ཚད་མ་རྣམ་འགྲེལ་གྱི་རྒྱན་གྱི་འགྲེལ་བཤད
Sanskrit title (Tibetan script, as in the text) པྲ་མཱ་ཎ་བརྟི་ཀཱ་ལངྐ་ར་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 180 · folio 110a
ཞེས་བྱ་བའི་དོན་ཏོ། །དེས་ཉེ་བར་བསྐྱོད་པ་ནི་ཡི་གེར་མངོན་པར་གསལ་བར་བྱེད་པ་ཡིན་ཏེ། དེ་ལ་ཡང་། ཡི་གེ་གསལ་བ་མཐོང་བའི་ཕྱིར། །དེ་རྣམས་མ་མཐོང་བར་བརྟག་མིན། །ཞེས་སྨོས་པའོ། །ཡང་འདོད་པ་གཞན་བསྟན་པ་ནི། །རྐན་སོགས་
ཕྲད་དང་དབྱེ་བ་ཡི། །བསྐུལ་བས་གསལ་བ་ཡི་གེ་ནི། །གསལ་བྱེད་ཡིན་འདོད་གཞན་དག་ནི། །སྒྲ་ཉིད་ཀུན་དང་འབྲེལ་འདོད་པ། །དེ་ཕྱིར་ཡུལ་ལ་སོགས་པ་ཐ་དད་པ་དང་། ཆེན་པོ་དང་ཆུང་ངུ་ཉིད་ལ་སོགས་པ་ཡང་བོར་ནས་སྒྲ་ཙམ་ལ་དམིགས་བཞིན་པའི་རྣམ་པར་རྟོག་པ་ལ་ནི་
བསྙོན་པར་འོས་པ་མ་ཡིན་ནོ། །དེ་ལ་བསྙོན་པར་བྱེད་པ་ཡིན་ན་ནི་རྗེས་སུ་དཔག་པ་ལ་སོགས་པ་མེད་པར་ཐལ་བར་འགྱུར་རོ། །གང་གི་ཕྱིར་དེ་མེད་ན་ཁྱབ་པ་འཛིན་པ་མེད་དོ། །ཕྱོགས་འགའ་ན་ཡོད་པར་མཐོང་བ་ནི་ཁྱབ་པ་འཛིན་པར་བྱེད་པ་མ་ཡིན་ཏེ། ཁྱབ་པ་ནི་དེ་ལས་བཟློག་པ་ཡིན་
པའི་ཕྱིར་རོ། །གོང་བུ་རྣམས་ཁོ་ན་རྣམ་པར་རྟོག་པ་དེས་རྣམ་པར་མ་བཅད་པས་རྟོགས་པར་བྱེད་པ་ནི་མ་ཡིན་ཏེ། དེ་རྣམས་ཀྱི་དེ་མ་ཡིན་པའི་ངོ་བོ་ཉིད་ཡིན་ན་འཁྲུལ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གནོད་པ་ཅན་མེད་པ་ལས་ནི་འཁྲུལ་པ་མི་འགྲུབ་པའི་ཕྱིར་རྣམ་པར་བཅད་པ་དེ་
རྣམས་ཀྱི་རྣམ་པར་བཅད་པ་མེད་པ་ཡིན་ལ། དེས་ན་འཁྲུལ་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་སྒྲའི་རྟག་པ་ཉིད་དང་ཁྱབ་བདག་ཉིད་དུ་འགྱུར་བ་ཡིན་ནོ་སྙམ་དུ་སེམས་པ་ལ། ཚད་མ་རྟག་པ་ཞེས་སྨོས་པ་ནི་སྒྲའི་ངོ་བོའོ། །ཉིད་ཡོད་མིན་ནི་ཉེ་བར་མ་དམིགས་པའོ། །བ་ལང་གི་སྒྲ་ནི་རེ་རེ་ལ་
བརྗོད་པར་ཐ་དད་ཉིད་དུ་ཉེ་བར་དམིགས་པ་ཡིན་གྱི། ཉེ་བར་དམིགས་པ་ལ་རྣམ་པར་རྟོག་པས་གནོད་པ་ཡང་མ་ཡིན་ཏེ། དངོས་པོ་ཡུལ་མ་ཡིན་པའི་ཕྱིར་རོ། །དངོས་པོ་ནི་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་ཉིད་དེ། ཡིད་ཙམ་གྱི་ལ་ཐུ་རྣམས་ནི་དངོས་པོ་མ་ཡིན་པའི་ཕྱིར་རོ། །
མཐོང་བའི་རྗེས་སུ་འབྲངས་ནས་དེ་ཡུལ་ཡིན་ནོ་ཞེ་ན། དེ་ལྟ་ན་དེའི་ཡང་མཐོང་བ་ཉིད་ཉེ་བར་དམིགས་པར་བྱེད་པ་ཡིན་པའི་ཕྱིར་མཐོང་བའི་དབང་གིས་རྣམ་པར་རྟོག་པ་ཅན་གྱི་ཚད་མ་ཡིན་ནོ། །དེ་ཡང་བལྟ་བྱ་སོ་སོར་སྣང་བས་ཁྱབ་པར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་ཞེན་པས་ནི་
Vol. 180 · folio 110b
མ་ཡིན་ནོ། །མཐོང་བ་ནི་སོ་སོར་སྣང་བ་ཡིན་ལ། དེ་ནི་གང་ཡང་སོ་སོར་སྣང་བས་འཛིན་པ་ཡིན་གྱི་ངེས་པས་ནི་མ་ཡིན་ནོ། །ངེས་པ་རྣམས་ཀྱིས་མ་ངེས་པ། །དེ་ནི་ཇི་ལྟར་དེ་དག་ཡུལ། །དེའི་ཕྱིར་དེ་ལྟ་བུའི་དོན་གྱི་ངོ་བོ་འཛིན་པར་མཐོང་བ་ལ་ནི་དེ་དང་མི་འདྲ་བའི་རྣམ་པར་རྟོག་
པས་གནོད་པ་མ་ཡིན་ནོ། །གནོད་པ་ཡིན་ཡང་དངོས་པོ་སྤངས་ནས་བླང་བྱ་ལ་སོགས་པའི་རྣམ་པར་དབྱེ་བ་མེད་པས་འགྲོ་བ་རྣམས་འཇུག་པ་དང་ལྡོག་པ་མི་བྱེད་པར་འགྱུར་རོ། །རྣམ་པར་རྟོག་པ་ནི་དངོས་པོ་མཐོང་བ་ཅན་མ་ཡིན་ཏེ། མངོན་སུམ་གྱིས་མཐོང་བ་ལས་ཇི་ལྟར་ཡང་དེ་ཉིད་ལས་
སམ། གཞན་ལས་ཀྱང་རུང་བརྡའི་རྗེས་སུ་འབྲངས་པའམ་ཅིག་ཤོས་དག་གི་རྣམ་པར་བརྟག་པའི་ཕྱིར་རོ། །དེ་སྐད་དུ་ཡང་། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་གསུངས་པའོ། །དེའི་དེ་ལྟ་བུ་ཡང་རྟག་པ་ལས་བྱུང་བ་མ་ཡིན་ཏེ། རིམ་ཅན་མིན་ལས་རིམ་སྐྱེ་མེད། །
ཅེས་བྱ་བས་འགེགས་པར་འགྱུར་བ་ཡིན་ནོ། །འདི་ལ་ནི་མཐོང་བ་ཞེས་བྱ་བའི་རྣམ་པར་དབྱེ་བའི་རྣམ་པར་དབྱེ་བ་ཡིན་ནོ། །ཤེས་བྱ་བའི་སོ་སོར་སྣང་བ་མི་རྟག་པ་ཉིད་ཀྱིས་དེའི་བདག་ཉིད་མཐོང་བ་ཡང་མི་རྟག་པ་ཡིན་གྱི། རྟག་པར་འཛིན་པ་ནི་མ་ཡིན་པར་བསྟན་པ་ནི། ཤེས་བྱ་མི་
རྟག་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །མི་རྟག་པ་ཡང་རྟག་པར་འཛིན་པ་མ་ཡིན་པར་བསྟན་པ་ནི། རིམ་བཞིན་སྐྱེ་བ་ཞེས་བྱ་བ་སྟེ། མི་རྟག་པ་ནི་རྟག་པ་ལས་སྐྱེ་བར་མི་འཐད་པའི་ཕྱིར་རྟག་པས་རང་གི་སོ་སོར་སྣང་བ་སྐྱེད་པར་བྱེད་པའི་སྒོ་ནས་མཐོང་བ་བསྐྱེད་པ་ནི་དེའི་འཛིན་བྱེད་དུ་
འགྱུར་རོ། །དེས་བསྐྱེད་པར་བྱ་བའི་སོ་སོར་སྣང་བ་ནི་རྟག་པ་མ་ཡིན་པའི་ཕྱིར་དེ་ཇི་ལྟར་འཛིན་པ་ཡིན། རང་གི་སོ་སོར་སྣང་བ་སྐྱེད་པར་བྱེད་པ་ཉིད་ནི་གཟུང་བྱ་ཉིད་ཡིན་ནོ། །ཇི་སྐད་དུ། རིགས་ཤེས་པས། ཤེས་པའི་རྣམ་པར་འཇོག་ནུས་པ། །རྒྱུ་ཉིད་ལ་ནི་བཟུང་བར་ཤེས། །
ཞེས་གསུངས་པའོ། །དེ་རྟག་པ་ཡང་གསལ་བར་བྱེད་པའི་དབང་གིས་ཡིན་པར་ནི་ངེས་པ་ཅན་མ་ཡིན་ཏེ། གསལ་བར་བྱེད་པའི་སྒྲ་ནི་སོ་སོར་སྣང་བ་ལ་རག་ལས་པའི་ཕྱིར་རོ། །དེ་འཛིན་པ་ནི་ཡུལ་དེ་ལ་ལྟོས་པ་ཡིན་ནོ་ཞེ་ན། ལྟོས་པ་མི་རུང་བའི་ཕྱིར་ཞེས་བྱ་བ་སྨོས་སོ། །གསལ་
Vol. 180 · folio 111a
བྱར་བྱེད་པ་ནི་སྣང་བ་ལ་ལྟོས་ནས་སྒྲ་ཐ་དད་པར་མཐོང་བ་ལ་བསྙོན་པར་བྱེད་ན་རི་བོང་ལ་རྭ་ཡོད་པར་ཁས་བླངས་པས་བསྙོན་པར་མི་བྱེད་པ་མ་ཡིན། ཡུལ་དང་དུས་ལ་སོགས་པའི་ངེས་པས་སྒྲ་སོ་སོར་སྣང་བ་ཡང་གཞན་དུ་ཡིན་པ་ཉིད་དུ་ཇི་ལྟར་སྲིད་པར་འགྱུར། གློ་
བུར་བའི་སྣང་བ་འདི་བུམ་པ་ལ་སོགས་པས་ཀྱང་ཇི་ལྟར་སྤོང་བར་བྱེད། འོན་ཏེ་རྐན་ལ་སོགས་པའི་བྱ་བ་ཡོད་ན་སྒྲ་གར་འདོད་པ་དེ་ལྟར་སྣང་བ་ཡིན་ལ། དེས་ན་རྟག་པ་དང་ཁྱབ་པ་ཅན་དུ་ཡང་གང་དང་གང་གཟུང་བའི་ཡུལ་དེ་ཐམས་ཅད་ན་སྒྲ་ཡོད་པ་ཡིན་ནོ། །དེ་བཞིན་དུ་རྒྱུ་ཡོད་ན་བུམ་
པ་ལ་སོགས་པ་ཡང་ཡིན་ནོ། །ཡན་ལག་དང་བཅས་པ་ཡིན་པའི་ཕྱིར་དེ་རྣམས་རྟག་པ་མ་ཡིན་ཞེ་ན། ཡུལ་ལ་སོགས་པའི་རྣམ་པར་དབྱེ་བ་བཞིན་དུ་ཆ་ཤས་ལ་སོགས་པའི་རྣམ་པར་དབྱེ་བ་ཡང་གསལ་བར་བྱེད་པའི་རྒྱུ་མཚན་དུ་ཅིས་རྟོགས་པར་མི་བྱེད། ཆོས་ཐམས་ཅད་དུ་མཐོང་
བར་ཁས་ལེན་པར་བྱེད་པ་ཡིན་ལ། ཤེས་པ་དང་འདོད་པ་ལ་སོགས་པ་བདག་གི་ཆོས་རྣམས་དེའི་གནས་སྐབས་ཆ་ཤས་མེད་པ་ཡིན་ཡང་ཇི་ལྟར་རྟག་པར་ཁས་ལེན་པ་ཡིན། དེའི་ཕྱིར་མཐོང་བ་ཚད་མར་བྱེད་ན་བུམ་པ་ལ་སོགས་པ་བཞིན་དུ་སྒྲ་མི་རྟག་པར་ཁས་བླང་བར་བྱ་དགོས་སོ།
གཞན་དུ་ན་ཐམས་ཅད་རྟག་པ་ཉིད་དམ་ཐམས་ཅད་མེད་པར་འགྱུར་རོ་ཞེས་བྱ་བ་འདི་ནི་ངེས་པ་ཡིན་ནོ། །བུམ་པ་ལ་སོགས་པ་རྣམས་ཀྱིས་མི་རྟག་པ་ཉིད་ཀྱང་སྤྱི་རྟག་པ་ཡིན་པའི་ཕྱིར་ཐ་སྙད་ནི་དེ་ཉིད་ཀྱི་རྗེས་སུ་འབྲངས་པ་ལས་སྐྱེ་བར་འགྱུར་བ་ཡིན་ལ་སྒྲ་ལ་ནི་མ་ཡིན་ཏེ། སྤྱི་མེད་
པའི་ཕྱིར་རོ། །སྒྲ་ལ་སྤྱི་མེད་པ་ཡིན་པར་ཚེ་དང་ལྡན་པ་ཁྱོད་ཀྱིས་ཅི་ལས་ཤེས། ཆ་ཤས་མེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྗེས་སུ་དཔག་པ་ལ་མངོན་སུམ་གྱི་སྤྱི་ཤེས་པས་གནོད་པར་བྱེད་པའི་ཕྱིར་ཤེས་པ་དང་འདོད་པ་ལ་སོགས་པ་རྣམས་ཀྱི་ཆ་ཤས་མེད་པའི་སྤྱི་མེད་པ་མ་
ཡིན་ཏེ། གཉི་གའི་སོ་སོར་སྣང་བས་སྤྱི་དང་ཁྱད་པར་དག་མ་བཀག་པའི་ཕྱིར་སྒྲ་ཉིད་ཀྱིས་སོ་སོར་སྣང་བཞིན་པའི་སྤྱི་ནི་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་དེ་ཉིད་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ནོ། །མ་ཡིན་ཏེ། མཐོང་བ་ལ་སྤྱི་མི་སྣང་བའི་ཕྱིར་རོ། །སྤྱི་ནི་རྣམ་པར་རྟོག་པས་ཀྱང་ཐ་དད་
Vol. 180 · folio 111b
པར་གོ་བར་བྱེད་པ་མ་ཡིན་ཏེ། སྣང་བ་ཁོ་ན་ལ་དེ་ཉིད་ལ་སོགས་པར་ཞེན་པའི་ཕྱིར་དང་། དེ་ལྟར་མཐོང་བ་དང་འགལ་བའི་ཕྱིར་དང་། དེའི་དོན་གཅིག་ཏུ་བྱ་བ་ཉིད་དེ་ཉིད་དུ་རྣམ་པར་གནས་པ་ཡིན་པའི་ཕྱིར་སྤྱིར་ཐལ་བའི་སྐྱོན་མེད་དོ། །གོང་བུ་དེ་རྣམས་ཉིད་རྣམ་པར་རྟོག་པས་དེ་མི་བྱེད་པར་
རྣམ་པར་བཅད་པས་ཡུལ་ལ་ངེས་པར་རྟོགས་པ་ཡིན་ཏེ། སྤྱི་ལ་ངེས་པ་ཡིན་ཡང་གོང་བུ་མ་ངེས་པ་ཡིན་ཐ་སྙད་མེད་པའི་ཕྱིར་རོ། །དེས་ན་གོང་བུའི་མཚན་ཉིད་ཀྱིས་ཐ་སྙད་ལ་དང་པོ་ཉིད་དུ་དེ་ལྟར་འགྱུར་བའི་ཕྱིར་སྤྱི་ནི་གྲུབ་པ་ལ་ཉེ་བར་འགོད་པ་ཡིན་པས་དགོས་པ་མེད་བཞིན་དུ་སྐྱེད་པར་
བྱེད་པ་ཡིན་ནོ། །གོང་བུ་ནི་གཅིག་ཁོ་ན་མ་ཡིན་ཏེ། སོ་སོར་མངོན་དུ་ཕྱོགས་པས་དུ་མའི་སྒྲར་ཉེ་བར་དམིགས་པའི་ཕྱིར་རོ། །ཉི་མ་བཞིན་དུ་ཅིག་ཅར་བ་ཉིད་ཡིན་ནོ་ཞེ་ན། དེ་ཡང་གཅིག་པ་ཡིན་པར་ཅི་ལས་ཤེས། ལྷ་སྦྱིན་ནི་སྔ་དྲོ་ཤར་དུ་བལྟས་པ་ན་ཉི་མ་མདུན་ན་གནས་པར་མཐོང་
ལ། དེའི་གཡས་ཕྱོགས་ན་གནས་པ་གཉིས་ཀྱིས་རང་གི་ད་ལྟར་བ་དང་། གཡོན་ཕྱོགས་ཀྱི་ལྷ་སྦྱིན་གྱི་ཞེས་གཉིས་སུ་མཐོང་བ་མེད་པའི་ཕྱིར་གཅིག་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ལ་གང་ལ་གཉིས་སུ་མཐོང་བ་དེ་ལ་ཇི་ལྟར་དེ་བཞིན་དུ་གཅིག་གི་བདག་ཉིད་ཡིན་པ་ནི་སྒྲ་དག་ལ་གཉིས་སུ་
མཐོང་བ་ཡིན་ནོ། །འབྲས་བུའི་ཡུལ་རྣམས་ཉིད་ནི་ཐ་དད་པ་ཡིན་ཡང་སྒྲ་ནི་མ་ཡིན་ནོ་ཞེ་ན། ཡུལ་བཞིན་དུ་དེའི་ཡུལ་ཅན་ཡང་ཐ་དད་པ་ཉིད་དུ་སྣང་བ་ཡིན་ནོ། །དེའི་ཕྱིར་འདི་ཡང་། ཡུལ་གྱི་དབྱེ་བས་ཐ་དད་ཉིད། །ཡིན་པར་འདི་ཡང་དཔག་བྱ་ཡིན། །དེ་ཉིད་འདི་ཞེས་
མངོན་སུམ་པའི། །ཤེས་པ་དེ་ལ་གནོད་བྱེད་ཡིན། །ཞེས་བྱ་བས་བསལ་བ་ཡིན་ནོ། དེའི་ཕྱིར་དེ་ལྟར་ན་སྒྲ་ནི་སྐད་ཅིག་རེ་རེ་ཞིང་དུ་བ་བཞིན་དུ་ཐ་དད་པ་ཡིན་ཡང་། སྣང་བཞིན་པའི་རྣམ་པར་རྟོག་པ་བསྐྱེད་པ་ཡིན་ན། དེས་ན་ཡང་དེ་བཞིན་དུ་ཞེན་པ་ལས་རྗོད་བྱེད་དུ་འགྱུར་རོ། །
རྗོད་བྱེད་ཉིད་དུ་གྲུབ་པ་ལ་གང་ཡང་བརྗོད་བཙམ་གྱིས་འཇིག་པ་ནི་དོན་རྟོགས་པར་བྱེད་པར་མི་ནུས་པའི་ཕྱིར་གཞན་གྱི་དོན་དུ་རྗོད་པར་བྱེད་པར་མི་འགྱུར་ཞེས་རྒོལ་བ་དང་། འགའ་ཡང་དོན་དང་ལྡན་པ་མ་ཡིན་ཏེ། ཐམས་ཅད་དོན་མེད་པའི་ཕྱིར་རོ་ཞེས་རྒོལ་བ་གང་སྨྲ་བ་འདི་ཡང་
Vol. 180 · folio 112a
བསྙེག་པ་ཙམ་ཡིན་ཏེ། དེ་ནི་འབྲེལ་པ་འཛིན་པའི་དུས་སུ་དེ་དང་གཅིག་ཏུ་བསྲེ་བས་ཐམས་ཅད་འབྲེལ་པ་ཅན་ཡིན་པས་འཛིན་པའི་ཕྱིར་རོ། །གཅིག་ཏུ་བསྲེ་བའི་རྒྱུ་མཚན་ནི་འདྲ་བར་བསྟན་པ་ཡིན་གྱི། གནོད་པ་ཅན་གྱི་རྒྱུ་མཚན་ནི་མ་ཡིན་ནོ། །དེས་ན་དོན་དང་
ལྡན་པ་སྟེ། འདྲ་བ་ལ་དོན་རྟོགས་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། གཞན་གྱི་འདོད་པ་ཡིན་པར་དོགས་པ་མ་ཡིན་ནོ། །དེས་ན་སྒྲས་བརྗོད་པ་ལས་གཅིག་པུ་རྟོགས་པ་ཡིན་ཏེ། འབྲེལ་པ་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་ཕྱི་མ་ལས་ཀྱང་ངོ་ཞེས་གང་བསྟན་པའོ། །དེ་ཡང་འདྲ་བ་ལས་
རྗོད་བྱེད་ཡིན་པ་ནི་མ་ཡིན་ནོ། །འོན་ཏེ་འདི་དོན་ཡོད་པ་ཡིན་ཡང་སུ་ཡང་འཛིན་པར་བྱེད་པ་མ་ཡིན་ནོ། །ཕྱི་མའི་ཡང་དེ་དང་མཚུངས་པ་ཡིན་པའི་ཕྱིར། འདྲ་བ་ཡིན་ན་ཅིས་རྗོད་བྱེད་མ་ཡིན་ཞེས་བྱ་བར་ཕ་རོལ་པོའི་ཡང་མཐུན་པ་ཉིད་ཡིན་ནོ། །མང་པོ་རྣམས་བ་ལང་གི་སྒྲ་རྣམས་སུ་བརྗོད་
པ་ན་དེ་ཉིད་ལ་དེའོ་ཞེས་ཤེས་པ་མ་ཡིན་ནམ། དེ་དང་འདྲ་བ་ཉིད་ཀྱིས་ཤེས་པ་ནི་མ་ཡིན་ནོ། །འདྲ་བ་ཉིད་དུ་མ་ཤེས་ན་དེའི་སྒོ་ནས་ཀྱང་རྗོད་བྱེད་མ་ཡིན་ཏེ། འདྲ་བ་རྣམ་པ་གཉིས་ལ་གཅིག་པར་དེ་ཉིད་ཤེས་པའི་གོ་བྱ་ཡིན་ལ། གཞན་ནི་འདྲ་བའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་ནོ། །
གཅིག་པ་ཉིད་དུ་མཐོང་བ་དང་འགལ་བའི་ཕྱིར་འཁྲུལ་པ་ཉིད་ཡིན་ནོ། །བརྡ་ལ་སོགས་པ་ཡིན་ན་སྒྲ་ནི་ལྕགས་ཀྱུ་བཞིན་དུ་དྲན་བྱེད་ཡིན་གྱི། རང་བཞིན་གྱིས་རྗོད་བྱེད་དུ་ནི་མི་འགྱུར་རོ་ཞེ་ན། ཇི་ལྟར་སྣང་བ་དེ་ལྟར་ཡིན་དུ་ཟད་མོད་སྒྲ་ནི་དུ་བ་བཞིན་ནམ། གསལ་བ་བཞིན་དུ་བརྗོད་བྱ་ལ་ངེས་
པ་ཅན་དང་གསལ་བར་བྱེད་པ་མ་ཡིན་པ་དེ་ལྟར་མཐོང་བ་ཡིན་ནོ། །སྒྲ་དང་དོན་ཡང་རྟག་པར་འགྱུར་དུ་ཟིན་ཡང་ཕན་ཚུན་ལྟོས་པ་མེད་པའི་ཕྱིར་དེ་དག་ལས་བདག་གང་ནམ་མཁའ་བཞིན་དུ་འབྲེལ་པར་བསྟན་པ་ནི་ལྟོས་པ་མི་རུང་བའི་ཕྱིར་ཞེས་བྱ་བ་སྟེ། གཞན་ལ་ལྟོས་པ་འབྲེལ་པ་ཡིན། །
དེ་མེད་ཇི་ལྟར་ལྟོས་པ་ཡིན། །ཡོད་ནའང་ཐམས་ཅད་འདོད་མིན་ན། །དངོས་པོ་ཇི་ལྟར་ལྟོས་བྱེད་ཉིད། །ཅེས་བྱའི་ཚིག་གི་ལྟོས་པའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ། །སྒྲ་ནི་མེ་དང་འདྲ་བ་རང་བཞིན་གྱིས་གསལ་བྱར་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་རྟག་པ་ཉིད་དུ་སྒྲུབ་པ་ལ་
Vol. 180 · folio 112b
དོན་མེད་དོ། །དེ་འབྲེལ་པ་འཛིན་པའི་ཡན་ལག་ཡིན་ནོ་ཞེ་ན། འཛིན་པ་མེད་ན་རྟག་པ་ཡིན། །ཞེས་བྱ་བའི་འབྲེལ་པ་འཛིན་པར་བྱེད་པ་མ་ཡིན་ལ། དེ་བཞིན་དུ་འཛིན་པ་ཡང་མཐོང་བ་ལས་མ་ཡིན་ཏེ། རྣམ་པར་རྟོག་པ་ཡང་མཐོང་བའི་རྗེས་སུ་འབྲངས་ནས་རྟག་པ་ཉིད་དུ་རིག་པ་མ་
ཡིན་ཏེ། འོན་ཀྱང་དེ་མི་བྱེད་པ་རྣམ་པར་གཅོད་པར་བྱེད་པ་ན་རང་གི་མཚན་ཉིད་ཁོ་ནས་ཡིན་ལ། དེ་ལ་ནི་དགོས་པ་མེད་ལ་གཞན་དུ་ཡང་རིག་པ་ཡིན་ནོ། །དེའི་ཕྱིར་སྒྲ་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པ་ནི། ང་ནི་མི་ཆེན་པོའོ་ཞེས་བྱ་བ་ཙམ་ཡིན་ནོ། །དེ་ལྟ་ཡིན་ན་དོན་དང་འབྲེལ་པ་ནི་དུ་
བ་བཞིན་རང་བཞིན་གྱིས་མི་རྟག་པ་ཡིན་ཏེ། དོན་གྱིས་སམ་སྐྱེས་བུས་ཕན་གདགས་པར་བྱ་བ་ཡིན་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །ཞེས་བྱ་བ་སྟེ་དོན་གྱིས་སོ། །དེ་ཉེ་བ་ལ་མ་ལྟོས་པར་བྱེད་པའི་ཡོན་ཏན་དང་། སྨྲ་བར་འདོད་པ་
དག་གི་དབང་གིས་འབྱུང་བའི་ཕྱིར་རོ། །མེ་བཞིན་དུ་གསལ་བར་བྱེད་པ་ཉིད་ཀྱང་དེ་བཞིན་དུ་འཛིན་པ་མ་ཡིན་ན་མི་འགྱུར་རོ། །རང་བཞིན་གྱིས་གསལ་བར་བྱེད་པ་ཡིན་ན་མེ་དང་འདྲ་བ་དེ་བཞིན་དུ་འཛིན་པ་ལ་ཕན་པར་བྱེད་པ་མ་ཡིན་ཞེས་ཀྱང་བསྟན་པ་ཡིན་ནོ། །འབྲེལ་པ་ཅན་མ་ཡིན་
པ་ཡང་རང་བཞིན་གྱིས་འབྲེལ་པ་ཅན་དུ་བྱེད་པ་ནི་སྐྱེས་བུ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེའི་རང་བཞིན་ལ་དེས་དེ་ལྟར་བྱེད་པར་མི་ནུས་པའི་ཕྱིར་རོ། །མ་ཡིན་ཏེ། ནས་ནི་ཁྲེའི་མྱུ་གུ་དང་འབྲེལ་པ་ཅན་དུ་བྱ་བར་མི་ནུས་སོ། །ཕྲད་པར་བྱེད་པར་ནུས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྒྲ་དང་
དོན་དག་རྫས་མ་ཡིན་པ་ཉིད་ཀྱིས་ཕྲད་པ་མེད་པའི་ཕྱིར་རོ། །འདུ་བ་འབྲས་བུའི་རྗོད་བྱེད་ཉིད་མ་ཡིན་པ་གོ་བྱེད་ཉིད་དུ་བྱེད་པ་ནི་ཡིན་ནོ། །རྗོད་བྱེད་མ་ཡིན་པ་ཇི་ལྟར་དེ་ལྟར་བྱེད་པ་ཡིན། དེ་ལྟར་མ་ཡིན་ན་མེས་དུ་བའི་བྱེད་པ་དང་གོ་བྱེད་ཀྱང་ཇི་ལྟར་ཡིན། བདེན་ཏེ། མེས་བསྐྱེད་བྱ་
དེ་ཉིད་ཡིན་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ལས། རང་བཞིན་གྱིས་གོ་བར་བྱེད་པ་མིན་ལ། སྒྲ་ནི་དེ་བཞིན་དུ་དོན་གྱིས་བསྐྱེད་བྱ་དང་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཅན་མ་ཡིན་ཏེ། བརྗོད་པར་འདོད་པ་ལ་སོགས་པ་ལས་བྱུང་བའི་ཕྱིར་རོ། །
Vol. 180 · folio 113a
དེ་ལས་བྱུང་བ་ཡིན་ཡང་མངོན་པར་བསམ་པས་རྗོད་བྱེད་ཡིན་ནོ་ཞེ་ན། རྗོད་བྱེད་ཉིད་དམ་བརྗོད་བྱ་ཉིད་ནི་དངོས་སུ་བ་མ་ཡིན་པའི་ཕྱིར་རྩིག་པ་ལ་རི་མོ་བཞིན་དུ་སྒྲར་གྲུབ་པ་ཡིན་ན་རྗོད་བྱེད་དུ་འོངས་པ་ཡིན་ནོ། །སྐྱེས་བུས་འདུས་བྱས་པའི་དངོས་པོར་བྱེད་པ་ཡིན་
ནོ་ཞེ་ན། མ་ཡིན་ཏེ། དེ་ལྟ་བུའི་རྐྱེན་ལས་གཞན་པར་མ་མཐོང་བའི་ཕྱིར་རོ། །རྐྱེན་རྟོགས་བཞིན་པ་འཕངས་པ་ཡིན་ནོ་ཞེ་ན། ནམ་མཁའི་མེ་ཏོག་ལ་སོགས་པ་ཡང་ད་ནི་དངོས་པོར་ཐལ་བར་འགྱུར་རོ། །དེའི་ཕྱིར་རྗོད་བྱེད་ཉིད་ནི་སྨྲ་བ་པོས་དེ་ལྟར་རྣམ་པར་གཞག་པ་ཡིན་
པས་བློའི་ཆོས་ཡིན་གྱི། དངོས་པོའི་ཆོས་ནི་མ་ཡིན་ནོ། །ཇི་སྐད་དུ་དེ་ནི་རྣམ་པར་རྟོག་པ་ཡིན་པས་མེད་པའི་ཕྱིར་བྱེད་བཞིན་པའི་ཡང་འབྲེལ་པ་ནི་སྒྲ་དང་ལྷན་ཅིག་བྱེད་པ་མ་ཡིན་ཏེ། སྒྲ་དང་འབྲེལ་པ་དང་དེའི་ཐ་སྙད་དུ་བྱེད་པ་རྣམས་རིམ་བཞིན་འབྱུང་བ་ཉིད་ཀྱིས་ལྷན་ཅིག་བྱེད་བར་
མི་ནུས་པའི་ཕྱིར་རོ། །སྒྲ་བརྗོད་པ་དང་འབྲེལ་བྱེད་དང་། །ཐ་སྙད་པར་ནི་བྱེད་པ་རྣམས། །རིམ་གྱིས་འབྱུང་བའི་རང་བཞིན་ཕྱིར། །གང་དུ་ཅིག་ཅར་བྱེད་སུས་ནུས། །ཞེས་སྨོས་པའོ། །སྒྲ་བརྗོད་པས་ཀྱང་འབྲེལ་པ་བྱེད་པ་མ་ཡིན་ཏེ། བྱེད་པའི་དུས་སུ་སྒྲ་ཞིག་པའི་ཕྱིར་རོ། །
བྱས་པ་ཡིན་ན་ཡང་དེ་ལ་དགོས་པ་ཅི་ཡང་མེད་དོ། །རེ་ཞིག་སྒྲ་ཡིས་མ་བརྗོད་ན། །འབྲེལ་པར་བྱེད་པ་ཅི་ལས་ཡིན། །བརྗོད་པ་ཙམ་གྱིས་ཞིག་པ་ལ། །འབྲེལ་པ་དགོས་པ་མེད་པ་ཡིན། །རྣམ་པར་བརྟག་པ་ལ་ནི་བྱེད་པའམ་སྟོན་པ་ཉིད་ལ་དེ་བདེ་བར་བྱེད་པ་ཉིད་ཡིན་ནོ། །དེ་ལ་ལྟོས་
ནས། དངོས་པོ་རང་ཉིད་མ་འདྲེས་པ། །དེ་རྣམས་རྣམ་རྟོག་གིས་འདྲེས་བྱེད། །ཅེས་བྱ་བའི་ཚིག་གིས་ནི་ད་ཐམས་ཅད་བསླད་པ་ཡིན་ནོ། །དེའི་ཕྱིར། ཞིག་མེད་ད་ལྟར་བ་རྣམས་ལ། །བརྗོད་པ་སྲིད་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ལ་ནི་འབྲེལ་པ་མེད་པ་ཡིན་ཏེ། ཞིག་པ་ལ་
སོགས་པའི་སྒྲ་རྣམས་ལ་ནི་དེ་བྱེད་པ་མ་ཡིན་པ་རྣམ་པར་གཅོད་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པས་ཞེན་པའི་སྒྲ་རྣམས་ལ་བརྟེན་ནས། འབྲེལ་པ་རྣམ་པར་གཞག་པ་དང་བརྗོད་པ་དག་ཡོད་པའི་ཕྱིར་རོ། །གང་ཞིག་གང་གིས་བྱེད་པའམ། །རྗོད་པར་བྱེད་པ་ཡིན་ཞེ་ན།། མ་གྲུབ་
Vol. 180 · folio 113b
པ་ཡི་གྲུབ་པས་སོ། །གང་དག་གྲུབ་པ་ཡིན་པ་ནི་བརྗོད་པར་དཀའ་བ་ཡིན་ནོ་ཞེ་ན། ལེགས་པར་སྦྱངས་པ་རྣམས་ཀྱིས་བརྗོད་པའི་སྒྲས་ནི་འདི་བརྗོད་སླ་བ་ཁོ་ན་ཡིན་ནོ། །ཡུལ་ཨ་དྷ་ལ་སོགས་པའི་རང་སྐད་ཀྱི་སྒྲས་ལེགས་པར་སྦྱར་བའི་སྐད་ཀྱི་དོན་གོ་བར་མཐོང་བ་ཡིན་ནོ། །ལེགས་
པར་སྦྱར་བ་ཁོ་ན་སྒྲ་མ་ཡིན་ནམ། སྐད་ཅེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། གོའི་སྒྲ་ཁོ་ན་བརྗོད་པར་འདོད་ཀྱང་མི་ནུས་པ་ནི། གྷ་བའི་སྒྲ་ལ་སོགས་པ་རྗོད་པར་བྱེད་དོ། །དོན་དང་ལྡན་པ་གཞན་ནི་འདྲ་བ་ཉིད་ལ་རྗོད་བྱེད་མ་ཡིན་ནོ། །དེས་
ན་མི་ནུས་པས་ཀྱང་ཤུགས་ཀྱིས་གོ་བའི་སྒྲ་བརྗོད་པ་ཡང་ཡིན་ལ། བརྗོད་ཀྱང་གོའི་སྒྲ་ཉིད་ཡིན་ནོ། །འདྲ་བ་ཉིད་ལ་རྗོད་བྱེད་ཉིད་ཡིན་ན། གའུ་རའི་སྒྲ་ལས་ཀྱང་ལྐོག་ཤལ་ལ་སོགས་པའི་དོན་རྟོགས་པར་འགྱུར་རོ། །གྷ་བི་ལ་སོགས་པ་ཡང་གོའི་བློ། །རྩ་བའི་སྒྲ་ཡི་རྗེས་འབྲངས་
ཡིན། །འདི་ཡི་རྒྱུ་མཚན་འདྲ་བ་ལས། །གའུ་རའི་སྒྲ་ལས་ངེས་པར་འགྱུར། །སྨྲས་པ། ཙཱ་གཱི་བི་དང་། ཨ་བི་ཞེས་བྱ་བ་ལ་སོགས་པའི་སྒྲ་རྣམས་གོའི་སྒྲ་དྲན་པར་བྱེད་པ་ཡིན་ལ། དེ་ལས་གོ་ཉིད་དུ་ཤེས་པ་ཡིན་ནམ། འོན་ཏེ་གོའི་སྒྲ་ཉིད་དེ་བཞིན་དུ་རྟོགས་པའི་རྗོད་བྱེད་ཡིན་པར་
འགྱུར་གྲང་ན། རེ་ཞིག་དྲན་པར་བྱེད་པ་ནི་མ་ཡིན་ཏེ། ཀླ་ཀླི་ལ་སོགས་པ་བཞིན་རྣམས་ཀྱི་ཐ་སྙད་པའི་གོའི་སྒྲ་ལ་སོགས་པ་ནི་དྲན་པ་མ་ཡིན་པའི་ཕྱིར་རོ། །ལེགས་པར་སྦྱར་བ་རིགས་པ་རྣམས་ཀྱང་སྐད་ཀྱི་ཐ་སྙད་ཀྱི་དུས་སུ་ལེགས་པར་སྦྱར་བ་དྲན་པ་ལས་བར་དུ་ཆོད་པ་མ་རྟོགས་པའི་ཕྱིར་རོ། །
གོའི་སྒྲ་ཉིད་ནི་དེ་ལྟར་རྟོགས་པ་མ་ཡིན་ཏེ། སྣང་བ་ཐ་དད་པའི་ཕྱིར་རོ། །ག་བི་ལ་སོགས་པ་རབ་ཏུ་སྦྱོར་བ་ལ་ཡང་གོའི་སྒྲ་ཉིད་རྗོད་བྱེད་མ་ཡིན་ཏེ། མ་རྟོགས་པ་ནི་རྗོད་བྱེད་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡིན་ན་སྒྲ་རྣམས་ཀྱི་དེ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གཙང་སྦྲ་ཅན་རྣམས་
ཀྱི་རྣམ་པར་སྤྲོས་པ་དེས་ཆོག་གོ། །དེའི་ཕྱིར་གང་ཞིག་ལ་གང་གྲགས་པ་དེ་ནི་དེའི་རྗེས་སུ་འབྲངས་ནས་སམ་ཐ་སྙད་མཐོང་བ་ལས་གཞན་དུ་རྟོགས་པ་ཡིན་གྱི། དོན་དམ་པ་པ་ནི་མ་ཡིན་ཞེས་བྱ་བར་གནས་སོ། །དེ་ལ། མི་རྟག་པ་ལའང་ཚད་མེད་ཉིད། །ཅེས་བྱ་བ་སྨོས་སོ། །
Vol. 180 · folio 114a
འབྲས་བུ་ལ་རྟག་པ་ལྷན་ཅིག་བྱེད་པ་ལ་ལྟོས་པ་ཅི་ལས་ཡིན་ཏེ་མི་རིགས་སོ། །གང་གི་ཕྱིར་ལྷན་ཅིག་བྱེད་པས་བྱས་པ་ཕུལ་དུ་བྱུང་བ་ཡིན་ན། རྟག་པ་ཡང་རིམ་གྱིས་བྱེད་པར་འགྱུར་རོ་སྙམ་དུ་སེམས་པ་ལ། རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །ཞེས་བྱ་
བ་སྨོས་ཏེ། ལྷན་ཅིག་བྱེད་པས་བྱས་པ་རྣམས་ཀྱི་གནས་སྐབས་ཉིད་བྱེད་པ་པོ་ཡིན་པའི་ཕྱིར་དེའི་སྒོ་ནས་གནས་སྐབས་པའི་བྱ་བ་ཉིད་ཡིན་ན། བྱ་བ་དང་ཅིག་ཤོས་དག་ལ་བྱེ་བྲག་མེད་པར་བྱེད་པ་པོ་ཉིད་ཡིན་ལ། བྱེ་བྲག་མེད་ན་ཡང་ཐུག་པ་མེད་པ་ཡིན་ཏེ། གནས་སྐབས་ཉིད་
ཀྱི་རྗེས་སུ་འགྲོ་བ་ལ་སོགས་པའི་རྗེས་སུ་བྱེད་པའི་འབྲས་བུ་ཡིན་གྱི། གནས་སྐབས་པའི་མ་ཡིན་པའི་ཕྱིར་རྟག་པར་བྱེད་པ་པོ་མ་ཡིན་ནོ། །ལྷན་ཅིག་བྱེད་པ་ཉིད་དུ་ཕུལ་དུ་བྱུང་བ་ཡིན་གྱི། གཞན་ནི་མ་ཡིན་པ་མ་ཡིན་ནམ་དེ་ཡང་རེས་འགའ་བ་ཡིན་པའི་ཕྱིར་འབྲས་བུ་ཡང་རེས་
འགའ་བ་ཡིན་གྱི། དེས་ན་རྟག་པ་ནི་འགའ་ཡང་ཁྱད་པར་དུ་བྱེད་པ་མ་ཡིན་ཏེ། བྱེད་པ་ཡིན་ན་ཡང་དེ་ཡང་ཇི་ལྟར་ཡིན། ཁྱད་པར་གཞན་བྱེད་པ་ཡིན་ན་ཡང་ཐུག་པ་མེད་པ་ཡིན་ནོ། །དེའི་ཕྱིར་མཐའི་གནས་སྐབས་བཞིན་དུ་ལྷན་ཅིག་བྱེད་པ་པོ་ཉིད་ཁོ་ན་རྒྱུ་ཉིད་ཡིན་གྱི། ཁྱད་པར་དུ་
བྱེད་པ་པོ་ཉིད་མ་ཡིན་ནོ་སྙམ་དུ་སེམས་པ་ལ། རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །ཞེས་བྱ་བ་སྨོས་སོ། །དེ་ལྟ་ཡིན་ན་དང་པོའི་གནས་སྐབས་གང་ཡིན་པ་ཅན་ལྷན་ཅིག་བྱེད་པའི་དུས་སུ་ཡང་གནས་སྐབས་དེ་ཉིད་ཡིན་པས་ཕན་གདགས་པ་མ་ཡིན་པའི་ཕྱིར་དང་པོ་བཞིན་དུ་
ཁྱད་པར་ཅན་མི་བསྐྱེད་པ་ཡིན་ལ། དུས་ཕྱིས་ཀྱང་ཡལ་བར་འཇུག་པ་ཡིན་ཞེས་བྱ་བའི་དོན་ཏོ། །འབྲས་བུ་ནི་ལྷན་ཅིག་བྱེད་པ་ཁོ་ན་ལས་བྱུང་བ་ཡིན་ནོ། །དེ་ལྟ་ཡིན་ན་གཞན་ན་ལྷན་ཅིག་བྱེད་པ་ཡོད་ཀྱང་ཅི་མི་འབྱུང་བ་ཡིན། དེ་ལྟ་ཡིན་ན་དང་པོ་སྐྱེད་བྱེད་མ་ཡིན་པའི་ངོ་བོ་དེ་བཅད་
པ་ཡིན་ནོ། །ཡང་ན། གལ་ཏེ་རྟག་པ་དུས་གཞན་ན་ཡང་ཡོད་པ་རིམ་བཞིན་བྱེད་པ་པོ་ཉིད་མ་ཡིན་ན་སྐད་ཅིག་མ་ནི་ཆེས་ཤིན་ཏུ་མ་ཡིན་ཏེ། སྐད་ཅིག་ཕྱི་མ་ལ་རེག་པ་མ་ཡིན་པའི་ཕྱིར་རིམ་གྱིས་མ་ཡིན་ནོ་སྙམ་དུ་སེམས་པ་ལ། རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །ཞེས་བྱ་
Vol. 180 · folio 114b
བ་སྨོས་ཏེ། མི་རྟག་པ་ལའང་རིམ་བཞིན་པ་ལ་ཚད་མ་མེད་ཅེས་བྱ་བ་ལ། མིན་ཞེས་བྱ་བ་དང་སྦྱར་རོ། །ཅི་ལས་ཤེས་ཤེ་ན། མི་རྟག་པ་ལ་རྣམ་པ་འགས་ཕན་གདགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ། །ས་ལ་སོགས་པ་རྣམས་ཀྱིས་ས་བོན་ལ་རིམ་གྱིས་ཕན་པ་བྱེད་པ་མཐོང་བས་
ཐུག་པ་མེད་པ་ཡང་ཡིན་ཏེ། སྐད་ཅིག་དང་པོ་ལ་ཉེ་བར་འགྲོ་བའི་རྒྱུ་རྣམས་ཀྱིས་ཚོགས་པར་ཁྱད་པར་ཅན་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །གནས་སྐབས་དེ་ཁོ་ན་འབྲས་བུ་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། ཕྱི་མ་བཞིན་དུ་དང་པོ་ཡང་ཡིན་པར་ཐལ་བར་འགྱུར་རོ། །བཤད་པར་
བྱེད་པས་བཤད་པ་ནི། །ཚད་མ་རྟག་པ་ཉིད་ཡོད་མིན། །ཞེས་བྱ་བ་ནི་ཐེར་ཟུག་པའི་རྟག་པ་ནི། དུས་འདི་དང་དུས་ཕྱི་མར་ཡང་གཅིག་པའི་བདག་ཉིད་ཡིན་ལ། དེ་ལས་བཟློག་པས་ཁྱབ་པ་ཡིན་པས་མི་ཤེས་པའི་ཕྱིར་ཡང་དག་ཉིད་དུ་གསུངས་ཞེས་བྱ་བས་བསལ་ནས། ད་ནི་རྒྱུན་
གྱིས་རྟག་པ་ནི་སེམས་ཀྱི་རང་བཞིན་རྣམས་ཀྱི་སེམས་དང་ལྡན་པ་དང་སེམས་དང་མི་ལྡན་པ་བཞིན་དུ་སྐྱོན་གྱི་གཉེན་པོ་ཡོན་ཏན་གྱི་རྒྱུ་སྟོན་པར་བྱེད་པས་ཡང་དག་ཉིད་གསུངས་ནི་ཚད་མ་ཉིད་ཡིན་ལ། དེ་ལས་བྱུང་བ་མ་ཡིན་པས་ནི་དེས་ནུས་པ་མཐོང་བས་སྟོན་པ་ནི་དེ་ལས་བྱུང་བ་མ་ཡིན་པའི་
ཕྱིར་གོ་བར་བྱེད་པ་མ་ཡིན་ནོ་ཞེས་བསྟན་པ་ནི། རྣམ་འགས་ཞེས་བྱ་བ་ལ་སོགས་པའོ། །མཉེས་པ་ཡིན་ན་འདོད་ཆགས་ལ་སོགས་པ་ཉེ་བར་ཞི་བའི་རྒྱུ་ཡིན་པས་འདིའི་ནུས་པ་འདི་འབྱུང་བ་ཡིན་ནོ། །མཉེས་པ་ཡིན་ན་དུག་ཞི་བ་དང་རི་ལུ་དང་མིག་སྨན་ལ་སོགས་པ་གྲུབ་པར་མཐོང་བ་ཡིན་
ནོ་སྙམ་དུ་སེམས་པས། འོན་ཏེ་མཉེས་པར་བྱ་བའི་རིམ་གྱིས་ཞེས་བྱ་བ་ལ་སོགས་པ་ཟེར་བ་ལ་ལན་ནི། དེ་བཤད་རྗེས་སུ་སྒྲུབ་པ་ཡིས། །འཇིག་རྟེན་རྗེས་འཛིན་ཞེས་བྱ་བ་སྟེ། འདོད་ཆགས་ལ་སོགས་པ་ཉེ་བར་ཞི་བའི་ངོ་བོ་གང་གིས་རྟོགས་པའི་སྲོག་ཆགས་སྡིག་པའི་དུག་ཞི་བར་
ནུས་པས། ཀླུའི་རྒྱལ་པོ་འཇོག་པོའི་དུག་སེལ་བའི་ནུས་པ་ཤེས་པར་མི་རིགས་ཏེ། སྐྱེས་བུའི་དོན་བག་ཙམ་བྱེད་པར་ནུས་པར་མཐོང་བ་ལས། ཕུལ་དུ་བྱུང་བའི་ཡོན་ཏན་ཕུན་སུམ་ཚོགས་པ་མ་ལུས་པ་ཕུལ་དུ་བྱུང་བ་དང་འབྲེལ་པ་ཅན་བླ་ན་མེད་པའི་བསོད་ནམས་ལ་སོགས་པས་
Vol. 180 · folio 115a
བསྒྲུབས་པའི་མྱ་ངན་ལས་འདས་པའམ་དེ་སྟེར་བའི་ནུས་པ་རྟོགས་པ་ནི་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་སྐྱེས་བུའི་དོན་བག་ཙམ་བྱིན་པའི་ནུས་པ་གང་ཡང་ཡོད་པ་མ་ཡིན་ཞེས་བྱ་བའི་དོན་ཏོ། །མངོན་སུམ་ལ་སོགས་པ་ནི་འཇུག་པའི་ཡུལ་ཉེ་བར་འཐོབ་པར་བྱེད་པ་
ཉིད་ཀྱིས་ཕན་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་མ་ཡིན་ནམ། ཕན་གདགས་པར་བྱ་བ་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །དེའི་ཕྱིར་ཚད་མ་ཉིད་ལ་ཕན་གདགས་པར་བྱ་བ་ཉིད་ཡིན་པ་ནི་འགལ་བ་མེད་དོ་སྙམ་དུ་སེམས་པ་ལ། གང་ཞིག་ཅི་ཞིག་རྣམ་པ་ལྟར། །ཞེས་བྱ་བ་སྨོས་ཏེ།
མི་མཐུན་པའི་ཕྱོགས་མཐོང་ནས་གཉེན་པོ་དམིགས་པ་ན། ནུས་པ་ཉེ་བར་དམིགས་པ་ལས་སྟོན་པར་བྱེད་པ་ནི་གཞན་གྱི་ཚད་མ་ཡིན་ནོ། །གཞན་དུ་ན་ནུས་པ་མ་ཤེས་པ་ཡིན་ན་མི་མཐུན་པ་དང་གཉེན་པོ་དག་ཇི་ལྟར་སྟོན་པར་བྱེད་པ་ཡིན་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་དང་བྲལ་བ་
ཉམས་སུ་མྱོང་བས་ནི་དེའི་ལམ་མམ། དེ་ལས་བཟློག་པ་ཡང་ཤུགས་ཀྱིས་གོ་བ་ཁོ་ན་ཡིན་ནོ་ཞེ་ན། དེ་ལ་ནི་འདི་འདྲ་བའི་བྱ་བ་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་སྨོས་སོ། །ཅི་ཡང་ཡོད་ཅེས་བྱ་བར་ནི། ཤུགས་ཀྱིས་གོ་བ་ནི་བདེན་ནོ། །ཅི་ཡང་མེད་ཅེས་རྣམ་ཤེས་པ། །མི་རྣམས་ལ་
ནི་གང་དུ་དགོས། །འདོད་ཆགས་དང་བྲལ་བ་ཇི་ལྟ་བ་བཞིན་དུ་དོན་ཐམས་ཅད་མཐོང་བ་ཡང་འདིའི་ཡོང་པ་མ་ཡིན་ནམ། ཇི་ལྟར་ནུས་པ་ཡོངས་སུ་གཅོད་པ་ཡིན་སྙམ་དུ་སེམས་པས་ཟེར་བ་ནི། འོན་ཏེ་དེའི་ཐམས་ཅད་ཅེས་བྱ་བའོ། །ལན་ནི་དེ་ནི་མི་རིགས་ཏེ། འདོད་ཆགས་ལ་
སོགས་པ་ཉམས་སུ་མ་མྱོང་ན་ཞེས་བྱ་བའོ། །གཞན་ལ་ལྟོས་པའི་འདོད་ཆགས་ལ་སོགས་གཟུང་བྱ་ཉིད་དུ་རིགས་པ་ཡིན་ཏེ། རྗེས་སུ་འཛིན་པ་དང་ཉེ་བར་འཇོམས་པ་བདག་ཉིད་ཀྱིས་ནི་མ་ཡིན་ཏེ། འདི་ནི་རང་གི་རིག་པ་ཡིན་པའི་ཕྱིར། དེ་ཉིད་ཀྱི་ངོ་བོ་རང་མཚན་ཉིད་ཡིན་གྱི་
གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་རིག་པ་ཉིད་ཉམས་སུ་མྱོང་བ་ཉིད་ཀྱིས་གྲོལ་བ་མ་ཡིན་པར་བསྟན་པ་ནི། ཉམས་སུ་མྱོང་ན་ནི་ཞེས་བྱ་བའོ། །འོན་ཏེ་འདོད་ཆགས་ལ་སོགས་པ་དང་ལྡན་པ་འདི་དབང་ཕྱུག་ཉིད་ལ་སོགས་པ་དང་ལྡན་པ་ནི་འདོད་ཆགས་དང་བྲལ་བ་མ་ཡིན་སྙམ་
Vol. 180 · folio 115b
དུ་སེམས་པ་ན། འོན་ཏེ་འདོད་ཆགས་པ་ཞེས་བྱ་བའོ། །གལ་ཏེ་འདོད་ཆགས་ལ་སོགས་པ་དབང་ཕྱུག་ཉིད་ཀྱི་མི་མཐུན་པའི་ཕྱོགས་མ་ཡིན་ན་གཞན་ལ་ཡང་དེའི་གཉེན་པོ་སྟོན་པ་ལ་དོན་མེད་པ་ཡིན་ནོ། །དེ་ཁོ་ན་བཞིན་དུ་དེ་དང་འབྲེལ་པ་ལ་ཡང་དབང་ཕྱུག་ཉིད་ཡོད་པའི་ཕྱིར་རོ་ཞེས་ལན་དུ་
བརྗོད་པ་ནི། གལ་ཏེ་འདོད་ཆགས་ལ་སོགས་དང་། །ལྡན་ཡང་ཞེས་བྱ་བ་སྨོས་སོ། །གང་དག་འདོད་ཆགས་ལ་སོགས་པ་དང་ལྡན་པ་དེ་དག་གིས་དེ་སྤངས་པ་ཡིན་ན་དབང་ཕྱུག་ཉིད་དུ་འགྱུར་བ་ཡིན་ལ། མ་སྤངས་ན་ནི་མ་ཡིན་ཏེ། རང་ཉིད་ལས་གྲུབ་པ་མེད་པའི་ཕྱིར་རོ། །རང་ཉིད་ལས་
གྲུབ་པ་ཡིན་ན་ནི་འགལ་བ་མེད་དོ་སྙམ་དུ་སེམས་པས། འོན་ཏེ་འདི་ནི་དངོས་པོའི་གནས་ལུགས་ཡིན་ཏེ་ཞེས་བྱ་བ་སྟེ། འདོད་ཆགས་དང་བྲལ་བ་དང་འབྲེལ་པ་ཅན་བདག་པོར་གྱུར་པ་ལ་སོགས་པ་ཡོན་ཏན་རྣམས་འདོད་ཆགས་དང་བཅས་པ་ལ་ནི་མ་ཡིན་ཏེ། འགལ་བའི་ཕྱིར་རོ་ཞེས་བྱ་
བའི་དོན་ཏོ། །ལན་ནི། གལ་ཏེ་དེ་ལྟར་ཆགས་བྲལ་སོགས། །ཞེས་བྱ་བ་སྨོས་ཏེ། དེ་ལྟ་ཡིན་ན་དེ་ཡང་འདོད་ཆགས་ལ་སོགས་པ་དང་འགལ་བ་འདོད་ཆགས་དང་བྲལ་བ་ལ་སོགས་པ་བསྒོམ་པ་དང་འབྲེལ་པ་ཅན་དབང་ཕྱུག་ཉིད་ལ་སོགས་པ་རྣམས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དུ་བ་དང་
མེ་དག་གི་བསྐྱེད་བྱ་དུ་བའི་དབྱེ་བ་བཞིན་དུ་གོམས་པས་བསྐྱེད་བྱ་དང་ཅིག་ཤོས་ཐ་དད་པར་འགལ་བ་ཡིན་ནོ་ཞེ་ན། འདོད་ཆགས་དང་བྲལ་བ་ལ་སོགས་པ་གཉེན་པོ་ལ་སོགས་པ་ཞེས་བྱ་བ་སྨོས་ཏེ། དང་པོ་གོམས་པ་ལས་བྱུང་བ་ལས་དེ་ལས་གཞན་པ་དེ་ལས་འབྱུང་བ་ཡིན་པ་ནི་མེ་ལས་
བྱུང་བའི་དུ་བ་ལས་གཞན་པའི་དུ་བ་ཞེས་བྱ་བར་ནི་རིགས་སོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རྣལ་འབྱོར་པའི་ནུས་པ་བསམ་གྱིས་མི་ཁྱབ་པའི་ཕྱིར་འདོད་ཆགས་ལ་སོགས་པ་དང་འབྲེལ་པ་ཡིན་ཡང་ཡོན་ཏན་རྣམས་འབྱུང་བ་ཡང་ཇི་ལྟར་ཡིན། དེ་ལྟ་ཡིན་ན་དེ་དང་འབྲེལ་པ་གཞན་ཡང་དེའི་
ནུས་པ་ཉིད་ལས་ཡོན་ཏན་དེ་རྣམས་སུ་འགྱུར་ལ། དེ་ལ་ཡང་འདོད་ཆགས་དང་བྲལ་བའི་བསྒོམ་པ་བསྟན་པ་ལ་དགོས་པ་ཅི་ཡོད་སྙམ་དུ་དགོངས་པས། གང་གིས་དབང་ཕྱུག་བསྒྲུབ་པ་དང་། །ཞེས་བྱ་བ་སྨོས་སོ། །འོན་ཏེ་གཞན་གྱི་འདོད་ཆགས་ལ་སོགས་པ་དང་འགལ་བ་ལས་
Vol. 180 · folio 116a
འདོད་ཆགས་དང་བྲལ་བ་དང་འབྲེལ་པ་ཅན་གྱི་ཡོན་ཏན་དུ་བྱ་བར་མི་ནུས་ན་ནི་རང་ལ་ཡང་དེ་རྣམས་ཀྱིས་འགལ་བར་བྱེད་པ་ཇི་ལྟར་ནུས་སྙམ་དུ་སེམས་པ་བཞིན་དུ་བསྟན་པ་ནི། འོན་ཏེ་དེ་ལ་ནུས་པ་དེ། །མེད་ན་ཞེས་བྱ་བ་སྟེ། གཞན་ཡང་སྟེ། རང་ལ་ཡང་བྱེད་པར་
ནུས་པ་ཇི་ལྟར་ཡིན། དེ་དག་ཙམ་ནི་དེའི་རང་གི་དོན་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་བྲལ་བས་དེའི་སྐྱེས་བུའི་དོན་ཉིད་ཚད་མ་མ་ཡིན་པར་བཤད་ནས། ད་ནི་རྗེས་སུ་འཛིན་པའི་ནུས་པ་ཅན་དེ་ལྟ་བུའི་དབང་ཕྱུག་ལ་སྟེ། གང་ལ་ཚད་མ་མེད་པ་དེ་ཞེས་འབྲུ་མང་པོ་པའི་བསྡུ་བའི་དོན་དུ་བཤད་པར་བྱེད་
པ་ནི་རྗེས་སུ་འཛིན་པའི་ཞེས་བྱ་བ་སྟེ། དེ་ཉིད་རྣམ་པར་དབྱེ་བ་ནི། །འདི་ཡང་དོན་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་སོ། །ཞི་བ་པ་དང་ཕྱུགས་བདག་ལ་སོགས་པའི་གྲུབ་མཐའ་ལས། འབྲས་བུར་གྱུར་པ་ལས་བྱེད་པ་པོ་ཀཱ་དམ་པ་ནི་སྙན་དངགས་ལ་སོགས་པ་བཞིན་དུ་གོ་བ་ཡིན་ལ། དེ་ཡང་དེ་ལྟར་གོ་བ་ནི་གྲུབ་
པའི་མཐས་རྗེས་སུ་འཛིན་པ་བཞིན་དུ་དབང་ཕྱུག་ལ་སོགས་པ་རྗེས་སུ་འཛིན་པར་བྱེད་པ་ཡང་སྲིད་པ་ཡིན་ནོ། །གཞན་དུ་ན་འདི་ཉིད་ཅིའི་ཕྱིར་བྱེད་པ་ཡིན། དེ་ལྟར་གནས་པ་ཡིན་ན་གང་དེ་དེ་བཞིན་དུ་མི་བྱེད་པ་དེ་ལ་མི་ནུས་པའི་ཕྱིར་ཞེས་གོ་བ་ཡིན་ནོ་སྙམ་དུ་སེམས་པ་ནི། འོན་ཏེ་མ་ཉེས་
པར་བྱས་པ་ལ་སོགས་པ་ཞེས་བྱ་བའོ། །རྗེས་སུ་འཛིན་པར་བྱེད་པ་དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་བཤད་པ་ཉིད་མེད་ནའོ། །ལན་ནི། དེས་བཤད་རྗེས་སུ་བསྒྲུབས་པ་ཡིས། །ཞེས་བྱ་བ་སྟེ། དེའི་བྱེད་པ་ཡིན་ཡང་རྗེས་སུ་འཛིན་གཞན་བྱེད་པར་ཅི་ལས་ངེས་པ་ཡིན། སྲིད་པ་ལས་
ངེས་པ་ཡིན་ནོ་ཞེ་ན། དེ་ལས་བཟློག་པ་ཉིད་དུ་ཅིས་མི་སྲིད་པ་ཡིན་ཏེ། རེས་འགའ་ནི་ཤིན་དུ་སླུ་བ་ཁོ་ནའི་དོན་དུ་དེ་ལྟར་བྱེད་པ་ཡིན་ནོ། །འོན་ཏེ་ལུང་ལ་སོགས་པ་ལས་དེ་གོ་བ་ཡིན་ཏེ། རྗེས་སུ་འཛིན་པ་གཞན་དུ་བྱེད་པར་འདོད་པས་འདི་བྱེད་པ་ཡིན་གྱི། སླུ་བའི་དོན་དུ་ནི་མ་ཡིན་ནོ་
སྙམ་དུ་སེམས་པ་ནི། དེས་བཤད་ཅེས་བྱ་བའོ། །རྗེས་སུ་འཛིན་པ་བཞིན་བྱེད་པར་འགྱུར་ཞེས་བྱ་བའོ། །ཚིག་ཀྱང་མངོན་སུམ་ལ་སོགས་པའི་རྗེས་སུ་འཛིན་པ་མེད་ན། དེའི་གྲུབ་པ་པོ་ཉིད་སྒྲུབ་པར་བྱེད་པ་མ་ཡིན་ཞེས་ལན་དུ་བརྗོད་པ་ནི། དེ་ལྟ་ན་ཕན་ཚུན་བརྟེན་པར་འགྱུར་
Vol. 180 · folio 116b
ཞེས་བྱ་བའོ། །དེ་ཉིད་གསལ་བར་བྱེད་པ་ནི། །དེས་བཤད་ཕྱིར་དེས་ལུང་ཡིན་ལ། །ཞེས་བྱ་བ་སྟེ། རྗེས་སུ་འཛིན་པའི་བྱེད་པ་པོ་ཉིད་ཀྱི་ཚིག་ཚད་མ་ཡིན་པ་ནི། དེས་བཤད་པ་ལ་ངེས་པ་ཅན་དུ་དེ་བྱེད་པ་པོ་ཉིད་ཀྱིས་བྱས་པ་ཁོ་ན་ཡིན་པའི་ཕྱིར་ངེས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །དེ་ལྟར་ན་འབྲས་བུ་མི་དམིགས་པ་བསྟན་པ་ཡིན་ནོ། །རྒྱུ་མི་དམིགས་པ་བསྟན་པ་ནི། །དེ་ཡི་ནུས་པ་འདི་འདྲ་སྟེ། །ཞེས་བྱ་བ་སྟེ། ཐམས་ཅད་རྗེས་སུ་འཛིན་པ་ཉིད་དང་། ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོའོ། །ཡུལ་དང་དུས་དང་རྣམ་པ་ལ་ངེས་པའི་ངོ་བོ་རྒྱུ་
རྐྱེན་མ་ཡིན་པར་ནི་མི་རིགས་སོ། །སྔ་མ་སྔ་མའི་རྒྱུད་དུ་བྱུང་བ་ཙམ་ཞེས་བྱ་བ་ནི་སྣང་བཞིན་པ་མ་ཡིན་པ་རྟོགས་པ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྦྱིན་པ་ལ་སོགས་པའི་ཐབས་ལ་གོམས་པའི་རྒྱུ་ལས་འབྲས་བུ་འབྱུང་བ་ནི་ཁོ་བོ་ཅག་གི་ནི་མ་ཡིན་ཏེ།
རྒྱུ་མེད་པའི་ཕྱིར་རོ་ཞེས་བསྟན་པ་ནི། དེ་ཡི་ཐམས་ཅད་མཐོང་བ་དང་། །རྗེས་སུ་འཛིན་ཞེས་བྱ་བའོ། །ཇི་ལྟར་རྒྱུ་མཐོང་བ་ལས་འབྲས་བུ་སྲིད་པ་དེ་བཞིན་དུ། ངེས་པ་ཅན་མེ་ལ་སོགས་པའི་རང་བཞིན་མཐོང་བ་ལས་ཀྱང་། དེའི་རང་བཞིན་གཞན་སྲིད་པར་མཐོང་བ་ཁོ་ན་ཡིན་
སྙམ་དུ་སེམས་པ་ནི། འདིར་དེ་ལྟ་བུ་བྱུང་བའི་དངོས་པོའི་ཞེས་བྱ་བའོ། །ལན་ནི། གལ་ཏེ་རང་བཞིན་མངོན་སུམ་དུ། །ཞེས་བྱ་བ་སྟེ། ངེས་པའི་རང་བཞིན་མཐོང་བ་ལས་གཞན་ཡང་ངེས་པ་ཅན་གྱི་རང་བཞིན་ཙམ་གང་ཅུང་ཟད་ཅེས་བྱ་བར་འགྱུར་ལ། དེ་ཡང་ཐམས་ཅད་
མཐོང་བ་དང་། རྗེས་སུ་འཛིན་པའི་ངོ་བོ་དང་། ཅིག་ཤོས་ཞེས་བྱ་བར་ཅི་ལས་ངེས་པ་ཡིན། དེ་ངེས་པ་ཡིན་ན་འདི་ལ་དངོས་པོའི་རང་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ལན་ཡིན་ལ། མ་ངེས་པ་ལ་ནི་མ་ཡིན་ནོ། །གལ་ཏེ་མཐོང་བའི་ཡུལ་ལའང་འདི་ཇི་ལྟར་ལན་ཡིན། གལ་ཏེ་
མཐོང་བ་ཉིད་ཀྱིས་སྲེག་པར་བྱེད་པ་ཡིན་ན། འབྱུང་བ་ཉིད་ཀྱང་མཐོང་བ་ཡིན་པའི་ཕྱིར། དངོས་པོ་དེས་ཀྱང་སྲེག་པར་བྱེད་པར་འགྱུར་རོ། །དེའི་ཕྱིར་ནམ་མཁའ་ཡང་སྲེག་བྱེད་འགྱུར་བའི་ཕྱིར། མཐོང་བ་ཉིད་ནི་མ་ངེས་པ་ཅན་ཡིན་ནོ། །དེའི་ཕྱིར་ངེས་པའི་ངོ་བོས་སྲེག་བྱེད་ཡིན་པར་
Vol. 180 · folio 117a
ནི་རིགས་ལ། དེ་ནི་མཐོང་བ་དང་མ་མཐོང་བ་ལ་ཡང་བྱེ་བྲག་མེད་དོ་སྙམ་དུ་སེམས་པ་ནི། གལ་ཏེ་འབྱུང་བ་ཉིད་ཀྱིས་ཞེས་བྱ་བའོ། །ངེས་པ་ཅན་ནི་མཐོང་བ་ན་དེ་ལྟ་བུ་ཡིན་ནོ་ཞེས་སྨྲ་བར་ནུས་པ་ཡིན་ན། མཐོང་བས་ཇི་ལྟར་ཡིན་ལན་ནི་མི་མཚུངས་ཏེ། མེ་ནི་མཐོང་
བའི་ཕྱིར་དང་། ཞེས་བྱ་བ་སྟེ། མ་མཐོང་བ་ལས་དེ་ལྟར་སྨྲ་བ་ཡིན་ན་ནི་ཐལ་ཆེས་པར་བསྟན་པ་ནི། བདག་ཉིད་མངོན་འདོད་འགའ་ཞིག་ཅེས་བྱ་བའོ། །ཇི་ལྟར་རྟག་པ་ཚད་མ་ཡིན་པར་ཚད་མས་རྟོགས་པ་མ་ཡིན་པ་དེ་བཞིན་དུ། ཁྱེད་ཀྱིས་འདོད་པའི་མི་རྟག་པ་ཡང་ཡིན་ཏེ། གང་གི་
ཕྱིར་ཕན་བྱེད་ནི་ཕན་བྱ་སློབ་མ་བཞིན་དུ་མི་རྟག་པའི་ཕན་བྱར་མི་འགྱུར་བ་ཡིན་ཏེ། གཞན་དུ་ནི་མི་རྟག་པ་ཉིད་དུ་མི་རིགས་པའི་ཕྱིར། རྟག་པ་ཡང་མཉེས་པ་ལ་ལྟོས་ནས་རྗེས་སུ་བྱེད་པ་ཡིན་ན་ནི། མཉེས་པས་རྗེས་སུ་བྱ་བ་དང་མ་མཉེས་པས་སླར་གནོད་པར་བྱ་བ་ཡང་མ་ཡིན་ཏེ། འབའ་
ཞིག་དེ་ནི་དེ་ཡོད་ན་ཕན་པར་བྱེད་པའམ། གནོད་པ་བྱེད་པ་ཡིན་སྙམ་དུ་སེམས་པ་ན། རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །ཞེས་བྱ་བ་སྨོས་ཏེ། མི་རྟག་པ་ལའང་ཚད་མ་མེད་ཉིད་ཅེས་གང་བསྟན་པ་དེ་ལ། མིན་ཞེས་བྱ་བ་དང་སྦྱར་ཏེ། མི་རྟག་པ་ཡང་རྒྱུའི་དབང་གིས་འབྱུང་
བ་ཡིན་ན་འུ་བུ་ཅག་ལ་སོགས་པའི་ཕན་པ་བྱེད་པ་ཡིན་པའི་ཕྱིར། མངོན་སུམ་བཞིན་དུ་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྟག་པ་ཚད་མ་མ་ཡིན་ཏེ་མ་རྟོགས་པའི་ཕྱིར་རོ། །མི་རྟག་པ་ཡང་ཚད་མ་མ་ཡིན་ཏེ་ཕན་བྱ་མ་ཡིན་པའི་ཕྱིར་རོ། །འབྲས་བུ་ལ་སོགས་པ་ཉིད་ནི་སྔ་ན་
མེད་པ་མངོན་སུམ་དུ་མཐོང་བར་རང་ཙམ་རིག་པས་མ་རིག་པའི་ཕྱིར་རོ། །འོན་ཏེ་ཡང་། དོན་འདི་ལ་ལུང་ནི་སྐད་ཅིག་མ་ལས་སམ། སྐད་ཅིག་མ་མ་ཡིན་པ་ལས་ཀྱང་ཚད་མ་མ་ཡིན་པར་བསྟན་པ་ནི། རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །ཞེས་བྱ་བའོ། །ཡང་ན་ཇི་ལྟར་རྟག་པ་མ་
རྟོགས་པའི་ཕྱིར། ཚད་མ་མ་ཡིན་པ་དེ་བཞིན་དུ་མི་རྟག་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཚུལ་ལ་ཚད་མར་གྲུབ་པ་ཡིན་ཡང་། ཁོ་བོ་ཅག་གི་ཚད་མ་མ་ཡིན་ཏེ། ཕན་པ་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེ་ནི་བླ་ན་མེད་པའི་ཆོས་སྟོན་པའི་སྒོ་ནས་བདག་ཅག་ལ་ཕན་པ་བྱེད་པ་མ་ཡིན་ཏེ། རང་གིས་
Vol. 180 · folio 117b
བདག་ཉིད་ཙམ་གདུལ་བར་བྱེད་པ་ཡིན་ནོ་ཞེས་བསྟན་པ་ནི། རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །ཞེས་བྱ་བ་སྟེ། བླ་ན་མེད་པའི་ཆོས་བསྟན་པས་བདག་ཅག་ལ་སོགས་པ་ལ་ཕན་གདགས་པར་བྱ་བ་འདི་ལ་མེད་ཅེས་བྱ་བ་ནི། ཕན་གདགས་བྱ་བ་མིན་པ་སྟེ། །དེའི་ངོ་བོ་ནི་དེ་ཉིད་དེ།
དེའི་ཕྱིར་རོ། །རིག་བྱེད་ཀྱི་མཐའ་རིག་པ་པ་རྣམས་དང་། ཇི་སྲིད་ཚོལ་བ་ལ་སོགས་པ་རྣམས་ཀྱི་མངོན་པར་འདོད་པའི་ཚད་མ་ཡང་རིགས་པ་འདི་ཉིད་ཀྱིས་བསལ་བ་ཡིན་པར་རིག་པར་བྱ་བའོ། །དེ་ལྟ་མོད་ཀྱི་རེ་ཞིག་བདག་དམ་པ་གཅིག་པོ་ནི་ཐམས་ཅད་ཤེས་པ་དང་བྱེད་པ་པོ་ཡིན་ལ། འུ་བུ་
ཅག་རྣམས་ཀྱི་བདག་ནི་དེའི་ཕྱོགས་གཅིག་གི་རང་བཞིན་ཡིན་ལ། མ་རིག་པ་རྣམ་པར་གཅོད་པས་ནམ་མཁའ་ལ་བུམ་པ་ལ་སོགས་པས་རྣམ་པར་གཅོད་པ་བཞིན་དུ་རྟོག་པ་ཡིན་ནོ། །དེ་ལས་རྣམ་པར་གཅོད་པའི་ཡོད་པ་དང་མེད་པ་དག་གིས་བཅིངས་པ་དང་། གྲོལ་བ་དང་རྟག་པ་དང་མི་རྟག་
པ་ལ་སོགས་པ་རྣམ་པར་གཞག་པ་ཡིན་ཏེ། གནས་སྐབས་ཐ་དད་པས་གནས་སྐབས་ཅན་དུ་ཡོད་པའི་ངོ་བོ་ཐ་དད་པ་ནི་མ་ཡིན་ཏེ། ཐམས་ཅད་དུ་གཅིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། དེ་ཁོ་ན་ཉིད་དེ་ཉིད་ཡིན་ཏེ། དེའི་ངོ་བོ་འཛིན་པ་ལ་མ་འཁྲུལ་པའི་ཕྱིར་རོ། །བུམ་པ་འཛིན་པ་བཞིན་
དུ་དེའི་འཛིན་པ་ཡང་སྣམ་བུ་འགེགས་པ་མ་ཡིན་ཏེ། མ་འཁྲུལ་པ་ཅན་ཉིད་ཚད་མ་མ་ཡིན་ནོ། །དེ་ཡང་། མེད་པའི་དངོས་པོ་ཡོད་པ་མིན། །ཡོད་པའི་དངོས་པོ་མེད་པ་མིན། །ཞེས་སྨོས་ཏེ། མེད་པ་བུམ་པ་ལ་སོགས་པའི་ཡོད་པ་ནི་མེད་དེ། རྨི་ལམ་བཞིན་དུ་འཁྲུལ་པ་ཡིན་པའི་
ཕྱིར་རོ། །ཡོད་པ་སྟེ་ཡོད་པའི་ངོ་བོ་མེད་པ་ནི་མེད་དེ། མ་འཁྲུལ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་དང་ཅིག་ཤོས་ཀྱི་ངོ་བོ་ཉེ་བར་སྟོན་པ་ཡིན་པར་བསྟན་པ་ནི། འབྱུང་པོ་རྣམས་ཀྱི་མཚན་མོ་གང་། །དེ་ནི་ལེགས་གདམས་རབ་སད་ཡིན་ཏེ། ཡོད་པའི་ངོ་བོ་ལ་ཞེས་བྱ་
བའི་དོན་ཏོ། །འབྱུང་པོ་རྣམས་ཀྱི་རབ་སད་གང་། །དེ་ནི་ཐུབ་པས་མཚན་མོར་མཐོང་སྟེ། བུམ་པ་ལ་སོགས་པའི་དབྱེ་བའི་སྤྲོས་པ་ཞེས་བྱ་བའི་དོན་ཏོ། །གཞན་དག་ན་རེ་བདག་དམ་པ་རྟག་པ་ལས་བདག་ཅག་ལ་སོགས་པའི་བདག་ནི་སྤྲོས་པ་ཡིན་ཏེ། ལྕགས་ཀྱི་གོང་བུ་ལས་འཕྲོས་པ་
Vol. 180 · folio 118a
བཞིན་དུ་སྐྱེ་བ་ཡིན་ནོ། །དེས་ན་རྟག་པ་དང་མི་རྟག་པ་ལ་སོགས་པ་རྣམ་པར་གཞག་པ་ཡིན་ཞེས་ཚངས་པ་རིག་པ་པོ་རྣམས་སོ། །ངོ་ཚ་མེད་པ་པ་རྣམས་ནི་སྲོག་གཅིག་ཁོ་ན་རིམ་པ་དང་རིམ་པ་མ་ཡིན་པ་འབྱུང་བས་དངོས་པོ་སྣ་ཚོགས་པ་རྟོགས་པ་གནས་སྐབས་
ཅན་ནི། ཁྱད་པར་གྱི་དབྱེ་བས་འབྱེད་པ་ན། རྟག་པ་ཡང་རྣམ་པ་འགས་མི་རྟག་པ་ཡང་ཡིན་ཞེས་རྣམ་པར་གཞག་པར་བྱེད་པ་ཡིན་ཏེ། དཔེར་ན་ཡི་གེ་ག་དང་ཨའུ་དང་ཚེག་དྲག་རྣམས་ཀྱང་རང་ཉིད་རྟག་པ་དང་། རིམ་པ་མེད་པ་ཡིན་ཡང་། རྐན་ལ་སོགས་པ་རྣམས་དང་། དེ་ལ་
མངོན་པར་གསལ་བའི་སྐད་གདངས་རྣམས་ཀྱིས་མངོན་པར་གསལ་བ་ཡིན་པ་ནི་རང་ཉིད་རྟག་པ་དང་རིམ་པས་མི་རྟག་པ་ནི་ཚད་མ་ཡིན་ལ། གང་གི་ཕྱིར་རིམ་པ་མེད་ན་དེ་རྣམས་རྗོད་བྱེད་མ་ཡིན་ཏེ། དེ་ལ་ལྟོས་པ་མེད་པ་ཡིན་ན། ར་ས་ལས་ར་ས་བཞིན་དུ་བྱེ་བྲག་མི་ཤེས་པའི་ཕྱིར་རོ། །
ཡི་གེ་ཁོ་ན་རིམ་པ་དང་ལྡན་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེ་ན་མ་ཡིན་ཏེ། དེ་མེད་ཀྱང་ཡི་གེ་ག་ལ་སོགས་པ་ངོ་ཤེས་པའི་ཕྱིར་རོ། །རིམ་པ་ནི་གསལ་བའི་ངོ་བོ་བཞིན་དུ་དེ་ཉིད་གསལ་བྱེད་ཀྱི་རྗེས་སུ་འབྲང་བར་བྱེད་པར་མི་ནུས་ཏེ། དེ་ལོག་ན་ལྡོག་པའི་ཕྱིར་རོ། །འདས་པ་ཉིད་ནི་ངོ་
ཤེས་པ་ལས་ཡིན་པར་མི་རིགས་སོ། །ཤི་བ་ཡང་ཚོགས་པ་ཡོད་ན་འགྱུར་བ་ཡིན་ལ། མེས་པོ་ལ་སོགས་པ་ལ་ནི་ཚོགས་པ་མེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ཉིད་ལ་འཆི་བས་གནོད་པར་བྱས་པའི་ཕྱིར་ངོ་ཤེས་པ་ལས་དེ་དང་གཅིག་པ་ཉིད་དུ་ནི། རྐན་ལ་སོགས་པའི་ཚོགས་པ་
དང་། དེ་དང་གཅིག་པར་བྱེད་པའི་དོན་དུ་ཡང་རྣམ་པར་གནས་ཏེ། དེ་དང་དོན་གཅིག་པར་བྱེད་པ་ལ་སོགས་པའི་ཡུལ་ལ་ངོ་ཤེས་པའི་ཐ་སྙད་དུ་བརྗོད་པ་ཡིན་ལ། འདི་ཉིད་ཀྱིས་སྟེང་གཡོགས་དང་ཁང་ཁྱིམ་ཡང་བཤད་པ་ཡིན་ཏེ། ཞིག་པ་བཞིན་དུ་ཡང་དང་ཡང་དུ་ཕུབ་པའི་ཁང་ཁྱིམ་ནི།
བྱས་པ་རེ་རེ་ཞིང་གཞན་ཡིན་ཡང་། དེ་ཚོགས་པ་གཅིག་པ་ལ་སོགས་པའི་ཡུལ་དུ་ངོ་ཤེས་པ་ལས་གཅིག་པར་སྨྲ་བ་ཡིན་ལ། དེས་ན་འདི་ནི་ཐ་སྙད་ལས། །ཐེར་ཟུག་མིན་པའང་རྟག་པར་འགྱུར། །རིམ་བཞིན་བྱེད་བཞིན་པ་ཡང་གང་སུ་ཡང་རུང་བས་བྱེད་པ་མ་ཡིན་ཏེ། འོ་ན་ཅི་
Vol. 180 · folio 118b
ཞེ་ན། རྒན་པོས་ཇི་ལྟར་མཐོང་བ་ཡིན་ནོ། །ཞིག་པ་ཇི་ལྟར་བྱེད་པ་ཡིན་འདྲ་བའི་ཚོས་པ་ལས་དེ་ཡིན་པ་ལ་སྐྱོན་མེད་དོ། །སྨྲ་པོ་འགའ་ཡང་རང་དབང་དུ། །རིམ་པ་བྱེད་པ་མ་ཡིན་ཏེ། །གཞན་གྱི་ཇི་ལྟར་འདི་བརྗོད་པ། །དེ་ལྟ་ཉིད་དུ་འདི་རྗོད་བྱེད། །ཡི་གེ་ལ་ཡང་ངོ་ཤེས་པ་ནི་དེ་དང་ཚོགས་
པ་གཅིག་པའི་ཡུལ་མ་ཡིན་ནམ། དེ་དང་དོན་གཅིག་པར་བྱེད་པའི་ཡུལ་ལ་ཡང་ཅིའི་ཕྱིར་མ་ཡིན། དེ་ལ་རྐན་ལ་སོགས་པའི་ཚོགས་པ་དང་། དེའི་དོན་བྱེད་པ་མེད་པ་མ་ཡིན་ནོ། །བདེན་ཏེ། གཅིག་པ་ཉིད་མེད་པ་ཡིན་ན། ངོ་ཤེས་པ་ནི་ཚོགས་པ་ལ་སོགས་པའི་ཡུལ་དང་། རིགས་ལ་སོགས་
པའི་ཡུལ་ལ་རྣམ་པར་གནས་པ་ཡིན་ལ། རིམ་པ་དང་ལྡན་པའི་ཡི་གེ་རྣམས་ལ་ནི་གཅིག་པ་ཉིད་མི་སྲིད་པ་མ་ཡིན་ཏེ། ཚིག་གཞན་ལ་ཡང་དེ་ཁོ་ན་བཞིན་དུ་ངོ་ཤེས་པའི་ཕྱིར་རོ། །རིམ་པ་ལ་ནི་དེ་ལྟ་བུ་མི་སྲིད་པ་ཡིན་ཏེ། གཞན་གྱིས་སྨྲས་པ་བདག་སྨྲ་ཞེས། །བརྗོད་འདོད་འདི་འདྲ་ལས་
སྨྲ་ན། །དེས་ན་རྟག་པ་ཉིད་དུ་ལྟུང་། །རྒྱུ་མཚན་གཞན་ནི་ཁྱོད་ལ་མེད། །ཚོགས་པ་ལ་སོགས་མཚན་མ་གཞན་ནི་བརྟག་པར་བྱ་བ་མ་ཡིན་ཏེ། གཅིག་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དུས་ཀྱི་ཆོས་ཡིན་པའི་རིམ་པ་ལ་ནི་ཡི་གེ་རྣམས་རྟའི་བང་མི་ལ་མེད་པ་བཞིན་དུ་ཕན་
འདོགས་པར་བྱེད་པ་མེད་པ་ཡིན་ཏེ། གཅིག་ལ་གཅིག་བརྟེན་པ་ཡིན་པའི་ཕྱིར། དུས་ཀྱི་རིམ་པ་ལས་དེའི་རིམ་པ་ཡིན་པ་དང་། དེ་ལས་ཀྱང་དུས་ཀྱི་རིམ་པར་འདོད་པ་མ་ཡིན་ཏེ། དངོས་རྣམས་ཀྱི་རིམ་པ་མེད་ན་དུས་ཀྱི་རིམ་པ་མེད་པ་ཡིན་ཏེ། རང་ལས་དེའི་རིམ་པ་མ་ཡིན་པའི་ཕྱིར་རོ། །
དེས་ན། རྟ་ཡི་བང་བཞིན་གཞན་གྱི་ནི། །ཆོས་ལའང་ཡན་ལག་ཉིད་དུ་བརྗོད། །ཅེས་བྱ་བ་འདི་ཡང་གསལ་བ་ཡིན་ནོ། །གཞན་གྱི་ཆོས་ལ་ཡང་ནི་དུས་ཀྱི་ཆོས་ལ་ཡང་ངོ་། །དངོས་པོ་གང་དག་ཁོ་ན་རིམ་པ་དང་ལྡན་པ་འམ། གཞན་ནི་དུས་ཡིན་ནོ། །ཉིན་ཞག་ལ་བྱས་པ་དང་
མྱུར་དུ་བྱས་པ་ཞེས་བྱ་བ་དང་། བྱས་པ་ལས་གཞན་ཡིན་པར་རྟོགས་པ་ཡིན་ནོ། །བྱ་བ་རིགས་པ་ཉིད་ནི་མྱུར་བ་མ་ཡིན་ཏེ། དེའི་ཤེས་པ་དང་མི་མཐུན་པའི་ཕྱིར་རོ། །བྱ་བ་ཁ་ཅིག་ཉིད་ལ་མྱུར་བ་ཞེས་བརྗོད་ཀྱི། མ་མཐོང་བ་ནི་བརྟག་བྱ་མ་ཡིན་ཏེ། བྱེ་བྲག་ཉིད་དུ་མི་རིགས་པའི་
Vol. 180 · folio 119a
ཕྱིར་རོ། །ཁྱད་པར་མ་བཟུང་ན་ཁྱད་པར་ཅན་ལ་བློ་མི་སྐྱེ་སྟེ། རང་གི་ཤེས་པས་གཞན་ལ་རྒོད་པར་བྱེད་པ་ནི་ཁྱད་པར་ཞེས་བྱ་བ་ཡིན་ནོ། །བ་ཞོས་ཙམ་དུ་འདུག་ཅེས་བྱ་བ་ནི་བྱ་བ་ཉིད་བྱ་བ་གཞན་ཡོངས་སུ་གཅོད་པ་ཙམ་དུ་སྣང་ངོ་ཞེས་དེ་ལྟར་ཡང་བརྟག་པར་མི་བྱའོ། །
དེ་བཞིན་དུ་གཅིག་དམིགས་བྱ་ཡིན་ན། གཞན་དམིགས་ནས་ཞིག་པ་ནི་འདས་པ་ཡིན་ལ་རྒྱུའི་ཚོགས་པ་ཅན་མཐོང་བ་ལས་བྱུང་བ་ནི་མ་འོངས་པ་ཡིན་ཞིང་། ཉེ་བར་དམིགས་བཞིན་པ་ནི་ད་ལྟར་བ་ཡིན་པའི་ཕྱིར། དངོས་པོ་ཉིད་དུས་སུ་བརྗོད་པར་བྱ་བ་ཡིན་ནོ། །གཞན་ཁྱབ་བདག་རིམ་
པ་མ་ཡིན་པ་ནི་འདས་པ་ཉིད་ལ་སོགས་པ་ཡིན་པ་མི་སྲིད་དོ། །དེའི་ཕྱིར་ཡི་གེ་རིམ་པ་དང་ལྡན་པ་གསལ་བཞིན་པ་རྣམས་ཁོ་ན་རྗོད་བྱེད་ཡིན་ཏེ། སྐྱེས་བུ་སྐྱོན་ཅན་རྗེས་སུ་ཞུགས་པས་གཞན་དུ་བྱེད་པ་ཡང་མ་ཡིན་ཏེ། རིམ་པ་སྔ་མ་སྔ་མའི་རྗེས་སུ་འབྲངས་པའི་ཕྱིར་རོ། །འདི་ཡིས་
རྟོགས་པར་བྱེད་བཞིན་པའང་། །ཡི་གེ་དེ་རྣམས་རིམ་པ་ཡི། །རྟོགས་བྱེད་མ་ཡིན་འདྲ་མིན་ཏེ། །སྔར་གྲུབ་ཡོངས་སུ་འཛིན་ཕྱིར་རོ། །མི་རྟག་པའི་རིམ་པ་དང་ལྡན་པའི་མི་རྟག་པའི་ཡི་གེ་རྣམས་རྗོད་བྱེད་ཡིན་ཞེས་བྱ་བའི་དོན་ཏོ། །དངོས་པོའི་བདག་ཉིད་ཐམས་ཅད་ཁོ་ན་རྣམ་པ་འགས་
ནི་འཇིག་པ་ཡིན་ལ། རྣམ་པ་འགས་ནི་གནས་པ་ཡིན་པའི་ཕྱིར་གཏན་ཞིག་པ་མ་ཡིན་ནོ། །ཁ་ཅིག་ཏུ་ཡོད་པ་འདི་ནི་རྟག་པ་ཡིན་པར་བརྗོད་དོ། །ཁ་ཅིག་ཏུ་ཡོད་པ་འདི་ནི་རྟག་པ་མ་ཡིན་པར་བརྗོད་དོ། །གལ་ཏེ་སྐྱེ་བ་ཅན་ཡིན་ནོ། །མི་རྟག་ཉིད་དང་འཇིག་ཉིད་བརྗོད། །བྱེ་བྲག་
ཅན་དུ་མ་གྲུབ་པས། །དེ་ཕྱིར་འདི་ལས་མི་མཐུན་འགྱུར། །འོན་ཏེ་སྒྲ་ནི་སྔ་མའི་གནས་སྐབས་ལས་རྣམ་པ་གང་གིས་ཀྱང་གཞན་དུ་འགྱུར་བ་ཡིན་ན། དེ་ལས་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། མངོན་པར་གསལ་བ་ཡིན་པའི་གནས་སྐབས་ལ། མངོན་པར་གསལ་བའི་གནས་སྐབས་སུ་རྣམ་པ་
འགས་མི་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་ཞེས་བྱ་བ་ནི་ཕྱོགས་གཞན་གྱི་རྣམ་པར་རྟོག་པ་ཡིན་པར་བསྟན་ཏོ། །ཇི་ལྟར་རྣམ་འགར་འདོད་ཡིན་ན། །མི་རྟག་པ་ནི་བརྗོད་བྱ་ཉིད། །མངོན་པར་གསལ་མིན་གནས་སྐབས་ལས། །དེ་ནི་གསལ་བའི་གནས་སྐབས་འདོད། །དེ་ཡང་
Vol. 180 · folio 119b
གསལ་བ་འདི་མཐོང་བ་དང་བརྗོད་པར་ཡང་བསྟན་པ་ཡིན་ལ། དེ་ཡང་དོན་གྱིས་ཤེས་པའི་ཡན་ལག་ཡིན་པའི་ཕྱིར་གཞན་གྱི་དོན་དུ་རྟག་པ་ཉིད་དུ་སྒྲུབ་པར་བྱེད་ཅིང་མི་རྟག་པ་ཉིད་དུ་དམ་འཆའ་བ་ལ་གནོད་པར་བྱེད་པ་ཡིན་ནོ། །མི་རྟག་པའི་ཕྱོགས་ལ་ནི་རང་གི་དོན་དུ་སྨྲ་བའི་ནུས་པ་མེད་
དེ། འབྲེལ་པ་ལ་ལྟོས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་རང་གི་ཚིག་དང་ཁས་བླངས་པ་དང་འགལ་བར་སྨྲས་པ་ཡིན་ནོ། །ངེས་ན་དོན་གྱིས་ཤེས་ཐོབ་ཕྱིར། །རྟག་པས་མི་རྟག་ལ་མངོན་ཡིན། །དོན་བརྗོད་པ་ཡི་ཤུགས་ཀྱིས་ནི། །ཁས་བླངས་པ་ནི་སྒྲུབ་པར་བྱེད། །དང་པོར་ཁས་བླངས་
པ་ཡིས་ནི། །མི་རྟག་ཉིད་ལ་གནས་པར་བྱེད། །རྣམ་འཇིག་ཉིད་དུ་སྒྲ་གང་གིས། །སྒྲུབ་པར་བྱེད་པ་སྨྲ་དགོས་ཏེ། །ཡོན་ཏན་གསུམ་འདི་འམ་གང་ཟག་གམ། །ཡང་ན་ནམ་མཁའི་ཡོན་ཏན་ནམ། །ཡི་གེ་ལས་གཞན་པའམ་དེ་དག་ཉིད། །རླུང་གིས་དངོས་སམ་མི་བརྗོད་པའམ། །
ཚིག་དག་བདག་ཉིད་གསལ་བྱེད་པའམ། །འདྲ་བའི་དངོས་ལས་མི་ལྡོག་པ་འམ། །ཞེས་གང་སྨྲས་པ་དེ་རྣམས་ཡིན་ན་ནི་བསྒྲུབ་བྱ་ཉིད་སྒྲུབ་པ་དང་། བཞི་ཁོ་བོ་ལམ་གྲུབ་པའི་གཏན་ཚིགས་སུ་འགྱུར་རོ། །ཁོ་བོ་ཅག་འདོད་པའི་སྒྲའི་ཆོས་འདི་དེ་བཞིན་དུ་ཁྱེད་ཀྱིས་ཁས་བླངས་པ་ཁོ་ན་ཡིན་
ནོ་ཞེས་བྱ་བ་ལ་སོགས་པའི་སུན་འདོན་བྱེད་པ་དེ་ནི་རྩེད་མོ་ཙམ་ཡིན་ཏེ། འཇིག་རྟེན་ལ་གྲགས་པའི་ཆོས་དང་། ཆོས་ཅན་དཔེ་ཁས་བླངས་པ་ཙམ་གྱིས་ཐ་སྙད་མཐུན་པ་ནི་གཞན་དུ་མི་འགྲུབ་པའི་ཕྱིར་རོ། །གོང་བུ་རྣམས་ཉིད་ཁོ་ན་འཇིག་རྟེན་ན་སྒྲའི་བརྗོད་བྱ་ཡིན་ཏེ། རྟོགས་པ་དང་
ལྡན་པ་འཇུག་དོན་བྱེད་པར་ནུས་པ་ལ་གནས་པའི་ཕྱིར་རོ། །ཇི་ལྟར་དེ་ལ་གནས་པ་ཡིན་ཞེ་ན། རྟོག་གེ་པ་རྣམས་དཔྱོད་པར་བྱེད་པ་ཡིན་པས་སྨྲ་བ་ནི། སྤྱི་ཡིས་ཞེས་བྱ་བ་སྟེ། བསྟན་བཅོས་ལ་གྲགས་པའི་ཆོས་ཁས་བླངས་པས་ཐ་སྙད་འགའ་ཡང་འགྲུབ་པ་མ་ཡིན་ནོ། །དེ་ཉིད་
བསྟན་པ་ནི། རང་ཉིད་ཅེས་བྱ་བ་ནི་བསྟན་བཅོས་ལ་ལྟོས་པ་མ་ཡིན་པར་ཁས་ལེན་པར་སྟོན་པར་བྱེད་པ་ཡིན་ནོ་ཞེས་གསུངས་པའོ། །དེའི་ཕྱིར་གོང་བུའི་སྒྲའི་ཚིག་གིས་ནི་བརྗོད་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བ་དེ་ནི་མི་རིགས་ཏེ། ཐམས་ཅད་ཀྱིས་གོའི་སྒྲ་ཅིག་ཅར་བརྗོད་པ་ནི།
Vol. 180 · folio 120a
བ་ལང་ཐམས་ཅད་ཤེས་པས་རྟོགས་པའི་ཕྱིར་རྣམ་པ་བརྗོད་པ་ཉིད་ཡིན་གྱི་མི་རྟག་པ་བརྗོད་པ་ཞིག་པ་ནི། རྣམ་པར་འབྲེལ་པར་བྱ་བར་མི་ནུས་ཏེ། རྣམ་པའི་བྱེ་བྲག་ལ་ངེས་པར་རྟོག་པའི་དུས་ཀྱི་བར་དུ་མི་གནས་པའི་ཕྱིར། ས་ཡི་རྫས་ཀྱི་ཡོད་ལ་སོགས། །མཇུག་
མ་ཉིད་སོགས་འདུས་ཕྱིར་དང་། །རབ་ཏུ་སྦྱོར་བ་མང་བའི་ཕྱིར། །བ་ལང་ཉིད་དུ་ངེས་བཟུང་མིན། །འདིར་མི་རྟག་པ་ལ་སྒྲ་ནི་མཐོང་བས་ཞིག་པའི་ཕྱིར། འབྲེལ་པར་བྱ་བར་མི་ནུས་ཞེས་བྱ་བའི་རྟག་པ་ལ་ནུས་པ་ཡིན་ནོ་ཞེས་བྱ་བར་ཤེས་པ་ཡིན་ཏེ། མིག་གཡོན་པས་མཐོང་བ་
བཀག་པ་ཡིན་ན། མིག་གཡས་པ་ཡིན་པར་སྒྲུབ་པར་ཤེས་པ་ལྟ་བུའོ། །མི་རྟག་པ་ལ་ནི་དོན་དང་འབྲེལ་པ་དང་ལྡན་པར་ཁ་ཅིག་ཏུ་འགྱུར་བ་ཡིན་གྱི། ཐམས་ཅད་ལ་ནི་མ་ཡིན་ནོ། །དེས་ན་འབྲེལ་པར་བྱེད་པ་ཡོད་པར་ཁས་བླངས་པའི་ཕྱིར་རྟག་པ་ཞེས་བྱ་བ་འདིའི་དོན་ཡིན་
གྱི། འབྲེལ་པ་ནི་བཅོས་མ་ཡིན་པའི་ཕྱིར་རྟག་པ་མ་ཡིན་ནོ། །དེས་ན་འདི་བསྟན་པ་ཡིན་ནོ། །འབྲེལ་པ་བཅོས་མ་ཉིད་ཡིན་ཏེ། །དེ་ཡི་སྦྱོར་ཉིད་ཤེས་པའི་ཕྱིར། །གོང་བུ་དེ་གཅིག་ལ་གནས་ཕྱིར། །ཐམས་ཅད་དུ་ནི་འགྲོ་བ་མིན། །ཞེས་བྱ་བའོ། །མ་ཡིན་ཏེ། སྦྱོར་བ་
དམན་པ་སྤངས་ནས་གཞན་དུ་དེའི་སྦྱོར་བ་མཐོང་བའི་ཕྱིར་འགའ་ཡང་དོན་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བའི་རིགས་པས་འབྲེལ་པ་མེད་པ་ཁོ་ན་ཡིན་པར་འགྱུར་གྱི། གོང་བུ་གཅིག་ལ་གནས་པ་ཉིད་ནི་མ་ཡིན་ནོ། །ཡང་ན་བ་ལང་གི་སྒྲའི་རྗོད་པར་བྱེད་པ་ཉིད་ཀྱིས་རྗེས་སུ་འགྲོ་ལྡོག་ངེས་པའི་
བརྗོད་བྱ་ཉིད་ནི་མི་རྟག་པ་ཉིད་དང་འགལ་བ་ཅན་དུ་བརྗོད་པར་བྱ་བ་ཡིན་ནོ། །ཡན་གར་གོ་སྒྲ་བརྗོད་པ་ཉིད། །རིང་ནས་རྟོགས་པར་བྱེད་ཡིན་ལ། །དེ་སྲིད་བར་དུ་བསྟན་པ་ནི། །ཕྱིས་ནི་གང་གིས་འཇིག་འགྱུར་ཡིན། །ཡང་རྣམ་པ་ནི་དཔག་བྱ་ཉིད་ཡིན་པས་གཞན་ལ་སྒྲ་གཅིག་པུས་
བསྟན་པར་བྱ་བ་བརྗོད་བྱ་ཡིན་ལ། དེའི་རྒྱུ་ལས་སྔ་རོལ་དུ་མ་རྟོགས་པའི་ཕྱིར་འབྲེལ་པ་བྱེད་པར་ནུས་པ་མ་ཡིན་པར་སྨྲ་བ་སྟེ། གོའི་སྒྲ་ལན་བརྒྱད་ཉིད་བརྗོད་པ་ཡིན་ཞེས་ཟེར་བ་ནི་གྲངས་མེད་པའི་ཕྱིར་གོའི་སྒྲ་བརྒྱད་མ་ཡིན་ཏེ། གང་དུ་ལན་གྲངས་ཀྱི་སྒྲ་ཡིན་པ་དེར་ངོ་ཤེས་པ་ངེས་
Vol. 180 · folio 120b
པར་འབྱུང་བ་ཡིན་ཏེ། བྱ་བའི་སྤྱི་ལའང་དེ་ལ་བརྟེན་པ་ལ་དེས་དེ་ཉེ་བར་བརྗོད་པས་ངོ་ཤེས་པ་ཉིད་དུ་མཚོན་པ་ཡིན་ལ། ངོ་ཤེས་པ་ལས་ཀྱང་སྨྲ་ནི་རྟག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་། སྦྱོར་བ་འདིས་ནི་ངོ་ཤེས་ལ། །ཉེ་བར་མཚོན་པར་བྱེད་པ་ཡིན། །ཞེས་སྨོས་པའོ། །
ཤིན་ཏུ་འདྲ་བའི་ཕྱིར་གཞན་ཉིད་དུ་མི་རྟོགས་པས། དེ་ཉིད་འདི་ཡིན་ཞེས་བྱ་བའི་ལས་བཞིན་དུ་འགྱུར་བ་ཡིན་ནོ་ཞེ་ན། འདྲ་བ་ཉིད་དུ་མ་རྟོགས་པ་ཡིན་ན་དེའི་རྒྱུ་མཚན་ཇི་ལྟར་ཡིན། འདྲ་བ་ཉིད་དུ་རྟོགས་པ་ཡིན་པ་ནི་ཅུང་ཟད་མ་རྟོགས་པ་ལས་དེ་ཉིད་འདི་ཞེས་བྱ་བ་འབྱུང་བ་འདི་འཁྲུལ་པ་
ཅན་ཡིན་ནོ། །རྟག་ཏུ་འདྲ་བ་ཉིད་ཅེས་པ། །གང་ལ་གནས་པའི་བློར་འགྱུར་ཏེ། །དེ་ཞེས་བྱ་བར་ངོ་ཤེས་པ། །དེ་ལ་འཁྲུལ་པ་ཡིན་པར་བརྟག །སྣ་ཚོགས་པ་ཉིད་དང་། འདྲ་བ་ཉིད་དུ་མ་རྟོགས་པ་ཁོ་ན་དེ་ལྟར་འགྱུར་བ་མ་ཡིན་ནམ། བདེན་ཏེ། དེ་རྟོགས་པ་ཡིན་ཡང་རྒྱུ་
མཚན་བརྗོད་པར་ཇི་ལྟར་འགྱུར་རེས་འགའ་དམིགས་པ་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ། བ་ལང་གི་སྒྲ་རྣམས་ལ་དེ་ལྟ་བུ་ཉིད་དུ་མ་རྟོགས་པའི་ཕྱིར་རོ། །འདི་ལ་རྟག་ཏུ་དེ་ཉིད་ཅེས། །རྣམ་ཤེས་བརྟན་པོ་སྐྱེ་འགྱུར་ན། །དེ་ཚེ་ཡོད་ཉིད་རྟག་པ་ལས། །དེ་ཡིས་ཚད་མ་ཉིད་བསྒྲུབས་
འགྱུར། །གོའི་སྒྲལ་དེ་ཉིད་དུ་ཤེས་པ་ནི་འདྲ་བ་ཉིད་ཀྱི་རྒྱུ་མཚན་ཉིད་དུ་མི་ཤེས་པ་མ་ཡིན་ནམ། ལས་སུ་ནི་ཤེས་པ་ཁོ་ན་ཡིན་ནོ། །ཡུལ་གསལ་བ་ཐ་དད་པ་ལས་རིགས་པ་ཐ་དད་པ་མ་ཡིན་ཏེ། ཐལ་ཆེས་པའི་ཕྱིར་རོ། །མཚན་ཉིད་དང་ལྡན་པ་ལ་གནོད་པ་ཡོད་ན་དེའི་མཚན་
ཉིད་ཁོ་ན་སུན་ཕྱུང་བ་ཡིན་གསུངས་པ་སྟེ། རེ་ཞིག་རྗེས་སུ་དཔག་པ་ལ་སོགས་པ་ལས་ནི་སྔར་མཐོང་བ་ངོ་ཤེས་པ་མ་ཡིན་ཏེ། སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །མཐོང་བ་དང་སྣང་བཞིན་པའི་ངོ་བོ་གཅིག་པ་ཉིད་ཡུལ་ཡིན་ཏེ། དེ་ལྟ་བུའི་གཅིག་པ་ཉིད་ནི་འདིར་རྟག་པ་ཉིད་ཀྱི་
དབང་དུ་བྱས་པ་ཡིན་ནོ། །དེ་ཡང་མངོན་སུམ་ཉིད་ཀྱི་བྱེ་བྲག་ཁོ་ན་ལས་སྔར་མཐོང་བ་ངོ་ཤེས་པ་ཡིན་པར་ཤེས་པར་བྱའོ། །དེའི་བྱེ་བྲག་ཅན་གྱི་མངོན་སུམ་གྱི་ཡིན་གྱི་ཡན་གར་བས་ནི་མ་ཡིན་ནོ། །དེས་ན་དེ་ཉིད་རྟག་པ་དང་མི་རྟག་པར་འདོད་པོས་བསྒྲུབ་པར་བྱ་བའམ། དགག་
Vol. 180 · folio 121a
པར་བྱ་བ་ཡིན་གྱི་དེ་ཙམ་ནི་མ་ཡིན་ནོ། །ངོ་ཤེས་པ་ལ་མ་ལྟོས་པའི་མངོན་སུམ་གྱིས་ནི་ཅི་ཞིག་དགོས། དེའི་ཕྱིར་དེ་དག་ནི་མངོན་སུམ་མ་ཡིན་ནོ། །འོན་ཏེ་ང་ནི་མངོན་སུམ་དག་རྟག་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི། འདིར་འདིའི་དོན་ཡིན་ནོ། །མངོན་སུམ་གྱི་བྱེ་བྲག་
ཅན་གྱི་སྔར་མཐོང་བ་ངོ་ཤེས་པ་ནི་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པ་ཡིན་ཏེ། བྱེ་བྲག་ཅན་གྱི་ཡུལ་ཡིན་པའི་ཕྱིར་གཞན་ནི་མ་ཡིན་ཏེ། སྤྱིའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །མངོན་སུམ་བཀག་པ་ཡིན་ཡང་དེའི་བྱེ་བྲག་ཅན་གྱི་སྔར་མཐོང་བ་ངོ་ཤེས་པ་ནི་བཀག་པ་མ་ཡིན་ནོ། །མངོན་སུམ་
ཡིན་པའི་རྫས་ལ་ཡོད་པའི་ལས་ཀྱི་མངོན་སུམ་པ་དང་། དབང་པོའི་བྱ་བའི་མཚན་ཉིད་ཀྱི་བློ་ཡང་མི་ཤེས་པ་ནི། རྗེས་སུ་དཔག་པ་ལས་རྟོགས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བསྟན་ཟིན་ཏོ། །དབང་པོ་ལས་འདས་ལས་གནས་གང་། །དེ་ནི་མངོན་སུམ་མིན་ཞེས་བརྗོད། །
མངོན་སུམ་མིན་པའི་བློ་ཡིས་ནི། །སྟོང་པར་སྨྲ་བས་ངེས་པར་བརྟགས། །མངོན་སུམ་པའི་རྫས་ལ་ཡོད་པའི་ལས་སམ། གཟུགས་ལ་སོགས་པ་ཡང་ཡི་གེ་བཞིན་དུ་མངོན་སུམ་གྱིས་སྔར་མཐོང་བ་ངོ་ཤེས་པ་ལས་རྟག་པ་ཡིན་པར་གསལ་བར་བྱེད་པའི་ཆོས་ཀྱི་རྗེས་སུ་བྱེད་པ་
ལས་ཀྱང་། མྱུར་བ་དང་དལ་བ་ལ་སོགས་པའི་རྣམ་པར་དབྱེ་བ་ནི་མྱུར་བ་ལ་སོགས་པའི་རྣམ་པར་དབྱེ་བ་བཞིན་དུ་ཡི་གེ་རྣམས་ཀྱི་རང་བཞིན་ཅན་མ་ཡིན་པ་ཞེས་བྱ་བ་འདི་ཁོ་ན་ལེགས་པར་རྟོགས་པ་སྟེ། ཡང་བའི་ཕྱིར་རོ། །གསལ་བ་དང་རིགས་དང་དེའི་བྱེད་པ་པོའི་གསལ་བ་དང་ཐ་
དད་པ་དང་རྟག་པ་ཉིད་རྣམས་ཀྱི་སོ་སོའི་གཞུང་ལུགས་ལ་སོགས་པ་ནི་མ་མཐོང་བའི་རྟོག་པས་ཉམ་ཐག་པ་ལ་ཚད་མ་གང་ཡང་ཡོད་པ་མ་ཡིན་ནོ། །མངོན་སུམ་རྫས་ལ་ཡོད་རྣམས་ཀྱི། །བྱ་བ་གང་ཞིག་སྣང་གྱུར་པ། །དེ་རྣམས་ཡི་གེ་བཞིན་དུ་ནི། །ངོ་ཤེས་པ་ལས་རྟག་ཉིད་
འདོད། །དེ་ཡི་གསལ་བྱེད་མེད་རྣམས་ཀྱི། །རྟག་ཏུ་ཡོད་པར་མ་མཐོང་ཉིད། །དེ་ལྟར་དེ་ཉིད་ཀྱི་སྒོ་ནས། །བརྗོད་བྱ་དཀར་སོགས་ཀྱང་རྟག་ཉིད། །འདྲེས་པའི་དབྱེ་བ་ཙམ་གྱིས་ནི། །དེ་ལའང་ཐ་དད་བློ་རུ་འགྱུར། །རང་གི་དངོས་ལ་དེ་ཉིད་ཅེས། །རིགས་སུ་
Vol. 180 · folio 121b
སུ་ཞིག་རྟོགས་བྱེད་འགྱུར། །ཞེས་བྱ་བའོ། །སྒྲ་དང་ལས་དང་གཟུགས་ལ་སོགས་པ་སྔར་མཐོང་བ་ངོ་ཤེས་པ་ལས་གཅིག་པ་ཉིད་ཡིན་དུ་ཟིན་ཀྱང་། བློ་ནི་རང་རིག་པའི་ངོ་བོ་ཡིན་ཏེ། རྟོགས་བྱ་རེ་རེ་ཞིང་ཐ་དད་པར་ཡང་དག་པར་རིག་བཞིན་པ་མ་ཡིན་ནམ། ཇི་ལྟར་གཅིག་པ་
ཉིད་དུ་རྗོད་པར་བྱེད། དེ་ཡང་སེམས་ཅན་གྱི་བདག་ཉིད་ཐ་མི་དད་པའི་ཕྱིར་གཅིག་ཉིད་ཡིན་ནོ། །ཤེས་བྱ་ཡོད་པ་དང་མེད་པའི་དུས་རྟག་ཏུ་བྱེ་བྲག་མེད་པས། ཤེས་བྱའི་དུས་སུ་ཡང་ཡལ་བར་འདུག་པ་ཉིད་ཀྱི་ཕྱིར་ཇི་ལྟར་དེ་ཡང་དག་པར་རིག་པར་རྣམ་པར་གཞག་པར་འགྱུར་ཞེ་ན།
ཇི་ལྟར་མེ་ལོང་ལ་གང་དང་གང་ཉེ་བར་བྱས་པ་དེ་དང་དེའི་གནས་སྐབས་ལ་ཡང་སྣང་བ་ཡིན་པ་དང་། ཇི་ལྟར་མེ་ནི་སྲེག་པར་ནུས་པ་ཅན་ཡིན་ཡང་ཉེ་བའི་བསྲེག་བྱ་ཁོ་ན་སྲེག་པར་བྱེད་པ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཇི་ལྟར་མེ་ནི་རང་ངོ་བོས། །རྟག་ཏུ་སྲེག་བྱེད་ལས་ཅན་ནི། །ཉེ་དོན་བསྲེག་
བྱ་སྲེག་བྱེད་ཀྱི། །གཞན་མིན་གཞན་གྱི་དུས་སུ་འང་མིན། །ཇི་ལྟར་དང་བའི་མེ་ལོང་ངམ། །ཇི་ལྟར་ཤེལ་སྒོང་དང་བ་ལ། །གང་དག་ཉེ་བར་གྱུར་པ་དེའི། །དེ་ཡི་གཟུགས་བརྙན་སྣང་བ་ཡིན། །དེ་བཞིན་དུ་སེམས་ཀྱི་རང་བཞིན་ཡང་མ་རིག་པའི་དྲི་མས་གཡོགས་པའི་སྐྱེས་བུ་ནི་ཤིན་ཏུ་གཉིད་
ལོག་པ་ལྟ་བུར་འདུག་པ་ཡིན་ལ། གང་གི་ཚེ་དེ་ཆོས་དང་ཆོས་མ་ཡིན་པས་བསྐུལ་བའི་དབང་པོ་ལ་སོགས་པར་བྱེད་པའི་གྲོང་ཁྱེར་བུམ་པ་ལ་སོགས་པ་ལ་ཉེ་བར་བྱེད་པ་དེའི་ཚེ། རྟོགས་པར་བྱེད་པ་ཡིན་ལ་བྱ་བ་དེ་ཉེ་བར་ཟད་ནའང་དེ་ཁོ་ན་ལྟར་ཤིན་ཏུ་གཉིད་ལོག་པ་བཞིན་དུ་འདུག་པའི་
ཕྱིར། ལྷན་ཅིག་བྱེད་པའི་དབང་དང་ཉེ་བར་བྱེད་པ་པོའི་དབང་གིས་ནམ་ཞིག་འབྲས་བུ་མཐོང་བ་ཡིན་ན་ཡང་རྟག་པའི་འབྲས་བུ་ཉམས་པ་མ་ཡིན་ནོ། །དེ་བཞིན་རྟག་ཏུ་སེམས་བཅས་པའི། །སྐྱེས་བུ་རྣམས་ཀྱི་ལུས་གནས་པ། །གཟུགས་སོགས་བྱེད་པས་བླངས་ནས་ནི། །འཛིན་པ་
འདི་ནི་བློར་འདོད་དོ། །དེ་ཡང་འདི་ནི་ཤེས་བྱ་གཞན་དང་གཞན་ཉེ་བར་བཟུང་བའི་དབང་གིས་ཐ་མི་དད་པ་ཡིན་ན་ཡང་ཐ་དད་པ་བཞིན་དུ་སྣང་བ་ཡིན་ཏེ། བུམ་པ་གླང་པོ་སོགས་བློ་ཉིད། །དེ་ཐ་དད་པར་འཇིག་རྟེན་འདོད། །དེས་ན་དེ་ཉིད་ཐ་དད་དོན། །རྗེས་འབྲང་རྣམས་ཀྱི་བློར་འདོད་དོ། །
Vol. 180 · folio 122a
ཡུལ་གྱི་དབྱེ་བ་ཡོངས་སུ་དོར་ནས་དག་པའི་ཡང་དག་པར་རིག་པ་ཁོ་ན་རྟོགས་པར་བྱེད་ན་འབྱུང་བ་ནི་དེ་ཉིད་ཡིན་ནོ་ཞེས་སྔར་མཐོང་བ་ངོ་ཤེས་པ་ཡིན་ནོ། །ཐ་དད་དོན་ལ་བརྟེན་མིན་ན། །སྔར་མཐོང་ངོ་ཤེས་ཡོད་མ་ཡིན། །བུམ་པ་རིག་པ་ཐ་དད་པ་མ་ཡིན་པ་ཡང་སྣམ་བུའི་
དུས་སུ་ཡུལ་ཆེས་ཐ་དད་པ་ཡིན་པའི་ཕྱིར་དེ་ཉིད་ཡིན་པར་རྟོགས་པར་མི་བྱེད་པ་ན་ཐ་དད་པར་རྟོགས་པ་ཡིན་ཏེ། དེ་བཞིན་དུ་དོན་དམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་གང་ལས་མ་རིག་པའི་དྲི་མ་དང་བྲལ་བ་ཡིན་ན་ཉེ་བ་མ་ཡིན་པ་ཡང་སྣ་ཚོགས་པ་སྣ་ཚོགས་པའི་ངོ་བོར་སྣང་བ་ཡིན་
ལ། དེས་ན་འདི་ཐམས་ཅད་མཐོང་བར་འགྱུར་བ་ཡིན་ནོ། །དེའི་འདོད་པའི་དབང་གིས་མངོན་པར་འབྱུང་བ་ཡིན་པའི་ཕྱིར་སྣ་ཚོགས་པའི་བྱེད་པ་པོ་ཡིན་ནོ། །དེ་ཡོད་པ་དང་མེད་པའི་དུས་དག་ཏུ་འདི་ལ་བྱེ་བྲག་མེད་པས་ནམ་མཁའ་བཞིན་དུ་མི་ཤེས་པ་ནི་བྱེད་པ་པོར་མི་འགྱུར་བ་མ་
ཡིན་ནམ། སྣ་ཚོགས་པ་ཁོ་ན་རང་གི་རྒྱུས་དེ་ལྟ་དེ་ལྟར་འགྱུར་ཞེས་བྱ་བ་ཡང་ཡིན་ནོ། །སྨྲས་པ་ཡོད་པའི་ངོ་བོ་རིགས་པ་དང་དེ་སྣང་བ་ནི་རྨི་ལམ་བཞིན་དུ་མི་ཤེས་པ་ནི་བྱེད་པ་པོར་མི་འགྱུར་སྐྱེ་བ་སྣང་བའི་བདག་ཉིད་གཞན་དང་གཞན་དུ་ཡང་འདོད་པའི་ངོ་བོ་མ་ཡིན་ཏེ། སྲོག་ནི་ཕྱི་རོལ་གྱི་
རིག་པའི་བདག་ཉིད་ཀྱི་ཐ་དད་པ་ཡིན་ཡང་རིག་པའི་བདག་ཉིད་ནི་མ་ཡིན་ཏེ། ཤེས་པའི་ངོ་བོའི་རྣམ་པ་ནི་རྟག་པ་ཡིན་ཡང་འགལ་བ་མེད་པ་ནི། མངོན་པར་གསལ་མིན་གནས་སྐབས་ལས། །དེ་མངོན་པར་གསལ་བདག་ཉིད་འདོད། །ཅེས་བྱ་བའི་ཚིག་གིས་རྟག་པ་དང་ཅིག་ཤོས་
ཀྱི་བདག་ཉིད་ཅེས་བྱ་བའི་བྱེ་བྲག་མེད་པའི་སྐྱོན་མེད་དོ། །སྒྲ་དང་བློ་ལ་སོགས་པ་ཡང་ཡོད་པའི་ཕྱིར་སྐད་ཅིག་མ་ཉིད་མ་ཡིན་ནམ། ཡོད་པ་ནི་དོན་བྱེད་པའི་བྱེད་པ་པོ་ཡིན་ནོ། །རིམ་དང་ཅིག་ཅར་ཉིད་ཡོད་ན་དམིགས་པ་ཡིན་ལ། དེ་དག་གིས་ཁྱབ་པ་ཡིན་པའི་ཕྱིར་དེ་དག་ལོག་ན་ལྡོག་
པ་ནི་མི་རྟག་པ་རྣམས་ལ་ཡང་གནས་པ་ཡིན་ཏེ། རྟག་པ་ལ་རིམ་གྱིས་འབྲས་བུ་འབྱུང་བ་མ་ཡིན་ཏེ། ཤིན་ཏུ་ལྟོས་པ་མེད་པའི་ཕྱིར་རོ། །ལྷན་ཅིག་བྱེད་པ་ཉིད་ཤིན་ཏུ་རེས་འགའ་བ་ཡིན་པའི་ཕྱིར་དེ་ཉིད་ལས་འབྲས་བུར་འགྱུར་བ་ནི་དེ་དང་འདྲ་བའི་ཕྱིར་རོ། །གཞན་གྱི་ཚེ་དེ་ཡོད་
Vol. 180 · folio 122b
ཀྱང་ཅིའི་ཕྱིར་མི་འབྱུང་བ་ཡིན། དེ་ལྟ་ཡིན་ཡང་དེའི་དུས་སུ་སྔ་མ་པའི་ངོ་བོ་སྐྱེད་པར་བྱེད་པ་བཅད་པ་ཡིན་ནོ། །བཅད་པ་དང་ཅིག་ཤོས་ཀྱང་དེ་བཞིན་དུ་རྟོགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བཅད་པ་ལས་ཅིག་ཤོས་ཐ་དད་པ་ཡིན་པའི་ཕྱིར། བྱེད་པ་པོ་མ་ཡིན་པ་ཉིད་དུ་དེ་གནས་སོ། །
མ་ཡིན་ཏེ། བཅད་པ་ཉིད་ལ་མ་བཅད་པ་ཡིན་ཞེས་རྟོགས་པ་ལ་སྐྱོན་མེད་པའི་ཕྱིར་རོ། །རྟོགས་པ་ནི་བརྒལ་ཞིང་བརྟག་པར་བྱས་པ་མ་ཡིན་ཏེ། མི་རྟག་པར་གཅིག་པའི་ངོ་བོ་ཉིད་ལ་ནི་མངོན་སུམ་མེད་པ་ཡིན་ཏེ། མཐོང་བ་དང་རྟག་པ་ཉིད་མི་འགལ་བའི་ཕྱིར་རོ། །རྟག་པ་ལ་སྐད་ཅིག་
གཅིག་ལ་མཐོང་བར་མི་འགྱུར་བ་མ་ཡིན་ལ། དེ་ཙམ་མཐོང་བས་སྔ་མ་དང་ཕྱི་མའི་སྐད་ཅིག་དག་ལ་མེད་པ་ཡང་མ་ཡིན་ཏེ། སྤྱི་ལ་ཡང་དེ་ལྟར་ཐལ་བར་འགྱུར་བའི་ཕྱིར་རོ། །སྤྱི་ནི་སྔ་མ་དང་ཕྱི་མ་དག་ལ་མེད་པར་འགྱུར་བ་ནི་མ་ཡིན་ནོ། །འདིར་ནི་སྤྱི་གང་ཅུང་ཟད་ཀྱང་། །ཀུན་གྱིས་
རྟག་པར་རྟོགས་པར་བྱེད། །མི་རྟག་ཉིད་ན་གོང་བུ་རྣམས། །གང་ལའང་ཁྱབ་པ་ཅན་མི་འགྱུར། །མཐོང་བ་ཙམ་མམ། དེ་ཙམ་ལས་བྱུང་བ་ཡང་དངོས་པོ་མ་ཡིན་ཏེ། དེ་གཅིག་གིས་མཐོང་བ་ལས་དངོས་པོ་མ་ཡིན་ན་གཞན་གྱིས་མ་མཐོང་བ་ལས་དངོས་པོ་མ་ཡིན་པར་འགྱུར་རོ། །
དེའི་ཕྱིར་རང་གི་ཚོགས་པ་ལས་བྱུང་བར་མཐོང་བས་སྣང་བ་ཡིན་ནོ། །དེ་ལྟར་ཡང་མཐོང་བའི་དུས་ཀྱི་ངེས་པ་དང་ལྡན་པར་མཐོང་བ་ནི་ཚད་མ་མ་ཡིན་ཏེ། ངེས་པ་ཡང་སྔོན་པོ་ཉིད་ལ་ཡིན་གྱི། སྐད་ཅིག་མ་ཉིད་ལ་ནི་མ་ཡིན་ནོ། །གལ་ཏེ་སྔོན་པོ་ཉིད་བཞིན་དུ་དེ་ལ་ཡང་ཡིན་ན་ནི། འཁོར་
བ་ཐོག་མ་མེད་པ་ལ་སྐད་ཅིག་པར་ཡང་ངེས་པ་ཁོ་ནར་འགྱུར་རོ། །དེ་ཡང་མ་མཐོང་བ་ཙམ་གྱིས་མེད་པ་ཡིན་པར་གོ་ནས་ཞིག་པ་ཡིན་པར་བརྟག་པར་བྱས་པ་མ་ཡིན་གྱི། ཚད་མ་མ་ཡིན་པ་ཉིད་དུ་རིག་པ་ཉིད་ཡིན། མེད་པ་ཡིན་ཞེས་བྱ་བར་གོ་བ་ཡིན་ནོ། །དེས་ན་དེ་བཞིན་དུ་མཐོང་བ་དང་
རྟག་པ་ཉིད་འགལ་བ་མེད་པས་དེ་ཉིད་ལ་དེ་ངེས་པའམ་མཐོང་བ་ཉིད་ནི་ཚད་མ་ཡིན་ཏེ། མ་མཐོང་བ་ལ་དྲན་པ་མི་འགྱུར་པའི་ཕྱིར་ངེས་པ་མེད་དོ་ཞེས་བྱ་བ་ནི་གཞན་གྱི་འདོད་པའོ། །རྒྱུ་མེད་པར་འཇིག་པ་ཡིན་ན། དེ་མ་ཐག་ཁོ་ནར་འགྱུར་རོ་ཞེ་ན། དེ་བཞིན་དུ་སྔ་མ་ལ་ཡང་འགྱུར་ཏེ།
Vol. 180 · folio 123a
རྒྱུ་མེད་པ་ཉིད་ཀྱིས་རྟག་ཏུ་བར་ཐལ་བར་འགྱུར་རོ། །ངེས་པ་ཡིན་ཡང་དེ་ཉིད་དུ་རྒྱུ་ཡིན་པའི་ཕྱིར་ཞིག་པ་ནི་འབྲས་བུ་ཉིད་ཡིན་ནོ། །དེ་ཡོད་པ་ཡིན་ན་ཡང་དེའི་གནས་སྐབས་ཅན་ཉིད་དངོས་པོ་ཡིན་པའམ། དངོས་པོ་མེད་པོའི་རྒྱུ། དངོས་པོར་བྱ་བར་ནུས་པ་ཉིད་མ་ཡིན་པ་ལ་
སོགས་པ་གཞན་ལ་རང་ཉིད་ཀྱིས་སྨྲས་པའི་སྐྱོན་ཐོབ་པ་ཡིན་ནོ། །དེ་མ་ཐག་ཏུ་ཞིག་པར་སྣང་བ་ནི་མ་ཡིན་ཏེ། གང་གི་ཚེ་མཐོང་བ་དེའི་ཚེ་ཡང་རྒྱུ་ལ་རག་ལས་པ་ཡིན་པའི་ཕྱིར་མཐར་ཞིག་པ་མཐོང་བ་ལས་སྔ་ན་ཡོད་པ་ཉིད་དུ་རྗེས་སུ་དཔག་པ་མ་ཡིན་ཏེ། དེའི་ཚེ་དེའི་རྒྱུ་མེད་པའི་ཕྱིར་རོ། །
ཞིག་པ་འབྲས་བུ་ཉིད་ཡིན་ན་འཇིག་པའི་ཞིག་པ་ལས་དངོས་པོར་ལྡང་བ་ནི་ཞིག་པའི་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟར་བྱས་ཀྱང་དངོས་པོར་བྱུང་བ་ཅི་དགོས་ཤེ་ན། དེས་ན་དངོས་པོ་ཅུང་ཟད་ཀྱང་བྱེད་པ་མ་ཡིན་ཏེ། དེའི་རྒྱུས་དངོས་པོ་དེ་བྱས་པ་ཡིན་ཞེས་བྱ་བར་གསལ་བ་ནི་ཉེ་བར་བཏགས་ནས་
དངོས་པོ་མེད་པའི་ཐ་སྙད་དུ་བྱེད་པ་ཡིན་ཏེ། དེ་དག་ཙམ་གྱིས་དངོས་པོ་ཞིག་པ་ཡིན་ནོ། །སྒྲ་དང་བློ་ལ་སོགས་པ་རྣམས་ཀྱི་ནི་དེ་ལྟ་བུའི་འཇིག་པ་མ་ཡིན་ཏེ། ཡན་ལག་ལ་མི་ལྟོས་པའི་ཕྱིར་རོ། །སྣལ་མ་ལ་སོགས་པའི་ཡན་ལག་ལ་ལྟོས་པའི་རྣམ་བུ་ལ་སོགས་པ་ནི། དེའི་ཕན་ཚུན་
སྦྲེལ་བ་བཀྲོལ་བའམ། དེ་ཞིག་པས་འཇིག་པར་འགྱུར་པ་ཡིན་པར་རྟོགས་པ་ཡིན་ནོ། །ཡན་ལག་གམ་ཡན་ལག་ཅན་གཞན་ཡང་རུང་བ་ཡོད་པ་མ་ཡིན་ཏེ། འབྲེལ་པར་སྣང་བ་མེད་པའི་ཕྱིར་རོ། །རླུང་སྒྲ་ཉིད་དུ་གྱུར་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། སྒྲ་ལ་སོགས་པ་ལ་རེག་པ་ལ་སོགས་
པའི་ཡན་ལག་དང་། འབྲེལ་པ་མི་སྣང་བ་ཡིན་ལ། དེའི་ཕྱིར་འདི་ལྟ་བུའི་ངོ་བོ་གང་ཡིན་པ་ནི་འཇིག་པར་འགྱུར་བ་མ་ཡིན་ཏེ། དེ་ལྟར་རྟོགས་པའི་ཕྱིར་རོ། །སྐད་ཅིག་མ་གཉིས་པ་ལ་དམིགས་བྱ་མ་ཡིན་པ་ཉིད་ཞིག་པ་ཡིན་ནོ་ཞེ་ན། དེའི་ཚེ་དེ་ཡིན་དུ་ཟིན་ཀྱང་ཅི་ཞིག་འོངས་ནས་གང་
གིས་སྔ་མ་འཇིག་པར་འགྱུར། དེ་ལྟ་ཡིན་ན་དེ་ནི་དེ་ལ་ངེས་པ་ཅན་ཡིན་ན། དེའི་བསྐྱེད་བྱ་ནི་དངོས་པོ་ལས་ཐ་དད་པའམ་གཞན་དུ་ནི་མི་རིགས་ཏེ། དགོས་པ་མེད་པའི་ཕྱིར་རོ། །དེའི་བྱེད་པ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བས་འགའ་ཞིག་གིས་ཉེ་བར་དམིགས་པ་ལ་ཡང་།
Vol. 180 · folio 123b
གཞན་གྱིས་མ་དམིགས་པའི་ཕྱིར་མེད་པར་འགྱུར་རོ། །དམིགས་པ་ཐམས་ཅད་ལྡོག་པའི་ཕྱིར་མེད་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐམས་ཅད་ཀྱི་དམིགས་པ་ལྡོག་པ་ཡིན་ཞེས་བྱ་བ་འདི་ནི་གོ་བར་དཀའ་བ་ཡིན་ནོ། །གཞན་རྒྱུ་མ་ཚང་བ་མེད་པས་རུང་བའི་མི་དམིགས་པ་མེད་པ་ཉིད་དུ་ཤེས་
པའི་འབྲས་བུ་ཅན་ནི་ཅིག་ཤོས་མ་ཡིན་ནོ་ཞེས་བྱ་བ་འདི་ནི་གོ་བླ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ཉིད་འདི་ཡིན་ནོ་ཞེས་ཤེས་པའི་ཕྱིར་རོ། །ཇི་ལྟ་བ་ཁོ་ནའི་སྔོན་པོའི་ཞེས་བྱ་བ་མངོན་སུམ་གྱི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པ་ནི། མངོན་སུམ་ཉིད་ཡིན་ལ་འགལ་བ་མེད་པས་ཐ་སྙད་མཐུན་པ་
ཡིན་ནོ། །དེ་བཞིན་དུ་དེ་ཉིད་འདི་ཡིན་ཞེས་བྱ་བ་འདི་ལས་ཀྱང་ཡིན་ནོ། །གཞན་དུ་ན་མཐོང་བ་དང་རྣམ་པར་རྟོག་པ་དག་མི་མཐུན་པའི་ཕྱིར། ཐ་སྙད་མེད་པར་འགྱུར་རོ། །སྔོན་པོ་དང་རྟག་པའི་རྣམ་པར་རྟོག་པ་དག་ལ་ཡང་ཕུལ་དུ་བྱུང་བ་མ་ཡིན་ཏེ། མཐོང་བ་དང་བག་ཆགས་ལས་སྐྱེས་པ་ལས་
ཁྱད་པར་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་ཚད་མའི་ཐུ་བོ་མངོན་སུམ་ཡོད་ཀྱང་། ཚད་མ་མ་ཡིན་པ་ཉིད་དུ་འགྱུར་བ་ནི་མ་ཡིན་ནོ་ཞེས་སྨོས་པའོ། །ངེས་པ་ལས་ནི་མཐོང་བའི་ཡུལ་ཡིན་ལ། སྔོན་པོ་བཞིན་དུ་མི་རྟག་པ་ཉིད་ནི་མ་ཡིན་ཏེ། ཐ་སྙད་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྟག་པ་
ཉིད་ནི་མ་ཡིན་ནོ། །དེ་ཉིད་རྟོགས་པ་ལས་རྗེས་སུ་དཔག་པས་ངེས་པ་ཡིན་ནོ་ཞེ་ན། མངོན་སུམ་དང་འགལ་བ་ཡིན་ན། རྗེས་སུ་དཔག་པ་ཚད་མར་འགྱུར་བ་མ་ཡིན་ནོ། །དོན་བྱེད་པ་པོ་ཉིད་ཡོད་པ་ཉིད་ནི་རིམ་དང་ཅིག་ཆར་ལ་མི་ལྟོས་པས་དེས་ཁྱབ་པ་ཡིན་ནམ། ལྟོས་པ་དང་བཅས་པ་
ཉིད་ལ་ལན་ཅིག་ཀྱང་དེ་ཡོད་ན་མེད་པའི་ཕྱིར་རྟག་པ་ནི་རིམ་པ་མ་ཡིན་ཏེ། དུས་གཞན་འབྱུང་བར་འགྱུར་བའི་དངོས་པོ་ཡང་དེའི་ཚེ་ཁོ་ན་འབྱུང་བས་སྡོད་པར་འགལ་བའི་ཕྱིར་རོ། །སྡོད་པ་ནི་རིམ་པ་ཡིན་ནོ། །རིམ་པ་མེད་པ་ནི་མ་ཡིན་ཏེ། སྡོད་པར་མཐོང་བའི་ཕྱིར་རོ། །དེ་ཉིད་དུས་གཞན་ལ་
ཡང་ཡུལ་གཞན་བཞིན་དུ་ཀུན་དུ་རྒྱུ་བ་ཡིན་ནོ་ཞེ་ན། རང་བཞིན་དེ་མ་བོར་ན་ཀུན་དུ་རྒྱུ་བ་ཞེས་བྱ་བ་མ་ཡིན་ནོ། །གནས་སྐབས་ཐ་དད་པ་ལ་ཡང་གནས་སྐབས་ཅན་ནི་མི་རྒྱུ་བ་ཡིན་ཏེ། གནས་སྐབས་དེ་ཡིན་པའི་ཕྱིར་རོ། །དེ་མ་ཡིན་པའི་གནས་སྐབས་ཡིན་ན་ཕྱོགས་ཉམས་པ་ཡིན་ནོ། །
Vol. 180 · folio 124a
གནས་སྐབས་གཞན་ཁས་བླངས་པ་ལ་ཡང་སྐྱོན་དེ་དང་མཚུངས་པ་ཡིན་ནོ། །ཤི་བ་ཁོ་ན་འབྱུང་བ་ཡིན་པས་ཀུན་དུ་རྒྱུ་བ་ཡིན་ནོ་ཞེ་ན། སྔ་མ་དྲན་པ་མེད་པའི་ཕྱིར་དང་། དེ་ཉིད་ཀྱིས་ན་ཕྱི་མ་ཡང་མ་ཡིན་ནོ། །གཅིག་པོ་དུས་གཅིག་གི་ཚེ་ཡོད་པ་དང་མེད་པ་ཡང་མ་ཡིན་
ནོ། །འཆི་བ་དང་སྐྱེ་བ་དག་སྐད་ཅིག་མ་ཉུང་ཟད་དུ་གནས་པ་ཡང་མ་ཡིན་ཏེ། མཐོང་བ་རྒྱུན་ཆད་པ་དང་འགལ་བའི་ཕྱིར། ཁོ་བོའི་ཕྱོགས་ལ་སྔ་མའི་ཤི་བ་ཕྱི་མ་ཉིད་ཡིན་པ་ལ་སྐྱོན་མེད་དོ། །དེ་ལྟ་དེ་ལྟར་རྟག་པ་ལས་བཟློག་པ་ལ་རིམ་པ་ཉེ་བར་དམིགས་པ་དེ་དང་འགལ་བ་ཡིན་ནོ་ཞེས་
འདིར་གསུངས་པ་ཡིན་ནོ། །སྐད་ཅིག་ཉིད་དུ་མཐོང་བ་ནི་མ་ཡིན་ནོ། །དེས་ན་རིམ་པ་དང་ལྡན་པ་དང་ཡོད་པ་ཉིད་ནི་བཟློག་པ་དང་འགལ་བ་མེད་དོ། །ལྡོག་པ་ཉེ་བར་དམིགས་པ་ནི་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་འཇོམས་པར་བྱེད་པ་མ་ཡིན་ཏེ། འགལ་བའི་ཕྱིར་རོ། །དེ་ཉིད་ཉེ་བར་
དམིགས་པ་ཡིན་ན།། རིམ་པ་དང་ལྡན་པ་དམིགས་པ་ལ་སོགས་པ་ཉིད་དང་སྐད་ཅིག་པ་ཉིད་དུ་འགལ་བ་ཡིན་ཏེ། ཕྱིན་ཅི་ལོག་པས་ཁྱབ་པའི་ཕྱིར་རོ། །མ་གྲུབ་པ་ནི་མ་ཡིན་ཏེ། མཐོང་བའི་རྗེས་སུ་འབྲང་བའི་རྣམ་པར་རྟོགས་པས་རྟག་པ་ཉིད་བཞིན་དུ་རྣམ་པར་གཞག་པ་ཉིད་ཡིན་པའི་
ཕྱིར་རོ། །དེ་རྟོགས་པས་བཟློག་པ་མ་རྟོགས་པ་ཡིན་ན་འགལ་བ་ཡིན་ཏེ། གཉི་གའི་ངོ་བོར་རྟོགས་པ་ཡིན་ན་འགལ་བ་མེད་པའི་ཕྱིར་རོ། །བློ་ལ་མི་གནས་པ་ཇི་ལྟར་འགལ་བ་ཅན་ཡིན་ཞེ་ན། སྒྲོ་བཏགས་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །དེ་ལྟ་ཡིན་ཡང་དངོས་སུ་བའི་འགལ་བ་མ་ཡིན་པ་
མ་ཡིན་ཏེ། ཕྱིན་ཅི་ལོག་ཏུ་རྟོགས་པ་དངོས་སུ་བ་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་ཡང་གནོད་པ་ཅན་གྱི་བཞི་པོ་དག་དོན་གཅིག་པ་ཉིད་དུ་རྟོགས་པའི་དོན་ཉིད་མ་ཡིན་ཏེ། ཐུན་མོངས་བ་དང་ཅིག་ཤོས་ཀྱི་དབྱེ་བས་ཡུལ་ཐ་དད་པའི་ཕྱིར་ཤིང་མ་ཡིན་པ་དང་མེ་མ་ཡིན་པ་བཞིན་དུ་ཕྱིན་ཅི་ལོག་ཏུ་མ་གྲུབ་
པ་ཡིན་ཡང་། ལྡོག་པར་མ་ངེས་པ་ནི་མ་ཡིན་ཏེ། ཉེ་བར་དམིགས་པ་ཡུལ་དུ་རྣམ་པར་གཞག་པས་ཕྱིན་ཅི་ལོག་སྤངས་པའི་ཕྱིར། དྲོ་བ་དང་དྲོ་བ་མ་ཡིན་པ་ཉིད་བཞིན་དུ་འགལ་བ་གྲུབ་པའི་ཕྱིར་རོ། །ཐམས་ཅད་རིག་པ་རྣམས་ཀྱི་རང་གི་ངོ་བོ་ལ་ངེས་པས་རིམ་པ་འཛིན་པ་མེད་པ་ནི་མ་
Vol. 180 · folio 124b
ཡིན་ནོ། །བག་ཆགས་ཀྱི་དབང་གིས་བྱུང་བས་འདས་པ་རིག་པ་དྲན་པའི་རྣམ་པར་རྟོག་པས་རིག་པའི་ཕྱིར་རོ། །བག་ཆགས་ཀྱང་དེ་དང་འདྲ་བའི་རྣམ་པར་རྟོགས་པ་གཞན་གྱིས་བསྐྱེད་པར་བྱ་བ་ཡིན་པ་ནི་དགག་པར་བྱ་བ་མ་ཡིན་ནོ། །རྣམ་པར་རྟོག་པ་ཡང་ཁ་ཅིག་ནི་སྔོན་པོའོ་ཞེས་གཟུང་བའི་
རྗེས་སུ་འབྲངས་པ་ཡིན་ལ། ཁ་ཅིག་ལ་ནི་དེའི་ཁྱད་པར་གྱི་རིམ་པའོ། །ཁ་ཅིག་ནི་དེ་ཡོད་ན་འབྱུང་བ་ཉིད་དམ། འབྲས་བུ་དང་རྒྱུ་ཞེས་བྱ་བ་ཡང་ངོ་། །རྟོགས་པ་དེ་ཡང་མཚམས་སྦྱོར་བར་བྱེད་པ་གཞན་ཤུགས་ཀྱིས་རྟོགས་པར་བྱེད་པ་ནི་མ་ཡིན་ནོ། །བག་ཆགས་ཡོད་ན་དེ་ལས་བདག་
གིས་འདི་མཐོང་ངོ་ཞེས་བྱ་བ་བཞིན་དུ་རྟག་པ་སྲིད་དམ། མི་རྟག་པ་སྲིད་པར་རྟོགས་པ་ནི་ཚད་མ་ཡིན་ཏེ། རྣམ་པ་གསུམ་གཞན་དམིགས་པའི་ཕྱིར་རོ། །དེ་ལྟ་བུར་མ་མཐོང་བ་ཡིན་ན། དམིགས་བཞིན་པ་ལས་ཡོད་པར་ཁས་བླངས་པ་དགག་པར་ངེས་པར་མི་ནུས་ཏེ། མ་བསྐལ་བ་ཡིན་པའི་
ཕྱིར་རོ། །དེ་ཉིད་འདི་ཡིན་ཞེས་བྱ་བས། །འདིའི་དེ་ཉིད་དྲན་བྱ་བ་མ་ཡིན། དབང་པོའི་སྟོབས་བྱ་བ་ནི་མ་ཡིན་ཏེ། དངོས་པོའི་རང་གི་ངོ་བོ་ཡུལ་ཡིན་པའི་ཕྱིར་ཏེ། དེའི་ཐོག་མ་མཐོང་བ་ལྟ་བུའོ། །དེ་ལྟ་ཡིན་ན་དེ་ཉིད་རིག་པ་འདི་ནི་མི་སླུ་བའི་བདག་ཉིད་ཅན་གྱི་ཡིད་ཀྱི་ཡིན་གྱི། དངོས་སུ་བ་
ནི་མ་ཡིན་ནོ། །ཤེས་པ་སྔ་མའི་ཡུལ་མ་ཡིན་པའི་ཕྱིར་རམ། དེའི་ཁྱད་པར་ཅན་རིག་པའི་ཤུགས་ཀྱིས་དོན་ཉིད་དེའི་ངོ་བོ་ཡིན་པ་ཡང་རུང་བ་སྔར་མཐོང་བ་ངོ་ཤེས་གོ་བར་བྱེད་པ་ཡིན་ཏེ། དེའི་ངོ་བོ་ཉིད་མ་ཡིན་ན་གནོད་པ་མེད་པས་དེ་ལྟར་རྟོགས་པ་མི་རིགས་པའི་ཕྱིར་རོ། །དྲན་པ་དང་
ཉམས་སུ་མྱོང་བ་དང་ལྡན་པ་རྟོགས་པའི་དོན་རྟོགས་པར་བྱེད་པ་ནི་སྔར་མཐོང་བ་ངོ་ཤེས་པ་ལས་སོ། །དེ་ཁོ་ན་བཞིན་དུ་ནང་གི་རྟོགས་པ་ཡང་ཡིན་ནོ། །སྔར་རྟོགས་པ་དུས་ཕྱིས་རྟོགས་པ་ན་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བའི་དྲན་པས་ཉམས་སུ་མྱོང་བའི་ཡུལ་དུ་གྱུར་པར་ངེས་པ་ཡིན་ནོ། །དང་
པོ་མཐོང་བ་བཞིན་དུ་དངོས་པོ་ཙམ་ཇི་ལྟ་བ་བཞིན་དུ་རྟོགས་པ་དེ་ལྟ་བུའི་དངོས་པོ་མ་ཡིན་ནམ། དེ་འགྲུབ་པ་ནི་དེ་ལ་ལྟོས་པའི་ཕྱིར་རོ་སྙམ་དུ་སེམས་པ་ལ། དེའི་ཕྱིར་མི་རྟག་ན་ཡང་སྟེ། ཡང་གི་སྒྲས་རྟག་པ་ཡང་ཞེས་བྱ་བ་སྨོས་སོ། །དེ་གཉིས་ཀའི་ངོ་བོ་ཡང་ཁས་བླངས་པ་ཡིན་ན་ནི་
Vol. 180 · folio 125a
ཚད་མ་སྟེ། འདིའི་གོ་བྱེད་ཀྱི་ཚད་མ་ཉིད་མེད་དོ། །ཅི་ལས་ཤེས་ཤེ་ན། སྨྲས་པ། རྣམ་འགས་ཏེ། རྣམ་པ་གང་གིས་ཀྱང་། རྟག་པ་ལ་མིན་ཞེས་བྱ་བའི་དོན་ཏེ། ཕན་གདགས་པར་བྱ་བ་ཡོད་པ་མིན་པ་ནི། སྣང་བ་དང་འབྲེལ་པ་ཅན་ཉིད་ཀྱིས་སམ། དེ་ཉིད་
དུ་སྒྲོ་བཏགས་པའི་ཡུལ་ཉིད་ཀྱིས་འདི་ལ་དེ་བསྐྱེད་པར་བྱ་བ་དེ་ལྟ་བུ་ཉིད་ཀྱི་ཕྱིར་རོ། །སྒྲ་དང་བློ་ལ་སོགས་པས་རྟག་པའི་རྣམ་པ་འཛིན་པར་སྣང་བ་མ་ཡིན་ཏེ། དེར་སྣང་བ་ཅན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་རྟོག་པ་ནི་མཐོང་བ་དང་སྣང་བཞིན་པ་དག་ལ་འབར་བ་དང་། བྲེགས་
པའི་སྒྲའི་སྐྱེ་བ་བཞིན་དུ་འདྲ་བའི་ཡུལ་དུ་རྣམ་པར་གནས་པ་ཡིན་ཏེ། དེ་ཉིད་ལ་ནི་ཕྱིན་ཅི་ལོག་ཏུ་འཛིན་པར་མཐོང་པས་འགལ་བའི་ཕྱིར། མཐུན་པ་མ་ཡིན་པར་ཐལ་བར་འགྱུར་རོ། །སྤྱི་བཞིན་དུ་དེ་ལྟར་འགྱུར་བ་ནི་མ་ཡིན་ཏེ། ཁས་བླངས་པ་མ་ཡིན་པའི་ཕྱིར་རོ། །བ་ལང་ངོ་ཞེས་
བྱ་བའི་རྣམ་པར་རྟོག་པ་ནི། ཇི་ལྟར་གཅིག་དེ་བྱེད་པ་མ་ཡིན་པར་རྣམ་པར་གཅོད་པར་བྱེད་པའི་བདག་ཉིད་དུ་རྟོགས་པ་དེ་བཞིན་དུ་གཞན་ཡང་ཡིན་པའི་ཕྱིར། དེ་ནི་དེ་རྣམས་ཀྱི་སྤྱི་ཡིན་པར་བརྗོད་དོ། །དེས་ནི་འདིར་སྤྱི་གང་ཅུང་ཟད་ཀྱང་རྟག་པར་ཐམས་ཅད་ཀྱིས་བརྟགས་པ་བཀག་པ་
ཡིན་ནོ། །ཞིག་པ་བཞིན་དུ་འདི་ཡང་འགྱུར་བ་མ་ཡིན་ནམ། ཞིག་པ་ནི་སྔ་མ་དང་ཕྱི་མ་ཡང་མི་དམིགས་པ་ཡིན་ཡང་། དེའི་ཚེ་ཁོ་ན་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། སྐྱེ་བ་དང་ལྡན་པ་ཐམས་ཅད་ཀྱི་འཇིག་པ་མཐོང་བས་དེ་ཞིག་པ་ཡིན་ན། དངོས་པོར་ལྡང་བར་ཐལ་བར་འགྱུར་རོ། །གང་
ལ་རྒྱུ་ཡོད་དེ་འཇིག་པའང་། །མྱུ་གུ་བཞིན་དུ་མཐོང་བ་ཡིན། །ཞིག་པ་ལ་ནི་འཇིག་མེད་པ། །དེ་ཕྱིར་བྱས་པ་མ་ཡིན་ནོ། །བྱས་པ་ཡང་རྒྱུ་མེད་པ་ལས་འཇིག་པ་མ་ཡིན་པར་ནི་མི་རིགས་ཏེ། ཡུན་རིང་པོར་མ་མཐོང་བ་རྣམས་ཀྱང་ཡང་འབྱུང་བར་མཐོང་བའི་དངོས་པོ་ལྟ་བུའོ། །སྲིད་
བཞིན་པ་ཡིན་པའི་ཕྱིར་ཡོད་པ་དང་མེད་པ་དག་བདག་ཉིད་ཐམས་ཅད་ཀྱི་མཚུངས་པ་ཉིད་མ་ཡིན་ནོ། །དེ་ཉིད་ཀྱིས་ནམ་བྱུང་བ་ཡང་སྔ་ན་མེད་པའི་འཇིག་པ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་བྱས་པ་ཉིད་དམ་ཅིག་ཤོས་ཀྱང་ཞིག་པ་ཉིད་དུའམ། གཞན་དུ་ཡང་ངེས་པ་མ་ཡིན་ནོ། །ཞིག་པའམ་
Vol. 180 · folio 125b
སྔ་མ་མེད་པའམ་དེ་མེད་ཀྱང་འབྱུང་བའི་ཕྱིར་རོ། །དངོས་པོ་ཉིད་ཀྱི་བྱེ་བྲག་ནི་འཁྲུལ་པ་ཅན་མ་ཡིན་ནོ་ཞེ་ན། དེ་བཞིན་དུ་དངོས་པོ་ལ་ཡང་འཁྲུལ་པར་དོགས་པ་ཡིན་ན། བྱེ་བྲག་གིས་སྐྱོབ་པ་མ་ཡིན་ནོ། །དེའི་ཕྱིར་འཇིག་པའི་རྒྱུ་མེད་པ་ཅན་ཡིན་ནོ། །རྒྱུ་བཙལ་མ་ཐག་ཉིད་དུ་དམིགས་
པ་ཡིན་གྱི། སྔ་མ་དང་ཕྱི་མ་ནི་མ་ཡིན་པས་འཁྲུལ་པའི་ཕྱིར་དེའི་བྱས་པ་ཉིད་དམ་མེད་པ་ཉིད་མི་འགྲུབ་བོ། །ཞིག་པ་ནི་གནས་སྐབས་ལས་སྔ་མ་དང་ཕྱི་མ་ཡོད་པའི་གནས་སྐབས་མ་ཡིན་ནམ། དེའི་ཚེ་ཞིག་པ་ནི་མ་ཡིན་ཏེ། དངོས་པོ་དང་འགལ་བའི་ཕྱིར་རོ། །དེའི་ཚེ་ཁོ་ན་འབྱུང་ནི་ཇི་
ལྟར་རྒྱུ་མེད་པ་ཡིན་ཏེ། ངེས་པ་ནི་རྒྱུ་ལ་རག་ལས་པའི་ཕྱིར་དང་། དེ་ལ་རག་ལུས་པ་མ་ཡིན་ན་རྒྱུ་ལ་ངེས་པར་མི་རིགས་པའི་ཕྱིར་རོ། །དེ་ཡོད་ན་འབྱུང་བའི་དངོས་པོའི་རྒྱུས་ཅི་ཞིག་བྱས་པ་ཡིན། གང་གིས་སྔར་བཞིན་དུ་འབྱུང་བར་མི་འགྱུར་བ་ནི་དེ་དག་འགལ་བ་ཡིན་ཞེས་བྱ་བ་ནི་མི་
རིགས་ཏེ། ཅུང་ཟད་ཀྱང་མི་བྱེད་པས་འགལ་བ་མེད་པའི་ཕྱིར་རོ། །རྒྱུས་དེའི་རང་གི་ངོ་བོ་ཉམས་པ་ཁོ་ན་བྱས་པ་ཡིན་ནོ་ཞེ་ན། དེ་ཡིན་ན་ཡང་། དངོས་པོ་ཡང་རྗེས་སུ་འཇུག་པར་འགྱུར་རོ། །འགལ་བའི་ཕྱིར་མ་ཡིན་ནོ་ཞེ་ན། ཅུང་ཟད་ཀྱང་མི་བྱེད་པས་ཇི་ལྟར་འགལ་བ་ཡིན་ཞེས་
པ་དེ་ཉིད་སླར་ཁྱོད་ལ་དྲི་བར་བྱའོ། །དངོས་པོའི་ཞིག་པ་ཡིན་ནོ་ཞེ་ན། དེ་ཡང་བྱ་བའི་རྒྱུ་མ་ཡིན་ཏེ་དངོས་པོ་དང་འགལ་བའི་ཕྱིར་དང་། ཐུག་པ་མེད་པའི་ཕྱིར་རོ། །དེ་ཡོད་ན་དངོས་པོ་རང་གི་ངོ་བོ་ཉིད་མེད་པ་ཡིན་ཏེ། དེ་ལས་ཅུང་ཟད་ཀྱང་འབྱུང་བར་མི་འགྱུར་རོ་ཞེ་ན། དེ་ཡོད་ཀྱང་དེ་དང་
འདྲ་བ་འདི་སྔར་བཞིན་དུ་ཕྱིས་ཀྱང་། དོན་བྱེད་པ་ཉིད་དུ་ཐལ་བར་འགྱུར་པ་ཡིན་ཏེ། བྱེ་བྲག་མེད་པའི་ཕྱིར་རོ། །དེ་ཉིད་བྱེ་བྲག་ཡིན་ནོ་ཞེ་ན། འདི་ལ་དེ་ཡོད་ཀྱང་དེ་ཅི་ཞིག་བྱས་པ་ཡིན་ཞེས་སྨྲས་ཟིན་ཏོ། །ཁོ་བོའི་ཕྱོགས་ལ་ནི་དེ་མེད་པ་ཡིན་ལ། དེ་ནི་གཞན་ཁོ་ན་སྐྱེས་པ་ཡིན་ཏེ།
དུས་གཞན་ན་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་མི་སྐྱེ་བ་དེ་ཉིད་མེད་པ་ཡིན་ནོ་ཞེ་ན། དེའི་ཞིག་པ་ལ་ལྟོས་ནས། དེ་ལྟ་བུའི་ཐ་སྙད་ཡིན་པར་བདེན་མོད་ཀྱི་གཞན་སྐྱེ་བ་ལ་ནི་མ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་མ་དམིགས་པ་ནི་མེད་པ་མ་ཡིན་
Vol. 180 · folio 126a
ཏེ། ཡོད་པ་ལ་ཡོད་པའི་ཕྱིར་རོ། །རུང་བ་ཡང་མ་ཡིན་ཏེ། སྒྲུབ་བྱེད་མེད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་བུའི་དམིགས་པ་ཡོད་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་དེ་ལོག་པས་སྡོག་པ་གྲུབ་པ་ཡིན་པའི་ཕྱིར་མ་དམིགས་པ་ནི་མེད་པ་མ་ཡིན་ནོ། །གལ་ཏེ་དམིགས་པ་མེད་པ་བཞིན་དུ་རུང་བའི་མེད་པ་
ཡང་རང་ལས་རྟོགས་པར་ཅིས་མི་འདོད། དེ་ལྟ་བུའི་མེད་པ་ནི་མ་ངེས་པ་མ་ཡིན་ནོ། །དེ་ལྟ་བུའི་རྟོགས་པར་དཀའ་བ་ཡིན་ནོ་ཞེ་ན་ཡང་། དམིགས་པར་ཇི་ལྟར་ཉེ་བར་མཚོན་པ་ཡིན་ནོ། །དེའི་ཡང་མ་རྟོགས་པས་མ་རྟོགས་པའི་ཕྱིར་མེད་པ་ནི་མ་ཡིན་ནོ། །དེའི་ཕྱིར་རུང་བ་དང་དམིགས་
པ་ཡང་མ་རྟོགས་པ་ནི། དེ་མ་ཡིན་པ་རྟོགས་པ་ཡིན་ན། གཟུགས་བཞིན་དུ་བརྗོད་པ་དང་འདྲེ་བ་ལ་ལྟོས་པ་མེད་པ་དབང་པོའི་བྱ་བ་བསྐྱེད་པའི་ཤེས་པས་ཤེས་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱིས་ན་རང་བཞིན་ཐམས་ཅད་དང་བྲལ་བའི་མཚན་ཉིད་མ་ཡིན་ཏེ། དངོས་པོ་མེད་པའི་རང་བཞིན་
དུ་མངོན་སུམ་ལ་སོགས་པས་གྲུབ་པའི་ཕྱིར་རོ། །ནུས་པ་ཐམས་ཅད་དང་བྲལ་བ་མ་ཡིན་ཏེ། ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཡོད་པ་དང་ཞིག་པ་དག་གི་རྒྱུ་ཐ་དད་པའི་ཕྱིར་གཞན་ཉིད་ཡིན་ཞེས་བྱ་བ་ལ་སོགས་པར་ཤེས་པར་བྱའོ། །མ་ཡིན་ཏེ། དེ་ལ་དེའི་རྟོགས་པ་དགག་པའམ།
དེའི་མི་སྐྱེ་བའི་ངོ་བོའམ་གཞན་རྟོགས་པ་ཡང་ཡིན་ཞེས་བྱ་བ་དེ་དག་ཙམ་གྱི་དབྱེ་བས་ཡོད་པ་ཡིན་ཏེ། དེའི་བྲལ་བ་ནི་དེའི་མ་འདྲེས་པ་ཉིད་ཡིན་ཞེས་བྱ་བ་ལ་སོགས་པ་ཡང་དེའི་མི་སྐྱེ་བ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ། །གཞན་ཤེས་པ་ཡིན་ན་མ་རྟོགས་པ་པོ་འབའ་ཞིག་ནི་ཡོད་པ་མ་ཡིན་པར་
བསྟན་པ་ཡིན་ལ། དེ་བསྟན་པས་ཡོད་པ་ལས་བཟློག་པ་གཞན་ནི་མ་ཡིན་ནོ། །དེ་བཞིན་དུ་གཞན་གྱི་མངོན་སུམ་ཡིན་ན། དེའི་ཐ་སྙད་ཡིན་པའི་ཕྱིར་མེད་པ་མངོན་སུམ་དུ་གྲུབ་པར་བརྗོད་དོ། །མ་རྟོགས་པ་ཉིད་མ་ཡིན་པར་ཁས་བླངས་ན། མཚན་ཉིད་མི་མཐུན་པའི་ནུས་པ་རྟོགས་པ་པོའི་
རྟོགས་པ་དང་འགལ་བ་མེད་པ་ཡིན་ཏེ། དེ་ལྟ་བུའི་རྟོགས་པས་རྟོགས་བྱ་རྟོགས་པ་ཉིད་ནི་དེའི་ཐ་སྙད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །དམིགས་སུ་རུང་བ་མ་རྟོགས་ན། རྒྱུ་གཞན་ཚོགས་པ་ཡིན་ན་ཡང་མེད་པ་ཡིན་པར་བསྟན་པ་ཡིན་ནོ། །དམུས་ལོང་གཉིས་ཐ་སྙད་འདོགས་པ་ནི་སྔོན་པོ་ལ་
Vol. 180 · folio 126b
སོགས་པ་ལ་དེ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་འཇིག་པ་ལ་རྒྱུ་མེད་པ་ཉིད་དུ་སྨྲ་བ་པོས་མ་རྟོགས་པ་ཙམ་དུ་བསྟན་པ་ཡིན་གྱི། ཐ་སྙད་དུ་ཡོད་པ་ནི་མ་ཡིན་ནོ། །དེས་ན་དེ་བཞིན་དུ་མཐོང་བ་ནི་སྒྲ་ལའམ། བློ་ལ་སྔ་མ་དང་ཕྱི་མའི་དེའམ་དེ་ལ་རུང་བའི་རང་བཞིན་རྟོགས་པར་བྱེད་པ་མ་ཡིན་ཏེ། སྔར་
མེད་པའི་བྱས་པ་ཉིད་ཕྱིས་ཡོད་པའི་ངོ་བོ་ནི་མི་རྟག་པ་ཡིན་ཞེས་དེ་དག་གི་འབྲེལ་པ་ངེས་པ་ཡིན་ཏེ། སྔ་ན་མེད་པ་ལ་སོགས་པ་གཞན་མེད་པའི་ཕྱིར་རོ། །དེ་ཡང་སྐད་ཅིག་མར་གནས་པའི་ཆོས་ཅན་གྱི་དངོས་པོ་ཉིད་ནི་འཇིག་པ་ཡིན་ནོ་ཞེས་གསུངས་པ་དང་། དེ་ཡང་གཞན་ལས་རང་བཞིན་
གྱིས་མི་སྐྱེ་བའི་མཚན་ཉིད་ནི་ཞིག་པ་ཡིན་གྱི། རང་བཞིན་ཡོངས་སུ་འདོར་བའི་མཚན་ཉིད་ནི་མ་ཡིན་ཏེ། རང་བཞིན་གྱིས་ཟུམས་པ་དང་། བསྡུས་པ་དང་། མ་རྟོགས་པ་དང་། མི་འཛིན་པ་རྣམས་ནི་དོན་ཐ་དད་པ་མ་ཡིན་ནོ། །གཉིད་སྟུག་པོས་ནོན་པ་ལ་སོགས་པའི་མ་རྟོགས་པ་ནི་མེད་
པའི་ཐ་སྙད་སྒྲུབ་པར་བྱེད་པ་མ་ཡིན་ཏེ། རང་གི་ངོ་བོ་ཉེ་བར་བསྡུས་པའི་རང་བཞིན་ནི་དེ་སྒྲུབ་པར་བྱེད་པའི་ཕྱིར་རོ། །རྒྱུ་གཞན་ཚང་བ་ཡིན་ན་རུང་བའི་མ་རྟོགས་པ་ཉིད་ཀྱི་འབྲས་བུ་ནི། མེད་པ་ཉིད་ཀྱི་ཤེས་པ་ཡིན་གྱི། གཞན་གྱི་ནི་མ་ཡིན་པའི་ཕྱིར་བྱེ་བྲག་ཏུ་བསྟན་པ་ཡིན་ནོ། །ཁྱབ་བྱེད་
ལོག་པས་ཁྱབ་བྱ་ལྡོག་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཐ་སྙད་ནི་ཤེས་པ་ལ་ཡོད་པ་ཡིན་ལ། ཁྱད་པར་ཅན་དུ་མ་རྟོགས་པ་ནི་མེད་པའི་བློ་སྒྲུབ་པར་བྱེད་པ་ཡིན་པར་གཅིག་དམིགས་པ་ཉམས་སུ་མྱོང་བ་ལ་སོགས་པ་ཞེས་བྱ་བས་བསྟན་པ་ཡིན་ནོ། །འདི་ངས་མ་མཐོང་ངོ་ཞེས་བྱ་བ་སྐྱེས་བུའི་
མཆོག་གི་ཚིག་ལ་ཡང་ཤེས་པ་ཁོ་ན་བཞིན་དུ་འདི་ཡང་དེ་ལྟ་བུ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་གྱི་དེ་ལོག་པས་ནི་མ་ཡིན་ནོ། །དེས་ན་དེ་ལྟར་སྔ་མ་ཉིད་ལ་སོགས་པ་ལ་འདི་འམ། དེ་འདིར་རང་བཞིན་ཉེ་བར་བསྡུས་པ་ལས། དེ་ལས་བཟློག་པའི་རང་བཞིན་རྣམས་ལ་ནི་སྐད་ཅིག་མ་མ་ཡིན་པ་
མེད་པ་ཡིན་ཞེས་སྨྲས་པ་ཡིན་ནོ། །དེས་ན། སྐད་ཅིག་མིན་ལ་མེད་དེ་རྣམས། །རིམ་དང་རིམ་མིན་འགལ་ཕྱིར་རོ། །ཞེས་བྱ་བ་ཡང་ལེགས་པར་གསུངས་པ་ཡིན་ནོ། །དེས་ན་སྔོན་པོ་ནི་དེ་མེད་པ་རྣམ་པར་གཅོད་པར་བྱེད་པ་ཡིན་ཞེས་བྱ་བའི་ཚིག་གི་རང་བཞིན་གྱི་འདུས་བསྒྲུབ་པར་བྱེད་
Vol. 180 · folio 127a
པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ་ཞེས་བལྟ་བར་བྱའོ། །དེ་ཉིད་ཀྱིས་ན་མངོན་སུམ་གནོད་པ་ཅན་ཡིན་པར་བསྟན་པས་རྗེས་སུ་འགྲོ་བ་ལ་སོགས་པ་མ་གྲུབ་པ་མ་ཡིན་ནོ། །རྩ་བ་དང་ཆུ་ལ་སོགས་པ་བཞིན་དུ་སྐད་ཅིག་མ་ཡིན་པའི་སྒྲ་ཡང་རང་གི་ཉེ་བར་ལེན་པ་
ལས་སྐྱེ་བ་མ་ཡིན་ནམ། དེའི་བྱ་བ་ལས་སྐྱེས་བ་ནི་མ་ཡིན་ནོ། །ཉེ་བར་དམིགས་པའི་རྒྱུ་ཡང་རྣམ་པ་གཉིས་ཏེ། དབང་པོ་ལ་སོགས་པ་རྣམས་ཀྱང་སྒྲ་རྣམས་ཀྱང་རྩ་བ་དང་ཆུ་ལ་སོགས་པ་ལ། དབང་པོ་དང་ས་ལ་སོགས་པའི་སྒྲིབ་གཡོགས་མེད་པ་ཇི་ལྟ་བ་བཞིན་དུ། དེ་དག་ཙམ་ཡིན་
གྱི་དེའི་བྱ་བའི་བསྐྱེད་བྱ་ནི་མ་ཡིན་ཏེ། རང་གི་ཉེ་བར་ལེན་པ་ལས་བྱུང་བའི་སྐྱེས་བུའི་བྱ་བ་འབའ་ཞིག་རྒྱུ་མཚན་ཙམ་ཡིན་ནོ། །དེའི་བྱ་བས་གསལ་བྱར་ནི། །བྱས་པའམ་རྩ་བ་ཆུ་སོགས་ཀྱི། །གསལ་བྱས་བྱས་པ་ཉིད་ཀྱང་རུང་། །དེ་རྣམས་བརྐོས་སོགས་ཀྱིས་བསྐྱེད་མིན། །བུད་
ཤིང་སྤན་སྤུན་ལ་སོགས་པའི་རྩེ་མཐོང་བས་རྩ་བ་ལ་སོགས་པ་ཡོད་པ་ཉིད་དུ་རྗེས་སུ་དཔག་པ། སྐྱེས་བུའི་བྱ་བས་གསལ་བར་བྱེད་པ་ཡིན་པར་བརྗོད་པ་ཡིན་ལ། སྒྲ་ནི་སྔ་ན་ཡོད་པ་ཉིད་དུ་དཔག་པར་བྱ་བ་མ་ཡིན་ཏེ། སྔར་མཐོང་བ་ངོ་ཤེས་པ་ནི་མཐོང་བ་དང་སྣང་བཞིན་པ་
དག་ཁོ་ནའི་གཅིག་པ་ཉིད་དུ་ཡིན་གྱི། དེའི་ཚེ་ཡོད་པ་ནི་མ་ཡིན་ནོ། །དེའི་ཚེ་ཡོད་པ་མ་ཡིན་ན་གཅིག་པ་ཉིད་དུ་ཡང་མི་འགྱུར་རོ། །ཞེ་ན། གཅིག་པ་ཉིད་ནི་འདྲ་བ་ཉིད་ཀྱིས་ཀྱང་ཡིན་པའི་ཕྱིར་དོན་གྱིས་གོ་བ་ནི་མ་ཡིན་ནོ་ཞེས་བྱ་བར་འདོད་པའོ། །སྔ་ན་ཡོད་ན་བརྩམས་མ་ཐག །བྱུང་
བའི་ཤེས་པ་ངེས་མི་འབྱུང་། །ཞེས་བྱ་བ་ཡང་ངོ་། །དེ་ཉིད་ནི་རྟག་པར་རུང་བ་མེད་ན་རྒྱུ་མི་དམིགས་པ་ཡིན་ཏེ། ཐོག་མེད་བག་ཆགས་ལས་བྱུང་བའི། རྣམ་པར་རྟོག་པས་ཡོངས་བསྒྲུབས་པ་ནི་ཆོས་དང་ཆོས་ཅན་ཏེ་ཕྱིན་ཅི་ལོག་ཏུ་རྟོགས་པ་དེ་དགག་པར་རྟོགས་པ་ནི་འབྲས་བུ་ཡིན་པའི་ཕྱིར། མ་
གྲུབ་པ་ཉིད་ལ་སོགས་པར་སྨྲ་བ་ནི་འབྲེལ་པ་ཅན་མ་ཡིན་ནོ། །འབའ་ཞིག་པོ་ཡོད་ཀྱང་མ་མཐོང་བ་ནི་ཡུལ་མ་འོངས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་ཉིད་ལས་ཕྱིས་གནས་པ་མ་ཡིན་ཞེས་བྱ་བ་མ་གྲུབ་པ་ཡིན་ནོ། །ཡང་ན་རྟག་པ་ནི་དབང་པོ་བཞིན་དུ་རུང་བ་ཉིད་མ་ཡིན་ཏེ། དབང་པོ་
Vol. 180 · folio 127b
འབའ་ཞིག་ནི་རྗེས་སུ་དཔག་པའི་ཡུལ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ཏེ། ཁས་བླངས་པ་ཙམ་དུ་གྲུབ་པའི་ཕྱིར་རོ། །འགྲོ་བ་དང་འབྲས་བུ་འདིས་ཀྱང་རྒྱུར་གྱུར་པ་འཕངས་པ་ཡིན་ནོ་སྙམ་དུ་སེམས་པ་ལ། རྣམ་འགས་ཕན་གདགས་བྱ་མིན་ཕྱིར། །ཞེས་སྨོས་ཏེ། དབང་པོའི་ནུས་པ་ནི་རིམ་པ་
དང་ལྡན་པའི་འབྲས་བུས་རིམ་པ་ཅན་ཉིད་དུ་རྟོགས་པར་བྱེད་པ་ཡིན་ལ་རྟག་པ་ནི་དེ་ལྟ་མ་ཡིན་ཏེ། རིམ་པ་མེད་པའི་ཕྱིར་རོ། །གཅིག་ཏུ་ཉེ་བར་བསྡུས་པ་གཞན་ལས་སྐྱེས་པའི་ངོ་བོ་ནི་གཞན་ལ་འགྱུར་བ་མ་ཡིན་ནོ། །རྣམ་འགས་ཀྱང་རིམ་པ་མེད་པ་ཉིད་ཀྱིས་བསྒྱུར་བ་མ་ཡིན་པའི་ཕྱིར་
དང་། ཕན་གདགས་པ་ནི་རྣམ་པར་བསྒྱུར་བ་ཙམ་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་རོ། །འོན་ཏེ་རྟོགས་པ་ནི་རིམ་པ་མེད་པ་ཡིན་ཡང་ལྷན་ཅིག་བྱེད་པའི་རིགས་ལས་རིམ་གྱིས་བྱ་བ་བྱེད་པ་ནི་མར་མེ་ལྟ་བུ་སྟེ། མར་མེ་ནི་ཇི་ལྟར་གཅིག་ཉིད་ཀྱང་ལྷན་ཅིག་བྱེད་པའི་དབྱེ་བ་ལས་རྣམ་པར་ཤེས་པ་དང་།
སྡོད་བུའི་འགྱུར་བ་དང་། འབར་བའི་རྒྱུན་ཕྱི་མ་རྣམས་ཀྱི་བྱད་པ་ཡིན་ལ། དེ་ཐ་དད་པ་ནི་མ་ཡིན་ཏེ། དུས་དང་ངོ་བོ་དང་ཡུལ་རྣམས་ཐ་མི་དད་པས་ཐ་མི་དད་པ་ཉིད་དུ་ཚད་མས་གྲུབ་པའི་ཕྱིར་རོ། །གཅིག་ཉིད་ནུས་པའི་བྱེ་བྲག་གིས་དེ་རྣམས་སྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། སོ་སོར་ངེས་པའི་
རང་བཞིན་གྱི་འབྲེལ་པ་མེད་ན། དེ་རྣམས་ཀྱི་ཐམས་ཅད་དུ་སྐྱེ་བ་སྔར་མ་མཐོང་བའི་ཕྱིར་རོ། །རང་བཞིན་གང་གིས་སྡོང་བུའི་འགྱུར་བའི་རྒྱུ་ཡིན་པ་དེ་ཁོ་ནས་འབར་བ་དང་། ཉེ་བར་དམིགས་དག་གིས་ཡང་མ་ཡིན་ཏེ། སྡོང་བུའི་འགྱུར་བ་བཞིན་དུ་དེ་དག་ཀྱང་དེའི་རང་བཞིན་དུ་ཐལ་བར་འགྱུར་
བའི་ཕྱིར་རོ། །ལྷན་ཅིག་པ་ཉིད་ཁོ་ན་རྗེས་སུ་འགྲོ་ལྡོག་དག་གིས་ཐམས་ཅད་དུ་རྒྱུ་ཉིད་དུ་རྟོགས་པ་ཡིན་གྱི། གཅིག་གི་ངོ་བོ་ནི་མ་ཡིན་ཏེ། རྒྱུའི་རང་བཞིན་ཐ་དད་པ་མེད་པ་ཡིན་ན། འབྲས་བུ་ཐ་དད་པ་གློ་བུར་པ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་ན་སྣ་ཚོགས་པའི་ཐ་དད་
པའི་ངོ་བོ་ཉིད་ལ་རྒྱུ་མེད་པར་འགྱུར་རོ། །ལྷན་ཅིག་བྱེད་པ་དེ་རྣམས་ཀྱིས་འདི་ལ་ཅུང་ཟད་ཀྱང་བྱེད་པ་ནི་མ་ཡིན་ཏེ། དེ་རྣམས་ཀྱི་ཕུལ་དུ་བྱུང་བའི་བྱེ་བྲག་ཏུ་བྱས་པར་མ་རྟོགས་པའི་ཕྱིར་རོ། །ཞིང་ལ་སོགས་པ་རྣམས་ས་བོན་ལ་སྡོད་པ་བཞིན་དུ་ཐལ་བར་འགྱུར་རོ། །དེ་དང་ལྡན་པ་མ་ཚང་བ་
Vol. 180 · folio 128a
འབའ་ཞིག་ནི་མ་ཚང་བ་མེད་པས་གསལ་བ་ཡིན་ཏེ། འགལ་བའི་ཕྱིར་རོ། །རྟག་པ་ནི་དེ་བཞིན་དུ་ཅིག་ཅར་བྱེད་པ་མ་ཡིན་ཏེ། ལྷན་ཅིག་བྱེད་པ་རྣམས་ཀྱི་རང་གི་རྒྱུ་མ་ཚང་བ་ཉིད་ཀྱིས་ཅིག་ཅར་བ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་བཞིན་མར་མེ་བཞིན་དང་མཐའི་
ཚོགས་པ་བཞིན་དུ་ལྷན་ཅིག་བྱེད་པ་རྣམས་ཀྱི་མ་ཚང་བ་བསལ་བས། མ་ཉམས་པའི་བདག་ཉིད་ཀྱི་རྟག་པ་ནི་རིམ་གྱིས་བྱེད་པ་ཡང་ཡིན་ནོ་སྙམ་དུ་སེམས་པ་ལ། རྣམ་འགས་ཞེས་བྱ་བ་སྨོས་ཏེ། རྣམ་པ་འགས་ཀྱང་སྟེ་ལྷན་ཅིག་བྱེད་པ་རྣམས་ཀྱིས་ཕན་གདགས་པར་བྱ་བ་ཉིད་མ་ཡིན་
པའི་ཕྱིར་ཏེ། མ་ཚང་བ་ཉིད་མེད་ཀྱང་དེ་དེའི་དུས་ཉེ་བར་མཚོན་པའི་བྱེད་པ་པོ་མ་ཡིན་པའི་ངོ་བོ་མ་སྤངས་པའི་ཕྱིར་རོ། །མ་ཚད་བ་ཉིད་ཁོ་ན་མི་བྱེད་པ་ནི་མ་ཡིན་ཏེ། དེ་ཉེ་བར་མཚོན་པ་ཡང་དེ་དང་མཚུངས་པས་དེ་དང་འབྲེལ་བ་ཉིད་ཡིན་ནོ། །རྒྱུའི་རང་བཞིན་ཁོ་ན་ཡིན་ཡང་། དེའི་འབྲས་བུ་མི་འབྱུང་བ་ཡིན་
ནོ་ཞེ་ན། འབྲས་བུ་ལ་གེགས་བྱེད་པ་ཡིན་ན། དེ་ལ་གནས་པའི་བྱེད་པ་པོ་ཉིད་ལ་གེགས་བྱས་པ་ཡིན་གྱི། ཇི་ལྟར་མར་མེ་ལ་ཡིན། དེའི་ཡང་མ་ཚང་བར་ཉེ་བར་མཚོན་པ་ཡིན་ན། ཚང་བ་ཡིན་ཡང་མ་ཚང་བ་བཞིན་དུ་ཉམས་པ་ཡིན་ནོ། །མཐའི་ཚོགས་པ་ནི་རེ་རེ་ཞིང་དེའི་འབྲས་བུ་ལ་
ནུས་པ་ཅན་ཡིན་ཏེ། རྒྱུའི་དབང་གིས་དེ་བཞིན་དུ་འབྱུང་བ་ཡིན་ནོ། །ལྷན་ཅིག་བྱེད་པ་གཅིག་ཉེ་བར་གྱུར་པས་བསྒྲུབ་པར་བྱ་བ་འབྲས་བུ་ཡང་རྒྱུན་ཏུ་འབྱུང་བའི་ཤེས་པ་ལ་སོགས་པ་ནུས་པ་ཐ་དད་པ་ལས་རང་བཞིན་ཐ་དད་པ་ནི་གཞན་གྱི་བྱེ་བྲག་ཅན་མ་ཡིན་ཏེ། སྐད་ཅིག་མའི་དབྱེ་བ་ཙམ་སྐྱེད་
བྱེད་ཡིན་པའི་ཕྱིར་རོ། །མར་མེ་ལ་སོགས་པའི་མི་རྟག་པ་ལ་ཡང་སྡོང་བུའི་འགྱུར་བ་དང་ཤེས་པ་དང་། འབར་བའི་རྒྱུན་ཕྱི་མ་འབྲས་བུའི་བྱེད་པ་པོ་ལ་སོ་སོའི་ལྷན་ཅིག་བྱེད་པའི་རྐྱེན་གྱིས་བྱེད་པ་པོ་མ་ཡིན་པའི་ངོ་བོ་མ་ཉམས་པ་ཡིན་པ་ལ་ཡང་། ཚད་མ་ཡོད་པ་མ་ཡིན་ན། རྟག་པ་
གཅིག་པུའི་ངོ་བོའི་རང་བཞིན་ལ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རང་གི་རྒྱུ་ཚོགས་པ་ལས་འབྲས་བུ་དུ་མ་བྱེད་པའི་ཚོགས་པ་ཕྱི་མ་གཟུགས་དང་རོ་ལ་སོགས་པ་བཞིན་དུ། ཇི་ལྟར་མཐོང་བ་ཁས་བླང་བར་བྱ་བ་ཡིན་ནོ། །ཉེ་བར་ལེན་པ་དང་ལྷན་ཅིག་བྱེད་པ་ལ་སོགས་པ་ཉིད་ནི།
Vol. 180 · folio 128b
ཅི་ནས་ཀྱང་གང་གི་ཡང་ཡིན་ནོ། །ཁ་ཅིག་ཏུ་ནི་བསྟན་བཅོས་ཀྱི་རྣམ་པར་དབྱེ་བ་ཇི་ལྟ་བ་ཁོ་ན་ཡིན་པའི་ཕྱིར་རོ། །ཤིན་ཏུ་སྙིང་པོ་མེད་པ་བློ་གྲོས་ངན་པའི་སྤྲོས་པ་རིང་དུ་བསྲིངས་པས་ཆོག་གོ། །སྐད་ཅིག་མ་ཉིད་ལ་སྔ་མ་ཉིད་ཙམ་ལས་རྒྱུ་ཉིད་ཇི་ལྟར་ཡིན་ཏེ། ཐལ་ཆེས་པ་མ་ཡིན་ནམ། དྲི་
ལ་དྲི་དང་གཟུགས་དག་སྔ་མ་ཉིད་ལས་བྱེ་བྲག་མེད་དོ། །བྱ་བ་ལ་ཡིན་ནོ། །ཞེ་ན། སྐད་ཅིག་མ་ལ་བྱ་བ་མེད་དོ། །སྐྱེ་བཞིན་པའི་དྲི་ལ་སོགས་པ་ནི་གང་གི་ཚེ་གཟུགས་ཞིག་པ་དེའི་འབྲས་བུ་མི་འདོད་པ་གང་ཡིན་པ་དེ་བཞིན་དུ། གཟུགས་གཞན་རྣམས་ཀྱང་ཡིན་ནོ། །རྟག་པ་ནི་དུས་
གཞན་དུ་ཡང་རྗེས་སུ་གནས་བཞིན་པ་ཡིན་པས་བྱ་བ་བྱེད་པར་ནུས་པ་ཡིན་པའི་ཕྱིར་རྒྱུ་ཡིན་ནོ། །དེའི་ཕྱིར་སྔར་འབྲས་གྲུབ་པ་ལ། །གང་གི་བྱ་བ་མཐོང་བ་ནི། །དེ་ཉིད་དེ་ཡི་རྒྱུ་ཡིན་གྱི། །དེ་མ་ཐག་པ་ཙམ་ཉིད་མིན། །གལ་ཏེ་བྱ་བ་ཡིན་ཡང་རྒྱུ་ཡིན་ཞེས་ཅི་ལས་ཤེས་རྒྱུ་ཉིད་ཀྱིས་རྟོགས་
པའི་ཕྱིར་རོ། །འདི་ལ་ཡང་དེའི་འབྲས་བུ་ཉིད་ཡུལ་ཡིན་པ་དེ་ཉིད་ཀྱིས་རྟོགས་པ་ནི། ལྷ་སྦྱིན་གྱི་བུ་ལ་ལྷ་སྦྱིན་དུ་ཤེས་པ་བཞིན་དུ། གང་ལ་ཡོད་པ་དེ་ཉིད་རྒྱུ་ཡིན་གྱི། གཞན་གྱི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བའོ། །འབྲས་བུ་ལ་རང་བཞིན་གྱིས་རྗེས་སུ་འགྲོ་བར་ངེས་པ་རྒྱུ་ཉིད་
ཡིན་ཏེ། དྲི་ལ་རོའི་ནི་མ་ཡིན་ནོ། །ཇི་ལྟར་ཇི་ལྟ་བས་རྒྱུ་ནི་མ་ཡིན་ཏེ། གང་ཞིག་གང་ལས་ཀྱང་ཐལ་བར་འགྱུར་བའི་ཕྱིར་ངེས་པ་མ་ཡིན་པར་མ་མཐོང་བ་ལ་ཐལ་འགྱུར་ཡང་མ་ཡིན་ཏེ། དེ་ནི་མཐོང་བའི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་རོ། །འཇིག་རྟེན་པ་ནི་འགའ་ལ་ཡང་སྐད་ཅིག་མ་
ཉིད་དུ་ཞེན་པ་མེད་དོ། །དེའི་ཕྱིར་རྒྱུ་ཁས་བླངས་པ་ཡིན་ན། སྔ་མ་སྔ་མའི་རྒྱུར་འགྱུར་རོ། །མཚན་ཉིད་མི་མཐུན་པ་ནི་མ་ཡིན་ཏེ། དེ་ལྟ་བུར་མ་རྟོགས་པའི་ཕྱིར་རོ་ཞེས་བརྗོད་པ་ན་མཚན་ཉིད་མི་མཐུན་པ་ཉེ་བར་གནས་པའི་གནས་སྐབས་གང་ཡིན་ཞེས་བྱ་བའོ། །གཏིང་དཔག་དཀའ་འདི་གཏིང་
ཐག་ནི། །བློ་དམན་བདག་གིས་མི་ཆོད་ཅིང་། །འདི་ལའང་ཤིང་རྟ་ཆེའང་དུབ་ན། །ཆེས་དམན་ལ་གཏམ་ག་ལ་ཡོད། །དེ་ལྟ་བུའི་ཚད་མ་ཉིད་དུ་སྒྲུབ་པ་ལ། །ཡང་དག་ཉིད་གསུངས་ཤེས་པ་ལས་གཞན་པ་རྗེས་སུ་དཔག་པ་ཡིན་ཞེས་སྨོས་པ་ཡིན་ལ། རྩོད་པའི་གཞི་ནི་ཉེ་བར་དམིགས་
Vol. 180 · folio 129a
པ་དང་ལྡན་པའི་རྒྱུ་ཅན་ཡིན་ཏེ། སྐྱེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །སེམས་དང་མི་ལྡན་པ་ཉེ་བར་དམིགས་པ་ཅན་ཉིད་ཡིན་པའི་ཕྱིར་གོས་ལ་སོགས་པ་ལྟ་བུའོ། །གང་ཁོ་ན་གཞན་གྱི་བློ་དང་ལྡན་པ་ཉིད་ཀྱི་རྒྱུ་ཅན་ཡིན་པར་འགེགས་པར་བྱེད་པ་དེ་ཁོ་ན་རྩོད་པའི་ཡུལ་དུ་བརྗོད་
པས་རྟོགས་པ་ཡིན་ལ། བསྒྲུབ་བྱའི་བྱེ་བྲག་བརྗོད་པས་ནི་བྱེ་བྲག་གྲུབ་པའི་ཕྱིར་རོ། །མ་ཡིན་ཏེ། བསྒྲུབ་བྱ་ལ་སོགས་པ་རྣམ་པར་གཞག་པ་ནི་རྩོད་པའི་ཟླ་བོ་ལ་ལྟོས་པའི་ཕྱིར་རོ། །རང་བཞིན་པ་ཉིད་ཡིན་ན། རང་གི་ངོ་བོ་བཞིན་དུ་ཕྱོགས་ཉིད་ལ་སོགས་པ་ཡང་ཇི་སྲིད་རྫས་ཡོད་ཀྱི་བར་དུ་ཡིན་པར་
འགྱུར་ལ། སྨྲ་བ་པོ་གཞན་ལ་ལྟོས་ནས་གཞན་དུ་མི་འགྱུར་ཞིང་། དེ་བཞིན་དུ་བསམ་པའི་བསྐྱེད་བྱར་ཡང་འགྱུར་རོ། །ཚད་མས་མ་བཀག་པའི་བསམ་པས་བསྐྱེད་པ་ནི་དེ་ལོག་ཀྱང་ལོག་པ་མ་ཡིན་ཏེ། གང་གི་ཕྱིར་རྫ་མཁན་ལྡོག་པ་ཡིན་ཡང་། དེ་ལས་གཞན་པའི་བུམ་པ་མེད་པ་མ་ཡིན་
ནོ། །བསམ་པ་ཡང་ཕྱི་རོལ་གྱི་སྐྱེད་བྱེད་ཉིད་ཡིན་ན། བཀག་པ་ཡང་སྐྱེ་བར་བྱེད་པར་འགྱུར་ཏེ། རང་གི་ངོ་བོར་བོར་བ་དང་། བར་དུ་ཆོད་པ་དག་མེད་པའི་ཕྱིར་ངེས་པ་མེད་པ་ཡིན་ན། གཏན་ཚིགས་ཉིད་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར། འཁྲུལ་པ་ཅན་དུ་འགྱུར་བའི་ཕྱིར་རྒྱུ་དང་དེའི་སྣང་བ་དག་
ཏུ་རྣམ་པར་གཞག་པ་ཆད་པར་འགྱུར་རོ། །སྨྲ་བ་པོའི་འདོད་པ་ཙམ་ལས་བྱུང་བ་ཉིད་ཀྱིས་དངོས་སུ་བ་མ་ཡིན་པའི་ཕྱིར། དངོས་སུ་ཁྱབ་པ་ཅན་གྱི་འབྲེལ་པའི་རྗེས་འབྱུང་བར་བྱེད་པའི་གཏན་ཚིགས་ཡིན་གྱི། དེའི་རྣམ་པར་གཞག་པའི་རྗེས་སུ་འཇུག་པ་མ་ཡིན་ཏེ། དེས་ན་གཏན་ཚིགས་ལ་སོགས་
པའི་རྣམ་བཞག་འགྲུབ་པ་ཡིན་པའི་ཕྱིར། བསྒྲུབ་བྱའི་བྱེ་བྲག་ཁོ་ན་རྩོད་པ་འཛིན་པ་ཡིན་གྱི་གཞན་ལ་རྩོད་པ་ནི་མ་ཡིན་ནོ། །དེ་འཛིན་པ་ཡིན་ན་གནས་སྐབས་མི་ཤེས་པས་ཕམ་པར་འགྱུར་བ་ཡིན་ནོ། །བསྒྲུབ་བྱའི་ཚིག་འདི་ཡང་བསྒྲུབ་བྱ་དངོས་སུ་གྲུབ་པའི་ཡན་ལག་མ་ཡིན་ཏེ། གཏན་ཚིགས་སྨྲས་པ་
ལ་དོན་མེད་པར་འགྱུར་བའི་ཕྱིར་རོ། །སྒྲུབ་བྱེད་ལ་དད་པ་བསྐྱེད་པའི་དོན་དུ་འདོད་པ་འཛིན་པ་ནི་མ་ཡིན་ནོ། །ཁྱབ་པ་ཅན་ནི་སྒྲུབ་བྱེད་མེད་ན་ངེས་པ་མེད་པའི་ཕྱིར་རོ། །ཡུལ་ཤེས་པར་བྱེད་པའི་དོན་དུ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེའི་ཤེས་པ་ནི་དེ་ལྟ་བུའི་སྒྲུབ་བྱེད་བརྗོད་པ་ཁོ་ནས་གྲུབ་པའི་ཕྱིར་རོ། །
Vol. 180 · folio 129b
གང་བྱས་པ་དེ་མི་རྟག་པ་ཡིན་ཏེ། བུམ་པ་ལ་སོགས་པ་ལྟ་བུ་ཞེས་བརྗོད་པ་ལ་ཕྱིན་ཅི་ལོག་ཏུ་དོགས་པ་མ་ཡིན་ནོ། །རྟག་པ་ལ་བྱས་པ་ཉིད་རྗེས་སུ་འགྲོ་བར་བརྗོད་པ་ནི་ཇི་ལྟར་འཁྲུལ་པ་ཉིད་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན། དེ་ཉིད་ཀྱིས་རྟག་པ་ལ་ཕྱིན་ཅི་ལོག་ཏུ་བརྗོད་པ་ཡིན་པར་ཅིས་མི་འགྱུར།
བྱས་པ་ཉིད་ནི་གང་གིས་ནམ་མཁའ་ལ་སོགས་པ་ལ་རྟག་པ་ཉིད་ཀྱིས་ཁྱབ་པར་རྗོད་པར་བྱེད་པ་ཡིན་པ་དེས་ན་སྒྲ་ལ་ཡང་རྟག་པ་ཉིད་དུ་འདོད་པར་འགྱུར་རོ། །བསྒྲུབ་བྱ་དང་སྒྲུབ་བྱེད་དང་ཆོས་ཅན་དང་། དཔེ་དང་རྗེས་སུ་འགྲོ་བ་རྣམས་ཀྱི་ཡུལ་ནི་བྱེ་བྲག་ཡིན་ནོ་ཞེ་ན། མ་ཡིན་ཏེ། འགལ་བ་ཅན་ལ་
ཡང་མཚུངས་པའི་ཕྱིར་རོ། །བསྒྲུབ་བྱ་དང་འགལ་བའི་ཆོས་ཅན་དཔེ་ལ་ནི་ཕྱིན་ཅི་ལོག་གི་ཁྱབ་པ་ཅན་དུ་རྟོགས་པའི་ཤུགས་ཀྱིས་གཏན་ཚིགས་ནི་བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པ་ནི་བྱ་བར་སླ་བ་ཉིད་དོ། །ནམ་མཁའ་ལ་སོགས་པ་ལ་ནི་བྱས་པ་ཉིད་མེད་པས་བསྒྲུབ་པར་བྱ་
བ་མ་ཚང་བ་ཉིད་ཁོ་ན་ཕམ་པའི་གཞི་ཡིན་གྱི། ཕྱིན་ཅི་ལོག་པས་ཁྱབ་པ་ཅན་ནི་མ་ཡིན་ཏེ། བུམ་པ་ལ་སོགས་པའི་རྟག་པ་ཉིད་ལ་སོགས་པ་སྤངས་པ་ཡོངས་སུ་བརྟགས་པའི་ཡུལ་ཉིད་ཡིན་པས་དེའི་ཚེ་རིང་ནས་རྟོགས་པ་ཡིན་པའི་ཕྱིར་རོ། །བསྒྲུབ་བྱའི་ཚིག་མེད་ན་རྗེས་སུ་འགྲོ་བའི་
ཚིག་ནི་གཉི་ག་ལ་མཚུངས་པའི་ཕྱིར། ཕྱིན་ཅི་ལོག་པ་ཅན་ལས་དེ་ཁོ་ན་ཉིད་སྨྲ་བ་པོ་ལ་ཁྱད་པར་ཅན་དུ་རྟོགས་པར་མི་འགྱུར་རོ། །གང་ཞིག་གང་གི་རྗེས་སུ་འགྲོ་བའི་ངེས་པ་ཅན་མེད་པས་ཤུགས་ཀྱི་ཕྱིན་ཅི་ལོག་གིས་ཁྱབ་པར་ངེས་པར་བཟུང་བ་མེད་པའི་ཕྱིར། འདོད་པའི་
བསྒྲུབ་བྱ་བསྟན་པ་ལ་ནི། ཡིད་མི་ཆེས་པ་མེད་པ་ཡིན་ཏེ། ངག་གི་བྱེ་བྲག་གི་ཡོན་ཏན་དང་སྐྱོན་བརྗོད་པས་དེ་སློང་བར་བྱེད་པའི་བསམ་པས་ཉིད་ཀྱི་ཕྱིན་ཅི་ལོག་པ་དང་། ཕྱིན་ཅི་མ་ལོག་པ་ཉིད་གྲུབ་པ་ཡིན་ལ། གཞན་གྱིས་ནི་མ་ཡིན་ཏེ། དེ་བསྒྲུབ་པ་ལ་ཚད་མ་མེད་པའི་ཕྱིར་རོ། །
དེ་བསྟན་པ་ལ་ཡང་ཆོས་ཅན་གྱི་ཚིག་ནི་གཉི་ག་ལ་མཚུངས་པ་མ་ཡིན་ནམ། ཆོས་ཀྱི་ཚིག་ནི་མཐོང་བ་ཁོ་ན་བཞིན་དུ་འཁྲུལ་པའི་རྒྱུ་མཚན་ཡིན་ཏེ། ལན་གཉིས་བརྗོད་པས་འཁྲུལ་པ་མ་ཡིན་ནོ། །ཞེ་ན། དེ་ལྟ་ཡིན་ན་གཏན་ཚིགས་ལ་སོགས་པ་ལ་འཁྲུལ་པར་དོགས་པ་མེད་
Vol. 180 · folio 130a
པར་མི་འགྱུར་ཏེ། གཞན་ལ་དེ་མེད་པས་གཞན་ལ་ཡང་དེ་བཞིན་དུ་འགྱུར་བ་མ་ཡིན་ནོ། །ལྷག་པའི་སྐྱོན་དུ་ཡང་ཐལ་བར་འགྱུར་ཏེ། འཁྲུལ་པ་སྲིད་པ་ཡང་ཡང་བརྗོད་པ་ཡང་མ་བསལ་བའི་ཕྱིར། ངག་གི་བྱེ་བྲག་ལས་དེ་ལྟ་བུའི་བསམ་པས་རྟོགས་
པས་ཡོན་ཏན་དང་སྐྱོན་སེམས་པ་ཡིན་པ་ནི་འཁྲུལ་པར་དོགས་པ་མ་ཡིན་ནོ། །ཞེ་ན། ཅིག་ཤོས་ལ་ཡང་མཚུངས་པ་ཡིན་ནོ། །འགལ་བ་ཅན་ལ་ཇི་ལྟར་འཁྲུལ་བར་རྟོགས་པ་ཡིན། མ་ཡིན་ཏེ། དེ་ལ་ཡང་། སྨྲས་པ་སེམས་པ་ཉིད་ཡིན་ནོ། །འབའ་ཞིག་ནི་ཁྱབ་པ་གྲུབ་པ་ལས་
ཕྱིན་ཅི་ལོག་པར་བརྗོད་བཞིན་པ་ལ་སྤྱོད་པར་བྱེད་ན། འཁྲུལ་པའི་ཤེས་པ་ཡིན་ནོ། །ཕྱིན་ཅི་ལོག་པའི་གཏན་ཚིགས་ནི་བསྒྲུབ་བྱ་དང་། འགལ་བའི་ཆོས་ཅན་གྱི་དཔེ་ལ་རྗེས་སུ་འགྲོ་བ་ཡིན་ནོ། །དེ་དག་ཙམ་གྱིས་ནི་སྔར་རབ་ཏུ་གྲུབ་པ་ལ་དཔྱོད་པར་བྱེད་པ་ཡིན་ཏེ། ཕྱིན་ཅི་ལོག་པས་
ཁྱབ་པ་ལ་རྟོགས་པ་མེད་པའི་ཕྱིར་རོ། །དེ་ལ་དཔྱོད་པ་ལ་གཉི་གར་ཡོངས་སུ་རྟོགས་པས་དུ་བ་ལ་དེ་དང་འདྲ་བ་ཡོད་པའི་ཕྱིར་དང་། དེའི་ཚེ་ཉིད་བསྒྲུབ་བྱ་ཕྱིན་ཅི་ལོག་པ་ལ་ཁྱབ་པའི་བློ་ཅན་གྱིས། ཕྱིན་ཅི་ལོག་པའི་ངག་བརྗོད་པར་མི་ནུས་པ་ཉིད་ཀྱིས་མི་སྲིད་པའི་ཕྱིར་དང་། གང་
བྱས་པ་དེ་ནི་རྟག་པ་ཉིད་ཡིན་ཏེ། ནམ་མཁའ་ལྟ་བུའོ་ཞེས་དཔེར་བརྗོད་པ་ཉིད་ཡིན་ལ། རབ་ཏུ་གྲུབ་པ་ལས་ཕྱིན་ཅི་ལོག་པར་བརྗོད་པ་ཡིན་ན། མྱུར་བར་ཕྱིན་ཅི་ལོག་པར་ཁྱབ་པ་ཉིད་དུ་བློ་ལ་སྣང་བའི་ཕྱིར། བསྒྲུབ་བྱ་ཕྱིན་ཅི་ལོག་ཏུ་སྒྲུབ་པར་བྱེད་པའི་སྐྱོན་ཉིད་ཡིན་ནོ། །སྒྲུབ་བྱེད་མ་
ཚང་བ་ནི་མ་ཡིན་ཏེ། རིང་ནས་རྟོགས་པ་ཡིན་པའི་ཕྱིར་རོ། །ཕྱོགས་བསྟན་པ་ལས་གཞན་པའི་གནས་སྐབས་མ་ཡིན་ཏེ། གང་ལས་བསྒྲུབ་བྱའི་བྱེ་བྲག་སྒྲུབ་པ་ཡིན་ཞེས་གང་སྨྲས་པ་དེ་ནི་མ་ཡིན་ཏེ། གང་ཅུང་ཟད་བསྟན་པ་སྒྲུབ་པར་བྱེད་པའི་སྦྱོར་བ་ནི་མ་ཡིན་ཏེ། དེ་ལྟར་འཇུག་པ་ནི་
སྨྱོན་པའི་ཚིག་བཞིན་དུ་ལྷུར་བླང་བར་བྱ་བ་མ་ཡིན་པར་ཐལ་བར་འགྱུར་རོ། །གང་གིས་ཀྱང་རྩོད་པ་བྱེད་པ་ནི་འདྲི་བ་པོ་ཉེ་བ་ཡིན་ན། དེའི་སྦྱོར་བ་འབྱུང་བ་ནི་གནས་སྐབས་ཀྱི་རྗེས་ཐོགས་སུ་འབྱུང་བ་ཡིན་ལ། སྤྱིའི་གནས་སྐབས་ལ་ནི་སྒྲུབ་པའི་བྱེ་བྲག་སྦྱོར་བར་བྱེད་པ་མ་ཡིན་ཏེ། ལྷུར་
Vol. 180 · folio 130b
བླང་བར་བྱ་བ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བ་ཁོ་ནའོ། །དེའི་ཕྱིར་སྨྲས་པའི་ཁྱབ་པ་ཅན་ལ་གཏན་ཚིགས་ཀྱི་ནུས་པས་བསྒྲུབ་བྱ་གྲུབ་པ་ཡིན་ན། དེ་བསྟན་པ་ལྷག་པ་ཉིད་ཡིན་ནོ། །ཁྱབ་པ་འདི་ལ་མཁས་པ་རྣམས་ལ་ནི་གཏན་ཚིགས་འབའ་ཞིག་བརྗོད་བྱར་བྱེད་ཅེས་གསུངས་
པའོ། །ཡོངས་སུ་རྟོགས་པས་དུབ་པ་རྣམས་ལ་གསལ་བའི་དོན་དུ་བསྒྲུབ་བྱ་བརྗོད་པར་བྱ་བ་ཡིན་ཏེ། གཞན་དུ་ན་ཁྱབ་པ་བྱེ་བྲག་མེད་པས་སྒྲུབ་བྱེད་ཙམ་ལས་བསྒྲུབ་བྱ་མཚོན་པར་རྟོགས་པ་ཡིན་ན། མི་འདོད་པའི་བསྒྲུབ་བྱ་ཡང་འཕན་པའི་ཕྱིར། དེ་ཉིད་དུ་སྨྲ་བ་དང་འགལ་བ་སྨྲ་བ་དག་ལ་
བྱེ་བྲག་མེད་པར་འགྱུར་རོ། །འདིས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་འོས་པ་ཞེས་བྱ་བས། བསྒྲུབ་བྱ་དང་སྒྲུབ་བྱེད་དག་ཏུ་ཉེ་བར་བཀོད་པའི་ཕྱིར་ཐལ་ཆེས་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ཡིན་ན་འགལ་པའི་གཏམ་ཙམ་ཡང་ནུབ་པར་འགྱུར་བ་ཡིན་ནོ། །འཁྲུལ་པས་ཡོད་པ་ཡིན་ནོ་
ཞེ་ན། དེ་ལྟ་ཡིན་ན་དགག་པའི་དོན་དུ་འདོད་པའི་ཚིག་སྨོས་པ་མ་ཡིན་ནོ། །ཐམས་ཅད་དུ་གོས་པ་མེད་པ་ཡིན་ན་ཕྱོགས་ཀྱི་མཚན་ཉིད་བྱེད་པ་ནི་ང་རྒྱལ་ཅན་གྱི་སྐྱེས་བུའི་བྱ་བ་ཙམ་དུ་འགྱུར་རོ། །དེའི་བསྒྲུབ་བྱ་དང་བསྒྲུབ་བྱ་མ་ཡིན་པའི་དངོས་པོ་ཤེས་པར་བྱེད་པ་ནི་འབྲས་བུ་ཡིན་ནོ་ཞེ་
ན། གཏན་ཚིགས་ཙམ་སྦྱོར་བ་ཡིན་ན་ཕྱིན་ཅི་ལོག་པ་དང་། དེ་ཁོ་ན་ཉིད་དུ་སྨྲ་བ་པོའི་ཁྱད་པར་རྟོགས་པར་མི་འགྱུར་རོ། །དེའི་ཕྱིར་དེ་ངེས་པར་བརྗོད་པ་མ་ཡིན་ཞེས་བྱ་བས་ངེས་པར་བཀག་པ་མ་ངེས་པ་སྒྲུབ་པར་བྱེད་པ་ཡིན་གྱི། རང་གི་ངོ་བོ་འགེགས་པ་ནི་མ་ཡིན་ནོ། །དེ་ལྟ་ན་དཔེ་ལ་
མེད་ན་མི་འབྱུང་བར་ངེས་པའི་གཏན་ཚིགས་ཉེ་བར་སྦྱོར་བ་ནི། ཕྱོགས་ལ་ཁྱབ་པར་བྱེད་པ་ཉིད་དུ་གྲུབ་པ་ཡིན་ན། བསྒྲུབ་བྱ་ལ་ངེས་པར་བྱེད་པའི་ཕྱིར། དེ་ལ་ཉེ་བར་སྦྱོར་བ་ནི་སྒྲུབ་པར་བྱེད་པའི་ཡན་ལག་ཡིན་ནོ། །གཞན་དུ་ན་ངེས་པ་ཅན་བསྒྲུབ་པར་བྱ་བ་མི་རིགས་པའི་ཕྱིར་རོ། །བདེན་ཏེ། དམ་བཅའ་བ་
སྨྲས་པའི་གཏན་ཚིགས་ལ་ཆོས་ཅན་རྗེས་སུ་འགྲོ་བ་གྲུབ་པ་ཡིན་ན། ཡང་བརྗོད་པ་ལ་དགོས་པ་མེད་པར་འགྱུར་རོ། །དེ་ལ་འབྲེལ་པ་ཅན་མ་ཡིན་པ་ཡང་། མིག་གིས་གཟུང་བར་བྱ་བ་ཉིད་ལ་སོགས་པ་དེ་ལྟར་བརྗོད་པར་མཐོང་བ་མ་ཡིན་ནམ། ཇི་ལྟར་དེ་དག་ཙམ་ལས་དེ་རྗེས་སུ་འགྲོ་བ་ངེས་པ་ཡིན། དེའི་
Vol. 180 · folio 131a
ཉེ་བར་སྦྱོར་བ་ལས་ཀྱང་ཇི་ལྟར་ངེས་པ་ཡིན། མེད་པ་ལ་ཡང་དེ་ཡོད་པའི་ཕྱིར་རོ། །མེད་པ་ལ་ཡང་སྦྱོར་བར་བྱེད་པ་ནི་གཏན་ཚིགས་ལ་ཡན་ལག་ལྔ་དང་ལྡན་པར་མི་སྦྱོར་བ་ནི་མ་ཡིན་ཏེ། དེ་ལྟར་གཞུང་ལུགས་སུ་བྱས་པའི་ཕྱིར་རོ། །དེའི་ཕྱིར་ཆོས་ཅན་དང་འབྲེལ་
པར་བསྟན་པ་ཡང་། ཚད་མ་ལས་དེ་ཉིད་དང་ཅིག་ཤོས་སུ་ངེས་པར་རྟོགས་པས་གཏན་ཚིགས་དང་། གཏན་ཚིགས་ལྟར་སྣང་བ་དག་མེད་ན་མི་འབྱུང་བ་བཞིན་དུ་རྣམ་པར་གཞག་པ་ཡིན་གྱི་ཚིག་ཙམ་ལས་ནི་མ་ཡིན་ནོ། །དམ་བཅའ་བ་སྔོན་དུ་འགྲོ་བ་ཅན་གྱི་གཏན་ཚིགས་ལ། །དེ་
དང་འབྲེལ་པའི་ཤེས་པ་མ་ཉམས་པ་ཡིན་ཏེ། ཉེ་བར་སྦྱོར་བ་སྔོན་དུ་འགྲོ་བ་ཅན་གྱི་མེད་ན་མི་འབྱུང་བ་བརྗོད་པ་ལས་རྗེས་སུ་འཇུག་པའི་དངོས་པོ་ཅན་ཉིད་ཡིན་པའི་ཕྱིར་རྗེས་སུ་འཇུག་པ་རྣམས་ཉིད་ཀྱི་རྗེས་སུ་འགྲོ་བ་དག་གི་མཇུག་བསྡུ་བ་ལས་ཡིན་ནོ་ཞེས་བྱ་བ་ཡང་གཏམ་ཙམ་
ཡིན་ཏེ། དེ་མེད་ཀྱང་ཉེ་བར་བསྡུ་བའི་མཐར་ཐུག་པ་ཅན་གྱི་རྗེས་སུ་འགྲོ་བ་རྟོགས་པའི་ཕྱིར་རོ། །ཁྱབ་པ་སྔོན་དུ་འགྲོ་བ་ཅན་གྱི་སྦྱོར་བ་ལས་ཕྱིས་ཉེ་བར་སྦྱོར་བ་ནི་རང་གི་དོན་གྱི་རྗེས་སུ་དཔག་པའི་རྗེས་སུ་འབྲང་བ་ཡིན་ལ། དེ་ལ་ཡང་ཁྱབ་པ་ཉིད་ཀྱི་རྗེས་སུ་འབྲངས་ནས་དེ་ཉིད་ཉེ་བར་བརྗོད་ནས་
རྟོགས་པ་ཡིན་ཏེ། གང་བྱས་པ་དེ་མི་རྟག་པ་ཡིན་ཏེ། དཔེར་ན་བུམ་པ་ལྟ་བུའོ། །སྒྲ་ཡང་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བའོ། །དཔེ་ཙམ་དང་ལྷན་ཅིག་པའི་གཏན་ཚིགས་བརྗོད་པ་ཁོ་ན་ལས་བསྒྲུབ་བྱ་འགྲུབ་པ་ཡིན་ན་གནོད་པ་ཅན་སྦྱར་བ་མེད་པར་ཐལ་བར་འགྱུར་རོ། །དེ་མ་སྦྱར་བ་ལས་
ཡང་སྒྲུབ་པར་བྱེད་པའི་ནུས་པ་མེད་པའི་ཕྱིར། སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་པར་བརྗོད་པ་ནི་ཕམ་པའི་གནས་ཡིན་ནོ། །དེའི་ཕྱིར་མི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་གྱི་ཚད་མ་ཉེ་བར་བཀོད་པ་ནི་འབྲས་བུའི་སྒོ་ནས་མཇུག་བསྡུ་བ་ཡིན་ཏེ། དེའི་དོན་ནི་གནོད་པ་ཅན་གྱི་འབྲས་
བུ་ཡིན་པའི་ཕྱིར་རོ། །མི་མཐུན་པའི་ཕྱོགས་ལ་མེད་པ་ཙམ་ལས་ནི་ཐུན་མོང་མ་ཡིན་པ་བཞིན་དུ་བསྒྲུབ་བྱ་གྲུབ་པ་མ་ཡིན་པའི་ཕྱིར་ཕྱོགས་ལ་སོགས་པ་ཡོད་པར་བརྗོད་པ་ཡིན་ནོ། །གནོད་པ་ཅན་དངོས་སུ་མ་བསྟན་པ་མཇུག་སྡུད་མ་ཡིན་ནམ། གལ་ཏེ་འབྲས་བུ་ལས་ཡིན་ནོ་ཞེས་ཟེར་བ་ནི་
Vol. 180 · folio 131b
གནོད་པ་ཅན་གྱི་འབྲས་བུ་མེད་ན་མི་འབྱུང་བའི་དག་ལ་ཡང་ཡོད་པ་ཡིན་པའི་ཕྱིར་ཏེ། དེས་ན་དེ་སྐད་བསྟན་པ་ཡིན་ནོ། །རྗེས་སུ་འགྲོ་བ་ཙམ་བརྗོད་པ་ལ་མཇུག་སྡུད་ཀྱིས་ཅི་དགོས་ཤེ་ན། དེ་ལྟ་མ་ཡིན་ཏེ། ཁ་ཅིག་ཏུ་ཁ་ཅིག་གིས་ནི་ངེས་པ་བརྗོད་པ་ལས། ངེས་པ་ཡང་ཕྱོགས་མེད་
ན་དེ་མེད་པར་ཡང་གནོད་པ་ཅན་གྱི་དབང་གིས་མི་མཐུན་པའི་ཕྱོགས་ཡིན་པའི་དོགས་པ་རྣམ་པར་བཅད་པ་ཡིན་ན། ངེས་པར་འགྱུར་བ་ཡིན་པའི་ཕྱིར་རང་ཡང་ཉེ་བའི་མི་མཐུན་པའི་ཕྱོགས་རྣམ་པར་བཅད་པའི་ངེས་པ་ནི་རྒྱུ་ངེས་པ་ལས་ངེས་པ་ཡིན་ལ། ངེས་པ་དེའི་ཚད་མ་འཇུག་པའི་ཡུལ་
མཐོང་བར་བྱེད་པའི་དཔེ་ཡིན་པའི་ཕྱིར། འདི་ལས་ལྷག་པའི་བྱ་བ་བྱེད་པར་མཇུག་སྡུད་པ་ནི་མ་ཡིན་ནོ། །འདིས་ནི་གནོད་པ་མེད་པའི་ཡུལ་ཉིད་མཇུག་སྡུད་ཀྱི་དོན་ཡིན་ཏེ། གཉེན་པོ་དང་བཅས་པ་མ་ཡིན་པ་ཉིད་དུ་ཉེ་བར་སྦྱོར་བ་བཅང་པ་ཡིན་ནོ། །འདི་ནི་འདི་ལས་ཡིན་ནོ་ཞེས་
གནོད་པ་ཅན་གྱིས་ངེས་པ་ཡིན་ན། གནོད་པར་བྱ་བ་ཉིད་དུ་མི་སྲིད་པ་ཡིན་ཏེ། དེ་ཉིད་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར། བསྒྲུབ་བྱ་ཕྱིན་ཅི་ལོག་པ་ལའམ། དེས་ཁྱབ་པ་ལ་ཡང་སླར་སྒྲུབ་པར་བྱེད་པ་མི་སྲིད་པ་ཡིན་ཏེ། དེ་ཉིད་ཀྱིས་སྤངས་པ་ཡིན་པའི་ཕྱིར་རོ། །གཞན་དག་ན་རེ་
རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ཆོས་ཅན་ས་ཕྱོགས་ལ་སོགས་པ་ལ་དུ་བ་ལ་སོགས་པའི་རྟགས་མཐོང་ལ། དེ་ལས་ཀྱང་འབྲེལ་པ་དྲན་པ་ཡིན་ལ། དེ་ལས་མེ་ཡོད་དོ་ཞེས་བྱ་བ་ལ་སོགས་པའི་ཤེས་པར་འགྱུར་རོ། །དེ་རྣམས་ལ་ཆོས་ཅན་མཐོང་བ་ནི་དམ་བཅའ་བའི་ཚིག་གིས་
བརྗོད་པ་ཡིན་ཏེ། གཞི་མ་གྲུབ་པ་ཉིད་སྤངས་པའི་ཕྱིར་རོ། །དེ་ཡང་ཆོས་ཅན་ཙམ་བཤད་པར་བྱ་བ་ཡིན་ལ། གྲུབ་པའི་བསྒྲུབ་བྱ་ཉིད་ཡིན་པ་སྤགས་པའི་དོན་དུ་བསྒྲུབ་བྱའི་ཆོས་དང་བྱེ་བྲག་ཅན་ཉིད་ཀྱིས་བརྗོད་པ་ཡིན་ལ། གཏན་ཚིགས་ཀྱིས་ཀྱང་རྟགས་ཀྱི་སྒྲུབ་བྱེད་ཉིད་བརྗོད་པ་ཡིན་ནོ། །གལ་
ཏེ་ཡང་དཔེས་བསྒྲུབ་བྱ་དང་ལྡན་པ་ཉིད་བརྗོད་པ་ཡིན་ན་ཡང་། དེ་ལྟ་ན་ཡང་སྒྲུབ་བྱེད་མ་བརྗོད་པ་ཡིན་ནོ། །བསྒྲུབ་བྱ་སྒྲུབ་པར་བྱེད་པ་ལ་ཡང་སྦྱར་བྱ་ཉིད་དམ་སྦྱོར་བྱེད་ཉིད་དུ་དཔེས་བརྗོད་པར་བྱ་བ་ཡིན་ཏེ། མི་རྟག་པ་ཉིད་ལ་བྱས་པ་ཉིད་ནི་སྦྱོར་བྱེད་ཡིན་པས་རྟགས་ཡིན་ལ། མེ་ལ་དུ་བ་ནི་
Vol. 180 · folio 132a
སྦྱར་བྱ་ཡིན་ནོ་ཞེས་སྦྱར་བྱ་དང་སྦྱོར་བྱེད་ཉིད་དུ་ཤེས་པ་ཅན་གྱི་བསྒྲུབ་བྱ་ཆོས་ཅན་ལ་ཡང་ཡོད་པར་བརྗོད་པའི་མཇུག་བསྡུ་བ་ནི་མ་གྲུབ་པ་བསལ་བའི་ཕྱིར་ཡིན་ནོ། །དམ་བཅའ་བའི་འོག་ཏུ་གཏན་ཚིགས་ཀྱི་ཚིག་ལས་ཆོས་ཅན་ལ་ཡོད་པར་གོ་བར་བྱེད་པ་ནི་མ་ཡིན་ཏེ།
ཆོས་ཅན་གྱི་བྱེ་བྲག་གི་དཔེ་ལ་རྗེས་སུ་འགྲོ་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་གཏན་ཚིགས་ཀྱི་ཚིག་ལ་གནས་སྐབས་ལ་ལྟོས་པ་མེད་དོ། །མེད་ན་མི་འབྱུང་བའི་ཤེས་པ་ནི་ཆོས་ཅན་ལ་ཉེ་བར་སྦྱོར་བ་ཡིན་ནོ། །དེའི་བྱེ་བྲག་ཐུན་མོང་མ་ཡིན་པ་ཉིད་དུ་དོགས་པ་དེ་བསལ་བའི་དོན་དུ་
མཇུག་སྡུད་པ་ཡིན་ནོ། །ཐུན་མོང་མ་ཡིན་པ་ཕྱིན་ཅི་ལོག་ཏུ་ཐལ་བར་འགྱུར་བ་བསལ་བས། བསྒྲུབ་བྱ་ཉེ་བར་གཞག་པར་བྱེད་པ་ནི་མ་ཡིན་ནོ། །དེ་ནི་དེ་ལྟ་མ་ཡིན་ཏེ། རང་གིས་རྟོགས་པ་ཡིན་ན་ནི་སྔར་མེད་ན་མི་འབྱུང་བར་མཐོང་བ་དེ་ལས། ཆོས་ཅན་ལ་མེད་ན་མི་འབྱུང་བ་མཐོང་བ་ཡིན་ན།
དེ་ལས་བསྒྲུབ་བྱ་རྟོགས་པ་ཡིན་ནོ། །ཆོས་ཅན་ལ་དུ་བ་མ་མཐོང་བ་ཡིན་ན་མི་འབྱུང་བ་དན་པའི་དུས་ཕྱིས། དེ་ཉིད་འདི་ཡིན་ནོ་ཞེས་མེད་ན་མི་འབྱུང་བ་ཤེས་པ་མ་ཡིན་ནམ། སྔར་ནི་མ་ཡིན་ནོ། །དེ་ལྟ་ནི་མ་ཡིན་ཏེ། དེའི་ངོ་བོ་མི་ཤེས་ན་དྲན་པ་ཉིད་མེད་པའི་ཕྱིར་རོ། །དེའི་ཕྱིར་འཛིན་པའི་
ཤེས་པ་ནི་གཞན་མ་ཡིན་ནོ། །རང་གི་རྟོགས་པ་ཁོ་ན་བཞིན་དུ་གཞན་གྱིས་རྟོགས་པའི་དོན་དུ་ཡང་བརྗོད་པ་ནི་གང་བྱས་པ་དེ་མི་རྟག་པ་ཡིན་ཏེ་བུམ་པ་ལྟ་བུའོ། །སྒྲ་ཡང་བྱས་པ་ཡིན་ནོ་ཞེ་ན་བྱ་བ་ཁོ་ན་ཡིན་ནོ། །དེ་རྣམས་སུ་ཡང་སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་གཞི་མ་གྲུབ་པ་ཉིད་ཡིན་
པ་དང་། རང་གི་ངོ་བོ་མ་གྲུབ་པ་ཡིན་པ་ཡང་བཀག་པ་ཡིན་ནོ། །ལྷག་མས་ནི་དེའི་བསྒྲུབ་བྱའི་ངེས་པ་ཉིད་དུ་བརྗོད་པས་ཐུན་མོང་མ་ཡིན་པ་ཉིད་དང་། ཐུན་མོང་བ་ཉིད་དང་། ཕྱིན་ཅི་ལོག་གིས་ཁྱབ་པ་ཡང་བཀག་པ་ཡིན་ནོ། །སྒྲུབ་པར་བྱེད་པ་ཉིད་ངེས་པ་ཅན་ཉིད་ཁོ་ན་ཡིན་པ་དེ་
བརྗོད་ན། བརྗོད་པ་ཉིད་ཡིན་པའི་ཕྱིར། དམ་བཅའ་བ་དང་། གཏན་ཚིགས་དང་མཇུག་བསྡུ་བ་རྣམས་བརྗོད་པ་དོན་མེད་པ་ཡིན་ནོ། །འོན་ཏེ་ཡང་རང་གི་རྟོགས་པ་ཡིན་ན་ཆོས་ཅན་ལ་ཡོད་པར་མཐོང་བ་དང་། མེད་ན་མི་འབྱུང་བ་དྲན་པ་ལ་སོགས་པའི་རིམ་པ་ཡིན་ན། འདི་ལ་ཡང་
Vol. 180 · folio 132b
དམ་བཅའ་བའི་སྒྲུབ་བྱེད་ཀྱི་གཞི་མ་གྲུབ་པ་ཉིད་བཀག་པ་ཡིན་པར་བསྟན་ཏོ། །སྒྲུབ་བྱེད་ཉིད་ནི་གཏན་ཚིགས་ཀྱིས་བཀག་པ་ཡིན་ན་ཇི་ལྟར་མ་གྲུབ་པ་ཉིད་ཡིན་པར་དོགས་པ་ཡིན་གང་གིས་ཉེ་བར་སྦྱོར་བའི་གནས་སྐབས་སུ་འགྱུར། ཆོས་ཅན་གྱི་བྱེ་བྲག་གི་དཔེ་ལ་རྗེས་སུ་འགྲོ་བ་ཇི་ལྟར་ཡིན་ཞེ་ན། མ་ཡིན་ཏེ།
ཆོས་ཅན་ལ་ཡོད་པ་ཤེས་པ་ཡིན་ཞེས་ཁོ་བོ་ཅག་སྨྲའི། ཆོས་ཅན་གྱི་བྱེ་བྲག་ཏུ་བྱས་པའི་དེ་ཉིད་ཡིན་ནོ་ཞེས་ནི་མ་ཡིན་ནོ། །བསྒྲུབ་བྱ་མེད་ན་མི་འབྱུང་བ་བརྗོད་པས་ཀྱང་། སྦྱར་བྱ་ལ་སོགས་པ་ཉིད་བརྗོད་ན་ཐུན་མོང་པ་མ་ཡིན་པ་དང་། ཅིག་ཤོས་ཉིད་ལ་སོགས་པ་འདོགས་པ་མ་ཡིན་པའི་ཕྱིར་
མཇུག་བསྡུ་བ་དོན་དང་ལྡན་པ་མ་ཡིན་ནོ། །དེས་ན་ཡན་ལག་གསུམ་མམ། ཡན་ལག་གཉིས་པའི་ངག་ཡིན་པ་འདི་དག་ཙམ་གྱིས་རྟོགས་པ་རྫོགས་པ་ཡིན་པའི་ཕྱིར་རོ། །འཇིག་རྟེན་ན་ཡན་ལག་ལྔའི་ངག་གི་ཐ་སྙད་བྱེད་པར་མཐོང་བ་ཡིན་ནོ་ཞེ་ན། མཁས་པའི་ཐ་སྙད་ཁོ་ན་
ལྷུར་བླང་བར་བྱས་པ་ཡིན་པའི་ཕྱིར་ཤིན་ཏུ་འབྲེལ་པ་མེད་པ། བྱིས་པ་རྣམས་དགའ་བར་བྱེད་པས་ཆོག་གོ། །གཅིག་དེ་ལྟ་བུ་ཉིད་དུ་མི་རིགས་པའི་ཕྱིར། མཚན་ཉིད་གསུམ་པའི་གཏན་ཚིགས་ཀྱང་ཇི་ལྟར་ཡིན་ཞེ་ན། མི་མཐུན་པའི་ཕྱོགས་རྣམ་པར་བཅད་པ་ཡིན་ན། བསྒྲུབ་
བྱ་དང་སྒྲུབ་བྱེད་ཀྱི་རྗེས་སུ་འགྲོ་བར་འགྱུར་བ་ཡིན་གྱི། ལྷན་ཅིག་པ་ཙམ་ནི་མ་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་ཁོ་ན་ལྡོག་པ་ཡིན་ལ། ལྡོག་པ་ཁོ་ན་རྗེས་སུ་འགྲོ་བ་ཡིན་པར་ཐ་མི་དད་པ་ཡང་། དེ་དང་དེ་ལས་ལྡོག་པའི་དབྱེ་བ་ལས་ཡིན་པའི་ཕྱིར་དེ་ལྟར་བརྗོད་པ་ཡིན་ནོ། །འབྲེལ་པ་ཅན་
ཡང་ཁ་ཅིག་ཏུ་མ་དམིགས་པ་ཡིན་ན་རྟོགས་པའི་ཡན་ལག་མ་ཡིན་པའི་ཕྱིར། གཏན་ཚིགས་ནི་མཚན་ཉིད་གསུམ་པ་ཁོ་ན་ཡིན་གྱི། བཞི་དང་ལྔ་དང་གཅིག་གི་མཚན་ཉིད་ཅན་ནི་མ་ཡིན་ནོ། །དེ་ལྟ་ན་ནི་ཁང་ཆེན་ལ་སོགས་པ་སེམས་དང་མི་ལྡན་པའི་ཉེ་བར་ལེན་པས་བསྐྱེད་པ་ནི། བློ་དང་
ལྡན་པའི་བྱིན་རླབས་ཡོད་པ་ཡིན་ན། འགྲུབ་པར་འགྱུར་བ་ཡིན་གྱི། དེ་ཡོད་པ་མ་ཡིན་པ་ནམ་མཁའ་ལ་སོགས་པ་ནི་མ་ཡིན་པ་དེས་ན་དེ་ལ་ངེས་པ་ཅན་ཡིན་ནོ། །དེ་ལ་ཚད་མ་ཡིན་པ་ཡང་བྱས་པ་ཉིད་བཞིན་དུ་དང་། མི་རྟག་པ་ཉིད་ནི་ཁྱིམ་ལ་སོགས་པ་ལྟ་བུའོ། །ས་གཞི་ལ་སོགས་
Vol. 180 · folio 133a
པ་ལ་བྱིན་གྱིས་རློབ་པ་པོ་མ་མཐོང་བ་ལས་ཀྱང་མ་མཐུན་པའི་ཕྱོགས་ཉིད་ཡིན་པར་འཁྲུལ་པ་མ་ཡིན་ཏེ། དབང་པོ་བཞིན་དུ་མ་མཐོང་བ་ཁོ་ནའི་བྱིན་གྱིས་རླབས་པ་པོ་ཡིན་པའི་ཕྱིར་རོ། །དཔེ་དང་མི་མཐུན་པ་ཡང་མ་ཡིན་ཏེ། བློ་དང་ལྡན་པ་ཙམ་ལ་ཁྱབ་པར་བྱེད་པ་ཉིད་དུ་རྟོགས་
པའི་ཕྱིར་དང་། དེ་ལས་གཞན་པའི་རྣམ་པར་དབྱེ་བ་ནི་བརྗོད་པར་འདོད་པ་མ་ཡིན་པའི་ཕྱིར་རོ། །མི་སྣང་བའི་བྱིན་གྱིས་རློབ་པ་པོ་སེམས་པ་ཅན་ཅི་ལས་རྟོགས་པ་ཡིན། ཉེ་བར་ལེན་པ་རྣམས་སེམས་པ་ཅན་མ་ཡིན་པའི་ཕྱིར་རོ། །ཁྱིམ་ལ་སོགས་པ་བཞིན་དུ་ས་གཞི་ལ་སོགས་པའི་ཉེ་བར་ལེན་
པ་རྣམས་སེམས་པ་ཅན་ཡིན་པར་བྱེ་བྲག་ཅི་ཡང་མེད་དོ། །དེས་ན་སེམས་མེད་པའི་བྱེད་པ་པོ་རྣམས་བསམ་པ་དང་ལྡན་པ་ལ་ལྟོས་པ་ཡིན་པར་གཉི་ག་ལ་ཡང་མཚུངས་པའི་ཕྱིར་ཞིང་ལ་སོགས་པ་ལ་བྱིན་གྱིས་རློབ་པ་པོ་སེམས་པ་ཅན་ཡིན་པར་གྲུབ་པ་ཡིན་གྱི། དེའི་ཕྱིར་ཆོས་ཅན་རྣམས་ཀྱི་དབྱེ་བས་
འབྱེད་པ་ཡང་མ་ཡིན་ཏེ། ཡུལ་དེ་ནི་དེ་ལ་བྱེ་བྲག་ཅན་དུ་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་རིགས་པས་སོ། །གང་གི་ཕྱིར་བྱས་པ་ཉིད་དམ་མི་རྟག་པ་ཉིད་ཀྱང་སྒྲ་དང་བུམ་པའི་དབྱེ་བས་འབྱེད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་སེམས་པ་ཅན་དང་ཐུན་མོང་དུ་གྲུབ་པ་ནི་མེའི་སྤྱིའི་བཞིན་དུ། རང་གི་བསྒྲུབ་
པ་དང་མི་འགལ་བ་ཅན་གྱི་བྱེ་བྲག་འཕེན་པར་བྱེད་པ་ཡིན་ནོ། །ཁྱིམ་ལ་སོགས་པའི་སྒྲུབ་པར་བྱེད་པ་པོ་སེམས་པ་ཅན་ནི། འདིའི་བྱིན་གྱིས་རློབ་པའི་ནུས་པ་ཅན་མ་ཡིན་ལ། དེ་ཁོ་ན་བཞིན་དུ་ལུས་ཀྱི་བྱ་བས་བྱིན་གྱིས་རློབ་པ་པོ་ཉིད་ཀྱང་མ་ཡིན་ཏེ། ཐུག་པ་མེད་པ་ལ་སོགས་པའི་སྐྱོན་ཡོད་པས་ཐུན་
མོང་དུ་གྲུབ་པ་འགལ་བའི་ཕྱིར་རོ། །ཇི་ལྟར་ཡང་བདག་ཅག་ལ་སོགས་པ་སེམས་པ་ཅན་ནི་ལུས་ལ་འདུ་བ་ཅན་ནི་བྱ་བ་མེད་ན་ལུས་གཞན་མ་རྟོགས་པ་དེ་ཡོངས་སུ་ཤེས་པ་ཙམ་མམ། འདོད་པ་ཙམ་གྱིས་བྱིན་གྱིས་རློབ་པར་བྱེད་པ་པོ་མ་ཡིན་པ་དེ་བཞིན་དུ་འདི་ལ་ཡང་འགྱུར་རོ། །ཁྱིམ་ལ་སོགས་པ་སྒྲུབ་པར་བྱེད་པ་པོ་ནི་ཤིང་དང་
སོ་ཕག་ལ་སོགས་པ་འདི་དག་ཙམ་གྱིས་འདི་རྫོགས་པ་ཡིན་ནོ་ཞེས་ངེས་པར་བྱེད་པ་མ་ཡིན་ནམ། དེ་ལྟ་ན་ནི་ས་གཞི་ལ་སོགས་པ་ལ་ཡང་ཅིའི་ཕྱིར་ངེས་པར་བྱེད་པ་མ་ཡིན། རྡུལ་ཕྲན་གཉིས་ཅན་ལ་སོགས་པ་དབང་པོ་ལས་འདས་པ་རྣམས་ཀྱི་བྱ་བ་རྣམས་ཡོད་པ་ལ་ཚད་མ་ཅུང་ཟད་ཀྱང་མེད་
Vol. 180 · folio 133b
དོ། །འོན་ཏེ་རེ་ཞིག་སེམས་པ་ཅན་གྱིས་བྱིན་གྱིས་རློབ་པར་བྱེད་པ་པོ་ཡོད་པ་ནི། ཅི་ལས་ཤེས་པ་པོ་ཡོད་པ་ཡིན་པའམ། ཁྱད་པར་ལས་ཀྱང་རུང་འདི་ལ་འགེགས་པ་པོ་མ་ཡིན་ནོ། །དེ་དེ་ལྟར་སེམས་པ་ཅན་སྤྱི་ནི་འཕངས་པ་དང་མི་འགལ་བའི་ཁྱད་པར་ཏེ། དབང་ཕྱུག་གི་སྒྲས་བརྗོད་
པར་བྱ་བ་ཡིན་པའི་ཕྱིར། དེའི་བརྗོད་བྱ་མ་ཡིན་པའི་ཕྱིར་སྐྱོན་སྤངས་པ་ཡིན་ནོ། །དེ་ད་ནི་གཅིག་གམ་དུ་མ་ཡིན་ཞེས་བསམ་པར་བྱ་བ་ཡིན་ནོ། །གང་གི་ཕྱིར་འབྲས་བུའི་གཅིག་པ་ཉིད་དམ། དུ་མ་ཉིད་ལ་ནི་དེའི་གཅིག་ཉིད་དམ། དུ་མ་ཉིད་ཀྱིས་ཚད་མ་ཡོད་པ་མ་ཡིན་ཏེ་དུ་མ་ལས་ཀྱང་གཅིག་
ཡིན་ལ་གཅིག་ལས་ཀྱང་དུ་མ་ཡིན་ཏེ། བཟོ་བོ་མཁས་པ་ལས་མཐོང་བའི་ཕྱིར་རོ། །སྨྲས་པ་དུ་མ་ཡིན་ན་གཅིག་ལ་གཅིག་རྣམ་པར་ཉམས་པར་བྱ་བར་འདོད་པ་རྣམས། རང་དབང་གིས་ཕར་འདྲེན་ཚུར་འདྲེན་བྱེད་པས་འབྲས་བུ་མི་མཐོང་བར་ཐལ་བར་འགྱུར་བའི་ཕྱིར་གཅིག་ཡིན་པར་ངེས་པ་ཡིན་ནོ། །
དུ་མ་ཉིད་ཡིན་ན་ཡང་བསམ་པ་མཐུན་པ་རྣམས་ཀྱི་ནི་འབྲས་བུ་གྲུབ་པ་ཉིད་དུ་མཐོང་བ་ཡིན་ནོ་ཞེ་ན། བདེན་མོད་ཀྱི་དེ་ལྟ་བུར་རྟོག་པ་ནི་རྟོག་པ་མང་པོར་འགྱུར་ཏེ། དེ་རྣམས་ཁོ་ན་ཐ་དད་པའི་ནུས་པ་ཅན་རྣམས་དང་། ཚོགས་པ་ལ་སོགས་པ་རྣམས་ཀྱི་ཉོན་མོངས་པའི་འཇིགས་པས་གཅིག་
ཡིན་པར་རྟོག་པ་ཡིན་ནོ། །གང་ཡང་གང་དུ་ངེས་པ་ཅན་མ་ཡིན་པ་དེ་ནི་དེའི་གོ་བྱེད་མ་ཡིན་ཏེ། ཇི་ལྟར་འཇིག་བའི་འགྱུར་བ་ཉིད་ནི་རྫ་མཁན་གྱི་འབྲས་བུ་ཉིད་ཡིན་པ་ནི་མདོག་སྐྱེ་བ་ཉིད་དང་མེའི་ནི་མ་ཡིན་ནོ། །དེ་མེད་ན་ཡང་ཁྱིམ་གྱི་རབ་དང་བ་གམ་ལ་སོགས་པ་དང་ཁང་ཆེན་དཀར་པོ་
ལ་སོགས་པ་ལ་ཡང་ཡོད་པའི་ཕྱིར་རོ། །འབྲས་བུ་ཡང་བྱེད་པ་པོ་དང་། བྱེད་པ་དང་ལས་སྔོན་དུ་འགྲོ་བ་ཅན་གྱི་བུམ་པ་ལ་སོགས་པ་མཐོང་བ་ཡིན་པའི་ཕྱིར། ས་གཞི་ལ་སོགས་པ་ལ་ཡང་འབྲས་བུ་ཡིན་ཏེ། ཡན་ལག་དང་བཅས་པའི་ཕྱིར་དེ་ལྟ་བུར་འགྱུར་པ་ཡིན་ནོ། །རང་དབང་
ཅན་གྱི་བྱེད་པ་པོ་ཉིད་ནི་སེམས་པ་ཅན་ཁོ་ན་ཡིན་པའི་ཕྱིར། འཕགས་པའི་བྱེ་བྲག་ཅན་གྱི་སྤྱི་ནི་རྗེས་སུ་དཔག་པའི་ཡུལ་ཡིན་པར་གྲུབ་པ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་མི་འཇུག་པའི་སྐྱོན་ཡང་མེད་པ་ཡིན་ཏེ། རྗེས་སུ་དཔག་པ་ཐམས་ཅད་ཆད་པར་འགྱུར་བའི་ཕྱིར་དང་ཤུགས་ཀྱིས་གྲུབ་
Vol. 180 · folio 134a
པའི་བྱེ་བྲག་ཉིད་ཀྱི་ཕྱིར་རོ། །ཤུགས་ནི་ཚད་མ་གཞན་ཡང་མ་ཡིན་ཏེ། རྗེས་སུ་དཔག་པ་ཉིད་ནི་དེ་ཙམ་དུ་ལྷུར་བླངས་པ་ཡིན་པའི་ཕྱིར་རོ། །གཞན་དུ་ན་སྤྱི་ཙམ་ཡུལ་ཡིན་པ་ཉིད་ཀྱིས་གྲུབ་པ་ལ་སྒྲུབ་པ་ཡིན་ནས་རྗེས་སུ་དཔག་པ་ཚད་མ་མ་ཡིན་པར་ཐལ་བར་
འགྱུར་རོ། །འདིས་ནི་མངོན་སུམ་ཡུལ་གཞན་ལ་སོགས་པ་ལས་ལྡོག་པའི་བྱེ་བྲག་རྣམ་པར་འཇོག་པར་བྱེད་པ་ཡིན་པར་བཤད་པ་ཡིན་ནོ། །དེ་རྣམ་པར་འཇོག་པར་བྱེད་པ་མ་ཡིན་ན་ནི། འཇུག་པའི་ཡུལ་ཉེ་བར་མ་མཐོང་བས་ཚད་མ་མ་ཡིན་པར་འགྱུར་རོ། །བྱེད་པ་པོའི་ནུས་པ་
ཐམས་ཅད་ཡོངས་སུ་ཤེས་པའི་མཚན་ཉིད་ཅན་གྱི་བྱེད་པ་པོ་ཉིད་ནི་འདས་པ་ལ་སོགས་པ་ལ་མཐོང་བ་ཉིད་ཡིན་ཏེ། དེ་ལ་རྫ་མཁན་ལ་སོགས་པར་བརྟག་པ་མ་ཡིན་ཏེ། དེ་ཡང་རང་གི་འབྲས་བུ་ལ་བྱེད་པ་པོའི་ནུས་པ་ཐམས་ཅད་ཀྱིས་ཤེས་པ་མཐོང་བའི་ཕྱིར་རོ། །དེ་ཡང་དེ་ལྟར་
མཐོང་བའི་བྱེ་བྲག་གི་ཡུལ་གྱི་ཁྱབ་པར་གྱིས་ཕུལ་དུ་བྱུང་བས་ན་ཐམས་ཅད་མཁྱེན་པ་ཉིད་དུ་བརྗོད་པ་ཡིན་ནོ། །ཁྱད་པར་དེ་ཉིད་མ་མཐོང་བའི་ཕྱིར་ཇི་ལྟར་འབྲེལ་པ་འཛིན་པ་ཡིན་ཞིང་། ཇི་ལྟར་རྗེས་སུ་དཔོག་པ་ཡིན་ཞེ་ན། དེ་ལྟ་ཡིན་ན་གཟུགས་ལ་སོགས་པ་རྣམ་པར་རིག་པ་ཙམ་ལས་ཇི་ལྟར་
མིག་ལ་སོགས་པའི་རྗེས་སུ་དཔག་པ་ཡིན་ན་མིག་ལ་སོགས་པ་རྣམས་ནི་བྱིན་གྱིས་རློབ་པའི་ངོ་བོ་ཉིད་མ་ཡིན་ནོ། །དེའི་ཉེ་བར་དམིགས་པ་ལས་བྱ་བ་ནི་བྱེད་པས་སྒྲུབ་པར་བྱེད་པ་མ་ཡིན་པར་མཐོང་བར་བྱ་བ་ཡིན་ནོ་ཞེ་ན། རྣམ་པར་རིག་པ་ལ་ཡང་བྱ་བ་ལས་བྱེད་པ་གྲུབ་པ་ཡིན་ལ། བྱེ་བྲག་ལ་
ཡོངས་སུ་དཔྱོད་པས་བྱེད་པ་པོའི་བྱེ་བྲག་གྲུབ་པ་ཡིན་པ་དེ་བཞིན་དུ་བྱེད་པ་པོའི་བསྒྲུབ་བྱའི་བྱ་བ་མ་མཐོང་བ་དང་། བྱ་བའི་བྱེ་བྲག་ལ་ཡོངས་སུ་དཔྱོད་པས་བྱེད་པ་པོའི་བྱེ་བྲག་གྲུབ་པའི་ཕྱིར་ལོག་པར་རྟོགས་པར་བྱ་བ་མ་ཡིན་ཏེ། བྱེ་བྲག་གྲུབ་པ་ཡིན་ཡང་བྱེ་བྲག་ཐམས་ཅད་གྲུབ་པ་ནི་མ་ཡིན་ཏེ། གང་སྒྲུབ་
པར་བྱེད་པ་ཇི་སྙེད་པའི་དོན་རྟོགས་པ་ལ་ཁྱབ་པར་བྱེད་པ་ཡིན་ལ། དེ་ལས་དེ་རྙེད་པ་ཁོ་ན་ངེས་པ་ཡིན་གྱི། དོན་གཞན་ནི་མ་ཡིན་ཏེ། གང་གི་ཕྱིར་མེས་ཁྱབ་པའི་དུ་བའི་བྱེ་བྲག་ཙམ་དུ་སྒྲུབ་པ་ཡིན་ཡང་། རྩྭ་ལ་སོགས་པའི་ངོ་བོའི་བྱེ་བྲག་ནི་གྲུབ་པ་མ་ཡིན་ནོ། །དེ་མ་གྲུབ་ན་ཅིག་ཤོས་བྱེ་
Vol. 180 · folio 134b
བྲག་གྲུབ་ཀྱང་། དོན་བྱེད་པ་དོན་དུ་གཉེར་བ་མི་འཇུག་པ་ནི་མ་ཡིན་ཏེ། དེའི་ཕྱིར་འབྱུང་བ་ཆེན་པོ་ལ་སོགས་པ་རྣམས་ལ་དེའི་ཉེ་བར་ལེན་པ་དང་ཉེ་བར་བྱེད་པ་ལ་སོགས་པའི་རང་བཞིན་ཤིན་ཏུ་བསྐལ་པ་ཡིན་པའི་ཕྱིར། ཚུ་རོལ་མཐོང་བས་དེ་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བ་ཅན་གྱི་སྦྱོར་
བར་བྱེད་པ་པོ་ཉིད་མི་སྲིད་པའི་ཕྱིར་རོ། །དེའི་མངོན་པར་འདོད་པའི་བྱེ་བྲག་ནི་དེའི་སྒྲུབ་བྱེད་བརྗོད་པ་ཁོ་ན་ལས་ཐམས་ཅད་དུ་འགྲུབ་པའི་ཕྱིར་བྱེ་བྲག་དང་འགལ་བ་ཅན་རྣམས་ནུབ་པ་ཡིན་ནོ། །ལས་རྣམས་ཀྱི་ས་བོན་རྣམས་ལ་དེ་གྲུབ་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཡང་མ་ཡིན་ནོ། །གང་གི་
ཕྱིར་སེམས་པ་ཅན་ཡིན་པའི་ལས་ནི་སེམས་པ་ཅན་མ་ཡིན་པའི་བྱིན་གྱིས་རློབ་པ་པོ་མ་ཡིན་ཏེ། བསམ་པ་མེད་པ་ཉིད་ཀྱིས་ཡུལ་ལ་སོགས་པའི་ངེས་པ་མེད་པ་ཉིད་ཀྱིས་འབྲས་བུ་སྐྱེད་པར་བྱེད་པ་མེད་པའི་ཕྱིར་དང་། བྱེད་པ་པོ་ཉིད་ནི་ཉེ་བར་ལེན་པ་ལ་སོགས་པ་ལ་ཡོད་པའི་ནུས་པ་
ཡོངས་སུ་ཤེས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འོན་ཏེ་སེམས་པ་ཅན་གྱི་ལས་ཡིན་པ་དེ་ལྟ་ན་ཡང་དེ་ཚུ་རོལ་མཐོང་བ་རྣམས་ཀྱིས་ས་གཞི་ལ་སོགས་པའི་རྒྱུ་ལ་སྦྱོར་བར་བྱེད་པ་ནི་མ་ཡིན་ཏེ། སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །དོན་ཐམས་ཅད་རིག་པ་པོའི་སེམས་ཡིན་ནོ་ཞེ་ན། མ་
ཡིན་ཏེ། །དེ་ནི་བྱེད་པ་པོ་ཉིད་ཡིན་པར་ཁས་མི་ལེན་པའི་ཕྱིར་ལ་ཁས་ལེན་པ་ཡིན་ན་ནི་དེ་ཉིད་དབང་ཕྱུག་བྱེད་པ་པོ་ཡིན་ནོ། །བེའུ་ལ་སོགས་པ་ཕལ་ཆེར་བསྐྱེད་པའི་དོན་དུའོ་མ་ལ་སོགས་པ་བྱིན་གྱིས་བརླབས་པ་མེད་ན་ཇི་ལྟར་ཆེར་སྐྱེ་བ་ཡིན་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་བྱིན་
གྱི་རླབས་ཀྱིས་བསྒྲུབ་པའི་ཕྱིར་རོ། །གཞན་དུ་ན་བེའུ་ཤི་བའམ་ཆེར་སྐྱེས་པ་ནའང་། འོ་མ་འཕེལ་བའི་ཕྱིར་རྒྱུན་མི་འཆད་པར་ཐལ་བར་འགྱུར་ཏེ། སེམས་མེད་པའི་ཕྱིར་རོ། །དེས་ན་དེ་ལྟར་རྗེས་སུ་དཔག་པ་ནི་སྤྱིའི་ཡུལ་ཅན་ཉིད་ཡིན་པས། བྱེ་བྲག་ལ་ལྟོས་པ་ཡིན་པས་
འགལ་བ་ཅན་བཞིན་དུ། དཔེ་ལ་བསྒྲུབ་བྱ་བ་ཚང་བ་ཉིད་བསལ་བར་བྱ་བ་ཡིན་ཏེ། རྗེས་སུ་དཔག་པ་ཐམས་ཅད་ལ་བྱེ་བྲག་འཕེལ་བའི་ཕྱིར་རོ། །ཇི་ལྟ་བུར་མཐོང་བ་དེ་ལྟ་བུར་ཡིན་ནོ། །བདེན་ཏེ། འདི་ལ་ཡང་མཐོང་བ་ཉིད་ཡིན་ཏེ། འབྲས་བུ་ཤིན་ཏུ་ཆེན་པོ་ཉིད་ཡིན་པའི་
Vol. 180 · folio 135a
ཕྱིར། རྒྱུ་ཡང་དེ་བཞིན་ཡིན་ནོ་ཞེས་འབའ་ཞིག་འཛིན་པ་ནི་མ་ཡིན་ནོ། །དེ་ལྟར་ན་མེད་ན་མི་འབྱུང་བར་རབ་ཏུ་གྲུབ་པའི་རྗེས་སུ་དཔག་པས་ཐམས་ཅད་བྱེད་པ་པོར་དེ་ཡོངས་སུ་ཤེས་པ་དང་ལྡན་པར་ཡང་གྲུབ་པ་ཡིན་ན་འབྲས་བུ་འབྱུང་བ་ཆེན་པོ་ལ་སོགས་པའི་བྱེད་པ་པོ་
དབང་ཕྱུག་མ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར། བུམ་པ་ལ་སོགས་པ་བཞིན་དུ་རྗེས་སུ་དཔག་པ་གཞན་བསལ་བ་ཡིན་ཏེ། དེ་ལ་བསྒྲུབ་བྱ་མ་ཚང་བའི་ཕྱིར་དང་། ཕྱོགས་ཀྱི་བྱེ་བྲག་མ་གྲུབ་པའི་ཕྱིར་རོ། །བྱེད་པ་པོའི་དགོས་པ་ཅི་ཞིག་ཡིན་ཞེ་ན། དགོས་པའི་བསམ་པས་མེད་པར་
ནི། །རྨོངས་པའང་འཇུག་པ་མ་ཡིན་ནོ། །གཞན་གྱི་དོན་བྱེད་པར་འདོད་པས་འཇུག་པ་ནི། གཞན་དུ་མི་འཐད་པར་གྲུབ་པ་ཡིན་ལ། འཇུག་པ་ཡང་འབྲས་བུ་ལས་གཞན་དུ་མི་འཐད་པའི་ཕྱིར། གཞན་གྱི་དོན་གྱིས་བསྐུལ་བས་བདེ་བ་ཁོ་ན་སྐྱེད་པར་བྱེད་པ་ཡིན་གྱི། སྡུག་བསྔལ་བ་
ནི་མ་ཡིན་ནོ། །ཞེ་ན། ཆོས་དང་ཆོས་མ་ཡིན་པའི་ཐབས་སྣ་ཚོགས་པ་ཅན་གྱི་བྱེད་པ་པོ་ནི། འབྲས་བུ་སྣ་ཚོགས་པ་མཐོང་བ་ལས། རྗེས་སུ་དཔོག་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །འདི་དེ་བཞིན་དུ་བྱེད་པ་རང་གི་དོན་ཡིན་པ་དང་། དོན་མ་ཡིན་པ་རྣམ་པར་བཅོམ་པ་གང་ཡིན། གང་ཡང་
མ་ཡིན་ནོ། །ཅིའི་དོན་དུ་དེ་ལྟར་བྱེད་པ་ཡིན་གྱི། ཇི་ལྟར་ཉི་མ་རང་བཞིན་གྱིས་གསལ་བར་བྱེད་པའི་རང་བཞིན་དེ་ཁོ་ན་བཞིན་དུ་འཇུག་པ་ཡིན་ནོ་ཞེ་ན། འདི་སེམས་པ་ཅན་ཡིན་པས་ཅི་ཞིག་དུ་འགྱུར་བ་ཡིན་ཞེ་ན། དོན་རྣམས་ཀྱི་སྐྱེ་བའི་རྒྱུ་ཇི་སྙེད་ཡིན་པ་དེ་སྙེད་པ་ཁོ་ན་ལ་བྱིན་གྱིས་རློབ་པ་ལས་
བྱེད་པ་པོ་རྗེས་སུ་དཔོག་པས་དཔོག་པར་བྱེད་པ་ཡིན་གྱི། གཞན་རྣམས་ཀྱི་ནི་མ་ཡིན་ལ། སེམས་པ་ཅན་ཡིན་པ་དང་འགལ་བ་མེད་དོ། །དེའི་ཕྱིར་ཡོད་པ་ལ་དམིགས་པར་བྱེད་པའི་ཚད་མ་ལྡོག་པ་ཡང་མ་ཡིན་ནོ། །དོན་འདི་ལ་མིག་སྣ་ཚོགས་དང་། ཁ་སྣ་ཚོགས་དང་། ལག་པ་སྣ་
ཚོགས་དང་། རྐང་པ་སྣ་ཚོགས་པ་ཅན་ཏེ་ལག་པ་དག་གིས་བུས་པ་ལས་ཕུན་སུམ་ཚོགས་པ་དང་། རིག་བྱེད་གསུམ་པོ་དང་། མཐོ་རིས་དང་། ས་གཞི་རྣམས་སྐྱེད་པར་བྱེད་པའི་ལྷ་ཅིག་ཡིན་ཞེས། ལུང་ལས་ཀྱང་འབྱུང་བ་ཡིན་ལ་དྲང་སྲོང་རྒྱས་པས་ཀྱང་། སྐྱེས་བུའི་མཆོག་
Vol. 180 · folio 135b
གཞན་ནི། དམ་པའི་བདག་ཉིད་ཅེས་བརྗོད་པ། །གང་ཡིན་ཁམས་གསུམ་ནང་བཞུགས་པས། །དབང་ཕྱུག་རྟག་པས་བྱས་པ་ཡིན། །ཞེས་སྨྲས་པའོ། །ཆོས་ལ་སོགས་པའི་རང་གི་ངོ་བོ་བཞིན་དུ། ལུང་ནི་ཐམས་ཅད་དུ་རང་གི་ངོ་བོ་རྟོགས་པའི་ཡུལ་ཅན་ཡིན་ཏེ། དེའི་ཡུལ་
ཅན་ཉིད་ཡིན་ལ། དེ་མ་རྟོགས་པ་ཡིན་ན། དེ་ལ་འཇུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང་། ཚད་མ་རྣམས་ནི་རྟོགས་པར་བྱེད་པ་ཉིད་ཙམ་བྱ་བ་མ་ཡིན་པའི་ཕྱིར་རོ། །དེ་ལ་སྐྱེས་བུའི་དོན་ཉིད་ནི་དབང་ཕྱུག་གི་རང་གི་ངོ་བོ་རྟོགས་པ་བསྒྲུབ་པ་ཡིན་ལ་དེ་ཉིད་རིག་ནས་འཆི་བ་ལས་རྒལ་
བར་འགྲོ་བ་ཡིན་གྱི། གང་གིས་བྱང་གྲོལ་སྒྲུབ་པར་འགྲོ་བར་བྱེད་པའི་ལམ་གཞན་ཡོད་པ་ནི་མ་ཡིན་ནོ། །ཐམས་ཅད་ཤེས་པ་མ་ཡིན་པ་རྣམས་ཀྱིས་ཐམས་ཅད་ཤེས་པ་ཡིན་པར་ཇི་ལྟར་ཤེས་པ་ཡིན་ཞེས་བྱ་བ་ཡང་མི་རིགས་པ་ཡིན་ཏེ། །གང་གི་ཕྱིར་འཇིག་རྟེན་གྱི་རྫ་མཁན་ལ་སོགས་པའི་བྱེད་པ་པོ་
རྣམས་ཀྱིས་དེའི་ཤེས་བྱ་དང་། ཤེས་པ་དང་ལྡན་པ་རྣམས་ཁོ་ནས་དེ་མཁས་པ་ཡིན་པར་གོ་བ་ནི་མ་ཡིན་ཏེ། སྣ་ཚོགས་པ་རིག་པ་ཞེས་བྱ་བར་ཕྱིས་ཀྱང་དེ་རྟོགས་པར་གྲུབ་པ་ཡིན་ནོ། །དེ་བཞིན་དུ་ལུང་ལས་ཀྱང་ཐམས་ཅད་ཤེས་པ་བསྙེན་པ་ལས། མེའི་སྦྱིན་སྲེག་མཐོ་རིས་སྒྲུབ་པར་
བྱེད་པ་ཡིན་པ་བཞིན་དུ་བྱང་གྲོལ་སྒྲུབ་པར་བྱེད་པ་ཉིད་དུ་སྒྲུབ་པ་ནི་ཐམས་ཅད་ཤེས་པ་ལ་གསོལ་བ་བཏབ་པས། སྔོན་གྱི་ལས་སད་པ་ནི་མཆོག་སྦྱིན་པ་ཡིན་པར་མི་རིགས་ཏེ། དེ་རབ་ཏུ་སད་པ་ལས་ཀྱང་སྐྱེས་བུའི་དོན་ནི་དེའི་ཚིག་ལས་འགྲུབ་པའི་ཕྱིར་རོ། །ལུང་ལས་རྣ་
བ་ལ་སོགས་པ་ལ་རྟག་པ་ཉིད་དུ་རྟོགས་པ་བཞིན་དུ་དེ་ལ་འགལ་བ་ཡོད་པ་ནི་མ་ཡིན་ལ། རྟག་པ་ཉིད་ལ་ཡང་མ་ཡིན་ནོ། །དེ་མ་ཐག་དེའི་ཞལ་རྣམས་ལས། །རིག་བྱེད་བཞི་པོ་རྣམས་འཕྲོས་པ། །དུས་གཞན་རེ་རེ་ཉིད་ལ་ནི། །ཐོས་པ་གཞན་ནི་སྒྲུབ་བྱེད་ཡིན། །ཞེས་སྨོས་
པའོ།། །རིག་བྱེད་དང་ཨི་ཏི་ཧ་ས་ལ་སོགས་པ་རྣམས་ལ་བཅོས་མ་ཉིད་དུ་དྲན་པའི་ཕྱིར། བྱེ་བྲག་ཅན་གྱི་སྐྱེས་བུ་བྱེད་པ་པོ་ཉིད་དུ་གྲུབ་པའི་ཕྱིར་སྐྱེས་བུ་ནི་དབང་ཕྱུག་ཡིན་ནོ། །ལུང་ལས་གྲུབ་པའི་རྫས་ནི་གཙང་སྦྲ་དང་གཙང་སྦྲ་མ་ཡིན་པ་བཞིན་དུ། རྗེས་སུ་དཔག་པས་ཀྱང་བསལ་བ་
Vol. 180 · folio 136a
མ་ཡིན་ཏེ། ཡུལ་ཐམས་ཅད་ལ་དེའི་ཤེས་པ་ནི་རྗེས་སུ་དཔག་པ་དང་། ལུང་དང་སྣ་ཚོགས་པ་རིག་པ་ཡིན་ཞེས་བྱ་བ་ལ་སོགས་པས་ཀྱང་རྟོགས་པ་ཡིན་ནོ། །དེ་ལྟ་བུ་ལས་ཀྱང་དེ་ལྟ་བུའི་བྱེད་པ་རྟོགས་པ་ཡིན་ན་ཡང་། རྟོག་པ་ཆེན་པོར་འགྱུར་བའི་ཕྱིར་རྟག་པ་
ཉིད་ལ་ཚད་མ་དང་འགལ་བ་མེད་དོ། །ལུང་ལས་ཀྱང་། བྱེད་པ་པོ་ཉིད་ཡིན་ཡང་། བཞི་པོ་ལྷན་ཅིག་གྲུབ་པ་ནི། །བདེ་དང་ཤེས་པ་མཐའ་ཡས་ཚངས། །ཞེས་བྱ་བའོ། །ཐོས་པ་ལས་ཀྱང་། ལག་པ་རྐང་པ་ཡོད་མེད་བཞིན། །འཛིན་དང་མིག་མེད་བཞིན་མཐོང་དང་། །རྣ་བ་མེད་
བཞིན་ཐོས་པ་ནི། །སྣ་ཚོགས་རིག་པ་དེ་ཡིན་ལ། །གཞན་ནི་དེ་རིག་པ་མེད་དོ། །ཞེས་བྱ་བ་དང་། སྐྱེས་བུའི་ཆེ་མཆོག་དེ་སྐད་སྨྲ། །ཞེས་སྨོས་པས་ཀྱང་། བྱེད་པ་རྣམས་བཀག་པས་རྟག་པ་ཉིད་ཁོ་ནར་གྲུབ་པ་ཡིན་ལ། བློ་དེ་ཡང་མངོན་སུམ་གྱི་ཚད་མ་ཡིན་ནོ། །དབང་པོ་དང་
དོན་དུ་ཕྲད་པ་མེད་ན་དེ་ཉིད་ཇི་ལྟར་ཡིན་ཞེས་ཟེར་ན་ཡང་། དེ་ལྟ་བུའི་ཁོ་བོ་ཅག་ལ་སོགས་པ་རྣམས་ཀྱི་མངོན་སུམ་མ་ཡིན་ཏེ། འདི་ནི་དེ་ཉིད་མ་ལུས་པ་དངོས་སུ་རྟོགས་པའི་བདག་ཉིད་ཅན་ནི་མཚན་ཉིད་གཞན་ཁོ་ན་ཡིན་ནོ། །འདིའི་ཆོས་ནི་འདོད་པ་བཞིན་དུ་བྱ་བའི་ནུས་པ་མ་ཉམས་
པ་ཡིན་པར་བརྗོད་པ་ཡིན་གྱི། སྒྲུབ་པ་ནན་ཏན་དུ་བྱ་བས་བསྒྲུབ་པར་བྱ་བའི་བསོད་ནམས་ནི་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ། །སྡུག་བསྔལ་མེད་པའི་ཕྱིར་ཆོས་མ་ཡིན་པ་ཡང་སྤངས་པ་ཡིན་ནོ། །དེ་དག་མེད་པས་འདོད་ཆགས་དང་བྲལ་བ་དང་། རབ་ཏུ་ལྡང་བ་ཡང་མེད་དོ། །
དེ་ཡང་བདག་ཅག་ལ་སོགས་པའི་བདག་དང་མི་སྐྱེ་བར་འབྲེལ་བས། ལས་རྣམས་ཀྱིས་བྱིན་གྱིས་བརླབས་པའི་ས་གཞི་ལ་སོགས་པ་རྣམས་ཀྱི་བྱེད་པ་པོ་ཉིད་དུ་རྗེས་སུ་དཔག་པ་ཁོ་ནས་གྲུབ་པོ། །འདིར་སྦྱོར་བར་བྱེད་པ་མེད་པ་ཉིད་ཀྱང་མ་ཡིན་ཏེ། ཕྱོགས་ལ་ཁྱབ་པར་བྱེད་པའི་
རྗེས་སུ་འགྲོ་བ་དང་ལྡོག་པ་ཅན་ནི་སྦྱོར་བར་བྱེད་པ་ཉིད་མ་ཡིན་ན། རྗེས་སུ་དཔག་པ་ཐམས་ཅད་ལ་ཡང་བྱེ་བྲག་མེད་པས། དེ་ཁོ་ན་བཞིན་དུ་འགྱུར་རོ་སྙམ་དུ་སེམས་པས། གལ་ཏེ་ཚད་མ་ཡོད་པ་ཡིན་ཏེ། །སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང་། །ཞེས་པ་ནས། དཔེར་ན་བུམ་པ་ལ་
Vol. 180 · folio 136b
སོགས་པ་བཞིན་ནོ་ཞེས་བྱ་བའི་བར་གྱིས། ཐམས་ཅད་དབང་ཕྱུག་སྒྲུབ་པར་བྱེད་པ་ཡིན་པར་ཉེ་བར་མཚོན་པ་ཡིན་ནོ། །ལན་དུ། སྡོད་འཇུག་དབྱིབས་ཀྱི་ཁྱད་པར་དང་། དོན་བྱེད་པ་ལ་སོགས་རྣམས་ལ། །ཞེས་བྱ་བ་སྟེ། སོགས་པའི་སྒྲས་ནི་བསྐྱེད་པ་དང་སེམས་ཅན་མ་
ཡིན་པའི་ཉེ་བར་ལེན་པ་ཉིད་ལ་སོགས་པ་བཟུང་བ་ཡིན་ཏེ། རིགས་པ་མཚུངས་པའི་ཕྱིར་རོ། །གང་འདི་སེམས་ཅན་མ་ཡིན་པའི་ཉེ་བར་ལེན་པ་ཉིད་དང་། དེའི་ཁྱད་པར་ཅན་བསྐྱེད་པ་ཡང་ཁྱིམ་ལ་སོགས་པའི་ངོ་བོ་ནི། ས་གཞི་ལ་སོགས་པ་ལས་ལྡོག་པ་དེ་དང་འདྲ་བའི་འབྲས་
བུ་གཞན་དང་ཐུན་མོང་བའི་ཁྱིམ་དང་། བུམ་པ་ལ་སོགས་པའི་སྒྲའི་ཁྱད་པར་གྱིས་ཉེ་བར་མཚོན་པའམ། བྱ་བ་མ་མཐོང་བ་ཡང་བྱས་པར་བློས་ཉེ་བར་མཚོན་པ་ཡང་། དེའི་བློ་དང་ལྡན་པ་མེད་ན་མི་འབྱུང་བ་ཡིན་ཏེ། དེའི་བློ་ནི་ཆོས་ཤིན་ཏུ་མཁས་པ་དེའི་བློའི་རྗེས་སུ་འབྲངས་པའི་
བྱེ་བྲག་ཉིད་ཡིན་པའི་ཕྱིར། རི་མོ་གཞན་ལྟ་བུའོ། །ས་གཞི་ལ་སོགས་པ་ལ་ནི་དེ་ལྟ་བུའི་ངོ་བོ་ཡོད་པ་མ་ཡིན་ནོ། །ཁྱིམ་ཞིག་པའི་ཤིང་དང་སོ་ཕག་ལ་སོགས་པའི་ཕུང་པོའི་ངོ་བོ་བཞིན་དུ་མཚན་ཉིད་མི་མཐུན་པ་ཡིན་པའི་ཕྱིར། བྱས་པ་ཡིན་ཞེས་བྱ་བའི་བསྒྲུབ་བྱའི་ཤེས་པ་མི་འབྱུང་ངོ་། །
རྒྱུ་མཚན་གང་གིས་དེ་ཉིད་ཀྱི་ངོ་བོ་ཡིན་ཞེ་ན། བྱས་པ་རྣམས་ཀྱང་རེ་ཞིག་དངོས་པོ་རེ་རེའི་རང་གི་ངོ་བོའི་རྣམ་པ་ཐ་དད་པ་ཁོ་ན་ཡིན་ནམ་བྱས་པ་རྣམས་ལྟ་ཅི་སྨོས། འཇིག་རྟེན་པ་ལ་བྱས་པ་དང་མ་བྱས་པའི་རྣམ་པར་དབྱེ་བ་དགག་བྱ་མ་ཡིན་ནོ། །འོན་ཏེ་བྱས་པ་ཉིད་མ་བྱས་པ་བཞིན་དུ་
སྣང་བ་ཡིན་ཏེ། དངུལ་ཆུ་ཞུགས་པའི་གསེར་ལྟ་བུའོ། །དེ་ལྟ་ན་ཡང་ཐེ་ཚོམ་ཅན་གྱི་ས་གཞི་ལ་སོགས་པའི་ངོ་བོ་ལས་ནི། རླངས་པ་ལ་སོགས་པའི་ངོ་བོར་ཐེ་ཚོམ་ཟ་བའི་དུ་བ་ལས་མེ་བཞིན་དུ། བསྒྲུབ་བྱ་མི་འགྲུབ་པའི་ཕྱིར་མ་གྲུབ་པ་ཉིད་དམ། ཐེ་ཚོམ་ཟ་བའི་མ་གྲུབ་
པ་ཡིན་པར་ནི། དཔེ་མ་གྲུབ་ཅེས་བྱ་བས་བསྟན་པ་ཡིན་ལ་བྱས་པར་ངེས་པ་ལ་མ་བྱས་པ་ཉིད་དུ་ཐེ་ཚོམ་ཟ་བར་འགྱུར་བ་མ་ཡིན་ཏེ། གཟུགས་ལ་སོགས་པའི་སོ་སོར་སྣང་བ་ལ་ཡང་། ཕྱིན་ཅི་ལོག་པར་ལྡོག་པས་ཐ་སྙད་ཐམས་ཅད་ནུས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འཇི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words