ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད

Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 181 · folio 213a

ནི་འོན་ཏེ་དང་པོ་ཞེས་བྱ་བའོ། །རྒྱས་པ་མ་ཡིན་པའི་སྒྲ་འབྱུང་བའི་དུས་སུ་ཆ་ཙམ་ཡོད་པས་སྔ་མ་ནི་ཕྱི་མའི་ཚེ་འཕེལ་བ་ཡིན་ལ་སྔ་མའི་ངོ་བོ་ཡང་འཕེལ་བ་ཡིན་པ་དེ་ལྟ་ན་ཐུག་པ་མེད་དོ། །སྔ་མའམ་མཐའི་བླ་ནི་ཡུལ་ལོག་པ་ཡིན་ཡང་མི་ལྡོག་པ་དེའི་ཕྱིར་རིང་བའི་བློ་ཡིན་ནོ་

ཞེས་ཟེར་བ་ལ་རང་ཉིད་གནས་ན་ཞེས་བྱ་བའོ། །ཁྱད་པར་མེད་ཕྱིར་ཞེས་བྱ་བ་ནི་ཡུལ་མེད་པར་རོ། །ཡུལ་འཛིན་པའི་བྱ་བ་མེད་ཀྱང་བྱ་བ་དང་ལྡན་པ་མེད་པ་ནི་མ་ཡིན་ནོ། །དེའི་ཚེ་ཞེས་བྱ་བ་ནི་འཛིན་པ་མ་གཏོགས་པ་དེ་དང་ལྡན་པའི་འཛིན་པ་ཙམ་མ་མཚོན་པའི་ཕྱིར་རོ། །བདག་གོ་ཞེས་བྱ་བའི་རང་རིག་

པའི་དབྱེ་བ་མེད་པ་ཉེ་བར་མཚོན་པའི་ཕྱིར་རོ་ཞེས་དགོངས་པའོ། །རྣམ་པར་དབྱེ་བ་ནི་ལན་ཅིག་སྐྱེས་པའི་མངོན་སུམ་གྱི་བློ་གནས་པ་བཞིན་དུ་ཡི་གེ་གནས་ན་ཡང་མི་འཇིག་པའི་སྐྱོན་དུ་འགྱུར་བར་བསྟན་པ་ནི་ཡི་གེ་རིམ་མེད་ཅེས་བྱ་བའོ། །རྟག་པར་སྨྲ་བ་ལ་ལན་ཅིག་སྐྱེས་པ་གནས་པ་ལ་ནི་མི་གནས་

པས་ཁྱབ་པའི་ཕྱིས་ཀྱི་འབད་རྩོལ་ལ་ལྟོས་པ་ཉིད་ནི་འགོལ་བ་ཁྱབ་པ་ཡིན་པར་བསྟན་པ་ནི་ལན་ཅིག་རྩལ་སྐྱེས་ཞེས་བྱ་བའོ། །གཞན་ཞེས་བྱ་བ་ནི་ཕྱི་མ་སྟེ་མིག་ལ་སོགས་པའམ་རྐན་ལ་སོགས་པའོ། །གློག་ལ་སོགས་པ་སྐད་ཅིག་མའི་སྣང་བ་ནི་གསལ་བའི་ངོ་བོ་ལས་ཐ་དད་པ་ཉིད་ཡིན་ཏེ་སྣང་བ་ཐ་

དད་པའི་ཕྱིར་ཞེས་བསྟན་པ་ནི་ཡི་གེ་རྣམས་ནི་ཞེས་བྱ་བའོ། །འདི་ནི་འབད་པ་ཕྱི་མ་དོན་མེད་པའི་སྐྱོན་ཡིན་ནོ། །རིམ་གྱིས་སྐྱེས་པའི་བློ་དུ་མས་བཟུང་བ་ཡང་རིང་བ་ཉིད་མ་ཡིན་ཏེ་བློའི་འཛིན་པ་ནི་ཤེས་བྱ་འཛིན་པ་ཡིན་གྱི་མཐའི་ཁོ་ནའི་འཛིན་པ་མ་ཡིན་ཏེ། གཞན་ནི་བར་དུ་མ་ཆོད་པར་སྐྱེ་བས་འགྲེལ་པ་ཉིད་ཀྱིས་འཛིན་པ་

མི་སྲིད་པའི་ཕྱིར་རོ་ཞེས་བསྟན་པ་ནི་དུ་མ་ཡིས་ནི་ཞེས་བྱ་བའོ། །གང་གི་ཕྱིར་སྐད་ཅིག་མས་མ་ཡིན་ཞིང་གཞན་གྱིས་མ་ཡིན་ལ། སྔ་མས་མ་ཡིན་ཞིང་མཐའ་ཡིས་མ་ཡིན་ལ། ཐམས་ཅད་ཀྱིས་ཀྱང་རིང་པོ་འཛིན་པ་མ་ཡིན་གྱི་དེའི་ཕྱིར་གཞན་གྱི་རིག་པས་དེ་དྲན་པར་མི་འགྱུར་ཞེས་བྱ་བའི་ཉེ་བར་བསྡུ་བ་ནི་དེས་ན་

ཞེས་བྱ་བའོ། །དུ་མ་ཡང་ཞེས་བྱ་བ་ནི་རིམ་གྱིས་འབྱུང་བ་ཡང་འཛིན་བྱེད་མ་ཡིན། བུམ་པ་ལ་སོགས་པའི་བློ་བཞིན་དུ་སྐད་ཅིག་རེ་རེ་ཞིང་རིག་པ་ཡིན་ཏེ། གཞན་དུ་ན་རིག་པར་བྱ་བ་མི་རིག་པའི་ཕྱིར་རོ་ཞེས་བྱ་བའི་ཕྱོགས་ལ་ཀ་དང་ཙ་དང་། ཌ་དང་ཏ་དང་པ་ལ་སོགས་པ་བཞིན་དུ་རིང་པོ་ཉིད་དུ་མི་འགྱུར་བར་

Vol. 181 · folio 213b

བསྟན་པ་ནི། བློ་རྣམས་སོ་སོ་ཐ་དད་དུ། །ཞེས་བྱ་བའོ། །འོན་ཏེ་ཆོད་པའི་དམིགས་པ་ཡང་མགལ་མེའི་འཁོར་ལོ་བཞིན་དུ་མྱུར་བ་ཉིད་ཀྱིས་སྦྱར་བ་ཡིན་ནོ་ཞེས་ཁས་ལེན་ན། བུམ་པ་ལ་སོགས་པ་ལ་ཡང་ཅིག་ཅར་དམིགས་པ་འཁྲུལ་པ་ཡིན་པར་བསྟན་པ་ནི་སྦྱོར་བར་བྱེད་པའང་ཞེས་བྱ་བའོ། །རྣམ་པར་ཆད་པ་

ལ་བར་ཆད་པ་ཐལ་ཆེས་པ་ཡིན་པར་བསྟན་པ་ནི་གལ་ཏེ་ཆད་པ་ཞེས་བྱ་བའོ། །འདིར་ནི་ཞེས་བྱ་བ་ནི་རིང་པོར་འཛིན་པ་ལའོ། །ཆད་པར་སྣང་བས་མ་ཆད་པར་སྣང་བ་ལ་གནོད་པ་ནི་མ་ཆད་པར་མཐོང་བར་མངོན་པར་འདོད་པའི་གཟུགས་ལ་སོགས་པ་ལ་ཡང་ཐལ་ཆེས་པ་ཡིན་པར་བསྟན་པ་ནི་དབང་པོས་རྣམ་ཆད་ཅེས་བྱ་བའོ། །

ཡང་ན་སྐྱོན་མེད་པའི་དབང་པོ་ཉིད་ལས་ཆད་པར་མཐོང་བ་ལ་དབང་པོ་ཉིད་ལས་མ་ཆད་པར་མཐོང་བའི་ཕྱིར་ཕན་ཚུན་གནོད་པ་ན་ཕྱིན་ཅི་ལོག་པ་སྟེ་མི་བདེན་པ་ཉིད་མ་ཆད་པ་དང་ཅིག་ཤོས་ཀྱི་སྣང་བ་དང་། གཞན་ཡང་མ་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །སྒྲོ་འདོགས་ཞེས་བྱ་བ་ནི་

འཁྲུལ་པའོ། །ཐམས་ཅད་ཅེས་བྱ་བ་ནི་རྣམ་པར་ཆད་པར་མཐོང་བའོ། །གང་ཡང་རུང་བ་ཉིད་མཐོང་བ་དེ་བདེན་པ་མ་ཡིན་ཞེས་བྱ་བ་ལ་ཡི་གེའི་བདག་ཉིད་ཅེས་བྱ་བ་སྟེ་ཐམས་ཅད་དུ་གཉི་ག་མཐོང་བ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཞེས་བྱ་བ་ནི་མིག་འཛུམས་པའོ། །རྫོགས་པ་ནི་མཐར་ཐུག་པའོ། །

རིམ་པ་ལ་ཡང་དུས་ཐ་དད་པས་རྣམ་པར་ཆད་པ་ནི་ཡིན་པར་བསྟན་པ་ནི་རྡུལ་གཅིག་འདས་དུས་ཞེས་བྱ་བའོ། །གཟུགས་དང་དེའི་བློ་དག་ལ་ཡང་རྣམ་པར་ཆད་པ་ཡིན་ཏེ། དེའི་བློའི་དུས་དང་ཡུལ་གཞན་ཉིད་ཡིན་པར་བསྟན་པ་ནི་གཟུགས་ལ་སོགས་པ་ལ་ཞེས་བྱ་བའོ། །སྐྱེ་བ་བརྟེན་པ་ཞེས་བྱ་བ་

ནི་སྐྱེ་བའི་དུས་ཀྱི་རིམ་པ་སྐྱེ་བ་ཐོབ་པ་རྣམས་ཀྱི་ཇི་ལྟར་ཡིན་ཞེས་བསམ་པར་བྱ་བ་ཡིན་ཏེ། གང་གིས་གང་དུ་ཡང་མི་འགྱུར་བའོ། །ཆད་པར་མཐོང་ན་མ་ཆད་པར་རིག་པ་ཕྱིན་ཅི་ལོག་པ་ཉིད་སྐད་ཅིག་ལ་ཐ་དད་པ་ལ་ཐ་མི་དད་པར་འཁྲུལ་པ་ཉིད་མ་ཡིན་ནམ་ཞེས་ཟེར་བ་ལ་དབང་པོའི་འཁྲུལ་པ་ལས་ཞེས་

བྱ་བའོ། །ཐ་དད་མཚོན་མེད་ཀྱིས་ཞེས་བྱ་བ་ནི་འདྲ་བར་མཐོང་བ་ལ་སོགས་པས་སོ། །དེ་ཐ་དད་པར་མཐོང་བ་དང་སྟོབས་མཚུངས་པ་ཉིད་ནི་རྟོགས་པ་ཉིད་ཀྱིས་ཡིན་གྱི། མངོན་སུམ་ཡིན་པར་བསྟན་པ་ནི། །ཞེས་བྱ་བའོ། །ཡིད་ཀྱི་བཞིན་དུ་གསལ་བར་སྣང་བ་ཡང་བརྗོད་པ་དང་འབྲེལ་པ་ཅན་མ་ཡིན་

Vol. 181 · folio 214a

ནམ་ཞེས་ཟེར་བ་ལ། དབང་པོས་བཟུང་བ་ཞེས་བྱ་བ་སྟེ་ཡིད་ཀྱི་ལ་ཡང་མངོན་སུམ་གྱི་ངོ་བོ་སྒྲ་ལ་རུང་བ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །སྐད་ཅིག་མ་ཐ་དད་པ་ཉིད་བཞིན་དུ་ཕྱི་མོ་མང་པོ་རྣམ་པར་ཆད་པར་མཐོང་བ་རྣམ་པར་རྟོག་པས་སྦྱོར་བར་བྱེད་པ་ཡིན་ནོ་སྙམ་དུ་སེམས་

པ་ནི་ཆོད་པ་མཐོང་བ་ཞེས་བྱ་བའོ། །བདེན་ཏེ་ཆད་པ་མཐོང་བ་ལ་རིམ་པར་སྣང་བ་ལ་ཆད་པར་རྟོག་པ་འཁྲུལ་པར་བྱེད་པ་ཡིན་གྱི་མ་ཆད་པར་མཐོང་བའི་ཤེས་བྱ་དང་དེའི་ཤེས་པ་ལ་ནི་མ་ཡིན་ཏེ་རིམ་པ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་དོན་དང་ཞེས་བྱ་བའོ། །དོན་སྣང་བ་དང་དེའི་སྣང་བ་ཡང་རྟག་ཏུ་མ་ཆད་པ་དེ་དག་ཆད་

པ་ལ་གནོད་པར་བྱེད་པ་སྟེ། རིགས་པ་དང་བཅས་པས་གནས་པ་ནི་དམ་པ་ཡང་འདི་ཡིན་ནོ་ཞེས་བྱ་བ་ནི་གཞན་ནོ། །དེ་ལ་མ་ཆད་པར་སྣང་བ་ནི་རྒྱུའི་སྐྱོན་འཛིན་པ་ལ་གཞན་དུ་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གཟུགས་དང་དེའི་རིག་པའི་སྣང་བ་དག་ལ་ཡང་རང་རིག་པ་མ་ཡིན་པར་རྗེས་སུ་དཔག་པའི་

རིམ་པ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་ཞེས་བྱ་བའོ། །བློའི་ནུས་པ་ལས་ནི་གཞན་གྱི་རིག་པ་ཉིད་དུ་ཡིན་གྱི། རང་གི་རིག་པ་ལ་མ་ཡིན་ཏེ་གཞན་དག་ཅིག་ཅར་བ་མི་སྲིད་པའི་ཕྱིར་རོ། །གསལ་བར་བྱེད་པ་ཉིད་ནི་ཕྱི་རོལ་གྱི་དོན་ལ་ཡིན་གྱི། ནུས་པ་མེད་པའི་ཕྱིར་རང་ཉིད་ལ་ནི་མ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་ངེས་པའོ། །

གང་ལས་ཞེས་བྱ་བ་ནི་དོན་རིག་པ་རིག་པས་གཉི་ག་རིག་པའི་བློ་མཐོང་བའི་ཕྱིར་ཏེ། །དོན་གྱི་བློ་དང་དེའི་བློ་མཐོང་བ་མེད་པའི་ཕྱིར་རོ། །གཟུགས་ཉམས་སུ་མྱོང་བ་མ་རིག་ན་ཐམས་ཅད་མ་དམིགས་པ་ཐོབ་པ་ཡིན་པར་བསྟན་པ་ནི་དེ་ཉིད་འདི་ཞེས་བྱ་བའོ། །ཅིག་ཅར་བ་བཞིན་དུ་མི་མཐོང་བའི་ཕྱིར་མཐོང་བ་ཉིད་

རྣམ་པར་ཆད་པ་སྐྱེ་བ་མ་ཡིན་པར་བསྟན་པ་ནི་འོ་ན་ནི་རྣམ་པ་ཞེས་བྱ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་ཅིག་ཅར་བ་འགའ་ཞིག་ལ་མ་ཡིན་ནོ། །དེའི་ཞེས་བྱ་བ་ནི་མཐོང་བ་རྣམ་པར་གཅད་པ་ལའོ། །བློ་ནི་རྣམ་ཆད་སྐྱེ་བ་དག་གི་འབྲེལ་པ་ཅན་མེད་པའོ། །ཅིག་ཅར་ལ་ཞེས་བྱ་བ་ནི་ཅིག་ཅར་བའི་འབྲེལ་པ་ཅན་ལའོ། །

རྣམ་པར་མ་ཆད་པར་མཐོང་བའི་ཕྱིར་ཞེས་བྱ་བ་ནི་རིགས་མི་མཐུན་པའི་བློ་རྣམས་ཀྱིའོ། །ཅིག་ཅར་སྐྱེ་བ་ཞེས་བྱ་བ་ནི་གཟུགས་ཀྱི་ཤེས་པ་དང་དེའི་ཤེས་པ་དག་གོ། །འོན་ཏེ་ཅིག་ཅར་མཐོང་བའི་ཕྱིར་རིགས་མཐུན་པ་རྣམས་ལས་རིགས་མཐུན་པ་རྣམས་ཡིན་ན། རིམ་གྱིས་མཐོང་བ་ལས་རིགས་མི་མཐུན་པ་ལས་ཅིས་མི་འགྱུར་

Vol. 181 · folio 214b

ཞེས་བསྟན་པ་ནི་དེ་རྣམས་ཞེས་བྱ་བ་སྟེ་རིམ་པ་བཞིན་དུ་རིམ་པ་མ་ཡིན་པ་ཡང་རྟོགས་པས་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་རྣམས་ཞེས་བྱ་བ་ནི་རིགས་མཐུན་པ་རྣམས་ཅིག་ཅར་སྐྱེ་བ་མ་ཡིན་ནོ། །ཐམས་ཅད་ཉིད་ནི་རིགས་མི་མཐུན་པ་ཡང་ངོ་། །ཤེས་པ་ཅིག་ཅར་བ་ཉིད་ལ་ཡང་

དེའི་ཤེས་པ་ལ་སོགས་པ་ཡང་ཡིན་པས་ཐུག་པ་མེད་པའི་ཕྱིར་གཅིག་གི་ཡང་རྟོགས་པ་མ་ཡིན་ནོ། །དེ་བདག་ཉིད་བྱེད་དོན་རིག་ལ། །བདག་ཉིད་ཤེས་པར་མི་འདོད་དེ། །དེ་ཕྱིར་གསལ་བར་བྱེད་ཉིད་ལའང་། །རྟོགས་ཕྱིར་གཞན་ལ་སྡོད་པར་བྱེད། །ཅེས་བྱ་བ་འདི་ནི་རིགས་པ་མ་ཡིན་པའོ། །འདིས་

ནི་ཞེས་བྱ་བ་ནི་རྣམ་པར་ཆད་པར་ཉམས་སུ་མྱོང་བ་ལ་མ་ཆད་པར་ཉམས་སུ་མྱོང་བ་ནི་དབང་པོའི་ཉམས་སུ་མྱོང་བ་ཐམས་ཅད་དོན་མེད་པས་སོ། །རྣམ་པར་ཆད་པ་གོམས་པའི་དབང་པོའི་བྱ་བ་ལས་དང་པོ་ཉིད་དུ་ཉམས་སུ་མྱོང་བར་འདུ་བྱེད་པ་གྲོགས་སུ་གྱུར་པ་ལས། རྟོག་པ་མེད་པའམ་ཅིག་ཤོས་ཀྱང་

རུང་བ་མ་ཆད་པར་ན་འཛིན་པ་ཡིན་ཞེས་བྱ་བ་རྒྱལ་དཔོག་པའི་འདོད་པ་བསལ་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །དབང་པོ་ལས་སྐྱེས་པའི་རྣམ་པར་ཆད་པ་མཐོང་བ་ལ་དེའི་དུས་སུ་དེ་ལས་སྐྱེས་པའི་མ་ཆད་པ་ལ་དེའི་རིགས་ཏེ། རིགས་མཐུན་པའི་ནུས་པའི་ངེས་པ་འདིས་བསལ་བ་ཡང་ཡིན་ནོ། །

བསལ་བར་སྣང་བས་ཞེས་བྱ་བ་ནི་རིགས་དང་སྟོབས་མཚུངས་པ་ཉིད་དོ། །རྣམ་པར་ཆད་པས་ཉམས་སུ་མྱོང་བས་གནོད་པ་ཡང་དེ་ཡིན་ཏེ། བྲེགས་ནས་སྐྱེས་པའི་སྐྲ་ལ་སོགས་པ་ལའོ། །འདིའི་གནོད་པའི་རྒྱུ་མཚན་རབ་རིབ་བཞིན་དུ་གཞན་མ་ཡིན་པར་བསྟན་པ་ན་སྐྲ་དང་ཞེས་བྱ་བའོ། །རིགས་ནི་སྔར་

མཐོང་བ་ངོ་ཤེས་པའི་རྒྱུ་མཚན་མ་ཡིན་ཏེ། ཁྱད་པར་ཡིན་པའི་ཕྱིར་རོ། །ཁྱད་པར་ཉིད་དུ་རིགས་མིན་ནོ། །ཞེས་བྱ་བར་ནི་མུ་ཅོར་སྨྲ་བ་ཡིན་ནོ། །རྣམ་པར་ཆད་པ་རིག་པ་པོ་ལ་ནི་དེ་ལྟ་བུའི་གནོད་པར་བྱེད་པ་ཅུང་ཟད་ཀྱང་མེད་པར་བསྟན་པ་ནི་དེ་འདྲའི་བློ་ཞེས་བྱ་བའོ། །དེར་ནི་ཞེས་བྱ་ནི་སྐྲ་ལ་སོགས་པ་ལའོ། །

གལ་ཏེ་རྣམ་པར་མ་ཆད་པའི་ཤེས་པ་ཉིད་གནོད་པར་བྱེད་པའམ་སྡུད་པར་བྱེད་པར་ཅིས་མི་འགྱུར་གང་གི་ཕྱིར་དྲན་པ་དང་དབང་པོའི་མཐོང་བ་ལ་གཅིག་པར་མངོན་པར་ཤེས་པ་ཡིན་ནའོ། །མཐོང་བའི་བག་ཆགས་ལས་བྱུང་བ་དབང་པོ་ལས་སྐྱེས་པ་མ་ཡིན་པ་སྣང་བ་ལས་ཁང་པའི་ནང་དུ་

Vol. 181 · folio 215a

ཞུགས་པའི་མིག་གི་ནུས་པ་ཡོངས་སུ་སྨིན་པ་ལས་བྱུང་བ་དང་། མི་འགོར་འོངས་པ་ཙམ་གྱིས་ཇི་ལྟར་བསྒྲུན་པ་ཡིན་ཞེས་བསྟན་པ་ནི་སྔོན་མྱོང་ཞེས་བྱ་བའོ། །དེའི་ཆོས་ནི་དེ་དང་གཅིག་པ་ཉིད་དོ། །བདག་དབང་པོས་གྲོགས་བྱས་པ་ནི་དྲན་པར་བྱེད་པ་མ་ཡིན་ཏེ།

སེམས་ཅན་རེ་རེ་ཞིང་ཡུལ་མ་ཡིན་པ་ལ་དེ་ལྟར་གྲོགས་མ་བྱས་པའི་ཕྱིར་རོ། །དབང་པོ་ལས་སྐྱེས་པ་ཉིད་མེད་ན་བདག་ལས་སྐྱེས་པ་ཉིད་མེད་པ་ཡིན་ན། བདག་ལས་སྐྱེས་པ་ཉིད་ནི་ཡིད་ཀྱི་མཐུའི་ཤེས་པ་ལས་ཁྱད་པར་ཡོད་པ་མ་ཡིན་ཏེ། སྐྱོན་མེད་པའི་དབང་པོ་ལས་སྐྱེས་པ་ཉིད་ནི་དེ་ལས་གཞན་པ་ལས་

ཁྱད་པར་དུ་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔར་ཉིད་འཛིན་པ་ཁོ་ན་དྲན་པ་ཡིན་པར་བསྟན་པ་ནི་དྲན་པ་མེད་པར་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ན་ཞེས་བྱ་བ་ནི་ཤི་བ་ཉིད་ལང་བའི་ཆེད་དུ་དྲན་བཞིན་པ་ལ་དབང་པོའི་བྱེད་པ་ལྟོས་ནའོ། །དེ་ཉིད་དུ་ཞེས་བྱ་བ་ནི་དྲན་བཞིན་པའི་དངོས་པོའི་ངོ་བོར་རོ། །ཡུལ་

དེར་སོང་བས་ནི་དངོས་པོ་ཡོད་པའི་ཡུལ་དུ་སོང་བས་སོ། །གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ནི་ཡུལ་འདིར་སོང་བས་རུང་བའི་ཡུལ་ཉིད་མ་ཡིན་ཏེ། ཡུལ་གཞན་ཞེས་བྱ་བས་རུང་བ་མ་ཡིན་པའི་ཡུལ་ཉིད་ཡིན་པའི་ཕྱིར་རོ། །ཡུལ་དང་དུས་དེ་ལ་བཀག་པ་ཡུལ་དང་དུས་འདི་ལ་ཡིན་པར་བསྟན་པ་

ནི་ད་ལྟ་བ་ཁོ་ནའི་ཞེས་བྱ་བ་སྟེ་སྔར་མཐོང་བ་ངོ་ཤེས་པ་འཁྲུལ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ནི་རྟོགས་པ་སྟེ་གང་གིས་ཞེས་བྱ་བ་ནི་རིམ་པའོ། །མ་རྟོགས་པ་ལ་ཡང་ཞེས་བྱ་བ་ནི་མངོན་སུམ་གྱིས་སོ། །དེ་ཞེས་བྱ་བ་ནི་སྐད་ཅིག་དེ་ལ་འབྱུང་བའིའོ། །ཁྱད་པར་འདི་ཞེས་བྱ་བ་རྒོལ་བའོ། །འབྱུང་

བར་འགྱུར་བ་ཉིད་དུ་ཞེས་བྱ་བ་ནི་རྒོལ་བ་རྗེས་སུ་བརྗོད་པའོ། །འདིར་ཡང་ཞེས་བྱ་བ་ནས་ཡོད་པ་ཡིན་ཞེས་བྱ་བའི་བར་ནི་ལན་ནོ། །ཐུག་པ་མེད་པ་ཞེས་བྱ་བ་ནི་དེ་ཉིད་དུ་ཕྱིས་རྟོགས་ལ་སྔར་ཡང་ཡིན་ཏེ་དེ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་དེའི་ཚེ་མེད་ན་ཐ་དད་པར་འགྱུར་ལ་དེ་ཉིད་ན་ཕྱིས་ཡོད་པ་སྔ་ན་ཡང་ཡིན་ནོ། །དེ་

བསྟན་པ་ནི་དེ་ལས་ཡང་ཞེས་བྱ་བ་སྟེ་སྔ་ན་ཡང་ངོ་། །ཕྱིས་ཡོད་པར་བསྟན་པ་ནི་དེ་ལ་ཡང་གཞན་ཞེས་བྱ་བའོ། །ཤེས་པ་དང་དེའི་ཤེས་པ་དག་ཅིག་ཅར་བ་ཉིད་ལ་ཡང་དེའི་ཤེས་པ་ལ་སོགས་པར་ཡང་ཐལ་བར་འགྱུར་བས་ཐུག་པ་མེད་པའི་ཕྱིར་སྔ་མ་རྟོགས་པ་མ་ཡིན་པར་བསྟན་པ་ནི་དོན་དང་ཤེས་པ་

Vol. 181 · folio 215b

ཞེས་བྱ་བའོ། །ཤེས་པ་དང་དེའི་ཤེས་པ་ཡང་སྐྱེས་པ་ཡང་ཡིན་གྱི་གཞན་ནི་མ་ཡིན་ཏེ་གཟུང་བར་མི་འདོད་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། ཤེས་པ་གསུམ་པ་མེད་ན་གཉིས་པོ་དེ་ཉིད་རྟོགས་པ་མ་ཡིན་པར་བསྟན་པ་ན་དོན་དང་ཤེས་པའི་ཞེས་བྱ་བའོ། །སྐྱེས་པ་མི་ཤེས་པ་ནི་འཛིན་བྱེད་མ་ཡིན་ནོ། །

དོན་ཞེས་བྱ་བ་ནི་དམ་བཅའ་བ་ཡིན་ལ། རྟོགས་པ་ཞེས་སྒྲུབ་བྱེད་ཡིན་ཞེས་བྱ་བ་ནི་འབྲེལ་པར་དཀའ་བ་ཡིན་ནོ། །ཤེས་པ་ཅིག་ཅར་ཞེས་བྱ་བ་ལ་སོགས་པའི་རྣམ་འགྲེལ་ནི་གསལ་བ་ཡིན་ནོ། །དོན་གྱི་ཤེས་པ་འཛིན་པར་བྱེད་པ་ནི་དོན་གསལ་བར་བྱེད་པ་ནི་རང་གི་ཆོས་སུ་སྒྲོ་འདོགས་པར་བྱེད་པ་མ་ཡིན་

ནམ་རལ་གྲི་ལ་གདོང་ལྟ་བུའོ་ཞེས་ཟེར་བ་ལ་དོན་དུ་སྣང་བའི་ཞེས་བྱ་བའོ། །འབའ་ཞིག་ཅེས་བྱ་བ་ནི་ཤེས་པ་དང་བྲལ་བའོ། །རྣམ་པ་གཅིག་ཉིད་ཀྱི་ཤེས་པ་དག་གཟུང་བ་ཡིན་ཞེས་བྱ་བར་མི་འཐད་དོ། །གཟུང་ཞེས་བྱ་བ་ནི་མ་ནིང་གི་རྟགས་ཡིན་ཏེ། མ་ནིང་གི་རྟགས་མ་ཡིན་པ་དང་གཅིག་ཉིད་

བཞིན་དུ་གཞན་གང་ཡང་རུང་བ་ཞེས་བྱ་བ་མ་ནིང་གི་རྟགས་སུ་བྱས་པ་ཡིན་ལ་མ་ནིང་གི་རྟགས་མ་ཡིན་པ་དང་ལྷན་ཅིག་སྦྱོར་བའོ། །རལ་གྲི་དང་གདོང་བཞིན་དུ་སོ་སོར་སྣང་བ་མ་ཡིན་ཏེ་ཐ་མི་དད་པ་ལ་གནོད་པ་མེད་པའི་ཕྱིར་དང་སྣང་བའི་ཕྱིར་ཞེས་བསྟན་པ་ནི་ཐ་དད་མེད་པར་ཞེས་བྱ་བའོ། །གལ་ཏེ་བདེ་

བ་ཞེས་བྱ་བ་ལ་སོགས་པ་ཡང་དེ་ལྟ་བུའི་དོན་ཅན་ཡིན་ནོ། །མ་མཐོང་བའི་དབྱེ་བ་ཡང་རྣམ་པ་འགའ་ཐ་དད་པར་སྣང་བའི་སྔོན་པོ་ལ་སོགས་པའི་ཤེས་པ་ཐ་དད་པ་མ་ཡིན་ནམ་ཞེས་ཟེར་བ་ལ་ལེགས་པར་རྟོགས་པའི་ཞེས་བྱ་བའོ། །སྔོན་པོ་དང་སེར་པོ་བཞིན་དུ་ལྕགས་གོང་དང་མེ་དང་དངུལ་ཅུང་ཟད་

ཀྱི་ཆ་ཡོད་པའི་གསེར་ནི་སྔར་དང་ཕྱིས་ཀྱང་དབྱེ་བ་གསལ་བ་ཡིན་གྱི་ཐ་དད་པ་དང་ཐ་མི་དད་པ་ཡང་རུང་བ་དེ་བཞིན་དུ་སྔོན་པོ་དང་དེ་རིགས་པ་དག་ཐ་དད་པར་མཐོང་བ་མ་ཡིན་ནོ། །དེའི་ཕྱིར་དེར་ཞེན་པ་ནི་དམག་གི་གླང་པོ་ཆེ་བཞིན་དུ་དེ་མ་ཡིན་པ་ལས་ལྡོག་པའི་ཡུལ་ཁོ་ན་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་

ཞེས་བྱ་བ་ནི་སོ་སོ་བ་ཉིད་དགག་པའོ། །དོན་དང་ཤེས་པ་དག་སོ་སོར་འཛིན་པ་ཉིད་ཡིན་ན་ཆེས་བཞིན་དུ་ཐ་དད་པ་མྱོང་བ་ཡིན་པར་བསྟན་པ་ནི་དོན་དང་དོན་གྱི་ཞེས་བྱ་བའོ། །དོན་དང་དོན་གྱི་ཡིད་དག་གི་ཡང་སོ་སོ་བ་ཉིད་དུ་མཚོན་པ་སྟེ། དོན་དང་དོན་གྱི་ཤེས་པར་སྣང་བ་བཞིན་དུ་ཐལ་བར་འགྱུར་བར་བལྟར་བར་

Vol. 181 · folio 216a

བྱའོ། །སྣང་བ་ནི་ཤེས་པ་པོ་དོན་གྱི་ཤེས་པ་དང་དེའི་ཤེས་པ་དག་རྣམ་པ་མེད་པ་ཡིན་ན་དེ་རིག་པའམ་ཐ་དད་པ་ཡང་མ་ཡིན་ཏེ། རང་གི་མཚན་ཉིད་ཀྱི་དབྱེ་བ་ཐ་དད་པར་བྱེད་པ་མ་ཡིན་པར་བསྟན་པ་ནི་དོན་རིག་པ་ནི་ཞེས་བྱ་བས་སྣང་བ་སྣ་ཚོགས་པ་ཉིད་ཀྱི་ཞེས་བྱ་བ་བཤད་

པ་ཡིན་ནོ། །ཐ་དད་པས་སམ་གཅིག་གིས་གཉི་ག་རིག་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན་གཅིག་ཉིད་ཡིན་པར་བསྟན་པ་ནི་འདི་ལྟར་ཞེས་བྱ་བའོ། །གཅིག་ཅེས་བྱ་བ་ནི་མྱོང་བ་དང་ངོ་། །གཅིག་ཉིད་དམ་ཞེས་བྱ་བ་ནི་རྣམ་པའོ། །སོ་སོ་བ་མ་ཡིན་པར་བསྟན་པ་ནི་གཞན་མ་ཡིན་ཞེས་བྱ་བའོ། །དེ་བསྟན་པ་ནི་

མྱོང་བ་དང་གཅིག་པ་ཉིད་ཅེས་བྱ་བའོ། །ཡང་ན་རྣམ་པ་མེད་པ་ལས་ལོག་པ་གཅིག་ཡིན་ལ་མི་རིག་པ་ལས་ལྡོག་པས་རིག་པ་ཡིན་པའི་ཕྱིར་ངོ་བོ་གཉིས་ཁས་བླངས་པ་ལས་ཀྱང་དེ་གཉིས་སུ་འགྱུར་བ་མ་ཡིན་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ལ་ནི་རྒྱལ་བ་ཅན་གྱིའོ། །ངེས་པ་མེད་པ་ལ་འདི་མེད་མིན་

ཞེས་བྱ་བ་སྟེ། རང་རིག་པས་སོ་ཞེས་བྱ་བའི་དོན་དུ་བཤད་ནས། ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ཡིན་ན་མཐར་ཐུག་པ་མེད་པ་དང་། དེ་ལའང་དྲན་པ་ཞེས་བྱ་བ་བཤད་པ་ནི་ཤེས་པ་གཞན་གྱིས་ཞེས་བྱ་བའོ། །ཡུལ་གྱི་ཤེས་པ་དང་ཤེས་པའི་ཤེས་པ་ཞེས་བྱ་བར་ནི་རིགས་པ་ཡིན་ཏེ། དེ་མ་

ཤེས་ན་ཡུལ་མི་ཤེས་པའི་ཕྱིར་དོན་གྱིས་གོ་བ་ལས་ཤེས་པའི་ཤེས་པ་མ་ཡིན་ཏེ་དེ་ལ་ཡང་དྲན་པ་ནི་འདོད་པ་ལས་མཐོང་ངོ་། །དེའི་ཕྱིར། བུམ་པ་ལ་སོགས་དོན་འཛིན་ན། །གལ་ཏེ་རེ་ཞིག་དེ་མ་ཐག །དོན་གྱིས་གོ་བས་མ་རྟོགས་པ། །ཡང་དང་ཡང་དུ་ཤེས་པ་དག །ཇི་སྲིད་དུབ་པ་

དེ་ལས་ཕྱིས། །དེ་སྲིད་ཉིད་དུ་དྲན་པར་འགྱུར། །ཞེས་བྱ་བ་ནི་ལེགས་པར་སྨྲས་པ་མ་ཡིན་ནོ། །རྗེས་འབྲེལ་ཅན་ཞེས་བྱ་བ་ནི་གང་གི་ཚེ་ཁོ་ན་སྐྱེད་པར་བྱེད་པ་དེ་ཉིད་ཀྱི་ཚེ་འཛིན་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་དང་ཡིད་ཕྲད་པ་ཙམ་ཡིན་པའི་ཕྱིར་དང་པོ་བཞིན་དུ་གཞན་གྱི་ཚེ་ཡང་ཡིན་པའི་

ཕྱིར་མཐར་ཐུག་པ་མེད་པར་བསྟན་པ་ནི་གལ་ཏེ་སྔར་བློ་ཞེས་བྱ་བའོ། །གཟུང་བ་སྐྱེད་པར་བྱེད་པའི་ཕྱིར། ཡུལ་ཤེས་པའི་ཆེད་དུ་དང་པོ་རང་གི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ཏེ། མ་ཤེས་པ་ནི་དེའི་ཤེས་པ་མ་ཡིན་པའི་ཕྱིར། དེ་ཡང་དེ་བཞིན་ནོ་ཞེས་བྱ་བས་མཐར་

Vol. 181 · folio 216b

ཐུག་པ་མེད་པ་ཡིན་ལ་ཡུལ་གཞན་སྐྱེད་པར་བྱེད་པ་ཉིད་སྲིད་པ་ཡིན་པར་བསྟན་པ་ནི་གཟུང་བའི་མཚན་ཉིད་ཅེས་བྱ་བའོ། །དང་པོའི་ཤེས་པ་རང་ཉིད་ཀྱི་ཤེས་པ་སྐྱེད་པར་བྱེད་པ་མ་ཡིན་ནམ། མ་ཡིན་ཏེ། གསལ་བའི་ཡུལ་གྱི་རང་ལ་ངེས་པར་བྱས་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཕྱི་རོལ་དོན་

ནི་ཞེས་བྱ་བའོ། །དང་པོ་ཡང་རང་ཉིད་སྐྱེད་པར་བྱེད་པ་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེས་ན་མ་ལུས་པ་མི་དམིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་གསལ་བ་ཡང་ཤེས་པ་སྐྱེད་པར་བྱེད་ན་རང་ལ་ངེས་པར་བྱེད་པ་ཉིད་དུ་སྣང་བ་ཉིད་ཁོ་ན་ཡིན་པར་བསྟན་པ་ནི་དོན་དེ་མིན་པ་ཞེས་བྱ་བའོ། །ཉེ་བ་མ་ཡིན་

པའི་དོན་ནི་གསལ་བ་འམ་ཅིག་ཤོས་བློ་གང་གི་ཡིན་པ་དེ་ཉམས་སུ་མྱོང་བར་མི་འགྱུར་བར་མི་འགྱུར་ན་བློའི་རྩ་བ་མེད་དེ་སྣང་བ་མེད་པའི་ཕྱིར་རོ། །དྲན་པ་ཡང་མེད་ཕྱིར་ཞེས་བྱ་བ་ནི་དོན་ལ་ཡང་ངོ་། །དེའི་ཕྱིར་ཨ་རེ་མཛེས་ཞེས་བྱ་བ་ནི་བཞད་གད་དོ། །ཉམས་སུ་མྱོང་བ་དང་དྲན་པ་དག་མེད་ན་འགྲོ་བ་

མ་ལུས་པ་སེམས་པ་ཅན་མ་ཡིན་པ་ཐོབ་པར་འགྱུར་རོ། །ཉམས་སུ་མྱོང་བ་ལ་ཉམས་སུ་མྱོང་བ་བཀག་པས་དོན་ཉམས་སུ་མྱོང་བ་ཁས་བླངས་པ་ཡིན་ནོ་སྙམ་དུ་སེམས་པ་ལ་དོན་ཞེས་བྱ་བ་སྨོས་སོ། །རྟག་ཏུ་བར་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་སྐྱེད་པར་བྱེད་པས་དོན་གྱིས་གོ་བ་སྐྱེད་པར་བྱེད་པ་བཀག་པའི་ཕྱིར་

དེའི་སྐྱེད་བྱེད་ཀྱིས་ཉམས་སུ་མྱོང་བ་བཀག་པ་ན་དེ་གྲུབ་པ་ཡིན་ནོ། །ཉམས་སུ་མྱོང་བ་ཉམས་སུ་མི་མྱོང་ན་དོན་ཉམས་སུ་མྱོང་བ་མ་ཡིན་ཏེ། སྔ་མ་བཞིན་ནོ་ཞེས་བསྟན་པ་ནི་ཡོད་པ་ཙམ་ལས་ཞེས་བྱ་བའོ། །ཉམས་སུ་མྱོང་བ་ཡོད་པ་གང་ལས་ཞེས་བསྟན་པ་ལ་དབང་པོ་དང་ཞེས་ཟེར་བའོ། །འདོད་

པས་བཟློག་པར་བྱ་བ་ཉིད་ནི་དེ་ལས་བྱུང་བ་དོན་ཉེ་བ་ལས་མི་ལྟོས་པའི་རྟོག་པ་རྣམས་ལ་དང་། འབད་པ་སྐྱེད་པའི་དབང་པོ་ལས་ཤེས་པ་གཞན་དུ་ཉམས་སུ་མྱོང་བའི་ཕྱིར་བདག་ཉིད་དུ་ཤེས་པར་ནུས་པ་དེ་ལ་འབད་པ་གཞན་གེགས་བྱེད་པ་མ་ཡིན་ཏེ། རྒྱུ་མེད་པས་རང་ཉིད་མེད་པའི་ཕྱིར་དང་རྒྱུ་

གཉིས་མ་ཡིན་པའི་ཕྱིར་དང་། འགལ་བའི་ཕྱིར་རོ་ཞེས་བསྟན་པ་ནི་འདས་སོགས་རྣམ་རྟོག་ཅེས་བྱ་བ་སྟེ། འདོད་པས་དབང་པོ་ལྡོག་པས་དེའི་བསྐྱེད་བྱ་ལྡོག་པ་ནི་རྒྱུ་མེད་པས་ཡིན་གྱི་འདོད་པས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། སྩོགས་པ་ཞེས་བྱ་བ་ནི་ད་ལྟར་བའི་རྣམ་རྟོག་ཡིན་ལ།

Vol. 181 · folio 217a

དེ་ཡང་དོན་ཉེ་བ་ཡང་ཡོད་པའི་ཕྱིར་ཁྱད་པར་དུ་བྱེད་པ་ནི་གང་དག་ལ་ཞེས་བྱའོ། །འཕོ་བ་ནི་རིགས་མི་མཐུན་པའི་རྣམ་པར་རྟོག་པའོ། །རྒྱུ་སྟེ་འཛིན་པར་འདོད་པའི་གཞན་མེད་པའི་ཕྱིར་ནི་རྒྱུད་མེད་པའི་ཕྱིར་རོ། །དང་པོ་བཞིན་དུ་རང་ཉིད་ཀྱི་ཤེས་པ་སྐྱེད་པ་ཉིད་

དུ་ནུས་པའི་ཕྱིར་དོན་ལ་དཔྱོད་པ་སྟེ་ལེགས་པར་ཉན་འདོད་པ་དང་ཉན་པ་དང་འཛིན་པ་དང་གཟུང་བའི་ཤེས་པས་སྤོང་ལེན་གྱི་དེ་ཁོ་ན་བཞིན་དུ་མངོན་པར་ཞེན་པའི་ངོ་བོའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་དང་པོའི་རྟོགས་པ་ལ་ཡང་ཤེས་པ་འཕོ་བར་མི་འགྱུར་བའོ། །འདོད་པ་དང་གཞན་དང་འདྲེས་

པས་འཕོ་བ་བསལ་ནས་དུབ་པ་ལས་སེལ་བར་བྱེད་པ་ནི་གལ་ཏེ་བདག་ལ་ཞེས་བྱ་བ་སྟེ་རྒོལ་བ་རྗེས་སུ་བརྗོད་པའོ། །དེ་ཉིད་ཅེས་བྱ་བ་ནི་ཡུལ་གཞན་ལ་འཕོ་བའི་ངོ་བོའོ། །དུབ་པ་ནི་ནུས་པ་ཟད་པའི་ངོ་བོའོ། །ག་ལས་ཡིན་ཞེས་བྱ་བ་ནི་མི་ནུས་པ་ལས་མི་སྐྱེ་བ་ནི་སྐྱེ་བའི་ཕྱིར་རང་ལ་མི་ནུས་ན་གཞན་

ལ་ནུས་པ་མ་ཡིན་པ་སྟེ། བློ་སྔ་མ་སྔ་མའི་མཐོང་བ་ལས་དེ་ཉམས་ན་ནུས་པ་མེད་པ་ཉིད་ཡིན་པར་བསྟན་པ་ནི། སྔར་གྱི་བློ་ནི་ནུས་ཟད་ན། །ཞེས་བྱ་བའོ། །སྔ་མའི་ཤེས་པ་ནི་རང་ཉིད་ཀྱི་ཤེས་པ་སྐྱེས་ནས་འཇིག་པ་ཡིན་ལ། དབང་པོ་དང་དོན་ཉེ་བ་ཙམ་ལས་དོན་ཤེས་པ་མ་ཡིན་ནམ་ཞེས་ཟེར་བ་ལ།

བློ་སྔོན་མེད་པར་ཞེས་བྱ་བ་སྟེ། ཁྱད་པར་གྱི་བློ་ལས་ཁྱད་པར་དུ་བྱ་བའི་དོན་ཏོ། །དེ་ལྟ་བུ་ཉིད་དེ་བཞིན་གྱི་སྔོན་པོ་ལ་སོགས་པའི་བློ་ལས་སེར་པོ་ལ་སོགས་པའི་བློ་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ལ། དོན་གཞན་ཞེས་བྱ་བ་སྟེ། སྔོན་པོ་ལ་ཆགས་པ་ན་དབང་པོ་ལ་སོགས་པ་ཙམ་ལས་བྱུང་བའི་

སེར་པོའི་བློ་ཅིས་མི་སྐྱེ་ཞེས་བྱ་བའི་དོན་ཏོ། །མ་རྟོགས་ཕྱིར་ནི་མ་ངེས་པའི་ཕྱིར་རོ། །མི་མཐུན་པ་འམ་ཞེས་བྱ་བ་ནི་བྱེད་པ་པོའོ། །དེའི་ཞེས་བྱ་བ་ནི་རྒོལ་བའིའོ། །རྣམ་པར་ཤེས་པ་སྔ་མ་ཞེས་བྱ་བ་ཀུན་གཞི་ལས་གཞན་ཡིན་གྱི་དེ་ནི་མ་ཡིན་ནོ། །སྔ་མ་ལ་ལྟོས་པ་ཡིན་ན་དེ་ཉིད་རྒྱུ་ཡིན་པར་ཟད་

ཀྱི། ཀུན་གཞི་ནི་མ་ཡིན་ནོ་ཞེས་ཟེར་བ་ནི་འཇུག་པའི་རྣམ་པར་ཤེས་པ་ཞེས་བྱ་བའོ། །གཞན་ལ་ཆགས་པ་ཡིན་ཡང་ཤེས་པ་གཞན་སྐྱེ་བ་མ་ཡིན་ནམ། རྟར་རྟོག་པ་ན་ཡང་བ་ལང་མཐོང་བའི་ཕྱིར་རོ་ཞེས་བསྟན་པ་ན་ཅིག་ཅར་ཞེས་བྱ་བའོ། །ཅིག་ཅར་དུ་མ་ལ་ཆགས་པ་ནི་མི་མཐུན་པ་

Vol. 181 · folio 217b

ཉིད་མ་ཡིན་ཏེ་མི་མཐུན་པ་མ་ཡིན་པའི་བདག་ཉིད་ཀྱི་ཆགས་པ་ཡིན་པའི་ཕྱིར་གཞན་ལ་ཡང་རིགས་མཐུན་པ་ལ་ནི་ཅིག་ཅར་རིགས་མི་མཐུན་པ་ལ་ནི་རིམ་གྱིས་པར་འགྱུར་རོ། །ཡུལ་ལ་འཇུག་པའི་ཤེས་པ་ཆགས་པ་མ་ཡིན་ནམ། དེ་ནི་སྐྱེད་པར་བྱེད་པ་མ་ཡིན་ཏེ། ཀུན་གཞི་སྐྱེད་པར་བྱེད་པ་

ཡིན་ནོ་ཞེས་ཟེར་བ་ལ་ཤིན་ཏུ་གསལ་བའི་ཞེས་བྱ་བ་སྟེ། དེ་ལ་ཆགས་པའི་མི་མཐུན་པ་ཉིད་ཀྱི་ཀུན་གཞི་ཉིད་མི་མཐུན་པ་ཡིན་པའི་ཕྱིར་འཇུག་པའི་རྣམ་ཤེས་རྣམས་ཀྱི་བག་ཆགས་ཀྱི་གཞི་སྟེ། དེར་སྒྲོ་གདགས་པར་བྱ་བའི་ཁྱད་པར་ཅན་ནི་ཀུན་གཞི་རྣམ་པར་ཤེས་པ་ཡིན་ནོ་ཞེས་བྱ་བའི་

དོན་ཏོ། །འགྲེལ་པ་ནི་གསལ་བ་ཡིན་ནོ། །གཞན་དུ་ན་དེ་དང་མཚུངས་པ་ཉིད་ལ་ལྟོས་པར་མི་འགྱུར་བར་བསྟན་པ་ནི་དེ་ལྟ་མིན་ན་ཞེས་བྱ་བ་ནི་ཀུན་གཞི་འཇུག་པའི་རྣམ་ཤེས་ཀྱི་སྒྲོ་གདགས་པར་བྱ་བའི་ཁྱད་པར་ཅན་ཉིད་མ་ཡིན་ནའོ། །དབང་པོ་དང་དོན་ཉེ་བ་ཙམ་རྒྱུ་ཡིན་ན་དེ་མེད་པའི་ཕྱིར་ཡིད་ཀྱི་རྣམ་

ཤེས་འབྱུང་བར་མི་འགྱུར་གྱི། ཀུན་གཞི་ཙམ་ལ་རིམ་པ་ཡིན་པར་བསྟན་པ་ནི་ཡིད་ཤེས་ཞེས་བྱ་བའོ། །ཡིད་ནི་ཕྲ་བ་མ་ཡིན་ནམ་གཅིག་ལ་སོང་བ་ན་གཞན་ལ་མ་ཡིན་པའི་ཕྱིར་ཤེས་པ་རྣམས་ཀྱི་རིམ་པ་ཡིན་གྱི། ཤེས་པའི་མི་མཐུན་པ་ཉིད་ལས་ནི་མ་ཡིན་ནོ་ཞེས་ཟེར་བ་ནི་ཡིད་གཅིག་ཡིན་ཕྱིར་ཞེས་

བྱ་བ་སྟེ་རྒོལ་བ་རྗེས་སུ་བརྗོད་པའོ། །ཕྲ་མོ་ཉིད་ནི་རིགས་མཐུན་པ་ལ་བཞིན་དུ་རིགས་མི་མཐུན་པ་ལ་ཡང་ངོ་ཞེས་བསྟན་པ་ནི་རེས་འགའ་ལྷན་ཅིག་འབྱུང་ཕྱིར་ཏེ། རེས་འགའ་ནི་རིགས་མི་མཐུན་པ་ལའོ། །ཡུལ་ཁ་ཅིག་ལ་ཆགས་པའི་ཤེས་པ་དམིགས་པ་ཡིན་གྱི་དེ་མ་རྟོགས་པར་མ་ཡིན་པར་

བསྟན་པ་ནི་ཡིད་དེ་ཡང་ཞེས་བྱ་བའོ། །ཡིད་འཇུག་པ་མཚུངས་པ་ཡིན་ན་ཅིག་ཅར་ཞེས་བྱ་བ་མི་དམིགས་ཏེ་ཕྲ་བ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། འཇུག་པ་མཚུངས་པ་ལའང་ཞེས་བྱ་བ་སྟེ། གཅིག་ལ་ནུས་པ་མེད་པ་ལ་ཡང་ངོ་། །ཐམས་ཅད་ཚེ་ཞེས་བྱ་བ་ནི་མི་མཐུན་པ་དང་

གཞན་ལ་ཡང་ངོ་། །གཞན་ནི་ཡུལ་གཞན་ལའོ། །རྟོགས་པར་མི་འགྱུར་བ་ནི་ཉེ་བར་འགྲོ་བ་མ་ཡིན་པའོ། །གཟུགས་ཀྱི་རྫས་ཉིད་དང་། ཡོད་པ་ལ་སོགས་པ་མིག་དང་ཕྲད་པའི་འདུ་བས་ཅིག་ཅར་འཛིན་པ་ཡིན་ཡང་ངོ་ཞེས་བསྟན་པ་ནི་བདག་ཉིད་ལྡན་པ་ཞེས་བྱ་བའོ། །རྟོགས་པ་ནི་ཉེ་བར་

Vol. 181 · folio 218a

འགྲོ་བ་སྟེ་ཕྲད་པའི་ཁྱད་པར་རོ། །བྱེད་པའི་ཆོས་ཉིད་ཡིན་པའི་ཕྱིར་བྱེད་པ་གཅིག་ལས་བྱ་བ་གཅིག་མ་ཡིན་ནམ་ཞེས་ཟེར་བ་ནི་གཅིག་ལས་ཞེས་བྱ་བའོ། །བྱེད་པའི་མར་མེ་ཡང་བྱ་བ་དུ་མ་བྱེད་པ་གཅིག་གི་ཚེ་གཅིག་མ་ཡིན་ནམ་ཞེས་བསྟན་པ་ནི་ཇི་ལྟར་ཞེས་བྱ་བ་སྟེ།

དུ་མ་མཐོང་བར་བྱེད་པའི་དེ་བཞིན་དུ་ཡིན་ཀྱང་དུ་མར་མཐོང་བའི་བྱ་བ་གཅིག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེས་བུ་དུ་མས་མཐོང་བར་བྱེད་པ་ཡིན་ཞེས་བྱ་བའི་དོན་ནི་འགྲེལ་པའིའོ། །ཡུལ་དང་འབྲེལ་པ་ཅན་གྱི་ཡིད་ཀྱང་དང་པོ་གསལ་བར་བྱེད་པ་མ་ཡིན་ན་ཕྱིས་ཀྱང་མ་ཡིན་ཏེ། དེ་ཁྱད་པར་

མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་རིམ་གྱིས་ཀྱང་ཞེས་བྱ་བ་སྟེ་འགྲེལ་པར་ནི་ཁྱད་པར་ཏེ་སྔ་ན་ཡང་ཡིན་གྱི་སྐྱེ་བར་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲོ་འདོགས་པར་བྱེད་པ་མ་ཡིན་པའི་ཡུལ་དུ་བྱུང་བ་ཉིད་ཀྱི་ཁྱད་པར་མེད་པར་འགྲེལ་པས་བསྟན་པ་ནི་རྟག་པ་ནི་ཞེས་བྱ་བའོ། །དེ་བདག་ཁྱད་པར་

འགྱུར་མ་ཡིན། །ཞེས་བྱ་བ་ནི་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མི་འགྱུར་ཞེས་བྱ་བ་ནི་འབྲེལ་པ་ཅན་དང་ཅིག་ཤོས་དག་གི་དབྱེ་བས་སོ། །འདིས་ཞེས་བྱ་བ་ནི་ཡུལ་དང་འབྲེལ་པར་ཁྱད་པར་མེད་པར་སྒྲོ་གདགས་པར་བྱ་བ་མ་ཡིན་པའི་ཁྱད་པར་ཉིད་ཀྱིས་སོ། །འགྲེལ་པར་ནི་རྣམ་པར་

ཤེས་པ་ནི་མཐོང་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་བག་ཆགས་ཡོངས་སུ་སྨིན་པའི་ཁྱད་པར་ལས་རིམ་གྱིས་བྱེད་པ་ཡིན་པར་བསྟན་པ་ནི་རྣམ་པར་ཤེས་པ་དེ་ཉིད་ཅེས་བྱ་བའོ། །བདག་བྱིན་གྱིས་བརླབས་པའི་དབང་པོའི་ཡུལ་དང་འབྲེལ་པར་ཁྱད་པར་མེད་ཀྱང་ཤེས་པ་སྔ་མ་སྔ་

མས་བསྐྱེད་པའི་འདུ་བྱེད་པའི་ཁྱད་པར་ལས་ཤེས་པ་རིམ་པ་ཡིན་ནོ་སྙམ་དུ་སེམས་པ་ནི་གལ་ཏེ་འདུ་བྱེད་ཅེས་བྱ་བའོ། །དེ་ཞེས་བྱ་བ་ནི་འདུ་བྱེད་པའོ། །བློ་ནི་བློ་ཉིད་ལས་ཏེ་བློ་དང་འབྲེལ་བ་ཅན་ནོ། །དེ་ལ་མ་གཏོགས་པ་དེའི་རྟེན་མཐོང་བའི་ཕྱིར་བདག་གོ་ཞེས་བྱ་བ་ཡང་གོམས་པ་ལས་བྱུང་བ་ཡིན་གྱི་ངེས་

པའི་ཡུལ་ཅན་མ་ཡིན་ནོ། །འདོད་པ་ཉིད་ཅེས་བྱ་བ་ནི་ཤེས་པས་བསྐྱེད་པའི་བག་ཆགས་ལ་བརྟེན་པའི་རྣམ་ཤེས་མཐོང་བའི་ཕྱིར་རོ། །ཤེས་པ་ལས་ཤེས་པ་ཡིན་པར་ནི་བདེན་ཏེ་ཤེས་པ་ཉིད་ཀྱི་འཕོ་བ་ནི་ཤེས་པ་བཞིན་དུ་འཛིན་པར་བྱེད་པ་ཡིན་ནོ་ཞེས་ཟེར་བ་ལ་གཟུང་ལ་གཟུང་ཉིད་ཅེས་བྱ་སྟེ།

Vol. 181 · folio 218b

བསྐྱེད་བྱ་ཉིད་ཁོ་ན་འཛིན་པར་བྱེད་པ་ཉིད་ནི་ཡུལ་ལ་བཞིན་དུ་ཤེས་པ་ལ་ཡང་ངོ་ཞེས་བྱ་བའི་དོན་ཏོ། །ཡུལ་དང་བཅས་པའི་ཤེས་པའི་བསྐྱེད་བྱ་ཉིད་ནི་འཕོ་བ་ཡིན་ལ། ཤེས་པ་ཙམ་དུ་བསྐྱེད་པར་བྱ་བ་ཉིད་ནི་ཡིན་ནོ་ཞེས་ཟེར་བ་ལ་སྐྱེད་བྱེད་ཉིད་ཅེས་བྱ་བ་སྟེ་གཉི་ག་སྐྱེད་པར་བྱེད་པའི་ཕྱིར་གཉི་ག་འཛིན་པར་

བྱེད་པ་ཞེས་བྱ་བའི་དོན་ཏོ། །སྐྱེད་པར་བྱེད་པ་ཡང་དབང་པོ་གཟུང་བར་བྱ་བ་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ལ་སྣང་བ་གཟུང་མིན་ཞེས་བྱ་བའོ། །སྣང་བ་ཞེས་བྱ་བ་ནི་གསལ་བ་ཡིན་གྱི་དབང་པོ་ནི་མ་ཡིན་ནོ། །གསལ་བ་ནི་ཕྲ་བ་ཉིད་ཀྱིས་བར་དུ་ཆོད་པས་ཤིན་ཏུ་ཉེ་བའི་ཕྱིར་བརྐྱང་བའམ་བརྡབས་

པའི་ཕྱིར་གཟུང་བ་མ་ཡིན་ནོ་ཞེས་ཟེར་བ་ལ་ཆ་མེད་པ་ལའང་ཞེས་བྱ་བ་སྟེ། ཆ་མེད་པ་ནི་ཡན་ལག་མེད་པ་སྟེ་རིག་པའི་བདག་ཉིད་ལ་སྣང་བ་འཛིན་པ་ན་གཟུགས་ཉིད་འཛིན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ནམ་ཡང་ནི་ཕྲ་བ་ལ་སོགས་པས་སོ། །དུབ་པའི་སྔ་རོལ་དུ་བསྐྱེད་པ་ནི་གཟུང་བ་ཉིད་ཡིན་

གྱི་ཕྱིས་ནི་སྐྱེད་པར་བྱེད་པ་ཉིད་ཡིན་ནོ་སྙམ་དུ་སེམས་པ་ནི་གཟུང་བའི་ཞེས་བྱ་བ་སྟེ་འཕོ་བའི་དུས་ནའོ། །སྐྱེད་པར་བྱེད་པ་ཡང་ཡིན་ལ་བདག་ཉིད་ཀྱང་ཡིན་པ་དེའི་ངོ་བོ་ཉམས་པ་མ་ཡིན་ནོ་ཞེས་བཤད་པའོ། །འགྲེལ་པར་ཡང་ནུས་པ་གཉིས་ཡིན་ཏེ། དེ་ནི་མི་རིགས་ཏེ་ཞེས་བྱ་བ་ལ་སོགས་

པས་སོ། །མར་མེ་ལ་སོགས་པ་གསལ་བའི་མི་གསལ་བ་ཉིད་བཞིན་དུ་གཟུང་བར་བྱ་བ་ཉིད་མ་ཡིན་པར་ཡང་འགྱུར་རོ་སྙམ་དུ་སེམས་པ་ལ་གཟུང་བའི་ནུས་པ་ཉམས་པར་མི་འགྱུར་བ་སྟེ། གསལ་བར་བྱ་བ་ཉིད་མ་ཡིན་ཡང་གཟུགས་ལ་སོགས་པ་བཞིན་དུ་འཛིན་པར་བྱེད་པ་ལས་གཞན་པ་

སྟེ་སྐྱེད་པའི་བདག་ཉིད་དང་གཞན་མ་ཡིན་པ་སྟེ། སྐྱེད་པ་མ་ཡིན་པ་ཡང་ལས་མ་ཡིན་པས་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །གསལ་བ་ལས་བཞིན་དུ་གཟུང་བ་ཉིད་ཡིན་ལ་འདི་ལས་ཀྱང་སྐྱེད་པ་གཞན་ཡིན་ནོ་ཞེས་ཟེར་བ་ལ་གཟུང་བ་ཞེས་བྱ་བ་སྟེ་གསལ་བར་བྱ་བ་མ་

ཡིན་པ་ཉིད་ཡིན་ཡང་གཟུང་བར་བྱ་བ་ཉིད་ཡིན་པའོ། །འདི་ལས་གཞན་དུ་སྐྱེ་བ་མ་ཡིན་ཞིང་དེ་ཡང་ས་བོན་ལ་སོགས་པ་མ་ཡིན་ནོ་ཞེས་བྱ་བ་མི་རིགས་པར་བསྟན་པ་ནི་གཟུང་བའི་མཚན་ཉིད་ཅན་ལ་ཞེས་བྱ་བ་ནི་གནས་སྐབས་པ་ཡིན་གྱི་བྱེད་པ་པོའི་མཚན་ཉིད་ལ་ནི་མ་ཡིན་ནོ། །དེ་ལ་ནི་

Vol. 181 · folio 219a

གཟུང་བ་ཉིད་ལས་གཞན་པ་ཡང་སྐྱེད་པ་ཡིན་ནོ། །དངོས་སུ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བ་སྐྱེད་པ་གཞན་ཉིད་དོ། །གཞན་དུ་དམིགས་པའི་རྐྱེན་ཉིད་ཡིན་པར་ཏེ་རྐྱེན་ཉིད་དུ་མི་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ནི་གཞན་དུ་མིན་པར་ནི་ཞེས་བྱ་བའོ། །ཕན་འདོགས་

ཞེས་བྱ་བ་ཉིད་ནི་རྐྱེན་ཡིན་ཏེ་ཕན་འདོགས་པ་མ་ཡིན་པ་གཞན་དུ་སྟེ་གཟུང་བར་བྱ་བ་མ་ཡིན་པ་ཉིད་ཀྱིས་སོ། །སྐྱེད་པར་བྱེད་པ་ནི་གཟུང་བ་ཉིད་མ་ཡིན་ཏེ། འོ་ན་ཅི་ཞེ་ན་སྣང་བ་ཉིད་མ་ཡིན་ནམ་ཞེས་ཟེར་བ་ལ། གཟུང་བའི་མཚན་ཉིད་ལ་སྟེ་ཡུལ་ལ་སོགས་པ་བསྐལ་པ་མ་ཡིན་པ་ལས་སོ། །སྐྱེད་པར་བྱེད་

པའི་གཟུང་བའི་མཚན་ཉིད་ཅི་ཞིག་ཡོད་ཅེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །འདིའི་ནི་གཟུགས་ལ་སོགས་པའི་འོ། །དེ་དངོས་ནི་སྣང་བའིའོ། །ངེས་པ་ནི་འདི་སྣང་གི་འདི་མི་སྣང་ངོ་ཞེས་བྱ་བའོ། །བསྐལ་པ་དང་ཅིག་ཤོས་དག་ལ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་དུ་ཐམས་ཅད་སྣང་བར་འགྱུར་

གྱི་ཚོགས་པ་གཅིག་ལ་རག་ལས་པའི་རྒྱུའི་ཆོས་ཉིད་དངོས་སུ་ཡོད་ན་བརྒྱུད་པ་མི་རིགས་ཏེ། གཞན་དུ་བློ་ལ་གཟུགས་ལ་སོགས་པ་ཕན་འདོགས་པ་མ་ཡིན་པའོ། །དེ་ཞེས་བྱ་བ་ནི་གཟུང་བ་ཉིད་ཀྱི་མཚན་ཉིད་དོ། །དེ་ཉིད་དུ་ཞེས་བྱ་བ་ནི་སྣང་བའི་ངེས་པ་ལའོ། །དེ་ཡང་ཞེས་བྱ་བ་ནི་གཞན་མ་ཡིན་པའོ། །

དེ་ནི་དངོས་སུ་སྐྱེད་པར་བྱེད་པའམ་སྣང་བ་འམ་ཐ་དད་པའམ་ཐ་མི་དད་པ་ཡང་བློའི་ཡིན་པར་བསྟན་པ་ནི་འཛིན་པ་ཞེས་བྱ་བ་བསྐྱེད་བྱའི་སྟེ་འཛིན་པར་བྱེད་པའིའོ། །དེའི་ཡང་ཉེ་བར་ལེན་པ་ཡོད་པ་དང་། མྱོང་བ་ཡང་འཛིན་པའི་སེམས་ཀྱི་གཟུགས་ལ་སོགས་པ་བཞིན་དུ་གཟུང་བའི་དོན་གྱི་མཚན་ཉིད་ཡིན་ནོ་

ཞེས་བྱ་བའི་གནས་སྐབས་ཀྱི་ཉེ་བར་བསྡུ་བ་ནི་སེམས་ཀྱི་ཞེས་བྱ་བ་ནས་རྣམ་པར་དབྱེ་བའི་ཞེས་བྱ་བའི་བར་དུའོ། །གཟུགས་ལ་སོགས་པའི་ཁྱད་པར་གྱི་ཚིག་བློ་ལ་ཡང་དེ་ཡོད་པས་ཁྱད་པར་མེད་པའི་ཕྱིར་བསམ་པར་བྱ་བ་ཡིན་ནོ། །གཞན་དུ་སྐྱེད་པར་བྱེད་པ་ཙམ་ལ་ཉེ་བར་ལེན་པ་མེད་པས་དངོས་

སུ་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །གཞན་གྱི་སེམས་དང་དབང་པོ་ཡང་བརྒྱུད་པས་རྗེས་སུ་དཔག་པར་བྱ་བ་ཡིན་གྱི་དངོས་སུ་གཟུང་བར་བྱ་བ་མ་ཡིན་གྱི། གཟུགས་སོགས་གཞན་དུ་མིན་པར་ནི། །བློ་ལ་དངོས་སུ་ཕན་འདོགས་མེད། །ཅེས་གསུངས་པས་གཟུགས་ལ་སོགས་

Vol. 181 · folio 219b

པ་གཟུང་བ་ཉིད་ཡིན་ནོ། །གཟུང་བ་མ་ཡིན་པ་ཉིད་ནི་དངོས་སུ་སྐྱེད་པར་བྱེད་པ་མ་ཡིན་ཏེ་གཟུང་བ་ཉིད་ནི་སྣང་བཞིན་པའོ། །གཟུང་བ་ཉིད་ལས་དྲན་པ་ནི་མ་ཡིན་གྱི་འོ་ན་ཅི་ཞེ་ན། རྗེས་སུ་དཔག་པ་ཉིད་མ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་བློ་ནི་དོན་གྱིས་གོ་བས་ཞེས་བྱ་བའོ། །རྗེས་སུ་དཔག་པ་མ་

བྱུང་ན་ཡང་ཉམས་སུ་མྱོང་བ་དྲན་པ་ཡིན་ན་ཉམས་སུ་མྱོང་བར་བྱེད་པའི་མངོན་སུམ་རྟོགས་པར་བྱེད་པ་ཡིན་ནོ་ཞེས་ཟེར་བ་ལ་གང་ཚེ་ཞེས་བྱ་བ་སྟེ། ཀ་བ་དང་བུམ་པ་ལ་སོགས་པའི་སྤྲོས་པ་སྟེ། རྒྱས་པ་རབ་ཏུ་སྟེ་ཤིན་ཏུ་མང་བ་ཉིད་དུ་བགྲང་བར་བྱ་བ་མང་པོ་ཉིད་གང་ཡིན་པ་དེ་ལའོ། །རིངས་པ་དང་

བཅས་པར་ཞེས་བྱ་བས་བར་དུ་རྗེས་སུ་དཔག་པའི་སྐབས་མེད་པའོ། །དོན་རིག་པའི་བློ་རྗེས་སུ་དཔག་པ་ལ་རང་དང་གཞན་གྱི་དབྱེ་བ་མེད་པར་བསྟན་པ་ནི་དོན་རྟོགས་ལས་ཀྱང་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཕྱོགས་གཉི་གའི་སྐྱོན་ཡིན་པའི་ཕྱིར་རོ། །རང་རིག་ལས་ཞེས་བྱ་བ་ནི་གཞན་

རིགས་པ་མ་ཡིན་པ་ལས་ཏེ་རང་རིག་ཡིན་པར་གནས་ཞེས་བྱ་བའོ། །ཕན་ཚུན་བསྟེན་པ་ནི་གཏན་ཚིགས་མ་གྲུབ་པའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དོན་གཅིག་མ་གྲུབ་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་རྗེས་སུ་དཔག་པས་རིག་པ་མི་རིགས་པའི་ཕྱིར་རོ། །འཛིན་པའི་ནི་ཉེར་ལེན་དང་ཞེས་བྱ་བའི་

དབང་དུ་བྱས་ནས་བསྟན་པ་ནི་དེ་ལ་ཞེས་བྱ་བའོ། །དངོས་སུ་སྐྱེད་པ་དང་སྣང་བའི་གཟུང་བ་ཉིད་ནི་གཞན་གྱི་སེམས་དང་དབང་པོ་ལ་སོགས་པའི་རྗེས་སུ་དཔག་པ་ཡིན་པ་བཞིན་དུ་འུ་བུ་ཅག་ལ་སོགས་པ་ལྟ་བུར་རྣལ་འབྱོར་པའི་ཡང་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ལ། གཟུགས་སྩོགས་དང་ནི་སེམས་

དེ་ལྟར། །ཞེས་བྱ་བའོ། །བསམ་མི་ཁྱབ་ཅེས་བྱ་བ་ནི་གཞན་གྱི་སེམས་ལ་སོགས་པ་རྣལ་འབྱོར་པའི་ཤེས་པ་གང་ཡང་རུང་བའི་ཁྱད་པར་ལས་དངོས་ཁོ་ནས་སྐྱེད་པར་བྱེད་པ་ཡིན་ཏེ། དེས་ན། བདག་གི་མངོན་སུམ་བཞིན་པ་ཡང་། །ཡིད་བཞིན་པ་ལ་དམིགས་པ་ནི། །མངོན་སུམ་ཉིད་དུ་མི་

འདོད་དེ། །ཆོས་ནི་རྣལ་འབྱོར་མངོན་སུམ་ཕྱིར། །ཞེས་བྱ་བས་བསལ་བ་ཡིན་ནོ། །དུབ་པ་ལ་སོགས་པས་འཕོ་བའི་ཚེ་ན་སྐྱེད་པར་བྱེད་པ་ཉིད་ཡིན་གྱི་གཟུང་བ་ཉིད་མ་ཡིན་པའམ། དང་པོ་བྱས་པའི་གཟུགས་ལས་ནི་མ་ཡིན་ནོ་ཞེས་བསྟན་པ་ནི་དེ་ལ་ཞེས་བྱ་བའོ། །གཟུང་བ་ནི་གཟུགས་ལ་སོགས་

Vol. 181 · folio 220a

པའོ། །སྔར་ཞེས་བྱ་བ་ནི་གཟུང་བ་ཉིད་ཡོད་པ་ནི་འགྲོ་བའི་ཚེའི་རྩའི་རེག་པ་དང་མཚན་ཉིད་མི་མཐུན་པའོ། །འཕོ་བ་ན་ཡང་རང་གི་བློ་ཉིད་འཛིན་ན་སྐྱོན་ཅི་ཞིག་ཡོད་ཅེས་ཟེར་བ་ལ་དེའི་ཕྱིར་ཞེས་བྱ་བའོ། །དེ་མ་ཐག་པ་ནི་དངོས་སུའོ། །གཞན་དུ་ན་ཞེས་བྱ་བ་ནི་དོན་

ཉིད་གཟུང་བར་མི་འགྱུར་བའོ། །སྐྱེ་བ་དང་འཛིན་པ་ཡང་ཞེས་བྱ་བའི་འབྲས་བུ་ཐ་དད་པས་རྒྱུའི་ནུས་པ་ཡང་ཐ་དད་པ་མ་ཡིན་ནམ་དུབ་པ་ལ་སོགས་པས་གཅིག་ཞིག་ན་ཡང་སྐྱེད་པའི་ནུས་པ་ཡོད་པ་ཁོ་ནར་བསྟན་པ་ནི་ནུས་པ་དུ་མ་ཞེས་བྱ་བའོ། །དངོས་པོའི་ངོ་བོའི་ནུས་པའི་རྗེས་སུ་འགྲོ་བ་ལ་

སོགས་པས་འཛིན་པ་ནི་དབང་པོ་ལས་འདས་པ་ཉིད་ཀྱི་ཡུལ་མ་ཡིན་པས་རྒྱུ་ཉིད་དུ་མ་རྟོགས་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་ནི་རང་བཞིན་ཉིད་ཀྱིས་ཏེ་རང་བཞིན་ཉིད་སྐྱེད་པར་བྱེད་པ་ཡིན་ན་ཐམས་ཅད་ཀྱི་ཚེ་ཅིས་མི་ནུས་པ་ཡིན་ཞེ་ན། ངོ་བོའི་ཁྱད་པར་ནི་ནུས་པ་བཞིན་དུ་རེས་འགའ་ཡིན་ཏེ། སྔར་མཐོང་བ་

ངོ་ཤེས་པ་ནི་འདྲ་བའི་ཡུལ་ཅན་ཡིན་པའི་ཕྱིར་ཡུལ་གཅིག་ཉིད་ཡིན་ན་ནུས་པ་ཡང་དངོས་པོའམ་རྒྱུ་མ་ཡིན་ཏེ། རྗེས་སུ་འགྲོ་བ་ལ་སོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དངོས་པོའི་ངོ་བོ་གཅིག་ལས་འབྲས་བུ་སྣ་ཚོགས་པ་མ་ཡིན་ཏེ་རིམ་གྱིས་སམ་ཅིག་ཅར་ཉིད་མི་རིགས་སོ་སྙམ་དུ་

སེམས་པ་ལ་མ་ཡིན་འགའ་ཞིག་ཅེས་བྱ་བ་སྨོས་ཏེ། གཅིག་ནི་སྐྱེད་པར་བྱེད་པ་མ་ཡིན་ཏེ་རིམ་དང་ཅིག་ཅར་ཉིད་དུ་འགལ་བའི་ཕྱིར་རོ། །བྱེད་པ་གཞན་གྱིས་ཀྱང་མ་ཡིན་ཏེ། བྱེད་པ་གཞན་དང་འབྲེལ་པས་ཐུག་པ་མེད་པའི་ཕྱིར་རོ། །མ་ཡིན་ཞེས་བྱ་བས་མཚམས་བཅད་ནས་ཕྱོགས་སྔ་

མ་བཀག་པ་ཡིན་ནོ། །འདི་བསྟན་པ་ནི་ཚོགས་པ་ཡོད་ན་ཞེས་བྱ་བའོ། །ཡོད་པ་ཉིད་སྤྲོས་ནས་བཤད་པ་ནི་འགའ་ཞིག་ཅེས་བྱ་བའོ། །རྒྱུའི་སྤྲོས་པ་དེ་ཅི་ལས་ཤེ་ན་རང་གི་རྒྱུ་ཉིད་ལས་ཞེས་བྱ་བའོ། །འགའ་ཞིག་མ་ཡིན་ཞེས་བྱས་ནས་ངག་གཅིག་གིས་ཀྱང་བསྟན་པ་ནི་ཡང་ན་གང་ཞེས་བྱ་

བའོ། །ཚོགས་པ་གཉིས་ལ་གཅིག་ནི་གཅིག་ཏུ་འཛིན་པའི་ཡུལ་ཡིན་ལ། གཅིག་པ་དེ་དུ་མ་བྱེད་པ་ཡིན་ནོ། །གལ་ཏེ་གཅིག་ལས་ཀྱང་ལྷན་ཅིག་བྱེད་པའི་ཚོགས་པར་འགྱུར་བ་ཐ་དད་པ་ལས་འབྲས་བུ་སྣ་ཚོགས་པ་ཡིན་པ་དེ་ལྟ་ན་ཤེས་པ་ལས་ཀྱང་ཤེས་པ་དོན་དང་བདག་ཉིད་ལ་འཕོ་བ་ན་གཉི་

Vol. 181 · folio 220b

ག་འཛིན་པར་བྱེད་པར་གྱུར་ཞེས་ཟེར་བ་ནི་གལ་ཏེ་ཞེས་བྱ་བའོ། །གཞན་ནི་འཕོ་བའི་དུས་ན་འབྱུང་བའོ་ཞེས་བྱ་བ་ནི་གཞན་གྱི་ཕྱོགས་རྗེས་སུ་བརྗོད་པའོ། །སྔ་ཕྱིར་ཞེས་བྱ་བ་ནི་སུན་དབྱུང་བ་སྟེ་ཤེས་པ་སྔ་མ་དོན་དུ་སྣང་བ་ཡིན་པའི་ཕྱིར་དེར་སྣང་བ་དང་། དོན་དུ་སྣང་བ་དང་འཕོ་བའི་དོན་དུ་

སྣང་བ་ཡང་དཔྱོད་པ་ལ་སོགས་པའི་སེམས་པ་གཅིག་ཅེས་བྱ་བ་ནི་རྟོག་པ་དང་རྟོག་པ་མེད་པའི་གནས་སྐབས་དག་ལའོ། །དེ་ལ་ཅིར་འགྱུར་ཞེ་ན་བརྗོད་གཉིས་ཞེས་བྱ་བ་སྟེ་ཤེས་པ་དང་བརྗོད་པའི་ངོ་བོ་ཐ་སྙད་གཉིས་རིམ་གྱིས་མཐོང་བའོ། །རིམ་མིན་ཏེ་ཅིག་ཅར་ཉམས་སུ་མྱོང་བར་འགྱུར་བ་སྟེ།

འབྲས་བུས་རྒྱུ་མཚོན་པ་ལས་ཡི་གེ་ཨི་འཛིན་པ་ནི་ཡི་གེ་འཛིན་པ་ཡིན་ལ་དེ་སྣང་བ་ན་ཤེས་པ་སྔ་མ་སྣང་བའི་ཕྱིར་ཞེས་བྱ་བ་ནི་གཞན་ནོ། །ཡུལ་གཞན་ལ་འཕོ་བའི་སྔ་རོལ་ཡང་ཡུལ་གྱི་ཤེས་པ་ཡུལ་དུ་སྣང་བ་དང་དེའི་ཤེས་པའི་ཤེས་པར་ཡང་འགྱུར་བར་བསྟན་པ་ནི་གཉིས་གཉིས་ཞེས་བྱ་བ་སྟེ།

བདག་ཉིད་ཀྱང་དོན་གྱིས་དང་དེའི་རིག་པ་དང་དོན་གྱི་རིག་པའོ། །སྔར་གྱི་བློ་ཡང་ཡིན་ལ་གཟུགས་ལ་སོགས་པའི་དོན་ཡང་འཛིན་པ་དེ་དག་གི་འཛིན་པ་ཡིན་ནོ། །གཟུགས་ལ་སོགས་པའི་དེ་མ་ཐག་ཏུ་བརྗོད་པ་གཉིས་པོ་རིམ་པ་མ་ཡིན་པར་སྣང་བར་འགྱུར་རོ་ཞེས་བརྗོད་པས་ཡི་གེ་གཉིས་པ་འདི་ལ་ཡང་འདོད་པ་ཡིན་

ནོ། །རང་གིས་ཞེས་བྱ་བ་ནི་གཟུང་བར་འདོད་པའི་བདག་ཉིད་ཁོ་ནས་སོ། །གཞན་གྱིས་ནི་བདག་དང་ཡིད་ཕྲད་པ་ལས་སྐྱེས་པའི་ཤེས་པ་གཞན་གྱིས་སོ། །དོན་གྱིས་གོ་བས་ཀྱང་ཞེས་བྱ་བ་ནི་ལན་ནོ། །འབྲེལ་པ་ཉམས་སུ་མྱོང་བ་ལ་མི་ལྟོས་པ་དོན་ཉམས་སུ་མྱོང་བའི་ཤུགས་ལས་བྱུང་བའི་

ཕྱིར་རྟག་ཏུ་ཉམས་སུ་མྱོང་བ་ལ་ཡང་འགྱུར་རོ་ཞེས་ཟེར་བ་ལ་གལ་ཏེ་དོན་གྱི་ཤུགས་ཀྱིས་ཞེས་བྱ་བའོ། །བརྒྱར་ཞེས་བྱ་བ་ནི་ཉེ་བར་མཚོན་པའོ། །ཉམས་སུ་མྱོང་བ་ལས་མཐོང་བའམ་ཐོས་པའི་དོན་གྱིས་ཕྱིས་གཞན་དུ་མི་འཐད་པའི་ཕྱིར་དོན་གཞན་དུ་རྟོག་པའི་དོན་གྱིས་གོ་བ་ནི་ཚོགས་པ་

མེད་པའི་ཕྱིར་མི་འགྱུར་བར་བསྟན་པ་ནི་དེ་ཚེའང་ཞེས་བྱ་བས་ཏེ་ཉམས་སུ་མྱོང་བའི་ཕྱིས་ཀྱིའོ། །དོན་གྱིས་གོ་བས་བྱས་པའི་བྱེད་པ་པོའི་སྟེ་དོན་གྱི་ཤེས་པའིའོ། །དྲན་པ་ཉིད་ཅེས་བྱ་བ་ནི་དྲན་བཞིན་པའི་དྲན་པ་མེད་ན་དྲན་པ་ལས་ཉམས་སུ་མྱོང་བའི་རྟོགས་པ་མི་འབྱུང་ལ་དེ་མེད་ན་དྲན་བཞིན་

Vol. 181 · folio 221a

པ་མེད་པའི་ཕྱིར་རོ་ཞེས་ཟེར་བ་ནི་འོན་ཏེ་ཞེས་བྱ་བའོ། །དྲན་པ་ལས་ཉམས་སུ་མྱོང་བར་གྱུར་པ་ཉིད་སྐྱེད་པ་ཉིད་ཀྱིས་དེ་ཡུལ་ཡིན་པ་ཉིད་ཀྱི་ཕྱིར་བློ་རྟོགས་པ་མ་ཡིན་པར་བསྟན་པ་ནི་བདག་གིས་ཞེས་བྱ་བའོ། །མྱོང་བའི་ངོ་བོའི་བློ་ལ་དྲན་པ་འཁྲུལ་པ་འདི་ལ་ཡང་། །

ཕྱིས་ནི་ཤེས་རྣམས་ལ་ཤེས་འགྱུར། །འདི་ནི་དེ་ཚེ་དོན་དྲན་ལས། །ཞེས་བྱ་བ་ལ་སོགས་པ་མི་རིགས་པར་བསྟན་པ་ནི་དེའི་ཚེ་སྔར་ཞེས་བྱ་བ་སྟེ་ཁས་མ་བླངས་པའི་ཕྱིར་རོ། །ཕྱིས་ཀྱང་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་གྱུར་པ་དྲན་པས་དེའི་རྒྱུ་མཚན་དབང་པོ་ལ་སོགས་པ་ཉིད་རྟོགས་པའི་ཕྱིར་རོ། །

གང་གང་ཞིག་ཅེས་བྱ་བ་ནི་དོན་ནམ་ཤེས་པའིའོ། །གང་གི་ཕྱིར་མྱོང་བ་དེའི་ཕྱིར་མྱོང་བ་ཡིན་ཞེས་བྱ་བ་ནི་སྔ་མའིའོ། །གང་གི་ཕྱིར་དྲན་པ་ནི་དྲན་བཞིན་པའི་དོན་གྱིའོ། །དེ་ལས་དྲན་པ་ནི་དྲན་བཞིན་པའི་ཡུལ་ལའོ། །ཆེར་ཞེས་བྱ་བ་ནི་དང་པོ་ལ་དབྱེ་བ་མེད་པའི་ཕྱིར་དང་གཉིས་པ་ལ་ཡང་བློ་མ་

རྟོགས་པའི་ཕྱིར་རོ། །དྲན་པ་ལས་ཀྱང་བདག་རིག་འགྲུབ། །ཤེས་པ་གཞན་གྱིས་རིག་ན་ནི། །ཞེས་བྱ་བ་ནས་བརྩམས་ནས་སློབ་དཔོན་ཉིད་ཀྱི་ལན་ཡིན་ནོ། །དེའི་ཕྱིར་རང་ཉིད་ཀྱིས་བསྟན་ནས་སློབ་དཔོན་གྱིས་ཡུལ་གཞན་དུ་འཕོ་ཞེས་བྱ་བ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་སོ། །དོན་

དང་ནི་རྣམ་ཤེས་སྔ་མ་ཞེས་བྱ་བ་བློ་གཅིག་གིས་གཉི་ག་འཛིན་པ་ལ་སྐྱོན་བསྟན་ནས། བློ་མི་འཛིན་པའི་སྐྱོན་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །ཐ་མའི་ནི་ཤེས་པའི་ཤེས་པའོ། །ཉམས་སུ་མྱོང་མིན་ན་ཞེས་བྱ་བ་ནི་རིག་པ་མ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །གཞན་གྱིས་

ཉམས་སུ་མྱོང་བ་བཞིན། །ཞེས་བྱ་བ་ནི་གཞན་གྱིས་གཞན་གྱི་ཉམས་སུ་མྱོང་བ་ཉམས་སུ་མ་མྱོང་བའི་ཕྱིར་ཉམས་སུ་མྱོང་བ་མ་ཡིན་པ་དེ་བཞིན་དུ་བདག་ཉིད་ཀྱིས་ཉམས་སུ་མྱོང་བར་གྱུར་པ་ཡང་ཡིན་པའི་ཕྱིར་ཐམས་ཅད་དེ་སྔར་ཉམས་སུ་མྱོང་བ་མ་ཡིན་པའོ། །ཇི་ལྟར་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་

ཉམས་སུ་མྱོང་བ་མ་ཡིན་ནའོ། །གཞན་གྱི་ཉམས་སུ་མྱོང་བ་གཞན་གྱིས་ཉམས་སུ་མྱོང་བའི་ཕྱིར་ནི་མ་ཡིན་ན་འོ་ན་ཅི་ཞེ་ན། རང་ཉིད་ཀྱིས་ཉམས་སུ་མ་མྱོང་བའི་ཕྱིར་ཉམས་སུ་མྱོང་བ་མ་ཡིན་པ་དེ་བཞིན་དུ་རང་གི་ཉམས་སུ་མྱོང་བ་རང་ཉིད་ཀྱིས་ཉམས་སུ་མྱོང་བ་མ་ཡིན་ཏེ། གཞན་གྱིས་ཉམས་

Vol. 181 · folio 221b

སུ་མ་མྱོང་བའི་ཕྱིར་རོ་ཟེར་བ་ནི་གལ་ཏེ་གཞན་ཞེས་བྱ་བའོ། །གཞན་གྱིས་ཉམས་སུ་མྱོང་བ་མྱོང་བ་མེད་ན་ཉམས་སུ་མྱོང་བར་འགྱུར་བཞིན་པའི་གཞན་གྱིས་ཉམས་སུ་མྱོང་བ་མེད་དོ། །དེ་བཞིན་དུ་རང་ལ་ཡང་བརྗོད་པ་ཡིན་པར་བསྟན་པ་ནི་ཇི་ལྟར་གཞན་གྱིས་ཞེས་བྱ་བའོ། །མྱོང་བར་བྱས་པ་ནི་ཕྱི་རོལ་

གྱི་དངོས་པོའོ། །ཉམས་སུ་མྱོང་བ་གཞན་ཡིན་ན་དེ་ཡང་བདག་ཉིད་ཀྱིས་ཡིན་ནོ། །བདག་དང་ཅིག་ཤོས་ཀྱི་ཉམས་སུ་མྱོང་བ་དག་གིས་མངོན་སུམ་དང་ཅིག་ཤོས་དག་ཡིན་གྱི་ཉམས་སུ་མྱོང་བ་དག་ཅིག་ཤོས་ཏེ། ཉམས་སུ་མ་མྱོང་བ་དག་གིས་ནི་མ་ཡིན་ནོ་ཞེས་ཟེར་བ་ནི་གལ་ཏེ་བདག་མྱོང་ཞེས་

བྱ་བའོ། །གང་ལས་ཞེས་བྱ་བ་ནི་རང་རིག་པ་ལས་ནི་མ་ཡིན་ཏེ། ཁས་མ་བླངས་པའི་ཕྱིར་དང་། ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ལ་ཡང་སྐྱོན་བརྗོད་པའི་ཕྱིར་རོ། །གང་གིས་ཏེ་ཉམས་སུ་མྱོང་བ་སྒྲུབ་པར་བྱེད་པ་བདག་ཉིད་ཀྱིས་སོ། །དེ་སྐད་ཅེས་བྱ་བ་ནི་རང་ཉིད་ཉམས་སུ་མྱོང་བར་གྱུར་

གྱི་ཅིག་ཤོས་ནི་མ་ཡིན་པའོ། །རང་ཉིད་ཉམས་སུ་མྱོང་བར་གྱུར་པ་ནི་རང་ངམ་གཞན་གྱིས་ཀྱང་མི་འགྲུབ་པ་མ་ཡིན་ནམ། དེ་ལྟ་ན་དངོས་པོ་མ་གྲུབ་པ་མ་ཡིན་པར་བསྟན་པ་ནི་གསལ་བ་རྣམས་ཀྱིས་གསལ་བ་ཉིད་དེའི་རྒྱུ་གསལ་བ་ཡིན་ལ། དེ་མ་གྲུབ་པའི་ཕྱིར་མི་འགྱུར་བ་གང་གི་ཞེ་ན་

གསལ་བར་ཏེ་གསལ་བ་ལས་གསལ་བར་འདོད་པའི་ནི་གསལ་བར་ཁས་ལེན་པའིའོ། །གསལ་བར་གྱུར་པའི་ངོ་བོ་བཞིན་དུ་གསལ་བ་མ་གྲུབ་ན་གསལ་བ་ཉིད་ཀྱིས་ཁྱབ་པར་བྱ་བ་ཡང་མི་འགྱུར་བར་བསྟན་པ་ནི་གལ་ཏེ་གསལ་བ་མ་གྲུབ་ཀྱང་ཞེས་བྱ་བ་སྟེ། གསལ་བའི་རྒྱུ་རྣམས་མིག་

ལ་སོགས་པ་མ་གྲུབ་པའོ། །གསལ་བ་ཞེས་བྱ་བ་ནི་ཤིན་ཏུ་མ་འབྲེལ་པ་མ་ཡིན་ནམ། གསལ་བར་གྱུར་པ་མི་འགྲུབ་པ་མ་ཡིན་ལ་གནས་སྐབས་དེའི་རྒྱུ་མ་གྲུབ་པ་ལ་ཁས་བླངས་པ་དགོས་པ་ཅན་ཡིན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །རང་རིག་པ་མ་ཡིན་ན་ནི་བདག་དང་འབྲེལ་པ་ཅན་ཉིད་

དུ་མི་འགྱུར་བ་སྟེ་ཡིན་ནའོ། །ཉོན་མོངས་བཅས་པའི་སེམས་ཀྱི་དྲི་མ་སྤངས་པས་བྱ་བ་བྱས་བློར་ལྡན་གྱུར་ལ། །བཟོད་པ་རྒྱ་ཆེན་བྱེད་ཅིང་ལྷག་པའི་བྱམས་པ་དང་ལྡན་ཚོགས་པའི་དམ་པར་བཅས། །མཉམ་གཞག་ཕུལ་དུ་བྱུང་བས་ཇི་བཞིན་དོན་རྟོགས་གྱུར་པའི་རྒྱལ་བ་ཅན་རྣམས་ཀྱི། །

Vol. 181 · folio 222a

མཛེས་པའི་ཚིག་གི་རྒྱུན་གྱིས་མཁས་པ་རྣམས་ཀྱི་བློ་ཡི་དགའ་བ་སྐྱེད་པར་བྱེད། །ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད་མཁན་པོ་རྒྱལ་བ་ཅན་གྱིས་མཛད་པ་ལེའུ་གཉིས་པའོ།། །།མངོན་སུམ་གྱིས་དེ་མ་ཐག་ཏུ་གཞན་གྱི་དོན་གྱིས་ཁྱད་པར་དུ་བྱས་

པའི་རྗེས་སུ་དཔག་པ་མ་ཡིན་གྱི་ཁྱད་པར་དུ་མ་བྱས་པའི་ཚིག་དང་རྗེས་སུ་དཔག་པ་ཡང་གཞན་དོན་དུ་འགྱུར་རོ། །འབྲེལ་པའི་ཡུལ་རྟོག་པར་བྱེད་པ་ཉིད་ཀྱི་ཕྱིར་མངོན་སུམ་དུ་ཡང་འགྱུར་རོ། །མངོན་སུམ་ལ་ཚིག་གིས་ཅི་ཞིག་བྱ་ཞེ་ན་རྗེས་སུ་དཔག་པ་ལ་ཡང་མཚུངས་སོ། །གཞན་ལ་རྗེས་སུ་དཔག་པ་

མེད་པ་བཞིན་དུ་མངོན་སུམ་མེད་པ་ཡང་ངོ་། །རང་ཉིད་ཀྱིས་ཚུལ་གསུམ་པས་རྟོགས་ནས་རྟོགས་པར་བྱེད་པ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཉིད་ཡིན་ན། མངོན་སུམ་ལས་རྟོགས་ནས་རྟོགས་པར་བྱེད་པ་འདི་ན་ཡང་དེ་ཉིད་ཡིན་ཏེ། དེ་ལས་ཀྱང་རྟོགས་བཞིན་པ་ནི་ཚིག་གི་རྟགས་ཀྱི་རྣམ་པར་རྟོགས་པ་

ལས་རྟོགས་པར་འགྱུར་བའི་ཕྱིར་རྟོགས་པར་བྱེད་པ་པོའི་རང་གི་དོན་གཞན་གྱི་དོན་ཡིན་ན། མངོན་སུམ་ཡང་འགྱུར་རོ་སྙམ་དུ་སེམས་པ་ལ་རང་གི་དོན་གྱི་རྗེས་སུ་དཔག་པའི་ཞེས་བྱ་བ་སྨོས་ཏེ། མངོན་སུམ་གྱིས་ཀྱང་རྟོགས་ནས་འདི་འདི་ལ་སྨྲ་བར་བྱའོ་ཞེས་བྱ་བས་བརྟགས་པའི་ཡུལ་ཉིད་རྗོད་པར་

བྱེད་པ་ཡིན་ཏེ། རང་གི་དོན་གྱི་རྗེས་སུ་དཔག་པའི་དེ་མ་ཐག་ཏུ་རྣལ་འབྱོར་པ་མ་ཡིན་པའི་ཡང་གནས་སྐབས་སྔ་མ་ལ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །འདིའི་བར་ན་མངོན་སུམ་རང་གི་དོན་ཡོད་ཀྱང་རྣམ་པར་དབྱེ་བའི་ཆེད་དུ་སོ་སོར་བསྟན་པ་ཡིན་ནོ། །དེ་ལྟར་ན་ནི་སྨྲ་བ་པོ་གཉིས་ཀྱིས་བྱེ་བྲག་མེད་དོ་

ཞེས་བྱ་བའི་རྒོལ་བ་སེལ་བ་ཡིན་ནོ། །ཡང་ན་ཚད་མ་དང་ཅིག་ཤོས་ཀྱི་རྣམ་པར་དཔྱད་པ་ནི་རྗེས་སུ་དཔག་པས་ཡིན་པའི་ཕྱིར་དེ་ཉིད་དང་པོར་རྣམ་པར་བཀོད་ནས་གཉིས་པས། དེ་ཉིད་ཚད་མ་མི་སླུ་ཅན། །ཞེས་བྱ་བས་སྤྱིས་ཀྱང་རྣམ་པར་ཕྱེ་ནས་མངོན་སུམ་གྱིས་མཚོན་ཏེ་དེའི་འོག་ཏུ་དེ་གཉི་གས་ངེས་པར་

རྟོགས་པ་གཞན་ལ་བརྗོད་པ་སྟེ། སྨྲ་བ་པོའི་གཞན་དོན་དང་ཉན་པ་པོའི་རྗེས་སུ་དཔག་པ་ཡང་ཡིན་ཏེ། འབྲེལ་པ་རྟོགས་པས་རྟགས་ཡིན་པའི་ཕྱིར་རོ། །ཡང་ན་རྗེས་སུ་དཔག་པས་སྤྱིར་རྣམ་པར་བཞག་ནས་བསྒོམས་པས་ནི་ཁྱད་པར་མངོན་སུམ་ཡིན་ལ། སྙིང་རྗེས་གཞན་ལ་དེ་ལྟར་སྟོན་

Vol. 181 · folio 222b

པ་ནི་རྟགས་མེད་ན་རྟོགས་པར་བྱེད་པ་མི་ནུས་པ་དེའི་ཕྱིར་ཚུལ་གསུམ་པའི་རྟགས་བརྗོད་པ་ནི་ལེའུ་དང་པོར་རྣམ་པར་གཞག་པའི་རང་གི་དོན་གྱི་རྗེས་སུ་དཔག་པའི་དེ་མ་ཐག་པ་ཉིད་ཡིན་པར་འདི་ཁོ་ནར་ཡིན་ཏེ། གཞན་གྱི་དོན་ནི་རང་གི་དོན་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །རང་གིས་མཐོང་བ་

ནི་མངོན་སུམ་དང་རྗེས་སུ་དཔག་པས་མཐོང་བའོ། །འདིས་རབ་ཏུ་གསལ་བར་བྱེད་པའི་ཕྱིར་རབ་གསལ་བྱེད་པ་ཡིན་ཏེ། ངེས་པར་བྱེད་པ་ཡིན་གྱི་ཚིག་ཙམ་ལས་ནི་མ་ཡིན་ནོ། །རང་གིས་མཐོང་དོན་ཞེས་བྱ་བའི་རྗེས་སུ་འཇུག་པས་རང་གིས་མཐོང་བའི་དོན་ལས་གསལ་བར་བྱེད་པ་ཡིན་ནོ་ཞེས་གྲུབ་པའོ། །

རང་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ། །དེ་དག་རྣམས་ཀྱི་ཡང་ཞེས་བྱ་བ་ནི་བྱེད་པ་པོའི་དྲུག་པའོ། །ལོག་པར་རྟོགས་པའོ་ཞེས་བྱ་བ་ནི་རང་གིས་མཐོང་བའི་དོན་གྱིས་བཟློག་པར་བྱ་བ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་གསལ་བར་བྱེད་པའོ། །རང་གིས་མཐོང་བའི་དོན་ནི་གསལ་བར་བྱེད་པའི་

གནས་སྐབས་ལས་ཚུལ་གསུམ་ཡིན་ཏེ་གཞན་གྱིས་མི་ནུས་པའི་ཕྱིར་རོ་ཞེས་བསྟན་པ་ནི་ཚུལ་གསུམ་པའི་ཞེས་བྱ་བའོ། །བསྒྲུབ་བྱ་ལ་ནི་ཐེ་ཚོམ་ཟ་བ་ཡིན་ལ། སྒྲུབ་བྱེད་ནི་ངེས་པ་ཡིན་གསལ་བར་བྱེད་པ་དང་རྗེས་སུ་དཔག་པའི་དོན་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི་ཚུལ་གསུམ་པའི་

རྟགས་ལས་ཞེས་བྱ་བའོ། །ལུང་ལས་གྲུབ་པ་དོན་མེད་པའི་ཚིག་ལ་གཞན་གྱི་དོན་གྱིས་རྗེས་སུ་དཔག་པ་ཉིད་ཡིན་པར་ལོག་པར་རྟོགས་པ་སེལ་བའི་དབང་དུ་བྱས་པའི་ངག་ལ་མ་ཚང་བ་ཉིད་ལ་སོགས་པ་ཡིན་པར་རྒོལ་བར་མི་རིགས་སོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །ཚིག་ནི་རྗེས་སུ་

དཔག་པའི་རྒྱུ་ཡིན་པས་རྗེས་སུ་དཔག་པ་ཡིན་གྱིས་མངོན་སུམ་ནི་མ་ཡིན་ཏེ། དེའི་རྒྱུ་མ་ཡིན་ནོ་ཞེས་བསྟན་པ་ནི་ཇི་ལྟར་ཚིག་ལས་ཞེས་བྱ་བའོ། །ཚིག་ལས་དྲན་པ་ཡིན་ན་བསྒྲུབ་བྱ་མེད་ན་མི་འབྱུང་བའི་དྲན་པ་ཉིད་རྗེས་སུ་དཔག་པ་ཡིན་པར་བསྟན་པ་ནི་ཚུལ་གསུམ་ཞེས་བྱ་བའོ། །དྲན་པ་

མངོན་སུམ་མ་ཡིན་པར་བསྟན་པ་ནི་རང་རིག་གིས་ཞེས་བྱ་བའོ། །ཚིག་ལས་ཅིའི་ཕྱིར་མ་ཡིན་ཞེ་ན། དུ་བ་ལས་འདིར་ཡང་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་དྲན་པར་བྱ་བའམ་དྲན་པ་ལ་བརྗོད་ཀྱི་བྱ་བ་ནི་ཚིག་ཏུའོ། །དོན་མེད་དོ་ཞེས་བྱ་བ་ནི་མ་རྟོགས་པའི་དོན་རྟོགས་པར་བྱེད་པས་ཏེ་རྒོལ་བ་པོ་

Vol. 181 · folio 223a

ཡིན་པའི་ཕྱིར་རོ། །རྟོགས་པ་བྱུང་བ་ནི་རྟོགས་པར་གྱུར་པའོ། །དོན་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་ཚིག་ལས་དེ་དང་འདྲ་བ་ཉིད་ཀྱི་རྗེས་སུ་དཔག་པ་ནི་མངོན་སུམ་ལ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ལ་དེའི་འདྲ་བ་ཉིད་ཀྱི་རྗེས་སུ་དཔག་པའི་རང་བཞིན་དུ་

འགྱུར་བ་ནི་རང་གི་དོན་ལ་ཡང་ཡིན་ཏེ། དེ་ཉིད་དང་རྗེས་སུ་འབྲེལ་པ་མ་ཡིན་པས་རང་གི་དོན་མ་ཡིན་པར་བསྟན་པ་ནི་རང་དོན་རྗེས་དཔག་ཅེས་བྱ་བའོ། །འདིར་སྨྲས་པ་ཞེས་བྱ་བ་ནི་རྒོལ་བའོ། །རང་གི་དོན་ལ་རང་བཞིན་འཇུག་ཀྱང་འབྲས་བུ་ཉིད་ཉམས་པ་མ་ཡིན་ནོ་ཞེས་ཟེར་བ་ནི་འགལ་བ་ཅི་ཞིག་

ཡོད་ཅེས་བྱ་བའོ། །གཞན་གྱི་དོན་ལ་ནི་དེ་ཉམས་པ་ཡིན་ནོ་ཞེས་ཟེར་བ་ནི་གཞན་གྱི་དོན་གྱིས་རྗེས་སུ་དཔག་པར་ཞེས་བྱ་བའོ། །ཇི་ལྟར་སྲིད་པ་ཞེས་བྱ་བ་ནི་གཞན་གྱི་དོན་དུ་རང་བཞིན་ཁོ་ན་ཡིན་པའོ། །གཞན་ལ་ཞེས་བྱ་བ་ནི་འབྲས་བུ་ལའོ། །ཇི་ལྟར་སྲིད་པ་ནི་གཏན་ཚིགས་གྲུབ་པ་ལ་འབྲེལ་

པའི་དོན་དུ་དང་། འདི་མ་གྲུབ་ན་གཏན་ཚིགས་ཀྱི་དོན་དུ་དང་གཉི་ག་མ་གྲུབ་ན་གཉི་གའི་དོན་དུའོ། །ཚིག་ནི་རྗེས་སུ་དཔག་པ་ཉིད་ཀྱིས་ཚད་མ་ཉིད་ཡིན་པས་ཚད་མ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དབང་དུ་བྱས་པར་འདིར་མ་ཡིན་པར་བསྟན་པ་ནི་ཚིག་ལ་ཞེས་བྱ་བ་སྟེ། རྗེས་སུ་དཔག་པ་མ་

ཡིན་པའི་ཚིག་ཀྱང་ཚད་མ་ཡིན་ཏེ། རྒོལ་བ་བསྟན་པ་ནི་ཇི་སྐད་དུ་ཞེས་བྱ་བའོ། །མེད་པར་འགྱུར་རམ་ཅི་ཞེས་བྱ་བ་ནི་དྲན་ནས་ཀྱང་འབྱུང་བའི་ཕྱིར་རོ། །དེ་ལྟ་བུའི་དོན་ཅན་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པར་རྟོགས་པའི་དོན་ཅན་ནོ། །མངོན་སུམ་ལྟར་ཞེས་བྱ་བ་ནི་རིག་བྱེད་ཀྱི་ཚིག་ལས་མངོན་

སུམ་གྱི་ཤེས་པ་ཡིན་ནོ་ཞེས་ཟེར་བས་སོ། །རྗེས་སུ་དཔག་པ་ཡིད་ཆེས་པའི་གནས་ཇི་ལྟར་ཡིན་ཞེ་ན་འབྲེལ་པའི་ཕྱིར་རོ་ཞེས་བསྟན་པ་པ་ནི་རྗེས་སུ་འགྲོ་དང་ཞེས་བྱ་བའོ། །རྗེས་སུ་དཔག་པ་བཞིན་དུ་རིག་བྱེད་ཀྱང་འགྱུར་རོ་ཞེས་ཟེར་བ་ལ་ཡང་ན་ཞེས་བྱ་བའོ། །ངག་ལ་ལོག་པར་རྟོགས་པ་བསལ་

བའི་དོན་ཉིད་བསྟན་པ་ནི་གཞན་ལ་ཞེས་བྱ་བའོ། །གཞན་དག་གིས་མཐོང་བ་ཞེས་བྱ་བ་ནི་ལུང་ལས་སོ། །བདག་མཐོང་བའི་ཚིག་ནི་རང་གིས་མཐོང་བའི་ཚིག་གོ། །རང་ཉིད་ཀྱིས་ཞེས་བྱ་བ་ནི་ངེས་པར་གཟུང་བ་དང་བཅས་པས་གཞན་གྱིས་མཐོང་བ་ཐམས་ཅད་རྣམ་པར་བཅད་ན་རང་ཉིད་ཀྱིས་ལུང་

Vol. 181 · folio 223b

ལས་གྲུབ་པའི་རྟགས་ཉིད་ཐོབ་པར་འགྱུར་རོ་ཞེས་ཟེར་བ་ནི་གལ་ཏེ་དེ་ལྟར་ན་ཞེས་བྱ་བའོ། །གཞན་ཁོ་ནས་ཞེས་བྱ་བའི་ངེས་པ་ཡིན་ན་རང་གི་མཐོང་བ་བཀག་པས་གཉི་ག་ལ་གྲུབ་པ་ཉིད་དུ་འགྱུར་བར་བསྟན་པ་ནི་མ་ཡིན་ཏེ་གཉི་གས་ཞེས་བྱ་བའོ། །རང་གི་བརྗོད་བྱ་ལས་ནི་སྒྲའི་ནུས་པ་ཡིན་ལ། གཞན་

ལ་འཇུག་པ་ནི་དེའི་ཤུགས་ཀྱིས་ཡིན་པར་བསྟན་པ་ནི་ཇི་ལྟར་གནས་པ་ཉིད་དོ་ཞེས་བྱ་བའོ། །དེའི་དོན་ཞེས་བྱ་བ་ནི་ལོག་པར་རྟོགས་པ་བསལ་བའི་དོན་ཡིན་པར་མི་རིགས་སོ་ཞེས་བྱ་བར་སྦྱར་རོ། །གང་གི་དོན་དུ་ཞེས་བྱ་བ་ནི་རང་གི་བརྗོད་བྱའི་དོན་དུའོ། །གཞན་ཉིད་ཀྱིས་ཞེས་བྱ་བ་བཀག་པས་དེ་ཐོབ་པའི་

ཕྱིར་གཞན་གྱིས་ནི་ཕྱིར་རྒོལ་བའོ། །གཞན་གྱིས་ནི་རྒོལ་བ་པོས་སོ། །ཡོངས་སུ་ཤེས་པ་ནི་ཕྱིར་རྒོལ་བའིའོ། །གཞན་ལ་ནི་ཕྱིར་རྒོལ་བའོ། །རང་གིས་ནི་རྒོལ་བ་པོས་སོ། །གཞན་ལ་ནི་ཕྱིར་རྒོལ་བ་ལ་གྲུབ་པས་སོ། །དེ་ཉིད་དུ་ནི་རྒོལ་བ་པོས་ཡོངས་སུ་ཤེས་པའོ། །གང་གིས་དེ་ལྟ་ཡིན་

པ་དེས་ནའོ། །དོན་ལ་རང་གི་རྟོགས་པ་མེད་ཀྱང་རྗོད་པར་བྱེད་པ་བཞིན་དུ་གཞན་གྱིས་རྟོགས་པ་མ་ཡིན་ནམ། རྟོགས་པ་ཡོད་ན་ཚིག་འབྱུང་བར་བསྟན་པ་ནི་ཚུ་རོལ་མཐོང་བས་ཞེས་བྱ་བ་སྟེ། རྗོད་པར་བྱེད་པ་ཉིད་ལ་སོགས་པ་ཡང་རང་ཉིད་ཀྱིས་མ་ཤེས་པ་གཞན་གྱིས་ཤེས་སོ་ཞེས་བྱ་བ་ནི་

ཐ་སྙད་ལ་སོགས་པས་ཤེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གིས་ཀྱང་ཞེས་བྱ་བ་ནི་དེ་རྟོགས་པ་ཡིན་ཏེ། ལུང་ཞེས་བྱ་བ་དང་སྦྱར་རོ། །རང་གིས་མཐོང་བ་གཞན་ཉིད་ཀྱིས་མཐོང་ཞེས་བྱ་བས་ལུང་ལས་གཞན་གྱིས་མཐོང་བའི་ལུང་ཁས་བླངས་པ་ནི་ཇི་ལྟར་ཡིན་ཞེས་ཟེར་བ་ལ་ཡོངས་

བརྟགས་ཞེས་བྱ་བ་སྟེ། རྗེས་སུ་དཔག་པའི་ཡུལ་ཏེ་གནས་ལ་སྒྲུབ་པའི་རྟོགས་པར་བྱ་བ་ལ་ཚིག་ཚད་མ་ཉིད་དུ་འདོད་པ་མ་ཡིན་ཏེ། སྟོབས་མི་མཚུངས་པའི་ཕྱིར་དང་འབྲེལ་པ་མེད་པའི་ཕྱིར་རོ། །དེ་ལྟ་ན་གང་གི་ཚེ་དེ་ཚད་མ་ཡིན་ཞེས་ཟེར་བ་ལ་ཚད་མ་དག་གིས་ཡོངས་སུ་བརྟགས་པའི་

ཡུལ་ཁས་བླངས་པའི་ཕྱིར་ཁས་བླངས་པའི་ངོ་བོའི་ཚད་མ་ཉིད་ཡིན་གྱི་ལྐོག་ཏུ་གྱུར་པའི་དུས་ན་ནི་མ་ཡིན་ནོ། །དེ་ལྟ་བུར་འདི་ཚད་མ་ཉིད་ཡིན་ན་སྒྲུབ་པར་བྱེད་པ་བཞིན་དུ་བསྒྲུབ་བྱ་ལ་ཡང་འགྱུར་བའི་རྗེས་སུ་དཔག་པ་ཐམས་ཅད་ཚད་མ་ཡིན་ཏེ། ལུང་ཡང་ལུང་ལས་རྗེས་སུ་དཔོག་པར་མི་འགྱུར་བ་

Vol. 181 · folio 224a

དེ་ཉིད་ཀྱི་ཕྱིར་དེ་ཡང་འབྲེལ་པ་འཛིན་པར་གྲུབ་པ་ཁོ་ན་ཡིན་ནོ། །མ་གྲུབ་ན་དེའི་ཚེ་ཚིག་ཚད་མ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགའ་ལ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱིར་རྒོལ་བ་ལ་ཡང་ངོ་། །རྗེས་སུ་དཔག་པའི་ཡུལ་ལ་ཞེས་བྱ་བ་ནི་ཡོངས་སུ་བརྟགས་པའི་དུས་

ནའོ། །འདིའི་ཡོངས་སུ་བརྟགས་པ་ཡང་རང་གི་ཡུལ་ཁོ་ན་ལ་མ་ཡིན་ནམ་མ་ཡིན་ཏེ་དེ་མངོན་སུམ་དང་ཞེས་བྱ་བ་སྨོས་སོ། །ཚད་མ་ཡིན་པ་ནི་ཡོངས་སུ་བརྟགས་པའི་ཕྱིར་རོ། །དེའི་ཡུལ་ལ་མ་ཡིན་ནོ་ཞེས་བྱ་བ་ནི་ལུང་གི་ཡུལ་ལའོ། །ཐམས་ཅད་དུ་ཞེས་བྱ་བ་ནི་མངོན་སུམ་ལ་སོགས་པའི་ཡུལ་

ལས་གཞན་ལ་ཡང་ངོ་། །གྲངས་ཅན་གྱི་ཚིག་ཅེས་བྱ་བ་ནི་བདེ་བ་ལ་སོགས་པ་སེམས་པ་ཅན་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའོ། །སྒྲུབ་པར་བྱེད་པ་ནི་ཚད་མའོ། །གཞན་ལ་ཡང་དེ་མ་གྲུབ་པ་ཡིན་ཏེ། ཕྱིན་ཅི་ལོག་པའི་བསྒྲུབ་པར་བྱ་བ་རྟོགས་པས་དེའི་ཚེ་ལུང་དེ་བོར་བའི་ཕྱིར་རོ་ཞེས་བསྟན་པ་ནི་

ལུང་ལ་གནོད་ཕྱིར་ཞེས་བྱ་བའོ། །བློ་ལ་བརྟེན་པའི་ཆོས་དང་ཆོས་ཅན་གྱི་རིགས་པས་ཐམས་ཅད་མི་དམིགས་པས་མེད་པར་རྟོགས་ན། ཚད་མས་གྲུབ་པས་གནོད་པ་ཡིན་ན་ཡང་ཆུ་ལོན་གྱིས་ཅི་ཞིག་དགོས་ཞེས་བྱ་བ་ལྟ་བུར་འགྱུར་ཏེ། སེམས་པ་ཅན་མ་ཡིན་པ་ལ་བརྟགས་པ་ལས་གཞན་

པའི་ཚད་མ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ཞེས་བྱ་བ་ནི་སྒྲུབ་བྱེད་ལས་བསྒྲུབ་བྱ་རྟོགས་པའི་དུས་ནའོ། །ཚད་མ་མིན་པ་ནི་སྔ་མ་ཡང་ཡིན་ཏེ་དུས་གཞན་ན་ཡང་གནོད་པ་ཡོད་པའི་ཕྱིར་རོ། །བསྒྲུབ་བྱ་མེད་ན་མི་འབྱུང་བ་ཉིད་རྟོགས་ན་ཡང་ངོ་། །དེ་བས་ན་ནི་ཚད་མ་མ་ཡིན་པའི་ཕྱིར་རོ། །དེས་ནི་ལུང་

གིས་སོ། །མ་ལུས་གྲུབ་མ་ཡིན་ཞེས་བྱ་བ་ནི་གྲུབ་བྱེད་ཀྱང་ངོ་། །ཁས་བླངས་པས་བྱས་པ་ཡང་དེ་ཡིན་ལ། །ཚད་མའི་དངོས་པོ་ཡང་དེ་ལ་ཡིན་པ་དེ་ནི་ལུང་གི་ཚད་མ་ཡིན་ལ། དེ་ཞེས་བྱ་བ་ནི་ཁས་བླངས་པའོ། །དེའི་ཞེས་བྱ་བ་ནི་ལུང་གིའོ། །དེ་ལ་རག་ལས་པ་ཞེས་བྱ་བ་ནི་ཁས་བླངས་པ་ལ་རག་ལས་

པའོ། །བདག་ཉིད་ཐམས་ཅད་ནི་ཚད་མ་ཅིག་ཤོས་ཉིད་ལ་སོགས་པའོ། །མ་ཚང་ནི་སྦ་བར་བྱ་བ་སྟེ་མི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་མོད་ཀྱི་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་མི་ཤེས་ཀྱང་ངོ་། །སྐྱོན་ཅི་ཡོད་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཤེས་པའི་ཕྱིར་རོ། །རྟོགས་པར་བྱ་བའི་སྐྱོན་

Vol. 181 · folio 224b

ཡང་མེད་དོ་ཞེས་ཟེར་བ་ནི་རང་ལ་གྲུབ་པའི་ཞེས་བྱ་བ་སྟེ་ཕྱིར་རྒོལ་བ་ལ་གྲུབ་པས་སོ། །དེས་ན་ཞེས་བྱ་བ་ནི་རྒོལ་བ་པོའམ་རྟགས་ཀྱིས་སོ། །ཇི་སྟེ་འདི་ཞེས་བྱ་བ་ནི་གྲངས་ཅན་ནོ། །རྒོལ་བ་རྟག་པ་མ་ཡིན་ནོ་ཞེས་བྱ་བ་ནི་ངོ་ཟློག་པར་ཞེས་བྱ་བའོ། །གཞན་ཁོ་བོའི་སྒྲུབ་བྱེད་ལ་རྟོགས་པར་མི་ཤེས་ན་

ཇི་ལྟར་རྗོད་པར་བྱེད་ཅེས་བསྟན་པ་ནི་གང་ཞིག་གཞན་གྱིས་ཞེས་བྱ་བའོ། །མ་རྟོགས་པར་ནི་མ་རྟོགས་པ་ལས་སོ། །ཇི་ལྟར་རྟོགས་པ་ནི་ཕྱིར་རྒོལ་བས་སོ། །རྟོགས་པ་ཙམ་ལས་རྟོགས་པར་བྱེད་པ་མ་ཡིན་པར་བསྟན་པ་ནི་ང་ཡིས་ཁྱོད་ཀྱི་ཞེས་བྱ་བ་སྟེ། བསླུས་ནས་ཀྱང་ཞེས་བྱ་བ་འབྲེལ་པ་མེད་

པར་སྨྲས་པས་སོ། །རྟོགས་པར་བྱེད་པ་འདི་ལ་རྟོགས་པ་མེད་པ་དེའོ། །རང་གིས་རྟོགས་པ་མེད་པ་ནི་རྒོལ་བ་སྟོན་པར་བྱེད་པར་མི་འགྱུར་ཏེ། གལ་ཏེ་ཕྱིར་རྒོལ་བ་གཞན་ཁས་མི་ལེན་པ་སྟེ། །སྒྲུབ་པར་བྱེད་པ་ཞེས་བྱ་བར་སྦྱར་རོ། །བརྒྱ་ལ་ཁས་ལེན་པར་འགྱུར་རོ་ཞེས་ཟེར་བ་ལ་བདག་ཉིད་ཉམས་

པར་བྱེད་པ་སུ་ཡོད་ཅེས་བྱ་བའོ། །རང་ཉིད་ཚད་མས་ཞེས་བྱ་བ་ནི་རྒོལ་བས་རྟོགས་ནའོ། །ཁས་མི་ལེན་པས་ཞེས་བྱ་བ་ནི་ཕྱིར་རྒོལ་བའོ། །གཞན་མི་བདེན་པར་སྨྲ་བ་ནི་རྟོགས་ནས་ཁས་མི་ལེན་པའི་ཕྱིར་རོ། །ནུས་པ་ལས་འདས་ནས་མ་བྱས་པས་ཞེས་བྱ་བ་ནི་ནུས་པ་མེད་པས་མ་

བྱས་ནས་སྙིང་རྗེས་མེད་པའི་བདག་ཉིད་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཕྱོགས་སུ་ལྷུང་བ་དང་བྲལ་བའི་ཉན་པ་པོ་ཡིན་ནོ་ཞེས་ཟེར་བ་ལ་ཐམས་ཅད་རྩོད་པ་ཞེས་བྱ་བའོ། །ཕན་ཚུན་ལྟོས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྩོད་པ་མ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ། ཉན་པ་པོ་གཅིག་མ་ཡིན་ནོ་ཞེས་དགོངས་

པའོ། །དེ་ལྟ་ན་ནི་གཏན་ལ་བབ་པ་ཁོ་ན་ཡིན་པར་བསྟན་པ་ནི་དེ་ལྟ་ན་ནི་ཞེས་བྱ་བའོ། །བསྒྲུབ་བྱའི་རྗེས་སུ་འགྲོ་བའི་སྒྲུབ་བྱེད་རྟོགས་བཞིན་པ་ཡང་ལུང་ལས་ཁས་བླངས་པ་མ་བོར་བ་ཡིན་ནོ་ཞེས་ཟེར་བ་ལ། གལ་ཏེ་ལུང་དེ་ལྡན་ལ་གྲུབ། །ཅེས་བྱ་བའོ། །དེ་བོར་ན་རྗེས་སུ་འགྲོ་བ་མ་ཡིན་ནོ་ཞེས་ཟེར་

བ་ལ་གང་གི་ཞེས་བྱ་བའོ། །རྗེས་སུ་འགྲོ་བའི་དོན་དུ་དེ་བོར་བ་ན་མ་གྲུབ་པ་ཉིད་ཡིན་ནོ་ཞེས་ཟེར་བ་ལ་ཚད་མས་གནོད་ལ་ཞེས་བྱ་བའོ། །དེས་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པས་སམ། རྒོལ་བས་སོ། །སྣང་བ་མི་ཤེས་ན་ཞེས་བྱ་བ་ནི་ལུང་ལ་གནོད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པའི་ངག་ཚད་མར་ཁས་

Vol. 181 · folio 225a

བླངས་ནས་དེ་དང་འགལ་བའི་ངག་གཞན་ལུང་མ་ཡིན་པ་བོར་བ་མ་ཡིན་ནམ། དཔེར་ན་སྐྱེ་དགུའི་བདག་པོས་ཆུ་ལྷ་ལ་རྟ་བྱིན་པ་སྟེར་བ་པོའི་ཉེ་བར་རྩོམ་པས་རྟ་ལེན་པའི་ཆུ་ལྷ་གང་ཡིན་པ་དེས་གནོད་པ་བླངས་པའི་ཕྱིར་ལེན་པ་པོ་ཉམས་པར་གྱུར་པ་ཞེས་ཟེར་བ་ལ་དེ་དང་འགལ་

བ་ཁས་ལེན་པ་ཞེས་བྱ་བ་ནི་བསྒྲུབ་བྱའི་དུས་ནའོ། །དེ་ཉིད་ཀྱིས་ནི་སྒྲུབ་པར་བྱེད་པའི་དུས་ཀྱིས་སོ། །ཉམས་པ་མི་བདེན་ཉིད་ནི་རྩོམ་པ་པོ་ལ་ཡང་ནུས་པ་མཚུངས་པའི་ཕྱིར་འདིས་ནི་རྗེས་སུ་དཔག་པར་བྱ་བའི་ཚིག་བརྗོད་པ་ཡིན་ནོ། །འོན་ཏེ་བྱེ་བྲག་པའི་ལུང་ལས་གཉི་ག་གྲུབ་པ་ཉིད་ཡིན་ནོ་ཞེས་ཟེར་བ་

ལ་དེ་ལས་གཞན་པ་ཞེས་བྱ་བ་སྟེ། སངས་རྒྱས་པ་ལས་གཞན་པ་བྱེ་བྲག་པ་དང་གྲངས་ཅན་ལ་སོགས་པའི་བསྒྲུབ་བྱར་ཁས་ལེན་ན། དེ་ཞེས་བྱ་བ་སངས་རྒྱས་པ་དོར་བའི་ཡན་ལག་ཁྱད་པར་གང་གི་ཡིན་པ་དེ་དོར་བར་བྱ་བ་ནི་ཚད་མ་ཡིན་ཏེ་ཞེས་བྱ་བ་སྟེ། གཏན་ཚིགས་ཀྱི་ངོ་བོ་དང་རྗེས་སུ་འགྲོ་བ་

དག་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པ་ནི་གསལ་བ་ཡིན་ནོ། །རྟོགས་མིན་ན་ཞེས་བྱ་བ་ནི་ཡང་དག་པའི་སྒྲུབ་བྱེད་མ་བརྗོད་ནའོ། །སྐལ་ལྡན་ཡང་ནི་ནུས་པ་ཅན་ཡང་ངོ་། །འདི་ནི་ཞེས་བྱ་བ་ནི་ལན་ཡིན་ནོ། །དེའི་ཕྱིར་རང་གི་རྟོགས་པ་སྒྲུབ་པར་བྱེད་པ་ཉིད་གཞན་གྱི་ཡང་སྒྲུབ་པར་བྱེད་པ་

བསྟན་པ་ནི་རང་རྟོགས་ཞེས་བྱ་བའོ། །དེ་ལུང་ལས་གཞན་པ་གང་ཞིག་ཡིན་ཞེས་ཟེར་བ་ལ་རིག་པ་ཞེས་བྱ་བ་སྟེ། ལུང་གི་ཚད་མ་ཉིད་ཁས་བླངས་པས་བྱས་པ་ཡིན་ཏེ་རང་ཉིད་དོན་དང་འབྲེལ་པ་ལ་སོགས་པ་མེད་པའི་ཕྱིར་ཁས་བླངས་པའི་རྩ་བ་ཅན་གྱི་ཚད་མ་ཉིད་ནི་དེ་མེད་ན་ཁས་མ་བླངས་པའི་ཕྱིར་རོ་

ཞེས་བྱ་བའི་དོན་ཏོ། །འདིའི་ཡང་ཞེས་བྱ་བ་ནི་བསྒྲུབ་བྱའི་སྟེ་དེ་འཛིན་ན་དེའི་ཡུལ་ཅན་གྱི་ལུང་ཡང་ཚད་མ་མ་ཡིན་པའི་ཕྱིར་རོ། །འགྲེལ་པར་ནི་འདིའི་ཡང་ཞེས་བྱ་བ་སྟེ་སངས་རྒྱས་པའི་བསྒྲུབ་བྱ་འཛིན་པར་བྱེད་པའོ། །རང་གི་བསྒྲུབ་པར་བྱ་བའི་སེམས་པ་ཅན་རྣལ་འབྱོར་པའི་རྟོགས་བྱ་ཉིད་ལ་

ཡང་ཚད་མ་གཞན་རྩ་བ་ཡིན་ཏེ། གང་གིས་འགྲུབ་པ་བསྒོམས་པས་རྣལ་འབྱོར་པ་ཉིད་ཡིན་པར་བསྟན་པ་ནི་སྔར་ནི་སྒྲུབ་བྱེད་ཅེས་བྱ་བའོ། །སྔར་རྣལ་འབྱོར་པ་མ་ཡིན་པ་ན་གང་དག་གིས་ཞེས་བྱ་བ་སེམས་པ་ཅན་དང་ཅིག་ཤོས་སྒྲུབ་པར་བྱེད་པ་བསྒོམས་པ་རྣམས་ཀྱིས་དབང་པོ་ཕུལ་དུ་བྱུང་བ་

Vol. 181 · folio 225b

དང་རྟོགས་པ་སྟེ། ཁོང་དུ་ཆུད་པ་དེ་ལས་དེ་དག་སྐྱེ་བའོ། །ཡང་ནི་རྟོགས་པ་ནི་ངེས་པ་བརྗོད་པ་སྟེ། ཁོང་དུ་ཆུད་པ་ནན་ཏན་དུ་བྱེད་པའོ། །གཞན་དག་ནི་མངོན་སུམ་ཡིན་ནོ་ཞེས་ཟེར་རོ། །དེའི་ནི་སངས་རྒྱས་པའོ། །དོན་ནུས་ནི་སེམས་པ་ཅན་དང་ཅིག་ཤོས་བྱ་བ་ལ་སོགས་པའོ། །

གཞན་དག་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་ནུས་པ་ཡིན་ནོ་ཞེས་ཟེར་རོ། །བསྒྲུབ་བྱ་ནི་སེམས་པ་ཅན་ཡིན་ན་དེ་ལ་ཅིའི་ཕྱིར་ནུས་པ་མེད་ཅེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །དབང་པོ་ནི་བསྒྲུབ་བྱ་ཡིན་ལ་དེ་སྒྲུབ་པར་བྱེད་པ་ནི་ཐབས་ཡིན་ནོ། །དེའི་ནུས་པའི་ཤེས་པ་ལ་ནུས་པ་ཡང་ཞེས་བྱ་བ་ནི་

གནས་སྐབས་མ་ཡིན་ཏེ། ཚད་མས་མཐོང་བ་བསྒོམས་པས་མངོན་དུ་བྱེད་པ་ནི་རྣལ་འབྱོར་པ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ཞེས་བྱ་བའི་དོན་ཏོ། །མེའི་སྦྱིན་སྲེག་གིས་མཐོ་རིས་སྒྲུབ་པར་བྱེད་པ་ཉིད་བཞིན་དུ་སེམས་པ་ཅན་མ་མཐོང་བ་དང་འབྲེལ་པ་ཉིད་ཀྱིས་ཤེས་སོ་ཞེས་ཟེར་བ་ལ།

གང་ཡང་རྗེས་འགྲོ་རྣམ་ཆད་ཅན། །ཞེས་བྱ་བ་སྟེ། དཔེ་ལ་རྗེས་སུ་འགྲོ་བ་མི་འཛིན་པའོ། །དབང་པོ་ལ་སོགས་པ་རྗེས་སུ་འགྲོ་བ་རྣམ་པར་ཆད་པ་མ་ཡིན་ནམ། ཇི་ལྟར་གྲུབ་པར་བྱ་བ་ཡིན་ཞེས་ཟེར་བ་ལ་སྤྱིས་ཀྱང་ཞེས་བྱ་བའོ། །འབྲས་བུ་ནི་བྱེད་པའི་སྒྲུབ་བྱེད་དོ། །བུམ་པ་ལ་སོགས་

པའི་ཤེས་པ་ཡང་དེ་ལྟ་ཡིན་པའི་ཕྱིར་ཅིས་རྗེས་སུ་འགྲོ་བ་མཐོང་བ་ཡིན་གྱི་མི་རྟག་པའི་སེམས་པ་ཅན་གྱིས་མ་ཡིན་ནོ། །བསྒྲུབ་བྱ་དང་སྒྲུབ་བྱེད་དཔྱོད་པ་ནི་གོ་བྱ་གོ་བྱེད་ལ་དཔྱོད་པའོ། །འགྲེལ་པ་ནི་གསལ་ལོ། །ཁྱད་པར་གྱི་ཞེས་བྱ་བ་ནི་སེམས་པར་བྱེད་པ་ཞེས་བྱ་བར་སྦྱར་རོ། །

ཁས་བླངས་པ་ཚད་མའི་རྩ་བ་ཅན་ཅིའི་ཕྱིར་ཡིན་ཁྱད་པར་གྱི་རྩ་བ་ཅན་ཡང་ཚད་མ་མ་ཡིན་ནམ་ཞེས་ཟེར་བ་ལ་སྐྱེས་བུའི་ཞེས་བྱ་བ་སྟེ། ཚད་མ་ནི་ཁྱད་པར་ཅན་དང་ཅིག་ཤོས་ཉིད་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསམ་པའི་དབང་གིས་ཞེས་བྱ་བ་ནི་དེ་ཙམ་གྱི་དབང་གིས་སོ། །དེ་ཉིད་

མིན་ཞེས་བྱ་བ་ནི་ཚད་མ་དང་ཅིག་ཤོས་ཉིད་རྣམ་པར་གཞག་པའོ། །སྣང་མེད་འགྱུར་ཞེས་བྱ་བ་ནི་ལ་ལའི་བསམ་པས་ཚད་མ་མ་ཡིན་པ་དེའི་ཕྱིར་གཏན་ཚིགས་མ་ཡིན་པ་དང་། གཞན་དག་རྟོགས་པ་ལས་ནི་ཚད་མ་ཡིན་པ་དེའི་ཕྱིར་དེར་སྣང་བ་མ་ཡིན་ནོ། །ཅི་ལས་ཤེ་ན་དེ་ནི་ཞེས་བྱ་བ་ནི་བསམ་

Vol. 181 · folio 226a

པའོ། །དངོས་རྟེན་མིན་ནི་ཚད་མ་ལ་མི་རྟེན་པའི་ཕྱིར་དང་རང་ཉིད་ཚད་མ་མ་ཡིན་པས་འགལ་བའི་ཕྱིར་དང་གཅིག་ཉིད་ལ་ཚད་མས་གནོད་པའི་ཕྱིར་རོ། །སྐྱེ་བའི་ཕྱིར་དང་མི་རྟག་པའི་ཕྱིར་རོ་ཞེས་བྱ་བའི་ཤེས་པའི་ནི་འཇིག་རྟེན་ཐམས་ཅད་ལ་གྲུབ་པའི་ཤེས་བྱ་ཉེ་བར་

གཞག་པར་བྱེད་པའི་མངོན་སུམ་བཞིན་དུ་སྒྲུབ་པར་བྱེད་པ་མ་ཡིན་ནམ་ཞེས་ཟེར་བ་ལ་དོན་ཡོད་ཅེས་བྱ་བ་སྟེ། མངོན་སུམ་པ་ལ་སོགས་པའི་དུ་བ་ལ་སོགས་པའོ། །མེད་པ་ཞེས་བྱ་བ་ནི་རྒོལ་བ་ཉིད་ཀྱིས་ཚད་མ་མ་ཡིན་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་ཐམས་ཅད་ཀྱིས་ངེས་

པར་གཟུང་བའི་སྔར་མཐོང་བ་ངོ་ཤེས་པ་འདི་ལས་བདག་མེད་པར་སྨྲ་བ་ལ་གནོད་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་མི་རིགས་སོ། །ཡང་དག་པའི་སྒྲུབ་བྱེད་ཀྱང་བསྒྲུབ་བྱ་ཡིན་པ་ནི་གང་ལས་ཅི་ནས་ཀྱང་འགྲུབ་པར་འགྱུར་བ་ཐམས་ཅད་ཤེས་པ་ཉིད་ལ་སོགས་པ་མ་ཡིན་ནམ་ཞེས་ཟེར་བ་ལ་ཡོད་ཀྱང་ཞེས་བྱ་བ་

སྟེ། དངོས་པོ་མ་ཡིན་པ་སྒྲུབ་བྱེད་མ་ཡིན་པའོ། །མེད་པ་རྟོགས་དང་མཚུངས་ཞེས་བྱ་བ་ནི་སྦྲང་མའི་ཚོགས་ལ་སོགས་པ་ལས་མེ་རྟོགས་པ་ལྟ་བུའོ། །དེ་ལྟ་ཡིན་ན་ཐམས་ཅད་ཤེས་པ་ཉིད་དང་སྐད་ཅིག་མ་ཉིད་དང་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བ་ཇི་ལྟར་ཡིན་ཞེས་ཟེར་བ་ལ་རང་བཞིན་དང་ཞེས་བྱ་བ་སྟེ། རང་

བཞིན་ནི་སྐད་ཅིག་མ་ཉིད་དོ། །འདོད་ཆགས་དང་བྲལ་བ་སྒྲུབ་པར་བྱེད་པ་ལ་འབྲས་བུ་ཡིན་ཞིང་། ཐམས་ཅད་མཁྱེན་པ་ཉིད་ལ་ནི་བདེན་པ་སྟེ་མ་ནོར་བར་སྟོན་པའོ། །བདེན་པ་མཐོང་བ་ལ་གཟུང་བ་དང་ཅིག་ཤོས་ལ་སོགས་པ་མ་མཐོང་བ་ནི་སྟོང་པ་ལའོ། །འབྲེལ་དེ་དངོས་ལ་ཞེས་བྱ་བ་ནི་རང་བཞིན་གྱིས་

བསྒྲུབ་བྱ་ལ་འབྲེལ་པའོ། །གྲུབ་པ་ཡིན་པ་ནི་མངོན་སུམ་ལ་སོགས་པའོ། །རང་ལ་སྟེ་རྒོལ་བ་སངས་རྒྱས་པ་ལ་ཅིའི་ཕྱིར་མ་གྲུབ་པ་སྟེ། གང་གིས་ཕ་རོལ་པོས་ཁས་བླངས་པ་སྒྲུབ་བྱེད་དུ་འགྱུར། བདེན་ཏེ་གྲངས་ཅན་གྱི་ཡང་རྨི་ལམ་གྱི་ཤེས་པ་དེ་ལྟ་བུའི་རྣམ་པ་ཅན་ཉིད་སྒྲུབ་བྱེད་ཡིན་ནོ་ཞེས་

ཟེར་བ་ལ་གཞན་གྱིས་ཀྱང་ཞེས་བྱ་བ་སྟེ་རྟོགས་པར་བྱ་བས་སོ། །འགྲེལ་པ་ནི་གསལ་བ་ཡིན་ནོ། །གཞན་གྱིས་བརྟགས་པ་ཡིས་ཞེས་བྱ་བ་ནི་རིམ་གྱིས་བྱེད་པ་ཉིད་ཡིན་ན་མི་རྟག་པ་ཉིད་ཡིན་ནོ། །གཞན་དུ་ན་ཅིག་ཅར་བ་ཡིན་ཞེས་བྱ་བ་ལ་སོགས་པས་བདག་ལ་སོགས་པ་ལ་ཐལ་བར་འགྱུར་བ་ནི་

Vol. 181 · folio 226b

ཆོས་ཅན་མ་གྲུབ་ན་ཁྱེད་ཀྱི་ཡང་སྒྲུབ་བྱེད་ཇི་ལྟར་ཡིན་ཏེ། མ་ངེས་པའི་ཕྱིར་རོ་ཞེས་ཟེར་བ་ལ་གཉིས་འབྲེལ་ཕྱིར་ཞེས་བྱ་བ་ལ། ཆོས་གཉིས་ཆོས་ཅན་གཞན་ལ་ཁྱབ་བྱ་ཁྱབ་བྱེད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གཅིག་སྟེ་ཁྱབ་བྱེད་མེད་ན་གཞན་ཏེ་ཁྱབ་བྱ་དགག་པའི་དོན་དུའོ། །ཁ་ཅིག་ན་རེ་ཆོས་

ཅན་ལ་མེད་པ་ཡིན་ན་ཡང་སྒྲུབ་བྱེད་ཉིད་དང་ཅིག་ཤོས་ཀྱང་འགལ་བ་མ་ཡིན་ནོ་ཞེས་ཟེར་རོ། །ཤིང་མེད་ན་ཤ་པ་མེད་པ་དེ་བཞིན་དུ་ནི་མ་ཡིན་ཏེ་རུང་བ་མ་ཡིན་པའི་མ་དམིགས་པ་ལས་མ་ངེས་པའི་ཕྱིར་རོ། །ཁྱད་པར་ལ་རུང་བ་མ་ཡིན་ཞིང་སྤྱི་ལ་རུང་བ་ཉིད་ཀྱི་ས་ཕྱོགས་ལ་ནི་ངེས་པར་བརྗོད་པ་

དེའི་ཕྱིར་མ་བསྟན་པའི་ཡུལ་ལ་ཁྱབ་བྱེད་མེད་ན། གནོད་པར་བྱེད་པས་ཁྱབ་པ་གྲུབ་པ་ལ་འདི་དགོས་པ་ཡིན་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །གཉིས་ནི་ཆོས་ཏེ་འབྲས་བུ་དང་རང་བཞིན་ཡིན་ལ། འབྲེལ་པ་སྟེ་རབ་ཏུ་འབྲེལ་པ་ཆོས་ཅན་གཞན་ལ་གྲུབ་པའི་ཕྱིར་ཐལ་བར་འགྱུར་བ་མ་ཡིན་ཏེ། དཔེར་

ན་བྱེད་པ་པོ་ཉིད་ལ་རིམ་པ་དང་རིམ་པ་མ་ཡིན་པ་དག་གིས་ཁྱབ་པ་བུམ་པ་ལ་སོགས་པ་ལ་ཡིན་པ་བདག་ལ་སོགས་པ་ལ་ཡང་ཐལ་བར་འགྱུར་རོ། །རིམ་པ་མ་ཡིན་ཏེ་སྐད་ཅིག་རེ་རེ་ཞིང་གཞན་ཉིད་ཡིན་པས་མི་རྟག་པ་ཉིད་ཡིན་ཏེ་རྟག་པ་ཉིད་དང་འགལ་བའི་ཕྱིར་རོ། །སྒྲོ་བཏགས་པ་ཡང་འགལ་བའི་

ཡུལ་ཡིན་ཏེ། ཡོད་པ་དང་མེད་པ་ལྟ་བུའོ། །ཅིག་ཅར་ཉིད་ཡིན་ན་ཡང་སྐད་ཅིག་གཞན་ལ་བྱེད་པ་པོ་ཉིད་མ་ཡིན་པས་མེད་པ་ཉིད་ཡིན་པའི་ཕྱིར་སྒྲུབ་བྱེད་མ་ཡིན་ཏེ། མ་གྲུབ་པའི་ཆོས་ཅན་ལ་ངེས་པ་མེད་པའི་ཕྱིར་རོ། །ཁྱབ་པ་ནི་མ་ངེས་པའི་ཡུལ་ཅན་ཡིན་ཏེ་དེ་དག་མེད་ནའང་དེ་མེད་ཅེས་

བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར་ཞེས་གསུངས་པའོ། །གཏན་ཚིགས་མེད་ན་ཆོས་ཅན་མི་འགྱུར་བའི་ཕྱིར་རྩ་བ་ལས་བྱུང་བའི་རྩ་བ་ཅན་ནི་གནོད་པར་བྱེད་པ་ཉིད་ཡིན་ཏེ། དཔྱོད་པ་རྩོམ་པ་ན་བྱུང་བའི་ཕྱིར་དེའི་ཁྱབ་པ་བཟློག་ནས་སྟོན་པ་ནི་ཐལ་འགྱུར་མིན་ནོ། །ཡུལ་དང་དུས་དང་གནས་སྐབས་

ཀྱི་ཁྱད་པར་ལ་རྣམ་པར་ངེས་པ་གཅིག་དང་འདྲེས་པ་ལས་རྣམ་པར་བཅད་པ་མ་ཡིན་པའི་རང་བཞིན་གཞན་མེད་པའི་ཕྱིར་ཞེས་བྱ་བས་གཅིག་དང་དུ་མའི་ཉིད་དག་ལ་གཅིག་དང་སྣ་ཚོགས་པ་ལ་འཇུག་པ་ཉིད་ཀྱིས་ཁྱབ་པའོ། །ཐ་མི་དད་པ་ཡིན་ན་གཅིག་ཁ་བསྒྱུར་བས་ཐམས་ཅད་ཁ་བསྒྱུར་བར་འགྱུར་

Vol. 181 · folio 227a

ཞེས་བྱ་བ་ལ་སོགས་པ་གནོད་པར་བྱེད་པ་སྟོན་པ་ཡིན་ལ། དེ་ཉིད་ཀྱིས་དེ་ཟློག་པ་ལ་མཐར་ཐུག་པ་བསྟན་པར་བྱ་བར་བརྗོད་དོ། །སྣ་ཚོགས་པ་ལ་འཇུག་པ་ཉིད་སྣ་ཚོགས་པ་ཉིད་ཁོ་ན་ལ་མ་ཡིན་པ་ལ་མ་ཡིན་ནམ་ཁྱབ་པ་ཅན་ཉིད་ལ་ཡང་ཡོད་པའི་ཕྱིར་རོ། །དེའི་ཕྱིར་དུ་མ་ཉིད་ལ་སྣ་

ཚོགས་ལ་འཇུག་པ་ནི་འགལ་བ་ཁྱབ་པ་ཡིན་ནོ་ཞེས་ཟེར་བ་ནི་གལ་ཏེ་གཅིག་ཡིན་ཡང་ཞེས་བྱ་བའོ། །དུས་ལ་ཁྱབ་པ་ལ་མངོན་སུམ་གནོད་པར་བྱེད་པ་ཡིན་པར་བསྟན་པ་ནི། མ་ཡིན་ཏེ་དུས་དུ་མ་དང་ཞེས་བྱ་བའོ། །དེ་ལྟ་མིན་ན་ཁྱེད་ཀྱིས་ཀྱང་སྔོན་དང་ཕྱི་མ་ཇི་ལྟར་རྟོགས་པ་ཞེས་ཟེར་བ་ལ་སྔོན་དང་ཕྱི་མའི་

ཞེས་བྱ་བའོ། །དུས་ལས་མཐོང་བ་མེད་པའི་ཕྱིར་རྟོག་པ་མེད་པར་བསྟན་པ་ནི་དེའི་དུས་སུ་ཞེས་བྱ་བའོ། །དུས་མེད་པའི་ཕྱིར་ནི་མ་མཐོང་བའི་ཕྱིར་རོ། །ཐ་སྙད་ནི་རྣམ་པར་རྟོག་པའོ། །ཡོད་ཀྱང་ནི་མཐོང་ཀྱང་ངོ་། །དུས་ཐ་དད་པའི་ཕྱིར་ཞེས་བྱ་བ་ནི་འདས་པ་ལ་སོགས་པ་ཉིད་ཀྱིས་སོ། །གཅིག་ཉིད་དུ་ཁས་ལེན་ན་

ཐ་དད་པ་དང་འགལ་བ་མ་ཡིན་པར་བསྟན་པ་ནི་རྟག་དང་ཞེས་བྱ་བའོ། །ལྷན་ཅིག་སྤྱོད་པ་ཞེས་བྱ་བ་ནི་རཱ་མ་དང་། རཱ་མ་ན་ལ་སོགས་པ་ལྷན་ཅིག་སྤྱོད་པ་རྣམས་སོ། །དེ་བཞིན་ཕྱིར་ནི་འདས་པ་ལ་སོགས་པ་ཉིད་ཀྱི་ཕྱིར་རོ། །ཕན་ཚུན་དུ་ཞེས་བྱ་བ་ནི་ལྷན་ཅིག་སྤྱོད་པ་རྣམས་རང་གིས་དེ་ལྟ་བུ་ཉིད་

ཡིན་ན་དུས་སུ་རྟོག་པ་མེད་དོ། །དེ་ལྟ་བུ་ཉིད་མ་ཡིན་ན་ཡང་གཅིག་གིས་གཞན་གྱི་གསལ་བ་དེ་ཇི་ལྟར་ཡིན་ཞེས་ཟེར་བ་ལ་གཉིས་པོ་ལྷན་ཅིག་འབྱུང་ན་ནི་ཞེས་བྱ་བའོ། །དུས་སུ་རྟོགས་པར་བྱེད་ཀྱང་དེ་ལྟ་བུའི་ཁྱད་པར་གྱི་ངོ་བོ་ཁས་ལེན་པ་ཡིན་ནོ། །གཞན་དུ་ན་རྒྱུ་མཚན་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་

འདས་པའི་དངོས་པོ་ཞེས་བྱ་བའོ། །དངོས་པོ་ལ་ཡོད་པའི་ངོ་བོ་དེ་ཅི་ཞིག་ཡིན་ཞེས་ཟེར་བ་ལ་རྒྱུ་ཡོད་པ་དང་ཞེས་བྱ་བ་སྟེ་སྔར་རོ། །འབྲས་བུ་ཡོད་ན་ཞེས་བྱ་བ་ནི་ད་ལྟ་བའོ། །དེ་མེད་པ་ལས་ནི་མེད་པ་ལ་ནི་འབྱུང་བར་འགྱུར་བ་སྟེ། དུས་ལ་སོགས་པ་མི་དམིགས་པ་བཞིན་པ་མ་ཡིན་པ་ཡང་སྔ་མ་ལ་སོགས་

པ་ཉིད་དམིགས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱས་སོ་ཞེས་བྱ་བས་བྱ་བ་དང་རྫས་ཀྱང་ཡིན་ལ། ཡུན་རིང་པོ་ཞེས་བྱ་བ་ནི་དེ་ལ་མ་གཏོགས་པའི་དུས་ཡིན་ནོ་སྙམ་དུ་སེམས་པ་ནི་འོན་ཏེ་ཡུན་རིང་ཞེས་བྱའོ། །གཞན་གྱིས་ཞེས་བྱ་བ་ནི་ཁྱབ་པ་ཅན་གྱིས་སོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་ཁྱབ་

Vol. 181 · folio 227b

པ་ཅན་ལའོ། །བྱས་སོ་ཞེས་བྱ་བ་ནི་སྤྱི་ཡིན་ཞིང་ཡུན་རིང་པོ་ཞེས་བྱ་བ་ནི་དེའི་ཁྱད་པར་ཡིན་ཏེ། ཨུཏྤ་ལ་སྔོན་པོ་ལྟ་བུའོ་ཞེས་བསྟན་པ་ནི་གཟུང་བའི་རང་བཞིན་ཞེས་བྱ་བའོ། །དོན་འདི་དུས་ནི་ཞེས་བྱ་བའི་རྒོལ་བའི་བཤད་པ་ནི་ཡུན་རིང་བ་དང་མྱུར་བ་ནི་ཞེས་བྱ་བ་ལ་སོགས་པ་སྟེ་དངོས་པོ་ལས་དུས་གཞན་

པའོ་ཞེས་བྱ་བའི་དོན་ཏོ། །ཡུན་རིང་བ་དང་མྱུར་བ་ལ་སོགས་པ་ཐ་དད་པའི་རྗེས་སུ་འབྲང་བའི་དོན་གྱི་ཡིན་གྱི་གཅིག་པ་ཉིད་དུ་གྱུར་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ནི། ཡུན་རིང་མྱུར་སོགས་དབྱེ་བ་ནི། །ཞེས་བྱ་བའོ། །ཁྱད་པར་ཡང་བྱ་བ་ལ་ཡོད་པ་ཡིན་པར་བསྟན་པ་ནི་ཡུན་རིང་ལ་སོགས་ཞེས་བྱ་བའོ། །བྱེད་པ་ནི་

བྱ་བའོ། །བྱེད་པ་པོ་ལས་ཞེས་བྱ་བ་ནི་བྱེད་པའི་གནས་སྐབས་པས་སོ། །ཚད་མ་ཡིས་ཞེས་བྱ་བ་ནི་རྟོག་པ་མེད་པ་སྟེ་དེ་མ་ཡིན་པ་ལས་ལོག་པས་ནི་རྟོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྒྱུག་པ་ནི་འགྲོ་བ་སྟེ་དེའི་གནས་སྐབས་ཀྱི་ཤེས་པ་ཉིད་ལས་འབྱེད་བཞིན་པ་དང་ཅིག་ཤོས་དག་ལ་གཅིག་ཏུ་

ཞེན་པའི་ཕྱིར་རོ། །བག་ཆགས་ཙམ་ལས་བྱུང་བའི་རྗེས་སུ་འགྲོ་བ་དང་ལྡོག་པར་བྱེད་པའི་བྱ་བའོ། །གལ་ཏེ་ཐ་དད་མེད་ན་ཞེས་བྱ་བ་ཕྱོགས་རྗེས་སུ་བརྗོད་ནས་མི་འགྱུར་ཞེས་བྱ་བ་ནི་སྐྱོན་བརྗོད་པའོ། །དེ་ལྟར་ཞེས་བྱ་བ་ནི་བྱ་བ་དང་ལྡན་པ་སྟེ་ལྡོག་པའོ། །གཞན་ཡང་ཞེས་བྱ་བ་ནི་རྗེས་སུ་ལྡོག་པའོ། །

སྔར་ཞེས་བྱ་བ་ནི་འཆད་པ་པོའི་བྱེད་པའི་ཡུལ་ཞེས་བྱ་བ་དེར་རོ། །རྟགས་ལ་སོགས་ཞེས་བྱ་བ་ནི་རྟགས་མེད་པ་དང་གྲངས་མེད་པ་ལ་སོགས་པ་ནི་མེད་པར་གྱུར་པའི་མཚན་ཉིད་ཡིན་པའི་ཕྱིར་ངོ་བོ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ན་ཉིད་མ་ཡིན་ཞེས་བྱ་བ་ནི་དངོས་པོ་ལས་

ཐ་དད་པ་མ་ཡིན་པའོ། །ཚིག་ཕྲད་ཀྱི་དབྱེ་བས་དངོས་པོའི་དབྱེ་བ་ནི་ཚིག་ཕྲད་ཇི་སྙེད་པའོ་ཞེས་བསྟན་པ་ནི་ཇི་ལྟར་ཞེས་བྱ་བ་སྟེ། བྱ་བའི་ཁྱད་པར་གསལ་བར་བྱེད་པ་ཡུན་རིང་བ་ལ་སོགས་པ་རྣམས་ཡིན་ཏེ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །དེའི་རྟེན་ཞེས་བྱ་བ་ནི་ཁྲ་བོ་

ལ་སོགས་པའོ། །གཅིག་ལ་ལུས་པས་ཐ་མི་དད་པ་གཞན་ལ་ཐ་མི་དད་པར་མི་འགྱུར་བར་བསྟན་པ་ནི་དེར་ཞུགས་པ་ནི་ཞེས་བྱ་བའོ། །ཐམས་ཅད་ཅེས་བྱ་བ་ནི་རྟེན་གཞན་ཡང་ངོ་། །དེའི་རྣམ་པ་ཅན་གྱི་བློ་དང་གསལ་བ་ཡང་རིག་པའི་ཡུལ་ཡིན་གྱི་གཞན་མ་ཡིན་པར་བསྟན་པ་ནི་བློ་

Vol. 181 · folio 228a

རྣམས་ཞེས་བྱ་བའོ། །འདིའི་དོན་ནི་གསལ་བ་དང་བློ་ཞེས་བྱ་བ་དེ་ལྟ་བུའི་ངོ་བོའི་སྒྲའི་དོན་བརྗོད་བྱ་གང་ཡིན་པ་དེའི་སྟེ་རྣམ་པར་དཔྱད་ན་ཞེས་བྱ་བར་སྦྱར་རོ། །རྣམ་པ་གཉིས་སུ་ནི་གཉིས་ཉིད་དུའོ། །རང་གི་ངོ་བོ་ནི་བློའི་འོ། །དེའི་ཚེ་ནི་དེའི་བློའི་དུས་ནའོ། །སྣང་བ་ཉིད་ཅེས་

བྱ་བ་ནི་རྟོག་པ་མེད་པའི་རྟོགས་པས་གཉི་གའི་བདག་ཉིད་ཀྱི་དངོས་པོ་ཡང་འཛིན་པའོ། །གང་གི་ཕྱིར་སྔོན་པོ་ནི་སྔོན་པོ་མ་ཡིན་པ་ལས་བཞིན་དུ་སྔོན་པོ་གཞན་ལས་ཀྱང་ལྡོག་པར་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྔོན་པོ་ཡང་དེའི་གཞན་པ་ལས་སྔོན་པོ་མ་ཡིན་པ་ལས་བཞིན་དུ་དེ་མ་ཡིན་པ་ལས་ལོག་པ་

ལས་བྱུང་བའི་རྣམ་པར་རྟོག་པ་མ་གཏོགས་པར་ཐ་དད་པ་ཉིད་དུ་མ་མཐོང་བར་བསྟན་པ་ནི་རང་ལྷའི་ཕྱོགས་སུ་ཞེས་བྱ་བའོ། །བློ་འདི་ནི་བློ་མེད་ཀྱི་ཞེས་བྱ་བར་སྦྱར་རོ། །དེ་དང་ཐ་མི་དད་པའི་མཚན་ཉིད་ཅེས་བྱ་བ་ནི་ལྐོག་ཤལ་ལ་སོགས་པ་ལས་ཐ་མི་དད་པའི་ངོ་བོའོ། །དེ་ལྟར་མངོན་སུམ་གྱིས་གཟུང་བ་

མེད་ཕྱིར་ནི་དུ་མ་ཉིད་དུ་འཛིན་པའི་ཕྱིར་རོ། །གསལ་བ་ཐམས་ཅད་རྣམ་པ་གཅིག་ཡིན་ནོ་སྙམ་དུ་སེམས་པ་ལ་གཅིག་ཕྱིར་ཞེས་བྱ་བའོ། །གསལ་བ་ཐམས་ཅད་ལ་རྣམ་པ་གཅིག་ཏུ་ཤེས་པ་ན་གསལ་བ་ཐམས་ཅད་འཛིན་པར་འགྱུར་ཏེ། དེའི་རྣམ་པ་དང་ལྡན་པ་དང་གསལ་བ་རྣམས་ཐ་མི་དད་པའི་ཕྱིར་

རོ། །གཞན་ནི་ཞེས་བྱ་བ་ནི་གསལ་བ་གཞན་ལ་གནས་པའི་སྤྱིའི་ངོ་བོ། དེ་ཡི་བདག་ཉིད་ཁོ་ན་ལས། །ཞེས་བྱ་བ་ནི་གཟུང་བའི་རྣམ་པ་ལས་ཐ་མི་དད་པ་ལས་སོ། །དེ་བདག་ཉིད་ནི་སྔ་མའི་རྣམ་པའི་བདག་ཉིད་ཀྱིས་སོ། །དེའི་བདག་ཉིད་ཅན་ནི་ལྐོག་ཤལ་ལ་སོགས་པའི་ཡང་ཡིན་གྱི་དེའི་བདག་ཉིད་མ་ཡིན་པས་

ནི་མ་ཡིན་ནོ། །དེ་དེའི་བདག་ཉིད་ཉིད་ཡིན་པ་ནི་གཞན་གྱི་ཡང་གཞན་དུ་ཡིན་གྱི་དེ་ཡང་དེ་ལྟར་མི་འགྱུར་བར་ཞེས་བྱ་བའི་རིགས་པའོ། །བརྒྱུད་པ་ཞེས་བྱ་བའི་བཤད་པ་ནི་དེ་བདག་ཉིད་ཀྱི་ཞེས་བྱ་བའོ། །དེ་དང་ཐ་མི་དད་པ་ཞེས་བྱ་བ་ནི་རྣམ་པ་དང་ཐ་མི་དད་པའོ། །དེ་ལས་གཞན་ནི་རྣམ་པ་གཞན་ཏེ་གསལ་

བ་གཞན་ལ་གནས་པའོ། །དེ་དང་ཐ་མི་དད་པའི་ཕྱིར་ནི་སྔར་གཟུང་བའི་རྣམ་པ་ལས་ཐ་མི་དད་པའི་ཕྱིར་ཏེ། མི་འགྱུར་རོ་ཞེས་བྱ་བ་རྣམ་པ་གཞན་ཉིད་ཅེས་བྱ་བ་དང་སྦྱར་རོ། །རྣམ་པར་བཤད་པ་བྱེད་པ་ནི་སྦྱོར་བ་སྨྲ་བ་པོ་མུ་སྟེགས་ཤ་བ་རའོ། །གཅིག་ལ་ཞིག་པས་ནི་ཞེས་བྱ་བ་ནི་སྤངས་པ་ཡིན་པར་

Vol. 181 · folio 228b

ལན་བཏབ་པ་ཡིན་ནོ། །རྣམ་པ་དང་ལྡན་པའི་ཡོན་ཏན་ལ་སོགས་པ་ལས་རྣམ་པ་ཐ་དད་པ་མ་ཡིན་ནོ་ཞེས་ཟེར་བ་ནི་འོན་ཏེ་ཞེས་བྱ་བའོ། །དབྱེ་བ་བྱེད་པའི་ཐ་དད་པ་ནི་རྣམ་པའི་ཡང་ཡིན་པར་བསྟན་པ་ནི་རྣམ་པ་ལ་ཡང་ཞེས་བྱ་བ་སྟེ། ཐ་མི་དད་པ་ཡིན་ན་རྣམ་པ་དང་ལྡན་པའི་ངོ་བོ་ཉིད་ཐ་དད་པ་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐ་དད་པ་མ་ཡིན་པའི་ཡོན་ཏན་ཡང་དེ་དང་ལྡན་པའི་དབྱེ་བ་བྱེད་པ་ཁོ་ན་མ་ཡིན་ནམ་ཞེས་ཟེར་བ་ནི་ཐ་དད་མིན་ཕྱོགས་ཞེས་བྱ་བ་སྟེ། ཡོན་ཏན་དང་ཡོན་ཏན་ཅན་དག་གོ། །ཐ་དད་ནི་ཁྱད་པར་ཅན་གྱི་སྤྱིའོ། །གཞན་དུ་ནི་ཁྱད་པར་མེད་ནའོ། །ཐ་དད་མེད་ཅེས་བྱ་བ་ནི་

གསལ་བ་དང་རྣམ་པའིའོ། །ཐ་དད་པ་ལས་ཞེས་བྱ་བ་ནི་ནག་པོ་ལ་སོགས་པ་ལས་སོ། །དེ་བཤད་པ་ནི་རྣམ་པ་དང་ལྡན་པ་ཞེས་བྱ་བའོ། །ཡོན་ཏན་རྣམས་ཞེས་བྱ་བ་ནི་རྟེན་པ་རྣམས་སོ། །རིགས་པས་ཐམས་ཅད་ཀྱི་བདག་ཉིད་ཀྱི་སྣང་བ་སྒྲུབ་པ་ནི་རྟོགས་པས་གནོད་པ་ཡིན་པར་བསྟན་པ་ནི་ཐམས་

ཅད་ཅེས་བྱ་བའོ། །གནོད་པ་ལ་རིགས་པ་བསྟན་པ་ནི་རྒྱུ་ལས་ཞེས་བྱ་བའོ། །སྐྱེས་པར་གྱུར་པ་ཞེས་བྱ་བའི་སྐྱེས་པ་ནི་བྱུང་བའོ། །གལ་ཏེ་ཞེས་བྱ་ནི་ཁས་བླངས་པ་ཡིན་ནའོ། །འདི་ཐོབ་པར་འགྱུར་བར་བསྟན་པ་ནི་དེ་ཉིད་ཅེས་བྱ་བའོ། །གསལ་བ་ནི་མངོན་པར་གསལ་བའོ། །ཡང་གསལ་

བ་ནི་ཁྱད་པར་ཡིན་ཏེ་ཁྲ་བོ་ལ་སོགས་པ་ལྟ་བུ་ཡིན་གྱི་གསོག་ནི་མ་ཡིན་ཏེ། ཐམས་ཅད་སྟོང་པར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ནི་འདིར་ནི་འདི་ནི་ཞེས་བྱ་བའོ། །རྒྱུ་ལ་ནི་གཙོ་བོ་ལའོ། །ཡོད་ཕྱིར་རོ་ཞེས་བྱ་བ་ནི་ནུས་པའི་ངོ་བོར་རོ། །གཞན་ཉིད་ཅེས་བྱ་བ་ནི་གསལ་བའོ། །སྔར་ལྷ་གསོལ་བར་མཐོང་

བའི་རང་གང་གི་ཡིན་པ་དེའིའོ། །དེ་ནི་ཐ་སྙད་ལ་ཞེས་བྱ་བ་ནི་སྔ་ནས་འདུག་པའོ། །སྔོན་པོ་ནི་སྔོན་པོ་མ་ཡིན་དུ་སྔོན་གཞན་ཀྱང་ཐ་མི་དད་པར་དམིགས་པ་ཁོ་ན་ཡིན་པར་བཤད་པ་ནི་དེ་བཞིན་དུ་དུས་མཚུངས་པ་ཞེས་བྱ་བའོ། །མངོན་སུམ་མེད་པའི་ཕྱིར་གཞལ་བྱ་མེད་པ་ཡིན་ཡང་ཤེས་པ་མཚུངས་པ་ཡིན་

པར་བསྟན་པ་ནི་རྟོགས་པ་འདི་ནི་ཞེས་བྱ་བའོ། །རྣམ་པ་མཚུངས་པ་ཉིད་ཅེས་བྱ་བ་ནི་ཐ་དད་པར་ཞེས་བྱ་བར་སྦྱར་རོ། །དེ་ནི་རྟོགས་པ་ཙམ་ཞེས་བྱ་བ་ནི་མཚུངས་པའི་རྣམ་པ་ཅན་ཉིད་ཀྱི་ཤེས་པ་སྟེ། གཞི་མཐུན་པའི་ཕྱིར་དེའི་རྟགས་ཉིད་དོ། །ཞེན་པར་བྱ་བའི་རྣམ་པ་དེ་ཞེན་པ་ལས་ཕྱི་རོལ་ཉིད་མ་ཡིན་

Vol. 181 · folio 229a

ནམ་ཞེས་ཟེར་བ་ལ་རྟོགས་པར་བྱ་བའི་ཞེས་བྱ་བའོ། །དེ་འདྲའི་དངོས་མིན་རིག་མིན་ཕྱིར་སྣང་བཞིན་པ་མ་ཡིན་པའི་གཟུང་བ་ཉིད་ལ་དམིགས་པ་མེད་པ་ཉིད་ཀྱིས་ཁྱབ་པ་ནི་སྔ་མ་ཕྱི་མའི་ཁྱད་པར་དང་སྤྱིའི་ཤེས་པ་མཐོང་བར་བསྟན་པ་ནི། མཚུངས་པའི་རྣམ་པའི་རྟོགས་པ་གང་ཞེས་

བྱ་བའོ། །སྔོན་དང་ཕྱི་མའི་ཁྱད་པར་དག་མཚུངས་པའི་རྣམ་པའི་ཤེས་པ་གང་གི་ཡིན་པ་དེ་བཞིན་ནོ། །དེ་ཞེས་བྱ་བ་ནི་བ་ལོང་ངོ་ཞེས་བྱ་བའོ། །ཐམས་ཅད་ཅེས་བྱ་བ་ནི་རྟ་ངང་པ་དང་བ་ཁྲ་བོ་ལ་སོགས་པའོ། །ཇི་ལྟར་སྐྱེ་ཞེས་བྱ་བ་ལ་ཁ་ཅིག་ཉིད་དུ་ཞེས་བྱ་བ་ནི་ལྷག་མའོ། །སྤྱི་མེད་པ་ནི་མཚུངས་པ་མ་

ཡིན་པའི་ཕྱིར་རོ། །ཁྱབ་པར་བྱ་བའམ་ཁྱབ་པར་བྱེད་པ་མེད་ན་ནི་མ་གྲུབ་པའི་ཆོས་ཅན་ལ་མ་ངེས་པའི་ཕྱིར་སྒྲུབ་བྱེད་མ་ཡིན་པ་མ་ཡིན་ནམ་ཞེས་ཟེར་བ་ནི་གལ་ཏེ་སྤྱི་གསལ་བ་ཞེས་བྱ་བ་སྟེ། རང་བཞིན་གཞན་མ་ཡིན་པའི་ཕྱིར་རོ། །འདི་ནི་ཐལ་བ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དང་ཐོབ་པར་འགྱུར་བ་ཡིན་ནོ། །

གཞན་གྱི་དོན་རྗེས་སུ་དཔག་པ་ལ་ངེས་པ་བརྗོད་པའི་ཕྱིར་ཅི་ཞིག་ངེས་པར་བྱས་ཞེས་ཟེར་བ་ལ་གཉི་ག་འབྲེལ་པའི་ཕྱིར་གཅིག་ཡོད་ན་གཞན་འཐོབ་པ་ཡིན་ལ་གཞན་མེད་པར་ཁས་ལེན་ན་དེ་ཡང་མེད་དོ་ཞེས་བྱ་བས་ཐོབ་པར་འགྱུར་རོ། །མིན་ན་ཞེས་བྱ་བ་ནི་རྟོགས་པའོ། །ལྡོག་པ་འབྲས་བུ་ཡིན་པའི་

ཕྱིར་མ་ངེས་པ་ལ་རྗེས་སུ་དཔག་པ་འབྲེལ་པའི་རྩ་བ་ཅན་ཡིན་པའི་ཕྱིར་ལུང་གི་དོན་རྣམས་ལ་ཕན་ཚུན་འགལ་བར་སེམས་པ་བཞིན་ནོ་ཞེས་བསྟན་པ་ནི་འདི་ནི་ཐལ་བ་ཞེས་བྱ་བ་སྟེ། ཐོབ་པར་འགྱུར་བའི་ངོ་བོ་ཡིན་པའི་ཕྱིར་རོ། །སྒྲུབ་བྱེད་པ་ནི་ལྡོག་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་དང་འབྲེལ་པའི་རྩ་བ་ཅན་

ཡིན་པའི་ཕྱིར་རོ། །གཅིག་ལ་མཐར་ཐུག་པ་མ་ཡིན་ན་དུ་མ་ལ་མཐར་ཐུག་པ་མ་ཡིན་ཏེ། མངོན་སུམ་དང་འགལ་བའི་ཕྱིར་རོ་ཞེས་བསྟན་པ་ནི་དེ་ནི་ཐུན་མོང་ཉིད་ཡིན་ན་ཞེས་བྱ་བའོ། །དེའི་ངོ་བོ་ནི་ཁྱབ་པ་ཅན་གྱི་ངོ་བོའོ། །སུན་དབྱུང་བ་འདི་ལྟ་བུ་ཡང་ཡོད་པར་བསྟན་པ་ནི་ཕན་ཚུན་ཞེས་བྱ་བའོ། །གཞན་དུ་མི་

འཐད་པས་ཞེས་བྱ་བ་ནི་མཚུངས་པའི་རྣམ་པའི་ཤེས་པའི་སྟེ་དབང་པོ་ལས་འདས་པ་ཞེས་བྱ་བའི་དོན་ཏོ། །མཚན་ཉིད་མི་མཐུན་པ་ཉིད་ཅན་ལུང་ཅན་མ་ཡིན་པ་ཉིད་ཀྱིས་སོ་ཞེས་ཟེར་བ་ནི་གཞན་གྱི་ཆོས་ནི་ཞེས་བྱའོ། །དེ་ཉིད་ཀྱི་ཕྱིར་ནི་ཁྱད་པར་ཉིད་ཀྱི་ཕྱིར་རོ། །ཁྱབ་པ་ཅན་ཉིད་མི་འཛིན་ན་དེ་ལྟ་བུའི་ངོ་བོའི་སྤྱི་མ་ཡིན་

Vol. 181 · folio 229b

པར་བསྟན་པ་ནི་ཁྱབ་པ་ཉིད་ནི་ཞེས་བྱ་བའོ། །རང་གི་ངོ་བོ་ཙམ་གྱི་ཁྱད་པར་དང་ལྡན་པ་སྤྱི་མ་ཡིན་པར་བསྟན་པ་ནི་རང་ངོ་བོས་ཞེས་བྱ་བའོ། །དེའི་ཕྱིར་ནི་རང་གི་གཟུང་བའི་ཕྱིར་རོ། །མཚུངས་ན་ནི་ཞེས་བྱ་བའི་རྒོལ་བ་ལ་ལན་གཞན་གྱི་སྒོ་ནས་ཡང་བསྟན་པ་ཡིན་ཏེ། སྤྱི་ཁས་ལེན་པ་ལ་ཚད་མར་བརྒལ་ཞིང་

བརྟགས་པ་ནི་ཐལ་བའི་ཆེད་དུའོ་ཞེས་བྱ་བའི་དོན་ཏོ། །རྩ་བ་ཅན་ནི་ཚུལ་གསུམ་གྲུབ་པ་འདིའིའོ། །དེ་ལ་སོགས་པ་ནི་རྗེས་སུ་དཔག་པའོ། །ངེས་གཟུང་བའི་འབྲེལ་པ་ནི་ཕྱིར་ཁྱབ་པ་ཅན་ཉིད་དུ་ཁས་ལེན་པ་རང་བཞིན་གཞན་མ་ཡིན་པ་འགལ་བར་བསྟན་པ་ནི་ཡུལ་དང་དུས་ཞེས་བྱ་བའོ། །སྣང་དུ་རུང་

བའི་སྤྱི་ལ་ཁྱབ་པ་ཅན་ཉིད་ནི་མངོན་སུམ་གྱིས་གསལ་བ་ཡིན་པར་བསྟན་པ་ནི་མངོན་སུམ་གྱིས་ཞེས་བྱ་བའོ། །སྣང་དུ་རུང་བ་ཐམས་ཅད་ཁྱབ་པ་ཅན་མ་ཡིན་པ་ཉིད་དུ་བསྟན་པ་ནི་མ་ཡིན་ཏེ་རྣམ་པ་ལ་ནི་ཞེས་བྱ་བའོ། །འོ་ན་ཅི་ལྟར་ཞེས་བྱ་བ་ནི་ཡང་དག་པ་ཉིད་ཀྱི་སྒྲུབ་བྱེད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་

གྱིས་ཞེས་བྱ་བ་ནི། །གང་གིས་གསལ་བ་རྣམ་པར་ནི། །བྱེད་པས་རིག་ཉིད་རྣམ་ཡིན་ཟེར། །རྣམ་པ་ནི་དབྱིབས་ཏེ་སྣང་དུ་རུང་བའོ། །ཡང་ན་ཞེས་བྱ་བ་ནི་རྩ་བ་ཅན་གྱི་ཕྱོགས་ཀྱིས་རྟོགས་པའོ། །བཟློག་པ་ནི་ཞེས་བྱ་བ་གཅིག་ལ་མཐར་ཐུག་པར་དམིགས་པའི་ཕྱིར་ཁྱབ་པ་ཅན་མེད་དོ་ཞེས་བྱ་བ་ལ་

འགལ་བ་བརྗོད་པ་ནི་ཐལ་འགྱུར་དང་བཟློག་པ་ཡང་ཡིན་ནོ། །གཞན་ནི་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་པོ་དག་གོ། །བྲལ་བའི་ཕྱིར་ཞེས་བྱ་བ་ནི་སྣ་ཚོགས་པ་ཉིད་ཀྱི་ཁྱབ་བྱེད་མེད་པའོ། །སྤྱི་ཆོས་ཅན་དུ་མ་གྲུབ་ཀྱང་བཟློག་པ་ནི་དེའི་ཆོས་ཉིད་མ་ཡིན་པར་བསྟན་པ་ནི་མེད་པར་དགག་པ་ཞེས་བྱ་བའོ། །ཁྱབ་

པར་བྱ་བ་མེད་པར་ནི་ཤིང་ཤ་པ་མེད་པ་བཞིན་དུ་ངེས་པའི་ཡུལ་ལ་བསྒྲུབ་པར་བྱ་བ་ཡིན་ཏེ་གཞན་དུ་ན་ངེས་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི་གལ་ཏེ་སྤྱི་ནི་ཞེས་བྱ་བའོ། །བསྒྲུབ་བྱ་སྒྲུབ་པ་ནི་ངེས་པའོ། །གཏན་ཚིགས་ཞེས་བྱ་བ་ནི་དངོས་པོ་འམ་དངོས་པོ་མ་ཡིན་པའོ། །གཞན་གྱི་ཞེས་

བྱ་བ་ནི་རྒྱལ་དཔོག་པའིའོ། །འདོད་པ་ཉིད་དུ་ཞེས་བྱ་བ་ནི་གྲུབ་པ་ལ་སྒྲུབ་པའོ། །གཞན་གྱིས་ཁས་བླངས་པ་ནི་བདེ་བར་གཤེགས་པ་པས་སོ། །དེས་ཀྱང་ཞེས་བྱ་བ་ནི་རྒྱལ་དཔོག་པས་ཀྱང་ངོ་། །བདེ་བར་གཤེགས་པའི་ནི་ཁས་བླངས་པ་དང་འགལ་བ་ཡིན་ནོ་ཞེས་ཟེར་བ་ནི་གཞན་སེལ་བ་ཞེས་བྱ་

Vol. 181 · folio 230a

བའོ། །ཆོས་ཅན་མེད་ན་ཁྱབ་པར་བྱེད་པ་ཙམ་དྲན་པའི་ཡུལ་ཅན་ནི་ཁྱབ་པར་བྱ་བ་མེད་པ་ཙམ་གྱི་རྟོགས་བྱེད་ཡིན་པས་ཁྱབ་པ་གྲུབ་པ་ཡིན་ན་གཞན་དུ་རྩ་བ་ཅན་ཡིན་པར་བསྟན་པ་ནི་མ་ཡིན་ཏེ། འབྲེལ་པ་ཡོད་ན་ཞེས་བྱ་བའོ། །གང་གི་ཕྱིར་མེད་པ་ཤེས་ཙམ་ལས་སྒྲུབ་བྱེད་

མ་ཡིན་ལ། ཡོད་པ་ཡང་དེ་ལས་གྲུབ་པ་མ་ཡིན་པ་དེའི་ཕྱིར་དོན་སྨོས་པ་ནི་སྒྲུབ་བྱེད་མ་ཡིན་པ་བཟློག་པའི་དོན་དུའོ། །འདས་པ་མཆོག་ཏུ་འཛིན་པ་འབྲས་བུ་བྱེད་པ་ནི་ཤིན་ཏུ་འབྲེལ་པ་ཅན་མ་ཡིན་ཏེ་མེད་པའི་ཕྱིར་རོ། །སྒྲུབ་བྱེད་མ་ཡིན་པ་དག་བསྟན་པ་ནི། སྒྲ་དག་དང་ཞེས་བྱ་བའོ། །དོན་སྨོས་པ་ཙམ་

ཡིན་ན་དོན་དུ་མངོན་པར་འདོད་པ་ཡིན་པའི་ཕྱིར་ལུང་གིས་རྟོགས་པར་བྱ་བ་ཡང་དོན་ཉིད་དུ་འགྱུར་རོ། །རྟགས་ཉིད་མིན་པ་ནི་མེད་པ་ཉིད་ཀྱིས་ནུས་པ་མེད་པའི་ཕྱིར་རོ། །དོན་ནི་ནུས་པ་ཅན་ཡིན་ཏེ་ཡོད་པའི་ཕྱིར་རོ་ཞེས་བསྟན་པ་ནི་དོན་ལས་ཞེས་བྱ་བའོ། །ནུས་པ་ཅན་ཡང་མེད་པ་ལས་མ་ཡིན་པར་བསྟན་

པ་ནི་དོན་ནི་ཞེས་བྱ་བའོ། །སྒྲ་ལས་གྲུབ་པ་ཡང་དོན་ཉིད་མ་ཡིན་པ་ནི་དོན་སྨོས་པ་ལས་ཡིན་པའི་ཕྱིར་སྒྲ་སྨོས་པ་ཡིན་ནོ། །གཉི་ག་ལ་གཉི་ག་མ་ཡིན་པས་གྲུབ་པ་དོན་མ་ཡིན་པ་བཀག་པའི་ཕྱིར་རོ། །ཡང་ན་རང་མཐོང་བའི་ཚིག་དག་གིས་གཉི་ག་མ་ཡིན་པ་རྟོགས་པ་ཙམ་ལས་གྲུབ་པ་བསལ་

བ་ཡིན་ནོ། །ཅི་ལས་ཤེ་ན་དོན་ཉིད་ཀྱི་ཕྱིར་རོ། །རང་གིས་མཐོང་བ་དོན་མེད་པ་ཅིའི་ཕྱིར་རྟགས་མ་ཡིན་ཞེ་ན། ནུས་པ་མེད་པའི་ཕྱིར་རོ་ཞེས་བསྟན་པའི་དོན་ལས་ཞེས་བྱ་བའོ། །རྟོགས་བྱེད་ཀྱི་དོན་ཡོད་ན་རྟོགས་བྱའི་དོན་ཡིན་པར་བསྟན་པ་ནི་དོན་ནི་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྟེ་རྒྱལ་བ་ཅན་གྱིའོ། །

དེ་ལས་ནི་དོན་སྨོས་པ་ལས་དོན་དང་བཅས་པ་ཡིན་པའོ། །ངེས་པའི་ཚུལ་གསུམ་པ་རྟགས་ཉིད་དུ་བརྗོད་པའི་ཕྱིར་དེའི་ངོ་བོར་ངེས་པ་མེད་པ་ནི་མ་ངེས་པ་ཡིན་པས་བསལ་བ་ཉིད་ཡིན་པར་བསྟན་པ་ནི་དོན་དམ་པར་ནི་ཞེས་བྱ་བ་སྟེ་འདིར་ཐལ་འགྱུར་ཡིན་ནོ། །སྒྲ་དང་རྣམ་པར་རྟོག་པ་ཡང་དེའི་རྣམ་པ་ཅན་

ཡོད་པའི་ཕྱིར་ནུས་པ་ཉིད་མ་ཡིན་ནམ་ཞེས་ཟེར་བ་ལ་རྟོག་དང་ཞེས་བྱ་བའོ། །རྣམ་པར་རྟོག་པ་དང་སྒྲ་ཡང་རྟོགས་པར་བྱ་བའི་དོན་ལ་འགྲེལ་པ་ཅན་མ་ཡིན་ཏེ་འདོད་པ་ལས་བྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེས་སྒྲོ་བཏགས་པའི་དེའི་ཡུལ་ཉིད་ཀྱང་རང་བཞིན་མ་ཡིན་པ་ཡིན་ཏེ་མ་ངེས་པའི་ཕྱིར་རོ། །

Vol. 181 · folio 230b

བསྒྲུབ་བྱ་མཐོང་བ་ལས་བྱུང་བ་ནི་དེ་ཉིད་ཀྱི་ཕྱིར་ངེས་པ་ཡིན་ནོ། །སྒྲུབ་བྱེད་ལས་བྱུང་བ་ཡང་སྒྲུབ་བྱེད་ཉེ་བར་འཇོག་པར་བྱེད་པ་ནི་དེ་ཉིད་ཀྱི་ནུས་པའོ། །བསྒྲུབ་བྱ་ལས་བྱུང་བའམ་དེའི་རང་བཞིན་གྱི་དངོས་པོ་ནི་དེ་ལྟ་མ་ཡིན་པར་བསྟན་པ་ནི་དངོས་ལས་ཞེས་བྱ་བའོ། །བརྟགས་པ་ཞེས་བྱ་བ་ནི་སྒྲ་དང་རྣམ་

རྟོག་གིས་བྱས་པ་རྣམས་འདོད་པ་ལ་ངེས་པ་མེད་པའི་ཕྱིར་མ་ངེས་པ་རྣམས་སོ། །བག་ཆགས་ནི་རྣམ་པར་རྟོག་པའི་བག་ཆགས་སོ། །འདི་ཉིད་ཀྱིས་ཞེས་བྱ་བ་ནི་དོན་འཛིན་པའི་ཕྱིར་རོ། །དངོས་སུ་ཞེས་བྱ་བ་ནི་སློབ་དཔོན་གྱིའོ། །དངོས་པོ་ནི་བསྒྲུབ་བྱ་སྟེ་དེ་འགྲུབ་པའོ། །བསྒྲུབ་བྱ་ཉིད་སྒྲུབ་

བྱེད་ལ་འོས་པ་ཉིད་ཡིན་པའི་ཕྱིར་ཐམས་ཅད་ནི་མ་ཡིན་པས་ངེས་པ་ཅན་གྱི་དོན་ལས་ལྡོག་པ་ཁོ་ན་ཡིན་པའོ། །རྗེས་སུ་དཔག་པར་བྱ་བ་ནི་འདིར་ཤེས་པར་འདོད་པའི་བྱེ་བྲག་དང་ལྡན་པའི་ཆོས་ཅན་ཉིད་སྒྲུབ་པར་བྱེད་པར་འོས་པ་ཡིན་གྱི་ཡོད་པའི་ཆོས་ཉིད་ནི་མ་ཡིན་ནོ། །ལོག་པར་རྟོགས་པའི་

ཕྱིར་དེ་ཡང་ཡིན་ནོ་ཞེ་ན། དེ་ལྟ་ན་དེ་འདོད་བཞིན་པ་ཉིད་ཀྱིས་བསྒྲུབ་བྱ་ཡིན་པར་བསྟན་པ་ནི་ཕྱོགས་དང་ཞེས་བྱ་བའོ། །སྤྱི་ཙམ་ནི་ངེས་པ་ཅན་མ་ཡིན་ཞིང་ཁྱད་པར་ནི་བྱས་པ་ཉིད་ཡིན་པར་རྣམ་པར་ཕྱེ་ནས་བསྟན་པ་ནི་གལ་ཏེ་དོན་འདི་ཞེས་བྱ་བའོ། །འོན་ཏེ་ཕྱོགས་སུ་བྱས་པ་ཞེས་བྱ་བ་ནི་

སྤྱིའོ། །གལ་ཏེ་དངོས་པོ་ལ་ཞེས་བྱ་བ་ནི་འདོད་པ་དང་བྲལ་བའོ། །སྒྲུབ་པར་བྱེད་པ་ནི་དོན་དམ་པའི་རྗེས་སུ་དཔག་པའོ། །དེ་ནི་ཕྱོགས་སོ། །མ་ཡིན་ཏེ། ཚིག་ནི་ཞེས་བྱ་བ་ནི་འདོད་པ་དང་འབྲེལ་པའི་ཕྱིར་རོ། །ཚིག་ཙམ་འདོད་པ་དང་འབྲེལ་པའི་ཕྱིར་དོན་སྒྲུབ་པར་བྱེད་པ་མ་ཡིན་དུ་

ཟིན་ཀྱང་ཕྱོགས་ཀྱི་ཚིག་འགལ་བ་ཉིད་དུ་དོགས་པ་བསལ་བས་བསྒྲུབ་བྱ་ཉིད་སྒྲུབ་པར་ངེས་པས་སྒྲུབ་པར་བྱེད་པའི་ཚིག་ཀྱང་དེ་ཉེ་བར་འཇོག་པར་བྱེད་པའི་ཕྱིར་འགྱུར་བ་མ་ཡིན་ནམ་ཞེས་ཟེར་བ་ལ་དོན་གྱི་ཞེས་བྱ་བ་སྟེ། དོན་ལ་ངེས་པ་ལས་སོ། །སྒྲ་ནི་དེ་ལ་མ་ངེས་པ་ཡིན་ལ་འདོད་པ་ལ་ངེས་

པའི་ཕྱིར། ཉེ་བར་སྟོབས་པར་མི་བྱེད་ན་དེ་དང་འགལ་བ་སེལ་བར་བྱེད་པ་མ་ཡིན་ཏེ། གཏན་ཚིགས་དོན་མེད་པའི་ཕྱིར་རོ། །སྨྲ་བ་པོ་བསལ་བ་ཡང་འདོད་པའི་དངོས་པོའི་རྣམ་པ་ཅན་གྱི་འདོད་པ་ལ་ངེས་པ་ལས་བཟློག་པ་སེལ་བའི་ཕྱིར་བསྒྲུབ་བྱའི་ཚིག་འབའ་ཞིག་རྒྱུར་ངེས་པའོ། །བསྟན་པའི་ཁྱབ་

Vol. 181 · folio 231a

ཅན་ལ་ནི་དེ་མེད་ཀྱང་རྒྱུའི་ཚིག་ལས་མ་གྲུབ་པ་ལས་བཟློག་པའི་རྣམ་པ་ཅན་རྟོགས་པ་ཡིན་ལ། དེས་ནི་འགལ་བ་ཉིད་ལ་སོགས་པ་དོགས་པ་བསལ་བ་ཡིན་པར་བསྟན་པ་ནི། ཕྱོགས་ཀྱི་ཚིག་ཅེས་བྱ་བ་སྟེ། དེ་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། རང་ཉིད་ཀྱིས་དོན་སྒྲུབ་པར་

བྱེད་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལས་ཏེ་བསྒྲུབ་པར་བྱ་བའི་ཚིག་ལས་ཐེ་ཚོམ་སྐྱེ་བའི་ཕྱིར་ཞེས་བྱ་བ་ནི་ཡོད་དམ་མེད་ཅེས་བྱ་བའོ། །དེ་ལས་བཟློག་པ་ལ་ཡང་ཐེ་ཚོམ་ལྡོག་པ་མ་ཡིན་ཏེ་དོན་བཞིན་དུ་གཞན་ལ་ཡང་མ་ངེས་པ་སྐྱེ་བའི་ཕྱིར་རོ་ཞེས་བསྟན་པ་ནི་དངོས་སུ་ཞེས་བྱ་བའོ། །ཟློག་པར་བྱེད་

ཅེས་བྱ་བ་ནི་གེགས་བྱེད་པའོ། །འཕེན་པ་ཡིན་ཞེས་བྱ་བ་ནི་དྲན་པ་སྟེ་ཕྱིར་རྒོལ་བ་ལ་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་ཕྱིར་རྒོལ་བ་ལ་ཚད་མ་སྐྱེད་པའི་ཕྱིར་རོ། །སྐྱེ་བཞིན་པ་ཡང་མ་རིག་པ་ནི་ཚིག་ལས་རྟོགས་པར་འགྱུར་གྱི་རང་རིག་པའི་ཚད་མ་ཉིད་མ་ཡིན་ནོ་ཞེས་ཟེར་བ་ལ་

ད་ལྟར་བ་ལ་ནི་ཞེས་བྱ་བའོ། །སྒྲུབ་བྱེད་ཀྱི་རྣམ་པར་འདོད་པ་ངེས་པར་བྱེད་པའི་ཕྱིར་ཚིག་དེ་བསྒྲུབ་བྱ་ངེས་པར་བྱེད་པ་དེ་བཞིན་དུ་བསྒྲུབ་བྱའི་ཚིག་ཀྱང་དེའི་རྣམ་པར་འདོད་པར་ངེས་པ་ཡིན་ཏེ། ཕྱིན་ཅི་ལོག་པ་བསལ་བའི་ཕྱིར་རོ་སྙམ་དུ་སེམས་པ་ལ་བསྒྲུབ་པར་བྱ་བ་ཞེས་བྱ་བ་སྟེ་མ་གྲུབ་པའོ། །གང་

གི་ཕྱིར་ཚིག་ལས་ཀྱང་སྒྲུབ་པར་བྱེད་པ་བཞིན་དུ་བསྒྲུབ་པར་བྱ་བ་གྲུབ་པ་མ་ཡིན་ལ། དེ་གྲུབ་ན་ནི་ཚིག་གིས་ཀྱང་དེ་ཁོ་ན་བཞིན་དུ་དྲན་པར་འགྱུར་རོ། །གྲུབ་པ་བརྗོད་པ་ཡིན་གྱི་བསྒྲུབ་པར་བྱ་བ་བརྗོད་པ་ནི་མ་ཡིན་ཏེ། གྲུབ་པ་ལ་སྒྲུབ་པར་འགྱུར་བའི་ཕྱིར་རོ་ཞེས་བསྟན་པ་ནི། བསྒྲུབ་པར་

བྱ་བ་ཞེས་བྱ་བའོ། །བསྒྲུབ་བྱ་ཉིད་ཁོ་ནར་བརྗོད་པ་ཡིན་ན། དེ་ལ་ཐེ་ཚོམ་ཟ་བ་དང་དེ་དང་འགལ་བ་ལ་ཡང་ཡིན་པའི་ཕྱིར་དེ་ལ་ཐེ་ཚོམ་ལྡོག་པ་མ་ཡིན་པར་བསྟན་པ་ནི་ཇི་ལྟར་ཕྱོགས་ཀྱི་ཚིག་ཅེས་བྱ་བའོ། །ཉམས་པ་ཉིད་ནི་ཕྱིར་རྒོལ་བ་ལ་གཞན་གྱི་དོན་ཉིད་མེད་པ་དང་རྒོལ་བ་ལ་རྗེས་སུ་

དཔག་པ་ཉིད་མེད་པའོ། །གང་ལ་རྗེས་སུ་དཔག་པ་ཡིན་པ་དེ་ལ་གཞན་གྱི་དོན་ཉིད་མེད་ལ་གང་ལ་གཞན་གྱི་དོན་ཡིན་པ་དེ་ལ་རྗེས་སུ་དཔག་པ་ཡིན་ནོ་ཞེས་ཟེར་བ་ནི་བསྟན་པར་བྱ་བ་ལ་ཞེས་བྱ་བའོ། །ཚིག་ནི་མ་ཡིན་ཏེ་དོན་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྗོད་པར་བྱེད་པ་ཉིད་འདོད་པ་ལ་རག་

Vol. 181 · folio 231b

ལས་པའི་ཕྱིར་རོ་དོན་ནི་བསྒྲུབ་བྱའོ། །དེ་ཡང་ཞེས་བྱ་བ་ནི་བསྒྲུབ་བྱ་ཡང་ཡིན་གྱི་སྒྲུབ་པར་བྱེད་པ་དྲན་པ་སྟེ་བྱེད་པས་ཕན་འདོགས་པར་བྱེད་པ་འབའ་ཞིག་ཕྱིར་རྒོལ་བའི་ཕྱིར་ཚིག་མ་ཡིན་གྱི་རྟོགས་པར་བྱེད་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་ཡིན་ཏེ་ཚིག་གིས་རྗེས་སུ་བརྗོད་པ་ཞེས་བྱ་བ་ནི་

སྔར་གང་ལ་མཐོང་བ་དེ་ལ་དྲན་པ་སྐྱེ་བར་བྱེད་དོ་ཞེས་བྱ་བའི་རིགས་པ་ལས་སོ། །ཉེ་བར་བཏགས་པའི་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་རྒྱུ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཚད་མ་མ་ཡིན་པའི་ཕྱིར་དང་དྲན་བཞིན་པ་མ་ངེས་པའི་ཕྱིར་ཚད་མ་མ་

ཡིན་ཏེ། དྲན་པ་ལ་ཡང་བྱེད་པ་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ངེས་པ་མ་ཡིན་ན་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་དང་། རྗེས་སུ་དཔག་པའི་རྒྱུ་ཉིད་ཀྱང་ཇི་ལྟར་ཡིན་ཞེས་ཟེར་བ་ནི། འོ་ན་ཇི་ལྟར་ཞེས་བྱ་བའོ། །དོན་ལ་ཞེས་བྱ་བ་ནི་རྟགས་ལའམ་གཞན་ལ་ཡང་རུང་སྟེ།

ཚིག་དེ་རང་ཉིད་ལས་ཚད་མ་མ་ཡིན་གྱི་ཚད་མ་ལ་ནི་ཚད་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རྟགས་དྲན་པར་བྱེད་ན་ཚིག་དེ་ཚད་མ་ཡིན་ཏེ་དེ་ལས་གཞན་དུ་མི་འཐད་པས་རྟོགས་པར་བྱེད་པ་ཡིན་གྱི་རྗོད་པར་བྱེད་པ་ཉིད་ཀྱིས་མ་ཡིན་པར་བསྟན་པ་ནི་དོན་ལ་ནི་ཞེས་བྱ་བའོ། །དེ་ལ་ཡང་མངོན་སུམ་

མེད་པར་བསྟན་པ་ནི་ཚད་མ་ཡང་ཞེས་བྱ་བའོ། །སྒྲུབ་པ་ནི་རྟོགས་པ་སྟེ་འོན་ཀྱང་ངེས་པར་བྱེད་པ་བཞིན་ནོ། །དྲན་པ་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །ངེས་པ་ནི་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་རྟོགས་པའོ། །རྗེས་སུ་དཔག་པ་ལ་དེ་མ་ཡིན་པ་ལས་ལོག་པར་ངེས་པ་ཡིན་ཡང་རང་གི་ངོ་བོར་

ངེས་པ་མ་ཡིན་ཏེ། འབད་པ་ལས་བཞིན་དུ་རྟགས་ཚིག་ལས་ཀྱང་དྲན་བཞིན་པ་ལ་ནི་ཚད་མའི་སྟོབས་ཀྱིས་དེ་ལས་བྱུང་བའི་ཐེ་ཚོམ་བསལ་བ་ཡིན་པར་བསྟན་པ་ནི་ཚིག་ལས་དོན་ལ་ཞེས་བྱ་བའོ། །རྟོག་ན་ཞེས་བྱ་བ་ནི་འབྲེལ་པའི་ངོ་བོའི་ཁྱད་པར་ལ་སྟེ་ལོག་པས་ཐེ་ཚོམ་ཅན་ཡིན་པའི་ཕྱིར་རོ། །ཚིག་

ལས་དྲན་པའི་ཐེ་ཚོམ་སེལ་བར་བྱེད་པ་སྟེ་ཉེ་བར་བསྡུ་བ་ནི་དེའི་ཕྱིར་ཞེས་བྱ་བའོ། །དོན་ཐོབ་པའི་མཚན་ཉིད་དེ་རྒྱུ་རྟོག་པ་གང་གི་ཡིན་པ་དེ་ཐ་སྙད་ཡིན་གྱི་གཞན་རྟོགས་པ་ཙམ་ནི་མ་ཡིན་ནོ། །སློབ་དཔོན་གྱིས། །ཕྱོགས་ཆོས་འབྲེལ་པ་བསྒྲུབ་བྱ་དག །བརྗོད་པ་ལས་གཞན་སྤང་བར་བྱ། །ཞེས་

Vol. 181 · folio 232a

བྱ་བས་བསྒྲུབ་པར་བྱ་བའི་ཚིག་སྒྲུབ་པར་བྱེད་པ་བརྗོད་པ་ཉིད་མ་ཡིན་ནམ། བརྗོད་པ་དེ་ནུས་པ་མེད་པ་ཇི་ལྟར་ཡིན་ཞེས་ཟེར་བ་ལ་གཏན་ཚིགས་དོན་གྱི་ནི་རྟགས་ཀྱི་ཡུལ་ཉིད་ཀྱིས་སོ། །དེ་ནི་ཞེས་བྱ་བ་ནི་ནུས་པ་མེད་པའི་བསྒྲུབ་བྱའི་བརྗོད་པ་སྒྲུབ་བྱེད་དུ་བཤད་པ་ནི་སློབ་དཔོན་

གྱིས་སོ། །ཡང་ན་དེ་ནི་ཞེས་བྱ་བ་ནི་སྒྲུབ་བྱེད་དོ། །དེ་བརྗོད་པ་ནི་རྟགས་སོ། །ཡུལ་བརྗོད་པ་ཡང་གཏན་ཚིགས་འབའ་ཞིག་ལ་སོ་སོ་བ་ཡིན་གྱི་རྗོད་པའི་ཁྱབ་པ་ཅན་ལ་ནི་དེའི་ཁོངས་སུ་གཏོགས་པ་ཡིན་ཏེ། འགལ་བ་ཉིད་དོགས་པ་བསལ་བའི་ཆེད་དུ་ཞེས་བྱ་བའི་དོན་ཏོ། །གསུངས་སོ་ཞེས་བྱ་བ་ནི་

སློབ་དཔོན་གྱིས་སོ། །ངེད་ཀྱི་ལྟར་ན་ཞེས་བྱ་བ་ནི་གཏན་ཚིགས་དོན་ཞེས་བྱ་བ་བཤད་པའོ། །འདི་ནུས་པ་མེད་པ་ཡང་ཡིན་ལ་བརྗོད་པ་ཡང་ཡིན་པ་བཤད་པ་ནི། བསྒྲུབ་པར་བྱ་བ་བརྗོད་པ་ཞེས་བྱ་བའོ། །བརྗོད་པ་ནི་བཅོམ་ལྡན་འདས་ཆོས་ཀྱི་གྲགས་པས་སོ། །འོ་ན་ཇི་ལྟར་ཞེས་བྱ་བ་ནི་སློབ་དཔོན་གྱི་

དང་འགལ་བར་རོ། །འདི་ནི་མ་ཡིན་ཞེས་བྱ་བ་ནི་ལན་ནོ། །བསྒྲུབ་བྱའི་ཚིག་ཀྱང་ཡུལ་ཉིད་ཡིན་པས་གཏན་ཚིགས་དང་འབྲེལ་བའི་ཕྱིར་དེའི་ཚིག་བཞིན་དུ་ནུས་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ནི། གལ་ཏེ་དེ་ལའང་ནུས་ཡོད་དེ། །ཞེས་བྱ་བ་ནི་བསྒྲུབ་བྱའི་ཚིག་ལའོ། །ལན་ནི་དེ་ནི་ཞེས་བྱ་བ་སྟེ་ཕྱོགས་ཀྱི་

ཚིག་གོ། །ཐེ་ཚོམ་གྱིས་ཞེས་བྱ་བ་ནི་རྒྱུས་སོ། །དེ་ཉིད་ཤེས་པར་འདོད་པ་ཅན་གྱི་ཉན་པ་པོས་སོ། །རབ་ཏུ་བྱེད་པས་ཏེ་བསྒྲུབ་བྱ་སྒྲུབ་པར་བྱེད་པ་རྩོམ་པ་འདིས་ཡིན་པའི་ཕྱིར་གནས་སྐབས་ཏེ་གཏན་ཚིགས་ཀྱི་ཚིག་ནི་དེའི་རྟེན་དུ་འགྱུར་བའོ། །དེ་བཞིན་དུ་མི་མཐུན་ཕྱོགས་ཏེ་ཕྱོགས་སྔ་མ་ཁས་ལེན་

པ་ལ་ཡང་ངོ་། །ཐེ་ཚོམ་ཟ་བ་མ་ཡིན་པ་ཕྱིན་ཅི་ལོག་མ་ཡིན་པར་གཟུང་བ་ནི་རིགས་པས་ངེས་པར་བརྟག་པའི་ཡུལ་མ་ཡིན་ནོ། །དེའི་ཕྱིར་དེ་སྟེ་གཏན་ཚིགས་ཀྱི་ཚིག་འཇུག་པར་བྱེད་པ་ཉིད་ཀྱི་ཕྱིར་ནུས་པ་ཉིད་ནི་འདི་དག་གི་མཚུངས་པ་ཡིན་པའི་ཕྱིར་ཐུག་པ་མེད་པ་སྟེ་ནུས་པ་ཉིད་ལའོ་ཞེས་བྱ་བ་ནི་རྒྱལ་

བ་ཅན་གྱིའོ། །དེ་ནི་ཞེས་བྱ་བ་ནི་བསྒྲུབ་བྱ་ལ་ཐེ་ཚོམ་གྱིས་ཤེས་པར་འདོད་པ་ཡིན་ལ་ཐེ་ཚོམ་དེ་ནི་སྐབས་ཀྱི་རྟེན་དུ་འགྱུར་བ་དེ་བཞིན་དུ་ཁ་ཅིག་གིས་རྟག་པ་ཡིན་པའི་ཕྱོགས་ཁས་ལེན་པ་ཡིན་ན་ཡང་བྱས་པ་ནི་མི་རྟག་པ་ཡིན་ཏེ། བུམ་པ་ལྟ་བུའོ་ཞེས་བྱ་བའི་གཏན་ཚིགས་བརྗོད་པ་འཇུག་པའི་ཕྱིར་དེ་

Vol. 181 · folio 232b

དག་གི་ཚིག་ཀྱང་བྱས་པ་ཉིད་ཀྱི་ཚིག་དང་ལྷན་ཅིག་སྒྲུབ་བྱེད་དུ་འགྱུར་རོ་ཞེས་བྱ་བ་ནི་གཞན་གྱིའོ། །ཐེ་ཚོམ་ལ་མ་ཡིན་ཞེས་བྱ་བ་ལ་སོགས་པར་འཆད་པ་ནི་གཞན་དུ་བའོ། །དོན་ཞེས་བྱ་བ་ནི་དགོངས་པའོ། །བསྒྲུབ་བྱ་བསྒྲུབ་པ་ལ་ནི་ཕྱོགས་ཀྱི་ཚིག་ཉེ་བ་ཡིན་ཞིང་ཐེ་ཚོམ་ལ་སོགས་པ་ནི་མ་ཡིན་པ་མ་

ཡིན་ནམ་ཞེས་ཟེར་བ་ལ། ནང་གི་ཡན་ལག་ཅེས་བྱ་བ་སྟེ་འབྲེལ་པ་ལ་ལྟོས་ནས་ཚུལ་གསུམ་པའི་རྟགས་དང་དེའི་ཚིག་ཅེས་བྱ་བའི་དོན་ཏོ། །གཏན་ཚིགས་ལས་དེ་ནི་སྟེ་བསྒྲུབ་བྱར་ངེས་པ་སྟེ་གདོན་མི་ཟ་བར་རོ། །ཕྱིས་ཞེས་བྱ་བ་ནི་ཉེ་བར་བསྡུ་བའི་ངོ་བོའོ། །ཡོད་པ་ཙམ་ལས་ཞེས་བྱ་བ་ནི་མ་གྲུབ་

པ་ཉིད་བསལ་བ་ལས་སོ། །བ་ལང་དང་འདྲ་བའི་ཕྱིར་ནི་མངོན་སུམ་ལས་ཁྱད་པར་དང་འབྲེལ་པ་སྒྲུབ་པར་ཏེ། ཇི་ལྟ་བུར་གྱུར་པའི་བ་ལང་ཡིན་པ་དེ་ལྟ་བུར་གྱུར་པ་བ་མེན་ཡིན་ནོ་ཞེས་དྲན་པ་ཉིད་དུ་འབྲེལ་པ་འཛིན་པ་ཡིན་པའི་ཕྱིར་རོ། །གཞན་མ་ཡིན་པ་ཞེས་བྱ་བ་འདི་ལྟ་བུ་ལས་གཞན་པའོ། །བྱས་

པ་ཉིད་ཀྱིས་གཏན་ཚིགས་ཉིད་ཀྱིས་ཡིན་གྱི་བསྒྲུབ་བྱས་ནི་མ་ཡིན་ཏེ། རྗེས་སུ་དཔག་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །བྱས་པ་ཉིད་གཉིས་ཞེས་བྱ་བ་ནི་སྒྲ་དང་བུམ་པ་ལ་ཡོད་པའི་མངོན་སུམ་པའོ། །ཡང་ཡན་ལག་དང་སྤྱི་སྦྱོར་བ་ནི་རིགས་གཞན་གྱི་དེ་ཡིན་ནོ་ཞེས་ཟེར་བ་ནི་དེ་ལ་གལ་ཏེ་ཞེས་བྱ་བའོ། །གཞན་

དུ་ཞེས་བྱ་བ་ནི་འདྲ་བ་ཉིད་ཁས་མི་ལེན་ནའོ། །རྒྱུ་ཉིད་དུ་ཞེས་བྱ་བ་ནི་འབྲས་བུས་བཏགས་པའོ། །རྒྱུ་ཡང་ཞེས་བྱ་བ་ནི་གཞན་ཏེ། མཐོང་བ་ཉིད་ནི་རྟོགས་པའོ། །འདྲ་བ་ཉིད་དོ་ཞེས་བྱ་བའི་ཤེས་པ་ལས་འདྲ་བ་ཉིད་ཡིན་གྱི་རྟོག་པ་ལས་ནི་མ་ཡིན་ནམ་ཞེས་ཟེར་བ་ལ་གལ་ཏེ་དེ་ལ་ཞེས་བྱ་བ་སྟེ། འདྲ་བ་ཞེས་

བྱ་བ་ནི་རྣམ་པར་རྟོག་པ་ཙམ་ཡིན་ཏེ། མངོན་སུམ་ལ་མི་སྣང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་དུ་ཞེས་བྱ་བ་ནི་ལྟ་བ་ཉིད་དོ། །རྣམ་པར་རྟོག་པ་ཙམ་ལ་རུང་བ་ཉིད་ཀྱང་མ་ཡིན་ཏེ། འདི་འདྲ་བ་ཡིན་ནོ་ཞེས་བྱ་བའི་རྟོགས་པ་ལ་དངོས་པོ་ཙམ་དུ་ཞེན་པའི་ཕྱིར་དང་། གཞན་པར་མ་ངེས་པའི་ཕྱིར་རོ་ཞེས་བསྟན་

པ་ནི་དངོས་པོའི་ངོ་བོ་ལས་ཞེས་བྱ་བའོ། །དབེན་པར་ཞེས་བྱ་བ་ནི་བྲལ་བར་ཏེ་རྟོག་པ་ལའམ་གཞན་པ་ལའོ། །རྣམ་པར་རྟོག་པ་ནི་གཞན་དུ་མི་འཐད་པས་མཐོང་བ་རྗེས་སུ་དཔོག་པ་མ་ཡིན་ཏེ། གཞན་དུ་ཡང་འབྱུང་བའི་ཕྱིར་རོ་ཞེས་བསྟན་པ་ནི་ཐོགས་མེད་ཅེས་བྱ་བའོ། །དེ་ཉིད་དུ་ནི་འདྲ་བ་ཉིད་ཀྱི་ངོ་བོ་

Vol. 181 · folio 233a

ཉིད་དུའོ། །བག་ཆགས་ཙམ་ལས་བྱུང་བ་ཡང་ཉམས་སུ་མྱོང་བའི་འབྲེལ་བ་ཅི་ནས་ཀྱང་ཐ་སྙད་ལ་དགོས་པ་ཉིད་ཡིན་པར་བསྟན་པ་ནི་དངོས་དང་འབྲེལ་ཕྱིར་ཞེས་བྱ་བའོ། །གལ་ཏེ་ནང་ཁྱད་ཅེས་བྱ་བ་ནི་འདྲ་བ་དང་ཅིག་ཤོས་ལས་བྱུང་བའི་དོན་གྱི་བྱ་བའོ། །དེར་ཡང་ཞེས་བྱ་བ་ནི་

འདྲ་བའི་དངོས་པོ་ལ་ཡང་ངོ་། །ཅིའི་ཕྱིར་ཞེས་བྱ་བ་ནི་ནང་གི་ཁྱད་པར་རོ། །གཞན་དུ་ཡོད་པ་ཞེས་བྱ་བ་ནི་མི་འདྲ་བ་རྣམས་ལའོ། །ལུང་གི་ཚད་མ་མེད་པར་ནི་དུ་བ་ལ་སོགས་པ་ལས་བྱུང་བས་སོ། །ཅི་སྟེ་ཞེས་བྱ་བ་ནི་གཏན་ཚིགས་ལའོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་གཞན་གྱིའོ། །དམ་བཅའ་བ་དེ་

ཡང་ཞེས་བྱ་བ་ནི་རང་གི་འདོད་པའི་ཡུལ་ལའོ། །མེད་ན་སྒྲུབ་བྱེད་མི་འགྲུབ་པའི་ཕྱིར་སྒྲུབ་བྱེད་ཀྱི་ཚིག་བཞིན་དུ་དམ་བཅའ་བའི་ཚིག་ནི་ཐེ་ཚོམ་ལ་སོགས་པ་མ་ཡིན་པ་ལྟ་བུ་ཞེས་ཟེར་བ་ནི། གལ་ཏེ་ཡུལ་བསྟན་མེད་པར་ནི། །ཞེས་བྱ་བའོ། །ཐེ་ཚོམ་ལ་སོགས་པའི་ཡུལ་བཞིན་དུ་ནང་གི་ཡན་ལག་མ་ཡིན་ཞིང་དེ་

མ་བརྗོད་ན་མ་གྲུབ་པ་ཉིད་དང་འགལ་བ་ཉིད་དུ་དོགས་པ་མེད་དོ། །ཁྱབ་པའི་གཏན་ཚིགས་དང་འགལ་བ་ལ་ཡང་ཁྱད་པར་མེད་པའི་ཕྱིར། རང་བཞིན་འབྲས་བུ་འགྲུབ་བྱའི་ཕྱིར། །གཏན་ཚིགས་གཉིས་དང་བཟློག་པ་གཉིས། །ཞེས་བྱ་བའི་དོན་ཏོ། །ཕྱོགས་ཀྱི་ཆོས་ཉིད་ཀྱི་ངོ་བོ་མེད་པ་ཕྱོགས་མ་ཡིན་པར་བརྗོད་

པ་བཤད་པ་ནི་བྱས་པའི་ཕྱིར་ཞེས་བྱ་བ་དང་མི་རྟག་པ་ཞེས་བྱ་བའོ། །བསྒྲུབ་བྱའི་ཆོས་གཙོ་བོ་ཡིན་ཏེ་གཏན་ཚིགས་ཀྱི་ཡུལ་ཉིད་ཀྱིས་ཕྱོགས་ཀྱི་ཆོས་ཉིད་ཀྱི་ཚེ་སྔ་ན་ཡོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནས་ཡིན་ནོ་ཞེ་ན། བསྟན་ན་ཞེས་བྱ་བའི་བར་དུ་ནི་རྒོལ་བ་རྗེས་སུ་བརྗོད་པ་ཡིན་པ་ནི་སྒྲུབ་

བྱེད་ཉིད་གསལ་བར་བྱེད་པའི་དོན་དུའོ། །ཚད་མའི་འབྲས་བུ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་ཉིད་ཀྱི་འཐད་པའོ། །དེ་ནི་ཟུག་གཟེར་ལ་ཞེས་བྱ་བ་ནི་བཞད་གད་དུ་བྱེད་པ་ཡིན་ཏེ་སྒྲ་གཞན་གྱིས་དེ་ཉིད་བརྗོད་པའི་ཕྱིར་ཏེ། ཁྱབ་འཇུག་པ་ནི་ལྟོ་བ་ལ་སོགས་པའི་ཟུག་གཟེར་ལ་དབང་ཕྱུག་ཆེན་པོ་པར་གྱུར་

པའི་འཇིགས་ལས་འཁོར་ལོའི་སྒྲས་བརྗོད་ཀྱི་རྩེ་གསུམ་གྱི་སྒྲས་ནི་མ་ཡིན་ནོ། །གཏན་ཚིག་ཉིད་ཙམ་ཡིན་ན་ཐེ་ཚོམ་ལ་སོགས་པ་ལ་ཡིན་པས་ཐལ་ཆེས་པར་བསྟན་པ་ནི་འདིར་བཤད་ཟིན་ཏེ་ཞེས་བྱ་བའོ། །མ་གྲུབ་པ་དང་འགལ་བ་ཉིད་དུ་དོགས་པ་ལ་ཡང་བསྟན་པ་ནི་དེ་མེད་ཀྱང་ཞེས་བྱ་བ་སྟེ་བསྟན་པ་ནི་

Vol. 181 · folio 233b

བརྗོད་པའི་ཁྱབ་པ་ཅན་ཡིན་པའི་ཕྱིར་རོ། །ཁྱབ་སྔོན་ཅན་ལ་ཞེས་བྱ་བ་ནི་འགྲེལ་པ་ཡིན་ནོ། །དེ་ནི་འཇིག་བློར་ནི་སྒྲ་མི་རྟག་ཅེས་བྱ་བ་མ་གྲུབ་པ་ལ་སོགས་པ་སེལ་བར་བྱེད་པའོ། །འགལ་བ་དང་གཏན་ཚིགས་དེ་དག་གི་ངེས་པའོ། །མ་ཡིན་ཏེ་ཞེས་བྱ་བར་མཚམས་གཅད་པར་བྱ་སྟེ། མ་ཡིན་དུ་

ཟིན་ཀྱང་ཞེས་བྱ་བའི་དོན་ཏོ། །ཅི་ལས་ཤེ་ན་རང་གནོད་པ་ལ་ཞེས་བྱ་བ་ནི་རྒོལ་བའིའོ། །ཁྱབ་པ་སྔོན་དུ་འགྲོ་བ་ཅན་གྱི་སྦྱོར་བ་ལ་སྐྱོན་ཐམས་ཅད་བསལ་བར་བྱ་བ་ཡིན་ཏེ་གཞན་དུ་ན་དམ་བཅའ་བ་ཡིན་ཡང་ལན་གཉིས་བརྗོད་ཀྱང་དེ་ལ་འཁྲུལ་པ་སྲིད་པའི་ཕྱིར་རོ་ཞེས་བསྟན་པ་ནི། ཁྱབ་པ་སྔོན་དུ་

འགྲོ་བ་ཅན། །ཞེས་བྱ་བའོ། །བསྟན་བཅོས་སུ་བསྒྲུབ་བྱ་ལན་གཉིས་སུ་བརྗོད་པར་འདོད་པའི་རྐང་མིག་པ་ལ་སོགས་པར་ནི་བསལ་བའི་དོན་དུ་ཡིན་ནོ་སྙམ་དུ་སེམས་པ་ལ། དེ་ནི་རྒོལ་བ་ལ་ཞེས་བྱ་བའོ། །དམ་བཅས་པ་མེད་ཀྱང་འགལ་བ་ཉིད་དུ་དོགས་པ་བསལ་ནས་དེ་ཡོད་ཀྱང་འགལ་བ་ཉིད་ཡིན་པ་སེལ་

བ་ནི་གལ་ཏེ་སྒྲ་ནི་རྟག་སྟེ་ཞེས་བྱ་བའོ། །རྟག་པ་ཉིད་ཀྱི་ཁྱབ་པ་མཐོང་ན་ཡང་དམ་བཅའ་བས་ཅི་ཞིག་དགོས་ཞེས་བསྟན་པ་ནི་དེའི་ཚེ་ཁྱད་པ་ཕྱིན་ཅི་ལོག་པ་ཞེས་བྱ་བ་སྟེ། ཁྱབ་པ་སྟོན་པ་ཉིད་ཀྱི་ངག་ལས་སོ། །གང་གི་ཞེས་བྱ་བ་ནི་རྐང་མིག་པ་ལ་སོགས་པའི་ཡིན་གྱི་གཞན་གྱི་ནི་མ་ཡིན་ཏེ་ཁྱབ་པའི་ཚིག་

ལས་རྟོགས་པའི་ཕྱིར་རོ། །བྱས་ཟིན་པ་ཞེས་བྱ་བ་ནི་གནས་སྐབས་ཁོ་ན་ལ་དམ་བཅས་པ་ཡིན་ཞེས་བྱ་བ་སྟེ་འདོད་པ་ཁོ་ན་ཡིན་ཞེས་བྱ་བའི་དོན་ཏོ། །བཟློག་པ་ཉིད་དོ་ཞེས་བྱ་བ་ནི་དམ་བཅའ་བ་གནས་སྐབས་ཙམ་ཉིད་ཡིན་པའི་ཕྱིར་རོ། །དེ་ནི་འདི་ལྟར་དམ་བཅའ་བ་མེད་ཀྱང་གཏན་ཚིགས་མ་གྲུབ་པ་

ཉིད་ལ་སོགས་པ་བསལ་བའི་ཕྱིར་སྒྲུབ་པར་བྱེད་པའི་ཡན་ལག་ཉིད་མ་ཡིན་ན། དེས་མ་ཚང་བ་ཉིད་ཀྱི་ཚར་བཅད་པའི་གཞི་མ་ཡིན་པར་བསྟན་པ་ནི་ཕྱོགས་བསྟན་པ་ནི་ཞེས་བྱ་བའོ། །གྲུབ་པ་ནི་གཏན་ཚིགས་སོ། །གཞན་དག་ནི་རྗེས་སུ་དཔག་པ་ཡིན་ནོ་ཞེས་ཟེར་རོ། །དེ་དང་ཞེས་བྱ་བ་ནི་སྒྲུབ་

པར་བྱེད་དང་ངོ་། །མ་འབྲེལ་པ་ནི་དམ་བཅའ་བའི་ཚིག་སྟེ་དེའི་ཡན་ལག་གོ། །དམ་བཅའ་བའི་ཚིག་གིས་ཀྱང་མེད་པ་དང་ཁྱབ་ཆེས་པར་བསྟན་པ་ནི་བསྒྲུབ་པར་བྱ་བ་ཞེས་བྱ་བའོ། །གང་ཞིག་ཅེས་བྱ་བ་ནི་འབྲས་བུ་བསྟན་པ་ལས་གྲུབ་པ་སྐྱེད་པའི་དོན་དུ་དེའི་ཚིག་སྒྲུབ་པར་བྱེད་པ་ཉིད་མ་ཡིན་ན་དམ་བཅའ་

Vol. 181 · folio 234a

བ་མ་ཚང་བའི་སྐྱོན་མེད་པ་བཞིན་དུ་དེའི་མཚན་ཉིད་ལ་ཐལ་ཆེས་པ་ཡང་སྒྲུབ་བྱེད་ལྟར་སྣང་བ་ལ་མ་ཡིན་པར་བསྟན་པ་ནི་བསྒྲུབ་བྱ་བརྗོད་པ་ཞེས་བྱ་བ་སྟེ། བསྒྲུབ་བྱ་སྟོན་པའོ། །དེ་ལ་སྟེ་དེའི་ཚེ་བསྒྲུབ་པ་སྨྲ་བ་ལའོ། །སྒྲུབ་བྱེད་དབང་དུ་བྱས་ཉིད་ཀྱིས། །ཞེས་བྱ་བ་ནི་གཏན་ཚིགས་

ལྟར་སྣང་བ་སྟེ། དམ་བཅའ་བའི་དབང་དུ་བྱས་པ་ལ་མེད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་ནི་གཏན་ཚིགས་ལྟར་སྣང་བའོ། །སྒྲུབ་པར་བྱེད་པ་མ་ཡིན་པ་ནི་དམ་བཅའ་བའོ། །དམ་བཅའ་བ་སྒྲུབ་པར་བྱེད་པ་ཡིན་ཡང་བསྒྲུབ་པར་བྱ་བའི་ཡུལ་ཉིད་ལ་ཡིན་གྱི་སྒྲུབ་པར་བྱེད་པའི་ཡུལ་ཉིད་ལ་ནི་མ་ཡིན་

ནོ་སྙམ་དུ་སེམས་པ་ནི་གལ་ཏེ་ཞེས་བྱ་བའོ། །མ་བསྟན་པར་འགྱུར་ཞེས་བྱ་བ་ནི་གྲུབ་པ་ཡང་དེ་ལྟར་བརྗོད་ན་དེ་ལྟ་བུ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །སྒྲུབ་པ་འོས་པ་ཉིད་ཅེས་བྱ་བའི་ངེས་པར་བཟུང་བ་ཡིན་ན་གསལ་བར་བྱེད་པའི་དད་པས་གཏན་ཚིགས་མ་གྲུབ་པ་ལ་ཡང་ཐལ་བར་འགྱུར་བར་བསྟན་པ་ནི་འོན་ཏེ་ཞེས་

བྱ་བའོ། །གཞན་གྱིས་ཞེས་བྱ་བ་ནི་གསུམ་པ་ལ་སོགས་པས་སོ། །དང་པོ་ཞེས་བྱ་བ་ནི་བསྟན་པའོ། །ཕྱོགས་ཀྱི་མཚན་ཉིད་བྱེད་པ་ཁྱེད་ལ་ཡང་ཅི་ཞིག་ཡིན་ཞེས་ཟེར་བ་ལ། ཕྱོགས་ཀྱི་ཞེས་བྱ་བའོ། །དོན་མེད་པས་ཞེས་བྱ་བ་ནི་འཇིག་རྟེན་ལ་གྲགས་པའི་ཕྱིར་རོ། །དབང་དུ་བྱེད་པ་མ་ཡིན་པའི་ཕྱིར་

ཅིའི་ཕྱིར་འབྲེལ་པ་མེད་པ་ཡིན་ཏེ་བསྒྲུབ་བྱ་ཡིན་པའི་ཕྱིར་སྒྲུབ་པར་བྱེད་པ་ལྟར་སྣང་བ་ལ་འབྲེལ་པ་ཡོད་དོ་ཞེས་ཟེར་བ་ལ་ཁྱད་པར་མེད་པར་རྗོད་པ་སྟེ་བསྒྲུབ་བྱ་བརྗོད་པའོ། །གནས་སྐབས་ཀྱིས་རིགས་གཅིག་བཟློག་པ་ཡིན་ཏེ། གཞན་དུ་གནས་སྐབས་ཀྱིས་བཟློག་པ་མ་ཡིན་ན་བསྒྲུབ་བྱ་ཙམ་ཡིན་ན་བུམ་པ་

བྱེད་དོ་ཞེས་བྱ་བའི་བྱེད་པ་པོ་ལ་ཡང་བསྒྲུབ་བྱར་རྟོགས་པར་འགྱུར་རོ། །ཤེས་པ་པོ་བསྒྲུབ་བྱའི་གནས་སྐབས་ཀྱིས་བཟློག་པ་ཡིན་ན་གལ་ཏེ་དེ་ལྟ་ན་སྒྲུབ་པར་བྱེད་པའི་གནས་སྐབས་ཀྱང་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གྲུབ་པ་ཉིད་ཀྱིས་སྒྲུབ་བྱེད་ནི་བསྒྲུབ་བྱའི་ཚིག་ཉིད་ཀྱིས་ལྡོག་པ་ཡིན་ན་སྒྲུབ་བྱེད་

མ་ཡིན་པའི་གནས་སྐབས་ཀྱིས་ཅི་དགོས་ཞེས་ཟེར་བ་ནི་གལ་ཏེ་གྲུབ་བརྗོད་ཅེས་བྱ་བ་སྟེ། གྲུབ་པ་ཉིད་དུ་བརྗོད་པའི་ཕྱིར་སྒྲུབ་བྱེད་ཉིད་ལ་ཡང་གྲུབ་པ་དང་བསྒྲུབ་པར་བྱ་བ་ཉིད་ཀྱིས་ཐ་དད་པ་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བ་ཡིན་ནོ། །གྲུབ་པ་དང་བསྒྲུབ་པར་བྱ་བ་དག་གིས་ཐ་དད་པ་ནི་གཞན་དག་ལ་ཡང་

Vol. 181 · folio 234b

སྟེ་གྲུབ་མཐའ་བ་དག་ལ་ཡང་འདོད་པ་ཡིན་ནོ། །མི་འདོད་པ་གང་ཡིན་ཞེ་ན་ད་ནི་ཞེས་བྱ་བ་སྟེ་གྲུབ་པའི་ཚིག་ལ་སྒྲུབ་བྱེད་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །འགྲེལ་པར་ནི་མ་གྲུབ་པ་སྒྲུབ་པར་བྱེད་པ་ལྟར་སྣང་བ་ཉིད་འདིས་བསལ་བ་ཡིན་གྱི་བསྒྲུབ་བྱའི་ནི་མ་ཡིན་ཏེ། དེས་ན་སྒྲུབ་པར་བྱེད་པ་ཡིན། གཞན་དག་

གིས་ཏེ་སྒྲུབ་པར་བྱེད་པ་ཉིད་དུ་སྨྲ་བ་རྣམས་ཀྱི་སྐྱོན་མེད་ཅེས་བྱ་བ་ནི་རྒོལ་བའོ། །གྲུབ་པས་ནི་མ་གྲུབ་པ་བཞིན་དུ་བསྒྲུབ་པར་བྱ་བ་བསལ་བ་ཡིན་ནོ་ཞེས་བསྟན་པ་ནི་ད་ནི་ཞེས་བྱ་བའོ། །རྒོལ་བ་དང་ལན་དག་ལ་སྙིང་པོ་མེད་པའི་ཕྱིར་གྲུབ་པ་ཉིད་དུ་བརྗོད་ན་སྒྲུབ་པར་བྱེད་པ་ཡིན་པས་དེར་སྣང་བ་བསྡུས་

པའི་ཕྱིར་དང་བསྒྲུབ་བྱ་ལྡོག་པ་ལ་རྒོལ་བ་ཡིན་པས་སྒྲུབ་པར་བྱེད་པ་ཉིད་དུ་ཁས་བླངས་པ་དང་འགལ་བ་ཡིན་ནོ་ཞེས་བྱ་བ་ནི་ལན་གྱི་མཆོག་ཡིན་ནོ་ཞེས་བྱ་བ་རྒྱལ་བ་ཅན་གྱིའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་འགྲེལ་པ་ནི་རྗེས་སུ་བརྗོད་པའོ། །མ་གྲུབ་པ་ཉིད་ཀྱིས་ཞེས་བྱ་བ་ནི་དེའི་འཐད་པའོ། །གལ་ཏེ་

དམ་བཅའ་བ་གྲུབ་ན་མ་གྲུབ་པར་སྨྲ་བ་པོ་ཕམ་པར་མི་འགྱུར་བར་བསྟན་པ་ནི་མ་གྲུབ་པ་ཉིད་ཅེས་བྱ་བའོ། །སྒྲུབ་པར་བྱེད་པ་ཉིད་ཀྱིས་ཞེས་བྱ་བ་ནི་དམ་བཅའ་བའོ། །རང་གི་དོན་ལ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་ཡིན་ལ་དེ་ལ་ལྟོས་ནས་ཚིག་ནི་སྒྲུབ་པར་བྱེད་པ་མ་ཡིན་གྱི་བསྒྲུབ་པར་བྱ་བ་ལ་སྒྲུབ་

པར་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བའོ། །གལ་ཏེ་རང་གིས་བརྗོད་པར་བྱ་བ་ལ་སྒྲུབ་བྱེད་ཚིག་ཡིན་པ་སུ་ཞིག་གི་བསམ་པ་ཡིན་པ་དེས་ན་དགག་པ་ཡིན་ཞེས་ཟེར་བ་ལ་མ་ཡིན་ཏེ་དོན་དང་ལྡན་པ་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་རང་ཉིད་ཀྱིའོ། །ཚིག་ལ་སྒྲུབ་པར་བྱེད་པ་དང་ཅིག་ཤོས་ཉིད་དུ་

སུའི་ཡང་བསམ་པ་མ་ཡིན་པར་བསྟན་པ་ནི། སྒྲའི་ཕུར་མ་ཞེས་བྱ་བའོ། །མངོན་སུམ་ལ་སོགས་པ་བཞིན་དུ་འདི་བརྗོད་བྱ་ལ་ཚད་མ་ཉིད་ཡིན་ན། སྒྲུབ་པར་བྱེད་པ་དོན་མེད་པ་ཡིན་ཏེ་དེ་ཉིད་ལས་བསྒྲུབ་བྱ་འགྲུབ་པའི་ཕྱིར་རོ་ཞེས་བསྟན་པ་ནི་འོན་ཏེ་དོན་ཉིད་ཅེས་བྱ་བའོ། །གཞན་ནི་རིགས་པའི་

སྒོའི་ཊཱི་ཀཱ་བྱེད་པ་པོའོ། །དམ་བཅའ་བ་ཞེས་བྱ་བ་ནི་དེའི་སྒྲུབ་བྱེད་བརྗོད་པ་པོའིའོ། །སུན་འབྱིན་པར་སྨྲ་བ་ནི་སྒྲུབ་བྱེད་མ་ཡིན་པར་སྨྲ་བའོ། །ལྟར་སྣང་བའི་ཚིག་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ཡིན་ན་སྒྲུབ་པར་མི་བྱེད་པའི་ཤེས་པའི་བདག་ཉིད་ཉིད་ཀྱི་མངོན་སུམ་པ་ཡང་ཡོད་པར་བསྟན་པ་ནི་མངོན་སུམ་

Vol. 181 · folio 235a

གྱིས་ཞེས་བྱ་བའོ། །ལན་གདབ་པོ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་སྨྲ་བ་པོའིའོ། །སུན་འབྱིན་པས་ཞེས་བྱ་བ་ནི་སྒྲུབ་བྱེད་དུ་སྨྲ་བ་མ་ཡིན་པའོ། །ཁྱད་པར་གྱི་སྒོ་ནས་ལན་ཁས་ལེན་ན་སུན་དབྱུང་བ་གྲུབ་པ་མ་ཡིན་ཏེ། ཁྱད་པར་རྣམས་ལ་མཐའ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་སུན་

འབྱིན་པར་འགྱུར་བ་མ་ཡིན་པ་ཞེས་བྱ་བའོ། །ཚིག་ནི་ལྟར་སྣང་བ་དང་བཅས་པ་ཉིད་ཀྱིས་སྒྲུབ་བྱེད་ཡིན་ཞིང་གནོད་པར་བྱེད་པས་ཁྱབ་པ་མི་འགྲུབ་པའི་ཕྱིར་སྒྲུབ་བྱེད་མ་ཡིན་པ་ཡང་ཡིན་པ་དེའི་ཕྱིར་མ་ངེས་པ་ཉིད་དུ་ལན་འདེབས་པ་ནི་བཞད་གད་ཡིན་ནོ། །ཚིག་ཉིད་ཡིན་ན་ཞེས་བྱ་བ་ནི་བཞད་གད་ཡིན་ཏེ་ཁྱད་པར་

གྱིས་དངོས་སུ་བ་མ་ཡིན་པའི་ཕྱིར་རོ། །གང་གི་ཞེ་ན་གལ་ཏེ་སྒྲུབ་བྱེད་དུ་སྨྲ་བའི་ཡིན་ན་འདོད་པ་ཡིན་ནོ། །སུན་འབྱིན་པར་སྨྲ་བའི་ཇི་ལྟར་ཡིན་ཞེ་ན་དེ་ཁས་བླངས་པས་དམ་པ་མ་ཡིན་པར་སྨྲ་བ་ཁས་བླངས་པའི་ཕྱིར་རོ། །དེ་གཉི་ག་བསྟན་པ་ན་མ་མཐོང་བ་ཙམ་གྱིས་ཞེས་བྱ་བ་ནི་འགྲེལ་པའོ། །བསྒྲུབ་བྱ་ཙམ་

གྱི་ཚིག་ནི་ནུས་པ་མེད་པ་ཡིན་ཏེ། བསྒྲུབ་བྱ་བསྒྲུབ་པ་ལ་གཏན་ཚིགས་དོན་མེད་པར་ཐལ་བར་འགྱུར་ཞེས་བྱ་བ་ལ་སོགས་པས་སྒྲུབ་བྱེད་མ་ཡིན་པ་ཉིད་ཡིན་ན་ལྟར་སྣང་བཅས་སོགས་ཞེས་བྱ་བ་ལ་སོགས་པས་སྒྲུབ་བྱེད་ཉིད་དང་། སྒྲུབ་བྱེད་མ་ཡིན་པ་ཉིད་དུ་ཉེ་བར་བཀོད་པ་ནི་བཞད་གད་ཡིན་ཏེ། ཁྱབ་པ་མེད་

པས་མ་ངེས་པ་ཡིན་པའི་ཕྱིར་རོ། །འདི་ལ་ཡང་ཁྱད་པར་གྱིས་ལན་དུ་བཞེད་པ་ནི་དངོས་སུ་བ་མ་ཡིན་པའི་ཕྱིར་བཞད་གད་ཡིན་ནོ་ཞེས་བྱ་བའི་དོན་ནོ་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །སློབ་དཔོན་པ་རྣམས་ཀྱིས་དེའི་ཚིག་སྒྲུབ་བྱེད་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །བསྒྲུབ་བརྗོད་ཅེས་བྱ་བ་སྟེ་རྟོགས་

པའི་དོན་ནི་ཁྱབ་པ་དང་བཅས་པ་ཅན་གྱི་སྦྱོར་བ་ལ་བསྒྲུབ་བྱར་རྟོགས་པ་ཡིན་ནོ། །དེ་ལ་ཡང་རྨོངས་པ་ནི་བསྒྲུབ་བྱ་ལ་བསྒྲུབ་བྱ་མ་ཡིན་པ་ཉིད་དང་། བསྒྲུབ་བྱ་མ་ཡིན་པ་ལ་བསྒྲུབ་བྱ་ཉིད་དུ་རྟོགས་པའོ། །དེ་སེལ་བར་བྱེད་པའི་ཆེད་དུ་མཚན་ཉིད་ཡིན་ནོ། །དེ་དག་ལ་བསྒྲུབ་བྱ་མ་ཡིན་པ་ལས་བཟློག་པའི་

རྨོངས་པ་ནི་གཞན་གྱི་དོན་ཙམ་ཞེས་བྱ་བའོ། །བསྒྲུབ་བྱ་ལས་བཟློག་པ་ནི་བསྒྲུབ་བྱ་ཡིན་ཡང་ཞེས་བྱ་བའོ། །དེ་བསལ་བའི་ཕྱིར་ཞེས་བྱ་བ་ནི་ལོག་པར་རྟོགས་པ་བསལ་བའི་ཕྱིར་རོ། །བསྒྲུབ་བྱ་དང་ཅིག་ཤོས་ཀྱི་ཡུལ་ལ་ལོག་པར་རྟོགས་པ་བསལ་བའི་ཕྱིར་ཚིག་རེ་རེ་ཞིང་ངེས་པར་གཟུང་བའི་སྦྱོར་བ་

Vol. 181 · folio 235b

ཡིན་པར་བསྟན་པ་ནི་དེ་བཞིན་དུ་ཞེས་བྱ་བའོ། །ཅི་ཞིག་བྱ་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་ཀྱི་འཐད་པའོ། །རྟོགས་པའི་དོན་ཅན་ཉིད་ཁྱབ་པ་དང་ལྡན་པ་ཡིན་ཡང་སྒྲ་ལས་དེ་དང་བྲལ་བའི་གཏན་ཚིགས་འབའ་ཞིག་ཡིན་ན་བསྒྲུབ་བྱ་དང་ཅིག་ཤོས་བཟློག་པའི་ཐེ་ཚོམ་ཟ་བ་བཟློག་པས་མ་གྲུབ་པ་དང་འགལ་

བ་དང་མ་ངེས་པ་དག་བསལ་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་རྒྱལ་བ་ཅན་གྱིའོ། །བསྒྲུབ་བྱ་ནི་སྤྱི་ཡིན་གྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཁྱད་པར་མ་ཡིན་པར་བརྗོད་པ་མ་ཡིན་ནམ། དུ་བ་ནི་མེའི་ཁྱད་པར་ལས་སྤྱིར་འཕེན་པའི་ཕྱིར་སྒྲུབ་བྱེད་ཡིན་ལ་དངོས་སུ་ནི་མ་ཡིན་ན་འདོད་པ་སྨོས་པས་དེ་སེལ་བའི་ཕྱིར། ཇི་ལྟར་

ཁྱད་པར་འཛིན་པ་ཡིན། །ཞེས་ཟེར་བ་ལ་མ་བརྗོད་ན་ཡང་ཞེས་བྱ་བ་སྟེ། །བརྗོད་པའི་སྤྱིའི་རྗེས་སུ་འགྲོ་བའི་དུས་ན་མཐོང་བའི་ཁྱད་པར་གྱི་རིགས་འཕེན་པ་ཡིན་གྱི་སྤྱིའི་ཁྱད་པར་ལ་གཞན་གཏན་མ་མཐོང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་བྱར་ཞེས་བྱ་བ་ནི་སྤྱི་གཞན་གྱི་བདག་ཉིད་ཉིད་ཀྱིས་རྗེས་སུ་འགྲོ་བ་

མེད་པའི་ཕྱིར་རོ། །གཞན་ནི་སྤྱི་གཉིས་བདག་ཉིད་ཀྱིས་ཏེ་རང་ཉིད་སྨྲ་བ་ན་གཞན་གྱི་དོན་ཙམ་བསྒྲུབ་བྱ་ཡིན་ནོ་ཞེས་བྱ་བས་སོ། །སྐབས་སུ་མ་བབ་པར་ཞེས་བྱ་བ་ནི་བདག་གི་དོན་ཉིད་གནས་སྐབས་ཡིན་པའི་ཕྱིར་རོ། །ཕྱིར་རྒོལ་བ་ཡང་ཞེས་བྱ་བ་ནི་བདག་གི་དོན་ཉིད་དུ་གནས་སྐབས་ཡིན་ཡང་དེའི་བསམ་པ་མ་

ངེས་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་གྲུབ་པ་ཡིན་པ་ལ་རྩོམ་པའི་ཕྱིར་རང་ཉིད་ཀྱིས་སོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རྒོལ་བ་མི་འདོད་པ་གཞན་གྱིས་འདོད་པ་ནི་རྒོལ་བ་མི་འདོད་པ་ཡིན་ནའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་འདོད་པ་སྨོས་པ་ལས་རྗོད་པ་ཙམ་མི་འདོད་པའི་ཕྱིར་རྒོལ་བའི་འདོད་པ་གསལ་བར་བྱེད་ན་

བསྟན་བཅོས་ལ་འདོད་པ་ལ་སོགས་པ་གཞན་གྱི་འདོད་པ་ཐམས་ཅད་སེལ་བར་བྱེད་པ་ན་རང་ཉིད་སྨོས་པས་ཅི་ཞིག་བྱ་སྙམ་དུ་སེམས་པ་ལ། བསྟན་བཅོས་ཁས་ལེན་པ་པོ་དེ་ལ་འདོད་པ་ནི་འདོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་མི་ལྡོག་པའི་རློམ་པ་ཅན་ལ་དོགས་པའི་གནས་ཏེ་བསྟན་བཅོས་ཁས་བླངས་པའི་ཕྱིར་

དེ་ལ་འདོད་པ་འདོད་པ་ཁོ་ན་ཡིན་ཏེ། རང་ཉིད་མི་འདོད་ཀྱང་ཞེས་བྱ་བའི་ལོག་པར་རྟོགས་པའོ། །འདི་ལྟར་ལུང་དང་འགལ་བ་ནི་མངོན་སུམ་ལ་སོགས་པ་དང་འགལ་བ་བཞིན་དུ་རྗེས་སུ་དཔག་པ་མ་ཡིན་པ་དེའི་ཕྱིར་དེ་བསལ་བའི་དོན་དུ་རང་ཉིད་སྨོས་པ་ཡིན་ནོ། །གལ་ཏེ་ཡང་འགྲེལ་པར་དེ་ལྟར་བསྟན་པ་

Vol. 181 · folio 236a

ཡིན་ན་ཡང་མདོ་ལས་ནི་དོན་གཞན་དུ་འགྱུར་རོ་ཞེས་ཟེར་བ་ལ་འདི་ནི་དེ་དོན་ཞེས་བྱ་བ་སྟེ། དེའི་དོན་ནི་བསྟན་བཅོས་ལས་འདོད་པའི་དོན་རྗོད་པར་བྱེད་པ་ནི་འགྲེལ་པར་ཡང་འདོད་པ་སྨོས་པའི་ཕྱིར་རོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་དེ་མ་བཟློག་ན་གཏན་ཚིགས་སུ་མི་འགྱུར་རོ་ཞེས་

བྱ་བར་སྦྱར་རོ། །ཡོད་དམ་མེད་ཀྱང་བསྟན་བཅོས་དང་འགལ་བར་མི་འགྱུར་ཏེ། རང་ཉིད་ཀྱི་འདོད་པ་བསྡུས་པ་བསྟན་བཅོས་རྣམས་སུ་བཟློག་པའི་དོན་ཡིན་གྱི་ཡན་ལག་གི་ནི་མ་ཡིན་ནོ་སྙམ་དུ་སེམས་པ་ནི། ཡན་ལག་ཉིད་དུ་སློབ་དཔོན་གྱི་འདོད་པ་ཤེས་པ་ཡིན་པར་བསྟན་པ་ནི་དེ་ཉིད་འདོད་པས་ཁྱབ་

པའི་ཁྱད་པར་གྱི་ཡིན་པར་བརྗོད་པ་ཆོས་དང་ཆོས་མ་ཡིན་པ་ཅན་ལ་ལྟོས་ནས་ཡིན་པ་དེའི་ཕྱིར་དོན་སོ་སོ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འགྲེལ་པར་ནི་གཞན་དེ་ཕྱིར་རྒོལ་བ་ལ་ལྟོས་ནས་ཁྱད་པར་དེ་འདོད་པས་མ་བརྗོད་པའི་སྤྱི་བོའི་ངོ་བོ་ཁོ་ན་ཡིན་ནོ། །ཅིའི་དོན་དུ་ཞེ་ན་མཐོང་བ་བསྡུས་པ་གཞན་གྱི་དོན་

ཙམ་གྱིས་ཁྱབ་པའི་ཕྱིར་མ་བསྡུས་པ་ལ་འགལ་བ་ཉིད་དགོད་པའི་ཕྱིར་རོ། །ཞེས་བྱ་བའི་དོན་ཏོ། །སྨྲ་བ་པོའི་ཚིག་ལས་འདོད་པའམ་ཅིག་ཤོས་རྟོགས་པར་འགྱུར་བ་མ་ཡིན་ནམ། དེ་མེད་ན་ཇི་ལྟར་ཡིན་ཞེས་ཟེར་བ་ལ་མ་བརྗོད་ན་ཡང་ཞེས་བྱ་བའོ། །དེ་བསྒྲུབ་བྱ་ཉིད་ཡིན་ན་སྐྱོན་ཅི་ཡོད་ནས་གང་གིས་བཀག་

པ་ཡིན་ཞེས་ཟེར་བ་ལ་རྗེས་འགྲོ་མེད་པའི་ཞེས་བྱ་བའོ། །སྐྱོན་དེ་འདི་ན་སློབ་དཔོན་ཉིད་ཀྱིས་བསྟན་པ་ཡིན་པར་བསྟན་པ་ནི་བཤད་བཞིན་ཏེ་ཞེས་བྱ་བ་སྟེ། དེ་མ་བརྗོད་ན་བཟློག་པར་བྱ་བ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདོད་པ་ལ་གནོད་པ་ཡང་དེ་བསྒྲུབ་བྱ་ཉིད་ཁོ་ནའི་ཕྱིར་བརྗོད་པ་ཡིན་པར་བསྟན་པ་ནི་

དེར་ནི་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་གཞན་ཉིད་ཀྱི་དོན་ཉིད་ཙམ་མོ། །ཚུལ་ཞུགས་ཞེས་བྱ་བ་ནི་ཅི་ལ་བརྟེན་པ་ཉིད་དེ་དེ་ལ་བརྩོན་པའོ། །འདོད་པ་ནི་ནང་དུ་བརྗོད་པ་ཙམ་ཡང་གནས་སྐབས་པ་ཉིད་མ་ཡིན་ནམ། དེ་ཅི་ལས་ཐ་དད་པ་ཡིན་ཞེས་ཟེར་བ་ལ་གལ་ཏེ་གང་ལ་ཞེས་བྱ་བ་སྟེ། གནས་སྐབས་པའི་རྩོད་

པའི་གཞི་ནི་བསྒྲུབ་བྱ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྩོད་པ་མེད་ན་ཡང་བསྒྲུབ་བྱ་ཉིད་ལ་སྐྱོན་བསྟན་པ་ནི་གཞན་དུ་ན་ཞེས་བྱ་བའོ། །མི་འདོད་པ་ཞེས་པ་ཞེས་བྱ་བ་ནི་རྒོལ་བ་པོའིའོ། །འབྲས་མེད་ནི་ཕྱིར་རྒོལ་བ་སྟེ་གྲུབ་པ་ལ་བསྒྲུབ་པའི་ཕྱིར་རོ། །འགྲེལ་པར་ནི་བདག་ཉིད་དུ་

Vol. 181 · folio 236b

བསྒྲུབ་པར་བྱ་བ་ལ་ནི་འགལ་བ་དང་མི་འདོད་པ་ཡིན་ནོ། །གཞན་གྱི་དོན་ཙམ་ལ་ནི་འབྲས་བུ་མེད་པ་ཉིད་དང་། བསྒྲུབ་བྱ་མ་གྲུབ་པ་ཉིད་དག་གོ་ཞེས་བྱ་བའི་བསྟན་པ་ནི་དེ་ལྟ་ན་ནི་ཞེས་བྱ་བ་སྟེ། ཁྱབ་པ་འཛིན་པའི་དུས་ན་མཐོང་བའི་ཁྱད་པར་གྱི་རིགས་ཉིད་བཞིན་དུའོ། །ཁྱད་པར་འདི་ཡང་དེ་ཉིད་ཁོ་ན་

ཡིན་པའི་ཕྱིར་རོ་ཞེས་བསྟན་པ་ནི། གལ་ཏེ་གཞན་གྲུབ་ན་ཞེས་བྱ་བའོ། །ཉེ་བ་ཞེས་བྱ་བ་ནི་འབྲེལ་པའིའོ། །ཁྱད་པར་ཞེས་བྱ་བ་ནི་ཕུལ་དུ་བྱུང་བའོ། །དེ་ནི་ཞེས་བྱ་བ་ནི་བདག་གི་དོན་ཉིད་དོ། །བརྗོད་པར་འདོད་པའི་ཞེས་བྱ་བ་ནི་བརྗོད་པ་ཙམ་ལའོ། །བརྗོད་པའི་ཤུགས་ཀྱིས་རྟོགས་པར་བྱ་བ་བསྒྲུབ་

པར་བྱ་བ་ལ་སྐྱོན་བསྟན་ནས། དེའི་རྟོགས་བྱའི་བརྗོད་པ་ཉིད་ལ་བསྟན་པ་ནི། འདིས་ནི་གཉིས་བཅས་ཞེས་བྱ་བའོ། །བུམ་པ་དང་གཉིས་བཅས་ཉིད་ནི་རྟོགས་པར་བྱ་བཞིན་བར་མི་འདོད་ལ་སེམས་པ་ཅན་གྱི་བདག་ཉིད་ཀྱི་ལུས་དང་། གཉིས་བཅས་ཉིད་ན་འདོད་པ་ཡིན་གྲང་ན། །དེ་ནི་དཔེ་ལ་མ་གྲུབ་

པོ། །བརྗོད་པ་དང་མ་བརྗོད་པ་ཡང་འདོད་པ་བསྒྲུབ་པར་བྱ་བ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་འགྲོ་མེད་དང་འགལ་བདག །ཅེས་བྱ་བ་ནི་བུམ་པ་ནི་བུམ་པ་ཉིད་དང་གཉིས་བཅས་ཉིད་ཐོབ་པར་བྱ་བའི་ཕྱིར་ནི་རྒོལ་བའི་དང་རྗེས་སུ་འགྲོ་མེད་པ་ནི་ཕྱིར་རྒོལ་བའིའོ། །སྤྱིར་

ཞེས་བྱ་བ་ནི་གང་ཡང་རུང་བས་གཉིས་བཅས་ཉིད་ཙམ་ཏེ་མེ་ཉིད་ལྟ་བུའོ། །ཁྱད་པར་ནི་ཤུགས་ཀྱིས་སོ། །ཁྱད་པར་ཡོད་ན་སྤྱི་བསྒྲུབ་བྱ་ཡིན་གྱི་དེ་མེད་ན་ནི་མ་ཡིན་ཏེ་རང་ཉིད་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི་དེ་ཉིད་ཅེས་བྱ་བའོ། །དོན་གཞན་མེད་པ་ཅི་ལས་ཡིན། །ཞེས་ཟེར་བ་ལ་ལུས་ཞེས་བྱ་བའོ། །

གང་གི་ཕྱིར་ལུས་མི་འགྲུབ་པ་དེའི་ཕྱིར་འགྲུབ་པར་བྱ་བ་ཡིན་ནོ་ཞེས་ཟེར་བ་ལ་བརྗོད་བྱས་ཞེས་བྱ་བ་སྟེ། ཡོད་པར་ཁྱད་པར་ཅན་གྱི་སྤྱི་བསྒྲུབ་བྱ་ཡིན་གྱི་གཞན་ཁྱད་པར་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་པ་ཅན་གྱི་ཁྱད་པར་ཅན་དེ་ལ་སྤྱིས་ཀྱང་ཡིན་པ་ཅི་ལས་ཤེ་ན་ཐབས་ཡིན་ནོ་ཞེས་བྱ་

བ་སྟེ། རྒོལ་བ་པོ་ཐབས་ལ་མཁས་པར་བྱ་བའི་དོན་ཏོ། །ཐབས་མཁས་པས་བསྒྲུབ་བྱ་ཡིན་པ་དེའི་ཚེ་ཡང་སྐྱོན་ཡིན་པར་བསྟན་པ་ནི། འདི་ལ་སྤྱིའམ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་དེ་མེད་ན་མི་འབྱུང་བ་མ་ཡིན་པ་ཉིད་དོ། །ཁྱད་པར་འཕངས་པ་ནི་བསྒྲུབ་བྱ་ཉིད་ཀྱིས་ད་རྩྭ་ལས་བྱུང་བ་ལ་

Vol. 181 · folio 237a

སོགས་པ་བཞིན་དུ་མ་གྲུབ་ན་མེད་པའི་ཕྱིར་རོ། །དུས་དང་ཡུལ་གྱི་ཁྱད་པར་ལས་དེ་བཞིན་དུ་འགྱུར་བའི་ཕྱིར་ཞེས་བྱ་བ་ཐ་སྙད་ཀྱི་སྤྱོད་ཡུལ་ཉིད་འགྱུར་བའི་ཕྱིར་རོ། །འདི་ཉིད་ལས་ཞེས་བྱ་བ་ནི་ཨུཏྤ་ལ་མ་ཡིན་པ་ཉིད་ལས་སོ། །སྤྱི་མེད་ན་ཁྱད་པར་གྱི་ངོ་བོ་ཇི་ལྟར་ཡིན་པ་བསྟན་

པ་ནི་སྤྱི་མ་གྲུབ་པ་ལ་ནི་ཞེས་བྱ་བའོ། །ཁྱད་པར་མེད་པའི་སྤྱི་ནི་དངོས་པོ་མ་ཡིན་ལ་བསྒྲུབ་བྱ་མ་ཡིན་ཞིང་སྒྲུབ་བྱེད་ཀྱང་མ་ཡིན་པར་བསྟན་པ་ནི་དེས་ན་ཞེས་བྱ་བའོ། །དངོས་པོ་གཅིག་ཉིད་ལ་གང་ཡང་རུང་བའི་ཚིག་རིགས་པ་མ་ཡིན་ཡང་རུང་བའི་ཚིག་རིགས་པ་མ་ཡིན་ནམ་གཉི་ག་བསྡུས་པ་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་ལ། ཕྱོགས་

ཉིད་སྒྲ་ལ་ཡོད་ཀྱི་ཞེས་བྱ་བའོ། །བདེན་ཏེ་ངོ་བོ་གཅིག་ལ་མི་འགལ་བ་ཡིན་ན་ཞེས་བསྟན་པ་ནི། གཉིས་ལས་ཞེས་བྱ་བ་སྟེ་འགལ་བ་མེད་པས་རྣམ་པར་བརྟག་པ་ཞེས་བྱ་བར་སྦྱར་རོ། །ངེས་པའི་ཞེས་བྱ་བ་ནི་གཞན་མེད་ནའོ། །བུམ་པའི་རིགས་ལ་དེ་ཉིད་ཀྱིས་གཉིས་བཅས་ཉིད་དུ་མི་སྲིད་པའི་ཚིག་

ནི་སྐྱེས་བུ་དང་གཉིས་བཅས་ཉིད་འདོད་པར་སྨྲ་བ་ཡིན་ཏེ་དེ་བསྟན་པ་ནི། དེ་ལྟ་བུའི་ཞེས་བྱ་བའོ། །དེ་དང་འདྲ་བའི་སྐྱོན་ཡིན་པའི་ཕྱིར་ཚིག་གི་ཕྱོགས་གཅིག་གིས་དེ་ལས་གཞན་པ་དོན་མེད་པར་འཕེན་པ་ནི་ཐོས་པའི་དོན་གྱི་གོ་བ་དང་འབྲེལ་པ་མེད་པ་མི་རིགས་པར་བསྟན་པ་ནི་ཚོན་པོ་ཞེས་བྱ་བའོ། །

མི་རྟག་པ་ཉིད་ནི་རང་གི་ཁྱད་པར་ཡོད་པས་སྤྱི་ཡིན་ཞིང་སྒྲུབ་པར་བྱེད་པ་སྲིད་པ་ཡིན་གྱི་ཁྱད་པར་གཞན་ཡོད་པས་མ་ཡིན་པར་བསྟན་པ་ནི། སྒྲ་དང་བུམ་པའི་ཁྱད་པར་ལས། །ཞེས་བྱ་བའོ། །མཚུངས་ཞེས་བྱ་བ་ནི་བདག་གི་དོན་ཉིད་དུའོ། །མ་ཡིན་འཇིག་པ་གྲུབ་པ་ཡིས། །ཞེས་བྱ་བ་ནི་བུམ་པ་ལ་ཡོད་པའི་མི་རྟག་པ་ཉིད་

ཀྱི་ཁྱད་པར་གྱིས་ཏེ་བདག་གི་དོན་ཉིད་ཀྱིས་ཁྱད་པར་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལུས་དང་གཉིས་པ་དང་བཅས་པ་བཞིན་དུ་མི་རྟག་པ་ཉིད་མ་གྲུབ་པ་མ་ཡིན་པར་བསྟན་པ་ནི་དེ་བཞིན་ཞེས་བྱ་བའོ། །འདུས་པའི་གཞན་གྱི་དོན་ཉིད་ནི་འདུས་པ་གཞན་ལ་གནས་པ་ཡིན་ནོ་ཞེས་བྱ་བའི་ཚིག་གི་ཤུགས་

ཀྱིས་འདུས་པ་མ་ཡིན་པའི་དོན་གྱིས་ཉིད་ནི་ཁྱད་པར་ཡིན་ལ་མི་རྟག་པ་ཉིད་ནི་ཁྱད་པར་ཁོ་ན་ལས་མཐོང་བ་ནི་དེ་མ་ཡིན་པ་ལས་ལོག་པས་སྤྱི་ཡིན་པར་ཡུལ་ལ་སོགས་པའི་ཁྱད་པར་གྱིས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་བུམ་པ་ནི་བུམ་པ་ཉིད་ཀྱིས་གཉིས་པ་དང་བཅས་པར་འགལ་བའི་ཕྱིར་ཏེ། དེ་ལྟ་བུའི་ལུས་

Vol. 181 · folio 237b

དང་གཉིས་པ་དང་བཅས་པ་ཉིད་ཀྱིས་ཚིག་གི་ཤུགས་ཀྱིས་བརྗོད་པ་ཡིན་པ་དེའི་ཕྱིར་སྐྱོན་མེད་དོ་ཞེས་དགོངས་པའོ། །ཡང་ངོ་ཞེས་བྱ་བ་ནི་དེ་ནི་མ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །མི་རྟག་པ་ལ་སོགས་པ་ཚད་མས་གྲུབ་པ་ཉིད་དུ་བསྟན་པ་ནི་བུམ་པ་ལ་ཞེས་བྱའོ། །མཐོང་བའི་ཁྱད་པར་ཁོ་ན་དེ་མ་ཡིན་པ་ལས་བསྒྲུབ་

པར་བྱ་བ་ཡིན་པར་བསྟན་པ་ནི་གཞན་ཉིད་ཅེས་བྱ་བའོ། །འདི་ཆོས་ཅན་ཡང་ཡིན་ལ་བུམ་པ་ཡང་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་བུམ་པ་ལོག་པའོ། །སྐྱེས་བུས་གཉིས་པ་དང་བཅས་པ་ཞེས་བྱ་བ་ནི་ཚིག་ལས་ཡིན་གྱི་གཞན་ལས་མ་ཡིན་པའི་ཕྱིར་རོ། །དཔེ་ལ་དེ་མ་ཡིན་པ་ལས་ལོག་པར་མཐོང་བ་མ་

ཡིན་ནམ་བསྒྲུབ་བྱ་མ་ཡིན་ཏེ། གྲུབ་པའི་ཕྱིར་དཔེ་ཅན་ལ་མཐོང་བའི་ཕྱིར་དེ་མ་ཡིན་པ་ལས་ལོག་པས་སམ། གཞན་དུ་ཡང་རུང་ཇི་ལྟར་བསྒྲུབ་བྱ་ཡིན་ཏེ། རྗེས་སུ་འགྲོ་བ་མཐོང་བ་མཐོང་བའི་ཕྱིར་རོ་ཞེས་ཟེར་བ་ནི་མི་རྟག་ཅེས་བྱ་བའོ། །དཔེ་ལ་ཡོད་པ་ཉིད་དུ་གྲུབ་པ་དཔེ་ཅན་ལ་ཡོད་པ་གྲུབ་པར་བྱ་བ་ཉིད་

དུའོ། །མ་ཡིན་པ་ནི་ཐ་དད་པ་ཡིན་པ་སྟེ། ཆོས་ཁོ་ན་ཞེས་བྱ་བའི་ངེས་པ་གཟུང་བས་མི་ལྡན་པ་རྣམ་པར་གཅོད་པ་རྟོགས་པ་ཡིན་པའི་ཕྱིར་བསྡུས་པ་ཉིད་ཡིན་པར་བསྟན་པ་ནི་མི་ལྡན་དང་ཞེས་བྱ་བ་སྟེ། དཔེ་ཅན་དང་ཐུན་མོང་བ་ཉིད་དུ་རྟོགས་པ་ལ་དཔེ་དང་ཐུན་མོང་བ་རྟོགས་པ་རྗེས་སུ་འཇུག་པ་ཁོ་ན་

ཡིན་པ་དེའི་ཕྱིར་རྗེས་སུ་འགྲོ་བའི་ནུས་པས་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པར་གཟུང་བའི་དོན་གཅིག་ལ་འདི་རྣམ་པར་དབྱེ་བ་ཇི་ལྟར་ཡིན་ཞེ་ན། བསྡུས་པ་དང་གཞན་ཡང་ཡིན་པར་བསྟན་པ་ནི། རྣམ་པ་གཉིས་ཞེས་བྱ་བའོ། །ཡུལ་གྱི་དབྱེ་བ་ལས་ངེས་པར་བཟུང་བའི་རྣམ་པར་

དབྱེ་བ་ཡིན་ལ། ཡུལ་ནི་ཆོས་དང་ཆོས་ཅན་ནོ། །ཆོས་ཅན་དང་འབྲེལ་པའི་ཆོས་ལ་ངེས་པར་གཟུང་བ་ཡིན་ན། རྣམ་པར་དབྱེ་བ་མེད་པ་ཁོ་ན་ཡིན་ནོ་སྙམ་དུ་སེམས་པ་ལ་མི་ལྡན་གཅོད་ཕྱིར་ཞེས་བྱ་བ་སྟེ། རྣམ་པར་དབྱེ་བ་བྱས་པའི་འབྲེལ་པ་ཉིད་ངེས་པར་བཟུང་བའི་དོན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཔེ་

ལ་གནོད་པས་ངེས་བཞིན་པ་དང་ལྡན་པ་ནི་དེ་དང་གཞན་ལ་ཡང་རྗེས་སུ་དཔག་པ་ལས་ཁྱད་པར་ཅན་དུ་རྟོགས་པ་ཡིན་པར་བསྟན་པ་ནི་གལ་ཏེ་ཞེས་བྱ་བའོ། །ཁྱད་པར་མེད་པ་བསྡུས་པ་ཁྱད་པར་དང་འགལ་བ་ཡིན་ནོ་ཞེས་ཟེར་བ་ནི། གལ་ཏེ་ཞེས་བྱ་བའོ། །བསྡུས་པས་ཁྱད་པར་ཡིན་ཏེ་མི་སྲིད་པ་རྣམ་པར་

Vol. 181 · folio 238a

གཅོད་པར་སྒྲ་ལས་རྟོགས་པའི་ཕྱིར་རོ་ཞེས་བསྟན་པ་ནི་མ་ཡིན་ཏེ་མ་འབྲེལ་པ་ཞེས་བྱ་བའོ། །ཟ་བ་ལ་ཚིག་གི་ནུས་པ་མ་ངེས་པ་མེད་པ་དང་འགལ་བ་མེད་པར་བསྟན་པ་ནི་ཟ་བ་ནི་ཞེས་བྱ་བའོ། །ཆོས་ཅན་བུམ་པ་ལ་བུམ་པ་དང་གཉིས་པ་དང་བཅས་པ་ཉིད་མ་ཡིན་ཏེ་ཚིག་གི་

ནུས་པས་འགལ་བའི་ཕྱིར་རོ། །བཟློག་པ་ལ་ཡང་ནི་སྒྲུབ་པར་བྱེད་པའི་ནུས་པ་མེད་པ་ན་ཡང་ངོ་། །ཁྱད་པར་དང་བསྡུས་པ་དག་ཡོད་ན་ཡོན་ཏན་གཞན་ཡང་ངོ་ཞེས་བསྟན་པ་ནི་སྤྱི་ཉིད་ཅེས་བྱ་བ་སྟེ། རྗེས་སུ་འགྲོ་བ་མེད་པའི་སྐྱོན་མེད་པ་དང་གྲུབ་པ་སྒྲུབ་པ་ཉིད་མེད་པའོ། །ཁྱད་པར་ཅན་ཞེས་བྱ་བ་ནི་དེ་ལས་

གཞན་པའི་ངོ་བོའི་སྤྱི་ནི་ཁྱད་པར་ཅན་ཉིད་ཡིན་ཏེ་ཁྱད་པར་གཞན་མ་སྤངས་པའི་ཕྱིར་རོ། །རྟགས་ནི་ཁྱད་པར་གྱི་མངོན་སུམ་ལས་དེ་ལས་གཞན་ལྡོག་པ་ནི་སྤྱི་དང་འགལ་བ་ཅན་ཡིན་པར་བསྟན་པ་ནི་སྤྱི་ནི་ཞེས་བྱ་བའོ། །གལ་ཏེ་ཁྱད་པར་གྱི་སྤྱི་མ་གྲུབ་ན་དེ་མ་ཡིན་པ་ལས་ལོག་པས་ཀྱང་ཁྱབ་པ་འཛིན་པའི་ཡུལ་

ཇི་ལྟར་ཡིན་ཞེས་ཟེར་བ་ནི་གལ་ཏེ་བསྒྲུབ་བྱ་ཞེས་བྱ་བ་སྟེ། ཁྱད་པར་གྱིས་སོ། །བསྒྲུབ་པར་བྱ་བ་ཡང་ཡིན་སྤྱི་ཡང་ཡིན་ཞེས་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རྒོལ་བའོ། །ཁྱབ་པ་འཛིན་པ་ནི་མེའམ་དུ་བ་ཞེས་བྱ་བ་ནི་དེ་མ་ཡིན་པ་ལས་ལོག་པའི་ཤེས་པའི་རྗེས་སུ་འབྲང་བའི་ཕྱིར། སྤྱི་ཡིན་ལ་དེའི་ཤུགས་ཀྱིས་རྗེས་

སུ་འབྲང་བའི་ཁྱད་པར་བསྒྲུབ་བྱ་ཡིན་པ་དེའི་ཕྱིར་འགལ་བ་མེད་པར་བསྟན་པ་ནི་འདི་ནི་བཤད་ཟིན་ཞེས་བྱ་བའོ། །ཆོས་ཅན་བཅས་པར་ཞེས་བྱ་བ་ནི་ཆོས་ཅན་ཐམས་ཅད་དུ་འགྲོ་བ་ཡིད་ཀྱིས་ཞེན་པ་ཙམ་ཡིན་གྱི་ངེས་པར་སྟོན་པའི་ངེས་པར་དམིགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་ལྡན་པ་རྣམ་པར་བཅད་པས་

ཁྱད་པར་དུ་བྱས་པའི་སྤྱི་ཡང་བུམ་པའམ་སྒྲ་ལ་མ་ཡིན་པ་མ་ཡིན་ནམ། ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་རྗེས་སུ་འགྲོ་བ་དང་འགལ་བ་དག་ཉིད་དོ་ཞེས་ཟེར་བ་ལ་འདི་ནི་ཞེས་བྱ་བ་སྟེ། རྗེས་སུ་འགྲོ་བ་ཅན་མེད་པའི་བསྒྲུབ་བྱ་ཉིད་ཀྱི་ཁྱད་པར་ཡིན་གྱི་ཁྱད་པར་དུ་བྱས་པ་ནི་རྗེས་སུ་འགྲོ་བ་མེད་པ་མ་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་འགོག་པ་ཡིན་ཞེས་ཟེར་བ་ལ་དེ་ལྟར་ཞེས་བྱ་བའོ། །འདིས་ནི་ཞེས་བྱ་བ་འདོད་པ་སྨོས་པས་ཞེས་བྱ་བ་ནི་འགྲེལ་པར་རོ། །ཆོས་ཅན་ལ་ཆོས་དང་ཆོས་ཅན་བསྡུས་པ་ཉིད་བསྡུ་བྱ་ཉིད་ཡིན་ནོ། །དེ་གཉི་གའི་ངོ་བོའི་ཁྱད་པར་ལས་ཟློག་པ་བསྒྲུབ་པས་འགལ་བ་ཉིད་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words