ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད

Sanskrit title (Tibetan script, as in the text) པྲ་མཱ་ཎ་བར་ཏི་ཀ་ཊཱི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 182 · folio 245a

པོ་ཡིན་ན་ཐ་དད་པས་ལྷན་ཅིག་མི་གནས་པའི་ཕྱིར་བ་ལང་ཞེས་བྱ་བའི་སྒྲས་གཉིས་བརྗོད་པ་མ་ཡིན་པའི་ཕྱིར། བ་ལང་ཉིད་ཀྱིས་ཉེ་བར་བསྒྱུར་བའི་རྫས་བརྗོད་པར་མི་འགྱུར་རོ། །ཁྱད་པར་གྱིས་ནི་རྣམ་པར་གནས་པ་ཁོ་ན་ལ་རང་ལ་བརྟེན་པའི་ཤེས་པ་ཉེ་བར་སྡུད་པ་ཡིན་

ནོ། །རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ཡིན་ན་ནི་ཁྱད་པར་གྱི་དུས་ན་ཁྱད་པར་ཅན་མེད་པ་ཉིད་ཀྱི་ཕྱིར་འདི་གང་ཞིག་ལ་ཤེས་པ་ཉེ་བར་སྡུད་པར་བྱེད་པར་འགྱུར། རྟོགས་པའི་བྱེད་པའི་དུས་ན་མེད་པའི་དོན་ཉིད་ནི་བྱེད་པས་ཡུལ་དུ་བྱས་པའི་ཁྱད་པར་གྱིས་དེའི་ངོ་བོར་འཛིན་པ་མ་ཡིན་ནོ། །ཁྱད་

པར་དང་ལྡན་པ་ལོག་པ་ཡང་བློ་ལ་སྣང་བ་ཡིན་ཏེ། རྣམ་པར་རྟོག་པ་རྣམས་ཉེ་བ་ཉིད་འཛིན་པར་མ་ངེས་པའི་ཕྱིར་ཏེ། དྲན་པ་ལ་སོགས་པ་འདས་པ་ཡང་རྟོགས་པའི་ཕྱིར་རོ་ཞེས་དོགས་པ་ལ་བློས་གཅིག་ཅེས་བྱ་བ་སྨོས་སོ། །བློས་སྒྲོ་འདོགས་པའི་ཡུལ་དུ་བྱེད་པ་ཉིད་ཀྱིས་ད་ལྟ་བར་བྱེད་པ་ཉིད་

དོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་གི་ཚེ་འདི་ལོག་པ་བློས་ཡུལ་དུ་བྱེད་པ་དེའི་ཚེ་རང་གི་བདག་ཉིད་དུ་གྱུར་པར་སྣང་བས་དེ་སྣང་བ་མ་ཡིན་ནོ། །དེས་ན་དེའི་ཡུལ་ཅན་གྱི་བློ་དངོས་པོའི་ཡུལ་ཅན་མ་ཡིན་ཏེ། དེ་མི་སྣང་བའི་ཕྱིར་རོ། །འོན་ཏེ་བདག་གི་རང་བཞིན་ནི་མ་ཡིན་གྱི། འོན་ཀྱང་དོན་གྱི་

ཤེས་པ་སྣང་བར་བརྗོད་ན། དེ་ལྟ་ན་བློའི་སྣང་བར་ཁས་བླང་བར་བྱ་བ་མ་ཡིན་ཏེ། གཞན་དུ་ན་དེ་དེའི་སྣང་བར་མི་འགྱུར་རོ། །དེ་ལྟ་ན་ཡང་དེ་ཉིད་ཁྱད་པར་གྱི་གཟུགས་ཀྱི་ངོ་བོ་ཉིད་དུ་རྟོགས་པས་ཁྱད་པར་དེ་དང་ལྡན་པ་བདག་དེ་ལྟར་རྟོགས་པར་ཁས་བླང་བར་བྱའོ། །དེས་ན་ཁྱད་པར་དང་དེ་དང་ལྡན་

པ་དག་གིས་ཞེས་བྱ་སྟེ། བློ་ལ་སྣང་བའི་ཡུལ་ཅན་ཉིད་ཡིན་མོད། དེ་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཉིད་ཡིན་ནོ། །དེ་བཤད་པ་ནི། བློ་ལ་སྣང་བའི་ཡུལ་ཅན་ཉིད་གཅིག་ཡིན་ན་ནི་ཞེས་བྱ་བའོ། །དེ་ཉིད་དེ་ལྟར་སྣང་བའི་ཕྱིར་རོ་ཞེས་སྟོན་པ་ནི། དེ་ལྟ་བུ་ཡིས་ཞེས་བྱ་བ་ཡིན། འབྲེལ་པ་

ཙམ་ཡོད་ཀྱང་དུས་ཐ་དད་ན་རང་བཞིན་དང་རང་བཞིན་ཅན་ཉིད་མ་ཡིན་པས་ན། བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་སྐད་ཅིག་འཇིག་པ་ལ་མི་བརྟེན་པས་ན། རྒྱུ་སྔར་བྱུང་བ་འབྲས་བུའི་དུས་ན་ཡང་མི་འཛིན་པའི་ཕྱིར་ལྷན་ཅིག་པ་ཉིད་ཡོད་པ་ཁོ་ནའོ། །ས་བརྗོད་པ་ནི། གལ་ཏེ་ཁྱད་པར་དང་དེ་དང་ལྡན་པ་

Vol. 182 · folio 245b

དག་ཅེས་བྱ་བའོ། །དེས་ན་དེ་ལས་སྐྱེས་པའི་ཕྱིར་ནི་དེའི་གཞན་གྱི་དབང་ཡིན་ལ། དེ་དང་ལྷན་ཅིག་གནས་པས་ནི་དེ་ཉེ་བར་སྒྱུར་བར་བྱེད་པ་ཉིད་འཐད་པ་ཡིན་ནོ་ཞེས་འདོགས་པ་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་ཡིན་ཀྱང་གཞན་གྱི་དབང་ཉིད་བཟློག་པའི་ཕྱིར་མ་ཡིན་ཏེ་ཞེས་གསུངས་སོ། །གྲུབ་པ་ཡོད་

པ་ནི་རང་གི་ངོ་བོ་ཐོབ་ཟིན་པས་གཞན་གྱི་དབང་མེད་ལ། མ་གྲུབ་པ་ཡང་མ་ཡིན་ཏེ། རང་གི་ངོ་བོར་མ་རེག་པའི་ཕྱིར་རོ། །དེས་ན་ཡོད་པ་དང་མེད་པའི་གནས་སྐབས་ན་གཞན་གྱི་དབང་མེད་པའི་ཕྱིར། རྣམ་པ་ཐམས་ཅད་གཞན་གྱི་དབང་ཉིད་མེད་པ་ཉིད་དོ། །གཉི་ག་ཡང་ཡོད་པར་ཁྱད་པར་

མེད་པས་གང་གིས་གཞན་གྱི་དབང་ཉིད་དུ་བརྗོད་ཅིང་གང་ཞིག་གཞན་གྱི་དབང་དུ་བརྗོད་དུ་མེད་ན་ཡང་ཅུང་ཟད་མེད་པ་གང་ཡིན་པ་དེ་ནི་འགའ་ཞིག་ཡང་གཞན་གྱི་དབང་དུ་འགྱུར་བ་མ་ཡིན་ནོ། །གལ་ཏེ་རང་གི་ངོ་བོ་གཞན་ལས་གྲུབ་པ་ཉིད་དེ་ལ་རག་ལས་པ་དེ་གཞན་གྱི་དབང་དུ་འགྱུར་བ་དེ་འབྲས་

བུ་ཉིད་རྒྱུ་དང་འབྲེལ་པ་ཡིན་ནོ་ཞེ་ན། དེར་ཡང་སྐྱེ་བ་ཉིད་རག་ལས་པར་བརྗོད་ཀྱི། མི་འཁྲུལ་པའི་ས་བོན་དུ་གྱུར་པ་གཞན་ནི་འགའ་ཡང་མེད་དོ། །འོ་ན་འདི་ཁྱད་པར་ལ་འགྱུར་བ་ཡིན་ནོ་ཞེ་ན་དེ་ལྟར་ནི་མི་ནུས་ཏེ། ངོ་བོ་གཞན་གྱི་དབང་དུ་ཁས་བླངས་པ་མེད་པར་ཁྱད་པར་མ་ཡིན་པའི་ཕྱིར་རོ། །

འདི་ལྟར་ཡོད་པའི་དུས་ཉིད་ན་དེ་དེའི་རང་བཞིན་ཡིན་པའི་ཕྱིར་ཁྱད་པར་ཉིད་དོ། །དེས་ན་གཞན་གྱི་རང་བཞིན་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་བདག་ཉིད་ཅན་གྱི་གཞན་གྱི་དབང་གང་ཡིན་པ་དེ་མི་སྲིད་པ་ཉིད་དོ། །དེས་ན་འདི་འདིར་རྣམ་པ་ཐམས་ཅད་དུ་མེད་པར་བརྗོད་དོ། །གལ་ཏེ་འདིའི་

རང་བཞིན་ནི་འདིའི་ཞེས་གཞན་གྱི་དབང་ཉིད་རྟོགས་པ་མ་ཡིན་ནམ་ཞེ་ན། རྟོག་པས་སྒྲོ་བཏགས་ན་ཞེས་སྨོས་སོ། །དེས་ན་དངོས་པོ་ལ་མི་འཐད་པས་རྣམ་པ་ཐམས་ཅད་དུ་གཞན་གྱི་དབང་མེད་པས་རྟོགས་པ་ལ་སྣང་བ་ཡིན་པའི་ཕྱིར་དངོས་པོ་རྣམ་པ་དེ་ལྟ་བུའི་རྗེས་སུ་བྱེད་པ་སྤངས་ཏེ།

དེ་ལྟ་བུའི་ཐ་སྙད་དུ་བློ་ཁོ་ན་ཅི་ཁས་མི་ལེན། འདི་སྐད་བརྗོད་པ་ཡིན་ཏེ། ཅིག་ཁྱད་པར་དུ་མ་བརྗོད་ན། གཞི་མཐུན་པར་མི་འགྱུར་ཏེ་ཁྱད་པར་ཉིད་མི་རུང་བའི་ཕྱིར་རོ། །དངོས་པོ་ལ་མི་འཐད་པ་ན། གལ་ཏེ་རྟོགས་པ་ལས་ཡོད་དོ་ཞེས་འདོད་ན། རྟོགས་པ་ཉིད་ཀྱི་རྗེས་སུ་བྱེད་པར་

Vol. 182 · folio 246a

འགྱུར་ཏེ། དངོས་པོའི་ནི་མ་ཡིན་ནོ། །དངོས་པོའི་ཡུལ་ཅན་ཡིན་ན་ནི། དོན་གྱི་རང་གི་ངོ་བོ་གཅིག་ཅེས་བྱ་བ་ལ་སོགས་པས་སྐྱོན་དུ་མི་འགྱུར་བ་གང་ཡིན་པ་དེ་ཡང་དེ་ལྟར་ནི་མི་འགྱུར་རོ། །དེས་ན་བློ་ཉིད་དེ་ལྟར་ཁས་བླངས་པར་རིགས་སོ། །དེ་སྟོན་པ་ནི་སྒྲ་དང་ཚད་

མ་གཅིག་གིས་ཞེས་བྱ་བ་ལ་སོགས་པའོ། །བློས་དངོས་པོ་རྟོགས་ན་ནི། སྔར་ཇི་སྐད་བཤད་པའི་དངོས་པོའི་དབང་གིས་བྱུང་བའི་ཉེ་བར་འགྱུར་བ་ཉིད་དོ། །གང་གི་ཚེ་དངོས་པོའི་རྗེས་སུ་བྱེད་པ་སྤངས་ནས་བློ་ཉིད་ལ་བརྟེན་པ་དེའི་ཚེ་ནི་དངོས་པོ་མེད་པའི་བློའི་སྣང་བ་ལ། གང་གི་ལྟར་

བློ་ཁྱད་པར་ནི། །སྣ་ཚོགས་ཅན་དོན་ཐ་དད་འཛིན། །ཞེས་བྱ་བ་ལ་སོགས་པའི་སྐྱོན་དུ་མི་འགྱུར་རོ། །དེ་བཤད་པ་ནི་བློ་ལ་སྣང་བ་ནི་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བའོ། །བློའི་རྗེས་སུ་བྱེད་པ་ལ། དོན་གྱི་རང་གི་ངོ་བོ་གཅིག །ཅེས་བྱ་བ་ལ་སོགས་པའི་ཉེས་པར་ཐལ་བ་མེད་མོད། སྐབས་

ཀྱི་གཞི་མཐུན་པ་མེད་པའི་ཉེས་པར་ནི་ཇི་ལྟར་མི་འགྱུར་ཞེ་ན། དེ་ཐ་མི་དད་པ་དང་ཞེས་བྱ་བ་ལ་སོགས་སྨོས་སོ། །གཞི་མཐུན་པ་ལ་སོགས་ཇི་ལྟར་ཤེས་པ་བཞིན་མི་འགལ་ལོ། །གཅིག་པོ་དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་སྤྱི་མེད་པའི་ཉེས་པ་བརྗོད་པ་ཡིན་ནོ། །གཞི་མཐུན་པ་མེད་པས་ན་

ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་མེད་པ་ཡང་ངོ་། །སྤྱི་ལ་སོགས་པ་དེ་དག་རྟོགས་པ་ལས་མ་འདས་པ་ནི་མི་འགལ་ལོ། །དངོས་པོ་ལ་ནི་འགལ་བ་བཤད་ཟིན་ཏོ། །བ་ལང་ཞེས་བྱ་བ་ལ་སོགས་པའི་སྤྱི་ཐ་མི་དད་པ་བློ་ལ་སྣང་བའི་ཕྱིར་སྤྱི་མི་འགལ། བ་ལང་ཞེས་རྣམ་པ་གཅིག་ཡུལ་

དུ་བྱས་ཀྱང་ཅི་འདིར་དཀར་རམ་འོན་ཏེ་གནག་ཅེས་དཀར་པོ་ལ་སོགས་པའི་རྣམ་པ་གཞན་ལ་མ་ངེས་པ་དཀར་པོ་ལ་སོགས་པའི་རྣམ་པ་གཞན་ལ་རེ་བ་དང་བཅས་པའི་བློས་གཟུང་བར་བྱ་བ་དང་། དཀར་པོ་ལ་སོགས་པ་སྒྲའི་དོན་ཐ་དད་པ་སྒྲུབ་པ་དག་ཀྱང་བ་ལང་དཀར་པོ་ཞེས་དཀར་

པོ་ལ་སོགས་ཐ་མི་དད་པར་བློ་ལ་སྣང་བས་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་དང་གཞི་མཐུན་པ་མི་འགལ་ལོ། །གང་གི་ཚེ་གཟུང་བ་ཉིད་ལ་རེ་བ་ན་རུང་བ་ཉེ་བར་གནས་པ་གང་ཡིན་པ་དེ་དང་འབྲེལ་པ་རྟོགས་པའི་ཕྱིར་བརྡའི་དབང་གིས་བ་ལང་དཀར་པོའི་རང་བཞིན་དུ་ངེས་པ་མ་

Vol. 182 · folio 246b

ཡིན་ཏེ། དེས་ན་དེའི་ཡོན་ཏན་དེས་ཡོན་ཏན་གཞན་རྣམ་པར་བཅད་པ་གང་ཡིན་པ་དེ་ནི་ཡོན་ཏན་དང་ཡོན་ཏན་དག་གི་ཁྱད་པར་དང་ཁྱད་པར་གྱི་གཞིའི་དངོས་པོ་ཡིན་ལ། གཞན་དང་འབྲེལ་པ་གང་ཡིན་པ་དེ་ནི་གཞི་མཐུན་པ་ཡིན་ཏེ། དེས་ན་དེ་ལྟར་གཉི་ག་ཉེ་བར་བཀོད་དོ། །དེ་ལྟར་བློ་ལ་

སྣང་བ་གང་ཡིན་པ་འདིའི་ཆོས་དང་ཆོས་ཅན་གྱི་ཁྱད་པར་དག་ཀྱང་རབ་ཏུ་སྟོན་ཏེ། ཇི་ལྟར་ཞེ་ན། བཤད་པ། དེ་ལྟར་སྣང་བའི་དངོས་པོ་དེ་ཁོ་ན་ཆོས་ཞེས་བྱ་བའི་སྒྲ་ཁྱད་པར་གཞན་སྤངས་པས་བརྗོད་ནས་དེ་ཉིད་ལས་ཐ་དད་པ་ལྟ་བུའི་འདིའི་ངོ་བོ་ཉིད་ཆོས་ཉིད་དུ་རྣམ་པར་བཞག་ནས་ཏེ།

འདིས་ནི་ཆོས་སུ་རབ་ཏུ་སྟོན་པ་བརྗོད་དོ། །ཆོས་ཅན་རབ་ཏུ་སྟོན་པ་ཡང་བཤད་པ། ཇི་སྐད་བཤད་པའི་ཁྱད་པར་གཞན་སྤང་བའི་མཚན་ཉིད་ཀྱིས་བྱེ་བྲག་ཏུ་མ་ཕྱེ་བར་ཏེ། ཁྱད་པར་གཞན་མ་སྤངས་པར་ཞེས་བྱ་བའི་དོན་ཏོ། །དཔེར་ན་ཁྲ་བོའི་བ་ལང་ཉིད་ཅེས་བྱ་བ་བཞིན་དུ། འདིའི་

ངོ་བོ་ཉིད་གཞན་ཆོས་ཅན་ཉིད་དུ་རབ་ཏུ་བཞག་ནས་སོ། །ཅིའི་ཕྱིར་དེ་ལྟར་རྣམ་པར་བཞག་ནས་སྟོན་ཅེ་ན། དོན་དུ་མ་ལས་ཐ་དད་པ་ཞེས་སྨོས་ཏེ། དོན་དུ་མ་ལས་ཐ་དད་པ་ཡིན་ཡང་དོན་གཅིག་ལས་ཐ་དད་པ་དེ་ཡོད་དང་མེད་པ་ཤེས་པར་འདོད་པ་ལ་དེ་ཉིད་ཆོས་ཉིད་དུ་རྣམ་པར་གཞག་

སྟེ། འདིའི་ངོ་བོ་ཉིད་འགའ་ཞིག་ཆོས་ཅན་ཉིད་དུ་རྣམ་པར་བཞག་ནས་དགག་པའམ། སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་ཁྲ་བོ་ལ་ནི་བ་ལང་ཉིད་ཡོད་ཀྱི། རྟ་ཉིད་ཤེས་པར་འདོད་པ་ན་བློ་ལ་དེ་ལྟར་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུར་རོ། །ཅི་དངོས་པོ་དེ་ལ་དེ་བཞིན་དུ་རྣམ་པར་གཞག་པ་

དངོས་སུ་དེ་ལྟ་ཉིད་ཡིན་པའི་ཕྱིར་རམ་ཞེ་ན། མ་ཡིན་ནོ་ཞེས་བཤད་པ་ནི། བློ་ལ་དེ་ལྟར་སྣང་བའི་ཕྱིར་ཞེས་བྱ་བའོ། །དངོས་པོ་ཅི་ཞིག་ལྟར་ཤེས་པ་འདོད་པ་ན་བློ་ལ་དེ་ལྟར་སྣང་བའི་སྣང་བ་དེ་བཞིན་དུ་རྟོགས་པར་བྱེད་དོ། །ཁྱད་པར་གཞན་སྤོང་བ་དང་མི་སྤོང་བ་ཉིད་ཀྱིས་ཆོས་དང་ཆོས་ཅན་

ཐ་དད་པ་ཡིན་གྱི། དངོས་པོ་ཐ་དད་པ་ནི་མ་ཡིན་ནོ། །བློ་ལ་བརྟེན་པའི་ཆོས་ཐ་དད་པ་ཉིད་ཀྱིས་ན། ཚིག་ཐ་དད་པ་དང་བཅས་པ་ནི་སྒྲུབ་པར་བྱེད་པ་ཡིན་ལ་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བསྒྲུབ་བྱ་དང་སྒྲུབ་བྱེད་ཐ་དད་པ་དངོས་པོའི་མཐར་ཐུག་པ་ཉིད་ཡིན་ནོ་ཞེས་སྟོན་པ་ནི་བྱེད་དོ་ཞེས་

Vol. 182 · folio 247a

བྱ་བའི་མཐར་ཐུག་པའོ། །དེས་ནི་དེ་ལྟར་ཤེས་པ་ལ་སྣང་བའི་དོན་ལ་ཞེས་བྱ་བ་ལ་སོགས་པ་དམ་བཅས་པས་དངོས་པོ་འཛིན་པས་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་ཀྱི་ཡུལ་ཅན་མ་ཡིན་པར་ཉེ་བར་བཀོད་ཀྱང་། དངོས་པོ་ལ་དུ་མ་དང་གཅིག་དང་ཐ་དད་པར་འཛིན་པ་ནི་

ཞེས་བྱ་བ་ལ་སོགས་པ་གཞུང་བཙུགས་པ་མཇུག་སྡུད་པས་ཐམས་ཅད་ཀྱི་ཡུལ་ཅན་དུ་བྱས་པ་ཡིན་ནོ། །ཡང་སྤྱི་ཞེས་བྱ་བ་ལ་སོགས་པ་སྤངས་པ་དེ་ཉིད་ཚིགས་སུ་བཅད་པ་རྣམས་ཀྱིས་སྟོན་པར་བྱེད་དོ། །ཅིའི་ཕྱིར་ཞེ་ན་དོན་འདི་མདོ་ལ་མེད་པའི་ཕྱིར་མདོར་མ་ཚང་བར་མི་འགྱུར་བར་བྱ་

བའི་ཕྱིར་རོ། །དངོས་པོ་རང་གི་ངོ་བོ་འཛིན་པས་ཞེས་བྱ་བ་ནས་ནོར་བའི་དོན་ཁོ་ན་ལ་སྤྱི་དང་གཞི་མཐུན་པའི་ཐ་སྙད་འདོགས་སོ་ཞེས་བྱ་བའི་མཐར་ཐུག་པར་བཤད་པའི་དོན་གང་ཡིན་པ་དེ་བརྗོད་པ་ནི། རང་བཞིན་ཞེས་བྱ་བ་ལ་སོགས་པ་ནས་ནོར་དོན་རྒྱས་བྱེད་ཅེས་བྱ་བའི་བར་གྱིས་སོ། །རྣམ་

རྟོག་བློ་སྐྱེ་བ་གང་ཡིན་པ་དེ་ལ་ངོ་བོ་སྣང་བའི་ངོ་བོ། དེ་ལ་སྤྱི་དང་གཞི་མཐུན་པའི་སྤྱོད་ཡུལ་ཅན་གྱི་ཤེས་པ་དང་སྒྲ་དག་གིས་ཐ་སྙད་མེད་པའི་དོན་ཅན་རྒྱས་པར་བྱེད་དོ། །དེའི་འབྲས་བུ་ཅན་ཡིན་པའི་དོན་གང་ཡིན་པ་དེ་ལས་ཐ་དད་པ་དེའི་མཐར་ཐུག་པ་སྟེ། འདིས་ནི་འདིའི་ཡུལ་བརྗོད་དོ། །

ཉམས་སུ་མྱོང་བའི་བག་ཆགས་ཞེས་བྱ་བའི་རྒྱུ་མཚན་བཤད་པའི་ཕྱིར་རང་བཞིན་དེ་འཛིན་ཅེས་སྨོས་ཏེ། དེ་ཞེས་བྱ་བ་ནི་དེའི་འབྲས་བུ་ཅན་མ་ཡིན་པ་ལས་ཐ་དད་པའོ། །ཐ་དད་པ་ཅན་ལས་ཐ་དད་པ་གཞན་མ་ཡིན་པའི་ཕྱིར་ཐ་དད་པ་ཅན་ཉིད་བརྗོད་པ་ཡིན་ནོ། །དེ་འཛིན་པ་ནི་ཉམས་

སུ་མྱོང་བ་སྟེ་དེའི་བག་ཆགས་ཀྱིས་བསྐྱེད་པའི་ཕྱིར་དེ་ལས་སྐྱེ་བ་ཡིན་ནོ། །ངོ་བོ་དེ་ནི་ཕྱི་རོལ་ལྟ་བུ་དང་། གཅིག་པ་ལྟ་བུ་དང་། གཞན་ལས་ལོག་པ་ལྟ་བུ་སྟེ། དེ་ལྟ་བུ་མ་ཡིན་ཡང་དེ་ལྟ་བུར་ཞེན་པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ཉིད་བཤད་པ་ནི། དེ་ཉིད་མིན་ཞེས་བྱ་སྟེ། ཕྱི་

རོལ་ལ་སོགས་པ་དེ་ཉིད་ལས་འདས་པ་ཉིད་དོ། །དེས་ན་དེ་སྐད་བརྗོད་དོ། །ཇི་ལྟར་ཞེ་ན། བརྟག་པའི་ཡན་ལག་མེད་པའི་ཕྱིར་རོ། །བརྟག་པ་ནི་དགོས་པས་རབ་ཏུ་སྦྱར་བ་ཡིན་ན། འདི་ནི་དགོས་པ་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེ་སྒྲུབ་པ་དང་མི་མཐུན་པ་ཉིད་དུ་རིག་པའི་ཕྱིར་རོ། །

Vol. 182 · folio 247b

དེས་ན་བརྟག་པའི་ཡན་ལག་མ་ཡིན་པ་ཉིད་དོ། །གང་གི་ཕྱིར་ལྡོག་པའི་ངོ་བོ་ཅན་ཡིན་པ་དེའི་ཕྱིར་ཐ་དད་པ་ཡིན་ཏེ་དེས་ན་ལྡོག་པའི་ངོ་བོ་ཅན་ཉིད་ཀྱིས་ཐ་མི་དད་པ་ཉིད་དུ་བརྗོད་པ་ཡིན་ནོ། །དེས་ན་དེ་ལྟར་དེ་དག་གི་སྤྱིའི་ཐ་སྙད་བཤད་དོ། །གཞི་མཐུན་པའི་ཐ་སྙད་བཤད་པ་ནི། དེ་ཉིད་གཞན་

ལས་ལོག་པར་ཡང་ཞེས་བྱ་བའོ། །ད་ནི་དངོས་པོའི་ཡུལ་ཅན་མ་ཡིན་པ་ཉིད་ལ་སྐྱོན་སྤོང་བའི་གཞུང་སྡུད་པ། དངོས་པོ་རྣམས་ཀྱི་ཞེས་བྱ་བས་འཆད་དོ། །དེ་ཀུན་ཞེས་བྱ་བ་སྤྱི་ལ་སོགས་པའི་ཡུལ་ཅན་གྱི་ཐ་སྙད་ནི་དོན་ཐ་དད་པ་ལ་བརྟེན་པ་ཡིན་ཏེ། དེ་ཉམས་སུ་མྱོང་བའི་རྩ་བ་ཅན་ཡིན་

པའི་ཕྱིར་རོ། །དེས་ན་རྗེས་སུ་དཔག་པ་རྣམ་པ་གཉིས་པོ་ལ་དངོས་པོའི་ཡུལ་མ་ཡིན་ཡང་དངོས་པོ་རྙེད་པའི་རྒྱུ་མཚན་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ། །འདིར་བསམ་པ་ནི། འདི་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་གཞུང་དུ་བཤད་ཟིན་ཏོ། །ཐ་སྙད་འདིའི་ཕན་ཚུན་མེད་པ་ལ་བརྟེན་པ་ཉིད་

བརྟེན་པའི་ཕྱིར་དེ་ལ་ཞེས་བྱ་བ་སྨོས་སོ། །ཁྲ་བོ་ལ་སོགས་པ་དུ་མའང་འབྲས་བུ་གཅིག་པ་ཅན་དག །གང་དག་དེའི་འབྲས་བུ་ཅན་མིན་པ་དེ་ལས་གཞན་ལ་བརྟེན་པའི་བརྗོད་པ་དང་། ཤེས་པས་ཐ་སྙད་གཅིག་ཏུ་ཉེ་བར་བྱེད་ལ། གཅིག་ཀྱང་དུ་མ་བྱེད་པ་ལ་དེའི་རང་བཞིན་བསྟན་པའི་

འབྲས་བུ་ཅན་མ་ཡིན་པའི་དོན་ལས་ཐ་དད་པར་སྣ་ཚོགས་སུ་སྟོན་ཏོ། །དེས་ནི་དེ་ལྟར་གྱུར་པ་ན། དེའི་ཡུལ་ཅན་ཉིད་ཀྱིས་ཐ་སྙད་ཉམས་སུ་མྱོང་བ་ལ་བརྟེན་པ་ཡིན་ཡང་ནོར་བའི་དོན་ཅན་ཉིད་དུ་གཞུང་བཙུགས་པ་ཡིན་ནོ། །ད་ནི་རང་གི་མཚན་ཉིད་ལ་མི་རྟག་པ་ལ་སོགས་པ་མེད་པ་ཡང་

མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་བརྗོད་པའི་ཕྱིར། སྒྲ་དོན་འདི་དང་ཞེས་སྨོས་སོ། །སྒྲ་དོན་འདི་ནི་ཡོད་པ་མ་ཡིན་ཡང་ཇི་ལྟར་གྲགས་པ་བཞིན་དུ་བརྗོད་པ་ཡིན་ལ། དེ་ལ་དེ་བཞིན་ཁོ་ནར་བརྟེན་ནས་ནི་བསྒྲུབ་བྱ་སྒྲུབ་པ་ཀུན་དུ་གཞག་པ་དམ་པའི་དོན་ལ་འཇུག་པར་བྱ་བའི་ཕྱིར་རྣམ་

པར་གཞག་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། བྱས་པ་ཉིད་དང་མི་རྟག་པ་ཉིད་ལ་སོགས་པ་དངོས་པོ་ཉིད་དུ་རྟོགས་ཀྱང་དངོས་པོར་ཡང་ཡོད་པ་མ་ཡིན་ཏེ། ཤེས་པ་ཉིད་དུ་ཡོད་པའི་ཕྱིར་རོ། །དེས་ན་དེ་ལྟ་བུར་གྱུར་པའི་སྒྲས་བརྗོད་པར་བྱ་བའི་དོན་ལ་བརྟེན་ནས་བྱས་པ་ཉིད་ནི་སྒྲུབ་

Vol. 182 · folio 248a

བྱེད་ལ་མི་རྟག་པ་ཉིད་ནི་བསྒྲུབ་པར་བྱ་བ་ཞེས་ཕྱི་རོལ་ཉིད་རྟོགས་པའི་སྤྱོད་ཡུལ་དུ་བྱེད་དེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །དེས་ན་དོན་ལ་མི་རྟག་པ་ཉིད་ལ་སོགས་པ་མེད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་དོན་དམ་པ་ལ་འཇུག་པ་ཉིད་མི་འགྲུབ་པའམ་རྟོགས་པ་མེད་པར་འགྱུར་

རོ། །གཞི་མཐུན་པ་ཡང་སྒྲ་མི་རྟག་ཅེས་བྱ་བ་ལྟ་བུར་བསྒྲུབ་བྱ་དང་སྒྲུབ་པ་གནས་པའི་ཡན་ལག་ཏུ་གྱུར་ལ་ཇི་ལྟར་གྲགས་པ་བཞིན་ཉིད་བཤད་པ་ནི། དངོས་ལ་འདི་ནི་མི་སྲིད་དོ། །ཞེས་བྱ་བ་ཡིན་ནོ། །འདིར་རེས་འགའ་ནི་གཞི་ཐ་དད་པར་ཡང་ཆོས་དང་ཆོས་ཅན་གྱི་དངོས་པོའི་ཡན་

ལག་ཏུ་འགྱུར་ཏེ། དཔེར་ན་འདི་ན་མེའོ་ཞེས་བྱ་བ་བཞིན་ནོ། །དེའི་ཆོས་དང་ཆོས་ཅན་གྱི་དངོས་པོའི་རང་བཞིན་ཉིད་དུ་བཤད་པ་ནི་ཆོས་དང་ཆོས་ཅན་རྣམས་གཞག་པ་ཞེས་བྱ་བའོ། །དེ་བཞིན་ཉིད་དོན་མ་བརྟགས་པ་དེ་ནི་དེ་བཞིན་ཁོ་ནར་ཞེས་འབྲེལ་ཏོ། །དེ་བཞིན་དུ་ཐ་དད་ཐ་དད་མིན་པ་

ཅི་འདྲ་བ་ཞིག་ལྡོག་པའི་ས་བོན་ཡིན་པ་དེ་དེ་བཞིན་ཁོ་ནར་ཞེས་དངོས་པོ་ལ་གཅིག་དང་དུ་མར་འཛིན་པ་ནི་འཁྲུལ་པ་ཡིན་ཏེ་ཞེས་བྱ་བ་ལ་སོགས་བརྗོད་པ་ནི་དམ་པའི་དོན་གྱི་ཞེས་བྱ་བ་ཡིན་ནོ། །ཁྲ་བོ་དང་སེར་སྐྱ་དག་ནི་བ་ལང་ཉིད་ཀྱིས་འདྲེ་བ་ཡིན་ལ། དོན་གཅིག་ལ་ཡང་ཁྲ་བོ་དང་བ་ལང་ངོ་

ཞེས་བྱ་བ་ནི་ཐ་དད་པ་ཡིན་ཏེ། དེ་དག་ནི་དོན་རྣམས་ཀྱི་རང་གི་བདག་ཉིད་ལ་མེད་དོ། །ཇི་ལྟ་ཞེ་ན། གཏན་ཚིགས་ཀྱི་དོན་ལ་དང་གི་སྒྲའོ། །ད་ནི་ཐམས་ཅད་དུ་བློ་དེ་ཁོ་ན་ཅི་སྟེ་མི་སྦྱོར་ཞེས་བྱ་བ་འཆད་པ་ནི། དེས་སྤྱི་ཞེས་བྱ་བའོ། །སྤྱི་དང་ཁྱད་པར་ཞེས་བྱ་བའི་བྱེ་བྲག་སྟེ། བྱེ་བ་འདི་ནི་བློའི་

དོན་ལ་ཡིན་ནོ། །ཇི་ལྟ་ཞེ་ན། དེ་ཉིད་ལ་ཞེས་སྨོས་སོ། །གང་གི་ཕྱིར་དེ་ཉིད་ལ་ཆོས་ཀྱི་དབྱེ་བ་ཀུན་བརྟགས་པ་དེའི་ཕྱིར་ཆོས་ཀྱི་བྱེ་བྲག་འགའ་ཞིག་ནི་རྗེས་སུ་འཇུག་ལ་འགའ་ཞིག་ནི་ལྡོག་པའི་ཕྱིར་སྤྱི་དང་ཁྱད་པར་སྣ་ཚོགས་པར་འགྱུར་བ་ཡིན་ནོ། །ཇི་ལྟར་བློ་ཉིད་ཡིན་གྱི་དོན་མ་

ཡིན་ཞེ་ན། བསྒྲུབ་བྱ་སྒྲུབ་པར་རྟོག་པ་ལ་ཞེས་སྨོས་སོ། །གང་གི་ཕྱིར་ཆོས་ཀྱི་དབྱེ་བ་ནི་བསྒྲུབ་བྱ་སྒྲུབ་བྱེད་དུ་རྟོགས་པ་ལ་ཡོད་པ་ཡིན་ནོ། །གལ་ཏེ་དེ་དོན་ལ་ཡོད་པ་ཉིད་ཡིན་ན་ནི་དེའི་ཚེ་བསྒྲུབ་བྱ་སྒྲུབ་པར་རྟོགས་པ་ལ་དངོས་པོ་མཐོང་བ་ཡོད་པར་འགྱུར་བའི་ཕྱིར་བསྒྲུབ་བྱ་

Vol. 182 · folio 248b

སྒྲུབ་པར་རྟོགས་པ་ཉིད་དུ་མི་འགྱུར་རོ། །དེས་ན་དངོས་པོ་མཐོང་བ་ཉམས་པའི་ཕྱིར་འདི་ནི་བློའི་ཡུལ་ཉིད་དོ། །ཇི་ལྟར་བྱ་བ་འདི་བློ་ཉིད་ལ་མངོན་པར་བརྗོད་དོ། །གང་གི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོས་བ་ལང་གི་ལྡོག་པའི་ཁྱད་པར་ཅན་རང་གི་མཚན་ཉིད་བཟུང་བར་ཞལ་གྱིས་བཞེས་པའི་

ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ནོ་ཞེས་བཤད་པ་ནི། ཁྱད་པར་ནི་རང་གི་མཚན་ཉིད་ལ། སྤྱི་དང་འདྲེས་ཞེས་བྱ་བ་ནི་ལྡོག་པ་ཁྱད་པར་དུ་བྱས་པའི་རང་གི་མཚན་ཉིད་གཟུང་བར་བྱ་བ་མ་ཡིན་ནོ། །ཇི་ལྟར་ཞེ་ན། བཤད་པ། དེ་ནི་སྤྱི་དང་ཁྱད་པར་ལ་སོགས་པའི་རང་བཞིན་དུ་གཟུང་བར་བྱ་བ་མ་

ཡིན་པའི་ཕྱིར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན་ཞེས་སྟོན་པ་ནི་གཅིག་ལ་ཁྱད་པར་རྣམ་པ་མང་པོ་དག་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་རང་གི་མཚན་ཉིད་ནི་སྒྲའི་ཡུལ་མ་ཡིན་ལ་རྣམ་པར་རྟོག་པའི་ཡང་མ་ཡིན་ནོ་ཞེས་བཤད་པ་ནི། དེའི་ངོ་བོ་ཞེས་བྱ་བའོ། །དེས་ན་དེ་ལྟར་དོན་གྱི་རང་གི་ངོ་བོ་

གཅིག་ཅེས་བྱ་བ་ལ་སོགས་པའི་རབ་ཏུ་དབྱེ་བ་འདིའི་མཐར་ཐུག་པས་ནི་དངོས་པོ་ལ་བསྒྲུབ་བྱའི་ཡུལ་ཅན་གྱི་གཉེན་པོར་གྱུར་པ་ཐ་དད་པའི་དོན་ཅན་ཉིད་བཤད་ལ། དེ་ཡང་སྒྲོ་འདོགས་རྣམ་པར་གཅོད་པའི་རང་བཞིན་ཁོ་ནའོ། །དོན་དེ་ལ་ཡང་ལྡོག་པ་ཉིད་ཀྱི་རང་བཞིན་གྱི་ཡུལ་ཡང་དངོས་

སུ་ནི་མ་ཡིན་གྱི། འོན་ཀྱང་ལྷག་པར་ཞེན་པ་ལ་ལྟོས་ནས་ཡིན་ནོ། །དངོས་པོའི་ཡུལ་ཅན་མ་ཡིན་ན་ཡང་རྣམ་པར་གཞག་པ་མི་འགལ་བའི་ཕྱིར་ལྟོས་པ་མཐའ་དག་སེལ་བ་གཞན་སེལ་བའི་ཡུལ་ཅན་ཉིད་ཡོངས་སུ་རྫོགས་པ་རྣམ་པར་གཞག་པ་ཡིན་ནོ། །ད་ནི་རྣམ་པ་གཞན་གྱིས་ཀྱང་

རྣམ་པར་གཞག་པའི་ཕྱིར་སྐབས་དང་འབྲེལ་པ་ཉིད་དུ་བརྗོད་པ་ནི་ཡང་ཅིའི་ཕྱིར་ཞེས་བྱ་བས། དེ་དེ་བཞིན་དུ་རྟོགས་བྱེད་པའི། །སྒྲ་ཡོད་མ་ཡིན་རྟོགས་པ་ཡང་། །ཞེས་བཤད་པ་ལ་རྩོད་པར་བྱེད་དོ། །འདིར་ནི་དེས་སྤྱི་ཁྱད་པར་དུ་ཞེས་བྱ་བའི་བྱེ་བྲག་འདི་ནི་བློ་དོན་ལ་ཞེས་བྱ་བས་དེ་ཉིད་སྒྲ་

དང་རྣམ་པར་རྟོག་པ་དག་གི་ཡུལ་ཡིན་གྱི། རང་གི་མཚན་ཉིད་ནི་མ་ཡིན་ནོ་ཞེས་གནས་པ་ན། དེའི་ཡུལ་ལ་བརྒལ་ཞིང་བརྟག་པར་བྱེད་དོ། །མི་སྦྱོར་བའི་གཏན་ཚིགས་བཤད་པ་ནི། གང་གི་ཕྱིར་ཞེས་བྱ་བའོ། །བརྡར་བཏགས་པའི་ཁྱད་པར་ཅན་སྒྲའི་བརྗོད་པར་བྱ་བར་

Vol. 182 · folio 249a

བསྟན་ཏོ། །དེ་སྟོན་པ་ནི་དེ་ལ་རབ་ཏུ་སྦྱོར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་རྟོགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་དངོས་པོའི་རང་བཞིན་ཉིད་ཀྱིས་སྒྲ་རྣམས་དོན་ལ་འཇུག་པར་འགྱུར་ན་ནི། དེ་དག་གི་དེ་རང་གི་མཚན་ཉིད་ལས་

འགྱུར་ཏེ། དཔེར་ན་མིག་ལ་སོགས་པ་དེ་བཞིན་ནོ། །གང་གི་ཚེ་དེ་དག་དེར་མཐོང་བ་ལ་ལྟོས་ནས་འཇུག་པ་དེའི་ཚེ་རང་གི་མཚན་ཉིད་ལ་མི་འཇུག་གོ། །དངོས་པོ་ལ་འབྲེལ་པ་ཡོད་ཀྱང་ཐ་སྙད་ལ་དེ་དག་གི་འཇུག་པ་ནི་མཐོང་བ་ལ་ལྟོས་པ་ཡིན་ལ། འབྲེལ་པ་མེད་ན་ནི་ཐ་སྙད་ལ་

མཐོང་བ་དེ་ཉིད་བརྡར་འགྱུར་བ་ཡིན་གྱི་མཐོང་བ་ལ་ལྟོས་པ་ལ་ནི་རྩོད་པ་མེད་པ་ཁོ་ནའོ། །གལ་ཏེ་རང་གི་མཚན་ཉིད་ཁོ་ན་ལ་བརྡར་བྱས་པ་རང་གི་མཚན་ཉིད་ཁོ་ན་ལ་སྦྱོར་བར་འགྱུར་བ་མ་ཡིན་ནམ། ཇི་ལྟར་དེ་ལ་མི་སྦྱོར་ཞེ་ན། དོགས་པ་འདི་བསུ་ནས་བརྡའི་དགོས་པ་སྟོན་པས་དེ་

ལ་མེད་པར་བཤད་པ་ནི། དེ་ནི་ཐ་སྙད་ཆེད་དུ་བྱས། །ཞེས་བྱ་བའོ། །གང་གི་ཚེ་འདི་དགོས་པ་དེ་དག་དེའི་ཚེ་སྒྲ་འདི་ལས་རིག་པར་བྱ་སྟེ། བླང་བའམ་སྤང་བར་བྱའོ་ཞེས་བྱ་བ་འདིའི་དོན་དུ་སྒྲ་དགོད་པ་ཡིན་གྱི། དེ་ལ་སྒྲ་བཀོད་པས་དེ་ཉིད་ཀྱི་ཚེ་རྟོགས་པ་ལ་ནི་དོན་འགའ་ཡང་མེད་

དོ། །ལན་ཅིག་རྟོགས་པས་ནི་དགོད་པའི་གཞིར་གྱུར་ཀྱང་ཇི་སྐད་བརྗོད་པའི་བསམ་པས་དེ་ལ་སྦྱོར་བར་འགྱུར་བ་གང་ཡིན་པ་འགལ་ཡང་སླར་འགྱུར་བ་ཡོད་པ་མ་ཡིན་ནོ། །དེས་ན་རང་གི་མཚན་ཉིད་ལ་བརྡ་མ་ཡིན་པའི་ཕྱིར་དེ་ལ་སྒྲ་སྦྱོར་བ་མེད་དོ། །དེ་ཉིད་བཤད་པ་ནི། སྒྲ་རྣམས་

ཀྱིས་ནི་ཞེས་བྱ་བ་ཡིན་ནོ། །འདིར་མདོ་བཞིན་དགོས་པ་སྦྱར་བར་བྱའོ། །ཐ་སྙད་ཀྱི་དོན་དུ་འདོགས་ན་ཞེས་བརྗོད་པས་ནི་ཅི་ནས་ཀྱང་ཞེས་བྱ་བ་ནི་ཐ་སྙད་ཡིན་ལ། དེ་ལ་ཡང་དེ་ཉེ་བར་མཁོ་བར་བཤད་པ་ཡིན་ནོ། །སྒྲ་དེ་ནི་ཡུལ་ལ་སོགས་པ་ཐ་དད་ལ་མི་འཇུག་པའི་ཕྱིར་ཕྱིས་མི་འཇུག་གོ། །

རང་གི་མཚན་ཉིད་ནི་ཡུལ་དང་དུས་དང་རྣམ་པ་ངེས་པ་ཡིན་ཏེ། དེ་བས་ན་གང་གིས་དེ་ལས་གཞན་ལ་འཇུག་པར་འགྱུར་བ་དེ་ལ་ངེས་པར་སྦྱར་བས་ཡུལ་དང་དུས་དང་རྣམ་པ་སྤོང་བར་ཇི་ལྟར་འགྱུར། རང་གི་མཚན་ཉིད་ལ་མི་སྦྱོར་མོད། འོན་ཀྱང་སྤྱི་ལ་འགྱུར་བའི་ཕྱིར་བློའི་དོན་གྱི་

Vol. 182 · folio 249b

ཡུལ་ཅན་ཉིད་རྩོད་པ་དང་བཅས་པ་ཡིན་ནོ་ཞེས་རྩོད་པ་ནི། འོ་ན་སྤྱི་ཞེས་བྱ་བའོ། །སྒྲ་ནི་མཐོང་བ་ལ་ལྟོས་པ་ཡིན་ནོ། །རང་གི་མཚན་ཉིད་ཡུལ་ཡིན་ན་མཐོང་བའི་རང་གི་མཚན་ཉིད་རྗེས་སུ་མི་འཇུག་པ་དང་། རང་གི་མཚན་ཉིད་གཞན་དུ་ཡང་མ་མཐོང་བས་ན་སྦྱོར་བར་འགྱུར་རོ། །སྤྱི་

ཡུལ་ཡིན་ན་ནི་སྐྱོན་འདི་མེད་དེ། ཁྱབ་པའི་ཕྱིར་ཡང་དང་ཡང་ཉེ་བར་གནས་པ་དེར་ཉེ་བར་མཁོ་བ་ཡོད་ན་སྦྱོར་བའི་རྟེན་ཉིད་དུ་མི་འགལ་བའི་ཕྱིར་རོ་ཞེ་ན། འདི་ཟློག་པར་བྱེད་པ་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འདི་ལྟར་དོན་བྱེད་པར་ནུས་པ་ཤེས་ནས་དོན་བྱེད་པ་བསྒྲུབ་པའི་ཕྱིར་འཇུག་པར་འགྱུར་རོ་

ཞེས་དོན་རྣམས་ལ་རྗོད་པར་བྱེད་པ་སྦྱོར་བར་བྱེད་དོ། །སྔར་ནི་གང་གིས་རང་གི་མཚན་ཉིད་ཀྱི་ཡུལ་ཅན་སྤངས་པར་འགྱུར་བ་ལན་ཅིག་བཀོད་པ་ཡང་རྟོགས་པའི་འབྲས་བུ་ཅན་ཐ་སྙད་ཀྱི་དོན་དུ་བསྟན་པ་ཡིན་ལ། ད་ལྟ་ནི་ཐ་སྙད་དེ་ཉིད་ཀྱི་དགོས་པ་ཇི་ལྟ་བུར་གྱུར་པ་དེ་བརྟགས་པས་ཐ་སྙད་དུ་

བྱས་པའི་དོན་སྤྱིའི་རང་བཞིན་དུ་ཉེ་བར་སྟོན་པས་སྤྱིའི་ཡུལ་ཅན་ཉིད་གསལ་བའི་ཕྱིར་འདི་བརྗོད་དོ། །འདི་ལྟར་གལ་ཏེ་སྒྲ་ངེས་པར་སྦྱར་བའི་ཡུལ་ཇི་ལྟར་རྟོགས་བཞིན་པའི་རང་བཞིན་དེ་ལྟ་བུའི་སྤྱི་སྲིད་ན་ནི། སྤྱི་ཡུལ་དུ་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །དེ་ལ་རང་ངམ་གཞན་དོན་བྱ་བ་དོན་དུ་

གཉེར་བས་དོན་བྱ་བ་ནུས་པའི་རང་བཞིན་རྟོགས་པར་བྱ་བའི་ཕྱིར་སྒྲ་སྦྱོར་བ་ཡིན་ནོ། །དེས་ན་སྤྱི་དོན་བྱ་བར་ནུས་པ་ཉིད་ཡིན་ན་རིགས་སྦྱོར་བའི་ཡུལ་དུ་འགྱུར་གྱི། དོན་བྱ་བ་ནུས་པའི་ཡུལ་མ་ཡིན་ན་ནི། སྒྲ་ངེས་པར་སྦྱར་བ་རིགས་ཀྱི་ཡུལ་ཅན་དུ་མི་འགྱུར་རོ། །དེས་ན་འདིས་ནི་ངེས་པར་

སྦྱོར་བ་ནི་དོན་བྱ་བར་ནུས་པའི་ཡུལ་ཅན་ཡིན་ནོ་ཞེས་གཞུང་བཙུགས་པ་ཡིན་ནོ། །འདི་ཉིད་བཤད་པ་ནི་འཇིག་རྟེན་ན་ཞེས་བྱ་བ་ཡིན་ནོ། །རེ་ཞིག་འཇིག་རྟེན་པའི་འཇུག་པ་དང་ལྡོག་པའི་མཚན་ཉིད་ཀྱི་ཐ་སྙད་ཐམས་ཅད་ནི་འབྲས་བུ་འདོད་པ་སྔོན་དུ་འགྲོ་བ་ཅན་ཁོ་ནའོ། །དེས་ན་བརྡ་སྦྱར་བ་

ལས་འབྲས་བུ་འདོད་པའམ་དེ་སྦྱར་བའི་ཡུལ་ལས་འབྲས་བུ་འདོད་པར་འགྱུར་གྲང་ན། དེ་ལ་རེ་ཞིག་རྣམ་པར་རྟོག་པ་དང་པོ་ནི་མ་ཡིན་ཏེ། འཇིག་རྟེན་གྱི་རྟོགས་པ་ནི་དོན་ལ་བརྟེན་པའི་འབྲས་བུ་འདོད་པའི་རྣམ་པ་ཅན་ཡིན་པའི་ཕྱིར་ཡིན་གྱི། ངེས་པར་སྦྱར་བ་ཉིད་ལས་འབྲས་བུ་གྲུབ་པར་

Vol. 182 · folio 250a

རྟོགས་པ་མ་ཡིན་ནོ། །འཇིག་རྟེན་པའི་འདོད་པ་ལས་བཟློག་ནས་ངེས་པར་སྦྱོར་བ་ལ་འབྲས་བུ་འདོད་པ་ནི་ཉམ་ང་བ་ཞེས་བརྗོད་དོ། །རིགས་པ་ནི་འདིར་འཐད་པས་གྲུབ་པ་ཉིད་ཀྱིས་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་འཇིག་རྟེན་པའི་རྟོགས་པ་དཔྱད་པ་ཉིད་ཀྱིས་བཤད་པ་

ཡིན་ནོ། །འབྲས་བུའི་རང་བཞིན་བཤད་པ་ནི། །དེ་ནི་ཐམས་ཅད་ཀྱང་ཞེས་བྱ་བ་སྟེ། འབྲས་བུ་ནི་ཐམས་ཅད་ཉིད་ནི་འདོད་པ་དང་མི་འདོད་པ་བདེ་བ་དང་སྡུག་བསྔལ་དག་བདག་ཉིད་ལ་འབྲེལ་པ་དང་བཟློག་པ་ཡིན་ཏེ། འདི་ལྟར་འདི་བདག་ཉིད་བདེ་བ་དང་འབྲེལ་པར་འགྱུར་བ་དང་སྡུག་བསྔལ་དང་བྱེ་

བར་བྱས་པ་ནི་འབྲས་བུར་སེམས་པ་ཡིན་ནོ། །དེས་ན་འདི་རང་གི་བདག་ཉིད་དམ་གཞན་ལ་འབྲས་བུ་དེ་བསྐྱེད་པའི་དོན་དུ་དེའི་སྒྲུབ་པར་བྱེད་པ་དང་སྒྲུབ་པར་བྱེད་པ་མ་ཡིན་པ་ཤེས་པ་སྔོན་དུ་འགྲོ་བ་ཅན་གྱི་འཇུག་པ་དང་ལྡོག་པ་དག་ནི་སྦྱར་བའི་འབྲས་བུ་ཡིན་པའི་ཕྱིར་ངེས་པར་སྦྱར་བ་ནི་དོན་བྱ་བར་

ནུས་པའི་ཡུལ་ཅན་དུ་རྟོགས་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེ་དེ་ལྟར་གནས་པ་ན་རིགས་དེ་ནི་བྱེད་པར་ནུས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ་ནི། དེ་ལ་རིགས་དོན་བྱེད་རུང་མིན། །ཞེས་བྱ་བའོ། །འབྲས་བུ་སྒྲུབ་པར་བྱེད་པ་ནི་བྱ་བ་དང་ལྡན་པ་ཡིན་ལ། །བྱ་བ་དང་ལྡན་པ་ཡང་རྫས་ཁོ་ན་

ཡིན་ཏེ། དེས་ན་རིགས་དོན་བྱེད་པ་མ་ཡིན་ནོ། །དོན་བྱ་བ་བྱེད་པར་རྟོགས་པ་ལ་བཀོད་པའི་སྒྲ་དག་ནི་དོན་བྱ་བ་མི་ནུས་པའི་ཡུལ་དུ་རྟོགས་པར་ནུས་པ་ཡང་མ་ཡིན་ནོ། །དེ་ལ་འཁྲུལ་པ་ཡིན་ནོ་ཞེ་ན། འོ་ན་ནི་ཐ་སྙད་རྗེས་སུ་འགྲོ་བའི་སྤྱོད་ཡུལ་ཉིད་དུ་རྟོགས་པ་ཡང་འཁྲུལ་བ་ཡིན་པའི་ཕྱིར་རང་གི་

མཚན་ཉིད་ཀྱི་ཡུལ་ཅན་དུ་འགྱུར་བའམ། རྟོགས་པ་འགའ་ཞིག་འཁྲུལ་པར་མི་འཐད་པ་ཡིན་ན་ནི། རང་གི་ཁོ་ནར་འགྱུར་རོ། །དཔེར་ན། སྒྲ་རྣམས་ཀྱིས་ནི་བརྡར་བཏགས་སྟོན། །ཞེས་བྱ་བས་རྗེས་སུ་འགྲོ་བ་ལ་རྟོགས་པ་ནི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་མ་ཡིན་ནོ་ཞེ་ན། བཤད་

པ། དེ་བཞིན་དུ་དོན་བྱ་བར་ནུས་པའི་ཡུལ་ཅན་དུ་རྟོགས་པའི་ཕྱིར་དོན་བྱ་བ་མི་ནུས་པའི་ཡུལ་ཅན་མ་ཡིན་ནོ། །དོན་དུ་ནུས་པར་རྟོགས་པ་འཁྲུལ་པ་ཡིན་ནོ་ཞེ་ན། འོ་ན་ནི་ཐ་སྙད་རྗེས་སུ་འགྲོ་བའི་སྤྱོད་ཡུལ་ཉིད་དུ་རྟོགས་པ་ཡང་འཁྲུལ་པ་དེས་ན་རྟོགས་པ་དེ་རང་གི་མཚན་ཉིད་ཀྱི་

Vol. 182 · folio 250b

ཡུལ་ཅན་དུ་འགྱུར་བའམ་རྟོགས་པ་འགའ་ཞིག་འཁྲུལ་པར་མི་འཐད་ན་ནི། རང་ཉིད་གནོད་པ་མེད་པའི་དམིགས་པ་ཇི་ལྟར་རྟོགས་པ་བཞིན་རྟོགས་པ་ན། དོན་བྱ་བ་ནུས་པའི་བློ་སྤྱི་ལ་དམིགས་པ་མ་ཡིན་ནོ། །དེས་ན་རིགས་ཀྱི་ཡུལ་ཅན་ཉིད་ཀྱི་སྒྲ་འགོད་པ་ནི་མ་ཡིན་ནོ། །རིགས་ནི་

དོན་བྱེད་པར་མི་ནུས་ཀྱང་དོན་བྱེད་པར་ནུས་པ་རྟོགས་པར་བྱ་བ་ཉིད་ཀྱི་ཕྱིར་བརྗོད་པ་ཡིན་ནོ། །རང་གི་མཚན་ཉིད་ནི་ཐ་སྙད་ལ་བརྗོད་པར་མི་ནུས་པ་ཡིན་གྱི་མེད་པ་ནི་མ་ཡིན་པས་ན། རྗེས་སུ་འགྲོ་བ་ནི་དོན་བྱེད་པར་མི་ནུས་ཀྱང་བརྗོད་པར་བྱ་བ་ཡིན་ཏེ། དེ་རྟོགས་པར་འགྱུར་བའི་ཕྱིར་ལ། དེ་

ཡང་དོན་བྱ་བ་བྱེད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་གལ་ཏེ་གསལ་བ་བསྟན་པར་མི་ནུས་པའི་ཕྱིར་ཞེས་སྨོས་སོ། །འདི་བཟློག་པའི་ཕྱིར་བཤད་པ་ནི་འབྲེལ་པ་ཡོད་དུ་ཟིན་ཀྱང་ཞེས་བྱ་བའོ། །ཐ་སྙད་ལ་བསྟན་པར་མི་ནུས་པའི་གསལ་བ་མཚོན་པའི་ཕྱིར་གྱིས་བརྗོད་པ་ཡིན་ན་མཚོན་པ་དེའི་

སྒྲའི་བྱེད་པའམ་རིགས་ཀྱི་བྱེད་པ་ཡིན་པར་འགྱུར། གང་གིས་ན་སྒྲོགས་སོ་ཞེས་བྱ་བར་རྒྱུན་སྟོན་པར་བྱེད་པ་གང་གི་སྒྲ་ནི་དེ་ལ་སྒྲོགས་པ་མི་སྲིད་པས་ན། ཚིག་གི་དོན་གཞན་དང་འབྲེལ་པ་འགལ་བའི་ཕྱིར་གལ་ཏེ་རང་གི་དོན་བསྟན་པ་ལ་དོན་གཞན་དང་འབྲེལ་པར་གོ་བར་བྱེད་པ་དེ་ལྟར་

བསྟན་པ་ཡིན་པའི་ཕྱིར་སྒྲའི་བརྗོད་བྱ་ཉིད་དུ་འགྱུར་བ་དེས་ན། མཚོན་པ་ཞེས་བྱ་བ་དེ་ཅི་ཞིག །དེ་ལྟར་རྟོགས་པ་གཞུང་བཙུགས་པར་ཡང་མི་འགྱུར་རོ། །ཇི་ལྟར་འདིར་དངོས་ཀྱི་དོན་མཚོན་པའི་ཡུལ་ལས་གཞན་ཉིད་དུ་ངེས་པ་དེ་བཞིན་དུ་བ་ལང་ཁྱེར་ལ་ཤོག་ཅེས་བྱ་བ་ལ་བ་ལང་གི་ཚིག་གི་

དོན་ཁྱེར་ཏེ་འོང་བའི་བྱ་བ་དང་འབྲེལ་པ་མེད་པའི་ཕྱིར་གསལ་བ་ལ་ཕྱོགས་པར་རྟོགས་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ཉིད་དེ་ལྟར་རྟོགས་པ་ཡིན་པ་དེས་ན་རིགས་ཀྱི་དོན་ཉམས་སོ། །སློབ་དཔོན་གྱིས་ཁས་བླངས་ནས་ཀྱང་རིགས་སྒྲའི་དོན་ཡིན་ན། རྣམ་པ་ཐམས་ཅད་དུ་གསལ་བ་རྟོགས་

པ་མེད་པར་བསྒྲུབ་པར་བྱ་བའི་ཕྱིར་འདི་སྐད་གསུངས་སོ། །མཚོན་པའི་ཡུལ་ནི་སྒྲའི་དོན་མ་ཡིན་པའི་ཕྱིར་འབྲེལ་པ་ཡོད་དུ་ཟིན་ཀྱང་སྒྲས་མ་བརྗོད་པ་དེ་ལ་འཇུག་པར་མི་འཐད་དོ། །གསལ་བའི་སྒྲའི་དོན་ཡིན་མི་སྲིད་པའི་ཕྱིར་དེ་སྒྲས་མ་བརྗོད་པ་ན། རིགས་དེ་དང་འབྲེལ་པའི་ཕྱིར་

Vol. 182 · folio 251a

དེའི་ཅི་ཞིག་ལྟར་རྟོགས་པ་ན། སྒྲ་ལས་རྟོགས་པ་མ་ཡིན་པའི་ཕྱིར་དང་། དེ་ཉིད་ཚད་མ་ཡིན་པའི་ཕྱིར་རམ་བརྗོད་པར་འདོད་པ་སྟོན་པར་བྱེད་པ་ཡིན་པའི་ཕྱིར་ཚད་མས་གྲུབ་པའམ། སྨྲ་བ་པོའི་མངོན་པར་འདོད་པ་དེ་ལྟར་རྟོགས་པ་ན་ཇི་ལྟར་རྟོགས་པ་ཡིན།

འབྲེལ་དུ་ཟིན་ཀྱང་སྒྲ་རྟོགས་པར་བྱེད་པ་མ་ཡིན་ན། དོན་གྱིས་རྟོགས་པ་མ་ཡིན་ནོ་ཞེས་བཤད་པ་ནི། འགའ་ཞིག་ལ་ཁར་བ་ཆོད་ཅིག་ཅེས་སྨྲས་ན་ཞེས་བྱ་བའོ། །ཁར་བ་ཆོད་ཅིག་ཅེས་སྨྲས་ན་ཁར་བ་ལ་གནས་པའི་གཅོད་པ་ནགས་སྒྲས་མ་བརྗོད་པའི་དོན་གྱིས་རྟོགས་པ་ནི་མེད་དོ། །གལ་

ཏེ་ཁར་བ་གཅོད་པ་ནི་སྲིད་པ་ཡིན་གྱི། རིགས་ནི་བླང་བ་ལ་སོགས་པར་སྲིད་པ་མ་ཡིན་ཏེ། དེས་ན་དེ་ནི་མཚོན་པ་མ་ཡིན་གྱི་འོན་ཀྱང་འདི་ཉིད་དུ་ཡིན་ནོ་ཞེ་ན། མི་སྲིད་པའི་ཕྱིར་ཞེས་སྨོས་སོ། །མི་སྲིད་ན་ནི་སྒྲའི་དོན་རྣར་མི་འོང་བར་འགྱུར་གྱི་དེ་ཁྱད་དུ་བསད་ནས་སྒྲའི་དོན་མ་ཡིན་ཡང་གཞན་

ལ་འཇུག་པ་ནི་མ་ཡིན་ཏེ། གླང་བཞོ་བར་བརྗོད་པ་ན་དེ་ལ་མི་སྲིད་པའི་ཕྱིར་གླང་གི་སྒྲ་དེས་བསྐྱེད་པ་བ་ལང་བཞོ་བའི་སྤྱོད་ཡུལ་ཅན་དུ་ངེས་པ་ནི་མ་ཡིན་གྱི་འོན་ཀྱང་མ་འབྲེལ་པ་ཉིད་དུ་ཟད་དོ། །དེ་བཞིན་དུ་གང་ན་འབོད་དོ་ཞེས་བྱ་བ་ལ་སོགས་པ་དག་ཏུ་ཡང་རྟོགས་པར་བྱའོ། །ཅི་སྟེ་ཡང་

རང་གི་དོན་ལ་ཕྱོགས་པ་སྤང་ནས་ཚིག་གི་དོན་གཞན་གཙོར་བྱེད་པའི་ཕྱིར་མ་འབྲེལ་པ་ན་དེ་བརྗོད་པ་ཡིན་ཡང་དེ་ལྟར་སྒྲ་ཉིད་བརྗོད་པ་ཡིན་ནོ་ཞེ་ན། དེ་བཟློག་པའི་ཕྱིར་བཤད་པ་ནི། དོན་གཞན་བརྗོད་ན་ཞེས་བྱ་བའོ། །སྔར་ནི་དོན་གྱི་བྱེད་པ་བཀག་པ་ཡིན་ལ་ད་ལྟར་ནི་སྒྲའི་བྱེད་པ་འགོག་

པའོ། །དེ་ཉིད་ཀྱང་ཕྱིར་འབྲེལ་པ་ཡོད་དུ་ཟིན་ཀྱང་ཁར་བ་ཞེས་བྱ་བས་ཞེས་འཆད་པར་འགྱུར་རོ། །རང་གི་དོན་བརྗོད་པས་དོན་གཞན་མཚོན་པ་ནི་མ་ཡིན་ནོ། །སྒྲ་ཉིད་ལ་དེར་རྟོགས་པ་སྐྱེ་བ་ནི་སྒྲའི་དོན་ཉིད་དུ་ཐལ་བའི་ཕྱིར་ཏེ། སྒྲའི་དོན་གྱི་མཚན་ཉིད་གཞན་མེད་པའི་ཕྱིར་རོ། །

རང་གི་དོན་རྟོགས་པས་བར་དུ་ཆོད་ནས་རྟོགས་པར་བྱེད་པ་ཉིད་ན་མི་འདྲ་བ་ཙམ་དུ་འགྱུར་ལ། དངོས་སུ་བརྗོད་པ་ནི་གཙོ་བོ་ཉིད་དུ་འགྱུར་ཏེ་དེ་ལས་དེ་ལ་རྟོགས་པ་སྐྱེ་ན་དེ་དེ་ལ་ཕྱོགས་པར་མ་ཡིན་པར་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་རང་གི་དོན་སྟོན་པར་བྱེད་པ་ཡིན་ཡང་བརྗོད་

Vol. 182 · folio 251b

པར་བྱ་བ་མ་ཡིན་པ་མཚན་ཉིད་པའི་དོན་ལ་གཞོལ་བའི་ཚིག་གི་རིགས་བརྗོད་པ་ཡིན་ཡང་གསལ་བ་ལ་བརྟེན་པའི་ཚིག་ཉིད་དོ་ཞེ་ན། རྗོད་པར་བྱེད་པ་ལས་མ་རྟོགས་པའི་གཞོལ་བ་ཞེས་བྱ་བ་འདི་ཇི་ཞིག་དེ་རྟོགས་པར་བྱེད་པའི་ནུས་པ་དང་ལྡན་ན་ནི་བརྗོད་བྱ་ལས་མི་འདའ་ལ། དེ་ལྟ་མ་ཡིན་

ན་ཡང་མ་རྟོགས་པ་ཉིད་ཀྱི་ཕྱིར་གཞོལ་བ་ཡང་མེད་དོ། །སྟོན་པར་བྱེད་པའི་ནུས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་རྟགས་མི་འདྲ་བ་ཙམ་བྱས་པ་མཚོན་པ་ཉིད་ཡིན་ན་ཡང་མཚོན་པས་རྟོགས་པ་ཡང་འབྲེལ་པ་བསྟན་པ་ལ་ལྟོས་པར་འགྱུར་རོ། །མ་ཡིན་ཏེ་བརྗོད་པ་ལ་འབྲེལ་པ་ཡོད་ན་འཇུག་

པའི་ཕྱིར་མཚོན་པ་ཉིད་ཀྱིས་འཇུག་པ་ཡིན་ནོ་ཞེ་ན། དེ་དང་ལྡན་པར་འགྱུར་བའི་ཕྱོགས་ལས་ཁྱད་པར་མེད་པ་ཐལ་བར་འགྱུར་རོ། །མཚོན་པ་ལ་སོགས་པའི་ཡུལ་ལ་ནི་ངོ་བོའི་དོན་ཡན་ལག་མ་ཡིན་པ་ཁོ་ན་སྟེ། ལྷ་སྦྱིན་ཁྲིད་དེ་ཤོག་ཅེས་བྱ་བ་ལ་བ་ལང་ཁྱེར་ཏེ་མི་འོང་བའི་ཕྱིར་

རོ། །དེས་ན་ཕྱུགས་ཀྱི་མཆོད་སྦྱིན་གྱིས་ཤིག་ཅེས་བྱ་བ་ལ་ཕྱུགས་ཡན་ལག་མ་ཡིན་པ་ན་དེ་དང་འབྲེལ་པའི་གསལ་བ་འགའ་ཞིག་རྟོགས་པར་འགྱུར་རོ། །གསལ་བ་ཡང་ཡུལ་དང་དུས་ངེས་པར་མི་འཁྲུལ་པའི་ཕྱིར་གཅིག་འགའ་ཞིག་བརྗོད་དོ་ཞེས་རྟོགས་པར་འགྱུར་ལ། དེ་ཡང་

འདིའི་ཞེས་མ་ཤེས་པའི་མི་འཇུག་པ་ཁོ་ནའོ། །ཐམས་ཅད་བརྗོད་ཀྱང་མཐའ་ཡས་པས་རྗེས་སུ་འགྲུབ་པ་མི་སྲིད་པ་ན་ཚད་མ་མེད་པར་འགྱུར་རོ། །གང་ལ་མཚོན་པ་ཡོད་པར་འགྱུར་བ་རིགས་དང་འབྲེལ་པ་ཙམ་གྱི་སྤྱི་ནི་མེད་དོ། །གསལ་བ་ལ་ཡོད་པ་ནི་འདིའི་ཞེས་བྱ་བར་བརྒལ་

ཞིང་བརྟག་པ་མེད་པར་མཐར་ཕྱིན་པ་མ་ཡིན་པའི་ཕྱིར་མི་སྲིད་པ་ཁོ་ནའོ། །སྒྲའི་བྱེད་པ་འདི་ནི་ཡོད་པ་མ་ཡིན་ནོ་ཞེས་སྟོན་པས། འབྲེལ་པ་ཡོད་དུ་ཟིན་ཀྱང་ཞེས་སྨོས་སོ། །ལྷ་སྦྱིན་ཁར་བ་ཐོགས་པར་བཟུང་བ་ན་དེ་ཁར་བ་དང་འབྲེལ་པའི་ཕྱིར་ཁར་བ་ཞེས་བྱ་བའི་སྒྲ་ལས་ཁར་བ་

ཐོགས་པར་རྟོགས་པར་ཐལ་བའི་ཕྱིར་རོ། །མ་རྟོགས་པར་ནི་འདིའི་ངོ་བོ་ཉིད་ལས་གྱུར་པའི་སྒྲའི་བྱེད་པ་མ་ཡིན་པའི་ཕྱིར་སྒྲའི་དོན་གཙོ་བོ་དང་ཕལ་བ་ཡང་མ་ཡིན་པར་འགྱུར་རོ། །ཚིག་དོན་གཞན་མི་འགྲིགས་ན་རྟོགས་པར་བྱེད་པ་ཉིད་དོ་ཞེ་ན། འདི་ལ་གཙོ་བོ་དང་ཁྱད་པར་

Vol. 182 · folio 252a

མེད་པར་ཐལ་ལོ་ཞེས་བཤད་ཟིན་ཏོ། །དེས་ན་སྒྲ་དོན་གྱི་འབྲེལ་པ་ངོ་བོ་ཉིད་དུ་གྱུར་པའམ། བརྡ་ལས་བྱུང་བ་ཡིན་ཡང་བླ། གལ་ཏེ་ཉིད་ཕལ་པ་ལ་སོགས་པ་ལ་འཇུག་ན་གཙོ་བོ་ཁོ་ནར་འགྱུར་བའི་ཕྱིར་དེ་ལྟ་བུ་ལ་སོགས་པ་དག་ཏུ་ནི་བརྗོད་བྱ་ཉེ་བར་

བཏགས་པ་ཉིད་དུ་བརྗོད་པར་བྱ་སྟེ། ཇི་སྐད་དུ་ཡན་ལག་ལ་སྤྱི་ཉེ་བར་བཏགས་པའི་ཕྱིར་རོ་ཞེས་བཤད་ཟིན་པ་བཞིན་ནོ། །འབྲེལ་པ་མ་ངེས་པའི་ཕྱིར་ཁར་བ་ཐོགས་པ་ལ་སོགས་པ་དག་ལ་མི་རྟོགས་ན་རིགས་ལ་ཡང་མཚུངས་པ་ཉིད་དེ། གལ་ཏེ་འབྲེལ་པ་མ་ངེས་པ་ཅན་ཞེས་བྱ་བ་

ལ་སོགས་པ་བཤད་དོ། །གསལ་བས་སྟོང་པའི་རིགས་ནི་འགའ་ཡང་མེད་དོ་ཞེ་ན། ཐམས་ཅད་ལ་ལྟོས་ནས་ནི་བདེན་ན། རེ་རེ་ལ་བརྟེན་ནས་ནི་དེ་མེད་པར་ཡོད་པ་ཁོ་ན་སྟེ་དེ་མི་རྟག་པའི་ཕྱིར་རོ། །མཚན་ཉིད་ནི་ངེས་པ་གཅིག་གི་ཡུལ་ཅན་དུ་བརྗོད་པར་བྱ་བ་ཡིན་ཏེ། དེ་ཉིད་གསལ་

བའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །འབྲེལ་པ་ཅན་ཉིད་ཀྱི་རིགས་ཀྱི་སྒྲས་གསལ་བ་རྟོགས་པར་འགྱུར་བ་མ་ཡིན་ནམ། དེ་ལ་མཚོན་པར་བྱེད་པས་ཅི་བྱ་ཞེ་ན། སྤུན་དྲུང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འབྲེལ་པ་ཅན་གྱི་སྒྲ་དག་ཁོ་ནས་དེ་ལྟར་རྟོགས་ཀྱི། འབྲེལ་པ་

ཡོད་ཀྱང་གཞན་གྱི་ནི་མ་ཡིན་ལ། བ་ལང་ལ་སོགས་པའི་སྒྲ་ཡང་འབྲེལ་པ་ཅན་གྱི་སྒྲ་མ་ཡིན་ནོ། །བདག་ཉིད་གང་གི་རང་བཞིན་གཞན་ལ་ལྟོས་པ་ཉིད་ཡིན་པ་དེ་ཉིད་ཀྱིས་བརྗོད་བྱ་ཡིན་ན་གཞན་དུ་རྟོགས་པ་འཕེན་པར་བྱེད་དེ། དཔེར་ན་སྤུན་གྱི་སྒྲ་བཞིན་ནོ། །དེ་ཉིད་རང་བཞིན་ཙམ་དུ་གྱུར་

པས་ནི་མ་ཡིན་ཏེ། དཔེར་ན་ལྷ་སྦྱིན་གྱི་སྒྲ་བཞིན་ནོ། །བ་ལང་ལ་སོགས་པའི་སྒྲ་ཡང་རང་བཞིན་རྗོད་པར་བྱེད་པ་ཡིན་ཏེ། དེས་ན་འབྲེལ་པ་ཅན་གྱི་སྒྲ་མ་ཡིན་ནོ། །གལ་ཏེ་འདི་དག་འབྲེལ་པ་ཅན་གྱི་སྒྲ་ཡིན་ན། གསལ་བ་བྲལ་བ་དག་ལ་ཡང་རིགས་ཀྱི་ཚིག་དག་ལས་རྟོགས་པར་ཐལ་ཏེ། སྤུན་

དྲུང་ལ་སོགས་པའི་སྒྲ་བཞིན་ཏེ། དེས་ན་དགོས་པའི་ཡན་ལག་ལ་ཉམས་པར་འགྱུར་རོ། །དེ་བཤད་པ་ནི་རིགས་གསལ་བ་དང་བྲལ་བ་ཅན་དག་གིས་ཀྱང་ཞེས་བྱ་བའོ། །འབྲེལ་པར་རུང་བ་ཙམ་རྟོགས་ན་ནི་གསལ་བ་མི་རྟོགས་པ་ཁོ་ནར་འགྱུར་རོ་ཞེས་བཤད་པ་ནི། གལ་ཏེ་དུས་

Vol. 182 · folio 252b

ཐམས་ཅད་དུ་ཞེས་བྱ་བ་སྟེ། གསལ་བ་ཡོད་པ་མ་ཡིན་ན་ནི་རུང་བ་ཉིད་དུ་རྟོགས་ལ་ཡོད་ན་ནི་གསལ་བ་ཉིད་དུ་ཡིན་ནོ་ཞེས་བྱ་བའི་བྱེ་བྲག་མ་གྲུབ་པའི་ཕྱིར་རོ། །འོ་ན་ནི་རིགས་གསལ་བ་དང་འབྲེལ་པ་ཉིད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། འབྲེལ་པ་ཅན་གྱི་སྒྲ་མ་ཡིན་ཡང་གསལ་བར་རྟོགས་སོ་ཞེས་

བྱ་བར་དགོས་པ་གལ་ཏེ་གསལ་བ་དང་འབྲེལ་པ་ཅན་གྱི་ཞེས་བྱ་བས་བསུ་ནས་བཟློག་པའི་ཕྱིར་འོ་ན་ནི་ཞེས་བྱ་བ་སྨོས་སོ། །གསལ་བ་དང་འབྲེལ་པ་ཅན་ཉིད་དུ་རྟོགས་ན་གསལ་བ་ཁྱད་པར་ཉིད་དུ་འཕངས་པའི་ཕྱིར་དེ་དང་ལྡན་པའི་ཕྱོགས་ལས་ཁྱད་པར་མེད་པར་ཐལ་ལོ། །དེ་དང་ལྡན་པའི་

ཕྱོགས་ཞེས་བརྗོད་པ་ནི་དགག་པ་བྱས་པ་ཡིན་ཏེ། གང་ལ་རིགས་ཁྱད་པར་ཉིད་དུ་འགྱུར་བ་དེ་ནི་གཞན་ཉིད་དོ། །འབྲེལ་པ་ཅན་གྱི་སྒྲ་ཉིད་དམ། མཚན་པ་ནི་སྲིད་པ་མ་ཡིན་ཏེ། འབྲེལ་པ་ཉིད་འཆད་པར་འགྱུར་བའི་ཤུགས་ཀྱིས་མེད་པའི་ཕྱིར་རོ་ཞེས་བཤད་པ་ནི་རིགས་དང་

གསལ་བ་དག་ཅེས་བྱ་བའོ། །གལ་ཏེ་རིགས་རང་གི་མཚན་ཉིད་ཀྱི་རང་བཞིན་མ་ཡིན་ནམ་དེས་ན་དེ་བརྗོད་པ་ན་རང་གི་མཚན་ཉིད་ཡུལ་མ་ཡིན་པར་ཇི་ལྟར་འགྱུར་ཞེ་ན། རང་བཞིན་དང་རང་བཞིན་ཅན་དག་གྲུབ་སྟེ་གཅིག་པ་ཉིད་ཡིན་ན་ནི་ཐ་མི་དད་ལ་ཐ་དད་པ་དང་རྗེས་སུ་འབྲེལ་པ་

མེད་པར་འགྱུར་རམ། དེ་ཐ་དད་ན་ནི་ཁྱད་པར་ཙམ་བརྗོད་པ་ན་གསལ་བ་མ་འཕངས་པ་ཁོ་ནའོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །སྒྲ་ནི་འབྲས་བུ་དང་ལྡན་པའི་ཡུལ་ཅན་ཉིད་དུ་རྟོགས་ལ་དེ་ནི་སྒྲའི་དོན་ཡིན་ནོ། །འབྲས་བུ་དང་ལྡན་པའི་ཡུལ་ཅན་ཉིད་དུ་རྟོགས་པའི་ཕྱིར་

འབྲས་བུ་མེད་པའི་རིགས་སྒྲའི་དོན་མ་ཡིན་ནོ། །གལ་ཏེ་འབྲས་བུ་དང་ལྡན་པར་རྟོགས་པའི་ཕྱིར་འབྲས་བུ་དང་ལྡན་པའི་ཡུལ་ཅན་ཡིན་ན་རིགས་དང་ལྡན་པ་སྒྲའི་དོན་དུ་འགྱུར་མོད་ཅེས་དེ་ལྟ་ན་ནི་འོ་ན་ཞེས་བྱ་བས་ཚིག་ལེའུར་བྱས་པའི་འགྲེལ་པ་བྱེད་དོ། །དེ་ཉིད་སྟོན་པ་ནི་དེ་ལྡན་

ནུས་པ་ཞེས་བྱ་བ་ཡིན་ནོ། །གང་དུ་ཞེས་བྱ་བ་མ་ཐོས་པའི་ཕྱིར་དོན་བྱེད་པ་ཞེས་འབྲེལ་པ་བརྗོད་དོ། །དེས་ན་དེ་ལྟར་འབྲས་བུ་དང་ལྡན་པའི་ཡུལ་ཉིད་རྟོགས་པ་རྗེས་སུ་གཟུང་བར་འགྱུར་ལ་རིགས་དེ་དང་ལྡན་པ་ལ་བཀོད་པའི་ཕྱིར་འདི་ཐ་སྙད་ཀྱི་དུས་ན་མི་གནས་པའི་ཉེས་པ་ཡང་མེད་པ་

Vol. 182 · folio 253a

ཡིན་ནོ་སྙམ་དུ་བསམས་པའོ། །སློབ་དཔོན་གྱིས་ནི་འདི་སྲིད་པར། །བསམས་ལན་གྱི་ཆ་དེ་ཡང་ན། །ཅིའི་ཕྱིར་དངོས་སུ་སྦྱར་མི་བྱེད། །ཅེས་འདོགས་པར་མཛད་དོ། །སྒྲ་རྣམས་རྣམ་པ་ཇི་ལྟ་བུར་གྱུར་པའི་རང་གི་ཡུལ་ཅན་དུ་རྟོགས་པ་དེ་ལྟ་བུར་གྱུར་པ་ནི་རང་གི་

མཚན་ཉིད་ལ་ཡོད་པ་ཡིན་པའི་ཕྱིར། དེ་ལ་སྒྲ་འཇུག་པས་ན་རིགས་པས་བཀོད་ཅེས་བྱ་སྟེ། དངོས་སུ་རང་གི་མཚན་ཉིད་ལ་ཇི་སྟེ་མི་སྦྱོར། གལ་ཏེ་ཞེས་བྱ་བ་ནི་རྣམ་པར་འགྲེལ་པའོ། །འདིར་མི་སྦྱོར་བའི་རྒྱུ་བཤད་པ་ནི། གལ་ཏེ་མཐའ་ཡས་ཕྱིར་ཞེས་བྱ་བའོ། །གསལ་

བ་གང་ལ་སྒྲ་བཀོད་པ་དེ་ཉིད་རྟོགས་པར་བྱེད་ཀྱི་གཞན་ནི་མ་ཡིན་ཏེ། དེ་རྟོགས་པར་བྱེད་པའི་ནུས་པ་ནི་དེ་ལྟར་མཐོང་བ་ལ་ལྟོས་པའི་ཕྱིར་ཏེ། མ་མཐོང་བ་རྟོགས་པ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཚེ་ཐ་སྙད་རྣམས་གསལ་བ་གཅིག་གིས་བསྒྲུབ་པ་ནི་མ་ཡིན་ནོ་ཞེས་གསལ་བ་

གཞན་ཡང་ཉེ་བར་མཁོ་བར་མཐོང་བས་ཡུལ་དང་དུས་གཞན་དང་དེར་ཡང་སྒྲ་མཐོང་བ་ལ་ལྟོས་པར་བྱ་བ་ཡིན་ཏེ་དེས་ན་གསལ་བ་མཐའ་ཡས་པ་ངེས་པར་དགོད་པའམ་མཐོང་བ་མཐའ་ཡས་པར་འགྱུར་རོ་ཞེ་ན། འདི་སྤོང་བར་བྱེད་པ་ནི་མཐའ་ཡས་པ་འདི་ནི་དེ་དང་ལྡན་པའི་ཕྱོགས་

ལ་ཡང་མཚུངས་སོ། །གལ་ཏེ་འདི་སྙམ་དུ་ཞེས་བྱ་བ་རྩོད་པའི་འབྲེལ་པ་ཡིན་ལ་དེ་ལྟ་ཡིན་ན་ཞེས་བྱ་བ་ནི་ལན་གྱི་འགྲེལ་པ་ཡིན་ཞིང་རིགས་ཀྱི་ཞེས་བྱ་བ་ནི་མཚུངས་པ་ཉིད་གཞུང་འཛུགས་པའོ། །དེ་དང་ལྡན་པ་སྒྲའི་དོན་ཡིན་པའི་ཕྱོགས་ལ་ནི་རིགས་ཀྱི་ཁྱད་པར་ཅན་གྱི་གསལ་

བ་ཉིད་སྒྲའི་དོན་ཡིན་གྱི་གང་གིས་དེ་ལ་ཡང་བརྡ་བྱེད་པ་ལ་མི་ལྟོས་པར་འགྱུར་བ་རིགས་ནི་བ་ལང་ཉིད་དང་ལྡན་པའི་གསལ་བ་འདི་བ་ལང་གི་སྒྲས་རྗོད་པར་བྱེད་པ་ཡིན་ཡང་སྟོན་པ་ན་རིགས་དེའི་ཁྱད་པར་ཅན་གྱི་གསལ་བ་གཞན་ལ་དེའི་སྒྲས་བརྗོད་པར་བྱ་བ་ཉིད་དུ་མ་བསྟན་པའི་ཕྱིར་དེར་ཡང་

བསྟན་པར་བྱ་བ་ཉིད་དུ་འགྱུར་རོ། །དེ་ལྟར་ནི་ནུས་པ་མ་ཡིན་ཏེ་མཐའ་ཡས་པའི་ཕྱིར་རོ། །དེ་བཤད་པ་ནི་འབྲེལ་པ་མ་བྱས་པ་ཅན་གྱི་སྒྲ་ནི་རྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དེ་དང་འབྲེལ་པ་ཅན་ལ་ཞེས་བྱ་བས་ནི་མི་མཚུངས་པར་དོགས་པ་བསུ་བའོ། །དེ་དང་ལྡན་པ་འདི་ནི་བ་ལང་གི་

Vol. 182 · folio 253b

སྒྲའི་དོན་ཡིན་ནོ་ཞེས་བསྟན་པ་ནི་མཐའ་ཡས་པར་འགྱུར་བ་ཞིག་ན། སྒྲ་འདི་བརྗོད་པར་བྱ་བ་ནི་འདིས་ཁྱད་པར་ཅན་དུ་གྱུར་པ་ཡིན་ནོ་ཞེས་བསྟན་པས་ན་དེའི་ཁྱད་པར་ཅན་མཐའ་དག་དེའི་དོན་རྟོགས་པར་རོ་ཞེ་ན། འདི་བཤད་ཟིན་ཏོ་ཞེས་བྱ་བས་ལན་འདེབས་སོ། །གལ་ཏེ་ཡང་གསལ་བ་དང་

རིགས་འབྲེལ་པའི་ཕྱིར་རིགས་ཀྱི་ཁྱད་པར་ཅན་ཡིན་པ་དེ་ལྟ་ན་ཡང་རིགས་ཀྱི་ཁྱད་པར་ཅན་དེའི་སྒྲས་བརྗོད་པར་བྱ་བར་སྟོན་པ་ན་དེ་དང་འབྲེལ་པ་ཅན་ཁྱད་པར་རམ་འབྲེལ་པ་ཅན་ལ་རྟོགས་པར་འགྱུར་གྲང་ན། དེ་ལྟ་ན་ཡང་ཁྱད་པར་ཅན་ལ་སོགས་པ་སྤྱི་ཉིད་ཡིན་པར་འགྱུར་བའི་ཕྱིར་རྩོད་པ་

སྔར་བཤད་པ་ཉིད་དུ་འགྱུར་རོ། །རིགས་དེས་རྣམ་པར་གཅད་པའི་གསལ་བ་རྟོགས་ན་ནི་གསལ་བ་གཞན་རྟོགས་པར་ག་ལ་འགྱུར། དེ་བཞིན་དུ་གསལ་བ་ཙམ་ཡང་སྤྱིའི་རང་བཞིན་མ་ཡིན་པ་ཉིད་ཀྱིས་ཡུལ་མ་ཡིན་པ་ཉིད་དོ་ཞེས་གཞུང་གཟུང་བར་བྱའོ། །བ་ལང་ཉིད་ཀྱི་ཁྱད་པར་ཅན་གྱི་བ་ལང་

མཐའ་དག་བ་ལང་གི་ཚིག་གི་དོན་ཡིན་ནོ་ཞེས་སྟོན་པ་ཡིན་ན་ཡང་གསལ་བ་རྣམས་ལ་གསལ་བའོ་ཞེས་མཚུངས་པའི་རང་བཞིན་དུ་རྟོགས་པའི་ཕྱིར་ཐུན་མོང་མ་ཡིན་པའི་ཡུལ་ཅན་ཉིད་མ་ཡིན་ནོ། །སོ་སོ་རང་གི་རང་བཞིན་ཐུན་མོང་མ་ཡིན་ན་ནི་ཐུན་མོང་བས་རྣམ་པར་གཅད་པ་ལ་

བཀོད་ཀྱང་གཞན་ལ་བྱས་པས་གཞན་ལ་ནུས་པར་མི་འགྱུར་རོ། །འདི་ལྟར་འདི་ནི་སྤྱི་དང་ལྡན་པའི་གསལ་བ་ཡིན་ནོ་ཞེས་དེ་རྟོགས་པ་ན། ཇི་ལྟར་སྤྱི་གསལ་བ་རྣམས་ཀྱིས་རང་བཞིན་གཅིག་པ་ཉིད་ཡིན་པ་དེ་བཞིན་དུ་སྤྱི་དེ་དང་ལྡན་པ་ཡང་ཡིན་ཏེ་དེས་ན་དེ་ལྟར་གཅིག་ཏུ་བྱས་

པའི་གསལ་བ་རྣམས་ལ་དེ་ལྟར་དམིགས་པའི་སྒྲ་དགོད་པ་ཡིན་ཏེ། སྤྱི་དང་ལྡན་པ་དེ་ནི་རེ་རེ་ལ་ཡང་ཡོད་པའི་ཕྱིར་རོ། །དེས་ན་སྦྱོར་བའི་ནུས་པ་ནི་སྤྱི་དེ་དང་ལྡན་པའི་སྤྱི་ཉིད་ལ་བཀོད་པར་འགྱུར་རོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་དེ་ལས་བཟློག་པ་ལ་ཐ་མི་དད་པ་ཡིན་མོད། དེ་དག་

གི་འབྲེལ་པ་གང་ཡིན་པ་དེ་དག་གི་གང་ལས་རྗེས་སུ་སོང་བར་འགྱུར་ཏེ། དེས་ན་དེ་དང་ལྡན་པའི་སྒྲའི་དོན་ཡིན་ན་གསལ་བ་རྣམས་སྒྲ་གཅིག་གི་རྟེན་དུ་འགྱུར་བ་མ་ཡིན་ནོ། །དེའི་སྤྱི་ཐ་མི་དད་པའི་ཕྱིར་བ་ལང་བ་ལང་ཞེས་གསལ་བ་རྣམས་ཐ་མི་དད་པ་བརྟེན་པ་ཡིན་གྱི། དེ་སྤྱི་ལོགས་སུ་

Vol. 182 · folio 254a

བྱས་པས་ནི་སོ་སོ་རང་གི་བདག་ཉིད་དུ་ཡུལ་དུ་བྱས་པའི་གསལ་བ་ཐ་མི་དད་པར་ཡུལ་དུ་ཇི་ལྟར་བྱེད་ན་གང་གིས་དེ་དང་ལྡན་པ་གཅིག་ཉིད་ལ་བཀོད་པའི་སྒྲས་གཞན་ཐམས་ཅད་བརྗོད་པར་འགྱུར། དེས་ན་མཐའ་ཡས་པ་ཇི་ལྟར་མ་ཡིན། བརྗོད་པ་འཁྲུལ་པ་ཡང་

ཡིན་ཏེ། དེ་གཅིག་མ་རྟོགས་པའི་ཕྱིར་གསལ་བ་སྒྲའི་དོན་གྱི་ཕྱོགས་བཞིན་ནོ། །འབྲེལ་པ་ཡང་མེད་པའི་ཕྱིར་འབྲེལ་པ་ཅན་ལ་བཀོད་པ་མ་ཡིན་ནོ། །དེས་ན་དེ་ལྟར་རང་གི་མཚན་ཉིད་དང་སྤྱི་དང་དེ་དང་ལྡན་པ་སྒྲའི་དོན་མ་ཡིན་པར་བསྟན་ནས། གཞན་སེལ་བ་སྒྲའི་དོན་དུ་བརྗོད་པའི་ཕྱིར་

ཉེས་པ་སྤང་བ་སྲིད་པའི་ཕྱོགས་འདི་ཕ་རོལ་པོའི་ཅི་སྟེ་ཁས་མི་ལེན་ཞེས་འདྲི་བ་ནི་གཞན་ཡང་ཞེས་བྱ་བ་ཡིན་ནོ། །དབྱེ་བའི་དོན་རྣམས་དེ་བྱེད་པ་མ་ཡིན་པ་ལས་ལོག་པའི་ཕྱིར་མཚུངས་པར་གྱུར་པ་ལ། །དེ་ནི་ཐ་སྙད་ཆེད་དུ་བྱས། །ཞེས་བྱ་བའི་སྐབས་སུ་བབ་པ་བརྡ་ཅི་སྟེ་མ་བྱས། །འདི་

སྐད་བརྗོད་པ་ཡིན་ཏེ། སྤྱི་སྒྲའི་དོན་ཉིད་ནི་རང་གི་མཚན་ཉིད་དང་མཚན་མའི་ཆོས་རྟོགས་པ་དང་མི་མཐུན་ལ། རང་གི་མཚན་ཉིད་ནི་རྗེས་སུ་འགྲོ་བའི་རྟོགས་པའི་མི་མཐུན་པའི་ཕྱོགས་ཡིན་ནོ། །དེ་ནི་རང་གི་མཚན་ཉིད་ཁོ་ན་ལ་འཇུག་པས་དེའི་ཆོས་རྟོགས་པའི་འཐད་པ་ཡིན་ལ་ཐ་དད་པ་

ཡང་མཚུངས་པ་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་མེད་པ་སྤངས་པ་ལ་ཇི་ལྟར་གཞན་སེལ་བ་སྒྲའི་དོན་མ་ཡིན། དོན་བྱེད་པ་གང་གི་དབང་དུ་བྱས་ནས་ཞེས་བྱ་བའི་འགྲེལ་པ་ཡང་ཇི་སྐད་བརྗོད་པའི་གསལ་བས་སྦྱར་བར་བྱའོ། །རང་གི་མཚན་ཉིད་དང་སྤྱིའི་སྒྲའི་དོན་དུ་ཁས་བླངས་པའི་ཉེས་པ་

སྤངས་སུ་ཆུག་མོད། དེ་དང་ལྡན་པ་སྒྲའི་དོན་ཡིན་པའི་ཕྱོགས་ཀྱི་ཉེས་པར་གོ་ཇི་ལྟར་མི་འགྱུར་ཞེས་བརྗོད་པ་ནི། གལ་ཏེ་དེ་ལྡན་ཉེས་མཚུངས་ཕྱིར། །ཞེས་བྱ་བའོ། །འདིར་མཐའ་ཡས་པ་དང་འཁྲུལ་པའི་ཉེས་པ་མཚུངས་པར་ཐལ་བར་བྱེད་པའོ། །འདི་ལྟར་དེ་བྱེད་པའི་རང་

བཞིན་གྱིས་རང་གི་མཚན་ཉིད་རྗེས་སུ་འགྲོ་བ་མ་ཡིན་པ་ནི་ཐ་དད་པ་ཉིད་རྗེས་སུ་འགྲོ་བས་ན་དེ་ལྟར་སྒྲས་ཡུལ་དུ་བྱེད་པ་ཡིན་ནོ། །དེས་ན་ཐ་མི་དད་པའི་ཐ་དད་པས་རྣམ་པར་གཅད་པའི་ཁྱད་པར་རྣམས་ལ་དེའི་རང་བཞིན་རྟོགས་པ་དང་རྗེས་སུ་འགྲོ་བ་གཉིས་ལས་ལྡོག་པ་ཁྱད་པར་དུ་བྱས་

Vol. 182 · folio 254b

པར་རྟོགས་པ་ན་སྒྲའི་དོན་ཉིད་དུ་འཐད་པའི་ཕྱིར་འདི་དེ་དང་ལྡན་པ་སྒྲའི་དོན་ཡིན་པའི་ཕྱོགས་ཉིད་ཁས་བླངས་པར་འགྱུར་ཏེ། ལྡོག་པ་དེས་རྣམ་པར་གཅད་པ་གཅིག་ལ་སྒྲ་དེ་བཀོད་ཀྱང་གཞན་ལ་མི་རྟོགས་སོ་ཞེ་ན། དགོས་པ་འདི་སྤོང་བ་ནི་བླ་སྟེ་ཞེས་བྱ་བའོ། །དེ་དང་ལྡན་པའི་ཕྱོགས་

ཀྱི་ཉེས་པ་མཚུངས་པར་གྱུར་ཀྱང་བླ་སྟེ། དེ་ལྟ་ན་ཡང་ལྡོག་པ་དང་ལྡན་པ་དོན་ཉིད་དུ་རིགས་ཀྱི་རིགས་དང་ལྡན་པ་ནི་དོན་དུ་རིགས་པ་མ་ཡིན་ནོ། །མཚུངས་པའི་ཕྱིར་དེ་དང་ལྡན་པའི་ཕྱོགས་ཀྱི་ཉེས་པ་སྤང་བར་མི་ནུས་མོད། རིགས་ནི་དོན་མེད་དོ། །ཡང་ཇི་ལྟར་ན་ཉེས་པ་ཡོད་ཀྱང་

གལ་ཏེ་ལྡོག་པ་དང་ལྡན་པ་དོན་དུ་འཐད་པ་རིགས་དང་ལྡན་པའི་དོན་ཉིད་མ་ཡིན་ཞེ་ན་དེའི་ཕྱིར། རིགས་ཁས་ལེན་པས་ཀྱང་ཞེས་སྨོས་སོ། །རིགས་ཁས་ལེན་ཀྱང་རིགས་མཐུན་པ་རྣམས་རིགས་མི་མཐུན་པ་དག་ལྡོག་པར་བརྟེན་པར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་འདིའི་ཁྱད་པར་ལ་

རྗེས་སུ་འགྲོ་བའི་རང་བཞིན་ཉིད་དང་ཁྱད་པར་ཅན་གྱི་ཁྱད་པར་ལ་བརྟེན་པ་ཉིད་དུ་མི་འགྱུར་རོ། །དེས་ན་རིགས་དེ་བརྟེན་པས་བྱས་པ་མཚུངས་པར་འགྱུར་བའི་དངོས་པོ་འགའ་ཞིག་པོ་འདི་ཐམས་ཅད་ལ་རེ་རེ་ལ་ཡང་དེ་བརྟེན་པ་མ་ཡིན་པ་དག་ལས་རེ་རེ་ལས་ཐ་དད་པ་ཡོད་པ་ཁོ་ནའོ། །དེས་ན་དེ་

ཉིད་དེ་དག་གི་ཐ་མི་དད་པ་ཡིན་ལ་རག་མོད། དེ་ལས་ཀྱང་རང་གི་མཚན་ཉིད་ཀྱི་རང་བཞིན་རྟོགས་པའི་ཕྱིར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དོ། །དེ་དག་ཀྱང་རིགས་མི་མཐུན་པ་ལས་ཐ་དད་པའི་རང་བཞིན་གཅིག་དང་ལྡན་པའི་ཕྱིར་རྗེས་སུ་འགྲོ་བའི་རྟོགས་པའི་ཡུལ་དུ་གྲུབ་པས་

ཇི་ལྟར་ཁས་བླངས་པའི་རྟོགས་པའི་ཡུལ་ཡིན་པ་ན། རིགས་ཁས་བླངས་པར་དགོས་པ་མེད་དོ། །དེའི་ཉེས་པ་སྤང་བར་མི་ནུས་པ་ཉིད་དང་། རིགས་ཀྱི་དོན་ནི་རྗེས་སུ་འགྲོ་བའི་ཐ་དད་པ་ཉིད་ལས་གྲུབ་པས་རིགས་ཁས་བླངས་པས་ཅི་བྱ་སྟེ། རིགས་མི་མཐུན་གཅིག་ལས་ཐ་དད་

པ་དང་། དེ་ལས་ལོག་པ་རྣམས་ཀྱི་ཐ་དད་པ་དེ་ཉིད་དེ་ལས་ལོག་པ་རྣམས་ལ་ཐ་མི་དད་པར་རྟོགས་པའི་རྒྱུ་ཡིན་ནོ། །སྤྱི་ཁས་བླང་དུ་ནི་དགོས་པ་མེད་པའི་ཕྱིར་རོ། །སྤྱིའི་དགོས་པ་ནི་ཐ་དད་པས་ཀྱང་སྒྲུབ་པའི་ཕྱིར་རོ། །ཐ་དད་པ་ཁས་བླང་བ་ཡང་གདོན་མི་ཟ་བར་བྱ་དགོས་པའི་ཕྱིར་

Vol. 182 · folio 255a

རོ། །ཅི་སྟེ་ཡང་ཐ་དད་པའི་དོན་རྣམས་ཀྱི་ཐ་མི་དད་པ་ཡིན་དུ་ཟད་མོད། འོན་ཀྱང་དེས་སྤྱི་བཞིན་དུ་ཐ་མི་དད་པར་བསྒྲུབ་པར་བྱ་བ་རྟོགས་པའི་རྗེས་སུ་འགྲོ་བ་སྒྲུབ་པར་ནི་མི་ནུས་ཏེ། རྟོགས་པ་དེ་ནི་ཐ་དད་པ་ལ་མི་དམིགས་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། དེ་དགག་

པའི་ཕྱིར་གཞན་ཡང་ཞེས་སྨོས་སོ། །གང་ལ་འཇུག་པ་དེ་ལས་གཞན་པ་གང་ཡིན་པ་དེ་ཡོངས་སུ་སྤངས་ནས་འཇུག་པར་འགྱུར་རོ་ཞེས་བྱ་བས་སྒྲ་སྦྱོར་བ་ཡིན་ནོ། །དེས་ན་དེ་ལས་གཞན་པ་རྣམས་ལས་འཇུག་པའི་ཡུལ་རྣམ་པར་མི་གཅོད་ན་སྒྲ་མི་སྦྱོར་བར་འགྱུར་རོ། །འདི་

སྐད་བརྗོད་པ་ཡིན་ཏེ། སྒྲས་ནི་ངེས་པའི་དོན་འགའ་ཞིག་བསྟན་པར་བྱ་བ་ཡིན་གྱི་རང་བཞིན་དང་འདྲེས་པ་ནི་མ་ཡིན་ཏེ། དཔེར་ན་བ་ལང་ཁྱེར་ཤོག་ཅིག་ཅེས་བྱ་བས་བ་ལང་ནི་རང་བཞིན་ངེས་པའི་བ་ལང་མ་ཡིན་པའི་རང་བཞིན་དང་འདྲེས་པ་དང་། ཁྱེར་ནས་འོང་བ་ཡང་ཁྱེར་ནས་

མི་འོང་བ་དང་འདྲེས་པས་སྟོང་པ་ཉིད་བཞིན་ཏེ་དེ་ལྟ་མ་ཡིན་ན་དེ་སྐད་སྨྲས་པ་ན་གང་ཡང་རུང་བ་ཁྱེར་ཏེ་འོངས་པའམ་ཇི་ཡང་རུང་བ་བྱེད་པར་འགྱུར་རོ། །དེས་ན་སོ་སོ་ངེས་པའི་རང་བཞིན་གྱི་དོན་སྒྲས་བརྗོད་པར་བྱ་བ་ཡིན་ནོ། །གལ་ཏེ་ངེས་པ་ཉིད་ཀྱང་རང་གི་བདག་ཉིད་ལ་རྣམ་

པར་གནས་པ་ཡིན་ན་དངོས་པོ་མེད་པ་ཡུལ་རྟོགས་པ་འགའ་ཡང་རྟོགས་པར་མི་འགྱུར་བའི་ཕྱིར་ཕ་རོལ་པོ་དག་གིས་དངོས་པོ་མེད་པའི་ཡུལ་ཅན་གྱི་ཚད་མ་བརྗོད་པར་མི་བྱའོ། །དཔེར་ན་བ་ལང་ཞེས་བྱ་བར་རྟོགས་བཞིན་པའི་དངོས་པོ་བ་ལང་ཉིད་ཀྱི་ཁྱད་པར་ཅན་ཡིན་པ་དེ་བཞིན་དུ་

ངེས་པ་ཉིད་ནི་དངོས་པོ་གཞན་མེད་པ་ཡིན་པའི་ཕྱིར་ལྡོག་པས་ཁྱད་པར་དུ་མ་བྱས་པ་ནི་ངེས་པར་རྟོགས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ཐ་མི་དད་པ་གཞན་ཐ་དད་པ་དང་ལྡན་པའི་དངོས་པོ་རྣམས་ལ་ཡིན་པ་དེ་བཞིན་དུ་ཐ་མི་དད་པ་དེ་ནི་ཐ་མི་དད་པའི་རྣམ་པར་རྟོག་པས་ཀྱང་ཡུལ་དུ་བྱ་བ་ཡིན་ནོ། །རང་

གི་ཕྱོགས་ལ་ཇི་ལྟར་རྣམ་པར་གཅོད་པའི་ཡུལ་ཅན་ཡིན་པ་དེ་ལྟར་ནི་བཤད་ཟིན་ཏོ། །འདིར་ནི་དེ་དང་ལྡན་པའི་ཕྱོགས་ཀྱི་གཟུགས་བརྙན་ཉིད་ཀྱིས་དེའི་ཉེས་པ་མཚུངས་པ་ཉིད་ཡིན་ཡང་གཞན་ངེས་པའི་ཡུལ་ཅན་ཉིད་དུ་འཐད་དོ་ཞེས་བརྗོད་པའི་དོན་དུ་འདི་སྐད་ཅེས་ངེས་པའི་དོན་

Vol. 182 · folio 255b

ལ་འཇུག་པས་ན་གདོན་མི་ཟ་བར་སྒྲ་རྣམ་པར་གཅོད་པའི་ཡུལ་ཅན་དུ་བརྗོད་དགོས་སོ་ཞེས་བཤད་པ་འབའ་ཞིག་ཏུ་ཟད་དོ། །འགྲེལ་པ་ནི་འདི་དོན་རྣམས་ལ་ཞེས་བྱ་བའོ། །མི་འདོད་པ་ཡོངས་སུ་སྤངས་པ་ནི་སོ་སོར་ངེས་པ་ཡུལ་དུ་བྱེད་པའོ། །དེའི་ཕྱིར་གཞན་ལས་ལྡོག་པའི་མཚན་

ཉིད་ཀྱི་རྣམ་པར་གཅོད་པ་ནི་སྒྲས་ཡུལ་དུ་བྱ་དགོས་སོ། །རྣམ་པར་གཅོད་པའི་མཚན་ཉིད་ཤེས་པར་བྱེད་པའི་ཡུལ་ཡིན་པའི་ཕྱིར་ན། རྣམ་པར་གཅོད་པར་བརྗོད་དགོས་སོ། །ཞེས་རྣམ་པར་གཅོད་པའི་ཚིག་གིས་ལྡོག་པ་བརྗོད་དོ། །ལྡོག་པ་དེ་ཡང་ལྡོག་མཚམས་ལས་གཞག་

པ་ལྡོག་པའི་ཡུལ་དག་ལ་ཐ་མི་དད་པ་ཡིན་ཏེ་བ་ལང་སོ་སོ་ལ་རྟ་མེད་པ་ཡིན་ནོ། །དེའི་ཕྱིར་ཐ་མི་དད་པའི་གདོན་མི་ཟ་བར་ཁས་བླང་བར་བྱ་བ་དང་། གདོན་མི་ཟ་བར་ཡུལ་དུ་བྱ་དགོས་པ་དང་། ཁྱད་པར་རྣམས་ཀྱི་རྗེས་སུ་འགྲོ་བའི་རྒྱུ་མཚན་ཉིད་ཀྱིས་དོན་བསྒྲུབ་པ་ཡིན་ཏེ། དེ་བས་ན་དེའི་རྗེས་

སུ་འགྲོ་བའི་རྟོགས་པའི་རྟེན་ཉིད་དུ་འགྱུར་བ་ཡོངས་སུ་དོར་ནས་རིགས་ཁས་ལེན་པ་ནི་དོན་མེད་པ་ཁོ་ནའོ་ཞེས་བརྗོད་པ་ནི་དེ་ངེས་པར་ཁས་བླངས་པ་ཅན་དང་ཞེས་བྱ་བ་སྟེ། རིགས་ནི་ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་དག་ཏུ་མི་འགྲུབ་པའི་ཕྱིར་རོ། །ཐ་དད་པ་དང་དེ་རྟོགས་པ་ཡང་ཡོད་མོད་

འོན་ཀྱང་དེས་སྤྱི་ཡོད་པས་བསྒྲུབ་པར་བྱའི་དགོས་པ་ནི་སྒྲུབ་པར་མི་བྱེད་པ་མ་ཡིན་ནམ་འདི་ལྟར་རྗེས་སུ་འགྲོ་བ་མ་ཡིན་པ་རྣམས་ཀྱི་རྗེས་སུ་འགྲོ་བ་ནི་རང་བཞིན་ཡིན་པར་རྟོགས་ཏེ་བ་ལང་ཞེས་བྱ་བར་རོ། །སྒྲ་ཡང་དེ་ཉིད་ལ་འཇུག་པ་ན་གསལ་བ་རྟོགས་པར་བྱེད་པ་ཡིན་ནོ། །ཐ་དད་པ་ནི་རྗེས་

སུ་འགྲོ་བ་ཡིན་ཡང་རང་བཞིན་རྟོགས་པ་མི་སྲིད་པ་དེས་ཇི་ལྟར་ཐ་དད་པ་རིགས་ཀྱི་དོན་བསྒྲུབ། དེས་ན་ཐ་མི་དད་པ་གདོན་མི་ཟ་བར་ཁས་བླངས་པ་གདོན་མི་ཟ་བར་བརྗོད་པ་ཡིན་ཡང་རིགས་ཁས་བླངས་པར་རིགས་པ་ཡིན་ནོ་ཞེས་སྨྲས་པ་ནི་རྣམ་པར་གཅོད་པ་མི་བྱེད་པ་ནི་མ་ཡིན་གྱི་

ཞེས་བྱ་བ་ཡིན་ནོ། །འཇུག་པའི་ཡུལ་ཞེས་བྱ་བ་ནི་གང་ལ་སྒྲས་ཐ་མི་དད་པའི་རྣམ་པ་འཇུག་པར་བྱེད་པའོ། །འདི་བཟློག་པའི་ཕྱིར་བཤད་པ་ནི། གལ་ཏེ་འདི་ལ་རྣམ་གཅོད་ཡོད། །ཅེས་བྱའོ། །རྣམ་པར་གཅོད་པ་བློ་གཞན་གྱིས་བསྒྲུབ་པར་བྱ་བ་ཡིན་ན་ནི་བ་ལང་ལ་སོགས་

Vol. 182 · folio 256a

པའི་བློ་རྣམས་སྒྲུབ་པ་ཙམ་ལ་བརྟེན་པའི་ཕྱིར་ཁས་བླངས་པས་དགོས་པ་ཡོད་པར་འགྱུར་བ་ཞིག་ན། གང་གི་ཚེ་འདི་ལ་རྣམ་པར་གཅོད་པ་ཡོད་པ་ཡིན་ཏེ། བསྒྲུབ་པ་འབའ་ཞིག་རྟོགས་པ་ཉིད་མ་ཡིན་པ་དེའི་ཚེ་སྤྱི་ལ་ཡང་སྒྲ་རྣམས་ཀྱི་དགོས་པ་ནི་ཇི་སྲིད་རྣམ་པར་གཅོད་

པ་བརྗོད་པ་ཙམ་དུ་ཟད་པ་དེ་བཞིན་དུ་རྣམ་པར་གཅོད་པ་དང་ལྡན་པའི་ཕྱིར་དོན་རྣམས་མཚུངས་པས་ན་སྤྱི་ལ་ཡང་མཚུངས་པ་ཁོ་ནའོ། །དེས་ན་རྣམ་པ་དེ་ལྟ་བུའི་དགོས་པ་གཞན་གྱིས་ཅི་ཞིག་བྱ། ཡང་ན་གཞན་གྱིས་ཅི་ཞིག་བྱ་ཞེས་བྱ་བ་སྤྱི་ཞེས་ཡང་འབྲེལ་པར་བྱའོ། །དེས་ན་དོན་འདི་

ཡིན་ཏེ། སོ་སོ་རང་གི་རང་བཞིན་དུ་སོ་སོར་ངེས་པའི་དོན་བརྗོད་པ་ན་ལྡོག་པ་གདོན་མི་ཟ་བར་རྟོགས་པ་ན་ལས་ཞེས་བྱ་བར་རྟོགས་པ་ནི་རྟོགས་བཞིན་པའི་ཁྲ་བོ་ལ་སོགས་པ་རྣམས་ཀྱི་རང་གི་ངོ་བོའི་ཡུལ་ཅན་ཉིད་དེ་རང་གི་མཚན་ཉིད་ཀྱི་ཆོས་ཀྱིས་རྣམ་པར་གཅད་པའི་ཕྱིར་རོ་ཞེས་སྔར་ཇི་སྐད་

བཤད་པ་བཞིན་ནོ། །དེས་ན་ཐ་དད་པའི་དོན་རྣམས་ལ་བ་ལང་གི་ཐ་དད་པ་མེད་པར་རྟོགས་པ་འབྱུང་བ་འདི་ནི། གཅིག་ཀྱང་བ་ལང་མ་ཡིན་པ་ལ་སོགས་པ་གཞན་ཡང་ལྡོག་པ་ཞེས་བྱ་བའི་རྒྱུ་མཚན་ལ་བརྟེན་པ་ཡིན་ནོ། །གང་ལ་དེ་མེད་པ་དེ་ལ་ནི་ཐ་མི་དད་པར་རྟོགས་པ་མ་ཡིན་ཏེ།

དཔེར་ན་གཞན་བ་ལང་མ་ཡིན་པའི་རྫས་ལ་བཞིན་ནོ། །དེས་ན་སོ་སོ་རང་གི་རང་བཞིན་དུ་རྟོགས་པའི་བ་ལང་ཐམས་ཅད་གཅིག་ལས་ལྡོག་པའི་ཕྱིར་ཐ་མི་དད་པར་ངེས་པ་ཡིན་ནོ། །ལྡོག་པ་ཐ་མི་དད་པས་རང་བཞིན་ཐ་མི་དད་པ་ལ་ཇི་ཞིག་འབྱུང་ཞེ་ན། སྤྱི་ཐ་མི་དད་པས་ཀྱང་རང་

བཞིན་ཐ་མི་དད་པ་ལ་ཅི་ཞིག་འབྱུང་བར་འགྱུར་ཏེ། དེས་ན་བ་ལང་ཞེས་རྟོགས་པར་མི་འགྱུར་རོ། །འདི་ནི་རྗེས་སུ་སོང་བ་དང་། རྗེས་སུ་སོང་བ་མ་ཡིན་པ་རྟོགས་པ་ནི་མ་ཡིན་གྱི་འོན་ཀྱང་བ་ལང་ཞེས་རྗེས་སུ་སོང་བའི་རང་བཞིན་ཉིད་དུ་སྣང་ངོ་། །དེས་ན་གལ་ཏེ་འདི་སྤྱི་ཁོ་ན་ཡིན་ན་རང་

གི་མཚན་ཉིད་ཀྱི་ཆོས་སུ་རྟོགས་པར་མི་འགྱུར་རོ། །འོན་ཏེ་འདི་དེ་དང་ལྡན་པ་རྟོགས་པ་ཡིན་ན་དེ་ལྟ་བུའི་རྗེས་སུ་འགྲོ་བ་དང་འབྲེལ་པའི་ཕྱིར་དེ་ལས་བཟློག་པ་ཡང་རྗེས་སུ་འགྲོ་བ་ཉིད་དུ་སྣང་བ་དེ་བཞིན་དུ། གལ་ཏེ་ལྡོག་པ་དང་འབྲེལ་པ་ལས་ཀྱང་སྣང་བར་འགྱུར་ན་

Vol. 182 · folio 256b

འགལ་བ་ཅི་ཡོད། དེ་བས་ན་ཐ་དད་ཀྱང་རང་བཞིན་རྗེས་སུ་འགྲོ་བར་རྟོགས་པའི་རྒྱུ་མཚན་ནི་སྤྱི་བཞིན་དུ་ལྡོག་པ་ལ་ཡང་ཁྱད་པར་མེད་དོ་ཞེས་བྱ་བར་རིགས་སོ། །དོགས་པ་གང་བསུ་ནས་འདི་ཉེ་བར་བཀོད་པ་དེ་འདིར་དགག་པའི་ཕྱིར། འཇུག་པའི་ཡུལ་རབ་ཏུ་སྟོན་ཏེ་ཞེས་བྱ་བས་རྗེས་སུ་

འབྲེལ་པར་བྱེད་དོ། །གལ་ཏེ་འདི་ཐ་མི་དད་པ་རྣམ་པར་གཅོད་པ་ཡོད་པ་དེ་ལྟ་ན་ཡང་བ་ལང་བ་ལང་ཞེས་རང་བཞིན་ཐ་མི་དད་པའི་ཡུལ་ཅན་དུ་རྟོགས་པའི་དམིགས་པ་ནི་རང་བཞིན་ཐ་མི་དད་པ་ཉིད་ཡིན་གྱི། རང་བཞིན་མེད་པའི་རྣམ་པར་གཅོད་པ་ནི་མ་ཡིན་ནོ་ཞེ་ན། དེ་མ་ཡིན་ནོ་ཞེས་

བཤད་པ་ནི། སྐད་ནི་སྨྲས་ན་ཞེས་བྱ་བའོ། །ཐ་མི་དད་པར་བྱ་བ་འདི་ནི་རང་གི་མཚན་ཉིད་ཡིན་ཏེ། བ་ལང་བཞོ་བ་དང་དགལ་བར་ནུས་པ་ཡིན་ནོ་ཞེས་རང་གི་མཚན་ཉིད་ཀྱི་ཆོས་དང་མ་འབྲེལ་པར་ཐལ་བའི་ཕྱིར་རོ། །དེས་ན་རིགས་ཉིད་ནི་རྣམ་པ་འདི་ལྟ་བུའི་རྣམ་པར་ཤེས་པ་འཇུག་པའི་

ཡུལ་དུ་རུང་བ་མ་ཡིན་ནོ། །མཚོན་པར་བྱེད་པ་སྣང་བས་ཀྱང་དེ་ལ་འཇུག་པ་མ་ཡིན་ནོ་ཞེས་བཤད་པ་ནི། དེའི་སྒོ་ནས་ཞེས་བྱ་བ་ཡིན་ནོ། །ངག་གི་དོན་མ་འབྲེལ་བར་ཡང་འགྱུར་ཏེ། ཆུའི་བྱེད་པ་ཅན་གྱི་སྣང་བ་བརྗོད་པ་བཞིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །དེ་དང་ལྡན་པ་

བརྗོད་ན་རབ་ཏུ་གཅོད་པ་ཡོད་པ་ཡང་བསལ་ཟིན་ཏོ་ཞེས་འབྲེལ་ཏོ། །མཐའ་ཡས་པ་མཚུངས་པས་ན་དངོས་ཀྱི་ཡུལ་ཉིད་དུ་བསྒྲུབ་པའི་ཕྱིར་རོ། །དེ་སྟེ་རང་གི་མཚན་ཉིད་དེའི་ཐ་མི་དད་པ་སྤྱིའི་དབང་གིས་རྗེས་སུ་འགྲོ་བར་སྣང་ངོ་ཞེས་བརྗོད་ན། དེའི་ཐ་མི་དད་པ་རྣམ་པར་གཅོད་པའི་

དབང་གིས་འགྱུར་མོད་ཅེས་ཐམས་ཅད་དུ་མཚུངས་པར་སྟོན་པ་ནི་རིགས་དང་དེ་དང་ལྡན་པ་ཞེས་བྱ་བ་ནས་དེ་ནི་ལྡོག་པ་དང་ལྡན་པ་ལ་ཡང་མཚུངས་སོ་ཞེས་བྱ་བའི་མཐར་ཐུག་པ་ཡིན་ནོ། །དེས་ནི་དེ་ལྟར་གཟུགས་བརྙན་ཉིད་ཀྱི་ཉེས་པ་མཚུངས་ཀྱང་བདག་ཉིད་ཡོན་ཏན་ཁྱད་པར་དུ་གྱུར་པ་

བསྟན་པས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་ཇི་ལྟར་ཐོས་བཞིན་པའི་རྗེས་སུ་འབྲངས་ནས་གཞན་སེལ་བའི་ཡུལ་ཅན་དུ་གཞུང་བཙུགས་ཏེ། རང་གིས་རྟོགས་པ་དང་རྗེས་སུ་མཚུངས་པར་རྣམ་པ་ཐམས་ཅད་དུ་ཉེས་པ་ཡོངས་སུ་སྤང་བར་བཞེད་པས་སྔར་བཤད་པའི་ཚུལ་ལ་ལྟོས་ཏེ།

Vol. 182 · folio 257a

བཤད་པ་ནི་ལྡོག་པ་སྨྲ་བ་རྣམས་ཇི་ལྟར་ན་ཞེས་བྱ་བའོ། །རེ་ཞིག་མཐའ་ཡས་པར་ཐལ་བ་ནི་ལྡོག་པ་དང་ལྡན་པ་སྒྲའི་དོན་ཡིན་པ་ལ་མཚུངས་སོ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་མ་ཡིན་ཏེ། འདི་ལྟར་ལྡོག་པ་སྨྲ་བ་རྣམས་ཀྱི་ལྟར་ན་ནི་སྒྲའི་རྟོགས་པས་དངོས་པོ་ལས་ཐ་དད་པའི་

དངོས་པོ་མེད་པ་འཛིན་པ་ཡིན་ལ་དེ་ཡང་ལོག་པའི་རྣམ་པར་རྟོག་པའི་བདག་ཉིད་གཅིག་ཏུ་འཛིན་པའི་རང་བཞིན་ཡིན་པ་དེས་ན་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་ཞེན་པ་གཅིག་གིས་ཡུལ་དུ་བྱས་པ་རྣམས་ལས་གཅིག་ལ་བརྡ་བྱས་ཀྱང་དེ་ལྟར་ཞེན་པས་ཡུལ་དུ་བྱས་པ་གཞན་ལ་དེ་

ལྟར་རྟོགས་པའི་ཕྱིར་རོ། །དེས་ན་མཐའ་ཡས་པ་ཐལ་བ་མེད་དོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་རྗེས་སུ་འགྲོ་བ་ཡང་འཐད་དོ། །ལྡོག་པ་དང་ལྡན་པ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་དང་ལྡོག་པ་ནི་སྒྲོ་འདོགས་རྣམ་པར་བཅད་པ་ཡིན་ནོ་ཞེས་བྱ་བ་དང་། རྣམ་པར་འཁྲུལ་པ་དེ་ཇི་ལྟར་ལོག་པའི་རྒྱུ་

མཚན་ཡིན་པ་ཞེས་བྱ་བ་ནི་སྔར་ཉིད་ནས་བསྟན་ཟིན་ཏོ། །ལྡོག་མཚམས་གཅིག་པས་ནི་རང་བཞིན་རྗེས་སུ་འགྲོ་བའི་ཤེས་པ་ཡང་དག་པའི་ཤེས་པར་མི་འཐད་དོ། །དངོས་པོ་མེད་པ་ལ་རང་གི་མཚན་ཉིད་དམ་སྤྱིའི་ཆོས་མ་རྟོགས་པའི་ཕྱིར་མི་འཇུག་པ་ཡང་མ་ཡིན་ནོ་ཞེས་བཤད་པ་དེ་ནི་འཁྲུལ་པའི་དབང་གིས་

ཞེས་བྱ་བ་ཡིན་ནོ། །རང་གི་མཚན་ཉིད་མ་ཡིན་པ་ལ་ཡང་འཁྲུལ་པའི་དབང་གིས་དེ་ལྟར་ཞེན་ཏོ། །གལ་ཏེ་ཡང་དེ་ལ་སྒྲ་མ་བཀོད་ཀྱང་གཅིག་ཏུ་མངོན་པར་ཞེན་པ་ལས་དེ་ལྟར་རྟོགས་ནས་རང་གི་མཚན་ཉིད་གཞན་དམིགས་པ་ལ་ཡང་འདི་ན་བ་ལང་འདུག་གི་ཞེས་རྟོགས་པའམ་

གཞན་ལ་སྟོན་པར་བྱེད་པར་འགྱུར་མོད། དེ་ལྟ་ན་ཡང་བ་ལང་རྙེད་པར་ཇི་ལྟར་འགྱུར་ཞེ་ན། དངོས་པོ་མི་བསླུ་བ་ཟེར་བ་ནི་ཞེས་སྨྲས་སོ། །བ་ལང་ཉིད་ལས་རྗེས་སུ་སྤོང་བའི་བ་ལང་གི་རྟོགས་པ་ཉམས་སུ་མྱོང་བའི་བག་ཆགས་ལ་བརྟེན་ནས་རྗེས་སུ་འགྲོ་བ་ཅན་དུ་སྐྱེ་བའི་ཕྱིར་

རྟོགས་པ་དེ་ལས་དེ་ཐོབ་པ་ཡིན་ནོ། །གལ་ཏེ་སྒྲ་ཚད་མ་མ་ཡིན་པའི་ཕྱིར། ཇི་ལྟར་དེ་ལ་མི་བསླུ་བའི་ཚིག་རིགས་ཤེ་ན། དེ་ནི་བདེན་ཏེ་གལ་ཏེ་བ་ལང་གི་ཤེས་པ་དངོས་པོ་མེད་པ་ཉིད་རྗེས་སུ་འབྲེལ་པའི་རང་བཞིན་རྟོགས་པ་ཡིན་ན། ཅིའི་ཕྱིར་འདི་ན་བ་ལང་འདུག་གོ་ཞེས་བརྗོད་པ་

Vol. 182 · folio 257b

ན་བ་ལང་བརྟེན་པའི་མི་བསླུ་བར་ངེས་པར་འགྱུར་གྱི་བུམ་པ་ལ་མ་ཡིན་ན་ཤེས་པ་དེ་དེའི་ཡུལ་མ་ཡིན་པས་ན་བུམ་པ་རྙེད་པ་ན་ཇི་སྟེ་མི་བསླུ་བ་མ་ཡིན་ལ་གཞན་དུ་བཟློག་པར་འགྱུར་ཞེས་བྱ་བའི་རྩོད་པར་འགྱུར་རོ། །དེ་ལ་བརྗོད་པ་བ་ལང་ཉིད་ལས་བ་ལང་དུ་རྣམ་པར་རྟོག་པ་རྗེས་སུ་འགྲོ་བའི་རྣམ་པ་

ཅན་དུ་འགྱུར་བའི་ཕྱིར་དེ་ལ་མི་བསླུ་བར་འཆད་ཀྱི་བུམ་པ་ལ་ནི་མ་ཡིན་ནོ། །ཇི་སྐད་བཤད་པའི་རྣམ་པས་འདི་མི་བསླུ་བ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །སྔར་བཤད་པའི་རྣམ་པ་འདིར་སྦྱར་བ་དེ་ལ་རྩོད་པས་དངོས་པོ་ལས་སྐྱེ་ན་ནི་འཁྲུལ་པ་ཉིད་དུ་མི་འགྱུར་ཏེ། ཡང་དག་པར་ཐལ་

བའི་ཕྱིར་རོ། །དེ་སྟེ་འཁྲུལ་པ་ཡིན་ན་ནི་མི་བསླུ་བར་ག་ལས་འགྱུར་ཞེ་ན། དེ་རེ་ཞིག་འཁྲུལ་པ་ཉིད་དུ་བཤད་པ་ནི་མ་ཡིན་ཏེ་ཞེས་བྱ་བས་འཁྲུལ་པ་དང་འགལ་བའི་ཆོས་སྤངས་ཏེ། དེར་ལྷག་པར་ཞེན་པའི་ཕྱིར་ཞེས་བྱ་བས་འཁྲུལ་པ་ཉིད་དུ་གཞུང་བཙུགས་པ་ཡིན་ནོ། །དངོས་པོ་

ལས་སྐྱེས་པ་དེ་སྣང་བ་ཉིད་ཡིན་ན་ཡང་དག་པར་འགྱུར་བ་ཡིན་ན། དེ་ནི་མེད་ལ་དེ་ལྟ་ན་ཡང་དེར་ལྷག་པར་ཞེན་པ་ཡོད་པའི་ཕྱིར་འཁྲུལ་པ་ཡིན་ནོ། །དངོས་པོ་ལས་སྐྱེས་པ་ལ་ཡང་འཁྲུལ་པའི་ཡོད་པ་ཉིད་དོ་ཞེས་བཤད་པ་ནི། འོད་ལ་ནོར་བུ་ནོར་བུར་ཞེས་བྱ་བ་ཡིན་ནོ། །དེ་ནི་འཁྲུལ་པ་སླུ་

བ་ཡིན་པར་འགྱུར་རོ་ཞེས་དོགས་ན་དགག་པའི་ཕྱིར་མ་ཡིན་ཏེ་ཞེས་བཤད་དོ། །ནོར་བུའི་འོད་མཐོང་བས་འཁྲུལ་པར་བརྗོད་དོ། །རིགས་པ་ཡང་བཤད་པ་ནི། འཁྲུལ་པའི་མཚན་ཉིད་ནི་ཞེས་བྱ་བའོ། །འཁྲུལ་པ་ནི་ལོག་པར་སྣང་བ་ཡིན་ལ། མེད་ན་མི་འབྱུང་བས་ནི་མི་བསླུ་བ་ཡིན་

པའི་ཕྱིར་དེར་སྣང་བ་མ་ཡིན་ཡང་མེད་ན་མི་འབྱུང་བ་ཉིད་ཀྱིས་མི་བསླུ་བ་ཡིན་པ་ལ་འགལ་བ་ཇི་ཡོད། སྣང་བ་མེད་པར་མི་བསླུ་བར་མེད་པ་ནི་མ་ཡིན་ཏེ། མེད་ན་མི་འབྱུང་བ་ཉིད་ཀྱིས་དེར་འགྱུར་བའི་ཕྱིར་རོ། །དེས་ན་སྣང་བ་མ་ཡིན་པར་བཤད་དོ། །དངོས་པོ་མི་འཛིན་པ་ཉིད་རིགས་པ་

ཡིན་གྱི། དངོས་པོ་འཛིན་ན་ནི་ཇི་སྐད་བཤད་པའི་ཉེས་པར་འགྱུར་བ་དེ་སྟོན་པས་དངོས་པོ་ལ་ཞེས་སྨོས་སོ། །བྱེད་པ་པོ་མ་ཡིན་པ་ལ་ཡང་བྱེད་པ་པོར་ལྷག་པར་ཞེན་པས་འཇུག་པ་སྤངས་ནས་ངོ་བོ་ཇི་ལྟ་བ་བཞིན་སྒྲས་སེམས་གཏོད་པས་འཇུག་པར་འདོད་ན་ནི་མི་འཇུག་པ་ཁོ་ནར་འགྱུར་ཏེ།

Vol. 182 · folio 258a

དེ་ལ་རང་གི་མཚན་ཉིད་ཀྱི་ཆོས་མེད་པའི་ཕྱིར་རོ། །འོན་ཏེ་རང་གི་མཚན་ཉིད་ཁོ་ན་ལ་སྒྲས་སེམས་གཏོད་པར་བྱེད་དེ། རང་གི་མཚན་ཉིད་དང་མཐུན་པའི་ཆོས་ཀྱིས་རྣམ་པར་གཅད་པའི་དངོས་པོ་རྟོགས་པའི་ཕྱིར་རོ་ཞེ་ན། དེའི་ཚེ་གང་ལ་སྒྲ་མཐོང་བ་དེ་ཉིད་ལ་འཇུག་པར་

འགྱུར་གྱི། གཞན་ལ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ་ཞེས་བཤད་པ་ནི་གཞན་ལ་ཡང་འཇུག་ན་ནི་ཞེས་བྱ་བ་སྟེ། རྟ་ལ་ཡང་འཇུག་པར་ཐལ་བའི་ཕྱིར་རོ། །འོན་ཏེ་དེ་ལྡན་པ་སྒྲས་འཛིན་ཏོ་ཞེས་བརྗོད་ན་དེའི་ཚེ་མཐའ་ཡས་པ་སྐྱོན་དུ་འགྱུར་བ་མ་ཡིན་ན་སྤྱིས་ཅི་ཞིག་བྱ་བ་ལ་སོགས་

པ་བཤད་ཟིན་པ་ཡིན་ནོ། །སྒྲས་ནི་རིགས་ཉིད་འཛིན་པ་ཡིན་ལ། གཟུང་བར་བྱ་བ་སྤྱིའི་དོན་བྱེད་པ་དང་མི་ལྡན་པའི་ཕྱིར་འཇུག་པར་མི་འགྱུར་རོ་ཞེས་བརྩད་པར་བྱ་བ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་རིགས་གཟུང་ན་ཡང་ཞེས་སྨོས་སོ། །གང་གིས་ན་རྗེས་སུ་འགྲོ་

བ་འདི་ལ་ནི་སྒྲ་འཇུག་པར་འགྱུར་ལ། དེ་ལས་བཟློག་པ་འདི་ལ་ནི་མ་ཡིན་ནོ་ཞེས་རྗེས་སུ་འགྲོ་བ་མེད་པ་འདི་ལས་ནི་དོན་བྱེད་པ་ལ་དེ་ལས་བཟློག་པ་འདི་ལས་ནི་མ་ཡིན་ནོ་ཞེས་རྟོགས་པར་འགྱུར་བ། རིགས་དང་གསལ་བ་དག་མངོན་སུམ་གྱིས་རྟོགས་པ་ལ་བུམ་པ་དང་སྣམ་བུ་

ལྟར་ཕན་ཚུན་མ་འདྲེས་པའི་རང་བཞིན་ཉིད་དུ་ནི་རྟོགས་པ་མེད་དོ། །གང་གིས་ནི་སྤྱི་རྟོགས་བྱེད་པའི་སྒྲ་ལས་དོན་དུ་གཉེར་བ་མི་འཇུག་པར་འགྱུར་ཏེ། དེ་དག་འཕྲོད་པ་འདུ་བའི་ཕྱིར་འདྲེས་པའི་རང་བཞིན་དུ་རྟོགས་པའི་ཕྱིར་རོ། །གང་ལས་ནི་དོན་བྱེད་ལ་གང་ལས་ནི་མི་བྱེད་ཅེས་

ཐ་དད་པར་རྟོགས་པ་ནི་མེད་དོ། །དེས་ན་རང་གི་མཚན་ཉིད་ཀྱིས་རང་བཞིན་ལ་ལོག་པ་ཞིག་ཏུ་གྱུར་པ་གཞན་རྟོགས་པ་མེད་ཀྱི། འོན་ཀྱང་འཁྲུལ་པ་རྣམས་མི་རྟོགས་པར་འགྱུར་རོ། །དཔེར་ན་བ་ཁྲ་མོ་ལ་སོགས་པ་བཞིན་ཏེ། དེ་སྤངས་ནས་ཀྱང་སྤྱིའི་རྟོགས་པ་ཡོད་པའི་ཕྱིར་

རོ། །གང་ཞིག་མེད་ན་རིགས་ཀྱི་རྟོགས་པ་མེད་པའི་གསལ་བའི་བདག་ཉིད་དེ་དང་ནི་རིགས་ཀྱི་རྟོགས་པ་འདྲེས་པར་སྣང་བ་ལས་འདའ་བ་མ་ཡིན་ཏེ་དཔེར་ན་དོན་བྱ་བ་འམ། གསལ་བའི་རང་བཞིན་ཙམ་བཞིན་ནོ། །དེའི་ཕྱིར་རིགས་ཀྱི་རྟོགས་པ་གསལ་བ་འདི་ནི་ཁ་དོག་

Vol. 182 · folio 258b

གི་རྣམ་པ་གསལ་བ་ཡིན་ནོ། །དེའི་ཕྱིར་རིགས་པ་ན་ཡང་མི་འཁྲུལ་བའི་རང་གི་མཚན་ཉིད་ཀྱི་ཆོས་སྤངས་ནས་རྟོགས་པ་མེད་པའི་ཕྱིར་དོན་བྱ་བ་དོན་དུ་གཉེར་བར་འཇུག་པར་འཐད་པ་ཁོ་ནའོ་ཞེ་ན། དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དེའི་ཚེ་ཞེས་བྱ་བའོ། །བློ་ལ་འདྲེས་པར་སྣང་ན་ནི་རིགས་

པ་མ་ཡིན་ལ། དེ་ཉིད་ཀྱི་ཕྱིར་དེ་དང་ལྡན་པ་ཡང་མ་ཡིན་ཏེ། རིགས་སམ་དེ་དང་ལྡན་པའི་རང་གི་ངོ་བོ་རྣམ་པར་གནས་པ་མ་བཟུང་བའི་ཕྱིར་རོ། །འདི་ལྟར་རིགས་ནི་རང་གི་མཚན་ཉིད་ཀྱི་རང་བཞིན་གྱིས་སྟོང་པ་རྗེས་སུ་འགྲོ་བའི་རིགས་ཉིད་ཡིན་ལ། རིགས་དང་འབྲེལ་

པར་མི་འཁྲུལ་པ་ལ་རང་གི་མཚན་ཉིད་ཀྱི་ཆོས་ཀྱང་རྗེས་སུ་འགྲོ་བ་མེད་པ་ཁོ་ནའོ། །དེས་ན་འདྲེས་པར་སྣང་ན་རྗེས་སུ་འགྲོ་བ་སྟོང་པའི་གསལ་བའི་རང་བཞིན་ཡང་རྗེས་སུ་སོང་བར་རྟོགས་པར་འགྱུར་ལ་རིགས་གསལ་བའི་ཆོས་ཀྱིས་སྟོང་པ་ཡང་དེའི་རང་བཞིན་ཡིན་པའི་ཕྱིར་གསལ་བ་

ཉིད་དུ་འཁྲུལ་པ་ཡིན་ལ་དེས་ན་སངས་རྒྱས་པའི་སྨྲ་བ་ལ་བརྟེན་པར་འགྱུར་རོ། །འདི་ལྟར་སྤྱི་དང་སྤྱི་དེ་ཡང་དོན་བྱ་བ་བྱེད་པ་ཞེས་བྱ་བ་རྟོགས་པར་ཇི་ལྟར་འཁྲུལ་པ་མ་ཡིན། སྤྱི་རྟོགས་པས་ཡུལ་དུ་བྱས་པ་ལ་དོན་བྱ་བ་བྱེད་པའོ་ཞེས་བྱ་བར་མ་རྟོགས་པར་ནི་དེ་དོན་དུ་གཉེར་བ་མི་འཇུག་པས་

དེ་ཇི་ལྟར་འཁྲུལ་པ་མ་ཡིན། དེས་ན་དེ་ལྟར་རྣམ་པ་གཞན་གྱིས་ཀྱང་སྤྱིའི་ཡུལ་ཅན་མ་ཡིན་པ་དང་། གཞན་སེལ་བའི་ཡུལ་ཅན་ཡིན་པར་བསྟན་ནས། ཚུལ་གཞན་ཡང་བཤད་པའི་དོན་དུ་སྤྱིའི་རྣམ་པར་ཤེས་པའི་རང་བཞིན་བསྟན་པའི་ཕྱིར། དེ་ལྟ་ན་ནི་འོ་ན་ཞེས་རྩོད་པ་སློང་བར་

བྱེད་དོ། །རྩོད་པ་འདི་ནི་གཞུང་གི་འབྲེལ་པ་ཙམ་བྱེད་པར་ཟད་དོ། །སྤྱི་ཐ་དད་པ་ཁས་བླངས་ཀྱང་དེ་ཉིད་འདི་ཡིན་ནོ་ཞེས་འདོད་པ་ནི་མ་ཡིན་གྱི་འོན་ཀྱང་འདིར་ནི་ངོ་ཤེས་པའི་རྣམ་པ་ཅན་གྱི་སྤྱི་གཞུང་གཟུགས་པར་བྱ་བ་ཡིན་པས་དེ་ཉིད་ལ་དེ་ལྟར་བརྒལ་བར་བྱ་སྟེ། ཉེས་པ་དེ་ནི་མེད་དེ་ཐ་དད་

ཀྱང་ནི་ཞེས་བྱ་བ་ལ་སོགས་པའི་མདོ་བརྗོད་པ་ཡིན་ནོ། །ཐ་དད་པ་ཡིན་ཡང་ཤེས་པ་ལ་སོགས་པ་དོན་བྱ་བ་གཅིག་བྱེད་པའི་དོན་མཐོང་ནས་དེ་དག་གཞན་མཐོང་བ་ན་ཡང་ངོ་ཤེས་པར་བྱེད་དོ། །གལ་ཏེ་སྔར་མཐོང་བ་དག་ལས་ཐ་དད་པ་ཁོ་ནའི་དོན་མཐོང་བ་གང་ཡིན་པ་དེ་ལྟ་ན་ཡང་དེ་ཉིད་

Vol. 182 · folio 259a

འདིའོ་ཞེས་དེ་དག་ལ་ངོ་ཤེས་པར་བྱེད་པ་ཁོ་ན་སྟེ། འདི་ལྟར་སྔ་མ་དག་ལས་དེ་དག་ཐ་དད་ཀྱང་དོན་དེ་བྱེད་པ་ཁོ་ནའོ། །ངོ་ཤེས་པར་བྱེད་པ་ཡང་ལྟ་བར་བྱེད་པ་གང་ཡིན་པ་དེ་ཉིད་འདི་ཡིན་ནོ་ཞེས་བཤད་པར་རིག་པར་བྱ་ལ་ལྟ་བར་བྱེད་པ་ཡང་མཐོང་བ་ཉིད་ཡིན་ཏེ། དེས་ན་

ངོ་ཤེས་པ་ནི་དེ་ཉིད་ལས་སྐྱེ་ཞིང་དེ་ཡང་དོན་དག་ལས་ཡིན་པའི་ཕྱིར་དོན་ཉིད་རྒྱུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འགྲེལ་པ་དང་ཡང་རྗེས་སུ་མཐུན་ནོ། །དེ་དེ་ལྟར་དོན་ཉིད་ལས་ངོ་ཤེས་པ་སྐྱེ་བ་ནི་སྤྱི་མེད་པར་བཤད་ནས་དེ་གཞན་སེལ་བའི་ཡུལ་ཅན་ཉིད་དུ་བཤད་པ་ནི་དེ་ལས་གཞན་དང་འབྲེལ་བའི་ཞེས་བྱ་

བ་ཡིན་ནོ། །གང་དག་ཤེས་པ་ལ་དེ་ལྟ་བུར་གྱུར་པའི་དོན་བྱ་བ་མི་བྱེད་པ་དེ་དང་བྲལ་བ་སྟེ་སྒྲོ་འདོགས་ཀྱི་སྒོ་ནས་སྦྱར་བ་དག་གསལ་བ་དེའི་ཡུལ་ཅན་གྱི་སྒྲ་རྣམས་ཀྱི་དོན་ནམ་ངོ་བོ་ཤེས་པ་ལྷན་ཅིག་ཏུ་སྦྱར་ནས་ཏེ། གཉི་ག་ལྟར་ཡང་གཞན་སེལ་བའི་ཡུལ་ཅན་ཡིན་ནོ། །དེའི་དོན་ནི་འདི་

ཡིན་ཏེ། གང་གི་ཕྱིར་འདིས་སྔར་བ་ལང་ཉིད་དམིགས་ལ། ད་ལྟར་ཡང་བ་ལང་ཉིད་དམིགས་པ་ཡིན་ནོ། །བ་ལང་དེ་ཉིད་འདི་མ་ཡིན་པ་དེ་ལྟ་ན་ཡང་བ་ལང་མ་ཡིན་པ་ལས་ཐ་དད་པའི་འབྲས་བུ་རྣམ་པར་རྟོག་པ་གཅིག་འཇུག་པ་ཙམ་ཡིན་གྱི་ངོ་ཤེས་པ་རྣམ་པ་གཅིག་པ་ཅན་ནི་དེའི་

སྟོབས་ཉིད་ལས་ཉམས་སུ་མྱོང་བས་ཆོད་ནས་སྐྱེ་བ་ཡིན་ནོ། །ཇི་ལྟར་ངོ་ཤེས་པ་འདི་འཐད་པར་འགྱུར་ཏེ། གང་གི་ཕྱིར་འདིར་ནི་བ་ལང་གི་རྣམ་པ་ཐ་མི་དད་པ་ཡིན་ནོ། །དེ་ནི་བ་ལང་ཁྲ་བོ་བ་ལང་སེར་སྐྱ་ཞེས་ཁྱད་པར་རྣམས་དང་ཐ་དད་མེད་པར་གྱུར་པ་ཡིན་ཏེ། དེས་ན་བ་ལང་གི་

རྣམ་པ་ངོ་ཤེས་པས་དེ་ཉིད་འདི་ཡིན་ནོ་ཞེས་རྟོགས་པ་ན་ཁྱད་པར་ཡང་ཁྱད་པར་གཞན་དང་གཅིག་ཏུ་བྱས་པར་འགྱུར་ན་ཁྲ་བོ་གང་ཡིན་པ་དེ་ཉིད་ནི་སེར་སྐྱ་མ་ཡིན་ནོ། །ཡང་ན་ཁྲ་བོ་སེར་སྐྱ་ཞེས་བྱ་བ་ལྟ་ཞོག་གི་བ་ལང་གི་རྣམ་པ་ཙམ་གྱིས་ཀྱང་ཁྱད་པར་བཟུང་བ་ན་ངོ་ཤེས་པ་མི་སྲིད་པར་འགྱུར་ཏེ་བ་ལང་

གང་ཡིན་པ་དེ་འདི་ཉིད་དོ་ཞེས་རྟོགས་པ་ན་དེ་ཉིད་འདིའོ་ཞེས་ཁྱད་པར་ཡང་ཁྱད་པར་གཞན་དང་བསྲེས་པར་འགྱུར་ཏེ་ཐ་དད་པ་ལ་བརྟེན་པ་ནི་ཐ་མི་དད་པ་རྟོགས་པར་མི་རུང་བའི་ཕྱིར་རོ། །དེས་ན་ཇི་ལྟར་འདི་ངོ་ཤེས་པ་ཡིན་ཞེ་ན་ཁྱེད་བདེན་ཏེ་རྣམ་པར་རྟོག་པའི་རྟོགས་པས་སྤྱི་རྣམ་པར་འཇོག་མི་

Vol. 182 · folio 259b

ནུས་སོ་ཞེས་བརྗོད་དོ། །སྤྱི་ནི་མི་བསླུ་བའི་ཤེས་པའི་ཡུལ་མ་ཡིན་ནམ། འདི་ལ་ནི་དེ་མི་སྲིད་དོ། །སྤྱི་ནི་ཐ་དད་ཀྱང་ཁྱད་པར་དག་དང་ཐ་མི་དད་པར་རྟོགས་པའི་སྤྱོད་ཡུལ་དུ་གྱུར་པ་ཡིན་པས་དེ་ཇི་ལྟར་ཐ་དད་པ་མ་བཟུང་བར་ཐ་དད་པ་དག་ལ་མཚམས་སྦྱོར་བའི་རྟོགས་པའི་ཡུལ་དུ་འགྱུར།

ཡུལ་དང་དུས་ཀྱི་ཐ་དད་ཀྱང་ཐ་མི་དད་པ་ནི་དེ་ཉིད་འདིའོ་ཞེས་རྟོགས་པར་འགྱུར་ཏེ། དཔེར་ན་བུམ་པ་རྟག་པ་ཉིད་ལ་སྔར་དམིགས་པ་གང་ཡིན་པ་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །ཁྱད་པར་རྣམས་ནི་དེ་ལྟར་ཐ་མི་དད་པ་མ་ཡིན་ནོ། །གཞི་ཐ་དད་པ་ཡིན་ན་ཡང་དེ་དག་ལ་སྤྱི་ཡོད་

པར་རྟོགས་པར་འགྱུར་རོ། །དེ་ནི་གཞི་ཐ་དད་པར་མ་རྟོགས་པའི་ཕྱིར་དང་། གཞི་མཐུན་པ་མ་ཡིན་ན་ཡང་མཚམས་སྦྱོར་བ་མི་འགྲུབ་པའི་ཕྱིར་ཐ་དད་པ་མེད་པ་གསལ་བར་བྱེད་པ་སྤྱིའི་སྒྲུབ་བྱེད་ནི་འགའ་ཡང་མེད་དོ། །གང་དུ་ཐ་དད་པར་སྣང་བ་ལ་གཅིག་ཏུ་རྟོགས་པར་འགྱུར་བ་རྣམ་

པ་འདི་ལྟ་བུ་འཁྲུལ་པ་ཡང་མི་སྲིད་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་ངོ་ཤེས་པ་ཡིན་ཞེ་ན། བརྗོད་པ་ཐ་དད་འཛིན་པའི་རང་བཞིན་གྱི་རྟོགས་པ་འཇུག་པས་ཐ་མི་དད་པར་ཤེས་པ་ནི་ངོ་ཤེས་པ་ནི་མ་ཡིན་གྱི་འོན་ཀྱང་འདི་ནི་བརྟག་པར་མི་ནུས་པ་ཐ་མི་དད་པར་ཞེན་པ་ཁོ་ནའོ། །ཇི་ལྟར་དོན་དུ་ཞེན་པ་

བརྟག་པར་མི་ནུས་པ་བཞིན་ཏེ། དོན་དུ་ཞེན་པ་ནི་རྣམ་པར་རྟོག་པ་མེད་པས་ཡུལ་དུ་བྱས་པའི་དོན་བཞིན་དུ་སྣང་བ་མ་གྲུབ་པའི་ཕྱིར་དོན་གསལ་བ་མེད་པའི་ཕྱིར་ན། ཡུལ་དུ་མ་བྱས་པའི་དོན་ལ་ཡང་དོན་གྱི་ཡུལ་ཅན་གྱི་འཇུག་པའི་ཤུགས་ཀྱིས་དཔག་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་དོན་བྱ་བ་ནུས་

པའི་རྟོགས་པ་ནི་དོན་བྱ་བ་དང་འབྲེལ་པ་རྟོགས་པ་ལ་ལྟོས་པ་ཡིན་ཏེ། དེ་ཡོད་ན་འབྲས་བུ་སྐྱེ་བར་དམིགས་པས་འབྲེལ་པ་མ་རྟོགས་པར་ནི་དེ་ལྟར་རྟོགས་པ་སྔོན་དུ་འགྲོ་བ་ཅན་གྱི་དེ་དོན་དུ་གཉེར་བས་འཇུག་པ་མ་གྲུབ་པའི་ཕྱིར་རོ། །དེས་ན་འདི་ནི་དེ་ལྟར་རྟོགས་ལ་ལྟོས་པ་དང་བཅས་པ་

ཡིན་ནོ། །གཅིག་ལ་མཐོང་བ་ནི་འབྲེལ་པ་མ་མཐོང་བ་གཞན་ལ་འཇུག་པ་མ་ཡིན་ཏེ། བ་ལང་ལ་དོན་མཐོང་བ་དང་ལྡན་པའི་དོན་དུ་གཉེར་བ་དེ་ལ་འཇུག་པ་ཡིན་ཡང་རྟ་ལ་མི་འཇུག་པའི་ཕྱིར་རོ། །དེས་ན་བ་ལང་གི་གསལ་བ་གཅིག་ལ་བ་ལང་གིས་བྱ་བའི་དོན་མཐོང་བ་དང་ལྡན་པ་

Vol. 182 · folio 260a

ནི་གཞན་ཡིན་པའི་ཕྱིར་དེ་དོན་སྒྲུབ་ཉམས་སུ་མི་གསལ་བ་གཞན་ལ་འཇུག་པར་མི་རིགས་ཏེ། འབྲེལ་པ་མཐོང་བ་ལ་ལྟོས་པའི་ཕྱིར་དང་། གཞན་མཐོང་བས་གཞན་ལ་མི་འགྲུབ་པའི་ཕྱིར་རོ། །དེ་ལྟ་ཡིན་མོད་ཀྱི་བ་ལང་གི་གསལ་བ་གཞན་ལ་དོན་ཉམས་

སུ་མྱོང་བའི་དོན་དུ་གཉེར་བ་དེ་ཉིད་ལ་གཞན་དུ་མ་མཐོང་བའི་གསལ་བ་གཞན་ལ་ཡང་ཕྱིས་མཐོང་བ་ལ་ལྟོས་པ་མེད་པར་འཇུག་པ་ནི་མཐོང་ངོ་། །རིགས་མཐུན་པར་འདོད་པའི་གསལ་བ་གཞན་ཉིད་ལ་ཡང་མཐོང་བ་ལ་ལྟོས་པ་མེད་པ་ཡིན་གྱི། དོན་དེ་བྱེད་པ་ཡིན་ཡང་རིགས་མི་

མཐུན་པའི་གསལ་བ་གཞན་ལ་ནི་མ་ཡིན་ཏེ། དཔེར་ན་ཤ་རི་བ་ལ་རིམས་ཞི་བའི་ནུས་པ་ཉམས་སུ་མྱོང་བ་ཤ་རི་བ་གཞན་ལ་འཁྲུལ་པ་མེད་པར་ལེན་གྱི་དོན་དེ་སྒྲུབ་པར་ཁྱད་པར་མེད་ཀྱང་པ་རུ་ཤ་ཀ་ལ་ནི་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་བ་ལང་གི་གསལ་བ་གཞན་དག་ལ་གསལ་

བ་དེར་ཞེན་པ་ཡོད་མོད་ཀྱི། དེ་ནི་དེ་ཉིད་འདིའོ་ཞེ་འམ་དེ་ལ་འདིའོ་ཞེས་བརྟག་པར་ནི་མི་ནུས་སོ། །དེས་ན་དེ་ལྟར་ཐ་དད་པར་སྦྱོར་བར་བྱེད་པའི་ངོ་ཤེས་པ་འདི་ལྷག་པར་ཞེན་པ་ཙམ་གྱིས་སྙིང་པོ་ཅན་ཉིད་ཀྱིས་ལོག་པའི་རྣམ་པར་རྟོག་པ་ཉིད་ཉེ་བར་བསྟན་ཏེ། དེ་ལྟས་དོན་ལ་

གཅིག་བདག་ཏུ། །འཛིན་པའི་རྣམ་རྟོག་འདི་འཁྲུལ་བ། །ཞེས་ཏེ། ཇི་ལྟར་དོན་དུ་ལྷག་པར་ཞེན་པ་བཞིན་ནོ། །རྟོགས་པ་ལ་ནི་བ་ལང་གི་རྣམ་པ་ཐ་དད་པ་ཁོ་ན་སྟེ། འདི་ནི་བ་ལང་ཡིན་ལ་འདི་ནི་བ་ལང་གཞན་ཡིན་ནོ་ཞེས་རྟོགས་པའི་ཕྱིར། གཅིག་བ་ལང་ཡིན་ཡང་གཞན་

བུམ་པ་བཞིན་དུ་བ་ལང་དུ་མི་འགྱུར་བ་ནི་མ་ཡིན་ཏེ། གཉི་ག་བ་ལང་ཡིན་པའི་ཕྱིར་རོ། །འོན་ཀྱང་དེ་བ་ལང་ཉིད་གང་ཡིན་པ་དེ་གཞན་ལ་མེད་པ་དེའི་བ་ལང་གང་ཡིན་པ་དེ་གཞན་མ་ཡིན་པར་ཟད་ཀྱི་གཞན་ནི་བ་ལང་ཡིན་པ་ཁོ་ནའོ། །བ་ལང་དེ་ཉིད་བ་ལང་དེ་ཡིན་ནོ་ཞེས་

རིགས་པ་ནི་མ་ཡིན་ཏེ། དེས་ན་སྤྱི་ངོ་བོ་ལ་རིགས་པའི་བྱེད་པ་འགལ་བ་མེད་དོ། །བ་ལང་ཉིད་དང་ལྡན་པས་བ་ལང་ཞེས་ཁས་ལེན་ན་གཞན་ལ་དེ་མེད་པར་མི་འགྱུར་བས་འགལ་བར་འགྱུར་གྱི། རང་གི་ངོ་བོར་དེ་ལྟར་འགྱུར་བ་ལ་ནི་མ་ཡིན་ཏེ་ཁྲ་བོ་ལ་སོགས་པའི་བ་ལང་

Vol. 182 · folio 260b

མང་པོ་རྣམས་ཉིད་བ་ལང་ཉིད་དུ་རྟོགས་ཀྱི་རྟ་ངང་པ་ལ་སོགས་པ་གཞན་ལ་ནི་མ་ཡིན་པའི་ཕྱིར་རོ། །ཁྱད་པར་སྲེ་བའི་ངོ་ཤེས་པ་འདིའི་རྒྱུ་མཚན་ཡང་དངོས་པོ་ཉིད་ཡིན་ནོ། །འབྲེལ་པ་ནི་འདི་ལ་བཤད་ཟིན་ཏོ་ཞེས་བྱའོ། །དངོས་པོ་དེ་དག་ལ་ཤེས་པ་ལ་སོགས་པའི་དོན་བྱེད་པ་གཅིག་

མཐོང་བ་ལ་དངོས་པོ་རྣམས་ཀྱི་ཆོས་ཉིད་ཁོ་ནས་དེ་ཉིད་འདི་ཡིན་ནོ་སྙམ་པའི་ལོག་པའི་ཤེས་པ་སྐྱེད་པར་བྱེད་དོ། །དེ་ཉིད་འདིའོ་ཞེས་སྙམ་པ་ནི་རྒྱང་མི་རིང་ཞིང་མ་བསྐལ་བར་ལྷག་པར་ཞན་པའི་རང་བཞིན་བརྗོད་པའོ། །དངོས་པོ་རྣམས་ལ་དངོས་སུ་རྣམ་པར་རྟོག་པ་སྐྱེད་པའི་ནུས་པ་

ནི་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་ནི་རང་ཉམས་སུ་མྱོང་བ་ནི་དེ་དག་གི་བདག་ཉིད་ཀྱི་ཡུལ་ཅན་གྱི་རྣམ་པར་ཤེས་པ་དེའི་བག་ཆགས་ཏེ། དེར་རྒྱུར་གྱུར་པས་སོ། །དེ་ལ་འདིར་རེ་ཞིག་ལོག་པ་ཉིད་གཞུང་གཟུགས་པའི་ཕྱིར་བཤད་པ་ནི། དེ་ལྟ་མ་ཡིན་ན་ཞེས་བྱ་བ་སྟེ་ལོག་པ་ཉིད་མ་

ཡིན་ནའོ། །འདིས་ནི་འདི་སྐད་བསྟན་པ་ཡིན་ཏེ། རྗེས་སུ་འགྲོ་བ་འགའ་ཞིག་མེད་པས་ངོ་ཤེས་པ་མི་འཐད་པ་ན་ནི་མ་ཡིན་གྱི། ཕྱིར་ལ་རྗེས་སུ་འགྲོ་བ་ཡོད་ན་མི་འཐད་དོ་ཞེས་སོ། །བློ་ཁྱད་པར་སྲེ་བ་ཅན་ཞེས་བྱ་བ་ནི། ངོ་ཤེས་པའི་རྣམ་པ་ཅན་སྤྱིའི་ཤེས་པ་བསྟན་པ་སྟེ། དེ་ནི་ཁྱད་

པར་སྲེ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་ལྟར་སྤྱི་སྨྲ་བ་རྣམས་ཀྱི་སྤྱི་མཚམས་སྦྱོར་བའི་ཤེས་པའི་སྤྱོད་ཡུལ་དུ་གྱུར་པ་ཡིན་དུ་ཟིན་ཀྱང་ཁྲ་བོ་ལ་མཐོང་བ་གང་ཡིན་པ་དེ་ཉིད་ནི་སེར་སྐྱ་ལ་ཡང་མཐོང་ངོ་ཞེས་ཐ་དད་པ་ཉིད་མཚམས་སྦྱོར་བ་ནི་མ་ཡིན་ཏེ། འདི་བ་ལང་ཞེས་སྤྱི་དང་གསལ་

བ་ཐ་མི་དད་པ་སྣང་གི་འདི་བ་ལང་ཞེས་བྱ་བར་ནི་མ་ཡིན་པའི་ཕྱིར་རོ། །ཁྲ་བོ་བ་ལང་སེར་སྐྱ་ལ། །ཞེས་གཞི་མཐུན་པ་ནི་དེའི་རང་བཞིན་མེད་པར་རྟོགས་པ་མཐར་ཕྱིན་པ་མ་ཡིན་ནོ། །འབྲེལ་པའི་ཕྱིར་གཞན་དེ་ལ་ཡོད་པ་ཡིན་ན་ནི། ལྷ་སྦྱིན་གྱི་བ་ལང་ཞེས་བྱ་བ་བཞིན་དུ་རྟོགས་པར་འགྱུར་

ཏེ། དེ་ཡང་བ་ལང་དང་ལྡན་པའི་ཕྱིར་རོ། །དེས་ན་ཐ་དད་པ་དང་འབྲེལ་པ་ཡིན་ན་བ་ལང་དང་ལྡན་པ་ཞེས་རྟོགས་པར་རིགས་ཀྱི་བ་ལང་ངོ་ཞེས་བྱ་བར་ནི་མ་ཡིན་ནོ། །བ་ལང་ཉིད་ཀྱི་ཉེ་བར་གཞག་པ་ལས་བ་ལང་ཞེས་ཐ་མི་དད་པར་རྫས་ཀྱི་མཐར་ཕྱིན་པར་རྟོགས་སོ་ཞེ་ན། རེ་ཞིག་ཐ་དད་པ་

Vol. 182 · folio 261a

མེད་པར་རྟོགས་པ་ནི་གྲུབ་སྟེ། དེ་ཉིད་ཀྱི་ཕྱིར་ཐ་དད་པའི་དོན་དང་ལོགས་སུ་ཐོབ་པ་མེད་པའི་ཕྱིར་རོ་ཞེས་བཤད་དོ། །དེས་ན་ཐ་དད་པ་ཐ་མི་དད་པ་སྦྱོར་བའི་བདག་གི་ཤེས་པ་ནི་ཐ་དད་པ་མེད་པ་སྲེ་བའི་རང་བཞིན་དུ་མི་འགྱུར་ཏེ། དེ་དང་ཐ་མི་དད་པར་རྟོགས་པ་ནི་དེ་

སྤངས་ནས་རྗེས་སུ་སྦྱར་བར་ནུས་པ་མ་ཡིན་ནོ། །གང་ཞིག་གང་དང་ལྷན་ཅིག་འབྲེལ་པ་དེ་ལ་དེ་མ་འདྲེས་པར་ཇི་ལྟར་འགྱུར། དེའི་ཕྱིར་སྤྱིའི་ཤེས་པ་ནི་ཁྱད་པར་སྲེ་བའི་རྣམ་པ་ཅན་ཡིན་ལ། དེ་ནི་འཁྲུལ་པ་མེད་པར་མི་འགྱུར་རོ། །དེ་སྤྱི་ཐ་དད་པའམ་ཐ་མི་དད་ལ་དམིགས་པ་ཡིན་

ན་ནི་འཁྲུལ་པར་མི་འགྱུར་རོ། །དེ་ལ་ཐ་མི་དད་ཡིན་ན་ཐ་དད་པ་ཉིད་དུ་མི་འགྱུར་མོད། འདི་དག་འདྲེས་པར་གོ་ཇི་ལྟར་འགྱུར། ཐ་དད་ན་ཡང་ཐ་མི་དད་པ་དེ་ཐ་དད་པ་རྣམས་ལ་རྟོགས་པར་འགྱུར་མོད། འདི་དག་འདྲེས་པར་ག་ལ་འགྱུར་ཏེ། །དཔེར་ན་ཁར་བ་ཐོགས་པ་དག་བཞིན་ནོ། །

ཁར་བ་ཐོགས་པ་རྣམས་ཁར་བ་ཐ་མི་དད་པ་དང་ལྡན་དུ་ཟིན་ཀྱང་རང་གི་ངོ་བོ་འདྲེས་པར་སྣང་བ་ནི་མ་ཡིན་གྱི། འོན་ཀྱང་མ་འདྲེས་པ་དེ་དག་ལ་ཁར་བ་གཅིག་འབྲེལ་པར་རོ། །དེས་ན་དེ་འདི་ལའོ་ཞེས་རྟོགས་པར་རིགས་སོ། །ཁྱད་པར་སྲེ་བ་ནི་རྣམ་པ་དེ་ལྟ་བུ་མ་ཡིན་གྱི་འོན་ཀྱང་དེ་ཉིད་འདི་ཡིན་ནོ། །

གལ་ཏེ་ཐ་མི་དད་པ་རྣམས་ལས་ཐ་དད་པར་རྟོགས་ན་ངོ་ཤེས་པར་མི་འགྱུར་ཏེ། དབྱིག་པ་ཐོགས་པ་བཞིན་ནོ། །ཐ་མི་དད་པར་རྟོགས་ན་གོ་ཇི་ལྟར་གཞན་དུ་རྟོགས་པར་འགྱུར་ཞེ་ན། དེ་ནི་མ་ཡིན་ཏེ། སྤྱི་དང་དེ་དང་ལྡན་པ་དག་ཐ་དད་ན། ཐ་མི་དད་པར་རྟོགས་པ་འཁྲུལ་པ་མེད་པ་ཉིད་མི་

འགྲུབ་པའི་ཕྱིར་རོ། །དེར་སྒྲོ་བཏགས་ནས་རྟོགས་པའི་ཕྱིར་ཐ་མི་དད་པར་རྟོགས་སོ་ཞེ་ན། ཇི་ལྟར་མ་འཁྲུལ་པར་གཞན་ལ་གཞན་སྒྲོ་འདོགས་པར་བྱེད། འཁྲུལ་པ་ཉིད་ཡིན་ན་དེ་ལྟར་འཐད་དེ། འདི་ནི་རྡུལ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །དབྱུག་པ་གཅིག་དུ་མ་དང་འབྲེལ་པས་

ཀྱང་དེ་དང་ལྡན་པའི་དབྱུག་པ་ཅན་ཇི་ལྟར་འབྲེལ་པར་མི་འགྱུར་ཞེ་ན། དེ་ནི་དབྱུག་པ་གཅིག་དང་ལྡན་པའི་ཕྱིར་སྒྲོ་བཏགས་པའི་དེ་དང་ལྡན་པ་རང་གི་བདག་ཉིད་དུ་གྱུར་པ་ཁོ་ནས་དེ་དག་འདྲེས་པ་ཡིན་གྱི། དབྱུག་པ་ནི་མ་ཡིན་ནོ། །དེས་ན་ཐ་དད་པ་རྣམས་དངོས་པོ་གཅིག་དང་ལྡན་

Vol. 182 · folio 261b

པས་ནི་འདྲེ་བ་སྲིད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཐ་དད་པ་དང་ཐ་མི་དད་པའི་རང་བཞིན་སྤྱི་མ་ཡིན་ཏེ། འདི་བ་ལང་ངོ་ཞེས་བྱ་བ་ལ་ཐ་དད་པ་དང་ཐ་མི་དད་པ་གཉི་ག་སྣང་བ་ཉིད་དུ་ཐལ་བར་འགྱུར་གྱི་ཐ་མི་དད་པར་རོ་གཅིག་པ་ནི་མ་ཡིན་པར་འགྱུར་བའི་ཕྱིར་རོ། །བ་ལང་དང་འདིའོ་ཞེས་བྱ་བའི་ཆ་ཐ་

མི་དད་ན་གཞི་མཐུན་པ་ཉིད་དུ་ཡང་མི་འགྱུར་ཏེ། བ་ལང་བ་ལང་ཞེས་བྱ་བ་བཞིན་ནོ། །དེས་ན་དེ་ཉིད་ཐ་དད་པའི་ཤེས་པ་ཡིན་ནོ་ཞེ་ན། འདི་ཐ་དད་པ་དང་ཐ་མི་དད་པའི་རྟོག་པར་འགྱུར་བ་གང་ཡིན་པ་འདིར་ཐ་དད་པ་སྣང་བ་སྔོན་དུ་འགྲོ་བ་ཅན་གྱི་ཐ་མི་དད་པའི་རྟོགས་པ་ནི་མེད་ཀྱི་འོན་ཀྱང་བ་ལང་

ཞེས་རྟོགས་པ་ནི་འདིའི་ཞེས་བྱ་བའི་ཆ་མ་རྟོགས་པ་རྟོགས་པར་འགྱུར་བ་ཡིད་ལ་དེ་ཡང་ཐ་མི་དད་པ་ཁོ་ན་ཡིན་ཏེ། དེས་ན་འདིར་ཐ་དད་པར་རྟོགས་པ་ནི་འགའ་ཡང་མེད་ཀྱི་འོན་ཀྱང་ཐ་མི་དད་པར་རོ་གཅིག་པ་ཁོ་ནའོ། །དེས་ན་ཇི་ལྟར་ཐ་དད་པ་དང་། ཐ་མི་དད་པ་ཐ་དད་པར་སྣང་སྟེ། དེའི་

ཚེ་འདིས་ཐ་དད་པ་སྤངས་པ་ནི་མ་ཡིན་ནོ། །ཡོད་ཀྱང་སྒྲས་མ་བརྗོད་དོ་ཞེ་ན། མ་ཡིན་ཏེ། ཐ་དད་པ་མེད་ན་འཇུག་པ་དང་མི་འཇུག་པ་མི་རུང་བའི་ཕྱིར་རོ། །གལ་ཏེ་ཐ་མི་དད་པ་ལས་ཐ་དད་པ་གཞན་ཡིན་ན་ནི་འཇུག་པ་དང་ལྡོག་པའི་མྱོང་བ་ཡོད་པར་འགྱུར་གྱི། ཐ་མི་དད་པ་

གང་ཡིན་པ་དེ་ཉིད་ཐ་དད་པ་ཡིན་པའི་ཕྱིར་ཇི་ལྟར་ན་འདིར་འགའ་ཞིག་བླང་བ་དང་གཞན་ནི་དོར་བར་འགྱུར་རོ། ཐ་དད་པའམ་ཐ་མི་དད་པ་ཞེས་བྱ་བའི་ཆོས་ནི་འགའ་ཡང་རྟོགས་པར་བྱར་ཡོད་པ་མ་ཡིན་གྱི། འོན་ཀྱང་བ་ལང་གི་དཀར་པོ་རང་བཞིན་ཉིད་དུ་ཐ་མི་དད་པར་རྟོགས་པ་གང་ཡིན་པ་

དེ་ཉིད་ཐ་དད་པ་ལས་རང་བཞིན་མ་ཡིན་པའི་ཕྱིར་དེའི་གནས་སྐབས་སུ་རྟོགས་ཞེས་དྲུག་པའམ་ཆོས་ཅན་གྱི་ཕྱོགས་གཅིག་ཏུ་འགྱུར་རོ། །འདི་བ་ལང་ངོ་ཞེས་འདིའི་བ་ལང་ཉིད་ཅེས་བྱ་བ་འདྲེན་པར་རྟོགས་པ་ནི་མེད་དོ། །རྟོགས་པས་སྟོང་ཡང་ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་ཁས་

བླང་བར་ཡང་ཅི་འགྱུར། དེས་ན་རྟོགས་པ་འདི་ནི་རྣམ་པར་དཔྱད་ན་མ་འཁྲུལ་པར་མི་འཐད་ཀྱི་འཁྲུལ་པ་ཉིད་ཡིན་ན་འཐད་དོ། །དེ་བཤད་པ་ནི་འཁྲུལ་པའི་དབང་གིས་ཞེས་བྱ་བའོ། །འཁྲུལ་པ་ནི་གསལ་བའི་ཆ་ལ་ནི་མི་འཐད་ཀྱི་འོན་ཀྱང་ཞེན་པ་ཁོ་ན་ལ་ཡིན་ནོ། །གསལ་བའི་ཆ་ཡང་

Vol. 182 · folio 262a

འཁྲུལ་པ་ནི་མ་ཡིན་ཏེ། གཞན་ཡང་བ་ལང་ཉིད་ཡིན་པས་ན་དེ་ལྟ་བུ་ཁོ་ནར་རྟོགས་པའི་ཕྱིར་རོ། །ཐ་དད་པ་མེད་པར་རྟོགས་པ་མ་གྲུབ་པའི་ཕྱིར་རོ། །བ་ལང་ཞེས་བྱ་བར་རྟོགས་པའི་ཕྱིར་རོ། །དེས་དེ་ལྟར་ལོག་པ་ཉིད་དུ་བསྒྲུབས་ནས་དངོས་པོ་རྣམས་ཀྱིས་དངོས་

པོའི་ཆོས་ཉིད་ཁོ་ནས་སྐྱེད་པར་བྱེད་དོ་ཞེས་བྱ་བའི་གཞུང་གཟུགས་པའི་ཕྱིར་བཤད་པ་ནི། གལ་ཏེ་རྒྱུ་མཚན་མེད་པའི་ཕྱིར། །ཞེས་བྱ་བའོ། །དངོས་པོ་དེ་དག་ཉིད་འཁྲུལ་པའི་རྒྱུ་མཚན་ཡིན་པ་དེ་ཡང་ཐམས་ཅད་ནི་མ་ཡིན་ནོ་ཞེས་བཤད་པ་ནི་དེ་དག་གི་དོན་བྱ་བ་དེ་བྱེད་པ་སྟེ། དཔེར་ན་

ཁྲ་བོ་ལ་སོགས་པས་བ་ལང་གི་རྣམ་པར་རྟོག་པ་བཞིན་ནོ། །དོན་ནི་བག་ཆགས་ཀྱི་རྒྱུ་མ་ཡིན་གྱི་འོན་ཀྱང་ཤེས་པ་ཉིད་ཡིན་ནོ་ཞེས་བཤད་པ་ནི་ཉམས་སུ་མྱོང་བའི་སྒོ་ནས་ཞེས་བྱ་བའོ། །རྣམ་པར་རྟོག་པའི་ཤེས་པ་ཉིད་ལས་རྣམ་པར་རྟོག་པའི་བག་ཆགས་ཡིན་ལ་དེ་དག་ཀྱང་དངོས་པོ་

ཉམས་སུ་མྱོང་བས་སད་པ་ན་དེའི་གནས་སྐབས་སུ་ངེས་པ་སྐྱེད་པར་བྱེད་པ་ཡིན་གྱི། དེས་ན་ཉམས་སུ་མྱོང་བའི་སྒོ་ནས་དོན་རྣམས་རྒྱུ་ཡིན་ནོ། །རྣམ་པར་རྟོག་པའི་བག་ཆགས་ཀྱང་རྣམ་པར་རྟོག་པའི་རྒྱུ་ཡིན་ནོ་ཞེས་བཤད་པའི་དོན་འཁྲུལ་པའི་འབྲས་བུ་ཅན་གྱི་ཞེས་སྨོས་སོ། །གཏན་

ཚིགས་དེས་ན་དངོས་པོ་རྣམས་རྒྱུ་ཉིད་དོ། །དེས་ན་དེ་ལྟར་རིགས་མཐུན་པར་འདོད་པ་རྣམས་ཀྱི་སྤྱིའི་ཤེས་པའི་རྒྱུ་ནི་གསལ་བ་དག་ཁོ་ན་ཡིན་གྱི་སྤྱི་ནི་མ་ཡིན་ནོ་ཞེས་གཞུང་བཙུགས་ནས། རིགས་མི་མཐུན་པ་རྣམས་ལ་ཡང་རང་བཞིན་གཞན་དུ་མཚོན་པའི་འཁྲུལ་པས་དེའི་རིགས་སུ་

གཏོགས་པ་ཉི་ཚེའི་སྤྱིའི་རྒྱུ་ཅན་ཡིན་ནོ་ཞེས་གཞན་གྱི་ཁས་བླངས་པ་དགག་པའི་དོན་དུ་ཡང་དག་པ་དང་། ལོག་པའི་ཤེས་པ་གཉི་ག་ཡང་སྤྱིའི་རྒྱུ་མཚན་ཅན་ཉིད་བསལ་བའི་ཕྱིར། སྨིག་རྒྱུ་ལ་སོགས་པ་ཡང་ཞེས་སྨོས་སོ། །ཆུ་དང་རིགས་མི་མཐུན་པ་སྨིག་རྒྱུ་དག་ལ་ཆུའི་རྟོགས་

པ་འཇུག་པ་ན་ཆུ་དང་རིགས་མཐུན་པར་རྟོགས་པ་ནི་འཁྲུལ་པ་ཡིན་པའི་ཕྱིར་གལ་ཏེ་ཆུའི་སྤྱིའི་རྒྱུ་མཚན་ཅན་མ་ཡིན་པ་དེ་ལྟ་ན་ཡང་རྣམ་པ་ཐམས་ཅད་དུ་སྤྱི་ལ་མི་ལྟོས་པར་ནི་མི་འཐད་དོ། །བུམ་པ་ཡང་དེ་ལྟར་རྟོགས་པའི་དབང་གིས་དེ་ལྟ་བུའི་དངོས་པོར་ཁས་བླངས་པར་ཐལ་བའི་

Vol. 182 · folio 262b

ཕྱིར་རོ། །དེས་ན་སྨིག་རྒྱུ་དག་ཁོ་ན་ལ་ཆུར་ཤེས་པ་དང་། ཐག་པ་ལ་སྦྲུལ་དུ་འཁྲུལ་པ་དང་། ཉ་ཕྱིས་ལ་དངུལ་དུ་ཕྱིན་ཅི་ལོག་པ་ཞེས་བྱ་བ་འདི་ངེས་པ་ཡིན་ན་དེ་ནི་རང་བཞིན་འགའ་ཞིག་ཁོ་ནས་སྤྱི་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བ་དེ་ནི་གལ་ཏེ་སྤྱི་མེད་པར་དོན་རྣམས་རྣམ་པ་དེ་ལྟ་བུའི་ཤེས་པ་

སྐྱེད་པར་བྱེད་པར་མི་གྲུབ་ན་འགྱུར་རོ། །དེས་ན་རྣམ་པ་འདི་ལྟ་བུའི་འཁྲུལ་པ་ངེས་པའི་རྟེན་དུ་འགྱུར་བ་གང་ཡིན་པ་འདི་ནི་ཆུ་དང་སྨིག་རྒྱུ་དག་གམ་ཐག་པ་དང་སྦྲུལ་དག་ཁོ་ནའི་རང་བཞིན་ཡིན་ཏེ་འདི་ལ་སྤྱི་གཞན་གྱིས་ཅི་བྱ། འདི་ཉིད་གཞུང་གཟུགས་པའི་ཕྱིར་རེ་ཞིག་སྤྱི་ཇི་ལྟར་རྟོགས་

བཞིན་པ་མེད་པར་བཤད་པ་ནི་དེ་ལ་གང་ཞེས་བྱ་བ་ཡིན་ནོ། །སྨིག་རྒྱུ་དག་ལ་ཆུ་ཉིད་ཡོད་ན་ནི་ཕྱིན་ཅི་ལོག་མ་ཡིན་པ་ཉིད་དུ་ཐལ་བའི་ཕྱིར་རོ། །འཁྲུལ་པ་ཉིད་ཡིན་ན་ཡང་དེ་སྤྱི་འཛིན་པར་མི་གྲུབ་པོ་ཞེས་བཤད་པ་ནི། གལ་ཏེ་ཡང་དག་པ་མ་ཡིན་པའི་རྣམ་པར་ཞེས་བརྒལ་བ་དང་

ལན་དག་གིས་བསྟན་ཏེ། རྣམ་པ་གཞན་མེད་པའི་ཕྱིར་རོ། །སྒྲོ་འདོགས་པ་ནི་གཞན་ལ་གཞན་དུ་འདོགས་པ་ཡིན་ནོ། །དེའི་དམིགས་པ་ནི་དེ་ཉིད་ཡིན་ཏེ། རིག་པ་ནི་རིག་པར་འགྱུར་བའི་ཆོས་ལས་ལྷག་པ་རིག་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཆུའི་ཤེས་པས་

སྨིག་རྒྱུ་དག་ལ་ཡང་དག་པ་མ་ཡིན་པའི་ཆུར་སྒྲོ་འདོགས་པ་ནི་ཆུ་ཉིད་ཡུལ་ཡིན་པའི་ཕྱིར་འདི་སྤྱིའི་རྒྱུ་མཚན་ཅན་མ་ཡིན་ཏེ། དེ་ལ་མེད་པའི་ཕྱིར་རོ། །མེད་པའི་ཕྱིར་ཆུ་ཉིད་སྨིག་རྒྱུ་ལ་ཆུར་ཤེས་པའི་རྒྱུ་མཚན་མ་ཡིན་མོད། འོན་ཀྱང་ཆུ་དང་སྨིག་རྒྱུ་ལ་སོགས་པའི་གསལ་

བའི་རྟེན་ཅན་གཡོ་ཞིང་གསལ་བ་ཉིད་ལ་སོགས་པའི་སྤྱི་གཞན་གང་ཡིན་པ་དེ་ལས་ཆུར་སྒྲོ་འདོགས་པའི་མཚན་ཉིད་ཀྱི་འཁྲུལ་པར་འགྱུར་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་རོ་ཞེ་ན། གལ་ཏེ་སྤྱི་འཛིན་པ་ཡོད་ན། །ཞེས་བྱ་བ་ལ་སོགས་པས་དོགས་པ་དེ་

བསུ་ནས་བཟློག་པའི་ཕྱིར་འབྲས་བུ་གཅིག་པ་ཅན་ཞེས་སྨོས་སོ། །ཇི་ལྟར་ཆུའི་གསལ་བ་དོན་ངེས་པར་བྱེད་པ་རྣམས་ཆུའི་རྟོགས་པ་གཅིག་བྱེད་པ་དེ་བཞིན་དུ་ཆུ་དང་སྨིག་རྒྱུ་དག་ལ་ཡང་གང་གི་དབང་གིས་རྟོགས་པ་གཅིག་གི་རྟེན་གྱི་དངོས་པོར་གྱུར་པ་ན། རྨོངས་པར་གསལ་བ་གཞན་ལ་

Vol. 182 · folio 263a

དེ་དང་འབྲེལ་བའི་རྣམ་པ་ལ་ལྟོས་ནས་རིགས་གཞན་གྱི་གསལ་བ་སྒྲོ་འདོགས་པར་འགྱུར་བ་དོན་གཅིག་ལ་ངེས་པ་འགའ་ཞིག་ཡོད་པ་མ་ཡིན་ནོ། །གལ་ཏེ་དངོས་པོ་རང་བཞིན་གྱིས་སྨིག་རྒྱུ་རྣམས་ཆུར་འཁྲུལ་པའི་རྒྱུ་མཚན་ཉིད་ཡིན་ན། གཏན་དུ་འཁྲུལ་པར་འགྱུར་བ་

མ་ཡིན་ནམ་ཞེ་ན། བརྗོད་པ། འདི་ནི་ཏེ་པོར་ཆུ་སྟེ། ཁྲ་བོ་ལ་སོགས་པ་རྣམས་ཀྱང་ངོ་བོ་ཉིད་ཀྱིས་སྤྱིའི་རྟོགས་པ་སྐྱེད་པ་ཡིན་ན། རྣལ་འབྱོར་པ་ལ་ཡང་དེའི་རྟོགས་པ་ཡོད་པར་འགྱུར་རོ། །འོ་ན་ཇི་ལྟར་ཡིན་ཞེ་ན། བརྗོད་པ་འཁྲུལ་པ་རང་གི་རྒྱུ་ལས་འབྱུང་བ་ན།

ཡུལ་ངེས་པར་འགྱུར་བ་དེ་ནི་ཡུལ་གྱིས་འཁྲུལ་པར་བརྗོད་དེ། རབ་རིབ་ཅན་གྱིས་ཟླ་བ་གཉིས་སུ་འཁྲུལ་པ་ཟླ་བས་བསྐྱེད་པར་བྱ་བ་རབ་རིབ་མེད་དམ། ཟླ་བ་མེད་ན་མི་འགྱུར་བ་བཞིན་ནོ། །འདིར་ཡང་རྣམ་པར་རྟོག་པའི་བག་ཆགས་ལས་འགྱུར་བ་ཡིད་ཀྱི་ཉེས་པ་

ལས་སྨིག་རྒྱུ་ལ་སོགས་པ་དག་ལ་འགྱུར་བ་ན་རྣམ་པར་རྟོག་པ་དོན་ཉེ་བར་སྦྱོར་བ་ཡིན་གྱི་དོན་གྱི་རྣམ་པར་རྟོག་པའི་བག་ཆགས་འཇོག་པར་ནུས་པ་ནི་མ་ཡིན་ཏེ། རྣམ་པར་རྟོག་པའི་རྒྱུ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེས་ན་དེ་ལྟར་སྨིག་རྒྱུ་ལ་ཆུར་འཁྲུལ་པ་དངོས་པོའི་རྒྱུ་ཅན་ཉིད་དུ་བསྒྲུབས་ཏེ་སྐབས་ཉིད་ཀྱི་

དབང་དུ་བྱས་ནས་སྤྱིའི་འདོད་པས་ཀྱང་ཞེས་སྨོས་སོ། །འདིས་ནི་ལོག་པའི་རྣམ་པར་རྟོག་པ་ཉིད་དང་། དངོས་པོའི་རྒྱུ་ཅན་ཉིད་དུ་བསྒྲུབས་པ་ན་ཤེས་པ་ལ་སོགས་པའི་དོན་བྱ་བ་གཅིག་པོ་དེ་ཞེས་བྱ་བ་གཞུང་བཙུགས་པ་ཡིན་ནོ། །དོན་གཅིག་བྱེད་པ་ནི་ཕ་རོལ་པོས་ཀྱང་འདོད་པ་ཡིན་ལ་

དེ་ཉིད་ལས་སྤྱིའི་ཤེས་པ་སྐྱེ་བས་ན་སྤྱི་གཞན་གྱིས་ཅི་བྱ། གལ་ཏེ་ལོག་པའི་ཤེས་པ་ཡོད་པ་དེའི་སོ་སོར་ངེས་པའི་ཡུལ་ལ་བརྟེན་ནས་སྐྱེ་བའི་རྒྱུ་ཉིད་ཡིན་པར་འགྱུར་ན། འདི་ལོག་པའི་ཤེས་པ་ཉིད་དུ་ངེས་པ་ནི་ཇི་ལྟར་ཡིན་ཏེ་དངོས་པོ་རང་བཞིན་ཇི་ལྟ་བ་ཉིད་དུ་ངོ་བོ་ཤེས་པའི་རྣམ་པ་

ཅན་མ་ཡིན་པའི་རྣམ་པར་རྟོག་པས་རང་གི་མཚན་ཉིད་རྟོགས་ལ་རག་མོད་ཅེས་རྩོད་པར་བྱེད་པ་ནི་གལ་ཏེ་དངོས་པོ་ཇི་ལྟ་བ་བཞིན་ཞེས་བྱ་བའོ། །རྟོགས་པ་ཁོ་ན་སྟེ་གཅིག་པ་ཉིད་ཡིན་པ་ན་གཞན་ཡང་བ་ལང་ཉིད་བ་ལང་ཁོ་ན་རྟོགས་པའི་ཕྱིར་རོ་ཞེ་ན། ཁྱད་པར་མ་འདྲེས་པ་ཅན་ཞེས་

Vol. 182 · folio 263b

སྨོས་ཏེ། ངོ་ཤེས་པའི་བདག་ཉིད་སྤངས་ནས་སོ། །མ་རིག་པའི་མཐུ་ལས་ཞེས་བྱ་བ་ནི་ལན་ནོ། །མ་རིག་པ་ནི་རྣམ་པར་རྟོག་པའི་བག་ཆགས་ཏེ་དེའི་མཐུ་ལས་འབྱུང་བའི་ཕྱིར་རོ། །དེ་མེད་ན་རྣམ་པར་རྟོག་པ་ཉིད་དུ་མི་འགྱུར་བའི་ཕྱིར་རྣམ་པར་རྟོག་པ་མེད་པའི་ཤེས་པ་ཉིད་ཡིན་པ་

དེས་ན་སྤྱིར་ཞེན་པར་ག་ལ་འགྱུར། རྣམ་པར་རྟོག་པའི་བག་ཆགས་ལ་བརྟེན་པ་ཡིན་ན་དེ་ཇི་ལྟ་བ་བཞིན་རྣམ་པར་རྟོག་པར་འགྱུར་རོ། །གལ་ཏེ་གང་གིས་རིག་པ་ལས་རྣམ་པར་རྟོག་པར་འགྱུར་བ་དམིགས་པ་མེད་ཀྱང་རྣམ་པར་རྟོག་པ་སྔ་མ་འཇུག་པའི་རྗེས་སུ་བྱེད་པའི་རྣམ་པར་ཤེས་པ་

ཐོག་མ་མེད་པ་ནས་རྒྱུ་འཇུག་པ་ཡིན་ནོ་ཞེས་བྱ་བ་འདི་གང་དུ་རྟོགས། ཤེས་པ་ཐམས་ཅད་ནི་དམིགས་པ་ལ་བརྟེན་པ་ཁོ་ན་ཡིན་མོད་ཀྱི་འོན་ཀྱང་དེ་ལ་ཆོས་མཐུན་པ་ལ་སོགས་པས་འཁྲུལ་པར་འགྱུར་བ་ཡིན་ཏེ། ཆུ་ལ་སོགས་པར་ཤེས་པ་བཞིན་ནོ་ཞེས་དོགས་པ་ལ། ཕྱི་རོལ་

གྱི་དོན་ཁོ་ན་ལ་ཞེས་སྨོས་སོ། །དཔེར་ན་སྒྲ་ལ་སོགས་པར་བསླད་པ་རྣམས་དམིགས་པ་ལ་བརྟེན་པའི་ཁྱད་པར་མེད་ཀྱང་ནང་གི་རབ་རིབ་ལ་སྐྱེ་བ་དེ་བཞིན་དུ་འདི་དག་མི་རིག་པའི་མཚན་ཉིད་ནང་གི་ཁྱད་པར་ཁོ་ན་ལས་སྐྱེ་བར་འགྱུར་ན་ཅི་འགལ་སྒྲུབ་པར་བྱེད་པ་མེད་པ་མ་ཡིན་ནམ་

ཞེ་ན། ཇི་ལྟར་མེད་དེ་བདེན་པའི་དམིགས་པ་བཀག་པ་ན་རྣམ་པར་རྟོག་པ་སྔར་གྱི་ཤེས་པའི་རྗེས་སུ་བྱེད་པ་ཉིད་ཀྱིས་སྐྱེ་བ་འགྲུབ་པའི་ཕྱིར་རོ། །དམིགས་པ་མེད་ཀྱང་རྣམ་པར་ཤེས་པ་ཤེས་པ་སྔ་མའི་རྗེས་སུ་བྱེད་པར་སྐྱེ་བ་སྲིད་ན། མིག་ལ་སོགས་པའི་ཤེས་པ་ཡང་རྣམ་

པ་འདི་ཉིད་དུ་འགྱུར་མོད། ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་ལས་སྐྱེས་པས་ཅི་བྱ་ཞེས་སྟོན་པ་ནི། མ་རིག་པ་ལས་བྱུང་བའི་ཕྱིར་ཞེས་བྱ་བ་ཡིན་ནོ། །དེ་སྤོང་བ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྣམ་པར་རྟོག་པ་རྣམས་ཀྱི་དམིགས་པ་བཀག་པ་རྣམ་པར་རྟོག་པའི་བག་ཆགས་རྒྱུ་ཉིད་

དུ་རྟོག་པའི་ཕྱིར་རྣམ་པར་རྟོག་པའི་བག་ཆགས་ཉིད་མ་རིག་པར་རྟོགས་པ་ཡིན་ནོ། །དེས་ན་དབང་པོའི་ཤེས་པ་རྣམ་པར་རྟོག་པའི་བག་ཆགས་ལས་སྐྱེ་བ་ཡིན་ན། དེ་རྣམ་པར་རྟོག་པར་འགྱུར་བ་ཁོ་ན་ཞིག་ན། རྣམ་པར་རྟོག་པ་མེད་པའི་ཕྱིར་འདི་དག་མ་རིག་པ་ལས་བྱུང་བ་མ་

Vol. 182 · folio 264a

ཡིན་པ་དེས་ན་བསླད་པ་ཉིད་དོ། །རྣམ་པར་རྟོག་པ་ཉིད་མ་རིག་པ་ཡིན་ཏེ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བག་ཆགས་ཉིད་ལ་རྣམ་པར་རྟོག་པར་བརྗོད་པ་ཡིན་ནོ། །འོ་ན་ནི་དབང་པོའི་རྣམ་པར་ཤེས་པ་རྣམས་ཀྱང་རྡུལ་ཕྲ་མོ་དང་རགས་པའི་རྣམ་པར་རྟོག་པ་མི་ཟད་པས་

དམིགས་པ་མེད་པས་ན་བག་ཆགས་ལ་བརྟེན་པར་འགྱུར་རོ་ཞེས་དོགས་པ་བསུ་ནས་ཡང་ན་ཞེས་སྨོས་སོ། །གལ་ཏེ་དབང་པོའི་ཤེས་པ་རྣམས་མ་བསླད་པའི་བདག་ཉིད་ཡིན་ན་དེའི་ཚེ་དེ་དག་ལ་ཐལ་བ་འདི་སྐྱོན་དུ་འགྱུར་བ་ཞིག་ན་ཁས་བླངས་ན་ནི་འདི་ཐལ་བ་མ་ཡིན་པས་སྐྱོན་མེད་དོ། །སྐྱོན་

མེད་པ་ཉིད་བཤད་པ་ནི། གཉིས་མེད་པ་ལ་ཞེས་བྱ་བའོ། །དངོས་སུ་ན་ནི་འདི་ཤེས་པ་ཙམ་ཡིན་མོད་ཀྱི་འཁྲུལ་པའི་དབང་གིས་སྔོན་པོ་ཤེས་པའི་རང་བཞིན་དུ་སྣང་ངོ་། །སྔོན་པོ་དང་སྔོན་པོ་མ་ཡིན་པ་དག་ལ་སོགས་པ་དག་སྲིད་པ་ཡིན་ན་ནི་དངོས་པོ་ཁོ་ན་ལ་འདི་དག་སྔོན་པོ་ཤེས་པའི་

རང་བཞིན་དུ་འགྱུར་བས་གཉིས་མེད་པ་མ་ཡིན་ཏེ་སྔོན་པོའི་རྣམ་པ་ཡང་དེ་ལ་དོན་དམ་ཡིན་པའི་ཕྱིར་རོ། །དེ་མེད་ན་ནི་གཉིས་མེད་པ་ཉིད་དོ། །གལ་ཏེ་མིག་ལ་སོགས་པའི་ཤེས་པ་རྣམས་བསླད་པ་ཉིད་ནི་ཇི་ལྟར་ཚད་མའི་ནང་དུ་བགྲང་བར་བྱེད་ཅེ་ན། ཐམས་ཅད་བསླད་པ་ཉིད་ཡིན་ཡང་

ཞེས་སྨོས་སོ། །གལ་ཏེ་རྣམ་པར་ཤེས་པ་ཐམས་ཅད་རྣམ་པར་བསླད་པ་ཁོ་ན་ཡིན་པ་དེ་ལྟ་ན་ཡང་ཚད་མ་དང་དེར་སྣང་བའི་རྣམ་པར་གཞག་པ་ཡོད་པ་ཁོ་ན་སྟེ། དེས་ན་འདི་དག་ཚད་མའི་ནང་དུ་བགྲང་བར་རིགས་པ་ཡིན་ནོ། །ཇི་ལྟར་རྣམ་པར་བསླད་པ་ཉིད་ལ་ཚད་མ་དང་དེར་སྣང་

བ་རྣམ་པར་གཞག་ཅེ་ན། བཤད་པ་ཇི་སྲིད་གནས་ཏེ་བག་ཆགས་ཞེས་བྱ་བ་གཉིས་སུ་སྣང་བའི་རྒྱུར་གྱུར་པ་ལོག་པའི་མཐར་ཐུག་པར་དོན་བྱ་བར་རུང་བར་མངོན་པར་འདོད་པ་ལ་མི་སླུ་བའི་ཕྱིར་ཏེ། དོན་བྱ་བ་གནས་པའི་ཕྱིར་རོ། །འདི་ལྟར་གལ་ཏེ་རྣམ་པར་ཤེས་པ་ཐམས་ཅད་

བསླད་པ་ཉིད་ཡིན་པ་དེ་ལྟ་ན་ཡང་ཇི་སྲིད་གཉིས་ཀྱི་བག་ཆགས་ལས་མ་འདས་པ་དེ་སྲིད་དུ་རུང་བར་མངོན་པར་འདོད་པ་མེའི་དོན་བྱ་བ་བཙོ་བ་དང་། སྲེག་པ་དང་། ཟས་ཟོས་པས་སྐྱེད་པ་བྲུ་བས་གདུངས་པ་ཉེ་བར་ཞི་བ་ཡོད་པ་ཡིན་ནོ། །དེས་ན་རྣམ་པ་འདི་ལྟ་བུའི་རྣམ་པར་ཤེས་

Vol. 182 · folio 264b

པ་ནི་ཚད་མ་ཡིན་ནོ། །འདི་ལྟར་མེ་ལ་སོགས་པའི་ཤེས་པ་རྒྱུན་དུ་འབྱུང་བ་ན་བཀྲེས་པའི་སྡུག་བསྔལ་ལོག་པའི་བདག་ཉིད་ཀྱི་རྣམ་པར་རིག་པ་འབྱུང་བ་ཡིན་ནོ། །ཚད་མ་ལས་གཞན་ནི་ཚད་མ་ཡིན་པའི་ཕྱིར་འདི་ལྟ་བུའི་མཚན་ཉིད་ཅན་ཚད་མ་ཡིན་པ་ན། གང་དུ་མེ་ལ་སོགས་པའི་

ཤེས་པ་རྣམས་ཀྱི་རྒྱུན་རྣམ་པ་འདི་ལྟར་ཀུན་དུ་སྤྱོད་པ་མེད་པ་དེ་ལས་གཞན་ནི་བཟློག་པ་ཚད་མ་མ་ཡིན་ནོ། །དེས་ན་འདི་ན་འཇིག་རྟེན་པའི་མངོན་སུམ་དང་མངོན་སུམ་མ་ཡིན་པའི་ཐུན་མོང་གི་མཚན་ཉིད་ཡིན་ནོ། །ཡང་ཅིའི་དོན་དུ་འདི་རྣམ་པར་གཞག་ཅེ་ན། ལོག་པ་ཉིད་ཡིན་ཡང་

ཞེས་སྨོས་སོ། །ལོག་པས་བྱས་པ་ཡང་འགའ་ཞིག་ཏུ་ཡན་ལག་ཉིད་དུ་འགྱུར་བ་ཡིན་ཏེ། དཔེར་ན་བུད་མེད་ཀྱི་ཁྱད་པར་མར་འདུ་ཤེས་པའི་ཡུལ་ཅན་རབ་ཏུ་ཞི་བའི་ཡན་ལག་བཞིན་ནོ། །དེ་བཞིན་དུ་ཚད་མ་དང་དེར་སྣང་བ་རྣམ་པར་གཞག་པ་འདི་དམིགས་པ་མེད་པ་ཡིན་ཡང་ཚད་མ་

དང་ཚད་མ་མ་ཡིན་པ་བསྒྲུབ་པའི་དགོས་པའི་ཡན་ལག་ཏུ་འགྱུར་བ་ཡིན་ནོ། །མ་ལ་ངོ་བོ་ཉིད་ཀྱི་སྒྲུབ་པའི་རབ་ཏུ་ཞི་བ་གང་ཡིན་པ་དེ་ནི་དེ་ལྟར་མངོན་པར་ཞེན་པ་བྱས་པས་གཞན་ལ་ཡང་འགྲུབ་པ་དེ་ཁོ་ནའོ། །དེ་བཞིན་དུ་ཚད་མ་མ་ཡིན་ཡང་དེ་ལྟར་རྣམ་པར་གཞག་པ་ནི་ཚད་མས་བྱས་པའི་

ཡན་ལག་ཉིད་དུ་འགྱུར་བ་ཡིན་ཏེ། གཅིག་ལ་ནི་བག་ཆགས་བརྟན་པའི་ཕྱིར་དང་། གཞན་ལ་ནི་དེ་མེད་པའི་ཕྱིར་རོ། །རྣམ་པར་རིག་པར་སྨྲ་བ་ནི་འཇིག་རྟེན་པའི་ཚད་མ་དང་། ཚད་མ་མ་ཡིན་པའི་རང་བཞིན་དཔྱད་པ་ན། བག་ཆགས་བརྟན་པ་དང་མི་བརྟན་པ་ཙམ་རྒྱུ་མཚན་དུ་

ཉེ་བར་ལེན་ཏོ། །རང་ཉིད་རྣམ་པར་རིག་པ་ཙམ་དང་བདག་མེད་པ་ལ་སོགས་པའི་དངོས་པོ་རྣམ་པར་འཇོག་པ་ནི་དངོས་པོ་ཡུལ་ཅན་རྗེས་སུ་དཔག་པའི་ཚད་མས་འཇོག་ལ། ཆོས་ཅན་ནི་རང་རིག་པའི་མངོན་སུམ་གྱིས་སོ། །སྨིག་རྒྱུ་ལ་ཆུར་ཞེན་པ་འཁྲུལ་པར་ཁྱད་པར་མེད་ཀྱང་མི་

འདྲ་བར་བསྟན་པའི་ཕྱིར། སྨིག་རྒྱུ་དང་ཞེས་སྨོས་སོ། །སྨིག་རྒྱུ་ཆུ་ལས་ལོག་པ་ཡིན་ན། ཆུ་ཆུ་གཞན་ལས་ལོག་པ་ཡིན་ནོ། །དེས་སྨིག་རྒྱུ་དང་ཆུ་ལ་ཆུར་ཞེན་པ་ནི་ཆུ་ལས་ཐ་དད་པའི་དངོས་པོ་ལ་འབྱུང་བ་ཡིན་པ་དེས་ན་དངོས་པོ་ཐ་དད་པ་ལས་སྐྱེས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་

Vol. 182 · folio 265a

འདི་ནི་འཁྲུལ་པར་ཁྱད་པར་མེད་པ་ཡིན་ནོ། །དེ་ལྟ་མོད་ཀྱི་ཆུ་ལས་སྐྱེས་པའི་ཆུར་ཤེས་པ་ནི་མི་བསླུ་ལ་གཞན་ནི་མ་ཡིན་ནོ། །ཆུ་ཉིད་ལ་ཆུར་ཤེས་པ་སྐྱེས་པ་ན་ཇི་ལྟར་འཁྲུལ་པ་ཉིད་ཡིན་ཞེ་ན། གཞན་ཡིན་ཡང་ཆུ་ཉིད་དུ་ངེས་པའི་ཕྱིར་རོ། །གལ་ཏེ་

ཆུའི་རྣམ་པར་རྟོག་པ་ཆུའི་འབྲས་བུར་རུང་བས་བསྐྱེད་བྱ་ཡིན་ན་མི་རུང་བ་ལས་ཇི་ལྟར་འགྱུར། དེ་སྟེ་མི་རུང་བས་བསྐྱེད་པར་བྱ་བ་ཡིན་ན་རུང་བ་ལ་མི་འགྱུར་རོ། །གཅིག་ཉིད་རིགས་མཐུན་པ་དག་ལས་སྐྱེ་བ་ངེས་པར་ཁས་བླང་བ་ནི་མི་རུང་ངོ་ཞེས་བྱ་བ་དེ་སྨོས་པ་ནི། གལ་

ཏེ་མི་རུང་བ་ལས་ཞེས་བྱ་བའོ། །རུང་བ་ལས་སྐྱེ་བ་ལ་ལྟོས་ནས་མི་རུང་བ་ལས་སྐྱེ་བ་ལ་བརྩད་པ་ནི་ཉེ་བར་མཚོན་པ་སྟེ། དེ་བཞིན་དུ་མི་རུང་བ་ལ་བརྟེན་ནས་ཀྱང་རྟོགས་པར་བྱའོ། །དོགས་པ་འདི་བསུ་ནས་བཤད་པ་ནི་རྣམ་པར་རྟོག་པ་རྣམས་ནི་ཞེས་བྱ་བ་ཡིན་ནོ། །འདི་སྐད་

བརྗོད་པ་ཡིན་ཏེ། གལ་ཏེ་འདི་དག་རུང་བའམ་མི་རུང་བ་ལས་སྐྱེ་བ་ཡིན་ན་འདི་གཉི་ག་ལྟར་ངེས་པ་མ་ཡིན་ནོ་ཞེས་བྱ་བ་ནི་བདེན་པ་ཞིག་ན་འདི་དག་ནི་དོན་ལས་སྐྱེ་བ་མེད་པ་ཉིད་དོ། །ཇི་ལྟ་ཞེ་ན་རྣམ་པར་རྟོག་པ་རྣམས་ནི་དོན་ཇི་ལྟ་བ་བཞིན་ཞེས་སྨོས་ཏེ། གལ་ཏེ་འདི་དག་དོན་

དང་འབྲེལ་པ་ཡིན་ན་དོན་ཇི་ལྟ་བ་བཞིན་ཁོ་ནར་འགྱུར་ཏེ་མངོན་སུམ་བཞིན་ནོ། །དེ་ནི་དོན་གསལ་བའི་རང་བཞིན་གྱིས་ན་དོན་དང་འབྲེལ་པ་ཡིན་ནོ། །རྣམ་པར་རྟོག་པ་ནི་དེ་ལྟ་མ་ཡིན་ཏེ། དེས་ན་འདི་ནི་དོན་དང་འབྲེལ་པ་ངེས་པ་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་རུང་བ་དང་མི་

རུང་བ་ལས་སྐྱེ་ཞེས་བཤད་ཅེ་ན། ཕྱིར་བཤད་པ་ནི་སྨིག་རྒྱུ་མཐོང་བ་ཡོད་ན་ཞེས་བྱ་བའོ། །སྨིག་རྒྱུ་མཐོང་བ་ལས་ཆུར་འཁྲུལ་པའི་ཕྱིར་སྨིག་རྒྱུ་ལས་སྐྱེས་ཞེས་བྱ་བའི་དོན་དང་འབྲེལ་པའི་ཕྱིར་ནི་མ་ཡིན་ནོ་ཞེས་བཤད་པ་ནི་ཆུ་མ་ཡིན་པ་དང་བྲལ་བའི་དོན་ཅེས་བྱའོ། །དོན་དང་

འབྲེལ་པ་ཡིན་ན་དོན་གསལ་བའི་རང་བཞིན་དུ་དོན་ལས་སྐྱེ་བར་འགྱུར་བ་དེ་ལྟ་ན་ཡང་ཆུ་མ་ཡིན་པ་ལས་ལོག་པའི་དོན་གྱིས་རང་གི་རྣམ་པར་གཞག་པས་དོན་གསལ་བར་འགྱུར་བ་དོན་གྱིས་བསྐྱེད་པར་འགྱུར་ན་དེ་ནི་ཡོད་པ་མ་ཡིན་ནོ། །གལ་ཏེ་འཁྲུལ་པ་ཉིད་ཀྱིས་ཆུ་ལས་མ་

Vol. 182 · folio 265b

སྐྱེས་པར་གྲུབ་པ་མ་ཡིན་ནམ་ཞེ་ན། གལ་ཏེ་དེ་ལྟ་ན་དོན་གསལ་བ་ཉིད་མེད་པར་ཤིན་ཏུ་གསལ་ལོ། །འོ་ན་ནི་དབང་པོའི་ཤེས་པ་ཡང་དོན་དང་འབྲེལ་པར་མི་འགྱུར་ཏེ། ཟླ་བ་གཉིས་ཀྱི་རྣམ་པར་ཤེས་པ་ཟླ་བ་གཉིས་ཀྱི་རང་གི་རྣམ་པར་གཞག་པས་མ་སྐྱེས་པའི་ཕྱིར་རོ་ཞེ་ན། ཟླ་བ་གཉིས་

ཀྱི་ཤེས་པ་དེ་ལྟར་མ་སྐྱེས་པའི་ཕྱིར་མ་འཁྲུལ་པ་ཡང་མ་སྐྱེས་པ་ནི་མ་ཡིན་ཏེ། གཞན་ཡིན་པའི་ཕྱིར་རོ། །དུ་བ་ས་བོན་ལས་མ་སྐྱེས་པས་མྱུ་གུ་མི་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་ལྟ་ན་འོ་ན་རྣམ་པར་རྟོག་པ་ཡང་དོན་དང་འབྲེལ་པ་ནི་མ་འཁྲུལ་པ་ཁོ་ནའོ་ཞེ་ན། དེ་ལྟ་བུ་ནི་ནུས་པ་མ་ཡིན་

ཏེ། སྔོན་པོ་དང་སེར་པོ་ལ་སོགས་པའི་ཤེས་པ་ཡུལ་གྱི་ཁྱད་པར་མྱོང་བའི་རང་བཞིན་ཉིད་ཀྱི་ཁྱད་པར་དུ་བྱས་པ་རྣམས་ཤེས་པ་ཙམ་གྱི་རང་བཞིན་དུ་ཁྱད་པར་མེད་ཀྱང་རྒྱུའི་ཁྱད་པར་སོ་སོར་ངེས་པ་ཡོད་པའི་ཕྱིར་སྔོན་པོ་ཉིད་ལ་ནི་སྔོན་པོའི་རྣམ་པར་ཤེས་པ་ཡིན་ལ། དེ་ལས་གཞན་

ལས་ནི་གཞན་ཡིན་ནོ། །ཆུའི་རྣམ་པར་རྟོག་པ་ལ་ནི་འདི་ཡོད་པ་མ་ཡིན་ནོ། །འདི་ཐམས་ཅད་ནི་ཆུ་གཅིག་རིག་པ་ཉིད་ཀྱིས་སྤྱིའི་ཡུལ་ཅན་ཡིན་པས་ཕན་ཚུན་ཁྱད་པར་མ་གྲུབ་པའི་ཕྱིར་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཉིད་ཀྱི་གཅིག་འབྲེལ་པ་མ་ཡིན་ན་ཐམས་ཅད་ཀྱང་མ་འབྲེལ་བ་ཡིན་ནོ། །རང་

གི་མཚན་ཉིད་ཀྱི་ཡུལ་ཅན་གྱི་རྣམ་པར་ཤེས་པ་ནི་རྨི་ལམ་ན་སྔོན་པོ་ཤེས་པ་ཡོད་པས་སད་པའི་སྔོན་པོ་ཤེས་པ་འཁྲུལ་པར་འགྱུར་བ་གང་ཡིན་པ་གཅིག་འཁྲུལ་པས་གཞན་འཁྲུལ་པར་འགྱུར་བ་མ་ཡིན་ནོ། །སྨིག་རྒྱུ་མཐོང་ན་ཤེས་པ་ཉམས་སུ་མྱོང་བས་ཡིན་གྱི་དོན་ལས་མ་ཡིན་

མོད། འཁྲུལ་པ་གོ་ཇི་ལྟར་ཞེ་ན། དེའི་ཞེས་སྨོས་ཏེ། འཁྲུལ་པ་དེ་ནི་ཆུའི་བག་ཆགས་སད་པས་སྐྱེད་པ་ཡིན་ནོ། །གལ་ཏེ་སྨིག་རྒྱུ་མཐོང་ཡང་ཆུའི་བག་ཆགས་སད་ན། ཆུའི་རྣམ་པར་རྟོག་པ་ཁོ་ནར་འགྱུར་གྱི་ནམ་ཡང་སྨིག་རྒྱུའི་རྣམ་པར་རྟོག་པར་ནི་མི་འགྱུར་རོ་ཞེ་ན།

ཁྱད་པར་མཚོན་པ་ལ་མི་གསལ་བའི་ཕྱིར་ཞེས་སྨོས་ཏེ། མངོན་སུམ་གྱིས་ཆུ་དང་སྨིག་རྒྱུ་གཉིས་ཀྱི་འབྱེད་པར་བྱེད་པའི་ཁྱད་པར་འཛིན་པར་མི་ནུས་པའི་ཕྱིར་རོ། །གང་གི་མཐུས་སྨིག་རྒྱུའི་རྣམ་པར་རྟོག་པར་འགྱུར་བ་གཉི་ག་ལ་སྲིད་པའི་རྣམ་པའི་

Vol. 182 · folio 266a

རྗེས་སུ་བྱེད་པ་ཅན་གྱི་མངོན་སུམ་ནི་འབྱེད་པར་བྱེད་པའི་ཁྱད་པར་གསལ་བ་མ་ཡིན་ནོ། །དེ་ལྟ་ན་ཡང་ཆུ་ཁོ་ནའི་བག་ཆགས་སད་པ་ག་ལས་ཡིན་ཏེ། དེ་ཙམ་གྱི་བག་ཆགས་སད་པར་འགྱུར་བ་མ་ཡིན་ནམ་ཞེས་སྐྱོན་ལ་ལྟོས་པས་ཞེས་བཤད་

དོ། །ཆུ་དོན་དུ་གཉེར་བས་ཆུའི་རྣམ་པ་ལས་ཐ་དད་པར་བྱེད་པ་སྨིག་རྒྱུའི་ཁྱད་པར་མ་བཟུང་བ་ན། ཆུ་ལ་སྲིད་པའི་རང་བཞིན་ལ་ཆུར་ཞེན་པ་ཡིན་ནོ། །དེ་བཞིན་དུ་ཐག་པའི་ཡུལ་ལ་སྦྲུལ་དུ་རྟོགས་པ་དང་། ཐོ་ཡོར་ལ་སྐྱེས་བུར་རྟོགས་པ་ལ་སོགས་པ་ལ་ཡང་རིག་པར་བྱའོ། །དེ་ལྟ་

བས་ན་ཞེས་བྱ་བ་ནས་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་མཐར་ཐུག་པས་ནི་སྐབས་དེས་ན་དེ་ལྟར་ངོ་ཤེས་པ་ལ་སོགས་པའི་རྣམ་པ་ཅན་སྤྱིའི་རྣམ་པར་ཤེས་པ་འཁྲུལ་པ་ན་གསལ་བ་ཁོ་ན་ལས་སྐྱེས་པ་ཡིན་ནོ་ཞེས་རང་གི་ཕྱོགས་ལ་བསྒྲུབས་ནས། གཞན་གྱིས་ཀྱང་འདི་ཁས་

བླངས་པར་འགྱུར་རོ་ཞེས་བསྒྲུབ་པའི་ཕྱིར་གཞན་ཡང་ཞེས་སྨོས་སོ། །སྤྱི་སྨྲ་བའི་ལྟར་ན་འང་མི་ངོ་ཤེས་པའི་བདག་ཉིད་ཀྱི་བློ་ནི་སྤྱི་འབའ་ཞིག་ལ་དམིགས་པ་མ་ཡིན་ནོ། །དེས་ན་དེ་སྤྱི་ཁོ་ན་ལས་འབྱུང་བ་མ་ཡིན་ནོ། །སྤྱིའི་བློ་ནི་ཁྱད་པར་སྲེ་བའི་རྣམ་པ་ཅན་ཡིན་གྱི་ཐ་དད་པ་

དག་ལ་ཐ་མི་དད་པ་མཚམས་སྦྱོར་བའི་རྣམ་པ་ནི་མ་ཡིན་ཏེ། དེ་འདི་ལའོ་སྙམ་དུ་རྟོགས་པ་མེད་པའི་ཕྱིར་རོ། །དེས་ན་སྤྱིའི་བློས་རང་གི་མཚན་ཉིད་རྣམས་ལས་སྤྱི་ལོགས་སུ་བྱས་ཏེ་མ་དམིགས་པས་གསལ་བ་ཐ་མི་དད་པར་རྟོགས་པ་ན་གསལ་བ་ཡང་རྣམ་པ་ཐ་མི་དད་པར་

འཛིན་པའི་སྤྱོད་ཡུལ་དུ་འགྱུར་བ་ཁོ་ནའི་སྤྱི་འབའ་ཞིག་ནི་མ་ཡིན་ནོ། །གཅིག་ལས་སོ་སོར་ངེས་པར་བྱེད། མི་སྣང་ལ་གཉིས་ཀྱི་ཆོས་སྣང་གང་ཡིན་པ་དེ་ནི་གཅིག་ཁོ་ན་ལ་གཞག་པར་ནུས་པ་མ་ཡིན་ནོ། །དེས་ན་བ་ལང་ངོ་ཞེས་བྱ་བ་ནི་སྤྱི་བཞིན་དུ་བསལ་བའི་བློར་འགྱུར་ཏེ་

དབྱུག་པ་ཐོགས་པ་བཞིན་དུ་རང་གི་རྟེན་མ་རྟོགས་པ་ན་སྤྱི་དང་དེ་དང་ལྡན་པ་དག་ཐ་དད་པར་མ་རྟོགས་པའི་ཕྱིར་རོ། །ཇི་ལྟར་ན་སྤྱི་ཁོ་ནར་རྗེས་སུ་སོང་བར་རྟོགས་པ་གསལ་བ་ཞེས་བྱ་བར་འགྱུར། དེས་ན་འདི་ཁྱད་པར་རྣམས་ཐ་མི་དད་པར་འཛིན་པ་དང་། དེ་ལ་རྟེན་པ་གྲུབ་པའོ། །

Vol. 182 · folio 266b

འགྲེལ་པ་ནི་གཞན་གྱིས་ཀྱང་ཞེས་བྱ་བའོ། །གལ་ཏེ་བ་ལང་སྙམ་པའི་ཤེས་པ་དེ་དང་ལྡན་པའི་བློ་ཡིན་ལ་ཁར་བ་ཐོགས་པ་བཞིན་རྣམ་པར་གཅད་པར་བྱ་བ་དང་། རྣམ་པར་གཅོད་པར་བྱེད་པའི་དངོས་པོ་ཡང་མེད་པ་ཡིན་ན་ནི་ཐ་མི་དད་པའི་བློ་ཁྱད་པར་ལ་དམིགས་པ་ཞིག་ན། འདི་སྤྱི་

ཙམ་ལ་བརྟེན་པ་ཉིད་ཡིན་ན་ནི་འགལ་བ་མེད་དེ་ཞེ་ན། རྟག་ཏུ་དེ་ཙམ་ཞེས་སྨོས་སོ། །རྟག་པ་ཁོ་ནར་སྒྲ་ལས་བྱུང་བའི་ཤེས་པ་དང་མངོན་སུམ་ལ་ཡང་ངོ་། །སྒྲ་ལས་བྱུང་བ་སྤྱིའི་ཡུལ་ཅན་ཡིན་ན་མངོན་སུམ་གྱིས་གསལ་བ་རྟོགས་པར་འགྱུར་རོ། །གང་གི་ཚེ་གཉི་གས་ཀྱང་སྤྱི་

ཁོ་ན་རྟོགས་པ་དེའི་ཚེ་གསལ་བ་མི་ཤེས་པ་ཁོ་ནར་ཐལ་བར་འགྱུར་རོ། །གསལ་བ་སོ་སོ་རང་གི་རང་བཞིན་ཤེས་པ་གཞན་ནི་མེད་དེ་ཁྱད་པར་དང་བྲལ་བའི་ཁྱད་པར་ཅན་གྱི་རང་བཞིན་མ་རྟོགས་པའི་ཕྱིར་རོ། །འདི་ལྟར་བ་ལང་འདི་ནི་ཁྲ་བོའོ་ཞེས་བྱ་བ་ལ་དེ་ཁོ་ན་རྟར་འགྱུར་ཏེ་དེ་ལ་

ཡང་ཁྲ་བོ་ཉིད་ཀྱི་སྤྱིའི་སྒོ་ནས་གསལ་བ་རྟོགས་པ་ཡིན་ནོ། །འདི་ཞེས་བྱ་བ་ཡང་རྟག་ཏུ་རྗེས་སུ་འགྲོ་བ་ཁོ་ནའོ། །དེས་ན་གལ་ཏེ་ཁྱད་པར་གྱི་བློ་ཁྱད་པར་གྱི་མཐར་ཐུག་པ་ཡིན་ན། འགལ་བ་མི་ཤེས་པ་ཁོ་ནའོ། །དེ་སྟེ་ཁྱད་པར་དང་ལྡན་པའི་མཐར་ཐུག་པ་ཡིན་ན། ཁྱད་པར་

རྣམས་ཐ་མི་དད་པའི་རྟེན་དུ་འགྱུར་བ་ཁོ་ན་སྟེ། བ་ལང་ངོ་ཞེས་བྱ་བ་འདི་ལ་གསལ་བའི་རྣམ་པ་གཞན་རྟོགས་པ་མེད་པའི་ཕྱིར་རོ། །མདོ་ཉིད་བཤད་པ་ནི། གལ་ཏེ་བློ་འདི་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ཤེས་ན་སྐྱོན་འདིར་འགྱུར་གྱི། མ་ཤེས་ན་སྐྱོན་ཅི་ཡོད་ཅེ་ན། དེའི་ཚེ་ན་

ཞེས་སྨོས་སོ། །བ་ལང་ཞེས་བྱ་བར་ཤེས་པ་སྤྱི་ལ་དམིགས་པས་གསལ་བ་མ་ཤེས་ན་ནམ་ཡང་སྤྱི་དང་ལྡན་པ་སྐབས་ཀྱིས་སྤྱི་དང་འབྲེལ་པ་ངེས་པར་མི་འགྱུར་རོ། །འདི་རང་གི་ཕྱོགས་ལ་སྤྱི་དང་ལྡན་པའི་གསལ་བ་རྣམ་པར་འཇོག་པ་གང་ཡིན་པ་དེའི་ཚེ། ཚད་མ་ཅན་མ་ཡིན་

པར་ཐལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །གསལ་བ་ཤེས་པ་མེད་པར་ནི་གསལ་བའི་ཆོས་རྟོགས་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་སྙད་མེད་པར་བརྗོད་པས་སྟོན་པར་བྱེད་དེ། གསལ་བ་མི་ཤེས་པའི་རྒྱུ་དེ་ལས་ན་ཐ་སྙད་མེད་པར་འགྱུར་རོ། །འགྲེལ་པ་ནི་གང་གི་ཚེ་ཞེས་བྱ་བ་ཡིན་

Vol. 182 · folio 267a

ནོ། །ཁྱད་པར་རྣམས་ཞེས་བྱ་བ་འདི་རང་གི་མཚན་ཉིད་དག་གོ། །གལ་ཏེ་སྤྱི་འཛིན་པས་ཁྱད་པར་རྣམས་སོ་སོའི་རང་གི་རང་བཞིན་དུ་དམིགས་པ་དེའི་ཚེ་ཉེས་པ་ཅི་ཡོད། སྔོན་པོ་དང་སེར་པོ་བཞིན་དུ་གཉི་ག་ཤེས་པ་གཅིག་གིས་འཛིན་པར་མི་འགལ་བའི་ཕྱིར་རོ། །

དེས་ན་གཞན་གྱི་ལྟར་ན་འང་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བ་མ་ཡིན་པར་འགྱུར་རོ། །སྤྱིའི་བློ་ལ་ནི་གསལ་བ་ཡང་སོ་སོར་རང་གི་རང་བཞིན་དུ་སྣང་བ་ལ་འགལ་བ་ཅི་ཡང་མེད་པའི་ཕྱིར་འདི་བརྗོད་པས་ཅི་ཞིག་བྱ། འོན་ཏེ་གསལ་བའི་ཡུལ་ཅན་ཏུ་འགྱུར་དོགས་ན་འཐད་པ་ཡང་མ་ཡིན་པ་

དེས་ན་མི་འཛིན་པར་བརྗོད་པ་ཡིན་ནོ་ཞེ་ན། རྩོད་པ་འདི་ནི་གཞན་དུ་མཐར་ཐུག་པར་འགྱུར་ཏེ། དེས་ན། གལ་ཏེ་དངོས་ཅིག་གྲོགས་བྱེད་པའི། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱ་བ་མ་ཡིན་པར་འགྱུར། དེས་ན་འདི་ནི་ཁྱད་པར་རྣམས་ཀྱང་ཐ་མི་དད་པའི་ཤེས་པའི་རྟེན་ཉིད་དུ་བསྒྲུབ་

པ་ལ་ངེས་པ་ཡིན་པས་གལ་ཏེ་དགོས་པ་སོ་སོ་རང་གི་ངོ་བོས་དམིགས་པ་ཉིད་ཡིན་ན་ཉེས་པ་མེད་དོ། །དེ་ལྟ་མ་ཡིན་ན་ནི་དམིགས་པ་དོན་ཅི་ཡིན་ཞིང་དེ་དག་འབྲེལ་པར་གཟུང་ངོ་ཞེས་བྱ་བའི་ཚིག་ཀྱང་ཇི་ལྟར་རིགས་ཏེ་རང་གི་བདག་ཉིད་ཀྱིས་མ་རྟོགས་ན་འབྲེལ་པར་མི་འགྲུབ་པའི་ཕྱིར་རོ་ཞེ་ན། འདི་ལ་

བརྗོད་པ། རེ་ཞིག་ཐ་མི་དད་པའི་རྟོགས་པ་འདི་ནི་གྲུབ་པ་ཡིན་ནོ། །འདི་ཉིད་ནི་གཞན་གྱིས་ཀྱང་ཁྱད་པར་ལ་དམིགས་པར་ཁས་བླང་དགོས་ན། འདི་ལ་ཁྱད་པར་རྣམས་རང་བཞིན་དུ་སྣང་བ་ཡང་མེད་དོ། །དེས་ན་ཁྱད་པར་རྣམས་ཁོ་ན་ཐ་མི་དད་པར་དམིགས་པ་ཡིན་ནོ་ཞེས་བསྒྲུབ་པའི་

ཕྱིར་འདི་བརྗོད་པ་ཡིན་ནོ། །འོ་ན་འཁྲུལ་པ་ཡིན་ནོ་ཞེ་ན། འབད་པ་འདིའི་དོན་འདི་ཉིད་ཡིན་ནོ། །ཚིག་ཐ་མ་བཤད་པ་ནི་དེས་ན་དེ་ལྟར་གཞན་གྱི་ཁས་བླངས་པ་ལ་ཡང་གསལ་བ་རྣམས་སྤྱིའི་ཤེས་པའི་དམིགས་པ་ཉིད་ཡོད་པ་དེས་ན་སྤྱིའི་དོན་མེད་དོ་ཞེས་གཞུང་གཟུགས་པ་ན་གཞན་

དག་སྤྱི་ཡོད་ན་དེ་དམིགས་པ་ཉིད་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་པ་དེས་ན་དེས་ཁས་ལེན་ཏོ་ཞེས་གཞུང་གཟུགས་པའི་ཕྱིར། གལ་ཏེ་དངོས་གཅིག་གྲོགས་བྱེད་པའི། །ཞེས་སྨོས་སོ། །ཁྱད་པར་རྣམས་ཁོ་ན་ཐ་མི་དད་པར་དམིགས་སོ། །དེ་ཡང་འདི་དག་ལས་སྤྱི་མེད་པར་ནི་

Vol. 182 · folio 267b

མི་འགྱུར་རོ། །དེས་ན་དེའི་དོན་ཉིད་དུ་སྤྱི་ཁས་ལེན་པ་ཡིན་ནོ་ཞེས་བྱ་བ་ནི་བསམ་པའོ། །འདི་ཉིད་བཤད་པ་ནི་གལ་ཏེ་འདི་སྙམ་དུ་ཞེས་བྱ་བ་ཡིན་ནོ། །གསལ་བ་རྣམས་རྒྱུ་འབའ་ཞིག་ཡིན་པར་ནི་མ་ཟད་ཀྱང་འོན་ཀྱང་དམིགས་པ་ཡིན་ནོ་ཞེས་དམིགས་པའི་དངོས་པོས་རྒྱུ་ཡིན་ལ་ཞེས་བྱ་བས་

བརྗོད་དོ། །དེ་ལྟ་ཡིན་དང་སྤྱི་རྣམ་པར་ཤེས་པ་དེ་བྱེད་པ་ལ་ལྷན་ཅིག་བྱེད་པ་ཉིད་ཡིན་ནོ། །དེས་ན་དམིགས་པ་ཡང་ལྷན་ཅིག་ཏུ་འགྱུར་བར་བརྗོད་པ་ཡིན་ནོ། །གལ་ཏེ་དངོས་གཅིག་གྲོགས་བྱེད་པའི། །ཞེས་བྱ་བའི་གང་ཡིན་པ་བསྟན་པ་ནི་གང་གི་ཚེ་ཞེས་བྱ་བ་ཡིན་ནོ། །འདི་བཟློག་པའི་

ཕྱིར་བརྗོད་པ་ནི་དངོས་པོ་ཅིག་དེས་དེ་རྣམས་ཀྱི་ཞེས་བྱ་བའོ། །འདིས་ནི་རེ་ཞིག་དམིགས་པའི་དངོས་པོ་ཉིད་གསལ་ཏོ། །གལ་ཏེ་སྤྱི་ཡོད་དུ་ཟིན་ཀྱང་གསལ་བ་རྣམས་གཅིག་ཏུ་གྱུར་པ་ཡིན་ན་སྤྱིས་ཅི་བྱ། དེ་སྟེ་མ་ཡིན་ན་དེ་ལྟ་ན་ནི་འོ་ན་རང་གི་བདག་ཉིད་གཅིག་ཏུ་གྱུར་པ་ཡིན་པའི་ཕྱིར་

གཅིག་པའི་ཡུལ་དུ་འགྱུར་གྱི། གསལ་བ་རྣམས་ནི་མ་ཡིན་ནོ། །དེ་ཉིད་དང་འཕྲོད་པ་འདུ་བ་ལས་ངོ་བོ་ཉིད་དུ་འགྱུར་བའི་ཐ་མི་དད་པས་དེ་དག་ཐ་མི་དད་པའི་རྣམ་པར་ཤེས་པའི་ཡུལ་ཉིད་དུ་འགྱུར་རོ་ཞེ་ན། འབྲེལ་པ་ཡིན་ཡང་གཞན་གཞན་གྱི་ངོ་བོར་འགྱུར་བ་ནི་མ་ཡིན་གྱི་འོན་ཀྱང་

འབྲེལ་པ་ཅན་ཉིད་དུ་འགྱུར་རོ། །རང་གི་ངོ་བོ་ཉིད་ནི་བདག་ཉིད་དུ་གྱུར་པ་ཡིན་ལ། སྤྱི་ནི་བདག་ཉིད་མ་ཡིན་ཏེ་ཐ་དད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ཐ་མི་དད་པར་ཐལ་བའི་ཕྱིར་རོ། །ཐ་དད་པར་གྱུར་པའི་ཐ་མི་དད་པ་རང་བཞིན་དུ་གྱུར་པ་མ་ཡིན་པས་ནི་ཐ་དད་པར་གྱུར་པ་རྣམས་ཐ་མི་

དད་པར་རྟོགས་པར་ནུས་པ་མ་ཡིན་ཏེ། དེ་དང་ལྡན་པ་ཙམ་དུ་རྟོགས་པར་ཐལ་བའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །རྟོགས་པ་ཇི་ལྟ་བུར་གྱུར་པ་གང་གིས་གང་གི་རང་བཞིན་དེ་ཡིན་པར་རྟོགས་པར་འཐད་པ་དེ་ཉིད་དེ་ལྟར་དེ་ལྟ་བུ་ཉིད་དུ་དེའི་རང་བཞིན་ཉིད་དུ་འགྱུར་རོ། །ཐ་དད་པར་གྱུར་པ་

དང་ནི་འབྲེལ་དུ་ཟིན་ཀྱང་གཞན་དེའི་རང་བཞིན་དུ་རྟོགས་པ་མ་ཡིན་ནོ། །དེའི་ཕྱིར་ཐ་དད་པ་འབྲེལ་པ་ལས་ནི་རང་གི་ངོ་བོར་གྱུར་པ་ཐ་མི་དད་པར་མི་འགྱུར་ཏེ། དེས་ན་ཐ་མི་དད་པར་གྱུར་པའི་རང་བཞིན་ནི་མི་སྲིད་དོ། །དེ་བས་ན་གཅིག་གིས་ཐ་དད་པ་ཉིད་མི་སེལ་བས་ན། དངོས་པོ་

Vol. 182 · folio 268a

གཅིག་གིས་གྲོགས་བྱེད་པའི་གསལ་བ་རྣམས་ཐ་མི་དད་པ་ལ་བརྟེན་པའི་རྣམ་པར་ཤེས་པའི་དམིགས་པ་ཉིད་མ་ཡིན་ནོ། །དེ་ཉིད་དུ་གཞུང་གཟུགས་པའི་ཕྱིར་ཐ་དད་པ་ཉིད་ལ་ནི་རྣམ་པར་ཤེས་པ་གཅིག་འགལ་ལོ་ཞེས་སྟོན་པ་ནི། ཐ་དད་ཕྱིར་ན་དེ་དག་ལ། །ཞེས་བྱ་

བའོ། །རྒྱུར་ཞེས་བྱ་བ་ནི་དམིགས་པར་རོ། །དེ་ཉིད་བཤད་པ་ནི་གཅིག་པུ་དེས་ཞེས་བྱ་བ་ལ་སོགས་པའོ། །དེ་དེ་ལྟར་འདི་དག་དམིགས་པའི་དངོས་པོས་གཅིག་གི་རྣམ་པར་ཤེས་པའི་རྒྱུ་ཡིན་པར་སྨྲ་བ་ལ། དམིགས་པ་ཉིད་བསལ་ནས་རྒྱུའི་དངོས་པོ་བསལ་བའི་ཕྱིར་ཏེ་དུ་མའང་

གཅིག་ལྟོས་ནས་ཞེས་སྨོས་སོ། །དངོས་པོ་དུ་མ་རྣམས་ཀྱང་གལ་ཏེ་གཅིག་ལ་ལྟོས་ནས་ཐ་མི་དད་པར་ཤེས་པར་བྱེད་པ་དེས་ན་དངོས་པོ་གཅིག་གྲོགས་བྱེད་པ་ཅན་གྱི་གསལ་བ་རྣམས་ཤེས་པའི་རྒྱུར་བརྗོད་དོ། །རྩོད་པ་བྱེད་པའི་དོགས་པ་འདི་ཉིད་སྟོན་པ་ནི། ཐ་དད་པའི་ཕྱིར་ཞེས་བྱ་བ་

སྨོས་སོ། །གང་གི་ཕྱིར་ཐ་དད་པ་དེའི་ཕྱིར་དུ་མས་མི་སྐྱེད་དོ་ཞེས་ནི་མི་སྨྲའོ། །ཇི་ལྟར་ཁྲ་བོ་དང་བུམ་པ་གཉིས་ཐ་དད་པའི་ཕྱིར་བ་ལང་གི་ཤེས་པའི་རྒྱུ་མ་ཡིན་པ་དེ་བཞིན་དུ་ཁྲ་བོ་དང་སེར་སྐྱ་དག་ཀྱང་འགྱུར་རོ་ཞེས་གང་གིས་བརྗོད་པར་འགྱུར་བ་ཐ་དད་པས་འབྲས་བུ་སྐྱེད་པ་ལ་འགལ་

བ་མེད་དོ། །འོན་ཀྱང་སྔ་མ་དག་ལ་ནི་རྣམ་པར་ཤེས་པ་དེ་སྐྱེད་པའི་ལྷན་ཅིག་བྱེད་པ་མེད་པ་ལ་འདི་གཉིས་ལ་ནི་ཡོད་པ་འབའ་ཞིག་ཏུ་ཟད་དོ། །དེས་ན་ལྷན་ཅིག་བྱེད་པ་དང་བྲལ་བས་འགལ་བ་ཉིད་དོ། །འདི་ལ་ནི་སྤྱི་གཅིག་ལྷན་ཅིག་བྱེད་པ་ཡོད་པ་ཡིན་ནོ་ཞེ་ན་དེ་བསལ་བའི་ཕྱིར། དེ་ལྟ་

ན་ནི་འོ་ན་ནི་ཞེས་སྨོས་སོ། །འདིས་སྤྱི་ལྷན་ཅིག་བྱེད་པ་ཡིན་ན་གསལ་བ་རྣམས་རྒྱུ་ཡིན་པར་བརྗོད་པ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པར་བསྟན་པའི་སྒོ་ནས་སེལ་བར་བྱེད་དོ། །དེའི་འབྲས་བུ་ཉིད་དེ་གཅིག་པུའི་ཚད་མ་ཅན་ཡིན་པའི་ཕྱིར་ཏེ། དེ་མེད་ན་དེ་མི་རྟོགས་པའི་ཕྱིར་རོ། །

འགའ་ཞིག་ཡོད་པ་ན་འབྲས་བུ་སྔ་ན་མེད་པ་འབྱུང་བ་གང་ཞིག་མེད་ན་ལོག་ལ་གཞན་དག་ནི་ལོག་ཀྱང་མི་ལྡོག་པ་ནི་ལྷན་ཅིག་བྱེད་པའི་རྐྱེན་དེ་ཙམ་ཚོགས་པས་སྐྱེད་པར་རྟོགས་པ་ཡིན་ནོ། །དེ་ལ་སྤྱི་དང་རང་གི་མཚན་ཉིད་ཉེ་བར་གནས་ན་འབྱུང་བའི་འབྲས་བུ་གལ་ཏེ་གསལ་བ་ཡོད་

Vol. 182 · folio 268b

ཀྱང་སྤྱི་མེད་པར་མི་འབྱུང་བའམ། སྤྱི་ཡོད་ཀྱང་གསལ་བ་མེད་པར་འབྱུང་བ་ཡིན་ནོ། །དེའི་ཚེ་གཉི་གས་བསྐྱེད་པར་བྱ་བ་ཡིན་པར་རྟོགས་པར་འགྱུར་བ་ཞིག་ན། ལྡོག་པ་བསྒྲུབ་པ་དེ་ནི་འདི་ལ་མི་སྲིད་དེ། གསལ་བ་མེད་པར་སྤྱི་ཡོད་པའམ། སྤྱི་ཡོད་པ་ན་གསལ་བ་མེད་པ་བསྟན་

པར་མི་ནུས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྤྱི་འབའ་ཞིག་ལས་ཤེས་པ་དེ་འབྱུང་ངོ་ཞེས་བརྗོད་པར་མི་ནུས་ཏེ། གསལ་བ་མེད་པར་དེ་ཙམ་ཡོད་པར་བསྟན་པར་མི་ནུས་པའི་ཕྱིར་རོ། །དེས་ན་སློབ་དཔོན་སྤྱི་དང་ལྷན་ཅིག་པའི་གསལ་བ་རྒྱུ་ཉིད་དུ་རྟོགས་པ་ན་དེ་མེད་ཀྱང་འབྱུང་བ་ཉིད་

བཤད་པ་ནི། གསལ་བ་དེ་དག་རེ་རེ་མེད་པར་ཡང་སྤྱི་དེ་གཅིག་པུས་བསྐྱེད་པར་བྱ་བའི་བློ་ལ་གསལ་བ་དེ་རྣམས་ཀྱི་ནུས་པ་མེད་པ་ཡིན་ནོ། །རེ་ཞིག་བ་ལང་ངོ་སྙམ་པའི་རྣམ་པར་ཤེས་པ་ནི་སྤྱི་མེད་ན་མེད་པ་ཡིན་ཏེ། རྟ་ལ་མེད་པའི་ཕྱིར་རོ། །གལ་ཏེ་ཡང་སྤྱི་ཡོད་ན་གསལ་བ་

མེད་ཀྱང་འབྱུང་ངོ་ཞེས་བྱ་བར་མི་ནུས་པ་དེ་ལྟ་ན་ཡང་གསལ་བ་རེ་རེ་མེད་པར་ཅི་ཡོད་ན་འབྱུང་བ་ཁོ་ནའོ། །འདི་ལྟར་ཁྲ་བོ་མེད་པར་སེར་སྐྱའི་གསལ་བ་ལ་བ་ལང་ངོ་སྙམ་པའི་ཤེས་པ་འབྱུང་བ་ཁོ་ནའོ། །དེས་ན་གལ་ཏེ་དམིགས་པ་ཉིད་རྒྱུའི་རྩ་བ་ཅན་ཡིན་པ་དེ་ལྟ་ན་ཡང་དེ་ནི་སྤྱི་དང་ལྷན་

ཅིག་པའི་གསལ་བ་རྣམས་ལ་མེད་དོ་ཞེས་བཤད་པ་ནི་དེ་ཕྱིར། བློ་ཡིས་དེ་རྣམས་འཛིན་པ་མེད་པ་ཡིན། །ཞེས་འབྲེལ་ཏོ། །འགྲེལ་པ་ནི། ད་ནི་ཇི་ལྟར་ཞེས་བྱ་བའོ། །སྤྱི་མེད་ན་རྟ་ལ་བ་ལང་གི་ཤེས་པ་མེད་པའི་ཕྱིར་ལ། སྤྱི་ཡོད་ན་ཁྲ་བོ་ལ་སོགས་པ་ཡོད་པའི་ཕྱིར་རོ། །འདིར་

ནི་ཉེས་པ་མེད་དེ་ཞེས་སྨྲས་ཏེ། སྔོན་པོ་དང་སེར་པོ་ལ་སོགས་པའི་ཚོགས་པ་ནི་རྒྱུ་ཉིད་དེ། ཚོགས་པ་དེ་ནི་མིག་གི་རྣམ་པར་ཤེས་པའི་རྒྱུ་ཉིད་ཡིན་ནོ། །ལྷན་ཅིག་པར་གྱུར་པ་དེ་རྣམས་ལས་རེ་རེ་བསལ་ཀྱང་མིག་གི་རྣམ་པར་ཤེས་པ་མེད་པ་ནི་མ་ཡིན་ཡང་རེ་རེ་བསལ་བ་ཡང་འབྱུང་བ་དེ་

ལ་ལྟོས་ནས་ཚོགས་པ་མིག་གི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་པར་ནུས་པ་མ་ཡིན་ནོ། །དེ་བཞིན་དུ་ཁྲ་བོ་ལ་སོགས་པར་བ་ལང་ཞེས་ཐ་དད་པ་མེད་པར་ཤེས་པ་སྐྱེད་པ་ལ་སྤྱིའི་ལྷན་ཅིག་བྱེད་པ་ཅན་དག་ལས་རེ་རེ་མེད་ཀྱང་རྣམ་པར་ཤེས་པ་དེ་ཡོད་པའི་ཕྱིར་ནུས་པ་ཉམས་པར་མི་འགྱུར་རོ་

Vol. 182 · folio 269a

ཞེས་བྱ་བ་ནི་རྩོད་པ་པོའི་བསམ་པ་ཡིན་ཏེ། དེ་ལྟར་ན་དེ་དག་གི་ཚོགས་པ་ལ་ཡང་ནུས་པ་མེད་པ་མ་ཡིན་པ་ཞེས་བྱ་བ་འདིར་ཤིན་ཏུ་འབྲེལ་པར་འགྱུར་བ་ཡིན་ནོ། །འདི་བསལ་བའི་ཕྱིར། མི་མཐུན་པ་ཉེ་བར་བཀོད་པ་སྟེ་ཞེས་སྨོས་ཏེ་སྔོན་པོ་ལ་སོགས་པ་ཉེ་བར་བཀོད་

པ་ནི་སྐབས་དང་མཐུན་པ་མ་ཡིན་ནོ། །དེ་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པ་ནི་སོ་སོ་རང་གི་རང་བཞིན་གྱིས་མིག་གི་རྣམ་པར་ཤེས་པ་སྐྱེད་པ་ལ་རྒྱུ་ཉིད་དུ་རྟོགས་པའི་རྒྱུ་དེ་ཉིད་ཀྱིས་དེ་དག་ཚོགས་པ་རྒྱུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དག་ལས་གཅིག་མེད་ཀྱང་མིག་གི་རྣམ་

པར་ཤེས་པ་འབྱུང་སྟེ། སྔོན་པོ་བཞིན་དུ་སེར་པོ་ཡང་རྒྱུ་ཡིན་པའི་ཕྱིར་རོ། །སྔོན་པོ་མེད་ཀྱང་རང་གི་རྒྱུ་སེར་པོ་ལས་འབྱུང་བའི་ཕྱིར་དང་། དེ་བཞིན་དུ་སེར་པོ་མེད་ཀྱང་སྔོན་པོ་ལས་འབྱུང་བའི་ཕྱིར་རོ། །དེ་རྣམས་ཚོགས་པ་ན་ཡང་ཡིན་པའི་ཕྱིར་འགལ་བ་ཅི་ཡང་མེད་དོ། །གང་ཞིག་

མེད་ན་ཤེས་པ་མེད་པ་དངོས་སུ་བརྗོད་པར་མི་ནུས་པའི་ཕྱིར་རེ་རེ་མེད་ན་ཤེས་པ་མེད་པ་ལས་དེ་རྒྱུ་མ་ཡིན་པ་ཉིད་དུ་འགྱུར་བ་ཚོགས་པ་ཞེས་བྱ་བ་ནི་གཞན་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་ཡོད་པའི་ཕྱིར་སྤྱི་ལས་ཤེས་པ་དེ་ཉིད་ཡིན་ནམ་འོན་ཏེ་གཉི་ག་ལས་ཡིན་ཞེས་ཐེ་ཚོམ་ཟ་བའི་ཕྱིར་

གསལ་བ་རྣམས་ནི་ཚོགས་པ་ན་བ་ལང་རྣམས་སོ་ཞེས་རྟོགས་པའམ། སོ་སོར་འདི་ལ་བ་ལང་ཞེས་རྟོགས་པའི་ཤེས་པ་དེའི་རྒྱུ་ཉིད་དུ་གྲུབ་པ་མ་ཡིན་པ་དེ་བས་ན་མི་མཚུངས་སོ། །འགྲེལ་པ་ནི་སྔོན་པོ་ལ་སོགས་པ་ལ་ཞེས་བྱ་བ་ཡིན་ནོ། །སྔོན་པོ་ལ་སོགས་པ་དང་གསལ་བ་རྣམས་མི་

མཚུངས་པར་སྟོན་པ་ནི། གསལ་བ་རྣམས་ནི་ཞེས་བྱ་བ་ཡིན་ནོ། །བསམ་པ་ནི་འདི་ཡིན་ཏེ་གལ་ཏེ་སྤྱིས་སྟོང་པའི་གསལ་བ་རྣམས་རྗེས་སུ་འགྲོ་བའི་རྣམ་པར་ཤེས་པ་བྱེད་ན་ནི་དེའི་ཚེ་སྔོན་པོ་ལ་སོགས་པ་བཞིན་དུ་འདི་དག་རྣམ་པར་ཤེས་པ་དེའི་རྒྱུར་འགྱུར་བ་ཞིག་ན། གསལ་བ་རྣམས་ནི་

སྤྱི་ལ་མ་ལྟོས་པར་ཤེས་པ་སྐྱེད་པ་མ་ཡིན་གྱི་འོན་ཀྱང་སྤྱི་དང་ལྷན་ཅིག་པ་ཁོ་ནས་ཡིན་ནོ། །དེ་ལྟ་ཡིན་དང་རྣམ་པར་ཤེས་པ་འདི་སྤྱི་ལས་འབྱུང་བ་ཡིན་ནམ་ཡང་ན་སྤྱི་དང་རང་གི་མཚན་ཉིད་གཉི་ག་ལས་ཡིན་ཞེས་ཐེ་ཚོམ་ཟ་བ་ཁོ་ནའོ། །དེ་ལྟ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་གསལ་བ་

Vol. 182 · folio 269b

སོ་སོར་མེད་ཀྱང་སྤྱིའི་ཤེས་པ་འབྱུང་བ་དང་སྔོན་པོ་ལ་སོགས་པ་ཚོགས་པའི་རིགས་པ་ཡང་མ་གྲུབ་པ་དེ་བས་བསལ་བ་རྣམས་ཀྱིས་མི་ནུས་པ་ཁོ་ནའོ། །ཕ་རོལ་པོ་དེ་དག་རེ་རེ་མེད་པར་རྣམ་པར་ཤེས་པ་དེ་འབྱུང་བས་དེའི་འབྲས་བུ་མ་ཡིན་པར་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར། གལ་ཏེ་དེ་

དག་འགའ་ཞིག་ལ། །ཞེས་སྨོས་སོ། །གསལ་བ་ལྷན་ཅིག་བྱེད་པ་ཅན་གྱི་སྤྱི་རྗེས་སུ་འགྲོ་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་དོ། །དེས་ན་གལ་ཏེ་དེ་དག་སོ་སོར་མེད་ཀྱང་སྐྱེད་པར་བྱེད་པ་དེ་ལྟ་ན་ཡང་གསལ་བ་ལ་མ་ལྟོས་པར་ནི་བྱེད་པ་པོ་མ་ཡིན་ཏེ། གསལ་བ་མཐའ་དག་མེད་པར་

དེ་བྱེད་ན་དེ་ལྟར་ཐལ་བའི་ཕྱིར་རོ། །གསལ་བ་གཅིག་མེད་པར་སྐྱེད་པ་ནི་ལྷན་ཅིག་བྱེད་པའི་གསལ་བ་གཞན་ཡོད་པ་ཡིན་པས་དེ་དང་ལྷན་ཅིག་བྱེད་པའི་སྐྱེད་པར་བྱེད་པ་ཡིན་ནོ། །དེས་ན་གསལ་བ་སྤྱིའི་ལྷན་ཅིག་བྱེད་པ་ཅན་ཡིན་དང་། སྤྱི་ཡང་གསལ་བའི་ལྷན་ཅིག་བྱེད་པ་ཅན་གྱི་རྣམ་

པར་ཤེས་པ་དེ་སྐྱེད་པའི་ཕྱིར་གསལ་བ་མེད་དོ། །འདི་ཉིད་བཤད་པ་ནི་འོན་ཏེ་ཞེས་བྱ་བ་ཡིན་ནོ། །ཐ་ག་པ་ཐག་ཟངས་མེད་པར་རས་ཡུག་མི་འཐག་སྟེ། འབའ་ཞིག་གིས་མི་འཐག་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་ཐག་ཟངས་གཅིག་མེད་ཀྱང་ཐག་ཟངས་གཞན་གྱིས་འཐག་ལ། དེ་མེད་ཀྱང་

གཞན་གྱིས་ཡིན་ནོ། །དེས་ན་དེ་དག་རེ་རེ་མེད་ཀྱང་འཐག་པའི་ཕྱིར་ཐག་ཟངས་རྒྱུ་མ་ཡིན་པ་ཉིད་ནི་མ་ཡིན་ཏེ་ཐག་ཟངས་གཅིག་མེད་ཀྱང་ཐག་ཟངས་གཞན་གྱིས་འཐག་པའི་ཕྱིར་རོ། །དེ་ཁོ་ན་ལས་ཞེས་བྱ་བ་ནི་ཐག་ཟངས་དང་བྲལ་བའི་ཐ་ག་པ་འབའ་ཞིག་ལས་སོ། །དེ་བཞིན་དུ་སྤྱི་འབའ་ཞིག་ནི་རྣམ་

པར་ཤེས་པ་དེའི་རྒྱུ་མ་ཡིན་ནོ། །དེ་ལྟར་ཕ་རོལ་པོས་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པ་བསྟན་པར་མི་ནུས་པར་བརྗོད་པ་ཡིན་ནོ། །དེ་ལྟ་ན་ཡང་རྗེས་སུ་འགྲོ་བ་དག་ལ་ཐེ་ཚོམ་ཟ་བ་ཡིན་ཏེ། འདིར་ཐག་ཟངས་ལ་སོགས་པའི་ཚུལ་ཡོད་ཀྱང་མ་ངེས་པའི་ཕྱིར་རོ། །ཇི་ལྟར་ཐག་ཟངས་མེད་

པར་ཐ་ག་པ་འབའ་ཞིག་ལས་མི་འབྱུང་བར་རྟོགས་པ་དེ་བཞིན་དུ་གསལ་བ་མེད་པར་སྤྱི་འབའ་ཞིག་ལས་མི་འབྱུང་བར་རྟོགས་པ་ནི་མ་ཡིན་ཏེ། གསལ་བ་ཐམས་ཅད་ལ་སོང་བར་སྨྲ་བའི་ལྟ་བ་ལ་གསལ་བས་སྟོང་པའི་ཡུལ་ན་དེ་མེད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཐམས་ཅད་མ་སོང་བ་ལ་ཡང་

Vol. 182 · folio 270a

གསལ་བ་མེད་ན་གསལ་བར་མ་གྱུར་པའི་ཕྱིར་རྣམ་པར་ཤེས་པ་དེ་གྲུབ་པར་བྱེད་པ་མ་ཡིན་ནམ། ཡང་ན་ལྷན་ཅིག་བྱེད་པ་མེད་པའི་ཕྱིར་ཡིན་ཞེས་ངེས་པ་མེད་དོ། །ལྷན་ཅིག་བྱེད་པ་ཉིད་ཡིན་ན་ནི་དེ་གཉི་ག་ལས་སྐྱེ་ལ། གསལ་བས་མངོན་པར་གསལ་བར་གྱུར་པ་

ལས་ཡིན་ན་ནི་སྤྱི་འབའ་ཞིག་ལས་སོ། །སྣང་བའི་དེ་མ་ཐག་པ་ཅན་གྱི་དེ་སྐྱེད་པ་ནི་མ་གྲུབ་སྟེ། ཐ་མི་དད་པའི་ཤེས་པ་ལ་གསལ་བ་ན་མ་གྲུབ་པའི་གསལ་བ་དག་ཁོ་ན་རྣམ་པ་གཅིག་ཏུ་སྣང་བ་འཁྲུལ་པ་སྤྱིའི་ཤེས་པའི་རྒྱུ་མཚན་ཡིན་ནོ་ཞེས་བསྒྲུབ་པ་ན་སྤྱི་དང་ལྷན་ཅིག་པའི་གསལ་བ་ཁོ་ན་

རྟེན་གྱི་དངོས་པོར་འཐད་པ་ཡིན་ནོ་ཞེས་གཞན་འདོད་པ་བསལ་བ་ཡིན་ནོ། །དེ་ནི་རྒྱུ་ཉིད་དུ་མ་གྲུབ་ཀྱང་ཁས་བླངས་ནས་ཉེས་པ་གཞན་བཤད་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བའོ། །ཐ་ག་པའི་ཚུལ་ཡོད་པ་ཡིན་ཡང་གསལ་བ་དག་སྤྱི་ལ་ཕན་འདོགས་ན་ཇི་ལྟ་བློ་གཅིག་ཉིད་ལ་ཕན་འདོགས་པ་མ་ཡིན་

འདི་སྐད་བརྗོད་པ་ཡིན་ཏེ། གསལ་བ་དང་ལྷན་ཅིག་བྱེད་པ་ཅན་གྱི་སྤྱི་ཤེས་པ་བྱེད་པ་ཡིན་ནོ། །གསལ་བ་དེ་དག་གིས་ཕན་བཏགས་པའི་སྤྱི་ཤེས་པ་སྐྱེད་པར་བྱེད་པ་ཡིན་པས་གསལ་བ་ཐ་དད་པ་རྣམས་ལ་ཡང་དོན་གཅིག་ལ་ཕན་འདོགས་པ་ཉིད་ཀྱི་རང་བཞིན་དེ་ཁྱད་པར་མེད་པ་ཡིན་ན། གལ་

ཏེ་འདི་དག་གིས་སྤྱི་ལ་ཕན་འདོགས་པའི་རང་བཞིན་སོ་སོ་རང་གི་རང་བཞིན་ལ་ཁྱད་པར་མེད་པ་ཡོད་ན། རྣམ་པ་དེ་ལྟ་བུའི་རང་བཞིན་དེ་ཉིད་ཀྱི་ཤེས་པ་གཅིག་སྐྱེད་པར་འགྱུར་བ་དང་། དེའི་དམིགས་པ་ཉིད་དུ་འགྲོ་ལ་རག་མོད་དོན་བྱ་བ་གཅིག་བྱེད་པ་མི་འགལ་བས་ན་རང་བཞིན་གཅིག་ལས་མི་

ཉམས་པའི་ཕྱིར་རོ། །བློ་ཉིད་ལ་ཕན་འདོགས་ལ་རག་མོད་སྤྱི་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཉིད་ལ་གཏན་ཚིགས་གཞན་བཤད་པ་ནི། ཕན་པ་གང་ཡིན་པ་འདི་ནི་གསལ་བ་རྣམས་ཀྱི་འབྲས་བུར་འགྱུར་ཏེ། དེའི་ཕྱིར་ཡང་བློ་ལ་ཕན་འདོགས་པར་འགྱུར་གྱི་དེ་ལ་ནི་མ་ཡིན་ནོ། །གལ་ཏེ་

ཕན་པ་འབྲས་བུ་ཡིན་མོད། ཇི་ལྟར་བློ་ལ་འདོགས་ཀྱི་སྤྱི་ལ་ནི་མ་ཡིན་ཞེ་ན། གཏན་ཚིགས་གཞན་ཡང་བཤད་པ་ནི། །ཕན་འདོགས་པ་ནི་སྐྱེད་པ་ཡིན། །ཞེས་བྱ་བའོ། །འདིར་ནི་འདི་ལྟར་འབྲེལ་པ་བརྗོད་པར་འདོད་པ་ཡིན་ཏེ་དེ་ལྟ་མ་ཡིན་ན་འདིའི་ཞེས་བྱ་བ་མི་འཐད་དེ། དེའི་སྒྲ་ཡང་

Vol. 182 · folio 270b

སྦྱོར་བ་སྲིད་པའི་ཕྱིར་རོ། །ཆ་སྔ་མ་བཤད་པའི་ཕྱིར་སྔོན་བཞིན་དུ་ཞེས་སྨོས་སོ། །སྤྱིའི་རྣམ་པར་ཤེས་པ་དེ་སྐྱེད་པའི་ནུས་པ་གསལ་བ་ལས་མ་སྐྱེས་ན་དེའི་བདག་ཉིད་ལ་བོགས་འབྱུང་བ་མེད་པར་འགྱུར་རོ། །དེས་ན་གསལ་བ་དང་འབྲེལ་པའི་སྔ་རོལ་ན་འདི་དག་ཉིད་ཇི་ལྟ་བ་ཉིད་དུ་གྱུར་པ་དེ་ཁོ་ན་

ལྟར་གལ་ཏེ་གསལ་བ་དང་འབྲེལ་ཀྱང་ཡིན་ན་ནི། དེ་ལས་ཤེས་པ་སྐྱེད་པའི་ནུས་པ་མ་སྐྱེས་པའི་ཕྱིར་དེའི་ཚེ་ཇི་ལྟར་གསལ་བ་རྣམས་ཕན་པས་ནི་འདིའི་ལྷན་ཅིག་བྱེད་པར་འགྱུར། ཕན་པ་འབྲས་བུ་མ་ཡིན་ཡང་གལ་ཏེ་འགའ་ཞིག་ཕན་འདོགས་པར་བྱེད་པ་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་

རོ། །གལ་ཏེ་ཕན་པ་ལྷན་ཅིག་བྱེད་པ་དག་གིས་བྱད་པའི་ཕྱིར་ཕན་པ་འབྲས་བུ་ཡིན་མོད། གང་གི་སྤྱི་རྟག་པའི་ཕྱིར་དེ་མེད་པས་ན་བློ་ཉིད་ལ་དེར་འགྱུར་བ་ཕན་འདོགས་པ་ཕན་གདགས་པར་བྱ་བའི་སྐྱེད་བྱེད་ཡིན་ནོ་ཞེས་བྱ་བ་ག་ལས་ཞེས་འདོགས་ན། བསྐྱེད་པར་བྱ་བའི་ཕན་པ་དོན་གཞན་

ཡིན་པ་ཡང་སེལ་བ་ནི་ཕན་གདགས་པར་བྱ་བ་ལ་སོགས་པ་དོན་གཞན་ཞིག་བྱེད་ན་ནི། ཕན་པས་ཕན་པ་བྱ་བ་ལ་ཅི་ཞིག་བྱེད། བོགས་གཞན་ཞིག་ཡིན་ན། དེའི་བོགས་མེད་པ་ཁོ་ནའི་བདག་ཉིད་ཡིན་པའི་ཕྱིར་དེ་ལ་ཕན་པ་དེས་ཅི་ཡང་བྱར་མེད་དོ། །གལ་ཏེ་བོགས་གཞན་ཡིན་ཡང་

བདག་ཉིད་དེ་ལ་སྐྱེས་པ་དེས་ན་བོགས་དེས་འདི་བོགས་དང་བཅས་པ་ཁོ་ནར་འགྱུར་བ་མ་ཡིན་ནམ། དེ་ཇི་ལྟར་ན་དེས་དེ་ལ་ཅི་ཞིག་བྱེད་ཅེས་བརྗོད་ཅེ་ན་ཞེས་དོགས་པ་ལ་དེ་དེའི་རྟེན་ཉིད་ཡིན་ན་ཞེས་སྨོས་ཏེ། སྤྱི་དེ་དེའི་རྟེན་ཉིད་ཡིན་ན་ཕན་པའི་རྟེན་ཉིད་ཡིན་ན་ཞེས་གཞན་གྱི་གཞུང་རྗེས་

སུ་བརྗོད་ནས་ཕན་འདོགས་པ་མེད་པ་ལ་ཞེས་བྱ་བས་སེལ་བར་བྱེད་དོ། །ཕན་འདོགས་པ་མེད་པ་གང་ཡིན་པ་དེ་ནི་རྟེན་མ་ཡིན་ལ་བརྟེན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བརྟེན་པས་ཀྱང་ཕན་བཏགས་ནས་རྟེན་རྟེན་ཉིད་དུ་འགྱུར་བ་ཡིན་ལ་རྟེན་གྱིས་ཀྱང་ཕན་བཏགས་པས་བརྟེན་པ་ཉིད་

ཡིན་ནོ་ཞེས་ཁར་གཞོང་དང་རྒྱ་ཤུག་རྣམ་འགྲེལ་དུ་བཤད་པར་འགྱུར་རོ། །དེས་ན་ཕན་འདོགས་པ་མ་ཡིན་པ་གང་ཡིན་པ་དེ་ནི་རྟེན་ཡང་མ་ཡིན་བརྟེན་པ་ཡང་མ་ཡིན་པའི་ཕྱིར་ན་ཕན་འདོགས་པ་མེད་པ་ལ་རྟེན་དང་བརྟེན་པའི་དངོས་པོ་ཅི་ཡང་མེད་དོ། །ཕན་འདོགས་པ་མེད་པ་ལ་རྟེན་དང་

Vol. 182 · folio 271a

བརྟེན་པའི་དངོས་པོ་ཇི་ལྟར་མེད་པ་ནི་མདུན་ནས་སྟོན་པར་འགྱུར་རོ། །ཕན་པ་བྱས་པའི་རང་བཞིན་གྱི་ཁྱད་པར་མེད་ཀྱང་རྟེན་དང་བརྟེན་པའི་དངོས་པོ་ཡིན་ན་ནི་ཧ་ཅང་ཐལ་བར་འགྱུར་རོ། །དེ་སྟེ་ཕན་འདོགས་པ་ཡོད་དོ་ཞེ་ན་དེའི་ཚེ་རྟེན་ལས་ཀྱང་བརྟེན་པ་སྐྱེ་བ་ཡིན་

པའི་ཕྱིར་དེ་ཉིད་ལས་ཕན་པ་འབྱུང་བའམ། གསལ་བས་དེ་བྱེད་པའི་ཕྱིར་ཕན་འདོགས་པས་ཅི་ཞིག་བྱ། འབྲེལ་པ་ནི་སྐྱེ་བའོ། །སྤྱི་འབའ་ཞིག་གིས་བདག་ཉིད་ལ་བརྟེན་པའི་ཕན་པ་སྐྱེད་པར་མི་ནུས་ཏེ། དེས་ན་གསལ་བ་ལ་ལྟོས་ནས་དེ་སྐྱེད་པའི་ཕྱིར་གསལ་བས་ཕན་འདོགས་པར་

བྱེད་པ་ཡིན་ནོ་ཞེས་འདོགས་ན། དེ་ལས་སྐྱེ་བའི་ཆོས་ཅན་ནི་ཞེས་སྨོས་སོ། །ལྟོས་པ་ཞེས་བྱ་བ་ནི་ཅི་ཞིག་ཡིན། སྤྱི་ལ་ནི་དེ་མི་འཐད་དེ་གང་གི་ཕྱིར་ལྟོས་པར་བྱ་བ་དེ་ལས་སྐྱེ་བའི་ཆོས་ཅན་ནི་ལྟོས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་རང་བཞིན་འབྲེལ་པའི་ཕྱིར་རོ། །དེས་ན་བསྒྲུབ་པར་བྱ་བའི་རང་

བཞིན་ནི་དེ་ཉིད་ལས་སྐྱེ་བའི་ཕྱིར་དེ་ལ་ལྟོས་པར་རིག་པའི་ཕྱིར་རོ་ཞེས་ཀྱང་སྟོན་པར་འགྱུར་རོ། །འདི་ཡང་ཇི་ལྟར་ཞེས་དོགས་ན་རྣམ་པ་གཞན་མེད་པ་འཆད་པ་ནི། བོགས་དབྱུང་དུ་མེད་པ་ཅན་གྱི་བདག་ཅན་ཞེས་སྨོས་ཏེ། དེ་ལས་དེའི་རང་བཞིན་སྐྱེས་པ་མེད་པས་ནི་དེ་ལ་ལྟོས་པར་འགལ་

བའི་ཕྱིར་རོ། །དེ་ལྟ་བས་ན་ཞེས་བྱ་བས་ནི། བསྒྲུབ་པར་བྱ་བ་མཇུག་སྡུད་པའོ། །གང་ཅུང་ཟད་ཅེས་བྱ་བ་ནི་དེ་ཉིད་ཁྱད་པར་བྱེད་པར་བྱ་བ་སྟེ། གཉུག་མ་ནི་རྟེན་དང་བརྟེན་པའི་དངོས་པོ་ལྟོས་པར་བྱ་བ་ཉིད་ཡིན་ལ། གང་ཅུང་ཟད་གསལ་བ་བྱེད་པ་ལ་སོགས་པ་གཞན་གང་ཡིན་པ་དེ་

ཐམས་ཅད་ཀྱང་བསྐྱེད་པར་བྱ་བའི་བདག་ཉིད་དོ། །གཞན་གྱི་དངོས་པོ་ཞེས་བྱ་བའི་གཏན་ཚིགས་མཇུག་སྡུད་པའོ། །དེས་ན་དེ་ལྟར་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་མཇུག་བསྡུས་ནས་སྐབས་ཉིད་མཇུག་སྡུད་པ་ནི། དེའི་ཕྱིར་གསལ་བས་ཞེས་བྱ་བ་ཡིན་ཏེ། འདི་དེ་རྣམས་ཀྱི་འབྲས་བུར་

འགྱུར་ཞེས་བྱ་བར་གྲུབ་པོ། །གསལ་བ་ལ་མི་ལྟོས་ན་ཡང་གསལ་བ་རྣམས་རྣམ་པར་ཤེས་པ་དེའི་གཟུང་བ་མ་ཡིན་པར་འགྱུར་རོ་ཞེས་བཤད་པ་ནི། འབའ་ཞིག་གིས་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ནི་མི་འཐད་དོ་ཞེས་བྱ་བ་ནི་བསྟན་ཟིན་ཏོ། །དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པའི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words