྱེ་བྲག་འདྲེས་པས་སོ། །ཁྱབ་བྱ་ཞེས་བྱ་བ་ནི་དུ་བའོ། །ཁྱབ་བྱེད་ཀྱིས་ཞེས་བྱ་བ་ལྐོག་ཏུ་གྱུར་པས་སོ། །དེའི་ཚེ་ཞེས་བྱ་

བ་ནི་འབྲེལ་པ་འཛིན་པའི་དུས་ནའོ། །སྔོན་དང་ད་ལྟར་ཞེས་བྱ་བ་ནི་ཁྱབ་པའོ། །རྟོག་པ་ཙམ་ཞེས་བྱ་བ་ནི་ཡུལ་དང་དུས་ལ་ཁྱད་པར་མེད་པས་སོ། །ཁྱད་པར་ཞེས་བྱ་བ་ནི་ཡུལ་དང་དུས་ཀྱི་ཁྱད་པར་ཉིད་ཀྱིས་སོ། །མེད་ན་མི་འབྱུང་བ་ཉིད་ཁྱབ་པ་མ་ཡིན་ནམ། ཡུལ་དང་དུས་དག་ནི་

མ་ཡིན་ཏེ། དེ་ཡང་གཞལ་བྱའི་དུ་བ་རྟོགས་ན་ལྐོག་ཏུ་གྱུར་པའི་མེ་ལ་ཡོད་པ་ཡིན་པ་དེ་ལྟ་ན་མེ་ཡང་རྟོགས་པར་འགྱུར་རོ་སྙམ་དུ་སེམས་པ་ནི། གལ་ཏེ་དུ་བའི་རྣམ་པ་ནི་ཞེས་བྱ་བའོ། །དུ་བ་ཡང་རྟོགས་པ་ཙམ་མ་ཡིན་ནོ་ཞེས་ཟེར་བ་ནི། མེའི་འབྲས་བུ་ཞེས་བྱ་བའོ། །ཕྱི་རོལ་གྱི་

Vol. 181 · folio 125b

མེའི་འབྲས་བུ་ཉིད་མ་གྲུབ་པོ་ཞེས་བསྟན་པ་ནི། མེའི་འབྲས་བུ་ཉིད་ཡིན་ཞེས་བྱ་བའོ། །མཐོང་བ་དང་སྣང་བཞིན་པ་དག་གི་གཅིག་པ་ཉིད་བར་མ་དང་ལྐོག་ཏུ་གྱུར་པ་ཡོད་པ་མ་གཏོགས་པར་མི་འགྱུར་བར་བསྟན་པ་ནི། ངོ་ཤེས་པའི་སྟོབས་ཉིད་ཀྱིས་ཞེས་བྱ་བའོ། །དེ་ཉིད་

གསལ་བར་བྱེད་པ་ནི། གལ་ཏེ་མྱོང་བའི་ནང་གནས་ན། །ཞེས་བྱ་བའོ། །བར་ན་ཡོད་པ་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་མྱོང་མིན་དོན་བདག་ནི། །ཞེས་བྱ་བའོ། །ལན་ནི་ལྐོག་ཏུ་གྱུར་པར་ཞེས་བྱ་བའོ། །དེ་ཉིད་ནི་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་རྟོགས་པ་ཙམ་མོ། །

གཅིག་ཉིད་དུ་སྔར་མཐོང་ངོ་ཤེས་པའི་ཡུལ་ཡིན་གྱི་བར་གྱི་ནི་མ་ཡིན་ཏེ། རྗེས་སུ་དཔག་པའི་རྣམ་པ་ཡང་ཕྱི་རོལ་ཉིད་དུ་ཞེན་པས་བག་ཆགས་ཙམ་ལས་ཡིན་པས། གཞན་ཡང་དེའི་རིགས་པ་ཡིན་པས་དེ་ལྟར་འགྱུར་བར་བསྟན་པ་ནི། དེའི་ཕྱི་གསལ་བར་སྣང་བའི་ཞེས་བྱ་བའོ། །

རྣམ་ཤེས་བྱས་པ་ནི་རྣམ་ཤེས་ཀྱིས་བྱས་པ་ཞེས་བྱ་བ་སྟེ། དོན་དང་བག་ཆགས་དག་གི་ངོ་བོ་ཐ་དད་པའོ། །གསལ་བ་སྣང་བ་བག་ཆགས་ཙམ་ལས་བྱུང་བ་ཡིན་ན་འདོད་པ་ཁོ་ན་འགྲུབ་པར་འགྱུར་ཏེ། འདོད་པ་ནི་རང་དབང་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་པ་ནི། ཕྱི་རོལ་ཁྱད་པར་

ཡོད་མིན་ཡང་། །ཞེས་བྱ་བའོ། །བག་ཆགས་ཐམས་ཅད་གཅིག་གི་ཚེ་ཉིད་ན་ཉེ་བས་སད་པ་ན་ཐམས་ཅད་སྣང་བའི་ཤེས་པར་འགྱུར་བའི་ཕྱིར་ཉམས་སུ་མྱོང་བ་ནི་འགལ་བའི་འབྲས་བུའི་བྱེ་བྲག་ཡིན་ནོ་སྙམ་དུ་སེམས་པ་ནི་འགལ་ཏེ་བག་ཆགས་ཞེས་བྱ་བའོ། །ཕྱི་རོལ་ཁས་

བླངས་ཀྱང་འགལ་བའི་འབྲས་བུ་ཁོ་ན་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། ཉེ་བ་མ་ཡིན་པ་ཡང་ཞེས་བྱ་བའོ། །དྲན་པ་ནི་ཉེ་བའི་ཡུལ་ཅན་མ་ཡིན་པ་ཁོ་ནར་བསྟན་པ་ནི། དྲན་པ་བརྗེད་པར་ཞེས་བྱ་བའོ། །ལོག་པར་རིག་པ་ཞེས་བྱ་བ་ནི་ཡུལ་དང་དུས་གཞན་ལ་གནས་པ་ལ། དེ་ལས་

གཞན་པར་རྟོགས་པ་ཡིན་ནོ། །མེད་པ་ཡང་ཡུལ་ལ་སོགས་པ་ལ་ངེས་པ་མ་ཡིན་པར་བསྟན་པ་ནི། གཞན་དག་མེད་སྣང་ཞེས་བྱ་བའོ། །དུ་མ་མཐོང་བ་དང་དུ་མ་དྲན་པ་ནི་རྣམ་ཤེས་ཉིད་ཡིན་པ་ལ་ཡང་། དྲན་པ་བརྗེད་པའི་ཕྱོགས་དེ་དང་འགལ་བ་ཅན་མ་ཡིན་པར་བསྟན་པ་ནི།

Vol. 181 · folio 126a

དེ་མཚུངས་པའི་ཞེས་བྱ་བའོ། །བག་ཆགས་ཐམས་ཅད་གཅིག་གི་ཚེ་ཁོ་ན་ཉེ་བ་ནི་མ་ཡིན་ཏེ། བག་ཆགས་ཀྱི་ནུས་པ་ཁས་མི་ལེན་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་མ་ཐག་པའི་ཞེས་བྱ་བའོ། །སྔ་མ་སྔ་མ་ཆེས་གསལ་བའི་ཤེས་པའི་བདག་ཉིད་རིམ་

གྱིས་འབྱུང་བ་ཡིན་པར་བསྟན་པ་ནི། སྣང་བ་ནི་གསལ་ཞིང་ཞེས་བྱ་བའོ། །ཤེས་པ་ཕྱི་མའི་ནུས་པ་ཡིན་ཞིང་སྔ་མ་སྔའི་རྣམ་ཤེས་ནི་ཕྱི་མ་ལ་མངོན་དུ་ཕྱོགས་པ་སྟེ། མཐོང་བའམ་གཞན་ཡང་རུང་བ་ཅུང་ཟད་མཐོང་བའི་དབྱེ་བ་ལ་ལྟོས་ནས་མེད་ཀྱང་འབྲས་བུ་དེ་བྱེད་པ་ཡིན་ཏེ། དུས་ཐ་

དད་པ་ལ་ཡང་ལྷན་ཅིག་བྱེད་པ་མཐོང་བར་བྱེད་པ་ཡིན་ནོ་ཞེས་བསྟན་པ་ནི་སད་བྱེད་ཅེས་བྱ་བ་སྟེ། ནུས་པའི་བག་ཆགས་ཉིད་ལའམ་སད་པར་བྱེད་པའི་དབྱེ་བས་བྱས་པའི་འབྲས་བུ་ཐ་དད་པའི་རིམ་པ་འདིས་བསྟན་པ་ཞེས་བྱ་བའི་དོན་ཏོ། །ནུས་པའི་ཁྱད་པར་ཞེས་བྱ་བ་ནི་དེ་ལས་ཐ་མི་དད་

པའམ། ཤེས་པ་ཕྱི་མའི་བདག་ཉིད་ཀྱང་ངོ་། །བག་ཆགས་ཡོད་པ་ཉིད་དང་ཞེས་བྱ་བ་ནི་ཤེས་པ་ཕྱི་མའི་བདག་ཉིད་དོ། །ཕྱི་རོལ་གྱི་ཉམས་སུ་མྱོང་བ་མེད་པས་དེའི་བག་ཆགས་ཡིན་ནོ་ཞེས་ཟེར་བ་ནི། བག་ཆགས་ཀྱི་དབྱེ་བ་ལ་རྒྱུ་ཅི་ཡོད་ཅེ་ན་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པའི་

ངོ་བོ་ཐ་དད་པར་མི་སྣང་ན་འཁྲུལ་པར་མི་རིགས་པར་བསྟན་པ་ནི། དེའི་རྒྱུ་མཚན་ཡོད་པ་ཞེས་བྱ་བ་སྟེ། བག་ཆགས་ཐ་དད་པ་མེད་པ་ཡིན་ཏེ། ཐ་དད་པའི་རྒྱུ་མེད་པའི་ཕྱིར་ཞེས་བྱ་བ་བསལ་བ་ཡིན་ནོ། །ཤེས་པ་ཐ་དད་རྒྱུ་ཡིན་ན། །དེ་ཡི་ཐ་དད་ཇི་ལྟར་ཡིན། །བག་ཆགས་ཐ་དད་

ལས་ཤེ་ན། །ཕན་ཚུན་རྟེན་པ་འཐོབ་པར་འགྱུར། །ཞེས་ཟེར་བ་ནི། དེ་ལྟར་ཕན་ཚུན་རྟེན་པ་ཡི། །ཞེས་བྱ་བའོ། །དེ་ཉིད་མིན་ཞེས་བྱ་བ་ནི་སྐྱེད་བྱེད་ཅེས་བྱ་བ་དང་སྦྱར་རོ། །དེ་ཉིད་ཅེས་བྱ་བ་ནི་སྐྱེད་བྱེད་ཀྱི་ཤེས་པའི་སྟེ། ས་བོན་དང་མྱུ་གུ་ལྟ་བུར་ཞེས་བྱ་བ་ནི་ལན་ཡིན་ནོ། །རྟོགས་

པའི་ངོ་བོ་ནི་དངོས་སུ་རྣམ་པར་ཤེས་པ་མ་ཡིན་ནམ། དེ་ལྟར་ཡང་དོན་གྱི་རྣམ་པ་ཉིད་དུ་ཐ་མི་དད་པ་ནི་དངོས་སུ་བའི་བག་ཆགས་ཙམ་ལས་བྱུང་བའི་ཕྱིར་ཤེས་པ་རྣམ་པར་འབྱེད་པར་མི་བྱེད་ན་དང་བའི་ཤེས་པའི་ངོ་བོ་ལས་ས་བོན་དང་མྱུ་གུའི་རིགས་པ་ཇི་ལྟར་ཡིན། རང་ལས་ཐ་དད་

Vol. 181 · folio 126b

པ་དང་། དེས་ཐ་དད་པ་དང་ལྡན་པ་མ་ཡིན་ཞིང་། ཡོད་པ་ཉིད་ལ་ཡང་ཚད་མ་དང་བག་ཆགས་པ་ཉིད་ཀྱི་ཚད་མ་དང་ཐ་དད་པ་ལ་ཡང་ཡོད་པ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་དོན་གྱི་བྱེ་བྲག་གི། །ཞེས་བྱ་བའོ། །རྣམ་པར་ཤེས་པའི་བསྐྱེད་བྱའི་འདུ་བྱེད་པ་ནི་བག་ཆགས་ཡིན་ཏེ།

གང་ཉམས་སུ་མྱོང་བ་ཆེས་གསལ་བ་ནི་དྲན་པའི་ས་བོན་འཇོག་པར་བྱེད་དོ་ཞེས་གསུངས་པས་སོ། །དེ་གལ་ཏེ་འཛིན་པ་དང་དྲན་པའི་ངོ་བོའི་ཤེས་པ་འབྱེད་པར་བྱེད་ན་ཡུལ་གྱིས་ཐ་དད་པ་མ་ཡིན་པར་འགྱུར་རོ། །འཛིན་པའི་དབྱེ་བ་བྱེད་ན་ཡང་། །གཟུང་བའི་དབྱེ་བ་སུ་ཞིག་བྱེད། །བསམས་ནས་

བསྐྱེད་པ་ཡིན་ན་ནི། །དྲན་པ་ཙམ་ལས་བྱེད་པར་འགྱུར། །ཞེས་སྨོས་སོ་ཞེས་ཟེར་བ་ནི། དེ་ལ་བག་ཆགས་ཞེས་བྱ་བའོ། །བག་ཆགས་ནི་དྲན་པའི་ས་བོན་མ་ཡིན་གྱི་ཆེས་གསལ་བའི་རྣམ་ཤེས་ཡིན་པར་བསྟན་པ་ནི། འདིར་ནི་རྣམ་ཤེས་སྔ་མ་ཉིད། །ཅེས་བྱ་བའོ། །དེ་ནི་

དེ་ལྟ་བུའི་རྣམ་པ་ཁྱད་པར་ཅན་སྐྱེད་པར་བྱེད་པ་ནི་བག་ཆགས་ཡིན་ཏེ། སད་པའི་ཤེས་པ་བཞིན་དུ་རྨི་ལམ་ལའོ་ཞེས་བསྟན་པ་ནི། དེ་དང་དེའི་རྣམ་པའི་ཞེས་བྱ་བའོ། །འབྲས་བུའི་དུས་ན་དེ་མེད་ཀྱང་དེ་བྱེད་པ་ནི་བག་ཆགས་ཡིན་པར་བརྗོད་དོ་ཞེས་བསྟན་པ་ནི། དཔེར་ན་ལྕགས་

སྒྲོག་གིས་བཅིངས་པས་ཞེས་བྱ་བའོ། །རྟ་ལ་སོགས་པ་དྲན་པའི་ས་བོན་དང་མི་མཐུན་པའི་བག་ཆགས་ཡོད་པ་ཉིད་ཀྱི་ཚད་མ་ལ་བསྟན་ནས་དབྱེ་བ་ལ་བསྟན་པ་ནི། བག་ཆགས་དབྱེ་བས་ཞེས་བྱ་བ་སྟེ། །ཤེས་པའི་བདག་ཉིད་ཡིན་པས་བཟུང་བའི་རྣམ་པ་ནི་བག་ཆགས་ཀྱིས་

བྱས་པ་ཡིན་ཡང་དངོས་སུ་བ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ཡང་ཕྱི་རོལ་གྱི་ཤེས་བྱ་ནི་བདག་ཅག་གི་ཡིན་གྱི། ཁྱེད་ལ་ནི་མེད་པའི་ཕྱིར་ཇི་ལྟར་ཤེས་པ་ཐ་དད་པ་ཡིན་ཞེས་ཟེར་བ་ནི། ཇི་སྟེ་དེར་ཡང་ཞེས་བྱ་བའོ། །ཡུལ་འདི་དང་འབྲེལ་པ་བཞིན་དུ་འདི་མེད་པ་ཁོ་ན་ཡིན་པར་ཤེས་

པར་བསྟན་པ་ནི། འདིར་དམིགས་པ་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །འོ་ན་དེ་ལ་ཞེས་བྱ་བ་ནི་ཡུལ་འདི་དང་འབྲེལ་པ་ལའོ། །རྟེན་དང་ཅིག་ཤོས་མ་གཏོགས་པར་འབྲེལ་པ་མེད་ན། ལོག་པ་དང་ཅིག་ཤོས་ལ་ཐ་དད་པ་མེད་པར་བསྟན་པ་ནི་གལ་ཏེ་

Vol. 181 · folio 127a

འབྲེལ་པ་ལའང་ཞེས་བྱ་བའོ། །བག་ཆགས་ནི་དྲན་པའི་ས་བོན་མ་ཡིན་ལ། ཤེས་པ་དག་གི་འབྲས་བུ་དང་རྒྱུའི་ངོ་བོ་བསྒོ་བྱ་སྒོ་བྱེད་ཀྱི་ངོ་བོར་འགྱུར་ཞིང་རིམ་གྱིས་མ་ཡིན་པར་སྐྱེས་པ་དག་དང་སྐད་ཅིག་པ་རྣམས་དང་། སེམས་དང་རྗེས་སུ་འགྲོ་བ་མེད་པར་

འཇིགས་པ་ལ་ཡང་ངོ་། །བསྒོ་བྱ་སྒོ་བྱེད་དག་ལྷན་ཅིག་པ་མ་ཡིན་པའི་ཕྱིར་འདི་བག་ཆགས་མེད་པ་ཡིན་ནོ་ཞེས་ཟེར་བ་ནི། ཇི་སྟེ་ཤེས་པ་སྐད་ཅིག་པ། །ཞེས་བྱ་བའོ། །ཞིག་པ་ནི་སྔ་མ་བཞིན་དུ་ཆོས་སྔ་མ་བས་ཡང་སྔ་རོལ་དུ་མ་སྐྱེས་པའི་ཕྱིར་སྒོ་བར་བྱེད་པ་མ་ཡིན་ལ། སྐད་ཅིག་

མ་སྔ་མ་རྣམས་ཀྱིས་མ་སྐྱེས་པའི་སྐད་ཅིག་པ་ཕྱི་མ་ནི་བསྒོ་བྱ་མ་ཡིན་ནོ་ཞེས་ཟེར་བ་ནི། མ་སྐྱེས་པ་ནི་བསྒོ་བར་བྱ་བ་མ་ཡིན་ལ་ཞེས་བྱ་བའོ། །སྔ་མ་རྣམས་ནི་ཞིག་པའི་ཕྱིར། །ཕྱི་མ་དག་གིས་བསྒོས་པ་མིན། །ཞེས་ཟེར་བ་ནི། འདས་པའི་དོན་ཡང་ཞེས་བྱ་བ་སྟེ། སྒོ་བར་བྱེད་པ་མ་

ཡིན་ནོ་ཞེས་བྱ་བ་ལ་ཡང་ཡང་གི་སྒྲ་ཡིན་ནོ། །ལྷན་ཅིག་སྐྱེ་བ་དག་ལ་ཡང་དེས་བསྐྱེད་པར་བྱ་བ་མེད་པའི་ཕྱིར་ལྷན་ཅིག་པ་ཡིན་ཀྱང་དེ་དག་ལ་འབྲེལ་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་བག་ཆགས་མེད་པར་ཞེས་ཟེར་བ་ནི། ལྷན་ཅིག་པ་དག་ཀྱང་ཞེས་བྱ་བའོ། །བསྒོ་བར་བྱ་བ་དང་།

སྒོ་བར་བྱེད་པ་མ་ཡིན་ན་སྐད་ཅིག་པ་ཉིད་ནི་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བསྟན་པ་ནི་བཟློག་པར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བའོ། །དྲན་པའི་ས་བོན་གྱི་ངོ་བོའི་བག་ཆགས་ཀྱང་བཟུང་བའི་དབྱེ་བས་ཁྱད་པར་ཅན་མ་ཡིན་པ་ཉིད་ཀྱི་འཛིན་པའི་དབྱེ་བ་སྐྱེད་པར་

བྱེད་པ་ཡིན་གྱི་ཉམས་སུ་མྱོང་བ་འབའ་ཞིག་པ་ནི་མ་ཡིན་ཏེ། ཐ་མི་དད་པར་ཐལ་བར་འགྱུར་རོ་ཞེས་བསྟན་པ་ནི། དྲན་ལ་འཛིན་དབྱེ་ཡོད་ཅེས་བྱ་བའོ། །སྐད་ཅིག་པ་ཉིད་དུ་རིམ་གྱིས་འབྱུང་བ་ཉིད་ཀྱི་ཕྱིར་རྒྱུ་དང་འབྲས་བུའི་ངོ་བོ་དང་། བསྒོ་བྱ་སྒོ་བྱེད་ཀྱི་ངོ་བོ་ཡིན་པར་བསྟན་པ་ནི། སྐད་ཅིག་པའི་

སེམས་དག་ལ་ཞེས་བྱ་བ་སྟེ། བསྐྱེད་བྱའི་ཁྱད་པར་ནི་བསྒོ་བྱའི་མིང་ཅན་མ་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །འདི་རྟག་པ་ལ་མི་སྲིད་པར་བསྟན་པ་ནི། དོན་འཐད་རྟག་པ་ལ་མ་ཡིན། །ཞེས་བྱ་བའོ། །སྐྱེ་བའི་དེ་མ་ཐག་ཏུ་འཇིག་པའི་གཞན་ལ་བྱེད་པ་མེད་པ་ཡིན་ཏེ་སྐད་ཅིག་པ་ཡིན་

Vol. 181 · folio 127b

པའི་ཕྱིར་རོ། །གཉི་ག་ལ་ཡང་ཕན་ཚུན་བྱེད་པ་མེད་དོ་སྙམ་དུ་སེམས་པ་ལ། བསྒོ་བྱ་སྒོ་བྱེད་དངོས་པོ་འདི། །ཞེས་བྱ་བའོ། །འཇིག་པའི་གནས་སྐབས་ཅན་ནི་ཕྱི་མའི་སྒོ་བྱེད་མ་ཡིན་ཏེ་མེད་པའི་ཕྱིར་རོ། །འཇིག་པར་འགྱུར་བའི་དངོས་པོ་ཡང་འཇིག་པར་འགྱུར་བ་གཞན་གྱིས་

ཇི་ལྟར་བསྒོ་བྱར་འགྱུར་སྙམ་དུ་སེམས་པ་ལ། འཇིག་པ་སྔ་མས་ཞེས་བྱ་བའོ། །རྒྱུ་དང་འབྲས་བུ་མ་གཏོགས་པ་བསྒོ་བྱ་སྒོ་བྱེད་ཀྱི་ངོ་བོ་ནི་བརྟན་པ་རྣམས་ཉིད་དུ་འགྱུར་རོ། །གང་གི་ཕྱིར། བརྟན་པའི་དངོས་ལ་བརྟན་དངོས་ཀྱི། །བག་ཆགས་སྒོ་བར་བྱེད་པ་ཡིན་སྙམ་དུ་སེམས་

པ་ལ། བརྟན་པའི་དངོས་ལ་ཞེས་བྱ་བ་སྨོས་ཏེ། ཕན་པ་བྱེད་པ་མ་ཡིན་པ་ནི་སྒོ་བར་བྱེད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཤེས་པ་ནི་རང་ལས་ཐ་མི་དད་པ་ནི་རྣམ་པར་འགྱུར་བ་བྱེད་ན་འདུ་བྱེད་པ་ནི་བྱེད་པ་པོ་ཉིད་ཡིན་ཏེ། ཐ་དད་པ་སྐྱེད་པ་ལ་ནི་དེའིའོ་ཞེས་འབྲེལ་པ་མེད་པའི་ཕྱིར་རོ། །

གཞན་གྱི་དགོས་པ་ཉིད་རིགས་པ་ཡིན་ནོ་ཞེས་ཟེར་བ་ལ། བརྟན་པར་གནས་པ་སྔ་མ་ལ། །ཞེས་བྱ་བའོ། །ཁྱེད་ཀྱི་བློ་ནི་སྐད་ཅིག་ན། །རྗེས་སུ་མཐུན་ཉིད་དེ་ཡོད་མིན། །ཡིན་ལ་སྔ་མའི་རྗེས་སུ་འཇུག་པ་མ་ཡིན་ན་ཕྱི་མ་འདྲ་བ་མ་ཡིན་ནོ་སྙམ་དུ་སེམས་པ་ལ་དེ་དང་རྗེས་སུ་

མཐུན་ཞེས་བྱ་བ་སྨོས་ཏེ། སྔ་མ་ནི་ཕྱི་མའི་རྗེས་སུ་འཇུག་པ་རིགས་པ་མ་ཡིན་ལ། འདྲ་བ་ཉིད་ནི་ཐ་དད་པ་ཉིད་དུ་རྟོགས་པ་ཡིན་ཏེ། དེ་རྟོགས་པའི་ཡུལ་ཡིན་པར་ངེས་པར་བྱེད་ཅེས་བྱ་བའི་དོན་ཏོ། །དེ་མ་ཐག་ཏུ་བསྐྱེད་པ་ནི་འབྲས་བུ་ཉིད་མིན་ལ། དེ་མ་ཐག་ཏུ་ངེས་པའི་སྔོན་དུ་འགྲོ་བ་ནི་རྒྱུ་

ཉིད་ཡིན་ཏེ། མ་སྐྱེས་པ་དང་སྐྱེས་བཞིན་པ་དང་། མཐོང་བ་རྣམས་མེད་པའི་ཕྱིར་རིགས་པ་མ་ཡིན་ཏེ། སྔར་བྱུང་བ་ཐམས་ཅད་བྱེད་པ་པོ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །སྔ་མའི་ཤེས་པ་མ་སྐྱེས་པའི། །འབྲས་བུར་འགར་ཡང་རྩོམ་མི་བྱེད། །དེ་ལ་འཇིག་པ་ཡོད་མིན་ཞིང་། །

རྫོགས་པའང་སྐད་ཅིག་གནས་པ་ཡིན་སྙམ་དུ་སེམས་པ་ལ། རྣམ་ཤེས་ཚད་མས་དེ་ཚེ་ཞེས་བྱ་བ་སྟེ་རྗེས་སུ་འགྲོ་བ་ལ་སོགས་པ་ལས་བྱུང་བའི་རྟོག་པས་རྟོགས་པའི་རྒྱུན་གྱི་ཁོངས་སུ་གཏོགས་པ་པའི་སྐད་ཅིག་མ་རྒྱུ་ཉིད་དུ་ཁས་ལེན་ན། སྔ་མ་ཙམ་ལ་ནི་ཐལ་ཆེས་པ་མ་ཡིན་ནོ་ཞེས་

Vol. 181 · folio 128a

བྱ་བའི་དོན་ཏོ། །དེའི་ཕྱིར་སྐྱེས་ནས་འཇིག་པའི་ཕྱིར། །སྐད་ཅིག་མ་ལ་འང་རྩོམ་པ་མེད། །ཅེས་བྱ་བ་མི་རིགས་པར་བསྟན་པ་ནི། དེས་ན་སྐྱེས་ནས་ཞེས་བྱ་བའོ། །རྗེས་སུ་འགྲོ་བ་མེད་པར་འཇིག་པ་པ་ཡིན་ན་སྔ་མའི་ངོ་བོ་རྗེས་སུ་འཇུག་པ་མེད་པའི་ཕྱིར་འདྲ་བ་ཉིད་

མ་ཡིན་ཏེ། རྗེས་སུ་འགྲོ་བ་མེད་པར་ཞིག་པའི་ཕྱིར་རྗེས་སུ་མཐུན་པ་ཉིད་གང་ལས་ཡིན་སྙམ་དུ་སེམས་པ་ལ། རྗེས་འགྲོ་མེད་པར་ཞིག་གྱུར་པར། །ཞེས་བྱ་བའོ། །འདྲ་བ་སྐྱེད་པར་བྱེད་ཉིད་ཀྱིས། །བག་ཆགས་ཉིད་ཡིན་ན་མཚན་ཉིད་མི་མཐུན་པ་དག་ལ་བསྐྱེད་པར་བྱ་བ་དང་། སྐྱེད་པར་

བྱེད་པ་དག་གི་ངོ་བོར་མི་འགྱུར་རོ་སྙམ་དུ་སེམས་པ་ནི་གལ་ཏེ་བ་ལང་ཞེས་བྱ་བའོ། །ལན་ནི་གཞན་གྱིས་བར་དུ་ཆོད་ན་ཡང་ཞེས་བྱ་བའོ། །མཚན་ཉིད་མི་འདྲའི་ཤེས་པ་ཀུན། །མཚན་ཉིད་མི་འདྲ་ཉིད་མིན་ན་སྙམ་དུ་སེམས་པ་ལ། གླང་པོའི་ཤེས་པས་སྔ་མའི་ཞེས་བྱ་བའོ། །གང་གི་ལྟ་བ་ལ་

ཡང་ཀུན་གཞིའི་རྣམ་པར་ཤེས་པ་ནི་འཇིག་པའི་རང་བཞིན་གྱིས་འཇུག་པའི་རྣམ་ཤེས་རྣམས་ཀྱིས་ཀུན་གཞི་ལ་བསྒོས་པ་ཡིན་ལ། དེ་རྣམས་བསྐྱེད་པ་ན་ཅིག་ཅར་བསྐྱེད་པའམ་སྣ་ཚོགས་པ་གཅིག་ཏུ་བསྐྱེད་པ་ཡིན་གྱི་རིམ་གྱིས་ནི་མ་ཡིན་ཏེ། ཕྱི་རོལ་གྱི་དོན་མེད་པས་ལྟོས་པ་མེད་པའི་ཕྱིར་རོ། །

ཕྱི་དོན་ཕན་འདོགས་མིན་པའི་ཕྱིར། །གཞན་དོན་གྱི་དབང་མ་བྱས་པས། །རྗེས་འགྲོ་མེད་པར་འཇིག་འགྱུར་ན། །འབྲས་བུ་རིམ་གྱིས་ཇི་ལྟར་བྱེད། །ཅེས་བྱ་བ་སྟེ། གཞན་གྱི་དོན་གྱི་དབང་མ་བྱས་པ་ནི་བསྐྱེད་པར་རང་བཞིན་གཅིག་པ་རྣམས་སོ། །རྒྱུ་ཞིག་ན་ནི་འདོད་པ་ཡི། །འབྲས་བུ་

རྩོམ་པ་གཞན་དུ་མིན། །ཤེས་པ་འདི་ཉིད་དུ་ཞིག་ན། །བག་ཆགས་ཐམས་ཅད་འཇིག་པར་འགྱུར། །ཞེས་བྱ་བ་སྟེ་བརྩམ་པར་བྱ་བ་ཇི་སྙེད་ཡོད་པ་དུས་གཅིག་ཁོ་ན་བརྩམ་པར་བྱ་བའོ་སྙམ་དུ་སེམས་པ་ལ། ཕྱི་རོལ་མེད་ཀྱང་སྨོན་ལམ་གྱི་སེམས་ཀྱི་ཁྱད་པར་ལ་སོགས་པ་རིམ་གྱིས་འབྱུང་

བ་ནི་ཤེས་པ་རིམ་གྱིས་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རྒྱུན་ཆད་མེད་པར་བསྟན་པ་ནི། ཤེས་པ་གཅིག་ཉིད་ཞིག་པ་ཡིས། །ཞེས་བྱ་བ་སྟེ། བག་ཆགས་རྣམས་ཀྱིས་རིམ་གྱིས་བྱེད་པའི་ལྷན་ཅིག་བྱེད་པ་གཞན་མ་ཡིན་ཞིང་། མཚན་ཉིད་མི་མཐུན་པའི་རྒྱུ་གཞན་ཡང་མ་ཡིན་ན། གང་གིས་

Vol. 181 · folio 128b

གཞན་དང་འདྲ་བའི་འབྲས་བུར་འགྱུར་ཞེས་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མཐོང་ཡང་གཞན་དང་གཞན་པའི་གནས་སྐབས་གཞན་ནི་ཤིང་ཏོག་པི་ཛ་པུ་རའི་མེ་ཏོག་ལ་རྒྱ་སྐྱེགས་ཀྱིས་བསྒོས་པ་འབྲས་བུའི་དུས་སུ་གསལ་བར་བྱེད་པ་ནི། རྒྱུ་གཅིག་ལ་བྱུང་བ་ཡིན་ལ། གནས་

སྐབས་གཞན་ན་བསྒོས་པ་མི་མངོན་པ་ཁོ་ན་འབྲས་བུའི་དུས་སུ་མངོན་པར་གསལ་བར་བྱེད་པ་ནི་མ་ཡིན་ཏེ། སྣང་དུ་རུང་བ་ལན་བརྒྱ་གཤགས་ན་ཡང་དེའི་གནས་སྐབས་ན་མ་དམིགས་པའི་ཕྱིར་རོ། །དམིགས་པར་བྱ་བ་མ་ཡིན་པ་དམིགས་པས་དམིགས་པ་ནི་བག་ཆགས་དེ་ཉིད་ཡིན་པར་

བསྟན་པ་ནི། མེ་ཏོག་ཞིག་པར་ཞེས་བྱ་བའོ། །དམིགས་པ་མ་དམིགས་པ་ནི་ཞིག་པ་ཡིན་ལ། དེའི་ནུས་པ་ཡང་བག་ཆགས་ཡིན་པའི་ཕྱིར་དེ་ལྟ་བུའི་འབྲས་བུ་མ་ཡིན་ནོ། །དེའི་ཕྱིར་འདི་མི་བདེན་ཏེ། བི་ཛ་པུ་རའི་སོགས་མེ་ཏོག །རྒྱ་སྐྱེགས་ཁུ་བས་བསྒོས་པ་གང་། །དེ་ཡི་དངོས་ལ་

འཕོས་ཉིད་ཡིན། །བག་ཆགས་འབྲས་བུ་ལ་གསལ་འགྱུར། །འོ་མ་དང་ཆུ་བ་ལ་སོགས་པ་བཞིན་དུ་རྒྱུད་གཅིག་པ་ནི་འབྲས་བུ་རིམ་གྱིས་འབྱུང་བའི་རིམ་པ་བྱེད་པའི་སད་བྱེད་ཡོད་པ་ཡིན་ནོ་ཞེས་དེའི་ཕྱིར། འདི་དག་ཐམས་ཅད་ལས་ཞེས་བྱ་བ་ལ་སོགས་པ་གསལ་བ་ཡིན་ནོ་ཞེས་བསྟན་པ་ནི། དེའི་

ཕྱིར་འདི་དག་ཐམས་ཅད་ལས་ཞེས་བྱ་བའོ། །ཀུན་གཞི་ཞིག་ཀྱང་བག་ཆགས་གཞན་ལས་བྱུང་བར་ཁས་བླངས་པས་འཇུག་པའི་རྣམ་ཤེས་སྐྱེ་བར་འགྱུར་རོ། །གལ་ཏེ་རྣམ་ཤེས་རྒྱུ་བཞིན་དུ། །བག་ཆགས་རྣམས་ཀྱི་རྒྱུ་ཡང་ནི། །དེའི་རྗེས་བག་ཆགས་ལས་ཤེས་པ། །དེ་ལས་ཀྱང་

ནི་བག་ཆགས་ཡིན། །ཞེས་བྱ་བ་བསལ་བ་ཡིན་ཏེ། ཤེས་པའི་བསྐྱེད་བྱ་ཤེས་པའི་བདག་ཉིད་ཀྱི་ནུས་པའི་བག་ཆགས་ཁས་བླངས་པའི་ཕྱིར་རོ་ཞེས་བསྟན་པ་ནི། བག་ཆགས་ལྡན་རྣམས་ཞེས་བྱ་བ་སྟེ། ཤེས་པ་ལས་ཐ་མི་དད་པ་ཡིན་ན་བག་ཆགས་དང་ཤེས་པ་དག་ཐ་དད་པའི་སྐྱོན་མེད་དོ། །

རེས་འགའ་དེ་དག་ཕན་ཚུན་ནི། །མཚུངས་པ་ཉིད་ནི་བྱེད་པ་ཡིན། །ཞེས་བྱ་བ་བསྟན་པ་ནི། བག་ཆགས་ལས་ཏེ་ཞེས་བྱ་བའོ། །མཚན་ཉིད་མི་འདྲའི་རྒྱུ་གཞན་མིན། །གང་གིས་གཞན་འདྲའི་འབྲས་བུ་ཡིན། །ཞེས་བྱ་བ་ལ་སོགས་པ་ཡང་བསལ་བ་ཡིན་ནོ་ཞེས་བསྟན་པ་ནི། ནུས་

Vol. 181 · folio 129a

པའི་བདག་ཉིད་ཅན་གྱི་རྒྱུ་ཞེས་བྱ་བའོ། །དེའི་ཕྱིར་ཀུན་རྫོབ་བདེན་པ་འདི། །བརྟགས་པ་ཡིན་གྱི་དངོས་ཡོད་མིན། །ཞེས་བྱ་བའང་ཡིད་ལྡོག་པ་ལ་གནས་པ་ཡིན་གྱི་ངོ་བོ་ལ་གནས་པ་མ་ཡིན་པར་བསྟན་པ་ནི། དེའི་ཕྱིར་ལྡོག་པ་ཞེས་བྱ་བའོ། །ཐ་དད་པ་མ་ཡིན་པ་

ཡང་བསྟན་པ་ཉིད་ཀྱིས་བྱེད་པ་པོ་ཉིད་ཡིན་ནོ་ཞེས་བྱ་བ་བསལ་བ་ཡིན་ནོ། །འདི་ལྟ་བུ་ཡི་དངོས་པོ་ལས། །ལ་ལས་འབྲས་བུ་སྐྱེ་བ་མིན། །ཞེས་བསྟན་པ་ནི། དེའི་འབྲས་བུའི་ཞེས་བྱ་བའོ། །ཤེས་བྱེད་གང་གི་ལ་གནས་པ། །ཤེས་པ་གོམས་པས་ལྡན་པར་འགྱུར། །དེ་ཡི་དེ་ནི་བག་

ཆགས་བརྟེན། །བག་ཆགས་ཀྱང་ནི་དེ་ཉིད་ཡིན། །ཞེས་བྱ་བ་བསལ་བ་ཡིན་པར་བསྟན་པ་ནི། །གང་དག་ཤེས་བྱེད་བརྟན་པ་དང་། །ཞེས་བྱ་བའོ། །དེའི་འདི་ལྟར་བག་ཆགས་མེད་པ་ལ་རིགས་པ་རྣམས་རྒྱལ་བ་ཅན་ཡོད་པ་ཡིན་ནོ། །རིགས་པ་མེད་ཅིང་ཡོད་མིན་བརྟགས་ཡིན་ལ། །

བག་ཆགས་གང་ཡིན་དོན་གྱིས་སེལ་བ་འདི། །ཞེན་ལྡོག་དོན་དུ་སངས་རྒྱས་རྣམས་ཀྱིས་གསུངས། གཞན་དག་དེ་ལ་རྣམ་འགར་འཛིན་པར་འགྱུར། །ཞེས་བྱ་བ་འདི་ལ་ཡང་ལན་ནི། རིགས་པས་འཐད་པའི་ཞེས་བྱ་བའོ། །ཉོན་མོངས་རྒྱ་མཚོ་ཕྲག་དོག་གི། །རྦ་ཀློང་འཁྱིལ་བར་འཁོར་

བ་ཡི། །འགྲོ་རྨོངས་མཐོང་ལས་རྒྱལ་བ་ཅན། །ལམ་དེས་སུ་ཞིག་གྲོལ་མི་འགྱུར། །རྣམ་པའི་བག་ཆགས་ལས་རྣམས་མ་ཡིན་ནམ། ཤེས་པའི་ཡང་དེ་ཡིན་པའི་ཕྱིར་ལ་དེ་ལྟ་ཡིན་དང་གཉི་ག་ཡང་སོ་སོ་བ་ཉིད་ཡིན་ནོ་ཞེ་ན་དེའི་ཕྱིར། རྣམ་པའི་རྣམ་དབྱེ་བས་ཞེས་བྱ་བ་སྨོས་ཏེ། རྣམ་པའི་

རྣམ་པར་དབྱེ་བ་ཡིན་གྱི་ཤེས་པ་ནི་མ་ཡིན་པ་དེའི་ཕྱིར་དབྱེ་བ་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །ཕྱི་རོལ་གྱི་དོན་ཉིད་དང་བྲལ་ན་རིག་པའི་ཁོངས་སུ་གཏོགས་པ་ཐ་མི་དད་པའི་དམིགས་པ་ཅན་གྱི་ཤེས་པ་དམིགས་པ་མེད་པར་བརྗོད་པ་ཡིན་པར་བསྟན་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །རང་

ཉིད་ཅེས་བྱ་བ་ནི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཚད་མའི་འབྲས་བུ་ནི་སྒྲུབ་པར་བྱེད་པའི་ནུས་པ་ལས་བྱུང་བའོ། །འདིའི་ཕྱིར་ཡང་འདིའོ་ཞེས་དཔེ་མ་གྲུབ་པ་མ་ཡིན་ནམ་ཞེས་ཟེར་བ་ལ། རྩོད་པའི་གཞི་ཞེས་བྱ་བ་སྟེ། ཕ་རོལ་ལ་ཡང་གྲུབ་པ་ཁོ་ན་ཡིན་ནོ། །རྨི་ལམ་གྱི་གོམས་

Vol. 181 · folio 129b

པའི་རྗེས་སུ་འགྲོ་བ་ཉིད་ཡིན་ཡང་གཞན་ལ་ཡང་གནོད་པ་མེད་པ་དེ་ཅི་ལས་ཡིན་ཞེས་ཟེར་བ་ནི། ཇི་ལྟར་ཁྱབ་པ་ཞེས་བྱ་བའོ། །གོམས་པའི་རྗེས་སུ་འགྲོ་བ་ཉིད་ལ་གནོད་པའི་དོན་ཅན་གྱི་གནོད་པ་ནི་མྱུར་དུ་ཉམས་པ་ཡིན་གྱི་གཞན་གྱི་མ་ཡིན་པར་བསྟན་པ་ནི། རིགས་གང་ཞེས་བྱ་བའོ། །རིགས་

གང་གང་ལས་གྲུབ་པ་ནི་ཞེས་བྱ་བའི་རིགས་པ་བསྟན་པ་ནི་གུས་པར་གོམས་པ་ཞེས་བྱ་བའོ། །སྐད་ཅིག་གིས་ཉམས་པས་གནོད་པ་ཡིན་ན་གོམས་པའི་རྗེས་སུ་འགྲོ་བ་ཉིད་ཀྱིས་རྨི་ལམ་དུ་དེ་ལ་དམིགས་པ་མ་ཡིན་པ་རང་ལ་དམིགས་པ་མ་ཡིན་གྱི་ཤེས་པ་ཉིད་ལ་མ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་

རྨི་ལམ་གྱི་ཞེས་བྱ་བའོ། །སྐད་ཅིག་གིས་ཉམས་པ་གནོད་པར་གྱུར་པ་ཉིད་ནི་རྨི་ལམ་ཡིན་གྱི། གཞན་ལ་མ་ཡིན་ནོ་ཞེས་ཟེར་བ་ནི། རྨི་ལམ་མཐོང་བ་ནི་ཞེས་བྱ་བའོ། །དེ་ཚེ་དེས་སམ་ཞེས་བྱ་བ་ནི་རྨི་ལམ་དང་ལྡན་པའོ། །གཞན་གྱིས་བྱ་བ་ནི་སད་པ་རྣམས་ཀྱིས་སོ། །གནོད་པར་བྱེད་པ་ནི་

ཉམས་པར་བྱེད་པ་སྟེ། ཡུལ་མེད་པའི་སྒོ་ནས་དམིགས་པ་མེད་པ་ཉིད་རང་ལ་དམིགས་པ་ཉིད་དུ་རྟོགས་པར་བྱེད་ན་གོམས་པའི་རྗེས་སུ་འགྲོ་བ་ཉིད་དུ་གོ་བར་བྱེད་པ་ཡིན་གྱི་མེད་པ་ཉིད་དུ་མ་ཡིན་ནོ་ཞེས་ཟེར་བ་ནི། གནོད་བྱེད་ཤེས་པས་ཞེས་བྱ་བའོ། །གོམས་པའི་རྗེས་སུ་འགྲོ་བ་ཉིད་ནི་རྗེས་སུ་

འགྲོ་བ་ལ་སོགས་པ་ལས་ཡིན་གྱི། གནོད་པར་བྱེད་པ་ལས་མ་ཡིན་པར་བསྟན་པ་ནི། གནོད་བྱེད་ཤེས་པས་ཞེས་བྱ་བ་ལ་སོགས་པའོ། །གཞན་དག་གིས་མ་མཐོང་བ་ཉིད་གནོད་པར་བྱེད་པ་མ་ཡིན་ཞིང་མི་དམིགས་པ་ཉམས་པར་བྱེད་པ་མ་ཡིན་ལ་དེའི་ཕྱིར་སྐྱེས་ནས་འཇིག་པ་ཡིན་པར་མི་རིགས་པར་

བསྟན་པ་ནི། དངོས་པོ་མེད་པར་ཞེས་བྱ་བའོ། །འགལ་བའི་ཤེས་པ་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་མི་དམིགས་པ་ཉིད་ཀྱིས་བྱས་པ་ཡིན་པར་བསྟན་པ་ནི། འགལ་བ་མེད་པར་ཞེས་བྱ་བའོ། །རིགས་པའི་འབྲས་བུ་ནི་སྟོབས་ལ་ལྟོས་པ་ཡིན་གྱི་རང་དབང་བ་ནི་མ་ཡིན་ནོ། །

དེའི་ཕྱིར་ཁྱད་པར་མེད་དོ་ཞེས་ཟེར་བ་ནི་དེས་ན་ཇི་ལྟར་ཞེས་བྱ་བ་སྟེ། དེ་ལས་ཀྱང་ཞེས་བྱ་བ་ནི་རིག་པ་ལ་སོགས་པ་ཉིད་ལས་ཞེས་བྱ་བའི་དོན་ཏོ། །རང་དབང་ནི་ཚད་མ་མ་ཡིན་པས་ཁྱད་པར་དུ་བྱེད་པ་ཉིད་མ་ཡིན་པར་བསྟན་པ་ནི། འབྲས་བུས་ཞེས་བྱ་བའོ། །རིག་པ་བཞིན་དུ་འབྲས་བུ་ཉིད་ཀྱང་

Vol. 181 · folio 130a

རང་དབང་ཉིད་ཡིན་ནོ་ཞེས་ཟེར་བ་ནི། རིག་པ་མེད་པར་ཞེས་བྱ་བའོ། །འབྲས་བུ་ཉིད་ནི་རང་དབང་མ་ཡིན་གྱི་རང་རིག་པ་ནི་ཡིན་ནོ་ཞེས་བསྟན་པ་ནི། རང་རིག་པས་ཞེས་བྱ་བའོ། །རིག་པ་ཡང་དེ་ཉིད་ཀྱིས་སྐྱེད་པར་བྱེད་པ་ཉིད་ཀྱིས་སོ་ཞེས་བསྟན་པ་ནི། དེ་ནས་འབྲས་

བུ་བཞིན་དུ་ཞེས་པའོ། །དེ་མ་ཐག་པའི་ཁྱད་པར་གྱི་སྐྱེད་པར་བྱེད་པ་ཉིད་ལ་སོགས་པ་དངོས་སུ་བ་མ་ཡིན་པར་བསྟན་པ་ནི། དོན་རིག་ཅེས་བྱ་བའོ། །གང་ཞིག་གཞན་གྱི་ངོ་བོ་འཛིན་པར་བྱེད་པ་ཉིད་ཀྱི་རང་ཉིད་འཛིན་པར་བྱེད་པ་ཉིད་གང་ཡིན་པ་དེ་ནི་སད་པའི་ཤེས་པ་ལ་ཡང་མཚུངས་པར་བསྟན་པ་ནི།

དེ་ཡང་ཤེས་པ་ཞེས་བྱ་བའོ། །ཉལ་བ་ཞེས་བྱ་བ་ནི་གཉིད་འོངས་པའི་སྔ་རོལ་དུའོ། །ལངས་པ་ཞེས་བྱ་བ་ནི་སད་པ་ན་སྟེ་དེའི་ཚེ་ན་དེ་དང་བྲལ་བའི་སེམས་རང་ཉིད་རིག་པ་ཡིན་ནོ། །དེ་ལྟར་འགྱུར་ཞེས་བྱ་བ་ནི་སད་པ་ལ་སོགས་པའི་རྣམ་པར་དབྱེ་བའོ། །རྨི་ལམ་ནི་སྐད་ཅིག་གིས་ཉམས་པའི་

ཕྱིར་དེ་ལས་གཞན་པའི་ཡིན་ཞིང་། གཞན་ལས་ཁྱད་པར་མ་ཡིན་ནམ་སད་པའི་ཤིན་ཏུ་ངེས་པའི་བློ་ཡིན་པའི་ཕྱིར། གནོད་པར་བྱེད་པའི་ཤེས་མེད་ན། །ཤེས་པ་ངེས་པས་དེ་དག་ལ། །ཚད་མ་ལྟར་སྣང་ཉིད་མེད་པ། །དེའི་ཕྱིར་སྟོབས་ནི་བསྟན་པ་ཡིན་སྙམ་དུ་སེམས་པ་ནི། དེར་

རྣམ་པར་མི་གནས་པ་ཞེས་བྱ་བའོ། །རྣམ་པའི་རྣམ་པར་དབྱེ་བ་ལས་བག་ཆགས་ཀྱི་དབྱེ་བ་རྟོགས་པ་འདི་ནི་ཁྱད་པར་ལས་ཀྱང་སྐད་ཅིག་གིས་ཉམས་པ་ལ་སོགས་པའི་སྐྱེད་བྱེད་ཀྱི་ཁྱད་པར་ནི་བསྟན་པ་ལ་སོགས་པ་ཉིད་དུ་གོ་བ་ཡིན་གྱི་ཕྱི་རོལ་ཡོད་པ་དང་མེད་པ་ནི་མ་ཡིན་པར་བསྟན་པ་ནི། བག་

ཆགས་བསྟན་པ་ཡིན་གྱི་ཞེས་བྱ་བའོ། །ཡིད་དུ་འོང་བ་ལ་སོགས་པ་མཐོང་བ་ནི་ཡིད་དུ་འོང་བ་ལ་སོགས་པ་དམིགས་པའོ། །དེ་འདི་ནི་མངོན་སུམ་ལ་སོགས་པའི་ཡུལ་ཕྱི་རོལ་ཉིད་དུ་གནས་པ་སྟེ། དེ་དགག་བྱས་པ་དེ་ཡི་ཕྱིར། །དེ་ལྟར་ན་ཕྱོགས་ལ་གནོད་འགྱུར། །ཞེས་བྱ་བ་ཕྱིན་ཅི་ལོག་

ཡིན་ཏེ། གང་གི་ཕྱིར་བག་ཆགས་ཀྱི་བསྐྱེད་བྱའི་རྣམ་པ་ལས་རང་ཉིད་ཀྱི་རིག་བྱའི་དམིགས་པ་གཞན་མ་མཐོང་ངོ་། །གལ་ཏེ་དམིགས་པ་མེད་པ་ཉིད་ཀྱི་རྗེས་སུ་དཔག་པ་དང་། དེའི་རྩ་བ་ཕྱོགས་དང་། ཅིག་ཤོས་ཀྱི་ཤེས་པ་རང་གི་ཆ་ལ་དམིགས་པ་མ་ཡིན་ཏེ། འདོད་པ་གྲུབ་པའི་ཕྱིར་

Vol. 181 · folio 130b

དམིགས་པ་ཡིན་པས་སྣ་ཚོགས་པའི་དམིགས་པ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་རྨི་ལམ་དང་རྨི་ལམ་མ་ཡིན་པ་ཞེས་བྱ་བའོ། །ཐ་དད་པ་གང་གི་སྒྲུབ་བྱེད་ཡིན་པ་དེ་རྗེས་སུ་དཔག་པ་ཡིན་པའམ་ཐ་དད་པའི་སྒྲུབ་བྱེད་ཀྱི་མངོན་སུམ་ཡིན་ཏེ། གཞན་དུ་ན་ཐུག་པ་མེད་པའི་ཕྱིར་རོ། །མངོན་སུམ་

དམིགས་པ་མེད་པ་ཡིན། །ཞེས་ཟེར་བ་ནི། ཇི་སྟེ་ཚད་མ་མ་ཡིན་ན། །ཞེས་བྱ་བའོ། །རྗེས་སུ་དཔག་པའི་ཕྱོགས་ལ་ཞེས་ཟེར་བ་ནི། དམིགས་པ་མེད་པ་ཉིད་ཇི་ལྟར་གྲུབ་ཅེ་ན་ཞེས་བྱ་བའོ། །དོན་རང་གི་ངོ་བོས་སྣང་བའི་ཕྱིར་རྗེས་སུ་དཔག་པ་དམིགས་པ་མེད་ཀྱང་མི་སླུ་བ་ཡིན་པའི་ཕྱིར་རྗེས་

སུ་དཔག་པ་ཚད་མ་ཡིན་པར་བསྟན་པ་ནི། དེ་ཚད་མ་ཉིད་ཡིན་པས་ཞེས་བྱ་བའོ། །ཡང་དག་པ་ཉིད་འདི་ཡིན་ཡང་། །རྣམ་པ་དག་ཁྱོད་མི་འདོད་པ། །ཞེས་བྱ་བ་འདི་བསལ་བ་ཡིན་ནོ། །དེ་དམིགས་པ་དང་བཅས་པ་ཉིད་ཡིན་ན་དེ་བཞིན་དུ་གཞན་ཡང་ཡིན་ནོ་ཞེས་བྱ་བའི་རིགས་པ་མཚུངས་པས་

ཐམས་ཅད་དམིགས་པ་དང་བཅས་པ་ཉིད་དམ་ཡང་ན་འདི་ཡང་མ་ཡིན་ནོ་ཞེས་ཟེར་བ་ལ་གལ་ཏེ་རྨི་ལམ་དང་ཞེས་བྱ་བའོ། །དེ་ལ་དམིགས་པ་ཉིད་ཡིན་ན་ཡང་ཇི་ལྟར་ཐ་དད་པ་འགྲུབ་པ་ཡིན་ཞེས་ཟེར་བ་ལ། དེ་གཉིས་ཐ་དད་ཅེས་བྱ་བ་ལ་སོགས་པ་སྟེ། མི་བསླུ་བ་ཅན་གྱི་ངེས་པ་ཐ་དད་པའི་

སྒྲུབ་བྱེད་ནི་མི་སྣང་ངོ་ཞེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་མཚུངས་པ་ཉིད་དུ་སེམས་པའོ། །དོན་དམ་པར་མི་མཐུན་པ་ཉིད་མེད་པ་ཁོ་ན་དཔེ་ལ་དཔེ་ཅན་གྱིའོ་ཞེས་བསྟན་པ་ནི་དེ་ནས་ཕྱིས་ཞེས་བྱ་བ་སྟེ། སྔར་སྣང་བའི་ཁྱད་པར་ལས་མ་ཡིན་གྱི་འཇིག་རྟེན་ལས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

འཇིག་རྟེན་ལ་གྲགས་པ་ཐ་དད་པའི་རྗེས་སུ་དཔག་པ་ཡིན་པར་བསྟན་པ་ནི། གལ་ཏེ་ཉེས་པ་ཡོད་ན་ཞེས་བྱ་བའོ། །དོན་དམ་པར་གྲུབ་པ་ནི་རྗེས་སུ་དཔག་པ་འཇུགས་པ་ལ་གནོད་པ་ཡིན་པར་བསྟན་པ་ནི། གལ་ཏེ་ཚད་མ་མེད་པ་ན། །ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་

ཚད་མ་མ་ཡིན་ན་ཞེས་བྱ་བའམ་རིག་བྱེད་མ་ཡིན་པའོ། །འདི་ཉིད་འཇིག་རྟེན་ལ་གྲགས་པ་ཡིན་པར་བསྟན་པ་ནི། དེ་ལྟ་ན་འོ་ན་ཞེས་བྱ་བའོ། །ཕྱི་མ་དོན་དམ་པས་སྔ་མ་འཇིག་རྟེན་ལ་གྲུབ་པ་ལ་གནོད་ན་ཐམས་ཅད་རྗེས་སུ་དཔག་པ་ཉིད་དུ་མི་འབྱུང་བར་བསྟན་པ་ནི། ཆོས་ཅན་ཐུན་མོང་བ་

Vol. 181 · folio 131a

ཉིད་དུ། །རྟོགས་པ་གང་ཡིན་ཚད་མ་མིན། །དེ་ལྟར་ཡིན་དང་དེ་ལྟ་བུའི། །སྒོ་ཅན་ཕྱི་རོལ་གཞན་ཡང་མིན། །ཞེས་བྱ་བ་ལ་དེའི་ཕྱིར་གཞན་ཡང་མིན་པ་ནི་རྗེས་སུ་དཔག་པ་ཡིན་ཡང་ངོ་། །དེ་ལྟ་བུའི་སྒོ་ཅན་ཚད་མ་མ་ཡིན་པའི་ཆོས་ཅན་རྟོགས་པའི་སྒོ་ཅན་ནི་ཚད་མ་

མིན་ཞེས་བྱ་བར་སྦྱར་རོ། །ཐ་མི་དད་པ་བསྒྲུབ་པ་ནི། དཔེ་ལ་སོགས་པའི་ཐ་དད་པ་དང་འགལ་བ་ཅན་ཡིན་གྱི་འཕེལ་བ་ལ་ནི་མ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་དེའི་ཞེས་བྱ་བའོ། །འདི་ལ་ཡང་ཚད་མ་དང་ཅིག་ཤོས་ཉིད་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་ཚད་མ་ཉིད་དང་འགལ་བ་ཉིད་

ཡིན་པར་བསྟན་པ་ནི། རང་བཞིན་ཚད་མ་ཉིད་ཅེས་བྱ་བའོ། །དེ་ལ་ནི་ཆོས་ཅན་ལའོ། །དེ་དང་བྲལ་བ་ནི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བཞིན་པ་ཉིད་ཀྱི་ཁྱད་པར་དང་བྲལ་བ་ནི་སྤྱིས་འཛིན་པ་ཡིན་གྱི་ཚད་མ་ནི་མ་ཡིན་ནོ། །དེ་ལས་བཟློག་པར་འཛིན་པ་ན་ཞེས་བྱ་བ་ནི་ཁྱད་པར་ལས་བཟློག་པར་འཛིན་

པ་ལའོ། །དེ་ལས་བཟློག་པའི་གཞལ་བྱ་དྲུངས་ཕྱུང་ན་ཞེས་བྱ་བ་ནི་ཁྱད་པར་ལས་བཟློག་པའི་གཞལ་བྱ་དྲུངས་ཕྱུང་ན་སྟེ་གནོད་པ་ནའོ། །རང་གི་ངོ་བོ་ཉིད་ཀྱིས་ཏེ་སྔ་མས་མ་བཟུང་བ་ནི་སྔ་ནས་ཡོད་པའོ། །འགའ་ཞིག་ཅེས་བྱ་བ་ནི་སྤྱིའི་ཆའོ། །སྤྱིའི་དང་ཁྱད་པར་དག་གི་དབྱེ་བ་ཡིན་ན་གཞན་

དང་གཅིག་ཏུ་འཛིན་པ་མ་ཡིན་པར་ཟེར་བ་ནི་ཆོས་ཐ་དད་པར་ཞེས་བྱ་བའོ། །གཟུང་བའི་སྤྱི་དང་འགལ་བ་ཅན་མ་ཡིན་པའི་ཁྱད་པར་སྒྲུབ་པར་བྱེད་པ་བཞིན་དུ་སྒྲོ་བཏགས་པའི་ཐ་དད་པའི་འགལ་བ་ཅན་ཡིན་ལ། ཐ་མི་དད་པར་སྒྲུབ་པར་བྱེད་པ་འགལ་བ་ཅན་མ་ཡིན་པར་བསྟན་པ་ནི། ཐ་

དད་པར་ནི་ཞེས་བྱ་བའོ། །རྣམ་པར་དབྱེ་བ་ཞེས་བྱ་བའི་བཤད་པ་ནི། ཆོས་ཅན་དུ་བྱེད་པ་ཞེས་བྱ་བ་སྟེ། ཐ་མི་དད་པར་རིག་པ་རྒྱུ་དང་འགལ་བ་ཡིན་ན་ཇི་ལྟར་འབྲས་བུ་ཐ་དད་པ་སྒྲུབ་པར་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །ཤེས་པ་ཉིད་དམིགས་པ་དང་བཅས་པ་ལས་གནོད་པར་བྱེད་པ་

མི་དམིགས་པས་བཟློག་པ་ནི་དམིགས་པ་མེད་པ་ཉིད་ཀྱིས་ཁྱབ་པ་ཡིན་ནོ་ཞེས་བསྟན་པ་ནི་ཇི་ལྟར་རྨི་ལམ་གྱི་ཤེས་པ་དང་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་སྟེ། འབྲེལ་པའི་ཕྱིར་ཞེས་བྱ་བ་དང་གཞི་མཐུན་པའོ། །དེ་ཉིད་དམིགས་པ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཡོད་པ་དང་མེད་པ་ཉིད་ལས་

Vol. 181 · folio 131b

རྣམ་པར་གྲོལ་བ་ཉིད་ཅེས་བྱ་བའི་དོན་ཏོ། །འགལ་བ་མི་འཁྲུལ་པ་ཅན་ཉིད་ནི་མ་ཡིན་ཏེ། ནུས་པ་མི་མཚུངས་པའི་ཕྱིར་རོ་ཞེས་བསྟན་པ་ནི་དམིགས་པ་དང་བཅས་པ་ཉིད་ཅེས་བྱ་བའོ། །གཞན་པའི་སྐྱེས་བུ་གཞན་གྱིའོ། །དམིགས་བཞིན་པ་ཉིད་དམིགས་པ་ཡིན་པར་རྨི་ལམ་ལ་ཡང་ཡིན་

པའི་ཕྱིར་འབྲེལ་པ་མཚུངས་པ་ཡིན་ནོ་ཞེས་ཟེར་བ་ནི། དེ་ལ་ཡང་ཞེས་བྱ་བའོ། །ཐམས་ཅད་ཀྱི་ཚེ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་དུ་བའོ། །ཀིང་ཤུ་ཀའི་ཕུང་པོ་ནི་དུ་བ་མི་བྱེད་ཀྱང་རང་གི་བྱ་བ་བྱེད་པས་ཡོད་པ་ཁོ་ན་ཡིན་གྱི་རྨི་ལམ་གྱི་མཐའ་ཅན་ནི་མ་ཡིན་ནོ་ཞེས་ཟེར་བ་ནི། ཀིང་ཤུ་ཀའི་ཕུང་པོ་བཞིན་

དུ་ཞེས་བྱ་བའོ། །རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའོ། །རྣམ་པར་ཤེས་པ་ཉིད་དོ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་བཞིན་དུ་རིག་པ་ཙམ་དོན་ཡིན་པ་ཉིད་ཀྱི་ཕྱིར་རོ། །རིག་པ་ཙམ་གྱི་དོན་ཅན་གྱི་བདེ་བ་ལ་སོགས་པ་ཡང་ཕྱི་རོལ་གྱི་དོན་ཅན་གྱི་དོན་ཡིན་ནོ་ཞེས་ཟེར་བ་ནི། དོན་གྱི་རང་

བཞིན་ཉིད་ཅེས་བྱ་བའོ། །གོམས་པའི་སྟོབས་ཀྱིས་བྱུང་བ་ཉིད་ནི། ཕྱི་རོལ་གྱི་ཉེ་བར་ལེན་པ་ཅན་གྱི་མིག་ལ་སོགས་པ་ལ་ཡང་ཡོད་པས་རང་གི་རྟོགས་པའི་ཁྱད་པར་ཡིན་པའི་ཕྱིར། རང་གི་རྟོགས་པ་ཉིད་དོན་ཉིད་ལ་འགལ་བའི་འབྲས་བུ་ཡིན་པར་བསྟན་པ་ནི། མ་ཡིན་ཏེ་ནང་གི་བྱེད་པ་ལ་

རག་ལས་པར་ཞེས་བྱ་བ་སྟེ། ཤེས་པའི་བྱེད་པ་ལ་རག་ལས་པ་ཉིད་ཀྱིའོ། །སད་པ་ལ་ཡང་ཐམས་ཅད་དེ་ལ་རག་ལས་པ་ཉིད་ཡིན་པར་བསྟན་པ་ནི། དེ་ལྟར་ཡང་བློ་ཙམ་དུ་ཞེས་བྱ་བའོ། །རིག་པ་ལ་ནི་དོན་གཞན་ཉིད་ཁྱད་པར་བྱེད་པ་འགལ་བ་ཡིན་པར་བསྟན་པ་ནི། རང་བཞིན་དེ་ནི་ཞེས་བྱ་བའོ། །

དེ་བཞིན་དུ་གཞན་ཡང་ཞེས་བྱ་བ་ནི་འཁྲུལ་པར་འདོད་པའི་ཤེས་པའི་དོན་ཡང་ངོ་། །དེ་བཞིན་དུ་མིག་ལ་སོགས་པ་ཡོད་ན་གཞན་གྱི་ཤེས་པ་ལ་ཡང་སྲིད་དོ་ཞེས་ཟེར་བ་ནི། འོན་ཏེ་ཕ་རོལ་དག་གིས་ཀྱང་ཞེས་བྱ་བའོ། །གོམས་པའི་ཁྱད་པར་ལས་འཆོལ་བ་དང་ཅིག་ཤོས་ལ་སོགས་པའི་

ཁྱད་པར་ཡིན་གྱི། དོན་ཡོད་པ་དང་ཅིག་ཤོས་ལས་མ་ཡིན་པ་བསྟན་པ་ནི། གོམས་པའི་བྱེ་བྲག་གིས་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་མངོན་སུམ་གྱིས་སོ། །རང་ཉིད་ལས་ཚད་མ་མ་ཡིན་པ་རྣམ་པར་རྟོག་པ་ལ་འབྲེལ་པ་ལས་ཚད་མ་ཉིད་ནི་རྟོག་པ་གཞན་གྱི་གོ་བྱ་ཡིན་ཏེ། འབྲེལ་པ་

Vol. 181 · folio 132a

གཞན་ཉིད་ལས་ཡིན་པ་ནི་ཐུག་པ་མེད་པ་ཡིན་པར་བསྟན་པ་ནི། འདི་ལས་ཡང་ཕྱོགས་ཉིད་དོ་ཞེས་བྱ་བའོ། །རྣམ་ཤེས་ཕྱི་རོལ་གྱི་བསྐྱེད་བྱ་ཡིན་པར་ཟེར་ན་བག་ཆགས་ཀྱི་བསྐྱེད་བྱ་ཡིན་པར་གཉི་ག་ལ་གྲུབ་པའི་ཕྱིར་ཁས་བླང་བར་འོས་པ་ཡིན་ནོ་ཞེས་དེ་དག་ཙམ་བརྗོད་བྱ་ཡིན་

གྱི་བསྒྲུབ་བྱ་མ་ཡིན་ནོ་ཞེས་བསྟན་པ་ནི། ཕྱི་དང་རྒྱུ་འབྲས་ཞེས་བྱ་བའོ། །བག་ཆགས་ལས་སྐྱེ་བ་ཉིད་དུ་མ་གྲུབ་ཀྱང་སྔོན་པོ་ལ་སོགས་པ་ནི་ཤེས་པ་ཉིད་ཡིན་ཏེ། བདེ་བ་བཞིན་དུ་རང་རིག་པའི་ཕྱིར་རོ་ཞེས་བསྟན་པ་ནི། བག་ཆགས་ཀྱིས་བསྐྱེད་པ་མེད་ཀྱང་ཞེས་བྱ་བའོ། །སྔོན་པོ་ནི་རིག་པའི་

དུས་ཙམ་ལ་ཡོད་པས་དེ་དག་ཐ་མི་དད་པའི་ཕྱིར་སད་པ་ན་ཡང་རྨི་ལམ་དང་མཚུངས་པ་ཡིན་པར་བསྟན་པ་ནི། དེ་དང་མཚུངས་པའི་ཕྱིར་ཞེས་བྱ་བའོ། །རྗེས་སུ་དཔག་པའི་དུས་ན་འབྲེལ་པ་འཛིན་པ་མ་ཡིན་ཏེ། དེའི་ཕྱིར་འབྲེལ་པ་གཟུང་བ་ཡིན་པར་བསྟན་པ་ནི། རྗེས་སུ་དཔག་པའི་དུས་ན་ཞེས་བྱ་བའོ། །

བར་དུ་ཆོད་པའི་མེའི་བསྐྱེད་བྱ་དུ་བ་བཞིན་དུ་བར་དུ་ཆོད་པའི་གོམས་པའི་སད་པ་ཡིན་པར་བསྟན་པ་ནི། བསྒོམ་པ་ཆོད་པར་གྱུར་ན་ཡང་། །ཞེས་བྱ་བའོ། །སད་པ་ན་མཐོང་བ་ཅུང་ཟད་ཉིད་ནི་དེ་ལྟ་བུ་གོམས་པའི་བསྐྱེད་བྱ་ཡིན་གྱི། སྐྱེ་བའི་དང་པོ་ལ་མཐོང་བ་ཡང་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ལ།

དེ་ཡང་སྐྱེ་བ་སྔ་མ་ལ་གོམས་པ་དྲན་པ་ཉིད་ལོག་པའི་དེ་མ་ཐག་ཏུ་རྨི་ལམ་མཐོང་བ་ཡིན་པར་བསྟན་པ་ནི། སྐྱེ་བ་གཞན་སོགས་མཐོང་བ་ཡང་། །ཞེས་བྱ་བའོ། །འཆི་བའི་གཉིད་ནི་གཉིད་ལོག་པའོ། །རྨི་ལམ་ནི་མཐོང་བའོ། །དོན་མཐོང་བ་ཞེས་བྱ་བ་ནི་སྐྱེ་བ་འདི་ལའོ། །ཕྱིས་ཀྱི་ནི་མཚན་

མོ་ནི་མ་རིག་པའི་མཚན་མའོ། །དེས་ཆོད་པ་ནི་བསྒྲིབས་པའོ། །ཉིན་མོ་ནི་འོད་གསལ་བའི་རང་བཞིན་གྱི་སེམས་ཙམ་ཉིད་གང་གི་ཡིན་པ་དེ་ཡང་དེ་ཡིན་ལ། རྨི་ལམ་བཞིན་དུ་དེ་ཁོ་ན་ཉིད་འཇུག་པ་མེད་པས་མཐོང་བའི་ཐ་སྙད་མེད་པས་འཇིག་རྟེན་པ་ཡིན་ནོ། །རྨི་ལམ་དུ་མཐོང་བ་གོམས་པ་ལས་

བྱུང་བ་ཉིད་དུ་བསྒྲུབས་ནས་འདི་ལས་ཁྱད་པར་མེད་པའི་ཕྱིར། གཉིད་ཀྱི་དུས་ན་འབྱུང་བ་ཉིད་བསལ་བ་ནི་མ་ཡིན་ཏེ། གོམས་པའི་ཁྱད་པར་ལས་ཞེས་བྱ་བའོ། །འདི་ཡང་ཞེས་བྱ་བ་ནི་སད་པའིའོ། །དམིགས་པ་དང་བཅས་པ་ཉིད་དུ་དམ་བཅས་པ་ནི་མངོན་སུམ་དང་འགལ་བ་ཡིན་ཏེ། སྒྲ་ནི་མཉན་

Vol. 181 · folio 132b

པར་བྱ་བ་མ་ཡིན་ནོ་ཞེས་ཟེར་བ་ལ། གནོད་པར་བྱེད་པའི་ཤེས་པ་ནི། །ཞེས་བྱ་བ་སྟེ། མངོན་སུམ་སྔོན་དུ་འགྲོ་བ་ཅན་གྱི་རྗེས་སུ་དཔག་པ་ནི་དེ་དང་འགལ་བས་ཚད་མ་མ་ཡིན་ནོ་ཞེས་ཟེར་ན། དེ་སྔོན་དུ་འགྲོ་བ་ཅན་ནི་མངོན་སུམ་དང་འགལ་བ་ཡིན་ན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་དམ་བཅའ་

བར་འགྱུར་རོ། །དེའི་ཕྱིར་རྗེས་སུ་དཔག་པ་ནི་མངོན་སུམ་ཙམ་དང་འགལ་བ་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཁྱེད་ལ་ཡང་བསྒྲུབ་བྱ་དང་སྒྲུབ་བྱེད་དག་ཕན་ཚུན་བསྟེན་པ་དག་ཇི་ལྟར་མ་ཡིན་ཏེ། མངོན་སུམ་ཡིན་པའི་ཕྱིར་དང་། གཞན་གྱི་བསྒྲུབ་བྱ་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི།

འདི་ནི་བཤད་ཟིན་ཏེ་ཞེས་བྱ་བའོ། །འབྱུང་བར་འགྱུར་བ་མྱོང་བ་ཉིད་ཡིན་ནོ་ཞེས་བསྟན་པས་དེ་ཡང་ཚད་མ་ཉིད་ཡིན་པར་ཚད་མས་གྲུབ་པ་མ་ཡིན་པར་བསྟན་པ་ནི། དེ་ཡང་ཐོག་མ་མེད་པ་ཞེས་བྱ་བའོ། །ལོང་བ་བརྒྱུད་པ་ལས་འོངས་པ་ཇི་ལྟར་ཚད་མ་ཉིད་ཡིན་ཞེ་ན། མི་སླུ་བ་ལས་ཡིན་པར་བསྟན་

པ་ནི། དེ་ཡང་མི་སླུ་བ་ལས་ཞེས་བྱ་བ་སྟེ། ལྷག་པར་ཞེན་པར་བྱ་བ་དང་ཕྲད་པའི་ཚད་མ་ཉིད་ནི་ལྷག་པར་ཞེན་པ་དང་ཕྲད་པ་དག་གི་ཡུལ་གཅིག་ཉིད་ལ་ཐ་སྙད་རྟོགས་པ་ན། ཤེས་པ་ཡིན་ཞེས་བྱ་བའི་དོན་ཏོ། །རང་གི་ངོ་བོའི་ཡུལ་ལ་ཞེས་བྱ་བ་ནི་མི་གསལ་བ་ལའོ། །དེ་ལ་ཞེས་བྱ་བ་ནི་ཤེས་

པའི་རང་གི་ངོ་བོ་ལའོ། །དེའི་ཞེས་བྱ་བ་ནི་རྗེས་སུ་དཔག་པའིའོ། །མངོན་སུམ་ཉིད་ཅེས་བྱ་བ་ནི་རང་གི་རིག་པའི་ངོ་བོའོ། །གནོད་པར་བྱེད་པའི་རྗེས་སུ་དཔག་པ་ཡང་རང་རིག་པའི་མངོན་སུམ་ལ་ནི་མ་ཡིན་ཏེ། ལྐོག་ཏུ་གྱུར་པའི་ཡུལ་ཅན་ཉིད་ཀྱི་ཡུལ་མཚུངས་པ་མ་ཡིན་ནོ་ཞེས་ཟེར་བ་ལ་

དེས་ན། རྗེས་སུ་དཔག་པས་ཞེས་བྱ་བ་སྨོས་སོ། །ལྐོག་ཏུ་གྱུར་པ་ལ་ཡང་ཡུལ་མཚུངས་པ་ཉིད་ཇི་ལྟར་ཡིན་ཏེ། མངོན་སུམ་མི་བྱེད་པའི་ཕྱིར་རོ་སྙམ་དུ་སེམས་པ་ནི། ཇི་ལྟར་ལྐོག་ཏུ་གྱུར་པ་ལ་ཞེས་བྱ་བའོ། །འཇུག་པར་བྱེད་པ་ཉིད་ཀྱིས་ཡིན་གྱི་འཛིན་པར་བྱེད་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འཛིན་

པ་དང་ཞེན་པ་དག་མེད་ན་འཇུག་པར་བྱེད་པ་ཉིད་མེད་པའི་ཕྱིར་མི་རིགས་སོ་སྙམ་དུ་སེམས་པ་ལ། འདི་ལྟར་ཐ་དད་པའི་ཞེས་བྱ་བའོ། །རྗེས་སུ་དཔག་པས་གནོད་ན་ཞེས་བྱ་བ་ནི་ངེས་པ་ཙམ་གྱིས་ནི་མ་ཡིན་ཏེ། མི་འཛིན་པའི་ཕྱིར་དང་། འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་རྗེས་

Vol. 181 · folio 133a

སུ་དཔག་པ་ནི་འཛིན་པས་གཙོ་བོ་མ་ཡིན་ཏེ། ངེས་པ་ལས་ཞེས་བརྗོད་པར་བྱའོ། །དེ་ཡང་དེ་མེད་ན་ཡང་མ་ཡིན་ཏེ། གོམས་པ་འཛིན་པ་ཉིད་ཀྱིས་འཇུག་པའི་ཕྱིར་དེ་ཉིད་ངེས་པའི་སོ་སོ་བའི་ཐབས་ཡིན་ལ། རྗེས་སུ་དཔག་པ་ལ་ཡང་སྔར་འཇུག་པའི་ནུས་པ་ལས་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྐོག་ཏུ་གྱུར་པའི་དོན་གྱི་རྗེས་སུ་དཔག་པ་ནི་དེ་མེད་པའི་རྗེས་སུ་དཔག་པ་མངོན་སུམ་ལས་བྱུང་བས་གནོད་པ་ཡིན་ཏེ། རྣམ་པར་རྟོག་པ་ཙམ་ལས་བྱུང་བའི་ཕྱིར་རོ་ཞེས་ཟེར་བ་ལ། དེ་ནི་ལོང་བ་བརྒྱུད་པ་ལས་བྱུང་བའི་ཞེས་བྱ་བའོ། །རང་རིག་པའི་མངོན་སུམ་

ལས་བྱུང་བ་ཕྱི་རོལ་མེད་པའི་རྗེས་སུ་དཔག་པ་མ་དམིགས་པ་གང་ཡིན་པ་ནི་རང་རིག་པ་གཉིས་ལས་བྱུང་བའི་ཐ་སྙད་པ་དེ་ནི་གོམས་པ་ལས་མངོན་སུམ་ཡང་ཡིན་ལ། མངོན་སུམ་རྩ་བ་ཡིན་པའི་ཕྱིར་གནོད་པར་བྱེད་པ་མ་ཡིན་པ་ཉིད་དུ་བསྟན་པ་ནི། མངོན་སུམ་དང་དེས་བསླང་བའི་རྗེས་སུ་

དཔག་པ་དག་ལ་ནི་ཞེས་བྱ་བའོ། །ཕྱི་རོལ་གྱི་རྗེས་སུ་དཔག་པ་འབའ་ཞིག་ནི་དེ་མེད་ན་གནོད་པ་མ་ཡིན་ཏེ། ལོག་པར་འཛིན་པའི་ཕྱིར་རང་རིག་པའི་རྗེས་སུ་དཔག་པ་ཡང་ཞེས་རྒོལ་བ་སྔོན་དུ་འགྲོ་བས་བསྟན་པ་ནི། གལ་ཏེ་མངོན་སུམ་ཡང་ཞེས་བྱ་བའོ། །དེའི་ཕྱིར་མངོན་སུམ་མ་ཡིན་པ་ཉིད་ཀྱིས་

རྗེས་སུ་དཔག་པ་ལ་སོགས་པའི་ཡུལ་མ་ཡིན་པའི་ཕྱིར། མངོན་སུམ་ལ་སོགས་པའི་ཡུལ་ཡང་ཕྱི་རོལ་མ་ཡིན་པ་ཉིད་དུ་གནས་པ་ཡིན་ནོ། །དེ་དགག་བྱས་པ་དེ་ཡི་ཕྱིར། །དེ་དག་ཕྱོགས་ལ་གནོད་པར་འགྱུར། །ཞེས་ཟེར་བ་མི་རིགས་པར་བསྟན་པ་ནི། དེས་ན་ཤེས་པ་ཐམས་ཅད་ཅེས་བྱ་བའོ། །

དེ་ལྟ་ཡིན་ན་དཔེ་དེས་ཞེས་བྱ་བ་ནི་གནོད་པའི་བློའི་དཔེས་སོ། །དེ་རང་གི་ངོ་བོ་མ་ཡིན་པ་ལ་དམིགས་པ་ཡིད་ཀྱིས་ཕྱི་རོལ་མ་ཡིན་པ་ཉིད་རིག་པ་ཡིན་ནོ། །དེའི་ཕྱིར། བསླད་པའི་ཤེས་པས་གཟུང་བའི་དོན། །དགག་པར་ཡང་ནི་རིགས་པ་ཡིན། །བཟུང་བ་ཙམ་ལ་གནོད་བྱེད་ན། །རང་གི་ཕྱོགས་ཀྱང་

འགྲུབ་མི་འགྱུར། །ཞེས་བྱ་བ་ནི་ལེགས་པར་སྨྲས་པ་མ་ཡིན་ཏེ། དམིགས་པ་མེད་པར་དེ་ཉིད་དུ་དམིགས་པའི་བློ་རྣམས་ཀྱི་ཤེས་པ་ཉིད་དམིགས་པ་མེད་པ་ཉིད་དུ་མ་ངེས་པ་ཡིན་ཏེ། དེ་རྣམས་དམིགས་བཅས་ཉིད་ཡིན་ནའང་། །དེ་དག་གིས་ནི་མ་ངེས་འགྱུར། །ཞེས་ཟེར་བ་ནི་གལ་ཏེ་དམིགས་

Vol. 181 · folio 133b

པ་མེད་པ་ཉིད་ཅེས་བྱ་བའོ། །སད་པའི་བློ་དམིགས་པ་དང་བཅས་པ་ཉིད་ཡིན་ན་ཅིག་ཤོས་དམིགས་པ་དང་བཅས་པ་ཉིད་དུ་ཐལ་བར་འགྱུར་བཞིན་དུ་འདི་ཡང་དེ་ལྟར་འགྱུར་བ་ནི་མ་ཡིན་ནོ། །རང་གི་ཆ་ལ་ངེས་པ་གནོད་པར་བྱེད་པའི་མངོན་སུམ་གྱིས་རྗེས་སུ་གཟུང་བའི་ཤེས་པ་དམིགས་པ་དང་བཅས་པ་ཉིད་

ཡིན་ནོ། །གཞན་ཡང་དེ་ལྟ་ནི་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། ཐམས་ཅད་སྒྲུབ་པར་བྱེད་པའི་བློ། །གལ་ཏེ་འཁྲུལ་འདོད་དེ་ཡི་ཕྱིར། །ཇི་ལྟར་འདོད་བཞིན་ཀུན་མེད་པའམ། །མ་ཚང་ལ་སོགས་ཐལ་བར་འགྱུར། །

ཞེས་བྱ་བའི་དོན་ཏོ། །མངོན་སུམ་གྱིས་གྲུབ་པ་ལ་ཡང་འདི་དེ་ཚད་མ་ཡིན་ཏེ། ལྟོས་པ་མེད་པའི་ཕྱིར་ཞེས་སྨྲ་བ་པོས་གཞན་དག་ལ་སྨྲ་བ་ནི་དེ་ལྟ་བུའི་ཐ་སྙད་ཡིན་པས་ཚད་མར་བརྗོད་པ་དེས་དོན་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་ཟེར་བ་ལ། འདི་ཐ་དད་པ་ཞེས་བྱ་བ་སྨོས་ཏེ། ཐ་དད་པ་ནི་རང་ལས་སོ། །དམིགས་

པ་མེད་པ་ཉིད་ཀྱི་ཐ་སྙད་ལ་ཚད་མར་ཐ་སྙད་འདོགས་པའི་རྒྱུ་མཚན་བསྟན་པ་ནི། གཞན་ལས་ཞེས་བྱ་བའོ། །ཐ་སྙད་ཀྱི་ངོ་བོའི་བློ་ཡང་བདག་ཅག་གི་ནི་ཡུལ་ལ་དམིགས་པ་ཉིད་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་དེ་ཡི་རང་བཞིན་ཞེས་བྱ་བའོ། །ཁོ་བོ་ཅག་གི་ཡང་མི་བསླུ་བ་ལས་དེ་ལྟ་བུའི་ཐ་སྙད་ཡིན་གྱི་

དམིགས་པ་ཉིད་ལས་མ་ཡིན་པར་བསྟན་པ་ནི། དེ་ལ་མི་བསླུ་བའི་ཕྱིར་རོ་ཞེས་བྱ་བ་སྟེ། ཇི་ལྟར་འདོད་པ་དང་ཕྲད་པ་ནི་མི་བསླུ་བ་ཡིན་གྱི་དམིགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམིགས་པ་མེད་པར་ཡང་དེ་ལ་དམིགས་པ་ཅན་གྱི་བློ་ཡིན་ལ། དེ་ཉིད་ཀྱི་ཕྱིར་རིག་པར་བྱ་བ་དང་རིག་པར་བྱེད་པའི་

རྣམ་པ་འདི་ལ་མེད་དོ་ཞེས་བྱ་བ་ནི་གནས་སྐབས་ཀྱི་རྗེས་སུ་དཔག་པ་ལ་དགོས་པ་མ་ཡིན་པར་བསྟན་པ་ནི། རིག་བྱ་བའི་དངོས་པོ་མེད་པ་ཁོ་ནར་ཞེས་བྱ་བའོ། །རིག་པར་བྱ་བ་མེད་ཀྱང་རིག་པར་བྱེད་པ་ནི་རིག་པར་བྱེད་པ་ཁོ་ན་ཡིན་པར་བསྟན་པ་ནི་རིག་པར་བྱེད་པ་ལྟ་བུའི་རྣམ་པ་གང་ལ་ཡོད་པ་དེ་ནི་རིག་པར་

བྱེད་པའི་རྣམ་པ་ཡིན་ནོ། །རིག་པར་བྱེད་པ་མེད་ན་དེ་དང་འདྲ་བ་ཇི་ལྟར་ཡིན་ཞེས་ཟེར་བ་ལ། འཁྲུལ་པས་ཞེས་བྱ་བ་སྟེ། ཐོག་མ་མེད་པའི་འཁྲུལ་པ་བག་ཆགས་ཀྱིས་སྒྲོ་བཏགས་པའི་རིག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་དེ་ཉིད་ལ་ཚད་མ་ཡིན་པའོ། །དེའི་ཕྱིར་མངོན་སུམ་ལ་

Vol. 181 · folio 134a

སོགས་པའི་ཡུལ་ཕྱི་རོལ་ཁོ་ནར་གནས་པ་ཡིན། དེ་དགག་བྱས་པ་དེ་ཡི་ཕྱིར། །དེ་དག་ཕྱོགས་ལ་གནོད་པར་འགྱུར། །འོན་ཏེ་འདི་ནི་ཤེས་པའམ། །ལས་དང་ཡོད་པ་སོགས་ཡོད་འགྱུར། །ཞེས་བྱ་བ་ལ་སོགས་པ་བསལ་བ་ཡིན་པར་བསྟན་པ་ནི། དམིགས་པ་དང་བཅས་པ་ཉིད་ནི་

ཞེས་བྱ་བ་སྟེ་དངོས་སུ་བའོ། །བདེ་བའི་དུས་སུ་དཀར་པོ་ལ་སོགས་པ་དམིགས་པ་ཁོ་ན་མ་ཡིན་ནམ་ཞེས་ཟེར་བ་ལ་ཐོབ་པར་བྱ་བའི་རང་བཞིན་ཞེས་བྱ་བ་སྨོས་སོ། །ཐོབ་པར་བྱ་བ་ནི་འཇུག་པའི་ཡུལ་ཏེ་དམིགས་པ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ཏེ། །ཐོབ་པ་ལ་འཇུག་པ་མེད་པའི་ཕྱིར་རོ། །སྣང་བ་ནི་རྟོགས་

པ་སྟེ་ཐོབ་པ་ཉིད་དོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་དུས་མཚུངས་ནའོ། །ཡང་དང་ཡང་ཞེས་བྱ་བ་ནི་གླང་པོ་ཆེའི་ཞེས་བྱ་བ་ལ་སོགས་པའི་ཤེས་པ་བཟུང་བའི་དོན་དུའོ། །ཇི་ལྟར་ཞེ་ན་ཐོབ་པའི་ཕྱིར་རོ། །ཡུལ་དུ་མ་བྱས་པ་ལ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ལ་འགྱུར་རོ་ཞེས་ཟེར་བ་ལ། རྒྱུ་དང་

འབྲས་བུའི་དངོས་པོ་འདི་ཞེས་བྱ་བའོ། །འབྲས་བུའམ་རྒྱུ་ཡང་མཐོང་ནས་ངེས་པ་ནི་མ་གོམས་པ་ན་རང་གི་རྒྱུའི་ནུས་པ་ཉིད་ཀྱིས་དེ་ལྟར་ངེས་པའི་རྒྱུ་དེའི་བག་ཆགས་དང་གོམས་པས་ཀྱང་ངེས་པ་ཁོ་ན་བྱེད་པ་ཡིན་ཏེ། ཤེས་པ་གཞན་ཡིན་པའི་ཕྱིར་རང་གི་ངོ་བོའི་ཤེས་པ་ཙམ་ལས་ཐོབ་པའི་ཤེས་

པ་ཡང་མ་ཡིན་ཏེ། འཇུག་པའི་དོན་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །རིག་པར་བྱ་བ་དང་རིག་པར་བྱེད་པའི་རྣམ་པ་འདི་ལ་མེད་དོ་ཞེས་བྱ་བ་ཡང་སྔ་མ་དང་ཕྱི་མ་དང་དེའི་ཚེ་ཡང་རིག་པར་བྱེད་པ་པོའི་རིག་པ་མེད་པ་ལ་ཐ་དད་པ་ལ་སོགས་པ་མེད་པར་བརྗོད་པ་ཡིན་པར་བསྟན་པ་ནི། ཡང་ན་

ཞེས་བྱ་བའོ། །ཐོབ་པར་བྱ་བའི་དོན་བྱེད་པའི་མཐའི་སྐད་ཅིག་ནི་དོན་བྱེད་པར་རིག་པའི་དུས་སུ་གཏོགས་པའི་ངོ་བོ་ཡང་བྱེད་པ་པོ་ཡོད་པ་ཡིན་པར་ཁྱད་པར་མེད་པའི་ཕྱིར་ཞེས་བསྟན་པ་ནི་དུས་མཉམ་པ་ཡང་ཞེས་བྱ་བའོ། །འདི་ལྟར་བརྗོད་པའི་མཚུངས་པ་ནི་སད་པའི་ཤེས་པ་ལ་ཡང་ངོ་། །རྣམ་པར་

ཕྱེ་བའི་མཚན་ཉིད་ནི་རྨི་ལམ་དང་ཅིག་ཤོས་ཚད་མ་དང་ཅིག་ཤོས་ལ་སོགས་པས་སོ། །དེ་ལྟར་རྣམ་པར་ཕྱེ་བ་ཡང་རིག་བྱ་མ་ཡིན་པ་ལ་སོགས་པའི་རྣམ་པ་ཅི་ལས་ཤེས་ཞེས་ཟེར་བ་ལ། བཟུང་བ་དང་ཞེས་བྱ་བ་སྨོས་སོ། །བསླད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་ནི་འདིར་གྲུབ་པ་ལ་དེ་རྒྱུ་ཉིད་ཡིན་ནོ། །དེ་

Vol. 181 · folio 134b

ལྟ་ཡིན་དང་རྨི་ལམ་དང་ཅིག་ཤོས་ལ་སོགས་པའི་གཟུང་བ་ལ་སོགས་པ་བདེ་བ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ལ། དེས་ན་ཞེས་བྱ་བ་སྨོས་སོ། །གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་ཙམ་འབའ་ཞིག་ནི་མ་ཡིན་གྱི་རྨི་ལམ་དང་ཅིག་ཤོས་ལ་སོགས་པ་ཡང་ཡིན་ནོ། །ཅི་ལས་ཤེ་ན་རང་གི་ངོ་བོ་ཙམ་ཞེས་

བྱ་བ་སྨོས་སོ། །གཞན་ཞེས་བྱ་བ་ནི་རྨི་ལམ་ལ་སོགས་པ་ཡང་ངོ་། །སྔོན་གྱི་འཕེན་པ་ནི་དེའི་བག་ཆགས་ཀྱིས་སོ། །དེ་ལས་ནི་རྣམ་པར་རྟོག་པ་ལས་སོ། །དེ་ལྟར་ནི་སད་པ་དང་རྨི་ལམ་ལ་སོགས་པས་སོ། །དེ་ནི་འདི་ལྟར་རང་གི་ས་བོན་ཡོངས་སུ་སྨིན་པ་ལས་བྱུང་བའི་རྣམ་པར་རྟོག་པ་

ལས་ཚད་མ་ལ་སོགས་པ་ཉིད་ཕྱི་རོལ་དང་ཅིག་ཤོས་ལ་སོགས་པ་མེད་ཀྱང་ངོ་། །དེའི་ཕྱིར་དོན་གྱིས་སྟོང་པའི་བློ་རྣམས་ཀྱི་དངོས་པོ་མེད་པ་ཉིད་ལ་ཚད་མ་མ་ཡིན་པ་ཉིད་དང་། བསོད་ནམས་དང་སྡིག་པ་ལ་སོགས་པ་དང་། དེའི་འབྲས་བུ་ལ་སོགས་པ་ཐམས་ཅད་བསྟན་པ་ཡིན་ཏེ། དེ་ལྟ་བུའི་

ངོ་བོ་ལ་རང་རིག་པར་བྱ་བ་དང་ཅིག་ཤོས་ཉིད་དུ་ཉམས་སུ་མྱོང་བ་མེད་པའི་ཕྱིར་ཏེ། ཕྱི་རོལ་ཉིད་དུ་ཞེན་པས་སྣང་བ་མ་ཡིན་པའི་ཕྱིར་དང་མངོན་དུ་སེམས་པ་ཙམ་གྱི་བྱེད་པ་ཡིན་པར་ཐ་མི་དད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ཡང་རང་གིས་ཞེས་བྱ་བ་ནི་ངོ་བོར་མི་རྟོགས་པས་གཞན་ལས་ཁྱད་པར་མེད་

པའི་ཕྱིར་རོ། །དེའི་ཕྱིར་རང་རིག་པ་ལས་དེ་ཉིད་ཅེས་བྱ་བའི་དོན་ཉིད་དོ། །དེ་བཤད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེས་མ་རྟོགས་པ་མི་གཞན་གྱིས་རིག་པའི་ཕྱིར་མེད་པར་མི་འགྱུར་བ་ཞེས་ཟེར་བ་ལ། གཞན་ཞེས་བྱ་བ་སྨོས་སོ། །དེས་ནི་གཞན་གྱིས་སོ། །དེ་ལས་ཀྱང་གཞན་གྱིས་རིག་པ་ཡིན་ཞེ་ན་

གཞན་གྱིས་ཞེས་བྱ་བ་སྨོས་སོ། །སྤྱིའི་ཞེས་བྱ་བ་ནི་འདྲ་བ་ཉིད་དེ། འདྲ་བའི་བདག་ཉིད་ཀྱིས་སོ། །དེའི་ཡུལ་རྗེས་སུ་དཔག་པ་མ་ཡིན་ཞིང་འདྲ་བའི་ཡུལ་ཅན་དུ་མཐོང་བར་བསྟན་པ་ནི། ཇི་སྤུ་ལྡང་ཞེས་བྱ་བའོ། །ཡུལ་ནི་ལུས་སོ། །གཅིག་ཉིད་ལ་ཞེས་བྱ་བ་ནི་རྗེས་སུ་དཔག་པས་གྲུབ་པ་

ལའོ། །དེ་གཉིས་ལས་ཞེས་བྱ་བ་ནི་ཡུལ་ཐ་དད་པ་ཉིད་ལས་སོ། །ཅིས་མ་ཡིན་ཞེས་བྱ་བ་ནི་ཐ་དད་པ་ཞེས་བྱ་བ་དང་སྦྱར་རོ། །འབྲས་བུ་ཐ་དད་པ་ལས་འཛིན་བྱེད་ཐ་དད་པ་ཡིན་ལ། དེས་བཟུང་བ་བསྟན་པ་ཡིན་པར་བསྟན་པ་ནི། སྤུ་ལྡང་ལ་སོགས་ཞེས་བྱ་བའོ། །བ་སྤུ་ལྡང་བ་ལ་སོགས་པ་

Vol. 181 · folio 135a

ཐ་མི་དད་པ་ལས་བཟུང་བ་ཐ་མི་དད་པ་ཡིན་ན་འཛིན་བྱེད་ཀྱང་ཐ་དད་པར་མི་འགྱུར་བར་བསྟན་པ་ནི། གལ་ཏེ་སྤུ་ལྡང་ལ་སོགས་ཀྱང་ཞེས་བྱ་བ་སྟེ། བདེ་བ་ལ་སོགས་པ་བཞིན་དུའམ། བ་སྤུ་ལྡང་བ་ལ་སོགས་པ་ཡང་རྟགས་སུ་དབྱེ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རང་

རིག་པའི་ཁོངས་སུ་གཏོགས་པ་ལས་ཀྱང་བ་སྤུ་ལྡང་བ་ལ་སོགས་པ་ནི་རང་གི་བདེ་བ་མེད་ཀྱང་ཡོད་པའི་ཕྱིར། གཞན་གྱི་བདེ་བའི་ཁྱད་པར་རྟོགས་པ་བཞིན་དུ་གཞན་གྱི་རིག་བྱའི་ཁྱད་པར་རྟོགས་པ་ཡིན་པར་ཟེར་བ་ལ། གལ་ཏེ་ཁོ་བོའི་ཞེས་བྱ་བ་སྨོས་སོ། །གཉི་ག་དུས་གཅིག་ཏུ་རིག་བྱ་

ཡིན་ལ། དུས་ཐ་དད་པ་ལ་ནི་ཐ་དད་པ་ཡིན་ཏེ། གཅིག་རིག་པ་མ་ཡིན་ཡང་རིག་པ་ཡིན་པར་ཟེར་བ་ནི། གལ་ཏེ་དེར་ཡང་ཞེས་བྱ་བ་སྨོས་སོ། །དུས་ཐ་དད་པ་མ་ཡིན་པ་བཞིན་དུ་ཐ་དད་པ་ལ་ཡང་རྟགས་ཐ་མི་དད་པས་ཐ་མི་དད་པ་ནི་དུས་ཐ་དད་པས་བསྒྲིབས་པ་མ་ཡིན་པར་བསྟན་པ་ནི། ངོ་བོ་

ཉིད་ཀྱིས་དབྱེར་མེད་ལ་ཞེས་བྱ་བའོ། །རྟགས་དང་དུས་དག་ཐ་མི་དད་པ་དང་ཐ་དད་པ་དག་གིས་གཉི་གའི་བདག་གཅིག་ཡིན་ནོ་ཞེས་ཟེར་བ་ནི། དེར་ཡང་ཐ་དད་མེད་པའང་ཡིན། །ཞེས་བྱ་བའོ། །གཅིག་གི་ཚེ་ཉིད་དུས་ཐ་མི་དད་པ་ཉིད་ཡིན་ཡང་མངོན་སུམ་ཉིད་ཡིན་ཏེ། དེ་ཉིད་ཡོད་པའི་ཕྱིར་རོ་

ཞེས་བསྟན་པ་ནི། དེ་ནི་ལྐོག་གྱུར་ཞེས་བྱ་བ་སྟེ། དེའི་ཚེ་ཡང་གཉི་ག་རིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྟགས་ཐ་མི་དད་པ་ནི་སྔ་ན་ཡང་ཐ་མི་དད་པ་ཡིན་ན་མངོན་སུམ་དང་འགལ་བར་བསྟན་པ་ནི། རིག་པ་ཞེས་བྱ་བའོ། །ལྐོག་ཏུ་གྱུར་པ་ཡིན་ཞེས་བྱ་བ་ནི་བཤད་ཟིན་ཏོ། །གལ་ཏེ་ཞེས་བྱ་བ་དང་

རིག་པ་ཞེས་བྱ་བ་ནི་ཕན་ཚུན་དུའོ། །གཉི་ག་ཅིག་ཅར་སྣང་བ་ན་མངོན་སུམ་གྱི་རིག་བྱ་གཅིག་ཡིན་གྱི་ཕན་ཚུན་སྤངས་པ་མ་ཡིན་ནམ་ཞེས་ཟེར་བ་ནི། གལ་ཏེ་ཐུན་མོང་བཞིན་དུ་ཞེས་བྱ་བ་སྟེ། རྟོགས་ནས་ངེས་པ་ལ་སྔོན་པོ་བཞིན་དུ་ཐེ་ཚོམ་མ་ཡིན་ཞེས་བྱ་བའི་དོན་ཏོ། །ཚད་མ་གཞན་གྱིས་ནི་

ཚིག་ལ་སོགས་པས་སོ། །རང་གི་སྣང་བ་ཉིད་ནི་ཉན་པ་པོའི་འོ། །ཐུན་མོང་བ་ཉིད་ཀྱི་ཉན་པ་པོའི་ཚིག་ལ་སོགས་པའི་རྟོགས་པ་ནི་སྨྲ་བ་པོ་ཡིར་ཡང་འགྱུར་ལ། དེ་བཞིན་དུ་ཉན་པ་པོའི་ཤེས་པ་སྔོན་དུ་འགྲོ་བའི་ཚིག་ལས་སྨྲ་བ་པོ་ཤེས་པ་སྔོན་དུ་འགྲོ་བའི་ཚིག་ལ་དེ་ལས་ཀྱང་འདིའི་ཡིན་པར་ཟེར་

Vol. 181 · folio 135b

བ་ནི། དེས་ཀྱང་ཞེས་བྱ་བ་སྟེ། སྨྲ་བ་པོས་ཀྱང་ངོ་། །ཕན་ཚུན་བསྟེན་པ་ཡིན་པར་བསྟན་པ་ནི་མངོན་སུམ་གྱིས་ཞེས་བྱ་བའོ། །མངོན་སུམ་གྱིས་ངེས་པ་ལ་ཡང་ཚིག་ལ་དགོས་པ་མེད་པར་བསྟན་པ་ནི། མངོན་སུམ་གྱིས་ཞེས་བྱ་བའོ། །མངོན་སུམ་གྱིས་མ་རྟོགས་པ་ལ་ཚིག་ཡིན་པར་བསྟན་ཏེ།

འདིའི་ཚད་མ་ཉིད་ནི་ཚིག་ལ་ངེས་པའི་ཕྱིར་དང་། གཞན་དུ་ངེས་པ་མ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། གཞན་ཡང་མངོན་སུམ་ཞེས་བྱ་བའོ། །རྒོལ་བ་གཞན་ལ་ཕྱི་མ་དང་ཕྱི་མ་ཐམས་ཅད་དུ་བསྡུས་པ་ནི་མ་ཡིན་ནོ། །རེ་རེ་ཞིང་ཚད་མ་མ་ཡིན་པ་ནི་བསྡོམས་ཀྱང་ཚད་མ་ཉིད་མ་ཡིན་པར་

བསྟན་པ་ནི། རབ་རིབ་ཅན་གཉིས་ཞེས་བྱ་བའོ། །ཤེས་པ་ཉིད་ཡིན་པས་ཞེས་བྱ་བ་ནི་རིག་པར་བྱ་བ་མ་ཡིན་པའི་སྔོན་པོ་ལ་སོགས་པ་རིག་པར་བྱེད་པ་བཞིན་དུ་རྣམ་པ་གང་གི་ཡིན་པ་དེ་བློ་ཡིན་ལ། དེར་ཡང་མངོན་པར་སེམས་པ་ལས་མ་གཏོགས་པར་བློའི་ངོ་བོ་རྟོགས་བྱ་དང་བྲལ་བ་

ཡིན་ནོ། །དེ་ཁོ་ན་ལྟར་ནི་མངོན་པར་སེམས་པ་ཇི་ལྟ་བའོ། །དེ་ཉིད་ལ་ཞེས་བྱ་བ་ནི་རིག་པ་གཞན་དོན་མེད་པའི་ངོ་བོར་བྱེད་པའི་ཕྱིར་རོ། །དོན་མྱོང་བ་ཡོད་པ་མ་ཡིན་པ་ནི་ཕྱི་རོལ་གྱིའོ། །སྨྲས་པ་གང་ཡིན་པ་ཞེས་བྱ་བ་ནི། ཁྱེད་ཀྱིས་གཟུང་དང་འཛིན་པ་དག །གཅིག་པར་འདོད་པ་འདི་

མིན་ཏེ། །དེ་ལྟའི་བདག་ཉིད་གཅིག་ཉིད་ན། །ཁྱོད་ལ་དཔེ་ནི་འགའ་ཡང་མེད། །ཅེས་བྱ་བའོ། །བཟློག་པ་མེད་པ་ནི་བཟུང་བ་དང་འཛིན་པའི་ངོ་བོ་དབྱེ་བ་མེད་པ་ལའོ། །དེའི་ཕྱིར་ཞེས་བྱ་བ་ནི་གལ་ཏེ་རང་གི་ཆ་གཟུང་བ་གསལ་བར་བཟློག་ནུས་པ་དེའི་ཚེ་གཟུང་བ་བཟློག་པའི་ཁྱེད་ཀྱི་ཕྱོགས་

དགག་པ་ཡིན་ནོ་ཞེས་བཤད་པ་ཡིན་ལ་ཕྱོགས་དེ་ནི་ཞེས་བྱ་བ་ནི། མངོན་སུམ་ལ་སོགས་པ་ཡི་ཡུལ། །ཕྱི་རོལ་ཉིད་དུ་གནས་པ་ཡིན། །དེ་དགག་བྱས་པ་དེ་ཡི་ཕྱིར། །དེ་དག་གི་ཕྱོགས་ལ་གནོད་འགྱུར། །ཞེས་བྱ་བའོ། །ཤིན་ཏུ་ངེས་པས་དེ་དག་ལ། །གནོད་པའི་ཤེས་པ་མེད་པ་ན། །

ཚད་མ་ལྟར་སྣང་ཉིད་ཡོད་མིན། །དེ་ཕྱིར་སྟོབས་ནི་བརྗོད་པ་ཡིན། །ཞེས་ཟེར་བ་ནི་ཤིན་དུ་རྣམ་པར་ངེས་པའི་ཕྱིར་ཞེས་བྱ་བའོ། །སད་པའི་བློ་ནི་ཀ་བའོ་ཞེས་བྱ་བའམ། རྩིག་པའོ་ཞེས་བྱ་བར་ཤིན་ཏུ་ངེས་པ་ནི་ཇི་ལྟར་ཕྱིན་ཅི་ལོག་པར་འགྱུར་རོ་ཞེས་ཤིན་ཏུ་རྣམ་པར་ངེས་པ་སྨོས་པས་སོ། །

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words