ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད
Sanskrit title (Tibetan script, as in the text) པྲ་མཱ་ཎ་བར་ཏི་ཀ་ཊཱི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 182 · folio 28a
ཡིན་ནོ། །དེས་ན་གཞན་ལ་རག་ལས་པ་ཡིན་ན་དེའི་བདག་ཉིད་མེད་པར་འགྱུར་བའི་ཕྱིར་གཏན་ཚིགས་ཉིད་དུ་མི་རིགས་པ་ན། རང་བཞིན་འབྲེལ་པའི་རྟེན་ཉིད་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་སྨྲ་བ་ནི་དེའི་བདག་ཉིད་ལས་བྱས་པ་གོ་བར་བྱེད་པ་སྨྲ་བ་ནི་མ་ཡིན་ཏེ། དེའི་
ཕྱིར་དེ་ཇི་ལྟར་དེ་མེད་པ་ཉིད་ཀྱིས་འདི་བསྒྲུབ་པར་བྱ་བ་ཉིད་ཡིན་པ་དགག་ཅེས་དོགས་ན། བྱས་པ་ཉིད་ཡོད་པ་ན་འདི་མེད་ན་གོ་བར་བྱེད་པ་ཉིད་དུ་མི་རིགས་སོ་ཞེས་བསྟན་པའི་ཕྱིར་དེ་ཡོད་ན་ཡོད་པར་མ་གྱུར་པའི་ཞེས་སྨོས་སོ། །བྱས་པ་ཉིད་ལ་སོགས་པ་དེ་ལ་གོ་བར་བྱེད་པ་ཉིད་དུ་འདོད་པའི་ངོ་བོ་གང་ཡིན་པ་དེ་
ཡོད་ན། གཞན་ལ་རག་ལས་པའི་ཕྱིར་ཡོད་པར་མ་གྱུར་པའི་ཕྱིས་འབྱུང་བ་ལ་ནི་ངེས་པ་མེད་དོ། །གཏན་ཚིགས་ནི་དེ་ཡོད་ན་དེ་གདོན་མི་ཟ་བར་ཡོད་པའི་ཕྱིར་བསྒྲུབ་པར་བྱ་བ་ངེས་པར་བྱེད་པ་ཡིན་ནོ། །དེ་གང་གི་ཚེ་གཏན་ཚིགས་ཡོད་ཀྱང་ཡོད་པར་མ་གྱུར་ན། འོ་ན་འདིས་ངེས་པར་གང་ལ་བརྟེན་
ནས་ཕྱིས་འབྱུང་བར་འགྱུར། དེ་ནི་དེ་རེ་ཞིག་དེ་མེད་པར་ཡོད་པར་འགྱུར་ཏེ་དེའི་ཚེ་བཞིན་ནོ། །དེས་ན་དེ་ཡང་ཡོད་ལ་ཕྱིས་ཀྱང་སྔར་བཞིན་མི་འབྱུང་བའི་ཕྱིར་འདི་ངེས་པ་མེད་པ་ཁོ་ནའོ། །འོ་ན་ཡོད་པར་འགྱུར་བ་ཡང་དགག་པ་མེད་པ་ཉིད་དོ་ཞེ་ན་མེད་མོད། ངེས་པ་མེད་ན་རྗེས་སུ་དཔག་པ་མི་འབྱུང་བའི་
ཕྱིར་ཐེ་ཚོམ་ཉིད་དུ་འགྱུར་རོ། །གཞན་ཡང་གང་ལ་རག་ལས་ནས་འདི་ཡོད་པར་འགྱུར་བ་དེ་ཉིད་ལས་ཡོད་པ་འབྱུང་བར་འགྱུར་བ་མ་ཡིན་པའི་ཕྱིར། དེ་ཇི་ལྟར་ཕྱིས་ཀྱང་ཡོད་པར་འགྱུར་ཞེས་བཤད་པ་ནི་རྒྱུ་རྣམས་ནི་ཞེས་བྱ་བ་ཡིན་ནོ། །རྒྱུ་རྣམས་ནི་འབྲས་བུ་ལ་འཁྲུལ་པ་ཡིན་ནོ། །འབྲས་བུ་མེད་
ཀྱང་འབྱུང་བ་ཡིན་ཏེ་གདོན་མི་ཟ་བར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ད་ནི་འབྲེལ་པ་རྟོགས་པ་མེད་པས་རང་བཞིན་གྱི་གཏན་ཚིགས་ལས་ཐ་དད་པར་བྱེད་པ་མེད་པར་མི་དམིགས་པའི་རང་བཞིན་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་བསྒྲུབ་པར་བྱ་བ་བསྟན་པ། ཚད་མ་རྣམས་ནི་
ཞེས་སྨོས་སོ། །མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་ཚད་མ་རྣམས་མི་འཇུག་པ་མི་དམིགས་པ་ཡིན་ནོ། །འདི་ནི་འདིའི་རང་བཞིན་གྱི་གཏན་ཚིགས་ལས་ཁྱད་པར་ཡིན་ནོ་ཞེས་གཏན་ཚིགས་ཀྱི་ཁྱད་པར་སྟོན་པར་བྱེད་པ། ནིའི་སྒྲས་རྣམ་པར་དབྱེ་བ་ཡིན་ནོ། །ཚད་མ་འཇུག་པ་
Vol. 182 · folio 28b
ཉིད་ཀྱིས་རྟོགས་པའི་མི་དམིགས་པ་དེ་ནི་མི་དམིགས་པ་ཡིན་ནོ་ཞེས་འགྲེལ་པར་བཤད་དོ། །ཚད་མ་ཉིད་དམིགས་པ་ཡིན་པའི་ཕྱིར་དེ་ལྡོག་པ་མེད་པ་ནི་མི་དམིགས་པ་ཡིན་ནོ། །རང་གི་ངོ་བོ་བསྟན་ནས་བསྒྲུབ་པར་བྱ་བ་བཤད་པ་ནི། མེད་ལ་མི་འཇུག་འབྲས་བུ་ཅན། །ཞེས་བྱ་བ་ཡིན་ནོ། །
གང་དུ་ཚད་མ་འདི་དག་མི་འཇུག་པ་དེ་ཉིད་ལ་དེ་མི་དམིགས་པ་དེའི་བྱེད་པ་འཇུག་པར་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་མི་དམིགས་པར་གྱུར་པ་དེ་ཉིད་མེད་ལ་ཞེས་ཡུལ་ཉིད་དུ་བསྟན་ཏོ། །དེ་ཡང་དོན་ཡོད་པ་ནི་དམིགས་པ་ཡིན་པའི་ཕྱིར་དམིགས་པ་མེད་ན་ཡོད་པ་མེད་པས་མེད་པ་ཞེས་བརྗོད་དོ། །གང་གི་
ཕྱིར་དེ་མེད་པ་ཡིན་པ་དེས་ན་མེད་པ་དེ་ལ་མི་འཇུག་པ་ནི་འདིའི་འབྲས་བུ་ཡིན་ཏེ་མི་འཇུག་པ་སྒྲུབ་པར་བྱེད་པ་ཡིན་ནོ་སྙམ་དུ་དགོངས་པའོ། །འཇུག་ན་ནི་དོན་གདོན་མི་ཟ་བར་རྣམ་པར་རྟོག་པ་འབྱུང་བ་མི་ལྡོག་སྟེ། མཐོང་བ་དོན་གྱིས་བསྒྲུབ་པར་བྱ་བའི་འབྲས་བུ་འདོད་པས་འབྱུང་བའི་གཡོ་བ་བརྩམས་
པ་ལ་ནི་གདོན་མི་ཟ་བར་འདི་འདི་ལྟ་བུའོ་སྙམ་པའི་རྟོག་པར་འགྱུར་བའི་ཕྱིར་རོ། །དེས་ན་གལ་ཏེ་འཇུག་པ་ཞེས་བྱ་བ་འབྱུང་བ་ལས་གྱུར་པའི་བྱེད་པ་བརྗོད་པ་དེ་ལྟ་ན་ཡང་འཇུག་པ་བཀག་པ་དང་། དེ་མེད་ན་མི་འབྱུང་བའི་སྒྲ་བཀག་པ་བྱས་པར་འགྱུར་རོ། །འཇུག་པ་ལ་ནི་དོན་ཡོད་པར་དོགས་
པའི་རྩ་བ་ཅན་ཡིན་ཏེ། དེས་ན་འཇུག་པ་བཀག་ན་དེ་ལས་འཇུག་པ་བཞིན་དུ་རྣམ་པར་རྟོག་པ་དེའི་རྩ་བ་ཅན་གྱི་སྒྲ་ཡང་བཀག་པར་འགྱུར་བ་ཡིན་ནོ། །དེ་ཉིད་ཀྱིས་ན་ཡོད་པའི་ཤེས་པ་དང་ཞེས་བྱ་བ་ལ་སོགས་པའི་འགྲེལ་པ་བཤད་དོ། །ཐ་སྙད་ཅེས་བྱ་བ་ནི་དོན་དུ་གཉེར་བས་འབྱུང་བ་བསྐྱེད་པའོ། །
ཅི་ཚད་མ་མེད་ན་ཡོད་པའི་ཤེས་པ་ལ་སོགས་པ་འགོག་ཅེ་ན། དེ་དག་ནི་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་སྨོས་སོ། །ད་ནི་འཚེ་བ་ལ་སོགས་པ་སྤོང་བ་ལ་སོགས་པ་ལ་ཡང་འཇུག་པར་མི་འགྱུར་རོ་ཞེ་ན་དེ་ཉིད་ཀྱི་ཕྱིར་ཚད་མ་རྣམས་ཞེས་སྨོས་པ་སྟེ། དེ་ལ་ལུང་ལས་
དམིགས་པ་ཡོད་པའི་ཕྱིར་དང་། དེ་ཡང་རྣམ་པ་འདི་ལྟ་བུའི་དོན་ལ་ཚད་མ་ཡིན་པ་དང་། རྗེས་སུ་དཔག་པ་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་པའི་ཡང་ཕྱིར་རོ། །གལ་ཏེ་མདོ་ལས་མེ་ལ་ཞེས་དོན་མེད་པ་ཙམ་རྒྱུ་ཉིད་དུ་བརྗོད་པ་མ་ཡིན་ནམ། དེ་ཇི་ལྟར་ན་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་
Vol. 182 · folio 29a
ཕྱིར་ཞེས་བསྟན་ཅེ་ན། དེ་ལྟར་འདི་ནི་ཞེས་སྨོས་སོ། །རྣམ་པ་འདིས་ཡོད་པའི་ཤེས་པ་ལ་སོགས་པ་དགག་པའི་འབྲས་བུ་ཅན་འདི་ནི་ཡོད་པ་དང་མེད་པ་དགག་པ་དང་སྒྲུབ་པའི་གཏན་ཚིགས་དག་གི་འདྲ་བ་ཁྱད་པར་མེད་པའི་ངོ་བོ་ཉིད་ཡིན་ནོ། །ཡོད་པའི་ཤེས་པ་ལ་སོགས་པའི་
གཏན་ཚིགས་ནི་ཇི་སྐད་བཤད་པ་ཉིད་ལ་མེད་པའི་ཤེས་པ་ལ་སོགས་པ་སྒྲུབ་པའི་གཏན་ཚིགས་ནི་འཆད་པར་འགྱུར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། ཇི་སྐད་བཤད་པའི་རྒྱུ་ཉིད་སྦྱོར་བྱེད་དུ་བྱ་སྟེ་ཇི་སྐད་བཤད་པའི་ཤེས་པ་ལ་སོགས་པ་འགོག་པའི་འབྲས་བུ་ཅན་དུ་བསྟན་ཏོ། །འདི་གཅིག་པུར་ནི་
མ་ཟད་དེ་འཆད་པར་འགྱུར་བའི་བར་དུ་ཡང་ཡིན་ནོ། །འདི་ཉིད་གཞུང་འཛུགས་པ་ན་རྒྱུ་ཉིད་དུ་བསྟན་པའི་མེད་པ་ཇི་སྐད་བཤད་པའི་རྒྱུའི་རྩ་བ་ཉིད་དུ་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །དམིགས་པ་ནི་ཡོད་པ་ཡིན་ཏེ། དམིགས་པ་དེ་ལས་ཡོད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་འཇུག་པའི་ཕྱིར་རོ། །
ཡོད་པའི་དོན་གྱི་རང་བཞིན་ཉིད་ཡིན་གྱི་དམིགས་པ་ནི་མ་ཡིན་ཏེ་དོན་དང་དམིགས་པ་ཐ་དད་པ་ཉིད་ཀྱི་ཕྱིར་ཕན་ཚུན་ཡོད་པ་མ་ཡིན་ནོ། །དེ་ལྟ་མོད་ཀྱི་དམིགས་པ་ཡོད་པར་བརྗོད་པ་ཡིན་ནོ། །དེས་ན་ཚིག་གི་དོན་གཞན་གྱིས་གཞན་ལ་བརྗོད་པ་འདི་ནི་ཉེ་བར་བཏགས་པ་ལས་ཡིན་ནོ། །ཡོད་པ་ལ་གནས་
པའི་ཉེ་བར་བཏགས་པ་དེ་ཡང་མི་དམིགས་པ་ལ་ཡིན་ཏེ་དེ་ལ་དམིགས་པ་ཉིད་ཀྱིས་ཡོད་དོ་སྙམ་དུ་ཤེས་པ་འཇུག་པའི་ཕྱིར་དང་། དེ་ལྟར་རྟོགས་པ་དེའི་དབང་དུ་བྱས་ཏེ་ཐ་སྙད་འཇུག་པའི་ཕྱིར་རོ། །དམིགས་པ་དེ་ཡང་གང་ཡིན་ཞེ་ན། དངོས་པོ་རུང་བའི་མཚན་ཉིད་ཅེས་སྨོས་སོ། །རྣམ་པར་
ཤེས་པའི་ཡུལ་གྱི་རང་བཞིན་གྱི་དངོས་པོའམ། རྣམ་པར་ཤེས་པའི་ཡུལ་གྱི་རང་བཞིན་གྱི་དངོས་པོ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་ཐ་དད་པ་ལ་བརྟེན་པ་ཡིན་ནོ། །དེས་ན་འདི་ཡང་ཁྱད་པར་ཅན་གྱི་ཡུལ་ཡོད་པ་དམིགས་པ་ལ་ཉེ་བར་བཏགས་ནས་བསྟན་པ་ཡིན་
ནོ། །དེས་ན་དམིགས་པ་ཡོད་པ་ཉིད་དང་། ཡོད་པ་ཉིད་དམིགས་པ་ཡིན་ནོ་ཞེས་གཉི་ག་ཉེ་བར་བཏགས་ནས་བརྗོད་དོ། །དེའི་རྟེན་ཅན་གྱི་ཤེས་པ་འཇུག་པ་ཞེས་བྱ་བ་ནི་དམིགས་པའི་དོན་དངོས་ཉིད་དོ། །གང་དག་བྱ་བ་ནི་བྱེད་པ་པོ་དང་ལས་ལ་གནས་པའི་ཕྱིར་དམིགས་པ་གཉི་གར་བསྟན་ཏོ་ཞེས་
Vol. 182 · folio 29b
ཟེར་བ་དེ་དག་ནི་དུམ་བུ་ཉིད་ཡིན་གྱི་རྟོག་གེ་ནི་མ་ཡིན་ནོ། །ཤེས་པ་ནི་བྱ་བའམ། དངོས་པོའི་ཆོས་མ་ཡིན་ལ་ཡུལ་ལས་ཀྱང་མ་ཡིན་ཏེ། དེས་ན་འདི་ནི་གཞན་གྱི་ལུགས་ཀྱི་དྲི་མས་བསྒྱུར་བ་ཙམ་དུ་ཟད་དོ། །གང་གི་ཕྱིར་དམིགས་པ་ཡོད་པ་ཡིན་པ་དེའི་ཕྱིར་མ་དམིགས་པ་མེད་པ་ཞེས་བྱ་བ་
འགྲུབ་པར་འགྱུར་རོ། །གང་དག་དེ་ལྟར་གྱུར་པ་དེ་དག་ཀྱང་མེད་པ་ཡིན་ནོ་ཞེས་བཤད་པ་ནི་མི་དམིགས་པ་ནི་ཞེས་སྨོས་སོ། །མི་དམིགས་པ་ནི་མེད་པ་ཡིན་ལ་དེ་ཡང་མེད་པ་རྣམས་ཀྱི་མེད་པ་ཡིན་ནོ། །དེས་ན་འདིར་དོན་འདི་ཡིན་ཏེ། གང་དག་མ་དམིགས་པ་དེ་དག་ནི་མེད་པ་ཡིན་ལ་དེ་ཡང་
དམིགས་པ་ཉིད་ཡོད་པ་ཡིན་པའི་ཕྱིར་རོ། །ཡོད་པ་དེ་ཡང་ཡོད་པའི་ཤེས་པ་ལ་སོགས་པ་དེ་ལ་བརྟེན་པའི་ཕྱིར་རོ། །དེས་ན་འདི་དང་འཆད་པར་འགྱུར་བའི་གཏན་ཚིགས་སུ་རང་གི་རྒྱུ་མཚན་མེད་པའི་ཕྱིར་ཡོད་པ་ལ་སོགས་པ་འགོག་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡོད་པའི་ཤེས་པ་ལ་སོགས་
པ་རྣམས་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རྒྱུ་མཚན་མེད་པ་ཙམ་གྱིས་དགག་པ་ཐོབ་པར་འགྱུར་ཏེ། རང་གི་རྒྱུ་མཚན་མེད་པ་ཉིད་རྒྱུ་མཚན་ཡོད་པ་འགོག་པ་ལ་རིགས་པ་ཡིན་པའི་ཕྱིར་རོ། །དེས་ན་མི་དམིགས་པ་མེད་པས་ཅི་ཞིག་བྱ། མེད་པ་ཉིད་མེད་པ་ཡིན་མོད། དེ་ལྟ་ན་ཡང་རྒྱུ་མེད་ན་
འབྲས་བུ་མེད་པར་འགྲུབ་པ་ཁོ་ནའོ། །དེ་བཞིན་དུ་གཉི་ག་ལྟར་ཉེ་བར་བཏགས་ནས་བསྟན་པ་ཡང་མེད་པར་འགྱུར་རོ་ཞེ་ན་འདི་ལ་བརྗོད་པ། ལྡོག་པའི་མཚན་ཉིད་ཀྱི་མེད་པ་གང་ཡིན་པ་དེ་ནི་བསྒྲུབ་པར་བྱ་བ་མ་ཡིན་ལ། སྒྲུབ་པར་བྱེད་པ་ཡང་མ་ཡིན་གྱི། འཆད་པར་འགྱུར་བའི་ཚུལ་གྱིས་དངོས་པོ་གཞན་
ཉིད་དངོས་པོ་མེད་པ་ཡིན་པའི་ཕྱིར་དེ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཡིན་ནོ། །གང་གི་ཚེ་ཤེས་པ་ཉིད་འདི་ཤེས་པ་གཞན་མེད་པ་ཡིན་པ་དེའི་ཚེ་དེ་དངོས་པོ་མེད་པར་ཡང་ཡིན་པར་འགྱུར་ཏེ། རིགས་པ་ཁྱད་པར་མེད་པའི་ཕྱིར་རོ། །དངོས་པོ་གཞན་དོན་དངོས་པོ་མེད་པ་ཉིད་ན་ཡང་ཤེས་པ་དངོས་པོ་མེད་པ་
ཡང་དེ་ཉིད་ཡིན་པར་འགྱུར་ཏེ། དེས་ན་ཤེས་པ་དང་ཤེས་བྱའི་མཚན་ཉིད་མི་དམིགས་པ་གྲུབ་པ་ཡིན་ལ་ཤེས་པ་མེད་པར་གྲུབ་པའི་ཕྱིར་དེ་ལོགས་སུ་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེས་ན་དོན་དམ་པ་འདི་ཙམ་ཞིག་གཉི་གར་བཏགས་པ་དོན་དམ་པ་མ་ཡིན་པས་བསྟན་པ་ཡིན་ནོ། །དོན་དང་ཤེས་པ་དག་
Vol. 182 · folio 30a
ཐ་དད་པ་མེད་པར་བཏགས་ན་ནི་ཤེས་པ་མེད་པ་ཡིན་པ་བཞིན་དུ། ཤེས་པ་མེད་པ་ཡང་ཡིན་པར་འགྲུབ་སྟེ་དེས་ན་ཤེས་པ་དང་ཤེས་བྱའི་མཚན་ཉིད་མི་དམིགས་པ་འགྲུབ་བོ། །དོན་ཀྱང་ཤེས་པ་ཉིད་ཡིན་པས་ན་ཤེས་པ་མེད་པ་བཞིན་དུ་དོན་མེད་པ་ཡང་ཤེས་པ་མེད་པ་ཡིན་པའི་
ཕྱིར་རོ། །དེ་བཞིན་དུ་དོན་མེད་པ་དོན་ཡིན་པ་ལྟར་དོན་མེད་པ་ཤེས་པ་མེད་པ་ཡང་ཡིན་པའི་ཕྱིར་མི་དམིགས་པ་གྲུབ་ན་གྲུབ་པའི་ཕྱིར་དོན་མེད་པ་ལོགས་སུ་བསྒྲུབ་པར་བྱ་བ་གྲུབ་བོ། །དེས་ན་རིགས་པས་གྲུབ་པའི་དངོས་པོ་འདི་བསྟན་པའི་ཕྱིར་དོན་ཤེས་པ་ཡིན་ལ། ཤེས་པ་ཡང་དོན་ཡིན་ནོ་
ཞེས་དངོས་པོ་མ་ཡིན་པ་བསྟན་ཏེ། ཇི་སྐད་བཤད་པའི་ཚུལ་གྱིས་དེ་བསྟན་པའི་ཐབས་ཡིན་པའི་ཕྱིར་རོ། །དེས་ན་དེ་ལྟར་རང་བཞིན་གྱིས་བསྐལ་པ་རྣམས་ལ་ཡང་ཡོད་པའི་ཤེས་པ་ལ་སོགས་པ་འགོག་པ་ཡིན་ཏེ། རྒྱུ་མཚན་མེད་པའི་ཕྱིར་རོ། །འདི་མེད་པ་ནི་དམིགས་པ་ཡོད་པ་ཡིན་པའི་
ཕྱིར་དང་དེ་ཡང་འདིར་མེད་པའི་ཕྱིར་གྱི་མེད་པ་ཉིད་ནི་མ་ཡིན་ནོ། །འཆད་པར་འགྱུར་བའི་གཏན་ཚིགས་ལ་ནི་མི་དམིགས་པ་མེད་པ་ཉིད་ཀྱི་མེད་པ་ཡིན་ནོ། །འོ་ན་ཇི་ལྟར་འདི་མེད་པ་ཉིད་མ་ཡིན་ཞིང་མི་དམིགས་པ་མེད་པ་ཡིན། བརྗོད་པ། ཡོད་པའི་ཤེས་པ་ལ་སོགས་པ་དགག་པ་ཙམ་སྒྲུབ་པ་ལ་ནི་རྒྱུ་
མཚན་མེད་པ་ཙམ་གྱིས་དེ་མེད་པར་བསྟན་པའི་ཕྱིར་དེའི་རྒྱུ་མཚན་ཙམ་ལས་དམིགས་པ་ཡོད་པའི་རང་བཞིན་དུ་བསྟན་གྱི། དེ་མེད་ན་དོན་མེད་པའི་ཕྱིར་རོ། །དེ་ཡོད་པ་དང་མི་འཁྲུལ་པས་ནི་མ་ཡིན་ནོ། །ཡོད་པའི་ཤེས་པ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་ནི་དེའི་རང་བཞིན་ལ། དེ་མེད་པ་ཡང་མེད་
པའི་རང་བཞིན་ཡིན་ནོ། །དངོས་པོ་མེད་པ་ནི་མ་ཡིན་གྱི་འོན་ཀྱང་རྒྱུ་མཚན་མེད་པ་ཉིད་དོ། །དེ་ནི་མི་དམིགས་པ་གཉི་ག་ལ་ཡང་ཁྱད་པར་མེད་པའི་ཕྱིར་དེ་བཞིན་དུ་མེད་པའི་འབྲས་བུ་ཡང་ཁྱད་པར་མེད་དོ། །མེད་པ་སྒྲུབ་པའི་གཏན་ཚིགས་ལ་ནི་རྣམ་པ་དེ་ལྟ་བུའི་དམིགས་པ་ཡོད་པ་དང་འཁྲུལ་
པ་མེད་པའི་ཕྱིར་དང་། ཡོད་པའི་ཤེས་པ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་དེ་མེད་པའི་བདག་ཉིད་མེད་པའི་རང་བཞིན་ཉིད་དུ་བརྗོད་དོ། །དེ་ཉིད་ཀྱི་ཕྱིར་འདི་གཉི་ག་སྒྲུབ་པར་བྱེད་པ་ཡིན་ནོ། །ཡང་གང་དུ་ཡོད་པ་ཤེས་པ་ལ་མི་འཁྲུལ་པའི་ཕྱིར་དེ་ཡོད་པར་བརྗོད་ཅེ་ན། དངོས་པོ་རུང་བ་ཉེ་བར་
Vol. 182 · folio 30b
བཏགས་པར་རོ། །གཞན་དུ་ནི་དངོས་པོ་ཙམ་ཉེ་བར་བཏགས་པར་འགྱུར་རོ། །ཤེས་པ་ལ་མི་འཁྲུལ་པ་དེ་ལྟར་བསྟན་ན་ནི་དེ་མེད་ན་དངོས་པོ་མེད་པར་ངེས་པ་ཡིན་ནོ། །དེའི་ཕྱིར་དེར་མི་དམིགས་པ་མེད་པ་ཉིད་དོ་ཞེས་བྱ་བ་འདི་འཐད་པ་ཉིད་དོ། །བསྒྲུབ་པར་བྱ་བའི་བྱེ་བྲག་གི་མི་དམིགས་པ་སྔ་
མ་ལས་གཞན་པའི་རང་བཞིན་གྱི་མི་དམིགས་པ་ཡང་བསྟན་པའི་ཕྱིར་བཤད་པ། ཚད་མ་རྣམས་མི་འཇུག་པ་ལས་ལ་ལ་མེད་པའི་ཤེས་པ་འབྲས་བུ་ཅན་ཡིན་ནོ། །ཚད་མ་རྣམས་མི་འཇུག་པ་ནི་མི་དམིགས་པ་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །འདི་དག་ལས་ལ་ལ་ནི་མེད་པའི་ཤེས་པ་གྲུབ་པར་བྱེད་པ་
ཡིན་ནོ། །མེད་པའི་ཤེས་པ་ཇི་ལྟ་བུ་སྒྲུབ་པར་བྱེད་པ་དེ་ལྟར་བསྟན་པས་གཏན་ཚིགས་ཀྱི་བྱེ་བྲག་ལ་ལྟོས་ནས་ཁྱད་པར་ཅན་དུ་སྟོན་པར་བྱེད་དོ། །གཏན་ཚིགས་ཀྱི་བྱེ་བྲག་ནི་གཏན་ཚིགས་གཞན་ལ་ལྡོག་པ་སྟེ། དེ་ལ་ལྟོས་ནས་སོ། །གཏན་ཚིགས་ནི་འདི་ཉིད་དེ་འདི་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་
རོ། །བྱེ་བྲག་ཀྱང་ཚད་མ་རྣམས་མི་འཇུག་པ་ཉིད་ལས་སོ། །དེས་ན་ཚད་མ་རྣམས་མི་འཇུག་པ་གཞན་ལས་བྱེ་བྲག་ཏུ་གྱུར་པ་ལ་བརྟེན་ནས་མི་འཇུག་པ་ལ་ལ་མེད་པ་ཤེས་པ་སྒྲུབ་པར་བྱེད་པ་ཡིན་ནོ། །བྱེ་བྲག་དེ་ཡང་དེ་དག་ལས་ཁྱད་པར་དང་ལྡན་པ་ཡིན་ན་འགྱུར་རོ། །དེའི་ཤུགས་ཀྱིས་ཐོབ་པའི་
འབྲས་བུ་ནི་འགྲེལ་པ་དེའི་བྱེ་བྲག་ནི་ཁྱད་པར་ཏེ་གཞན་བསྟན་ཏོ། །ཁྱད་པར་ཡང་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་མཚན་ཉིད་ཡོད་པ་ཅན་ཡིན་ནོ། །དེས་ན་གལ་ཏེ་ཚད་མ་རྣམས་མི་འཇུག་པ་ལ་ཞེས་བྱ་བས་ངེས་པའི་ཚད་མ་ལོག་པ་མི་རྟོགས་ཀྱི། འོན་ཀྱང་གཅིག་པ་འགའ་ཞིག་མི་འཇུག་
པ་ཡིན་ནོ་ཞེས་ཐམས་ཅད་ལ་རྟོགས་པར་འགྱུར་བ་དེ་ལྟ་ན་ཡང་ཇི་སྐད་བརྗོད་པའི་ཁྱད་པར་དང་ལྡན་པའི་མངོན་སུམ་གཅིག་པུ་ཉིད་འགའ་ཞིག་མི་འཇུག་པ་ཡིན་པར་འགྱུར་གྱི་རྗེས་སུ་དཔག་པ་དང་ལུང་གཉིས་ནི་མ་ཡིན་པས་དེ་ཉིད་དེ་ཡང་གཏན་ཚིགས་ཡིན་ནོ། །ལ་ལ་ཞེས་བྱ་བ་འདིར་མི་དམིགས་
པ་ཞེས་བྱ་བར་ནི་འབྲེལ་པ་རིགས་པ་མ་ཡིན་ཏེ། མདོར་ནི་མདོས་ཟིན་པའི་ཚིག་ཉིད་དང་འབྲེལ་པར་རིགས་ཀྱི་གཞན་དང་མ་ཡིན་པས་ཇི་སྐད་བརྗོད་པ་ཉིད་བཤད་པའི་ཚུལ་ཡིན་ནོ། །མདོ་ཚིག་གོ་རིམས་བཞིན་བཀྲོལ་བའི་ཕྱིར། གཏན་ཚིགས་ནི་ཞེས་སྨོས་སོ། །སྐབས་ཀྱི་གཏན་ཚིགས་ནི་
Vol. 182 · folio 31a
མེད་པའི་ཤེས་པ་ལ་སོགས་པ་སྒྲུབ་པའི་ཚད་མ་རྣམས་ལྡོག་པ་ཡིན་ལ། དེ་ཡང་མི་དམིགས་པ་ཡིན་ལ་ཞེས་སྔར་བཀྲོལ་ཟིན་པའི་ཕྱིར་མི་དམིགས་པའི་ཞེས་སྨོས་སོ། །བྱེ་བྲག་གི་སྒྲའི་དོན་བཤད་པ་ནི། བྱེ་བྲག་ནི་ཞེས་བྱ་བ་སྟེ་ཇི་སྐད་བཤད་མ་ཐག་པ་བཞིན་ནོ། །
དེས་ན་གཏན་ཚིགས་བྱེ་བྲག་ལ་ལྟོས་ནས་ཞེས་བྱ་བའི་དོན་ནི་བདག་ཉིད་ཀྱི་ཁྱད་པར་ལ་ལྟོས་ནས་ཞེས་བྱ་བ་འདི་ཡིན་ནོ། །གལ་ཏེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དང་འབྲེལ་པ་ཉིད་མི་དམིགས་པའི་ཁྱད་པར་མ་ཡིན་གྱི་འོན་ཀྱང་དོན་གྱིས་ཡིན་ནོ། །མི་དམིགས་པས་ནི་དེ་ལྟ་བུའི་དོན་དང་
འབྲེལ་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་ཞེས་བཤད་པ་ཡིན་ན། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་དང་འབྲེལ་པའི་དམིགས་པ་ཞེས་བརྗོད་པ་ཡིན་ནོ་ཞེ་ན། དེ་ནི་བདེན་ཏེ། མི་དམིགས་པས་ནི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་དོན་ཁྱད་པར་
ཅན་ཉིད་མེད་པར་བསྒྲུབ་པར་ནུས་ཀྱི་གཞན་ནི་མ་ཡིན་ཏེ། དེས་ན་དོན་ཉིད་མི་དམིགས་པའི་ཁྱད་པར་དུ་བཀོད་དོ། །དེས་ན་ཁྱད་པར་རབ་ཏུ་སྦྱར་བ་ནི་དོན་ལ་གནས་པ་ཉིད་དུ་ཡང་བསྒྲུབ་པར་ནུས་པ་ཡིན་ཏེ། དཔེར་ན་ཕྱོགས་ཀྱི་ཁྱད་པར་འགའ་ཞིག་ན་དམིགས་པའི་མཚན་ཉིད་ཀྱིར་གྱུར་པའི་
བུམ་པ་མེད་པ་དེ། མ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེས་ན་ཁྱད་པར་འདི་ནི་དོན་ལ་བརྟེན་པ་ཉིད་ཡིན་པའི་ཕྱིར་དོན་ལ་བརྟེན་པ་ཉིད་དུ་བསྟན་ཏོ། །བསྒྲུབ་པར་བྱ་བ་བསྟན་པ་ནི་ཡན་ལག་མ་ཡིན་པའི་ཕྱིར་གཏན་ཚིགས་ལ་བརྟེན་པ་ཉིད་དུ་ཉེ་བར་སྦྱར་ཏེ། དེ་ལྟར་བརྗོད་པས་ཀྱང་དེ་
ལྟ་བུར་གྱུར་པ་ཉིད་དང་འབྲེལ་པ་ཉིད་ཀྱིས་དེ་ལྟར་རྟོགས་པ་ཉིད་དེ། དེས་ན་སྐྱོན་མེད་དོ། །ད་ནི་མེད་ཅེས་བྱ་བ་ལ་སོགས་པ་གཞུང་གཟུགས་པའི་ཕྱིར། འདིར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །མེད་པ་ནི་མེད་པར་ཤེས་པ་དེ། གལ་ཏེ་དེ་གྲུབ་པ་འདིའི་འབྲས་བུ་ཡིན་ན་འདིར་དེ་མེད་པ་སྒྲུབ་
པར་བྱེད་པར་འགྱུར་རོ། །འོན་ཏེ་ཤེས་པ་དེ་རང་གི་ངོ་བོས་འབྲས་བུ་ཡིན་གྱི་ཡུལ་གྲུབ་པའི་སྒོ་ནས་མ་ཡིན་ན། འདིར་དེ་ཙམ་ཞིག་བསྒྲུབ་བྱ་ཡིན་པར་འགྱུར་ཏེ། མེད་པ་ནི་མ་ཡིན་ནོ། །དེས་ན་ཐ་སྙད་བསྒྲུབ་པར་བྱ་བར་འགྱུར་རོ། །དེས་ན་འདིར་ཇི་ལྟར་ཤེས་པ་ཞེས་རང་ཉིད་ཀྱིས་བཏགས་ནས་རང་གི་
Vol. 182 · folio 31b
ཕྱོགས་གཞག་པའི་ཕྱིར་འདི་བརྗོད་དོ། །ཤེས་པ་མེད་པས་དོན་མེད་པ་སྒྲུབ་པར་བྱེད་ན། ཤེས་པ་མེད་པ་དེ་ཡང་མེད་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཤེས་པ་མེད་པ་གཞན་གྱིས་བསྒྲུབ་པར་འགྱུར་རམ། ཡང་ན་དེ་མེད་ཀྱང་གྲུབ་པ་དེ་དོན་མེད་པ་བསྒྲུབ་པ། དེ་ལ་དང་པོ་ཁས་ལེན་ན་ཤེས་པ་མེད་པ་མ་
གྲུབ་པ་འདི་ཉིད་ནི་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་མི་དམིགས་པ་གཞན་གྱིས་བསྒྲུབ་པར་བྱའོ། །དེ་ལ་དེ་ལྟར་བརྒལ་ཞིང་བརྟགས་པ་ན་ཐུག་པ་མེད་པར་འགྱུར་རོ། །རྟོགས་པ་ཡང་ཐུག་པ་ཡོད་ན་འགྱུར་བ་ཡིན་པའི་ཕྱིར་མི་རྟོགས་པར་འགྱུར་རོ། །དེ་སྨྲས་པ་ནི་དམིགས་པ་མེད་པ་ཡང་ཞེས་བྱ་བ་
ཡིན་ནོ། །མི་དམིགས་པ་རྟོགས་ན་མེད་པ་རྟོགས་པར་འགྱུར་བ་ཡིན་ལ། མི་དམིགས་པ་ཡང་རང་སྒྲུབ་པར་བྱེད་པའི་མི་དམིགས་པ་རྟོགས་ན་ཡིན་ནོ། །གཞན་དེ་ཡང་དེ་བཞིན་པས་འགའ་ཡང་རྟོགས་པ་མཐར་ཐུག་པ་མེད་པའི་ཕྱིར་རྩ་བ་ཡང་མི་རྟོགས་པར་འགྱུར་རོ། །འོན་ཏེ་ཡང་ཕྱོགས་
གཉིས་པ་ཡིན་ན་ཇི་ལྟར་མེད་པར་ཁྱད་པར་མེད་ཀྱང་འདི་གྲུབ་པ་དེ་བཞིན་དུ་དོན་མེད་པ་ཡང་ཡིན་པས་མི་དམིགས་པ་དོན་མེད་དོ་ཞེས་བཤད་པ་ནི་འོན་ཏེ་ཞེས་བྱ་བ་ཡིན་ནོ། །གང་གིས་ཐུག་པ་མེད་པར་འགྱུར་བ་མི་དམིགས་པ་གཞན་གྱིས་བསྒྲུབ་པར་བྱ་བ་ནི་མ་ཡིན་གྱི་འོན་ཀྱང་མངོན་སུམ་གྱིས་གྲུབ་པ་
དེས་དངོས་པོ་ངོ་བོ་མེད་པར་སྒྲུབ་པ་ཡིན་ཏེ་དུ་བས་མེ་བཞིན་ནོ། །འདི་སྨྲས་པ་ནི་ཅི་སྟེ་ཞེས་བྱ་བ་ཡིན་ནོ། །མི་དམིགས་པ་ནི་མངོན་སུམ་གྱིས་གྲུབ་ལ། དངོས་པོ་བཞིན་དུ་མངོན་སུམ་གྱིས་རང་བཞིན་མེད་པ་ནི་རྟོགས་པར་མི་ནུས་པས་འདི་མངོན་སུམ་གྱིས་གྲུབ་པའི་ཚུལ་གང་ཡིན་པ་དེ་
བརྗོད་པ་ནི། བུམ་པ་ལ་སོགས་པ་དེ་དང་མི་མཐུན་པ་ལས་གཞན་དམིགས་པས་མི་དམིགས་པ་གྲུབ་པས་ཏེ། དེ་ལྟར་རྣམ་པ་འདིས་མི་དམིགས་པ་མངོན་སུམ་གྱིས་གྲུབ་བོ། །འདི་སྐད་བརྗོད་པ་ཡིན་ཏེ། བུམ་པ་དམིགས་པས་སྟོང་པའི་ཕྱོགས་དམིགས་པ་མེད་པ་མངོན་སུམ་གྱི་རྣམ་
པར་འཇོག་པ་ཡིན་ནོ་ཞེས་སོ། །དེ་འགོག་པ་ནི་དེ་བཞིན་དུ་སྟེ་རྣམ་པ་གཉིས་སོ། །རྣམ་པ་དེ་ཉིད་བརྗོད་པ་ནི་བུམ་པ་ལ་སོགས་པ་དགག་པར་བྱ་བ་ལས་གཞན་ཤེས་པར་བྱ་བ་ཕྱོགས་ཡོད་ཀྱང་མེད་པ་ཅི་སྟེ་མི་འགྲུབ་ཇི་ལྟར་དམིགས་པ་གཞན་མྱོང་བ་ལས་དམིགས་པ་མེད་པར་ངེས་པ་དེ་
Vol. 182 · folio 32a
བཞིན་དུ་དངོས་པོ་གཞན་མྱོང་བ་ལས་ཀྱང་དེ་ལས་གཞན་མེད་པར་ཇི་ལྟར་འགྲུབ་པར་མི་འགྱུར། སྨྲས་པ། རྒོལ་བ་དང་ལན་འདི་གཉིས་ཀ་ཡང་མ་འབྲེལ་ཏེ། དམིགས་པ་ཡང་གཞན་མྱོང་ཡང་། དམིགས་པ་གཞན་དག་མེད་པར་མི་འགྲུབ་པའི་ཕྱིར་རོ། །ཤེས་པ་
ལས་ཡུལ་དུ་མ་བྱས་པའི་དོན་གནས་པ་ནི་མེད་དེ་དེས་ན་གལ་ཏེ་ཕྱོགས་དམིགས་པ་མྱོང་བ་ན་ཕྱོགས་དམིགས་པ་ཉིད་མྱོང་བར་འགྱུར་བ་ཉིད་མངོན་སུམ་གྱིས་གྲུབ་མོད། དེ་ལས་གཞན་དམིགས་པ་མེད་པ་གང་གིས་གྲུབ་ཤེས་པ་དམིགས་པས་ན་མ་ཡིན་ཏེ། རང་གི་བདག་ཉིད་མཐར་ཐུག་
པའི་ཕྱིར་རོ། །དོན་བཞིན་དུ་དམིགས་པ་གཞན་གྱིས་ཀྱང་མ་ཡིན་ཏེ། དོན་བཞིན་དུ་རང་བཞིན་ཡོད་པ་མ་ཡིན་པས་དམིགས་པའི་ཡུལ་ཉིད་མེད་པའི་ཕྱིར་རོ། །ངེས་པའི་ཤེས་པ་གཞན་མྱོང་ན་གཞན་མེད་པས་འགྲུབ་པོ་ཞེ་ན། ངེས་པ་ཞེས་བྱ་བ་འདི་ཅི་ཞེ་ན་གལ་ཏེ་རང་གི་ངོ་བོ་ཉིད་
ཙམ་ཉིད་ཡིན་ཏེ། དེ་གྲུབ་ཀྱང་མེད་པ་ལ་ཅི་ཕན། དམིགས་པ་གཞན་མེད་པ་དེ་ཉིད་ངོ་བོ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེའི་ངོ་བོ་དམིགས་པ་ལོག་པ་ཙམ་ཡིན་པའི་ཕྱིར་རོ། །དམིགས་པ་གཞན་ནི་དམིགས་པ་ལོག་པ་མ་ཡིན་ནོ། །དེ་ནི་ངོ་བོ་ཉིད་མེད་པ་ཙམ་ཡིན་ལ་དམིགས་པ་ནི་
ངོ་བོ་ཉིད་ཡིན་པས་དེ་ཇི་ལྟར་གཞན་མེད་པ་ཡིན་འོན་ཏེ་དེ་ངེས་པ་ཉིད་ནི་མེད་པའི་ཁྱད་པར་ཅན་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཁྱད་པར་ལ་མངོན་སུམ་གྱི་བྱེད་པ་མེད་པ་ཉིད་དེ། དེ་ལ་ཡུལ་དུ་བྱ་བ་མེད་པས་དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་ལ་བརྟེན་ནས་དམིགས་པ་འཇུག་པ་
དེ་དངོས་པོ་གཞན་ཡོད་པ་དང་མེད་པའམ་ཐེ་ཚོམ་ཟ་བ་ལ་མི་ལྟོས་ཁོ་ནར་འདིར་ངེས་པར་བྱེད་དོ། །ཡུལ་མ་ཡིན་པ་ལ་ནི་རྡུལ་ཙམ་ཡང་འགྲོ་བ་མེད་པའི་ཕྱིར་མྱོང་བའི་རང་གི་ངོ་བོ་ངེས་པ་ན་གཞན་དམིགས་པ་ན་མི་དམིགས་པའམ་གཞན་ཡོད་པས་མེད་པ་འགྲུབ་པར་ཡང་ཇི་ལྟར་འགྱུར།
ཤུགས་ཞེས་བྱ་བ་ཡུལ་དུ་མ་བྱས་པ་རྣམ་པར་འཇོག་པར་བྱེད་པའི་ཚད་མའི་བྱེད་པ་ཡང་ཚད་མ་དང་ལྡན་པས་ཁས་བླང་བར་ནུས་པ་མ་ཡིན་ཏེ། དེས་ན་འདི་བརྗོད་དགོས་སོ་ཞེ་ན། འདིར་སྨྲས་པ། འདི་ལ་དངོས་པོ་མེད་པ་ཞེས་བྱ་བ་ནི་དངོས་པོ་གཞན་ལྡོག་པ་ཙམ་ཡིན་པའི་ཕྱིར་
Vol. 182 · folio 32b
ཚད་མའི་ཡུལ་མ་ཡིན་ཏེ། བུམ་པ་མེད་དོ་ཞེས་བྱ་བ་དེ་མེད་པ་ནི་དངོས་པོ་འགའི་ཡང་མཐར་ཐུག་པ་མ་ཡིན་ནོ། །དེས་ན་ཇི་ལྟར་ངོ་བོ་མེད་པས་ན་དེ་ཡོད་ན་འགའ་ཡང་འབྱུང་བ་མེད་པའི་ཕྱིར་དང་རྒྱུའི་རང་བཞིན་ཡང་དེ་ལྟ་བུ་ཡིན་པའི་ཕྱིར་འདི་ལ་རྒྱུའི་རང་བཞིན་མི་སྲིད་པ་དེ་བཞིན་དུ་དེ་ལས་
ཚད་མ་ཡང་ལྡོག་པ་ཉིད་དོ། །དོན་དམ་པའམ་ཀུན་རྫོབ་ཏུ་ཡང་རུང་སྟེ་ཚད་མ་ཞེས་བྱ་བ་ནི་གསལ་བར་བྱེད་པ་ལ་བརྗོད་དོ། །གང་ལ་བདག་ཉིད་འགའ་ཞིག་ཡོད་པ་དེ། དེའི་བདག་ཉིད་དུ་གསལ་བ་དེ་ནི་གསལ་བ་ཉིད་དུ་འགྱུར་གྱི། འདི་ལ་ནི་དངོས་པོའི་ངོ་བོ་མེད་པས་ཅི་ཡང་མ་ཡིན་པའི་
ཕྱིར་འདི་གང་གིས་གསལ་བ་ཡིན་དེས་ན་འདི་ལ་གཞལ་བྱ་ཉིད་ཅི་ཞིག་ཡོད། དེས་ན་ཇི་ལྟར་འདི་ལ་རྒྱུ་མེད་པ་དེ་བཞིན་དུ་ཚད་མ་ཡང་མེད་དོ། །འོ་ན་ཇི་ལྟར་བུམ་པ་མེད་དོ་ཞེའམ། དབང་ཕྱུག་དང་གཙོ་བོ་དང་བདག་མེད་དོ་ཞེས་རྣམ་པར་གཞག་ཅེ་ན། དེ་རྣམ་པར་གཞག་པས་
ཀྱང་ཅིར་ཡང་བྱར་མེད་དོ། །དགོས་པའི་ཡན་ལག་ཉིད་ཀྱིས་རྣམ་པར་འཇོག་པའམ་དེ་ལྟ་བུ་ནི་ཡན་ལག་མ་ཡིན་ཡང་ཡོད་པ་ཡིན་ནོ་ཞེས་རང་གི་ངོ་བོ་ཡོད་པས་རྣམ་པར་འཇོག་གྲང་ན། དེ་ནི་དངོས་པོ་མེད་པ་ལ་མེད་དོ། །དེའི་ཕྱིར་དེ་ལྟར་རྣམ་པར་གཞག་པར་འོས་པའི་ཡོད་པ་
དགོས་པའི་ཡན་ལག་ཏུ་གྱུར་པའམ། རང་གི་ངོ་བོ་ཉིད་ཀྱིས་རང་གི་བདག་ཉིད་འཛིན་པའི་ཚད་མ་སྐྱེད་པར་བྱེད་པ་གང་ཡིན་པ་དེ་དག་ཉིད་བུམ་པ་འདི་ལ་ཡོད་དོ། །སེམས་འདོད་ཆགས་དང་བྲལ་བའམ། འཇིག་རྟེན་གཞན་ཡོད་དོ་ཞེས་ཚད་མས་ཡུལ་དུ་བྱེད་དོ། །གང་དག་ཡོད་པ་
མ་ཡིན་པ་དེ་དག་ནི་ཇི་ལྟར་གནས་བཞིན་པའི་ངོ་བོ་རྟོགས་པ་ལ་མི་གནས་ཤིང་ཤེས་པར་འདོད་པར་འོས་པ་མ་ཡིན་པས་དེ་དག་ཇི་ལྟར་ཡང་རྣམ་པར་གཞག་པར་མི་རུང་ངོ་། །དེའི་ཕྱིར་ཡོད་པ་ཉིད་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །གཞན་དུ་ནི་འཇལ་བར་བྱེད་པ་ལས་ཚད་མ་བཏང་
སྙོམས་པ་ཉིད་པས་རང་གི་ངོ་བོ་ཅན་རྣམ་པར་གནས་པ་ཡིན་ནོ། །དངོས་པོ་མེད་པ་ནི་ངོ་བོ་མེད་དོ་ཞེས་བྱ་བ་དེ་ཉིད་ཇི་ལྟར་རྣམ་པར་གཞག་ཅེ་ན་ཅི་ངོ་བོ་མེད་པར་རྣམ་པར་གཞག་པ་ན་རྣམ་པར་གནས་པ་ཅུང་ཞིག་ཡོད་དམ་གལ་ཏེ་དེ་ལྟ་ན་ནི་ངོ་བོ་མེད་པ་ཉིད་དུ་རྣམ་པར་གནས་པར་མི་འགྱུར་ཏེ།
Vol. 182 · folio 33a
བདག་ཉིད་དེ་ཉིད་ངོ་བོ་ཡིན་པའི་ཕྱིར་རོ། །ཅི་ཡང་གནས་པ་མེད་ན་ཡང་ངོ་བོ་མེད་པ་ཉིད་དུ་ཇི་ལྟར་རྣམ་པར་གཞག་ཅེས་བྱ་བའི་བརྒལ་བ་ཅི་ཞིག །འོ་ན་ཇི་ལྟར་རང་གི་ངོ་བོ་མེད་པ་ཉིད་དངོས་པོ་མེད་པ་ཡིན་ཞེས་བརྗོད་ཅེ་ན། དེ་སྐད་བརྗོད་པར་ཟད་ཀྱི་དེ་ཙམ་
གྱིས་ཚད་མའི་ཡུལ་ཉིད་མ་ཡིན་ཏེ། དཔེར་ན་རྟག་པ་ནི་ལྡོག་པ་མེད་པའི་རང་བཞིན་ཅན་དུས་གསུམ་དང་འབྲེལ་པ་ཡིན་ནོ་ཞེས་བྱ་བ་བཞིན་ནོ། །དེ་ནི་ཚད་མའི་ཡུལ་མ་ཡིན་ལ། རྣམ་པར་གཞག་པ་ཡང་མེད་དེ། དེ་ལྟ་བུ་མི་སྲིད་པའི་ཕྱིར་རོ། །བརྗོད་པ་འགལ་བ་ཡང་མ་
ཡིན་ཏེ་རིགས་པ་སྟོན་པ་ཙམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །གང་དག་དངོས་པོ་མེད་པ་རང་བཞིན་གཞན་དང་ལྡན་པ་ཡིན་ནོ་སྙམ་དུ་རྨོངས་པ་དེ་དག་ལ་རིགས་པ་འདི་བརྗོད་པ་ཡིན་ནོ། །དངོས་པོ་ལྡོག་པར་ཁས་ལེན་ན་དེ་ཉིད་དངོས་པོ་མེད་པ་ཡིན་ཏེ། གཞན་གྱིས་ཅི་ཞིག་བྱ།
དེ་ནི་དོན་གཞན་ཉིད་དུ་འགྱུར་གྱི་དངོས་པོ་མེད་པ་ནི་མ་ཡིན་ཏེ་ལྡོག་པ་ནི་གཞན་ཡིན་པའི་ཕྱིར་རོ། །དེ་ཁས་མི་ལེན་ན་ཡང་དེ་ཉིད་ཡོད་པ་ཡིན་པའི་ཕྱིར་དངོས་པོ་མེད་པ་ཞེས་བྱ་བ་འདི་ཅི་ཞིག །འདི་ལ་ཡང་ངོ་བོ་ཅུང་ཟད་ཡོད་པ་མ་ཡིན་ཏེ། དེ་མེད་དོ་ཞེས་བྱ་བ་དེ་ཙམ་དུ་ཟད་
པའི་ཕྱིར་རོ། །དེས་ན་དམིགས་པ་མེད་པ་ཞེས་བྱ་བ་འདི་ནི་གཞལ་བྱ་མ་ཡིན་ལ། དོན་དངོས་པོ་མེད་པ་ཡང་གཞལ་བྱ་མ་ཡིན་ནོ། །ངོ་བོ་ཉིད་ཀྱིས་འབྱུང་བའི་ཚད་མ་ནི་ཡོད་པ་ཉིད་ལས་སྐྱེས་པ་ཡིན་ལ། ངོ་བོ་ཉིད་ཀྱིས་འབྱུང་བ་མ་ཡིན་པས་ཀྱང་ཡོད་པ་ཉིད་ཡོད་དོ་ཞེས་འཇལ་བར་
བྱེད་དོ། །མེད་པ་གང་ཡིན་པ་དེའམ་དེ་མེད་པ་ནི་ཚད་མ་སྐྱེད་པའམ་ཡོད་དོ་ཞེས་གཞལ་བར་བྱ་བ་མ་ཡིན་ནོ། །དེ་ནི་མེད་དོ་ཞེས་གཞལ་བར་བྱ་བ་ཡིན་ནོ་ཞེ་ན། དེ་འམ་དེ་མེད་པ་ཅུང་ཟད་ཀྱང་མེད་པའི་ཕྱིར་གང་ཞིག་གཞལ་བར་བྱ། དེས་ན་གང་ཡང་མེད་པ་དེ་ནི་དེར་དངོས་པོའམ་དངོས་
པོ་མེད་པ་ཇི་ལྟར་ཡང་གཞལ་བར་བྱ་བ་མ་ཡིན་ནོ། །དེས་ན་བུམ་པས་སྟོང་པའི་ཕྱོགས་སུ་དམིགས་པ་དང་བཅས་པའི་བུམ་པ་ཡལ་བར་དོར་ཏེ། ཕྱོགས་དང་དེའི་དམིགས་པ་ཉིད་གཞལ་བར་བྱ་བ་ཡིན་ནོ། །གལ་ཏེ་བུམ་པ་མེད་པར་ཐེ་ཚོམ་ཟ་ན་དེས་དབེན་པའི་ཕྱོགས་ཉིད་ངེས་པར་
Vol. 182 · folio 33b
མི་འགྱུར་བ་མ་ཡིན་ནམ་ཞེ་ན། དེས་དབེན་པ་ཞེས་བྱ་བ་འདི་ཅི་ཞིག །གལ་ཏེ་ཕྱོགས་ཀྱི་རང་བཞིན་ཡིན་ནོ་ཞེ་ན། ངེས་པ་ཉིད་དོ། །འོན་ཏེ་བུམ་པས་སྟོང་པ་ཉིད་དོ་ཞེ་ན། དེ་ནི་ངེས་པ་མ་ཡིན་པའི་ཕྱིར་ཏེ། མ་ངེས་པ་ནི་ཉེས་པ་མ་ཡིན་ཏེ་ཡུལ་མ་ཡིན་པའི་ཕྱིར་ཏེ། འོ་ན་ཇི་ལྟར་
མི་དམིགས་པ་ལས་དངོས་པོ་མེད་པ་འགྲུབ་ཅེ་ན། བརྗོད་པ། གལ་ཏེ་དེ་ལྟ་ཡིན་པ་དེ་ལྟ་ན་ཡང་འདི་ནི་ཤེས་པ་རྣམས་ཀྱི་ཡོད་པའི་དོན་ངེས་ན་འགྱུར་བ་ཡིན་ནོ། །གང་གི་ཚེ་མེད་པ་མེད་ཀྱང་འབྲས་བུ་དང་ལྡན་པར་དམིགས་པར་དྲན་པར་གྱུར་པ་དེའི་འབྲས་བུ་ལ་འདོད་པ་དང་སྡང་བ་དག་གིས་
འདི་ན་བུམ་པ་ཡོད་དམ་ཞེས་ཆུ་བཅུ་བ་དང་དོགས་པ་མེད་པར་འགྲོ་བར་འདོད་པས་ཚོལ་བ་དེའི་ཚེ་བུམ་པ་དངོས་པོ་མེད་པའི་ཡུལ་རྟོགས་པ་ལ་ལྟོས་པ་ཡིན་ནོ། །ཐེ་ཚོམ་ཟ་བ་དང་ཕྱིན་ཅི་ལོག་ལ་ཡང་དེ་བཞིན་ནོ། །དེས་ན་རྟོགས་པ་ལ་ལྟོས་པ་འདི་ནི་རྟོགས་པ་པོ་རྣམས་ཀྱིས་བྱས་པ་ཡིན་ནོ། །
བུམ་པ་མེད་དོ་ཞེས་མ་རྟོགས་པར་དོགས་པ་མེད་པར་མི་འཇུག་པའི་ཕྱིར་དང་། འདི་ནི་རྡུལ་མ་ཡིན་ནོ་ཞེས་ཉ་ཕྱིས་མི་ངེས་པའི་ཕྱིར་དང་། མཐོ་ཡོར་ཡིན་གྱི་སྐྱེས་བུ་ནི་མ་ཡིན་ནོ་ཞེས་ཐེ་ཚོམ་ཟ་བ་མེད་པའི་ཕྱིར་དེ་རྟོགས་པ་ལ་ལྟོས་པ་ཉིད་ཀྱིས་རྣམ་པར་གཞག་པ་དང་། དེ་རྟོགས་པས་རྣམ་
པར་གཞག་པར་བྱ་བར་བརྗོད་དོ། །འདི་ལྟར་འདི་དག་གི་དངོས་པོ་མེད་པར་རྟོགས་པ་ནི་དངོས་པོ་གཞན་དུ་རྣམ་པར་གནས་པའི་གཞི་ཅན་ཡིན་གྱི་དངོས་པོ་རྟོགས་པ་ལྟར་རང་དབང་དུ་རང་གི་ཡུལ་ལ་འཇུག་པ་ནི་མ་ཡིན་ནོ། །ཇི་ལྟར་རང་གི་རྒྱུས་བསྐྱེད་པའི་རྟོགས་པས་བུམ་པ་རྟོགས་པ་དེ་
བཞིན་དུ་དངོས་པོ་མེད་པ་ཡང་མེད་པའི་རྟོགས་པ་རྟོགས་པ་ནི་མ་ཡིན་ནོ། །གལ་ཏེ་འདི་ན་བལྟར་རུང་བའི་བུམ་པ་ཡོད་ན་སྣང་བ་ཁོ་ནར་འགྱུར་ན་སྣང་བ་ནི་མེད་དོ་ཞེས་རང་དབང་དུ་མཐོང་བ་མེད་པར་མི་འགྲུབ་པའི་ཕྱིར་རོ། །ཕྱོགས་དེའི་ཤེས་པ་དག་དངོས་པོ་མེད་པ་ཉིད་དུ་མ་གྲུབ་པའི་
ཕྱིར་ཏེ། དེ་ཙམ་གྱི་མཐར་ཐུག་པ་དེའི་མངོན་སུམ་གྱིས་དེ་མ་རྟོགས་པའི་ཕྱིར་རོ། །དེའི་ཐ་སྙད་ཀྱི་རྟེན་ཡིན་པའི་ཕྱིར་དེ་དག་དངོས་པོ་མེད་པ་ཉིད་དོ་ཞེས་ཉེ་བར་བཏགས་པ་ཙམ་ལས་དངོས་པོ་དེ་ཉིད་མེད་པའི་ཕྱིར་རོ། །གང་གི་ཕྱོགས་དག་པ་དམིགས་པ་བུམ་པ་དང་བཅས་པའི་
Vol. 182 · folio 34a
ཕྱོགས་དམིགས་པ་ཡིན་ན་བུམ་པ་དང་བཅས་པའི་ཕྱོགས་དམིགས་པ་ཉིད་དུ་མྱོང་བར་འགྱུར་བ་ཞིག་ན་ཕྱོགས་ཙམ་དམིགས་པར་མྱོང་བ་ཡིན་ནོ་ཞེས་དམིགས་པ་གཉིས་གཞན་ཉིད་དུ་ངེས་པ་དེའི་ཚེ། ཉེ་བར་མཁོ་བའི་སྙིང་པོ་ཅན་དགག་པའི་དོན་རྟོགས་པ་
བཞིན་དུ་མེད་པའི་ཐ་སྙད་བྱེད་པ་ཉིད་ཀྱིས་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། །འདི་ནི་བུམ་པ་དང་བཅས་པ་དང་ཅིག་ཤོས་ཀྱི་ཕྱོགས་དམིགས་པ་དག་ཤེས་པ་ཉིད་ཡིན་ཏེ་དེས་ན་ཕྱོགས་དམིགས་པ་ན་ཤེས་པ་ཅིག་ཤོས་དམིགས་པ་དང་ལས་གཞན་ཉིད་དུ་ཤེས་པ་ཁོ་ནའོ། །སྔོན་མ་མཐོང་བ་
ཤ་ཟ་ལ་སོགས་པ་གང་ལ་ཤེས་པ་མེད་པ་དེ་ལ་ཡང་མཐོང་བ་ལས་བཟློག་པ་ཤེས་པར་བླ་བའི་ཕྱིར་ཏེ། དེས་ན་མཐོང་བའི་དམིགས་པ་མཐོང་བ་ལས་བཟློག་པའི་དམིགས་པ་ལས་གཞན་ཉིད་དུ་ཤེས་པ་ཁོ་ནའོ། །གཞན་དུ་རྟོགས་པ་མེད་པ་རྟོགས་པ་ལ་ལྟོས་པ་དང་བཅས་པ་ཡང་མ་
ཡིན་ནོ། །རང་གི་ངོ་བོ་ཁོ་ནས་བུམ་པ་སྣམ་བུ་ལས་གཞན་ཡིན་གྱི། འདིའི་རང་བཞིན་དེ་དངོས་པོ་མེད་པས་བྱས་པ་ནི་མ་ཡིན་ཏེ། དེ་ན་རྣམ་པ་དེ་ལྟ་བུའི་རང་བཞིན་རྟོགས་པ་གཞན་ཉིད་དུ་རྟོགས་པ་ནི་དངོས་པོ་མེད་པར་རྟོགས་པ་ལ་ལྟོས་པ་མ་ཡིན་ནོ། །དེའི་ཕྱིར་མངོན་སུམ་སྒྲུབ་པར་བྱེད་
པ་ཉིད་ཡིན་པས་ན་དངོས་པོ་ཐ་དད་པར་གྲུབ་པའི་ཕྱིར་བྱིས་པ་གང་དག་དེ་འགོག་པར་བྱེད་པ་མ་ཡིན་ན་ཐ་དད་པར་མི་འགྲུབ་པར་འགྱུར་རོ་སྙམ་དུ་སེམས་པ་དེ་བསལ་བ་ཡིན་ནོ། །གལ་ཏེ་དག་པ་དམིགས་པ་ཅིག་ཤོས་དམིགས་པ་ལ་ལྟོས་ནས་གཞན་ཡིན་ལ་རག་མོད། གཞན་
ཉིད་ཀྱིས་ན་ཐ་དད་པ་ཙམ་དུ་འགྲུབ་ཀྱི་གང་གི་ཚེ་ཐ་དད་པ་ཉིད་ཀྱིས་བུམ་པ་དམིགས་པ་དངོས་པོ་མེད་པར་ཤེས་པར་བྱ་བ་དེའི་ཚེ་ཇི་ལྟར་འགྲུབ་དམིགས་པ་ཡོད་པ་ནི་མྱོང་བ་ལ་མི་འཁྲུལ་པའི་ཕྱིར་དམིགས་པ་གཞན་མེད་པ་ལས་མེད་པ་ཡིན་ནོ་ཞེ་ན། ཡོད་པ་མྱོང་བ་ལ་འཁྲུལ་པ་མེད་པ་
མེད་དོ་ཞེས་མྱོང་བ་དམིགས་པ་ལས་འགྱུར་བ་ཡིན་ན། གང་གིས་མྱོང་བ་མེད་པ་ལས་ན་མེད་དོ་ཞེས་བྱ་བར་འགྱུར་བ། མྱོང་བ་མེད་པ་གོ་ག་ལས་རྟོགས། འདི་དེ་མྱོང་བ་ཤེས་པ་ཉིད་ཡིན་པ་དེས་ན་དེ་ལས་བཟློག་པ་མྱོང་བ་ཡང་ཤེས་པ་ཉིད་དོ་ཞེ་ན་བདེན་ཏེ། མྱོང་བ་དམིགས་ན་དེ་ལས་
Vol. 182 · folio 34b
བཟློག་པ་དེ་ལས་གཞན་ཉིད་དུ་རྣམ་པར་འཇོག་པ་ན་མྱོང་བ་མེད་པ་ཡང་གཞན་ཉིད་དུ་རྣམ་པར་འཇོག་པ་ཡིན་ན། གང་གི་ཚེ་དེ་ཉིད་རྟོགས་པར་བྱ་བ་དེའི་ཚེ་རང་འཛིན་པའི་ཚད་མ་མེད་པར་ཇི་ལྟར་རྟོགས། དེས་ན་བུམ་པ་དམིགས་པ་ཕྱོགས་དམིགས་པ་ཡོད་པ་དང་གཞན་ཉིད་དུ་གྲུབ་ཀྱང་
དངོས་པོ་མེད་པ་ཉིད་ནི་མི་འགྲུབ་པོ་ཞེ་ན་རེ་ཞིག་བུམ་པ་དང་ལྡན་པའི་ཕྱོགས་སུ་ནི་བུམ་པ་དམིགས་པ་ཕྱོགས་དམིགས་པ་ལས་ཐ་དད་པ་ཉིད་མ་ཡིན་པ་ཁོ་ན་སྟེ། དེ་གཉིས་ཤེས་པ་གཅིག་གི་ཡུལ་ཡིན་པའི་ཕྱིར་རོ། །དེས་ན་བུམ་པ་དང་བཅས་པའི་ཕྱོགས་དམིགས་པ་ཕྱོགས་དག་པ་
དམིགས་པ་ལས་ཐ་དད་པར་གྲུབ་ན། དེ་ཡོད་ན་དེ་ཉིད་དེ་ལྟར་གསལ་བར་འགྱུར་བ་ཞིག་ན་རང་བཞིན་གཞན་དུ་གསལ་བ་ཡིན་ནོ་ཞེས་བྱ་བར་འགྱུར་བའི་ཕྱིར་དངོས་པོ་མེད་པར་གྲུབ་པ་ལས་གཞན་ཅི་ཞིག་ཡིན། འོ་ན་མྱོང་བ་ཐ་དད་པ་གཅིག་པར་མི་ནུས་པ་གང་ཡིན་པ་དེ་ཇི་ལྟར་
མེད་པར་ཤེས་པར་བྱ་སྟེ། གཟུགས་རིག་པ་ན་སྒྲ་རིག་པ་ཡིན་ནོ། །འདི་ལ་ནི་གཞན་ཉིད་དུ་གྲུབ་ཀྱང་དེར་འགྱུར་རོ། །རིག་པ་ལ་འཁྲུལ་པ་མེད་པ་ལས་རིག་པ་མེད་པའི་ཕྱིར་དེ་མེད་པ་ཡང་མ་ཡིན་ཏེ། དེ་མེད་པར་མ་གྲུབ་པའི་ཕྱིར་རོ་ཞེ་ན། བརྗོད་པ། དེར་ཡང་སྨྱོ་བ་དང་
བརྒྱལ་བ་ལ་སོགས་པའི་གནས་སྐབས་མ་གཏོགས་པར་སྒྲ་རིག་པ་ཡོད་ན་དམིགས་པའི་ཡུལ་ལས་མི་འདའ་སྟེ་དེས་ན་གནས་སྐབས་དེ་མ་ཡིན་པར་གྲུབ་པར་བྱ་བའི་ཕྱིར། རིག་པ་གཞན་དམིགས་པ་ལ་ལྟོས་པར་བྱ་བ་ཡིན་ནོ། །དེས་ན་རིག་པ་ཡོད་ན་ངས་དམིགས་པར་འགྱུར་རོ་ཞེས་
རིག་པ་གཞན་རྟོགས་པར་ཤེས་པར་བྱ་སྟེ། དམིགས་པའི་མཚན་ཉིད་དུ་གྱུར་པ་དགག་པར་བྱ་བའི་རིག་པ་གཞན་མེད་པར་ངེས་པ་ཡིན་ནོ། །དེ་ལྟ་ཡིན་དང་འདི་ལྟར་རྟོགས་སོ། །གཟུགས་མཐོང་བའམ་རྣམ་པར་རྟོག་པ་ན་སྒྲ་རྟོགས་པ་ཡོད་ན་གཉིས་དམིགས་པ་ངེས་པ་ཡིན་ལ། གཅིག་
དམིགས་པ་ནི་དེ་ལས་གཞན་ཡིན་ནོ། །དེས་ན་རྟོགས་པ་ཅིག་ཤོས་ཡོད་ན་གཉིས་པ་ངེས་པ་དང་། དམིགས་པ་གཅིག་མེད་པ་ཡང་ངེས་པར་བྱ་སྟེ། གལ་ཏེ་འདི་ལ་དམིགས་པ་གཞན་ཡོད་ན་དམིགས་པར་འགྱུར་ན་གཅིག་དམིགས་པ་ཡང་ཡིན་ནོ་ཞེས་གཞན་དུ་རྟོགས་པར་འགྱུར་རོ། །
Vol. 182 · folio 35a
དེས་ན་ཇི་ལྟར་དམིགས་པ་གཞན་དམིགས་པ་མྱོང་བ་མེད་པ་ན་དེ་ཡོད་པ་མི་སྲིད་པ་དེ་བཞིན་དུ་ཕྱོགས་བུམ་པ་དང་བཅས་པ་དམིགས་པ་ལས་གཞན་དམིགས་པ་ཡོད་ན་ཡང་དེ་ཡོད་མི་སྲིད་པ་ཉིད་དོ། །ཇི་ལྟར་གལ་ཏེ་ཡོད་ན་དམིགས་པ་ཞིག་ན་དམིགས་པ་ཡང་
མེད་དོ་ཞེས་མེད་པ་ཉིད་དུ་ངེས་པ་དེ་བཞིན་དུ་གལ་ཏེ་ཡོད་ན་དེའི་བདག་ཉིད་དུ་དམིགས་པ་ཞིག་རང་གི་བདག་ཉིད་དུ་ཡང་དམིགས་སོ་ཞེས་མེད་པ་ཉིད་དུ་འགྲུབ་པ་ཁོ་ནའོ། །འདིར་ནི་འདི་བསམ་པར་བྱ་བ་ཡིན་ཏེ། ཅི་དམིགས་པ་མེད་པ་ཉིད་མེད་པ་ཉིད་ཀྱིས་རྟོགས་པའི་རྟེན་ཡིན་ནམ་འོན་ཏེ་
དམིགས་པ་གཞན་ཉིད་ཡིན། དེ་ལ་དམིགས་པ་གཞན་ལས་ནི་གཞན་དམིགས་པ་མེད་པ་ཉིད་རྟོགས་པར་མི་འཐད་དེ། དེ་དེའི་རང་བཞིན་མ་ཡིན་པའི་ཕྱིར་དང་། དེ་བཞིན་དུ་འབྲེལ་པ་མེད་པའི་ཕྱིར་རོ། །འོན་ཏེ་དེ་ཡོད་ན་དེའི་བདག་ཉིད་དུ་དམིགས་པར་ཐལ་བ་ཞིག་ན་རང་གི་བདག་
ཉིད་དུ་ཡང་དམིགས་པས་སོ་ཞེས་བྱ་བའི་རིག་པ་འདི་ཉིད་ཀྱིས་མེད་པར་སྒྲུབ་པོ་ཞེ་ན། དེ་ལྟ་ན་ཡང་ཡུལ་བཀག་པས་ཚད་མ་ཉིད་བཀག་པ་ན་རྟོགས་པ་ཙམ་གྲུབ་པ་ཉིད་ཀྱི་མཐར་ཐུག་པར་འགྱུར་རོ། །དེས་ན་རྟོགས་པ་ཙམ་གྱི་མཐར་ཐུག་པ་ཅན་སྒྲུབ་པར་བྱེད་པ་ནི་ཇི་ལྟར་སྟོན་པར་འགྱུར་བ་
བཞིན་དུ་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ནོ། །འོ་ན་དེ་ཉིད་ཡིན་ལ་རག་མོད་ཅེ་ན་དེ་ལྟར་ཡང་མི་ནུས་ཏེ། འདི་ལྟར་དེར་ཡང་རྟོགས་པ་དེ་ཡོད་པ་ནི་དངོས་པོ་གཞན་ཉིད་རྣམ་པར་གནས་པའི་གཞི་ཅན་ཁོ་ནའོ། །གང་གི་ཚེ་གཞན་གཞན་ལ་སྒྲོ་བཏགས་ཏེ་དེའི་བདག་ཉིད་ཙམ་དམིགས་པས་རྣམ་པར་
ཕྱེ་ནས་ཅི་ཞེས་དེར་རྣམ་པར་རྟོག་པར་བྱེད་པ་དེའི་ཚེ་མེད་དོ་སྙམ་པའི་ཤེས་པ་སྐྱེ་བ་ཡིན་ནོ། །དེའི་ཕྱིར་དངོས་པོ་གཞན་ཉིད་མེད་པ་ཉིད་དུ་སྒྲོ་བཏགས་པའི་ཐ་སྙད་དུ་བྱ་བ་ཡིན་པའི་ཕྱིར། གཞན་དམིགས་པ་ཉིད་མི་དམིགས་པར་བརྗོད་དོ། །དེས་ན་བསམ་པ་འདིས་ན་ཅི་སྟེ་གཞན་
དམིགས་པས་མི་དམིགས་པ་འགྲུབ་པས་མི་དམིགས་པ་མངོན་སུམ་གྱིས་འགྲུབ་པོ་ཞེ་ན་ཞེས་བཤད་དོ། །དེས་ན་རིགས་པ་ཁྱད་པར་མེད་པའི་ཕྱིར་དོན་མེད་པ་ཡང་ཅི་སྟེ་མི་འགྲུབ་ཅེས་བཤད་པ་ནི། དེ་བཞིན་དུ་གཞན་ཡོད་པས་ཀྱང་ཞེས་བྱ་བ་ཡིན་ནོ། །བུམ་པ་ནི་དམིགས་པའི་
Vol. 182 · folio 35b
མཚན་ཉིད་དུ་གྱུར་པ་ཡིན་ཏེ། དེས་ན་ཕྱོགས་བུམ་པ་དང་བཅས་པ་ཡིན་ན་བུམ་པ་དང་བཅས་པ་ཉིད་དུ་སྣང་བ་ངེས་པ་ཡིན་པའི་ཕྱིར་ཕྱོགས་ཙམ་དུ་སྣང་བ་ན་བུམ་པ་དང་བཅས་པ་དང་། བུམ་པ་མེད་པ་གཉིས་བཞིན་དུ་རྣམ་པར་གནས་པ་ན། ཇི་ལྟར་བུམ་པ་དང་བཅས་པའི་
ཕྱོགས་ཙམ་ལས་གཞན་ཡིན་ཞིང་ཕྱོགས་ཙམ་ཡང་བུམ་པ་དང་བཅས་པ་ལས་གཞན་ནོ་ཞེས་ཕན་ཚུན་རང་བཞིན་བཟློག་པ་ཕན་ཚུན་གྱི་རང་བཞིན་ལས་གཞན་ཡིན་པའི་ཕྱིར་རྣམ་པར་གཞག་པ་དེ་བཞིན་དུ་དེ་གཉིས་ཀྱི་དངོས་པོ་མེད་པ་ཡང་གཞན་ཉིད་ཀྱི་རྣམ་པར་གནས་པ་ཡིན་ནོ། །དེའི་རང་
བཞིན་དེའི་རང་བཞིན་ལས་བཟློག་པ་གཞན་ཡིན་པ་ཡང་རང་གི་ལྡོག་པ་ཙམ་གྱི་རང་བཞིན་ནམ་རང་བཞིན་གཞན་དང་ལྡན་པ་ཡིན་ནོ། །དེའི་རང་བཞིན་ལྡོག་པ་ནི་དེའི་རང་བཞིན་ལས་བཟློག་པ་ཡིན་ཏེ། རང་བཞིན་གཞན་བཞིན་ནོ། །དེས་ནི་ཇི་ལྟར་ཕྱོགས་ཙམ་ལས་བུམ་པ་དང་བཅས་
པ་གཞན་ཡིན་པ་དེ་བཞིན་དུ་དེའི་དངོས་པོ་མེད་པ་ཡང་ཡིན་ཏེ། དེས་ན་བུམ་པ་དང་བཅས་པ་ལ་དེའི་ངོ་བོ་ལྡོག་པ་དེ་མེད་པར་འགྱུར་རོ། །དེ་བཞིན་དུ་ཇི་ལྟར་ཕྱོགས་ཙམ་བུམ་པ་དང་ལྡན་པ་ལས་གཞན་ཡིན་པ་དེ་བཞིན་དུ་བུམ་པ་དང་བཅས་པ་མ་ཡིན་པར་ཡང་འགྱུར་བའི་ཕྱིར་ཕྱོགས་
ཙམ་ལ་དེ་མེད་པ་ཡིན་ཏེ། གཉི་ག་ཡང་གཞན་ཡིན་པའི་ཕྱིར་རོ། །དེས་ན་དངོས་པོ་རྟོགས་པ་ན་གཉི་ག་གཞན་དུ་རྣམ་པར་གཞག་པ་ཡིན་ནོ། །དེའི་རང་བཞིན་ལས་བཟློག་པ་གཞན་ཉིད་དུ་རྣམ་པར་གནས་པ་ན་དེའི་རང་བཞིན་བཟློག་པ་དང་། རང་བཞིན་གཞན་མེད་པ་ཡིན་ནོ། །
གལ་ཏེ་དངོས་པོ་མེད་པ་དེ་ལ་རང་བཞིན་རྟོགས་པ་ནི་ཡོངས་སུ་གཅོད་པ་ཡིན་ལ། གཞན་ཉིད་དུ་རྣམ་པར་འཇོག་པ་རྣམ་པར་གཅོད་པ་ཡིན་ནོ། །དེར་ཡང་གཞན་རང་བཞིན་དང་ལྡན་པ་ནི་རང་གི་ཚད་མས་ཀྱང་རྟོགས་ཀྱི་དངོས་པོ་མེད་པ་རྟོགས་པ་ནི་རང་གི་ཚད་མ་ལ་བརྟེན་པ་མ་ཡིན་
ནོ། །གལ་ཏེ་དངོས་པོ་མེད་པ་མ་རྟོགས་ན་རྟོགས་པ་འདི་ཇི་ལྟར་ཡིན་ཞེ་ན་འདི་ལ་བཤད་ཟིན་ཏོ། །མཐོང་བ་ལས་བཟློག་པ་ནི་གཉི་ག་ལྟར་ཡང་རྟོགས་པའི་ཕྱིར་རོ། །རྣམ་པར་བཅད་པ་རང་གི་ཚད་མས་བཟུང་བས་ནི་ཅི་ཡང་བྱར་མེད་དོ། །རྟོགས་པ་ཉིད་ལ་དེ་ལྟར་འགྱུར་བའི་
Vol. 182 · folio 36a
ཕྱིར་རོ། །རྗེས་སུ་འགྲོ་བ་མེད་པ་དང་འཇིག་པ་རྟོགས་པ་ན་ཡང་དངོས་པོ་མེད་པ་རྟོགས་པ་ཡོད་པ་ཉིད་འོན་ཀྱང་དེ་གཞལ་བྱའི་མཐར་ཐུག་པ་མ་ཡིན་པའི་ཕྱིར་ཚད་མ་ནི་མ་ཡིན་ནོ། །ཐ་སྙད་ནི་མེད་ན་མི་འབྱུང་བའི་ཕྱིར་ཐ་སྙད་བསྒྲུབ་པར་བྱ་བ་ཉིད་དུ་བསྟན་ཏོ། །
འདིར་ཡང་བདག་ཉིད་གཅིག་རྟོགས་པ་ན་དེ་གཞན་གྱི་བདག་ཉིད་ཡིན་པ་རྣམ་པར་གཅོད་པ་ལ་མངོན་སུམ་ཉིད་ཚད་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་གཅིག་ཡོངས་སུ་བཅད་པ་ཉིད་ཀྱིས་གཞན་རྣམ་པར་བཅད་པ་འགྲུབ་ན། ཁྱད་པར་མེད་པས་དེ་ལས་གཞན་ཐམས་ཅད་མེད་པར་འགྲུབ་
པར་འགྱུར་གྱི་མཚུངས་པར་རུང་བའི་རང་བཞིན་ཁོ་ན་ནི་མ་ཡིན་ནོ། །ཁྱད་པར་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་རྩོད་པ་བཀོད་དེ་དེའི་བདག་ཉིད་ངེས་པར་སྣང་བའི་ཤེས་པས་གཅིག་གི་བདག་ཉིད་ཡོངས་སུ་བཅད་པ་ལས་དེ་དེའི་བདག་ཉིད་ཡིན་པ་རྣམ་པར་བཅད་པར་
འགྱུར་རོ་ཞེས་རྣམ་གཅོད་ཡོངས་གཅོད་གཉིས་ཚད་མ་གཅིག་གིས་བྱེད་པ་ཡིན་པར་བསྒྲུབ་པ་དེའི་ཕྱིར་དེ་ལྟར་དམིགས་པས་དེ་དེ་ལས་གཞན་གྱི་བདག་ཉིད་ཡིན་པ་རྣམ་པར་བཅད་པར་འགྱུར་རོ་ཞེས་མཇུག་བསྡུས་པ་ཡིན་ནོ། །དེའི་ཡུལ་དང་དུས་དག་ཏུ་གཞན་གྱི་དངོས་པོ་ཐམས་ཅད་
བཀག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནས་བརྩམས་ཏེ་དེའི་ཕྱིར་འགའ་ཞིག་ཏུ་འགའ་ཞིག་གི་ཚེ་འགའ་ཞིག་དགག་པ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་མི་དམིགས་པ་ལས་ཡིན་ནོ་ཞེས་དེའི་བདག་ཉིད་མ་ཡིན་པའི་ཡུལ་ལ་ནི་མི་སྣང་བ་མི་དམིགས་པའི་བྱེད་པ་བཤད་པ་ཡིན་ནོ། །དེས་
ན་དངོས་པོ་ནི་གཅིག་གི་རང་བཞིན་དུ་ངེས་པ་ཉིད་དུ་ཉམས་སུ་མྱོང་བས་རྟོགས་པ་ཡིན་ནོ། །གང་གི་ཚེ་བལྟར་རུང་བ་འམ་མི་རུང་བའི་རང་བཞིན་གཞན་གྱིས་དུ་མའི་རང་བཞིན་དུ་དོགས་པ་ན་གཅིག་དུ་མར་འགྱུར་བ་མ་ཡིན་ནོ་ཞེས་རང་བཞིན་གཅིག་ཉམས་སུ་མྱོང་བ་ཉིད་ཀྱིས་འགོག་གོ། །
དེས་ན་འདི་ལྟར་རུང་བ་འགོག་པ་ལ་བལྟར་རུང་བ་ཉིད་ནི་ཡན་ལག་མ་ཡིན་ན། དེ་ཇི་ལྟར་བལྟར་མི་རུང་བ་ནི་བལྟར་མི་རུང་བ་ཉིད་ཀྱི་ཕྱིར་བཀག་པར་མི་འགྱུར་རོ་ཞེས་བྱ་བར་འགྱུར། བལྟར་རུང་བ་ལ་ནི་བལྟར་མི་རུང་བའི་བདག་ཉིད་མེད་པའི་ཕྱིར་བལྟར་རུང་བར་ཁས་བླངས་ནས་འགོག་
Vol. 182 · folio 36b
གོ་ཞེས་བྱ་བ་གང་ཡིན་པ་དེ་ནི་སྐྲ་བྲེགས་ཟིན་ནས་སྐར་མ་རྟོགས་པ་དང་མཚུངས་སོ། །གལ་ཏེ་འདི་ལ་ཡང་འགའ་ཞིག་རྨོངས་ནས་འགལ་བ་གཅིག་ཉིད་བལྟར་རུང་བའི་དམིགས་པས་བལྟར་མི་རུང་བ་དེའི་བདག་ཉིད་ཡིན་པ་འགོག་པར་བྱེད་པའི་ཕྱིར་འགལ་བ་མེད་དོ། །དེ་ནི་
ཤེས་པ་རང་བཞིན་གཞན་དུ་དོགས་པ་ན་ཡང་འགྱུར་བ་ཡིན་ནོ། །དེ་བཞིན་དུ་ས་ཕྱོགས་དམིགས་ཀྱང་བུམ་པ་མེད་པར་ཐེ་ཚོམ་ཟ་བར་མ་ཡིན་པ་ན་མངོན་སུམ་ཉིད་ཀྱིས་དེ་མེད་པའི་ཐ་སྙད་དུ་འགྱུར་ཏེ། དེ་ལྟ་མ་ཡིན་ན་ཤེས་པ་ཡང་གཞན་རྨོངས་པར་མི་འགྱུར་རོ། །དེས་ན་དེ་ལྟར་དངོས་
པོ་གཞན་ཉིད་དུ་རྣམ་པར་གནས་པ་ཉིད་དུ་ཉེ་བར་མཁོ་བའི་དགོས་པ་ཅན་དངོས་པོ་མེད་པ་བསྒྲུབ་པའི་ཕྱིར་དེ་དམིགས་པས་དགག་པའི་དོན་རྟོགས་པ་ཇི་སྐད་བཤད་པའི་ཚུལ་གྱིས་བྱས་པ་ཡང་དེ་ཙམ་གྱིས་ཡུལ་གྱི་མཐར་ཐུག་པ་དེའི་ཐ་སྙད་ཀྱི་རང་བཞིན་ཡིན་ནོ། །གལ་ཏེ་དེ་ཡང་རྟོགས་པ་ཙམ་
གྱི་རང་བཞིན་སྐྱེ་བ་ན་ཡུལ་དང་མི་ལྡན་པ་ཉིད་ཀྱིས་གཞན་གྱི་མཐར་ཐུག་པ་མ་ཡིན་ཡང་གདོན་མི་ཟ་བར་བྱ་བ་ནི་དེ་ལྟ་བུར་འགྱུར་བ་ཉིད་བྱེད་པ་ཡིན་ནོ། །དེས་ན་གཞན་དམིགས་པ་ན་མི་དམིགས་པ་མངོན་སུམ་གྱིས་གྲུབ་པ་ཡིན་ལ་གཞན་ཡོད་པ་ན་ཡང་མེད་པ་མངོན་སུམ་གྱིས་གྲུབ་པ་ཡིན་
ནོ། །དེ་ལྟ་ན་དངོས་པོ་མེད་པ་སྒྲུབ་བྱེད་ལ་ལྟོས་པ་བསལ་ནས་རྟོགས་པའི་མཐར་ཐུག་པ་ཅན་ཉིད་མི་དམིགས་པའི་བྱེད་པ་ཡིན་པར་བསྟན་པའི་ཕྱིར་གང་གི་ཚེ་ཞེས་སྨོས་སོ། །འདིར་ཡང་གཉིས་དག་གཉིས་ཉིད་དུ་རྣམ་པར་འཇོག་པ་ན་མངོན་སུམ་ཉིད་ཀྱིས་ཐ་སྙད་བྱེད་པའི་ཕྱིར་མི་དམིགས་
པ་དོན་མེད་དོ། །དེ་བཞིན་དུ་དངོས་པོ་གཞན་རྣམ་པར་གནས་པའི་གཞི་ཅན་དངོས་པོ་མེད་པར་རྟོགས་པ་ནི་གཞན་གྱི་དངོས་པོའི་མཐར་ཐུག་པ་ཉིད་ཡིན་ཏེ། དེས་ན་གལ་ཏེ་རྨོངས་པས་དེ་ལ་དེ་ལྟར་མི་འཇུག་པ་ལ་མི་དམིགས་པ་གཏན་ཚིགས་ཡིན་པ་དེའི་ཕྱིར་གཞན་ཡོད་པའི་
བདག་ཉིད་ཅན་ཡོད་པ་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པར་འགྱུར་རོ། །དེ་ནི་འདི་ལྟར་བཟློག་སྟེ། གང་གི་ཚེ་མེད་པ་དག་གི་མེད་པ་མི་དམིགས་པ་ཁོ་ན་ཡིན་པ་དེའི་ཚེ། མེད་པའི་མཚན་ཉིད་ཀྱི་ཡུལ་གྲུབ་པ་ཁོ་ན་སྟེ། མི་དམིགས་པ་ཉིད་མེད་པ་ཡིན་པའི་ཕྱིར་རོ། །འོན་ཀྱང་མེད་པའི་
Vol. 182 · folio 37a
མཚན་ཉིད་ཀྱི་ཡུལ་གྲུབ་ཏུ་ཟིན་ཀྱང་མེད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་དག་ཁོང་དུ་མ་ཆུད་པ་འཇུག་པར་བྱེད་དོ། །གང་ཁོང་དུ་མ་ཆུད་པ་དེ་ཉིད་རྟོགས་པ་ལ་འཇུག་པར་བྱེད་པ་ཡིན་ནོ། །གང་གིས་ཤེ་ན་ཡུལ་རབ་ཏུ་བསྟན་པས་ཞེས་སྨོས་སོ། །ཡུལ་ནི་མི་དམིགས་པའི་
བདག་ཉིད་ཅན་གྱི་དངོས་པོ་མེད་པ་སྟེ། དེ་རབ་ཏུ་བསྟན་པས་མེད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་བསྒྲུབ་པར་བྱ་བའི་ཕྱིར་མི་དམིགས་པ་དོན་མེད་པ་མ་ཡིན་ནོ། །ཇི་སྐད་བཤད་པའི་དངོས་པོ་མེད་པ་ཡང་བསྒྲུབ་པར་བྱ་བ་མ་ཡིན་ཏེ། དེ་ནི་མི་དམིགས་པའི་
བདག་ཉིད་ཀྱིས་གྲུབ་ཟིན་པའི་ཕྱིར་རོ། །གལ་ཏེ་མངོན་སུམ་གྱིས་གཞན་ཡོད་པས་མེད་པ་གྲུབ་ན་མེད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་ཁོང་དུ་མ་ཆུད་པར་ཇི་ལྟར་འགྱུར་ཞེ་ན། རྨོངས་པས་ཞེས་སྨོས་སོ། །རྒྱུ་མཚན་འགའ་ཞིག་ལས་གཞན་ཡོད་པ་ལ་ཡང་མེད་པར་ཁོང་དུ་མ་
ཆུད་པ་དེ་ལྟར་ཁོང་དུ་ཆུད་པར་བྱེད་དོ། །གལ་ཏེ་དོན་གཞན་ཡོད་པ་དངོས་པོའི་ངོ་བོ་མེད་པར་བསྒྲུབ་པར་བྱ་བ་ཡིན་པར་འགྱུར་རོ་ཞེས་བརྗོད་པ་མ་ཡིན་ནམ། གང་གིས་དེ་གྲུབ་ན་དངོས་པོ་མེད་པ་གྲུབ་པར་བརྗོད་པ་དེ་ནི་མི་དམིགས་པ་མ་ཡིན་ཏེ། དམིགས་པ་དངོས་པོ་མེད་པའི་
རང་བཞིན་ཤེས་པ་གཞན་ཡོད་པ་ཉིད་མི་དམིགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེས་ན་ཤེས་པ་གཞན་ཡོད་པའི་བདག་ཉིད་མི་དམིགས་པས་དངོས་པོ་གཞན་ཡོད་པའི་བདག་ཉིད་ཅན་གྱི་མེད་པ་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེ་ན་རྣམ་པ་དེ་ལྟ་བུའི་ཞེས་སྨོས་ཏེ། གཞན་ཡོད་པའི་བདག་ཉིད་ཅན་
ནོ། །གཞན་ཡོད་པ་ཡང་མི་དམིགས་པ་ཉིད་དེ། དེ་གཞན་མེད་པ་ཡིན་པ་བཞིན་དུ་དམིགས་པ་མེད་པའི་རང་བཞིན་ཡང་ཡིན་པའི་ཕྱིར་རོ། །དེས་ན་དོན་འདི་ཡིན་ཏེ་དངོས་པོ་དངོས་པོ་མེད་པ་ནི་མི་དམིགས་པའི་ཚད་མ་མེད་པ་ཅན་ཡིན་ལ་དངོས་པོ་དངོས་པོ་མེད་པ་ཡང་དངོས་པོ་གཞན་ཡོད་པ་ཡིན་
ནོ། །ཡོད་པ་གང་ཞིག་དངོས་པོ་དངོས་པོ་མེད་པ་ཡིན་པ་དེ་ནི་དམིགས་པ་དངོས་པོ་མེད་པ་ཡང་ཡིན་ནོ། །ཤེས་པ་གཞན་ཡོད་པ་དམིགས་པ་དངོས་པོ་མེད་པ་གང་ཡིན་པ་དེ་ཡང་དངོས་པོ་དངོས་པོ་མེད་པ་ཡང་ཡིན་ནོ། །དེའི་ཕྱིར་དངོས་པོ་དངོས་པོ་མེད་པ་སྒྲུབ་པ་ལ་མི་
Vol. 182 · folio 37b
དམིགས་པ་གྲུབ་པ་ལ་ལྟོས་པའི་ཤེས་པ་དང་ཤེས་བྱའི་མཚན་ཉིད་དེ་གྲུབ་པ་ཉིད་ན་གྲུབ་པའི་དངོས་པོ་མེད་པ་ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །དེ་བས་ན་གཞན་ཡོད་པ་དེ་རང་བཞིན་ཇི་ལྟ་བ་བཞིན་དུ་ཐ་སྙད་དུ་བྱ་བ་ཡིན་ནོ། །རྨོངས་པས་དེར་ཐ་སྙད་མི་བྱེད་པ་ནི་ཡོད་པ་མི་དམིགས་
པར་མི་སྲིད་པའི་ཕྱིར་དམིགས་སུ་རུང་བ་མེད་པར་ཉེ་བར་བསྡུ་བའི་སྒོ་ནས་དངོས་པོ་མེད་པར་ངེས་པའི་མི་དམིགས་པས་འཇུག་པར་བྱེད་དོ། །གཞན་གྱི་དངོས་པོ་ཡོད་པའི་བདག་ཉིད་ཀྱི་དངོས་པོ་མེད་པ་ནི་མི་དམིགས་པ་གྲུབ་པ་ཉིད་ན་གྲུབ་པའི་ཕྱིར་མེད་དོ་ཞེས་བྱ་བར་རྟོགས་པ་ནི་རྟོགས་
ཟིན་པ་ཉིད་རྟོགས་པ་ཡིན་ནོ། །དེས་ན་དངོས་པོ་ལྷག་པ་གྲུབ་པ་མེད་པའི་ཕྱིར་དང་། རྟོགས་པ་འདི་སྔར་གྱི་དེ་རྟོགས་པ་དང་མི་འདྲ་བའི་ཕྱིར་དེ་ཙམ་ཉིད་གྲུབ་པར་འགྱུར་བས་ཐ་སྙད་བསྒྲུབ་པར་བརྗོད་པ་ཡིན་གྱི། ཐ་སྙད་དང་མེད་ན་མི་འབྱུང་བ་གཞན་ནི་ཡོད་པ་མ་ཡིན་ནོ། །ཐ་སྙད་
སྒྲུབ་པར་བྱེད་པའི་གཏན་ཚིགས་ཐམས་ཅད་ལ་ཁྱབ་པ་སྒྲུབ་པའི་ཚུལ་ནི་འདི་ཉིད་ཡིན་ནོ། །གཏན་ཚིགས་གང་གིས་དེ་སྒྲུབ་པ་དེ་ནི་ཐ་སྙད་དུ་བྱ་བའི་དོན་དང་། མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་དེ་ཉིད་དེས་རྟོགས་པར་བྱ་བ་ཡིན་ནོ། །རྟོགས་པར་བྱ་བ་དེ་ཡང་ལྷག་པ་མ་ཡིན་པའི་ཕྱིར་
དང་། ལྷག་པ་ཡིན་ཡང་གྲུབ་ཟིན་པའི་ཕྱིར་གྲུབ་པ་ལ་མ་ལྟོས་པས་དེའི་རྟོགས་པ་ཙམ་ཉིད་འགྲུབ་པར་འགྱུར་རོ། །དཔེར་ན་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་ལས་འབྲས་བུ་གཞན་མ་ཡིན་པའི་ཕྱིར་དེ་གྲུབ་ན་གྲུབ་པ་ཉིད་བཞིན་ནོ། །དེ་ཡོད་པ་ཉིད་ཀྱིས་དེ་དེ་ལྟར་
བསྒྲུབ་པར་བྱ་བ་ན་དངོས་སུ་ཚུལ་སྔ་མས་ཀྱང་རྟོགས་ཟིན་པའི་རྟོགས་པ་པོའི་རྟོགས་པ་མི་འདྲ་བའི་སྤྱོད་ཡུལ་གྱི་དངོས་པོར་ཡང་དག་པའི་འཇོག་པ་ཡིན་ནོ། །དེ་བཞིན་དུ་ཤིང་ཉིད་ཤ་པ་ལས་གཞན་ཡིན་ཡང་བྱས་པ་གྲུབ་པས་མི་རྟག་པ་གྲུབ་པ་ལྟར་ཤ་པ་གྲུབ་ན་གྲུབ་པ་ལས་འདའ་བ་
མ་ཡིན་ནོ། །དེའི་ཕྱིར་ཤ་པ་ཉིད་ནི་ཤིང་གི་བདག་ཉིད་ཡིན་པའི་ཕྱིར་དེས་དེ་སྒྲུབ་པ་ན་དེ་ཡང་གྲུབ་ཟིན་པའི་ཕྱིར་ཤིང་ངོ་ཞེས་བྱ་བ་རྟོགས་པའི་མཐར་ཐུག་པ་ཅན་གྲུབ་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་གཞན་ཡོད་པ་ཉིད་དངོས་པོ་མེད་པ་སྒྲོ་བཏགས་པའི་ཐ་སྙད་དུ་བྱ་བ་ཡིན་
Vol. 182 · folio 38a
པའི་ཕྱིར་དེ་གྲུབ་པ་ཉིད་ན་དངོས་པོ་མེད་པར་སྒྲོ་འདོགས་པར་བྱེད་པའི་རྟོགས་པ་འཇུག་པས་རྟོགས་པ་ཉིད་བསྒྲུབས་པའི་འབྲས་བུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་རང་བཞིན་གྱི་གཏན་ཚིགས་ཡིན་ཏེ། མི་དམིགས་པ་དང་དོན་མེད་པ་གཉིས་ཐ་མི་དད་པའི་ཕྱིར་རོ། །གལ་ཏེ་གཞན་
ཡོད་པ་ནི་གཞན་དངོས་པོ་མེད་པ་མ་ཡིན་གྱི་འོན་ཀྱང་བལྟར་རུང་བའི་བུམ་པས་རྣམ་པར་བཅད་པའི་ཕྱོགས་ལས་གཞན་དུ་གྲུབ་པས་ཕྱོགས་དག་པ་ཡིན་ནོ། །གལ་ཏེ་འདི་མ་དམིགས་པ་ཡང་ཡོད་པར་རྟོགས་པའི་ཕྱིར་བུམ་པ་དང་བཅས་པ་ལས་གཞན་དུ་མ་རྟོགས་ན་དེ་ཉིད་རྟོགས་པར་བྱ་བ་
ཡིན་ནོ། །དེས་ན་གཞན་གྱི་ཐ་སྙད་ཉིད་བསྒྲུབ་པར་བྱ་བར་འགྱུར་རོ། །འོན་ཏེ་དངོས་པོ་ལ་དེ་ལྟར་ཡིན་ཡང་དགག་པའི་དོན་སྒྲོ་མ་བཏགས་པར་གསལ་བར་རྟོགས་པ་མ་ཡིན་པའི་ཕྱིར་མེད་པའི་ཐ་སྙད་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་གཞན་ཡོད་པ་དངོས་པོ་མེད་པ་ཡིན་ནོ་
ཞེས་རྟོགས་པ་དང་ལྡན་པ་མ་ཡིན་པ་འདིས་ཅི་བྱ། བལྟར་རུང་བའི་དངོས་པོ་ཡོད་པ་ལ་ཤེས་པ་འཁྲུལ་པ་མེད་པ་ལས་མ་མཐོང་བའི་ཕྱིར་མེད་དོ་ཞེས་བྱ་བར་རྟོགས་པས་འཇུག་པ་ཉིད་དེ་ཙམ་གྱིས་མཐར་ཐུག་པ་ཅན་གྱི་སྒྲུབ་པར་བྱེད་པར་འགྱུར་རོ་ཞེ་ན། བརྗོད་པ་རྟོགས་པ་འདི་ནི་རང་གི་
དམིགས་པ་མངོན་དུ་བྱེད་པའམ། རང་གི་དམིགས་པ་འཕེན་པར་བྱེད་པའི་དོན་གཞན་མཐོང་བས་བདག་ཉིད་ལ་བརྟེན་པ་ནི་མ་ཡིན་གྱི། འོན་ཀྱང་དངོས་པོ་གཞན་ཉིད་རྣམ་པར་དཔྱོད་པ་ཉིད་ཀྱིས་ཡིན་པ་དེའི་ཕྱིར་དེ་ཉིད་དེར་སྒྲོ་བཏགས་པ་རྟོགས་པ་ཡིན་པར་བསྟན་ཏེ། ཚད་མའི་ཡུལ་ལ་
དགག་པའི་དོན་མ་ཞུགས་པའི་ཕྱིར་རོ། །དེ་དང་དེའི་ཡུལ་གྱི་ལྷས་བྱིན་ལ་བྱ་བ་སྒྲོ་བཏགས་པས་རྟོགས་པ་བཞིན་ཐ་མི་དད་པ་ལ་ཡང་ཐ་དད་པ་བཞིན་ནོ། །དེས་ན་ཇི་ལྟར་ལྷས་བྱིན་འགྲོ་བ་ལ་བྱ་བ་གཞན་མ་རྟོགས་ཀྱང་བྱ་བའི་རྟོགས་པ་གནོད་པ་མེད་པ་དེ་བཞིན་དུ་འདི་ན་བུམ་པ་མེད་དོ་ཞེས་དགག་
པའི་དོན་ལ་ལྐོག་ཏུ་གྱུར་པ་མ་ཡིན་པའི་འདུ་ཤེས་ཅན་དུ་བ་ལས་མེ་རྟོགས་པ་བཞིན་དུ་དགག་པའི་དོན་ལྷག་པར་རྟོགས་པ་མེད་ཀྱང་གནོད་པ་མེད་པ་ནི་གཞན་ཡོད་པ་ཉིད་ཀྱིས་འབྱོར་པར་འགྱུར་བའི་ཕྱིར་ཚད་མའི་ཡུལ་ལ་བརྗོད་པར་འདོད་པའི་དགག་པའི་དོན་ནི་གཞན་ཡོད་པའི་མཐར་
Vol. 182 · folio 38b
ཐུག་པ་ཉིད་དོ། །དེས་ན་རྟོགས་པ་པོའི་རྟོགས་པ་ལ་ལྟོས་ཏེ་གཞན་ཡོད་པ་དངོས་པོ་དངོས་པོ་མེད་པར་བརྗོད་དོ། །དངོས་པོ་གཞན་གྱི་བསྐྱེད་པ་དང་། དངོས་པོ་གཞན་གྱི་མཐར་ཐུག་པ་ནི་ཆོས་གཞན་སྒྲོ་འདོགས་པའི་སྒོ་ནས་དེ་ལ་དམིགས་པ་ཉིད་ཀྱིས་འཇུག་པ་ཡིན་ནོ་ཞེས་
བྱ་བར་འཐད་དོ། །དེ་ལྟར་འདི་ནི་ངེས་པ་ཉིད་དོ། །འདི་བརྗོད་པར་བྱ་སྟེ། ཤེས་པ་གཞན་ཡོད་པ་ཉིད་ཤེས་པ་དངོས་པོ་མེད་པ་ཡིན་པ་ལྟར་དངོས་པོ་གཞན་ཡོད་པ་ཡང་ཤེས་པ་དངོས་པོ་མེད་པ་ཡིན་པར་ཇི་ལྟར་འགྱུར་ཞེ་ན། ཤེས་པ་གཞན་ཡོད་པ་ཤེས་པ་དངོས་པོ་
མེད་པ་ཡིན་པ་ཇི་ལྟ་བ་དེ་ལྟར་དངོས་པོ་གཞན་ཡོད་པ་ཡང་ངོ་། །མི་མཐུན་པའི་ཟླ་བའི་དངོས་པོ་གཞན་ནི་རང་ཡོད་ན་གཞན་ཡོད་པ་སེལ་བས་དངོས་པོ་གཞན་དངོས་པོ་མེད་པར་བརྗོད་དོ། །དེས་ན་ཇི་ལྟར་ཕྱོགས་འབའ་ཞིག་གི་ཤེས་པ་བུམ་པ་དང་བཅས་པའི་ཕྱོགས་ཤེས་པ་
དང་འགལ་བ་དེས་ན་ཤེས་པ་དེ་ལ་མེད་པར་འདོད་པ་དེ་བཞིན་དུ་ཕྱོགས་ཙམ་ཡོད་པ་ཡང་བུམ་པ་དང་བཅས་པའི་ཕྱོགས་ཤེས་པ་དང་འགལ་བ་ཡིན་ནོ། །འཁྲུལ་པ་མེད་པ་ནི་ཕྱོགས་ཙམ་ལ་ཡང་བུམ་པ་དང་བཅས་པའི་ཕྱོགས་སུ་སྣང་བ་མི་འཐད་དོ། །དེས་ན་ཕྱོགས་ཙམ་གྱི་
ཤེས་པ་བཞིན་ཕྱོགས་ཙམ་ཡང་བུམ་པ་དང་བཅས་པའི་ཕྱོགས་ཀྱི་ཤེས་པ་དངོས་པོ་མེད་པ་ཡིན་ནོ། །དེས་ན་ཇི་ལྟར་དེ་ཙམ་ཤེས་པ་ན་གལ་ཏེ་བུམ་པ་དང་བཅས་པའི་ཕྱོགས་ཤེས་པ་ཡོད་ན་དེ་བཞིན་དུ་གསལ་བར་འགྱུར་བ་ཞིག་ན་དེ་ཙམ་དུ་གསལ་བ་ཡང་གསལ་བ་ཡིན་
ནོ་ཞེས་དངོས་པོ་མེད་པར་རྟོགས་པ་དེ་བཞིན་དུ་འདི་ལ་ཡང་ཡིན་ནོ། །གལ་ཏེ་བུམ་པ་དང་བཅས་པའི་ཕྱོགས་ཤེས་པ་ཡོད་ན་ཕྱོགས་བུམ་པ་དང་བཅས་པ་ཉིད་དུ་སྣང་བར་འགྱུར་བ་ཞིག་ན་ཕྱོགས་ཙམ་ཡང་སྣང་ངོ་ཞེས་སོ། །དེས་ན་ཤེས་པ་དང་ཤེས་བྱའི་མཚན་ཉིད་འདི་ནི་མི་
དམིགས་པ་ཡིན་ནོ། །ཇི་ལྟར་ཤེས་བྱའི་མཚན་ཉིད་མི་དམིགས་ན་དངོས་པོ་དངོས་པོ་མེད་པར་འགྲུབ་པ་དེ་བཞིན་དུ་ཤེས་པའི་མཚན་ཉིད་ལ་ཡང་ཡིན་ནོ། །དེས་ན་དངོས་པོ་མེད་པ་ཡང་ཤེས་པ་དང་ཤེས་བྱའི་མཚན་ཉིད་ཁོ་ནའོ། །འདི་ལྟར་ཕྱོགས་ཙམ་བུམ་པ་དང་བཅས་པ་དང་འགལ་བ་དེ་
Vol. 182 · folio 39a
བཞིན་དུ་ཕྱོགས་ཙམ་གྱི་ཤེས་པ་ཡང་ངོ་། །གང་གི་ཕྱིར་བུམ་པ་ཡོད་ཀྱང་ཕྱོགས་ཙམ་ཤེས་པར་འགྱུར་བ་སྲིད་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་གལ་ཏེ་ཕྱོགས་འདི་བུམ་པ་དང་བཅས་པ་ཡིན་ན་བུམ་པ་དང་བཅས་པའི་ཕྱོགས་ཤེས་པ་གསལ་བར་འགྱུར་བ་ཞིག་
ན་ཕྱོགས་ཙམ་ཤེས་པར་གསལ་ལོ་ཞེས་བྱ་བས་ཀྱང་བུམ་པ་མེད་པར་རྟོགས་པ་ཡིན་ནོ། །དེས་ན་ཤེས་པ་ཡོད་པའི་མཚན་ཉིད་མི་དམིགས་པ་ན་ཡང་བུམ་པ་མེད་པར་གྲུབ་བོ། །དེ་ལྟར་རྟོགས་པར་དཀའ་བའི་མི་དམིགས་པ་དེ་ནི་འདི་ཁོ་ན་བཞིན་དུ་རྗེས་སུ་རྟོགས་པར་བྱའོ། །དེའི་ཕྱིར་
མེད་པ་དག་གི་མེད་པ་རྣམ་པ་དེ་ལྟ་བུའི་མི་དམིགས་པ་ཁོ་ན་ཡིན་ནོ་ཞེས་གསུངས་པ་ནི་རིགས་པར་གསུངས་སོ། །དེས་ན་འདི་ལྟར་ཤེས་པ་དང་ཤེས་བྱའི་མཚན་ཉིད་མི་དམིགས་པ། དམིགས་པ་དངོས་པོ་མེད་པར་རྟོགས་པ་དེ་ཉིད་ཇི་སྐད་བཤད་པའི་ཚུལ་གྱིས་དངོས་པོ་དངོས་པོ་མེད་
པ་ཉིད་ཡིན་པས་དངོས་པོ་དངོས་པོ་མེད་པ་ཉིད་དུ་རྟོགས་པ་ཡིན་ནོ། །དེ་ལྟར་དངོས་པོ་མེད་པར་ལྷག་པར་རྟོགས་པ་ནི་མ་ཡིན་གྱི། འོན་ཀྱང་རྟོགས་པ་ཉིད་སྐྱེས་པར་ཟད་དོ། །དེས་ན་ཐ་སྙད་བསྒྲུབ་པར་བྱ་བ་ཉིད་དོ། །རྟོགས་པར་བྱ་བའི་མཐར་ཐུག་པ་ཅན་སྒྲུབ་པའི་བྱེད་པ་
ལ་འབྲས་བུ་དེ་ཙམ་དུ་འགྱུར་མོད། སྒྲ་དང་ཐ་སྙད་གོ་ཇི་ལྟར་སྒྲུབ། གང་གིས་རྟོགས་པ་བཞིན་དུ་འདིའི་དོན་སྒྲུབ་པ་མེད་པར་རང་གི་ཡུལ་ཉེ་བར་གནས་པ་ལ་འགྲུབ་པར་འགྱུར་བ་རང་གི་རྒྱུ་ངེས་པའི་ཕྱིར་རྟོགས་པ་བཞིན་དུ་སྒྲ་ཡང་དོན་ལ་འགྱུར་བ་ནི་མ་ཡིན་ནོ་ཞེ་ན། དེའི་ཕྱིར་བརྡ་
ལ་ཞེས་སྨོས་སོ། །བརྡ་ཡོད་ན་འཇུག་པ་ནི་བརྡ་ཇི་ལྟ་བ་བཞིན་དུ་ངེས་པའི་སྒྲའམ། དོན་སྒྲུབ་པ་ངེས་པར་སྦྱོར་བ་ཁས་བླངས་པ་ཞུགས་པར་འགྱུར་བ་ཉིད་དོ། །འདོད་པའི་འབྲས་བུ་སྒྲུབ་པར་བྱེད་པའི་དོན་བདག་གིར་བྱེད་པའི་མཐར་ཐུག་པ་དོན་ལ་གཞོལ་བའི་བྱེད་པ་ནི་ཐ་སྙད་དོ། །
དེ་ཉིད་ཀྱི་ཕྱིར་སྒྲ་ཙམ་དོན་དམ་པ་ཉིད་དུ་གྱུར་པའི་དཔེར། དཔེར་ན་ཞེས་སྨོས་སོ། །བ་ལང་དང་ལྐོག་ཤལ་ལ་སོགས་པ་འདུས་པ་ནི་དོན་གཅིག་པས་སྒྲ་ཙམ་གྱིས་ཐ་དད་ཀྱི་ཇི་ལྟར་ངོ་བོ་དང་ངོ་བོ་མེད་པ་ཉིད་ཀྱིས་ཐ་དད་པའི་ཕྱིར་དོན་ཡོད་པ་དང་གཞན་མེད་པ་ལྟར་དོན་ནི་སྒྲོ་བཏགས་པ་
Vol. 182 · folio 39b
ཡང་ཐ་དད་པ་མེད་དོ། །དེ་ལྟ་ན་ཡང་འཐད་པ་འདི་ནི་ཡུལ་གྱིས་ཡུལ་ཅན་སྒྲུབ་པ་ཉིད་ལ་བསྟན་པ་ཡིན་ནོ། །ཇི་སྐད་བརྗོད་པའི་ཚུལ་གྱིས་དགག་པའི་དོན་ནི་གཞན་ཡོད་པའི་མཐར་ཐུག་པ་ཡིན་པའི་ཕྱིར་དེ་ལ་རྟོགས་པ་པོ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་དེ་ལྟར་
ཁས་ལེན་པ་ནི་བརྡར་བརྗོད་དོ། །དེ་ལ་ནི་མི་དམིགས་པའི་མཚན་ཉིད་གཞན་དངོས་པོ་མེད་པ་ཡུལ་འདི་བསྟན་ནས་འཇུག་པར་བྱེད་དེ། ལྐོག་ཤལ་ལ་སོགས་པའི་འདུས་པ་བསྟན་ནས་བ་ལང་ཞེས་བྱ་བ་ལ་འཇུག་པ་བཞིན་ནོ། །འདིར་ནི་བ་ལང་ངོ་སྙམ་པའི་ཤེས་པ་གལ་ཏེ་ཡུལ་
ཐ་མི་དད་པའི་ཕྱིར་ལྐོག་ཤལ་ལ་སོགས་པ་འདུས་པའི་ཤེས་པ་ཐ་མི་དད་པ་དེ་ལྟ་ན་ཡང་སྒྲ་ཙམ་ཐ་དད་པ་ཉིད་ཀྱིས་དཔེ་ཡིན་ཏེ་སྔ་མ་བཞིན་ནོ། །ཡང་ན་གང་གི་ཕྱིར་ལྐོག་ཤལ་ལ་སོགས་པ་འདུས་པ་ལ་ཡང་བ་ལང་ངོ་ཞེས་རྟོགས་ཏེ་བ་ལང་གི་བསྒྲུབ་པར་བྱ་བའི་དོན་སྒྲུབ་པ་ཉིད་དུ་ཁོང་དུ་ཆུད་
ནས་འཇུག་གི་ལྐོག་ཤལ་ལ་སོགས་པ་འདུས་པ་ཙམ་རྟོགས་པས་ནི་མ་ཡིན་ཏེ། དཔེར་ན་གཞན་ཡོད་པ་ཉིད་ལ་དངོས་པོ་མེད་པ་ཞེས་རྟོགས་ནས་དབེན་པ་དོན་དུ་གཉེར་བ་འཇུག་པ་བཞིན་ཡིན་པ་དེའི་ཕྱིར་ཤེས་པ་ཐ་དད་པ་ཡོད་པ་ཉིད་དོ། །ཚུལ་འདིས་ནི་ཤེས་པ་དངོས་པོ་མེད་པ་དངོས་
པོ་དངོས་པོ་མེད་པའི་སྒྲུབ་པར་བྱེད་པ་ཡིན་པ་སྤོང་བ་གང་དག་དཔེ་མ་གྲུབ་པར་བརྗོད་པ་དེ་དག་གི་དཔེ་མ་གྲུབ་པར་རྒོལ་བ་དེ་ཡང་བསལ་བ་ཡིན་ནོ། །དེས་སྨོས་པ་ནི་དེ་ལྟ་ཡིན་དང་ཞེས་བྱ་བ་ཡིན་ནོ། །གལ་ཏེ་དངོས་པོ་མེད་པ་མི་དམིགས་པ་གཅིག་པུའི་ཚད་མ་ཅན་ཡིན་ན་གང་གི་
དེར་མི་དམིགས་པ་ཡོད་པ་ན་དངོས་པོ་མེད་པར་རྟོགས་པ་ནས་གཞན་དུ་དེ་ལྟར་རྟོགས་པར་བྱེད་པ། གང་དུ་ཡང་འདི་ཚད་མ་གཞན་གྱི་སྤྱོད་ཡུལ་གྱི་ངོ་བོར་གྱུར་པ་མེད་དོ། །དེ་ལྟ་ཡིན་དང་འདི་ནི་ཚད་མ་གཞན་ཉིད་དོ་ཞེ་ན། གལ་ཏེ་མི་དམིགས་པ་བཞིན་དུ་མངོན་སུམ་གྱིས་ཀྱང་
དངོས་པོ་མེད་པ་མ་རྟོགས་ན་དེ་ལྟར་འགྱུར་རོ། །དེ་ལྟ་ཡིན་དང་ཚད་མ་གཞན་གྱི་ཡུལ་ཉིད་དུ་སྲིད་པའི་ཕྱིར་དཔེ་མ་གྲུབ་པ་མ་ཡིན་ནོ། །ཚད་མ་གཞན་གྱི་ཡུལ་དུ་སྨྲ་བས་ཀྱང་དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་མ་བཀག་པར་ནི་རང་དབང་དུ་དངོས་པོ་དངོས་པོ་མེད་པར་རྟོགས་པར་ནུས་པ་
Vol. 182 · folio 40a
མ་ཡིན་ཏེ། ཚད་མས་གྲུབ་པ་སྨྲ་རྣམས་ཀྱི། དོན་གྱིས་བཟློག་པ་ཉིད་ལས་མ་གྲུབ་པ་ཡིན་ཞེས་གང་འཆད་པར་འགྱུར་རོ། །ཤེས་པ་ཡང་དེའི་རྣམ་པར་ཤེས་པ་མ་བཀག་པར་དགག་པར་མི་ནུས་སོ། །རྣམ་པར་ཤེས་པ་ཡོད་དམ། འོན་ཏེ་མེད་ཅེས་ཤེས་པར་འདོད་པ་དེའི་
གསལ་བ་ཚོལ་བ་ཉིད་འཇུག་པ་ལ་རྣམ་པར་ཤེས་པ་སྣང་བ་མེད་པའི་ཕྱིར་མེད་དོ་ཞེས་བྱ་བ་ཡིན་ནོ། །དེས་ན་དེར་ཡང་མི་དམིགས་པ་ཚོལ་བ་ན་ཐུག་པ་མེད་པར་འགྱུར་ཏེ། ཇི་སྐད་བཤད་པ་བཞིན་ནོ། །འོན་ཏེ་ཤེས་པ་མེད་པ་མངོན་སུམ་གྱིས་གྲུབ་ན་ཚད་མ་གཞན་གྱི་ཡུལ་ཉིད་བསལ་བའི་ཕྱིར་ཇི་སྐད་
བཤད་པའི་ཡུལ་ཉིད་རྗེས་སུ་རྟོགས་པར་བྱའོ། །གལ་ཏེ་མི་དམིགས་པ་བཞིན་དུ་གཞན་ཡོད་པས་དངོས་པོ་དངོས་པོ་མེད་པར་གྲུབ་པ་ཉིད་ཡིན་པ་དེའི་ཕྱིར་ཚད་མ་གཞན་གྱི་ཡུལ་མ་ཡིན་པ་དང་རྗེས་སུ་འབྲེལ་པ་ཅན་དཔེ་མ་གྲུབ་པ་ཡོད་ན། འོ་ན་ནི་མི་དམིགས་པ་འཇུག་པ་ལ་མི་ལྟོས་པར་འགྱུར་ཏེ་
མངོན་སུམ་གྱིས་གྲུབ་པའི་ཕྱིར་རོ། །དེས་ན་ཉེས་པ་འདིར་མི་འགྱུར་བར་བྱ་བའི་ཕྱིར་མི་དམིགས་པ་ཙམ་སྒྲུབ་པར་བྱེད་པ་ཡིན་པར་བརྗོད་པར་བྱའོ། །དེ་ལྟ་ཡིན་དང་དཔེ་མ་གྲུབ་པ་ཉིད་དེ་མངོན་སུམ་གྱི་གྲུབ་པ་ལ་ཡང་མ་རྟོགས་པ་མི་འཐད་པའི་ཕྱིར་དང་དེ་མེད་ན་ཡང་གཏན་ཚིགས་ཉེ་བར་ལེན་པ་མི་འཐད་
པའི་ཕྱིར་རོ་ཞེ་ན། ཡུལ་རྟོགས་སུ་ཟིན་ཀྱང་ཞེས་སྨོས་སོ། །གལ་ཏེ་གཞན་ཡོད་པས་དངོས་པོ་མེད་པའི་བློར་འགྱུར་བ་དེ་ལྟ་ན་ཡང་གང་དག་དེ་ལ་ཡང་དངོས་པོ་མེད་པར་མ་རྟོགས་པ་འགའ་ཞིག་ཡོད་པ་ཡིན་ཏེ། ཇི་ལྟར་འདི་ནི་བློན་པོ་རྣམས་ཀྱི་གཙོ་བོ་ཡོད་པ་སྐྱེ་བར་སེམས་པས་འོ་མ་ལ་དམིགས་པའི་
མཚན་ཉིད་དུ་གྱུར་པའི་མི་དམིགས་པའི་ཞོ་མེད་པར་མ་རྟོགས་པ་བཞིན་ནོ། །དེའི་ཕྱིར་མངོན་སུམ་ཉིད་ཡིན་ཡང་མི་དམིགས་པ་ལ་ལྟོས་པ་ཡོད་པའི་ཕྱིར་གང་ལས་དཔེ་མ་གྲུབ་པར་འགྱུར་བ་དེ་གཅིག་པུ་ནི་སྒྲུབ་བྱེད་དུ་བརྗོད་པ་མ་ཡིན་ནོ། །ཤེས་པ་ལ་སོགས་པ་དག་ནི་དམིགས་པ་སྔོན་དུ་འགྲོ་བ་ཅན་
ཡིན་པའི་ཕྱིར་མི་དམིགས་པ་གཉིས་ཡོད་པའི་ཤེས་པ་འགོག་པའི་འབྲས་བུ་ཅན་ཉིད་དུ་ཁྱད་པར་མེད་པར་བརྗོད་པ་ཡིན་ནོ། །དེ་འདིར་གཞུང་གཟུགས་པའི་ཕྱིར་དེ་ལྟར་ཞེས་སྨོས་སོ། །ཚུལ་འདིས་ནི་མི་དམིགས་པ་འདི་གཉིས་ནི་ཡོད་པའི་ཐ་སྙད་དགག་པའི་འབྲས་བུ་ཅན་ཉིད་དུ་འདྲའོ། །མྱོང་བའི་རང་
Vol. 182 · folio 40b
བཞིན་མ་ཡིན་པའི་རྣམ་པར་ཤེས་པ་ནི་འགའ་ཡང་ཡོད་པར་མི་སྲིད་དོ། །དེས་ན་འགའ་ཞིག་མྱོང་བཞིན་པའི་རྣམ་པར་ཤེས་པ་མི་དམིགས་པ་གཉིས་སུ་བརྗོད་པ་འཐོབ་བོ། །དེ་ནི་རང་གི་ཡུལ་ལས་ཐ་དད་པ་གཞན་ཐམས་ཅད་མི་དམིགས་པ་ན་དེ་སྣང་བ་དང་མི་སྣང་བ་ན་རྣམ་པ་གཉིས་ལས་མི་འདའ་བའི་ཕྱིར་
དེ་དག་དེར་མི་དམིགས་པ་རྣམ་པ་གཉིས་སུ་འགྱུར་བ་ཡིན་ནོ། །དེ་ལྟར་གཉི་ག་ཡང་ཡོད་པའི་ཐ་སྙད་དགག་པ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟར་ཞེས་བྱ་བས་ནི་རྣམ་པ་འདིར་བརྗོད་པ་ཡིན་ནོ། །རྣམ་པ་དེ་ཡང་གང་ཞེ་ན་རང་དང་བཟློག་པའི་རྒྱུ་མེད་པ་དང་ཡོད་པ་དག་གི་ཕྱིར་ཞེས་སྨོས་སོ། །བལྟར་
མི་རུང་བ་མི་དམིགས་པ་གཅིག་ལ་ནི་ཡོད་པའི་ཐ་སྙད་རང་གི་རྒྱུ་དམིགས་པ་མེད་ལ། བལྟར་རུང་བ་དམིགས་པ་ལ་ནི་བཟློག་པ་མེད་པའི་ཐ་སྙད་ཀྱི་རྒྱུ་སྣང་བ་མི་དམིགས་པ་ཡོད་པ་ཡིན་ནོ། །བཟློག་པའི་རྒྱུ་ཡང་ཡོད་པའི་ཐ་སྙད་ཀྱི་རྒྱུ་མེད་པར་གྲུབ་པ་ཉིད་དེ། དེ་ལྟ་མ་ཡིན་ན་དེ་ལས་བཟློག་པའི་རྒྱུ་ཡོད་
པ་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །བཟློག་པའི་རྒྱུ་ཡོད་པར་བསྟན་པ་ནི་དེའི་རྒྱུ་མེད་པར་བསྟན་པ་ཉིད་ཀྱི་དོན་ཏེ་གཞན་དུ་ན་གཉི་གར་ཡང་ཡོད་པའི་ཐ་སྙད་འགོག་པར་མཚུངས་པ་ཉིད་དུ་བརྗོད་པ་ན་ཡོད་པའི་ཐ་སྙད་ཀྱི་རྒྱུ་མེད་པ་ཉིད་བརྗོད་པར་བྱ་བར་འགྱུར་བ་དེས་ན། མེད་པའི་ཐ་སྙད་ཀྱི་རྒྱུ་ཡོད་པར་ཐ་སྙད་
པར་ཅི་བྱ། དེ་ཉིད་ཀྱི་ཕྱིར་བཟློག་པའི་སྒྲ་ཉེ་བར་བཀོད་དོ། །རྒྱུ་མེད་པ་ཉིད་དུ་བརྗོད་པར་བྱ་བ་ལས་འདི་ལྟར་བརྗོད་པ་གང་ཡིན་པ་དེས་ནི་སྣང་བ་མི་དམིགས་པ་གཉི་གའི་སྒྲུབ་པར་བྱེད་པ་ཡིན་པ་བསལ་བའི་ཕྱིར་རོ། །འདི་མེད་པའི་ཐ་སྙད་དེའི་རྒྱུ་ཡོད་པ་ལས་བྱེད་པ་དང་། ཡོད་པའི་ཐ་སྙད་དེའི་རྒྱུ་མེད་པ་
ལས་འགོག་པ་ནི་མ་ཡིན་ཏེ། བྱེད་པ་གཉིས་མེད་པའི་ཕྱིར་རོ། །འོན་ཀྱང་མེད་པའི་ཐ་སྙད་གྲུབ་པ་ཉིད་ཡོད་པའི་ཐ་སྙད་བཀག་པ་ཡིན་ཏེ། དེ་གྲུབ་ན་དེ་འཇུག་པར་དོགས་པ་མེད་པའི་ཕྱིར་རོ། །དེས་ན་འདིའི་ཡོད་པའི་ཐ་སྙད་འགོག་པའི་ཚུལ་མི་འདྲ་བ་ཡིན་ཏེ། དེ་ལས་བཟློག་པ་སྒྲུབ་པའི་སྒོ་ནས་རབ་ཏུ་སྒྲུབ་
པའི་ཕྱིར་རོ། །གང་གི་ཕྱིར་ས་ཕྱོགས་དམིགས་པ་ཉིད་བལྟར་རུང་བ་དང་མི་རུང་བ་བུམ་པ་དང་ཤ་ཟ་ལ་སོགས་པ་དེ་དམིགས་པའི་རང་བཞིན་ཡིན་པ་དེའི་ཕྱིར་འདི་ནི་མི་དམིགས་པ་གཅིག་ཉིད་ཡུལ་གཉིས་ལ་ལྟོས་ནས་བལྟར་རུང་བ་དང་མི་རུང་བ་མི་དམིགས་པའི་རང་བཞིན་གྱིས་རྣམ་པ་གཉིས་སུ་གནས་པ་ཡིན་
Vol. 182 · folio 41a
ནོ། །དེས་ན་ཇི་ལྟར་འདི་ཉིད་སྣང་བ་མི་དམིགས་པའི་ངོ་བོ་ཉིད་ཡིན་པ་ན་བསྒྲུབ་པར་བྱ་བ་བུམ་པ་མེད་པའི་རང་བཞིན་ཡིན་པ་དེ་བཞིན་དུ། འདི་ཉིད་ཤ་ཟ་ལ་སོགས་པ་ཡོད་པའི་ཤེས་པ་དང་སྒྲ་ལ་སོགས་པ་མེད་པ་ཡིན་ནོ། །སྒྲུབ་པ་དང་བསྒྲུབ་པར་བྱ་བའི་དངོས་པོ་ནི་རྣམ་པར་
གནས་པའི་རང་བཞིན་གྱི་དོན་གྱི་མཐར་ཐུག་པ་ཡིན་ནོ། །དེས་ན་ཡོད་པའི་ཐ་སྙད་བཀག་པ་ནི་དངོས་པོ་མེད་པ་ཉིད་ཀྱིས་བསྒྲུབ་པར་བྱ་བ་མ་ཡིན་ནོ། །འཇུག་པ་མེད་པ་ནི་འདིའི་འབྲས་བུ་མ་ཡིན་ཏེ། དེ་ནི་ཤེས་པར་བྱེད་པའི་ཆོས་མ་ཡིན་པའི་ཕྱིར་རོ། །འཇུག་པར་བྱ་བ་མ་ཡིན་པའོ་ཞེས་བྱ་བ་ཡང་ཚད་
མའི་བྱེད་པ་མ་ཡིན་ནོ། །དེའི་ཚེ་དེར་བསྒྲུབ་པར་བྱ་བ་གང་ཞིག་ཡིན། འཇུག་པའམ་དེ་མེད་པའམ་བྱ་བའི་དོན་ཡིན་ནོ། །འགའ་ཡང་སྲིད་པ་མ་ཡིན་ཏེ། མི་འདོད་པའི་ཕྱིར་དང་བསྒྲུབ་བྱ་མ་ཡིན་པའི་ཕྱིར་དང་བརྡ་ལས་བྱུང་བའི་སྒྲ་ལ་བརྟེན་པ་ཉིད་ཀྱི་དངོས་པོ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཡོད་
པའི་ཐ་སྙད་བཀག་པ་ནི་དངོས་པོ་ཉིད་ཡིན་ལ་དེ་ཡང་གང་ཡོད་ན་དེ་མི་སྲིད་པ་དེའི་བཟློག་ཟླར་གྱུར་པ་ཉིད་དོ། །དེ་ཡང་ཕྱོགས་ལ་སོགས་པ་དམིགས་པ་ཉིད་དོ། །ཤེས་པ་དང་ཤེས་བྱའི་རང་བཞིན་ནི་མི་སྣང་བ་མ་དམིགས་པས་ནི་ཡོད་པའི་ཐ་སྙད་མེད་པ་ཡིན་ཏེ། དེ་ལ་མི་སྣང་བ་མི་རྟོགས་པའི་ཕྱིར་
དང་ཡོད་པའི་ཐ་སྙད་མི་སྲིད་པའི་ཕྱིར་རོ། །འོ་ན་དེ་གྲུབ་པའི་ཕྱིར་བསྒྲུབ་བྱ་མ་ཡིན་ནོ་ཞེ་ན། དེ་ལྟར་ཡིན་མོད་འོ་ན་སྒྲུབ་པའི་བྱེད་པ་རྟོགས་པའི་མཐར་ཐུག་པ་ཡིན་པའི་ཕྱིར་ཤེས་པ་ལ་སོགས་པ་མེད་པའི་ཐ་སྙད་ཉིད་བསྒྲུབ་བྱར་འགྱུར་རོ་ཞེ་ན། རིགས་པ་བརྗོད་པ་ན་གལ་ཏེ་ཚེ་དང་ལྡན་པས་དེ་ལྟར་རྟོགས་ན་དེ་
འདོད་པ་ཁོ་ནའོ། །རང་དང་བཟློག་པའི་རྒྱུ་མེད་པ་དང་ཡོད་པ་ཉིད་སྟོན་ཏེ། བལྟར་མི་རུང་བ་མི་དམིགས་པ་གཅིག་ལ་ནི་ཡོད་པར་ཐེ་ཚོམ་ཡོད་པའི་ཕྱིར་ལ། མི་དམིགས་པ་གཞན་ལ་ནི་བཟློག་པའི་ཕྱིར་དེ་མེད་དོ་ཞེས་རྟོགས་པའི་ཕྱིར་རོ། །གལ་ཏེ་འདིར་ཡོད་པའི་ཐ་སྙད་ཀྱི་རྒྱུ་ཡོད་ན་ནི་ཐེ་ཚོམ་ཡོད་པར་མི་འགྱུར་
རོ། །དེས་ན་འབྲས་བུ་མེད་པའི་ཕྱིར་འདིར་རང་གི་རྒྱུ་མེད་པར་བརྗོད་པ་ཡིན་ནོ། །ཕྱི་མར་ཡང་བཟློག་པའི་རྟོགས་པ་ཡོད་པ་ཉིད་ཀྱིས་བཟློག་པའི་རྒྱུ་ཡོད་པར་བསྒྲུབ་པ་ཡིན་ནོ། །གལ་ཏེ་མི་སྣང་བ་མི་དམིགས་པ་ལ་མེད་པའི་ཐ་སྙད་ཀྱི་རྒྱུ་མེད་པ་ཡོད་པ་ཉིད་དེ་དེ་ལ་སྣང་བ་མི་དམིགས་པ་མེད་པའི་ཕྱིར་དང་། དེའི་
Vol. 182 · folio 41b
རྒྱུ་ཡང་དེ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་མེད་པའི་ཐ་སྙད་དགག་པའི་འབྲས་བུ་ཅན་དུ་ཡང་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། བདེན་ཏེ་བཀོད་པ་ནི་ཉེ་བར་བསྟན་པའི་དོན་ཡིན་པའི་ཕྱིར་བརྗོད་པ་ཁོ་ནའོ། །རིགས་པ་བརྗོད་པ་ན་དེ་དང་ཁྱད་པར་མེད་པ་མ་བརྗོད་ཀྱང་མི་རྟོགས་པ་ནི་མ་ཡིན་ནོ། །མི་དམིགས་པ་གཉིས་
པོ་དེ་ལ་མི་སྣང་བ་མི་དམིགས་པ་ནི་ཇི་སྐད་བརྗོད་པའི་དོན་ཉིད་ལ་ཚད་མ་ཡིན་གྱི། གཏན་ཚིགས་ཀྱི་ལྡོག་པ་མཐོང་བ་དང་། སྩོགས་པའི་སྒྲས་སེམས་འདོད་ཆགས་དང་བྲལ་བ་ལ་སོགས་པ་མེད་པར་བསྒྲུབ་པ་ལ་ཉེ་བར་སྦྱོར་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐེ་ཚོམ་ཡོད་པའི་ཕྱིར་རོ། །མ་རྟོགས་པ་
ཙམ་གྱིས་ནི་འདོད་ཆགས་དང་བྲལ་བའི་སེམས་སམ། བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མེད་དོ་ཞེས་ངེས་པ་ཡོད་པ་མ་ཡིན་ནོ། །གཉིས་པ་ནི་གཏན་ཚིགས་ཀྱིས་ལྡོག་པ་དང་དོན་གཞན་མེད་པ་ལ་སོགས་པ་བསྒྲུབ་པ་དེ་ལ་ཚད་མ་ཡིན་ཏེ། ངེས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །ངེས་
པའི་འབྲས་བུ་ཅན་ཉིད་ཚད་མ་ཡིན་ནོ་ཞེས་བྱ་བར་བསམ་པའོ། །གལ་ཏེ་ལྡོག་པ་ནི་རང་བཞིན་མི་དམིགས་པ་ལས་མ་ཡིན་ཏེ། འོན་ཀྱང་རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་དག་ལས་མ་ཡིན་ནམ་ཞེ་ན། བདེན་ན་འོན་ཀྱང་དེའི་ཁོངས་སུ་འདུས་པའི་ཕྱིར་དེ་གཉིས་འདི་ལྟར་བསྟན་པ་ཡིན་ཏེ།
དེའི་རིགས་ཅན་དེ་ཉིད་ཀྱི་ཁོངས་སུ་བསྡུས་པར་བསྟན་པའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་གཉིས་པ་སྣང་བ་མི་དམིགས་པ་ཡིན་གྱི་དང་པོ་ནི་མ་ཡིན་ནོ་སྙམ་དུ་བསམ་པའོ། །རྣམ་བཞི་ཞེས་བྱ་བ་ནི་དབྱེ་བ་བཞིའོ། །འདིའི་དབྱེ་བ་ཉིད་དུ་བསྟན་པ་གང་ཡིན་པ་དེ་དག་སྒྲུབ་པར་བྱེད་པ་གཞན་ཉིད་དུ་ཅི་སྟེ་མི་གཞག །
མི་དམིགས་པའི་དབྱེ་བ་ཉིད་དུ་ཅིའི་ཕྱིར་གཞག་ཅེ་ན། སྦྱོར་བའི་བྱེ་བྲག་གིས་ཞེས་སྨོས་ཏེ་འདིར་སྦྱོར་བ་ཁོ་ན་ཐ་དད་ཀྱིས་སྦྱར་བར་བྱ་བ་ནི་མ་ཡིན་པའི་ཕྱིར་དེ་ཐ་དད་མེད་པས་གཅིག་ཉིད་དོ། །སྦྱོར་བ་གཞན་ཉིད་ཀྱིས་ནི་རྣམ་པ་དུ་མ་ཙམ་ཉིད་པས་དེ་ཇི་ལྟར་སྒྲུབ་བྱེད་གཞན་ཉིད་ཡིན། རྣམ་པའི་བྱེ་བྲག་དེ་ཉིད་
བཤད་པ་ནི་འགལ་དང་འབྲས་བུ་དག་ཅེས་བྱའོ། །འགལ་བ་ཉིད་ནི་རང་ཉིད་འཆད་པར་འགྱུར་རོ། །འབྲས་བུ་ཞེས་བྱ་བ་ཡང་ལྟོས་པའི་རང་བཞིན་ཏེ། དེས་ན་གང་གིས་འབྲས་བུ་ཞེས་ལྟོས་པ་དང་བཅས་པ་ནི་སྐབས་སུ་བབ་པའི་འགལ་བ་ཉིད་ལ་ལྟོས་པར་བྱ་བ་ཡིན་ནོ། །དེས་ན་འགལ་བ་དང་འབྲས་བུ་
Vol. 182 · folio 42a
དག་གྲུབ་ཅེས་བྱ་བ་ནི་འགལ་བ་དམིགས་པ་དང་འགལ་བའི་འབྲས་བུ་དམིགས་པ་ཡིན་ནོ། །རྒྱུ་དང་ངོ་བོ་ཁྱབ་པར་བྱེད་པར་མ་གྲུབ་པའོ། །བལྟར་རུང་བའི་བདག་ཉིད་ཅེས་བྱ་བ་ནི་ཁྱད་པར་རོ། །མེད་དོན་ཞེས་བྱ་བ་ནི་བསྒྲུབ་བྱ་བསྟན་པའོ། །དེ་ལྟར་ན་ཐ་སྙད་ཀྱི་དོན་ཅན་ཉིད་
བསལ་བ་ཡིན་ནོ་ཞེས་བྱ་བར་ནི་མི་ནུས་ཏེ། རང་བཞིན་མི་དམིགས་པ་ཉམས་པའི་ཕྱིར་ཏེ། གཅིག་ཉིད་ལ་སྒྲུབ་པ་དང་དགག་པ་མི་རུང་བའི་ཕྱིར་རོ། །དངོས་པོ་མེད་པ་གྲུབ་པ་ནི་དེ་རྟོགས་པ་ཡོད་པ་མེད་ན་ནི་མི་འབྱུང་བ་ཡིན་ལ། ཐ་སྙད་ཀྱང་དེ་ཉིད་ཡིན་ནོ། །དེས་ན་དགག་པར་མི་ནུས་པས་
བསྡུ་བ་ཉིད་རིགས་སོ། །མི་དམིགས་པ་ཉིད་རྗེས་སུ་འཇུག་པ་དེའི་རྣམ་པ་ཉིད་གཞུང་གཟུགས་པའི་ཕྱིར་དགག་པ་གང་ཇི་སྙེད་པ་ཞེས་སྨོས་སོ། །མེད་ན་མི་འབྱུང་བའི་རྟགས་ཀྱིས་ནི་དགག་པ་དང་རྗེས་སུ་དཔག་པར་ནུས་པ་མ་ཡིན་ཏེ། ངོ་བོ་མེད་པས་ཡུལ་གྱི་དངོས་པོར་འགལ་བའི་ཕྱིར་རོ། །འོན་
ཏེ་གཞན་གྱི་དངོས་པོས་བདག་ཉིད་ཀྱང་མེད་པ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེ་ན། དངོས་པོ་གཞན་རྟོགས་པ་ཉིད་དུ་འགྱུར་གྱི། དགག་པ་རྟོགས་པ་ནི་མ་ཡིན་ནོ། །འོན་ཏེ་གང་རྟོགས་པ་ན་མེད་དོ་ཞེས་རྟོགས་པར་འགྱུར་བའི་གཞན་གྱི་དངོས་པོ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ་ཞེ་ན། འོ་ན་དེ་ནི་གང་ཡོད་
ན་མེད་དོ་ཞེས་རྟོགས་པ་ཡོད་པར་མི་འཐད་པ་དེ་ལྟ་བུ་ལས་རྟོགས་པ་ཡིན་ནོ། །དེ་ལྟ་ཡིན་དང་རྟོགས་པར་བྱ་བ་བཞིན་དུ་རྟོགས་པར་བྱེད་པ་དེ་མི་མཐུན་པའི་ཟླ་བོ་ཉིད་དོ། །མི་མཐུན་པའི་ཟླ་མ་ཡིན་པ་གཞན་ཡོད་པར་རྟོགས་པས་ནི་མེད་དོ་ཞེས་བྱ་བར་འགྱུར་བ་མ་ཡིན་ནོ། །མི་མཐུན་པའི་ཟླ་བོ་ཡང་དེ་
ཡོད་ན་དེ་མི་འཐད་པ་ཉིད་ཡིན་པའི་དེ་ནི་དེ་རྟོགས་པར་བྱེད་པ་ཡང་ཡོད་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྟོགས་པར་བྱེད་པ་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །གང་ཡོད་ན་དེ་ཡང་མི་སྲིད་པ་དེ་ཡོད་ན་དེ་དམིགས་པ་ཡོད་མི་སྲིད་པའི་ཕྱིར་དེ་དམིགས་པ་མེད་པ་ཡང་དེ་ཉིད་ཡིན་ནོ། །དེ་ན་དགག་པ་ཇི་སྙེད་པ་དེ་
ཐམས་ཅད་ནི་མི་དམིགས་པ་ཁོ་ན་ཡིན་ནོ། །ད་ནི་ཐ་ན་ཤེས་པ་མེད་པ་རྟོགས་པ་ན་མངོན་སུམ་ཇི་ལྟར་མི་དམིགས་པ་ཡིན། འདི་ནི་དགག་པ་མ་ཡིན་པ་མ་ཡིན་ན་དེ་ཇི་ལྟར་དགག་པ་གང་ཇི་སྙེད་པ་དམིགས་པ་ལས་ཡིན་ཞེས་བརྗོད་ཅེ་ན། བརྗོད་པ་གང་གིས་མངོན་སུམ་གྱིས་ཀྱང་དགག་པར་
Vol. 182 · folio 42b
འགྱུར་བ་ལ་མངོན་སུམ་དངོས་པོ་མེད་པ་རྟོགས་པར་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་དངོས་པོ་གཞན་གྱི་མཚན་ཉིད་ཐ་དད་པ་ཉིད་དོ། །དངོས་པོ་མེད་པ་ནི་རྟོགས་པར་ནུས་པ་མ་ཡིན་ནོ། །གང་གི་དོན་དུ་འདི་རྟོགས་པ་དེ་ནི་དེ་རྟོགས་པ་མེད་ཀྱང་འགྲུབ་སྟེ། བུམ་པ་དང་བཅས་པའི་ཕྱོགས་ལས་
ཕྱོགས་ཙམ་གཞན་དུ་གྲུབ་ནས། དོགས་པ་མེད་པར་འགྲོ་བ་དང་། ཆུ་བཅུ་བ་དོན་དུ་གཉེར་བའི་འཇུག་པ་དང་ལྡོག་པ་དག་འཐད་པའི་ཕྱིར་རོ། །དེས་ན་མེད་པ་རྟོགས་པས་ནི་ཅི་ཡང་བྱར་མེད་དེ། དངོས་པོ་གཞན་རྟོགས་པ་ཉིད་ཀྱིས་དེའི་འབྲས་བུ་གྲུབ་པའི་ཕྱིར་རོ། །དེ་རྟོགས་པ་ན་མེད་དོ་སྙམ་
པའི་རྟོགས་པ་མཐོང་བ་ལས་བཟློག་པའི་རང་བཞིན་སྒྲོ་འདོགས་པ་རྣམ་པར་རྟོག་པའི་རྣམ་པར་སྐྱེ་བ་དེའི་ཐ་སྙད་ཀྱི་འབྲས་བུ་གང་ཡིན་པ་དེ་ཡང་གཞན་ཉིད་ལ་ཐེ་ཚོམ་མི་ཟ་བ་ན་མངོན་སུམ་ཉིད་ལས་སྐྱེ་བ་ཡིན་ཏེ། གང་གི་ཕྱིར་གཅིག་དམིགས་ཉམས་སུ་མྱོང་བ་ལས་ཞེས་བྱ་བ་ལ་སོགས་པས་བཤད་པ་
ཡིན་ནོ། །དེ་ལྟར་མ་ཡིན་ན་མྱོང་བས་ཡུལ་དུ་མ་བྱས་པ་རྣམ་པར་རྟོག་པས་མི་ནུས་པར་འགྱུར་རོ། །དེས་ན་མངོན་སུམ་ནི་དགག་པ་གྲུབ་པས་མཐར་ཕྱིན་པ་མ་ཡིན་གྱི། འོན་ཀྱང་གཞན་ནི་རབ་ཏུ་སྒྲུབ་པར་བྱེད་པ་ཉིད་དོ། །རྗེས་སུ་དཔག་པ་ཉིད་སྒྲུབ་པའི་བྱེད་པ་དགག་པའི་མཐར་ཐུག་པ་ཉིད་དེ་
བྱ་བའི་རྟོགས་པས་མཐར་འབྱིན་པའི་ཕྱིར་གཞན་ཡོད་པ་ནི་མངོན་སུམ་ཉིད་ཀྱིས་གྲུབ་པ་ཉིད་དོ། །དེར་དགག་པ་འཇུག་པ་ནི་གཞན་ཡོད་པ་ཚད་མའི་ཡུལ་དུ་གྱུར་པ་ཉིད་མེད་ན་མི་འབྱུང་བ་ཡིན་ནོ། །དངོས་པོ་མེད་པ་སྒྲུབ་པའི་ཕྱིར་ཁྱད་པར་བྱེད་པ་མི་དམིགས་པ་ལ་སོགས་པ་གང་དུ་གཞན་ཡོད་པ་
བསྒྲུབ་པར་བྱ་བ་ཡང་དགག་པའི་སྒོ་ཉིད་ཀྱིས་དེ་འཇུག་པ་ཡིན་ནོ། །དེས་ན་སྒྲུབ་པའི་བྱེད་པ་དགག་པས་མཐར་ཕྱིན་པ་ཅན་གང་ཡིན་པ་དེ་ནི་མི་དམིགས་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་རྣམ་པར་ངེས་པའི། འདི་འགའ་ཞིག་ཏུ་དགག་པར་བྱེད་པ་ན་མངོན་སུམ་གྱིས་ནི་བྱ་བར་འོས་པ་མ་ཡིན་ཏེ་ཞེས་
བྱ་བའི་བར་དུ་དེ་ཡང་ལེགས་པར་དྲངས་པར་འགྱུར་རོ། །ཇི་སྐད་བཤད་པ་ཉིད་ཀྱི་དངོས་པོ་གཞུང་གཟུགས་པའི་ཕྱིར་འདི་ལྟར་ཞེས་སྨོས་སོ། །དགག་པ་དེ་ནི་རྣམ་པ་གཉིས་ཀྱིས་བྱེད་དེ་དངོས་པོ་འགའ་ཞིག་བསྒྲུབ་པས། དེ་ཡོད་པར་རྟོགས་པས་སམ། དགག་པ་སྟེ་མེད་པར་རྟོགས་
Vol. 182 · folio 43a
པས་ཏེ་རྣམ་པ་གཞན་མེད་པའི་ཕྱིར་རོ། །རྣམ་པ་གཞན་མེད་པ་ཉིད་ཀྱིས་གཞན་ཡོད་པས་མེད་པ་རྟོགས་པ་ན་གཞན་དེ་འགལ་བའམ་མི་འགལ་བ་ཞིག་ཡིན་ཞེས་བསྒྲུབས་ན་ནི་ཞེས་སྨོས་སོ། །རེ་ཞིག་ཕྱོགས་ཕྱི་མ་ནི་མི་འཐད་དེ། གང་གི་ཕྱིར་མི་འགལ་བ་བསྒྲུབས་
ན་ནི་བཀག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལྷན་ཅིག་ཡོད་པར་འགལ་བ་མེད་པའི་ཕྱིར་རོ། །དེ་གཉིས་ལྷན་ཅིག་གནས་པར་ཡོད་པ་འཐད་པའི་ཕྱིར་ཇི་ལྟར་དེ་དག་ལས་གཅིག་གིས་གཞན་འགོག་པར་འགྱུར། འགལ་བ་སྒྲུབ་པ་ཡང་མི་དམིགས་པ་མེད་པར་འགལ་བ་མི་རྟོགས་སོ། །འདི་
སྐད་བརྗོད་པ་ཡིན་ཏེ། འགལ་བ་བསྒྲུབ་པ་ནི་དགག་པའི་གཏན་ཚིགས་ཡིན་ནོ། །དེས་ན་འགལ་བ་ཡོད་པ་གཞན་མེད་པ་རྟོགས་པའི་གཏན་ཚིགས་ཡིན་ནོ། །དེ་ཡང་འགལ་བ་ཉིད་ཀྱིས་དེ་དང་མི་མཐུན་པའི་ཟླ་བོར་ནི་དེ་རྟོགས་པ་ཉིད་དེ། དེ་ཡོད་ན་དེ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་
འདི་དགག་པའི་གཏན་ཚིགས་སུ་འགྱུར་རོ། །གང་གི་ཕྱིར་དགག་པའི་གཏན་ཚིགས་ཡིན་པ་དེ་ཉིད་ཀྱི་ཕྱིར་དེ་དང་མི་མཐུན་པའི་ཟླ་ཉིད་ཀྱང་ཡིན་ནོ། །ཇི་ལྟར་འགལ་བའི་ཕྱིར་དེ་ཡོད་པ་དང་མི་མཐུན་པ་དེ་བཞིན་དུ། དེ་དམིགས་པ་དང་མི་མཐུན་པ་དག་ཀྱང་ཡིན་ནོ། །དེ་ཡོད་ན་དེ་མེད་པའི་ཕྱིར་དེ་
དང་འགལ་བ་དེ་དེ་མེད་པར་སྒྲུབ་པར་བྱེད་པ་ཡིན་ལ། དེ་ཉིད་ཀྱི་ཕྱིར་དེ་དེ་དང་མི་མཐུན་པ་ཡིན་ནོ། །དེ་ཡོད་ན་དེ་དམིགས་པ་ཡང་མེད་པ་ཡིན་ཏེ། དེ་ཉེ་བར་གནས་ན་དེ་བཞིན་དུ་དེ་དམིགས་པ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་དེ་དམིགས་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཇི་སྲིད་དུ་དེ་ཡོད་ན་དེ་མེད་དོ་
ཞེས་རྟོགས་པར་བྱ་བའི་ཕྱིར་དེ་མི་དམིགས་པ་ལ་ཡང་ལྟོས་པར་བྱ་བ་ཡིན་ནོ། །དེ་ཡོད་པ་དམིགས་པ་དང་མི་མཐུན་པ་དེ་ཉིད་བསྟན་པའི་ཕྱིར་གཞུང་གཟུགས་པ་ནི་འདི་ལྟར་ཞེས་བྱ་བའོ། །རྒྱུན་ཆགས་པར་འཇུག་པ་ཅན་འབྱུང་བའི་དངོས་པོ་མེད་པའི་ཕྱིར་འགལ་བར་རྟོགས་སོ། །རྒྱུན་
ཆགས་པར་འཇུག་པ་ཉིད་བསྟན་པའི་ཕྱིར་དེའི་རྒྱུ་མཚན་སྨོས་པ་ནི་རྒྱུ་མ་གཏུགས་པ་ཅན་ཞེས་བྱའོ། །གང་གི་ཕྱིར་འདིའི་རྒྱུ་ཉེ་བར་ལེན་པ་སྔ་མའི་མཚན་ཉིད་གྲང་བའི་སྐད་ཅིག་གཉིས་པ་ལ་སོགས་པའི་རྒྱུན་འཕེན་པར་བྱེད་པ་ཡོད་པ་དེའི་ཕྱིར་ན་འདིའི་རྒྱུན་ཆད་པ་མེད་པ་ཡིན་ནོ། །འོ་ན་རྒྱུའི་ནུས་
Vol. 182 · folio 43b
པས་བྱས་པའི་རྒྱུན་འཇུག་པ་མེད་པ་གང་ལས་ཤེ་ན། གཞན་ཡོད་ན་ཞེས་སྨོས་སོ། །དངོས་པོ་གཞན་མེ་ཡོད་ན་དེ་ཡོད་པའི་རྒྱུ་མཚན་གྱིས་སོ། །དེས་ན་རྒྱུན་ཆགས་པར་འཇུག་པའི་དངོས་པོ་འདི་ལྡོག་པ་དེ་ལས་ནི། འགལ་བར་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རང་གི་རྒྱུ་
མེད་ན་འབྲས་བུ་མེད་པའི་ཕྱིར་དེ་ཉིད་རང་གི་འབྲས་བུ་ལྡོག་པར་བྱེད་པར་འགྱུར་གྱི། དངོས་པོ་གཞན་གྱིས་གོ་དངོས་པོ་གཞན་གྱིས་བསྐྱེད་པའི་དངོས་པོ་ཇི་ལྟར་བཟློག་ཅེ་ན། དངོས་པོ་གཞན་གྱིས་བསྐྱེད་པ་དངོས་པོ་གཞན་གྱིས་ཀྱང་བསྐྱེད་པ་ཇི་ལྟ་བར་རོ། །གལ་ཏེ་དངོས་པོ་གཞན་གྱིས་ཕན་
འདོགས་པ་ཉིད་ཀྱིས་དེ་དང་ལྷན་ཅིག་ཚོགས་པ་གཅིག་ཏུ་གྱུར་ནས་གཞན་གྱིས་སྐྱེད་པ་ལ་གཞན་ཉེ་བར་སྦྱོར་རོ་ཞེ་ན། གལ་ཏེ་དེ་ལྟ་ན་ཕན་པ་སྒྲུབ་པ་ཉིད་ཀྱིས་ཚོགས་པ་གཅིག་ཏུ་གྱུར་པས་གཉིས་པ་ལ་སོགས་པ་བསྐྱེད་པར་མི་ནུས་པ་སྐྱེད་པས་གཞན་བཟློག་པས་གཞན་ཡང་ཟློག་པར་བྱེད་པར་
འགྱུར་རོ། །ཕན་འདོགས་པས་ནི་སྐད་ཅིག་མར་འཇིག་པར་བསམ་པར་བྱའོ། །དྲོད་ཆུང་ངུ་འམ་སྣང་བ་ཆུང་ངུའི་ཕྱོགས་སུ་གྲང་བ་དང་མུན་པ་དག་ལྷན་ཅིག་ཏུ་གནས་པ་ཡང་ཡོད་པ་མ་ཡིན་ནམ། དེར་དྲོད་དམ་སྣང་བ་ཉིད་ཆུང་བ་ཡིན་ནོ་ཞེས་བྱ་བར་ནི་མི་ནུས་ཏེ། དེ་དང་མི་མཐུན་པ་ཡང་
དམིགས་པའི་ཕྱིར་རོ་ཞེ་ན། བརྗོད་པ་ཆུ་དང་འོ་མའམ་རིགས་མི་མཐུན་པའི་རྫས་ཀྱིས་དྲིའི་རྡུལ་ཕྲ་རབ་སོ་སོར་བྱེད་པ་དག་ཀྱང་འདྲེས་པར་གྱུར་པ་ཕན་ཚུན་བཟློག་པར་བྱ་བ་དང་། ཟློག་པར་བྱེད་པའི་དངོས་པོ་མེད་པར་ཡང་ཡོད་པ་ཡིན་ནོ། །དེ་ཉིད་ནི་ལྷན་ཅིག་གནས་པ་ཞེས་བརྗོད་དོ། །དྲོ་བའི་
རེག་པ་དང་མེ་དག་ནི་གྲང་བ་དང་མུན་པ་བཟློག་ནས་དེའི་ཡུལ་དུ་འོང་བ་ཡིན་ལ་དེ་མ་ནུས་པ་ལ་ལྟོས་ནས་མི་གནས་པར་འགྱུར་བ་ཡིན་ནོ། །དེས་ན་རང་གི་རྒྱུ་ནུས་པ་ཤིན་ཏུ་ཆུང་བ་དང་ལྡན་པས་མང་པོ་འབྱུང་བའི་ཕྱིར་མི་མཐུན་པའི་ཕྱོགས་ཅུང་ཟད་ཙམ་བཟློག་ཀྱང་ཉེ་བ་ཡིན་ཡང་གཞན་མ་བཟློག་པ་གང་
ཡིན་པ་དེ་ཙམ་གྱིས་ནི་འགལ་བ་མི་ཉམས་ཏེ། ཕྱིས་རང་གི་རྒྱུ་ལས་འཕེལ་བར་འགྱུར་བ་ན་རྣམ་པ་ཐམས་ཅད་དུ་སེམས་པའི་ཕྱིར་རོ། །དེས་ན་དེ་ལྟར་གཞན་ཡོད་ན་མེད་པ་རྟོགས་པའི་རྒྱུ་མཚན་ཡིན་ནོ། །དེས་ན་དེའི་རང་བཞིན་ཡང་གཞན་ཡོད་ན་དེ་མེད་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་
Vol. 182 · folio 44a
ལྷན་ཅིག་མི་གནས་པའི་མཚན་ཉིད་དུ་བསྟན་ཏོ། །གཞན་ཡོད་ན་མེད་པ་འགལ་བར་རྟོགས་པའི་རྒྱུ་ཡིན་མོད། མེད་པ་དེ་ཉིད་གང་ལས་རྟོགས་ཤེ་ན། དེ་ཡང་ཞེས་སྨོས་སོ། །མེད་པ་དེ་ཡང་མི་དམིགས་པ་ལས་ཡིན་ནོ། །མངོན་སུམ་ལས་ཀྱང་འགྱུར་བ་
མ་ཡིན་ནམ་ཞེ་ན། བདེན་ཏེ་མངོན་སུམ་ལས་ཡོད་དམ་མེད་ཅེ་ན་མི་བརྗོད་ཀྱི་འོན་ཀྱང་མངོན་སུམ་གྱིས་མེ་ཡོད་པ་ན་གྲང་བ་རྟོགས་པར་བྱ་བ་ན་ཡང་དེ་ན་གྲང་བ་མི་དམིགས་པ་ཡོད་པ་ཡིན་ནོ། །དེས་ན་དེ་དེ་ཡོད་པ་དང་འགལ་བ་ལྟར་དེ་དམིགས་པ་དང་ཡང་མི་མཐུན་པ་ཉིད་དོ། །དེས་
ན་འདི་སྐད་བརྗོད་པ་ཡིན་ཏེ། མེ་ཡོད་པ་ན་གྲང་བ་མི་དམིགས་པ་ཡོད་པ་ཡིན་ལ། དེ་ཡང་གཞན་ཡོད་པ་ཉིད་ཡིན་ནོ། དེ་ལྟ་ཡིན་དང་ཁྱིམ་ནང་གི་ནམ་མཁའི་ཆ་དྲོ་བས་ཁེངས་པ་རྟོགས་པ་ན་དྲོ་བ་དེ་ཡོད་པས་གྲང་བ་མི་དམིགས་པར་རྟོགས་པ་བཞིན་ནོ། །དེས་ན་དེ་ཉིད་དང་དེ་འགལ་བའི་
རང་བཞིན་ཉིད་ཀྱིས་དེ་མེད་པ་དང་མི་དམིགས་པའི་རང་བཞིན་ཡིན་ནོ། །ཕྱོགས་སམ་སྣང་བ་དེ་ཉིད་དེས་ན་དབེན་པ་ཡིན་ནོ། །སྣང་བ་ཡང་དེ་ལས་གཞན་ཉིད་ཀྱིས་དེ་ལྟར་རྣམ་པར་གཞག་གོ། །འདི་ནི་གཞན་ཡང་ཡིན་ལ། ཟློག་པར་བྱེད་པ་ཡང་ཡིན་པས་མེད་པ་ཤིན་ཏུ་གསལ་བ་ཁོ་ནའོ། །
དེའི་ཕྱིར་ཇི་ལྟར་འགལ་བ་རྟོགས་པ་ན་དེ་ལྟ་བུའི་ཡུལ་རྟོགས་པས་གྲང་བ་མེད་པ་ཁོང་དུ་ཆུད་པ་དེ་བཞིན་དུ་གྲུབ་པའི་འགལ་བ་སྒྲུབ་པ་ན་ཡང་གང་རྟོགས་པ་ན་སྔོན་མེད་དོ་ཞེས་བྱ་བར་མི་རྟོགས་པ་དེ་ཉིད་གྲུབ་ན་འགྱུར་བ་ཡིན་ནོ། །དེས་ན་སྔོན་བཞིན་དུ་ད་ལྟར་ཡང་དེ་མི་དམིགས་པ་ཉིད་ཁྱད་པར་
ཡོད་པ་མ་ཡིན་ནོ། །འདི་ནི་རིགས་པ་ཡིན་ཏེ་འདི་ལྟར་དགག་པའི་དོན་འགལ་བ་མཐོང་བས་རྟོགས་པར་མི་ནུས་ལ་གཞན་རྟོགས་ན་ནི་མེད་དོ་ཞེས་མི་རྟོགས་པར་མི་འགྱུར་རོ། །དེས་ན་གང་རྟོགས་ན་མེད་དོ་སྙམ་པར་འགྱུར་བ་དེ་རྟོགས་པར་བྱ་བ་ཡིན་ནོ། །དེས་ན་འདིར་མེ་འམ་མེའི་འབྲས་བུའམ།
གཞན་ཡང་རུང་སྟེ་རྟོགས་པ་ན་མེད་དོ་སྙམ་པར་འགྱུར་བའི་ཕྱིར་དེ་ཉིད་དམིགས་པ་ཡིན་ནོ། །གལ་ཏེ་དྲོ་བ་ནི་རེག་པ་གཅིག་པུའི་ཡུལ་ཡིན་པའི་ཕྱིར་དེ་ཡོད་པར་རྟོགས་ན་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་ཉིད་ཀྱི་གྲང་བ་མེད་པར་སྒྲུབ་པར་བྱེད་པར་འགྱུར་ཏེ། ཐག་རིང་པོར་ཡང་མེ་མཐོང་
Vol. 182 · folio 44b
དུ་རུང་བའི་ཕྱིར་ལ་གྲང་བའི་རེག་པ་མ་ཡིན་པ་ནི་མ་ཡིན་ནོ་ཞེ་ན། བདེན་ཏེ་གཟུགས་དམིགས་ཀྱིས་རེག་པ་ནི་མ་ཡིན་ནོ། །དེ་ལྟར་གྱུར་པ་ནི་རེག་པ་ཡིན་པས་དེ་མི་དམིགས་པར་བརྗོད་པ་ཡིན་གྱི། གཟུགས་ནི་མ་ཡིན་ནོ་ཞེ་ན། དེ་དེ་བཞིན་ཁོ་ན་སྟེ་གཟུགས་བཟློག་པར་བྱ་བ་མ་
ཡིན་པས་འགལ་བ་མེད་པའི་ཕྱིར་མེ་ནི་རེག་པ་ཉིད་ཀྱིས་གྲང་བ་དང་འགལ་བ་ཡིན་ཡང་། འབར་བ་རྟོགས་ན་རེག་པ་ལ་ཡོད་པར་ཐེ་ཚོམ་ཟ་བ་ནི་མ་ཡིན་ནོ། །མངོན་སུམ་མམ་ཚོགས་པ་གཅིག་ལ་རག་ལས་པའི་རྗེས་སུ་དཔག་པས་ཀྱང་རུང་སྟེ་མངོན་པར་ཞེན་པས་ཀྱང་ཅི་བྱ།
རེག་པ་རྟོགས་པ་ཉིད་ཀྱིས་གྲང་བ་བཟློག་པ་ཡིན་ནོ། །ཡང་ན་འགལ་བ་དག་གིས་ཕྱོགས་དང་ཕྱོགས་ཅན་གྱི་ཞེན་པས་ཅི་བྱ་སྟེ་འགལ་བའི་འབྲས་བུ་ལ་སོགས་པ་ལ་དེ་མེད་པའི་ཕྱིར་འབར་བའི་བདག་ཉིད་ཀྱི་མེ་ཉིད་གྲང་བ་མེད་པ་ཡིན་མོད། ཇི་ལྟར་ཕྱོགས་ཉིད་ཀྱི་ཕྱོགས་བུམ་པ་
མེད་པ་ཡིན་པ་དེ་བཞིན་དུ་དེའི་རང་བཞིན་མ་ཡིན་ཡང་ཕྱོགས་དམིགས་པར་ཡང་འགྱུར་རོ། །དེ་ནི་དེ་ལྟར་ཡིན་ནོ་ཞེས་མི་མཐུན་པ་ཉིད་ལས་རྣམ་པར་གཞག་སྟེ། བུམ་པ་ཡོད་ན་ཕྱོགས་ཙམ་དམིགས་པ་མི་སྲིད་པའི་ཕྱིར་རོ། །དེས་ན་ཇི་ལྟར་ཕྱོགས་དམིགས་པ་རྟོགས་པ་ན་ཡང་བུམ་པ་མེད་པ་
རྟོགས་པ་དེ་བཞིན་དུ་མེ་དང་མེའི་འབྲས་བུ་གཞན་ལ་ཡང་འགྱུར་རོ། །དེས་ན་དེ་ཐམས་ཅད་མེད་དོ་སྙམ་པའི་རྟོགས་པའི་ཡུལ་དུ་འགྱུར་བ་ན་འདི་དག་འཇུག་པའི་དུ་བས་མེ་བཞིན་དུ་གང་ཡིན་དགག་པའི་དོན་ཉེ་བར་བསྒྲུབ་པ་མ་ཡིན་ནོ། །དེས་ན་འདི་ཐམས་ཅད་མི་དམིགས་པ་ཁོ་ནའོ། །འགལ་བ་
གཞན་ཡང་བཤད་པ་ནི་ཕན་ཚུན་དམིགས་པ་སྤངས་ཏེ། གནས་པའི་མཚན་ཉིད་ཀྱང་འགལ་བ་ཡིན་ནོ། །གང་དག་གི་དམིགས་པའི་རང་བཞིན་གང་ཡིན་པ་དེ་ནི་དེ་དག་གི་ཕན་ཚུན་སྤངས་ཏེ་གནས་པའི་རང་བཞིན་ཏེ། དེ་དམིགས་པ་ནི་གཞན་གྱིས་སྤངས་ལ་གཞན་དམིགས་པ་ཡང་དེ་སྤངས་པ་
དེའི་ཕྱིར་བདག་ཉིད་གཅིག་པར་མི་སྲིད་པ་འགལ་བ་ཞེས་བརྗོད་དོ། །དེ་དང་མི་མཐུན་པ་ཉིད་དུ་གྱུར་པ་རང་གི་བདག་ཉིད་ཀྱི་མཐར་ཐུག་པ་ཙམ་གྱིས་ངོ་བོ་ཉིད་ནི་དེར་དངོས་པོའི་རང་བཞིན་ནོ། །སྔ་མ་ལ་ནི་ལྷན་ཅིག་མི་སྲིད་པ་ལ་བརྟེན་པ་བཟློག་བྱ་ཟློག་བྱེད་ཀྱི་དངོས་པོ་མ་ཡིན་ལ། མི་སྲིད་པ་ནི་མི་
Vol. 182 · folio 45a
འཐད་པ་ཙམ་གྱི་རང་བཞིན་ཉིད་ཀྱིས་དངོས་པོའི་རང་བཞིན་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །འགལ་བ་ནི་དཔེར་ན་ཇི་ལྟ་བུ་ཞིག་ཅེ་ན། རྟག་པ་དང་མི་རྟག་པ་བཞིན་ནོ་ཞེས་སྨོས་སོ། །གལ་ཏེ་རྟག་པ་ལ་ནི་དམིགས་པ་འགའ་ཡང་མི་སྲིད་དོ། །དེ་ན་གང་ནའང་མེད་པའི་
ཕྱིར་རོ། །མི་རྟག་པ་ལ་ཡང་མ་ཡིན་ཏེ། མངོན་སུམ་གྱིས་མི་རྟོག་པའི་ཕྱིར་རོ། །རྗེས་སུ་དཔག་པ་ལ་ནི་དངོས་པོ་དམིགས་པ་མེད་པ་ཉིད་དོ། །དེས་ན་སྔོན་པོ་ལ་སོགས་པ་དམིགས་པ་རྟོགས་པ་དག་བཞག་སྟེ་གང་སྤངས་པས་འདི་གཉིས་ཀྱི་རང་བཞིན་གནས་པ་དང་པོར་བཀོད་པ་ཇི་
ལྟར་འདི་དག་དམིགས་པ་ཡིན་ཞེ་ན་བརྗོད་པ་དམིགས་པ་ཉིད་ཡོད་པ་རྣམས་ཀྱིས་ཡོད་པ་ཡིན་ནོ་ཞེས་གནས་པའི་ཐ་སྙད་བློ་ལ་བཞག་ནས་འདི་གཉིས་ཀྱི་རང་བཞིན་ཉིད་དམིགས་པའི་ཐ་སྙད་དུ་བརྗོད་དོ། །དེས་ན་ཕན་ཚུན་བདག་ཉིད་སྤངས་ཏེ་གནས་པའི་རང་བཞིན་ཉིད་འགལ་བ་ཡིན་ནོ་ཞེས་
བརྗོད་པ་ཡིན་ནོ། །འགལ་བ་འདི་ཚད་མ་གང་གིས་རྟོགས་པར་བྱ། རྒྱུ་ཡང་གང་ཞིག་ཡིན་ཞེ་ན། རེ་ཞིག་འདི་ལ་རྒྱུ་ནི་འགའ་ཡང་རྟོགས་པ་མེད་དེ། སྔོན་པོ་ནི་སྔོན་པོའི་བདག་ཉིད་ཡིན་ལ་སེར་པོ་ནི་སེར་པོའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་དེ་དག་ཐ་དད་པའི་བདག་ཉིད་ནི་རང་གི་རྒྱུ་ཉིད་ལས་
བྱུང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྒྲོ་བཏགས་པའི་གཅིག་དགག་པའི་ཕྱིར་གཅིག་པར་འགལ་ལོ་ཞེས་བརྗོད་དོ། །ཕན་ཚུན་ཐ་དད་པའི་ཚད་མ་ནི་བལྟར་རུང་བ་རྣམས་ལ་ནི། མཐོང་བ་ཉིད་གཅིག་འགོག་པའི་སྒྲུབ་བྱེད་ཡིན་ལ། བལྟར་མི་རུང་བ་རྣམས་ཀྱི་རང་བཞིན་ཐ་དད་པའི་འགལ་
བ་ནི་ཐེ་ཚོམ་ཟ་བ་ཉིད་དོ། །རང་གི་ངོ་བོ་ཡོད་ན་ཐ་དད་པ་ཡིན་ལ། ཐ་དད་པ་ཡང་འགལ་བ་ཡིན་པའི་ཕྱིར་རང་གི་ངོ་བོ་ལ་ཐེ་ཚོམ་ཟ་བ་ན་ཐེ་ཚོམ་མི་ཟ་བ་གཞན་ཅི་ཞིག་ཡོད། བལྟར་རུང་བ་དང་བལྟར་མི་རུང་བ་དག་ནི་བལྟར་རུང་བ་རང་ལས་བཟློག་པ་ལས་ཐ་དད་གྲུབ་ན་བལྟར་མི་རུང་བ་
གཞན་ལས་ཐ་དད་པར་མངོན་སུམ་གྱིས་གྲུབ་པ་ཉིད་དེ་ལས་འགལ་བ་མ་ཡིན་ནོ། །བལྟར་མི་རུང་བ་བལྟར་རུང་བ་དང་འགལ་བ་ནི་བལྟར་རུང་བ་ལས་གཞན་ཉིད་ཀྱིས་རྟོགས་པར་བྱེད་དོ། །གཞན་ཉིད་ཀྱང་ཐེ་ཚོམ་ཟ་བ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་བལྟར་མི་རུང་བ་གཞན་ཉིད་དུ་ཐེ་ཚོམ་
Vol. 182 · folio 45b
ཟ་བ་བལྟར་རུང་བ་དང་བདག་ཉིད་གཅིག་པར་ཐེ་ཚོམ་ཟ་བ་ལས་སམ། མེད་པ་གཞན་ཉིད་མ་ཡིན་པའི་ཕྱིར་རང་གི་ངོ་བོ་ལས་ཐེ་ཚོམ་ཟ་བ་ལས་འགྱུར། བལྟར་རུང་བ་ཡོད་པ་ཐེ་ཚོམ་ཟ་བ་ལས་གཞན་དུ་ཐེ་ཚོམ་ཟ་བར་འགྱུར་མོད་ཀྱི། དེའི་ངོ་བོར་ཐེ་ཚོམ་ཟ་བ་ནི་མེད་དེ། རང་ལས་བཟློག་པ་
ཐམས་ཅད་ལས་ཐ་དད་པར་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་མི་རྟག་པ་ཉིད་རྗེས་སུ་དཔག་པ་ལས་གྲུབ་ན་དེ་རང་ལས་བཟློག་པ་ལས་ཐ་དད་པ་ཉིད་དུ་སྒྲུབ་པར་བྱེད་པའི་ཕྱིར་གལ་ཏེ་རྟག་པ་ཞེས་བྱ་བ་མེད་པ་དེ་ལྟ་ན་ཡང་དངོས་པོ་དང་དངོས་པོ་མེད་པ་འགལ་བའམ། ཇི་ལྟར་བརྟགས་བཞིན་པའི་
ལྡོག་པ་མེད་པའི་རང་བཞིན་ཅན་ཉིད་ཀྱི་མཚན་ཉིད་ཀྱི་བདག་ཉིད་དང་འགལ་བ་ཉིད་ལས་རབ་ཏུ་གྲུབ་པོ། །དེ་ཡང་ཐ་དད་པ་ལ་བརྟེན་པ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པ་དང་སེར་པོ་ལྟ་བུ་འམ། དེའི་རང་བཞིན་མ་ཡིན་པ་ཙམ་ལ་བརྟེན་པ་ཡིན་ཏེ། དཔེར་ན་རྟག་པ་དང་མི་རྟག་པ་འམ།
དངོས་པོ་དང་དངོས་པོ་མེད་པ་ལྟ་བུའོ། །ཐ་དད་པར་གྲུབ་པ་དེ་མ་ཐག་པ་ཅན་བལྟར་རུང་བ་བལྟར་མི་རུང་བའི་བདག་ཉིད་ཡིན་པ་བཀག་པ་ནི་བླུན་པོ་ལ་ཡང་མངོན་སུམ་གྱི་གཞི་ལས་མ་ཡིན་ནོ། །ཐ་དད་པའི་བལྟར་མི་རུང་བ་ནི་དགག་ཏུ་མེད་དོ། །དེ་དང་མཚན་ཉིད་མི་མཐུན་པ་ཉིད་ཀྱིས་
བལྟར་རུང་བ་ནི་རྨོངས་པ་ལ་སྣང་བ་མི་དམིགས་པ་ལས་ཡིན་ལ་གཞན་ལ་ནི་མངོན་སུམ་མ་ཡིན་ནོ་ཞེས་མང་དུ་བཤད་ཟིན་ཏོ། །འདི་ལ་གཞུང་ལུགས་ཤེས་པར་རློམ་པ་དག་ཀྱང་གོལ་བའི་ཕྱིར། དེ་གཞན་དུ་ལེགས་པར་བཀག་ཟིན་ཏོ། །འགལ་བ་འདི་ནི་འགལ་བ་བརྗོད་པའི་སྐབས་ཀྱི་འདིར་
བཤད་དོ། །དེ་ནི་རྣམ་པ་གཅིག་ཉིད་དུ་ཟད་དོ་ཞེས་ཤེས་པར་མི་འགྱུར་བར་བྱ་བའི་ཕྱིར་རོ། །མཚན་ཉིད་ལས་གྱུར་པའི་འགལ་བ་ཉེ་བར་མཁོ་བར་ལྷན་ཅིག་མི་གནས་པ་བཞིན་ནོ། །མཚན་ཉིད་ལས་གྱུར་པའི་འགལ་བ་གྲུབ་པས་འགལ་བ་དམིགས་པ་ཉིད་དུ་ཁས་ལེན་ན་རང་བཞིན་མི་
དམིགས་པ་ཡང་འགལ་བ་དམིགས་པ་ཉིད་དུ་འགྱུར་ཏེ། དེར་ཡང་གཞན་ཡོད་པ་ཉིད་ཀྱིས་མེད་པར་རྟོགས་པའི་ཕྱིར་རོ། །བདག་ཉིད་གཅིག་པ་དགག་པའི་དོན་དུ། དེ་དང་འགལ་བའི་རྒྱུ་སྒྲུབ་པ་འགལ་བ་དམིགས་པ་ཉིད་དུ་ཞེ་ན། ད་ནི་ཇི་ལྟར་དུ་མའི་བདག་ཉིད་འགོག་པ་ལྟར་རུང་
Vol. 182 · folio 46a
བ་མ་མཐོང་བའི་ཕྱིར་རོ་ཞེ་ན། ད་དེ་མ་མཐོང་ངོ་ཞེས་བྱ་བ་ག་ལས། དེ་ལས་གཞན་རྟོགས་པ་དམིགས་པའི་ཕྱིར་རོ་ཞེ་ན། དེ་ལས་གཞན་རྟོགས་པ་ཡོད་ཀྱང་དེ་མེད་པའི་རེ་ཞིག་མི་གསལ་བ་མ་ཡིན་ནམ། ཕྱོགས་དམིགས་པ་ན་བུམ་པ་རྟོགས་པ་ཡོད་ན་
རིགས་པར་འགྱུར་ལ། མེད་ན་ནི་རིགས་པ་མེད་པར་འགྱུར་གྱི། རིགས་པ་མེད་དོ་ཞེས་བྱ་བར་མི་འགྲུབ་བོ། །དེས་ན་ཇི་ལྟར་ཤེས་པ་གཞན་ཡོད་ན་ཤེས་པ་གཞན་མེད་པར་རྟོགས་པར་འགྱུར། དེའི་ཕྱིར་བུམ་པ་དང་བཅས་པ་དང་བུམ་པ་མེད་པའི་ཕྱོགས་གཉིས་ཉིད་གཞན་ཡིན་
པ་ན་གཞན་མེད་པ་ལ་འཁྲུལ་པ་མེད་པ་ཅིག་གྲུབ་པ་ནི་གཞན་མེད་པ་རྟོགས་པའི་རྒྱུ་ཡིན་ནོ། །དེ་ལྟ་ཡིན་དང་བུམ་པ་དང་བཅས་པ་དང་བུམ་པ་མེད་པའི་ཕྱིར་བུམ་པ་དང་བཅས་པ་དང་བུམ་པ་མེད་པའི་ཕྱོགས་དག་ལ་འགལ་བ་འདི་ཡོད་པའི་ཕྱིར་ཐམས་ཅད་དུ་འགལ་བ་དམིགས་པ་ཉིད་དུ་
ཐལ་བར་འགྱུར་རོ། །དམིགས་པ་ལས་བལྟར་རུང་བ་བལྟར་མི་རུང་བ་དང་བདག་ཉིད་གཅིག་པ་འགོག་པ་ན་ཡང་འགལ་བ་དམིགས་པ་ཉིད་དུ་འགྱུར་བའི་ཕྱིར་སྣང་བ་མི་དམིགས་པའི་དབྱེ་བ་ཉམས་པར་འགྱུར་ཏེ་འདིར་འགལ་བའི་དམིགས་པ་བལྟར་མི་རུང་བའི་ཡུལ་ཅན་ཡིན་པའི་
ཕྱིར་རོ། །དེའི་ཕྱིར་གཅིག་གི་བདག་ཉིད་འགོག་པ་ནི་མངོན་སུམ་ཉིད་ལས་ཡིན་ལ། ཐ་དད་པ་ལ་ནི་འགལ་བ་དེ་དང་ལྡན་པ་ཡིན་ཡང་རང་བཞིན་མི་དམིགས་པ་ཉིད་ལས་དངོས་པོ་མེད་པ་ཡིན་པའི་ཕྱིར་འགལ་བ་འདི་འགལ་བ་དམིགས་པ་གྲུབ་པར་བྱ་བའི་དོན་དུ་བཤད་པ་ནི་
མ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ལ་སོགས་པ་ཡང་གལ་ཏེ་འདི་ལ་གཞུང་གཟུགས་པར་སྦྱོར་ན། སྔ་མ་ལ་དེ་མ་སྒྲུབ་པར་འགྱུར་རོ། །དེས་ན་ཇི་སྐད་བཤད་པ་ཉིད་རིགས་སོ། །དེས་ན་དེ་ལྟར་གཞན་བསྒྲུབས་པས་གཞན་འགོག་པ་ལ་ནི་འགལ་བ་ཉིད་འགོག་པར་བྱེད་པ་
ཡིན་ལ་འགལ་བ་ཉིད་ཀྱང་མི་དམིགས་པ་ལས་རྟོགས་པ་ཡིན་ནོ་ཞེས་འགལ་བ་ཡང་ཞེས་བྱ་བ་ནས་བཟུང་ནས་དེ་ཡང་མི་དམིགས་པ་ལ་ཞེས་པའི་མཐར་ཐུག་པས་བསྒྲུབས་ཏེ། ཇི་ལྟར་བདག་ཅག་གིས་བརྗོད་པ་བཞིན་དུ་བསམ་པ་གང་གིས་དེ་བཤད་པ་དེ་བསྟན་པའི་ཕྱིར་དེ་ལ་
Vol. 182 · folio 46b
ཡང་ཞེས་སྨོས་སོ། །སྐབས་སུ་བབ་པའི་འགལ་བ་སྒྲུབ་པ་དེ་ལ་ཡང་མེ་ལ་སོགས་པའི་འགལ་བ་ཅིག་དམིགས་པས་གྲང་བ་ལ་སོགས་པ་གཞན་མི་དམིགས་པ་ཁོ་ན་སྟེ། རང་བཞིན་མི་དམིགས་པའི་མཚན་ཉིད་དུ་བརྗོད་དོ། །ཇི་ལྟར་འདི་མི་དམིགས་པ་ཁོ་ནར་བརྗོད་དོ། །བཟློག་པར་
བྱ་བ་དང་ཟློག་པར་བྱེད་པ་དག་ལས་གཅིག་ཡོད་པར་བསྒྲུབས་པས་གཞན་མེད་པར་བསྟན་པའི་ཕྱིར་རང་བཞིན་མི་དམིགས་པ་རྟོགས་པས་ནི་མ་ཡིན་ནོ་ཞེས་དོགས་ན། དེ་ལྟ་མ་ཡིན་ན་ཞེས་སྨོས་སོ། །བཟློག་པར་བྱ་བ་དང་། ཟློག་པར་བྱེད་པའི་དངོས་པོ་ཡིན་དུ་ཟིན་ཀྱང་ཟློག་པར་བྱེད་པ་ཉེ་
བ་ལས་བཟློག་པར་བྱ་བ་མེད་པར་གཞལ་བར་མི་ནུས་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །དེའི་ཕྱིར་གང་དམིགས་པ་མེད་པའི་རྟོགས་པ་བསྐྱེད་པ་དེ་དམིགས་པའི་མཐོང་བ་ཉིད་མེད་དོ་ཞེས་བྱ་བའི་རྟོགས་པ་བསྐྱེད་པར་བྱ་བའི་དོན་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །དངོས་པོ་མེད་པ་སྒྲུབ་པར་
བྱེད་པ་ཉེ་བར་དགོད་པ་བྱས་པས་སྒྲུབ་པར་མི་ནུས་ལ། དེ་རྟོགས་པ་ཡང་གདོན་མི་ཟ་བར་བྱ་དགོས་པ་ན། དེའི་ཡུལ་བསྟན་པ་ཉིད་ཀྱིས་དེ་བསྒྲུབ་པ་ཡིན་གྱི་རྣམ་པ་གཞན་ནི་སྲིད་པ་མ་ཡིན་ནོ། །དེར་ཡང་དགག་པར་བྱ་བའི་དོན་དང་མི་མཐུན་པའི་དངོས་པོ་ཉེ་བར་བསྟན་པར་བྱ་བ་ཡིན་ཏེ།
ཕྱོགས་དབེན་པ་བཞིན་ནོ། །དེ་ནི་དགག་པར་བྱ་བའི་ཡུལ་ཅན་གྱི་དམིགས་པ་དང་ཡང་མི་མཐུན་པ་ཉིད་དོ། །དེས་ན་གང་ཉེ་བར་བསྟན་པས་མེད་དོ་སྙམ་པའི་རྟོགས་པས་འགྲུབ་པ་དེ་ནི་མི་དམིགས་པ་ཞེས་བརྗོད་དོ། །དེས་ན་དེ་ལྟ་བུ་བསྟན་པས་དམིགས་པ་བཀག་པར་འགྱུར་བ་ཡིན་ནོ། །
དེའི་དོན་ནི་འདི་ཡིན་ཏེ་དམིགས་པ་མ་བཀག་པ་ཅན་དེ་མེད་པར་རྟོགས་པའི་རྟེན་དུ་འགྱུར་བ་མི་མཐུན་པའི་ཟླ་བོ་རབ་ཏུ་མ་བསྟན་པར་མི་འགྲུབ་པའི་ཕྱིར་ཏེ། མེད་དོ་སྙམ་པའི་རྟོགས་པ་མི་འཐད་པའི་ཕྱིར་རོ། །དེས་ན་འགལ་བ་རབ་ཏུ་བསྟན་པས་ཀྱང་ཡུལ་བསྟན་པ་ཉིད་ཀྱི་སྒོ་ནས་མེད་དོ་
ཞེས་བྱ་བར་རྟོགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །དེས་ན་དེ་ལྟར་འགའ་ཞིག་བསྒྲུབས་པས་འགོག་པ་མི་དམིགས་པ་ཉིད་དུ་བསྒྲུབས་ནས། དགག་པ་ཡང་བཤད་པ་ནི་གཅིག་བཀག་པས་ཞེས་བྱ་བ་ཡིན་ནོ། །སྔར་བཤད་པའི་རིགས་པའི་སྟོབས་ཀྱིས་གྲུབ་པ་ཁོ་ན་
Vol. 182 · folio 47a
ཡིན་ཏེ། དེ་ལ་སྒྲུབ་པར་བྱེད་པ་གཞན་ནི་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་དེར་ནི་འགལ་བའི་དོན་གཞན་མི་དམིགས་པ་ཡིན་ནོ་ཞེས་བསྟན་པ་མ་ཡིན་ནམ། འདིར་གཞན་མེད་པ་སྒྲུབ་པ་ལ་མི་དམིགས་པ་དེ་གང་ཞིག་ཡིན་ཞེ་ན། དགག་པ་ནི་
ཞེས་སྨོས་སོ། །སྐབས་སུ་བབ་པ་གཅིག་བཀག་པ་གང་ཡིན་པ་དེ་ཉིད་གཞན་མེད་པ་སྒྲུབ་པ་ལ་མི་དམིགས་པ་ཡིན་པའི་ཕྱིར་རོ། །གཅིག་བཀག་པ་གཞན་མེད་པའི་བདག་ཉིད་གང་ཡིན་པ་དེ་ཉིད་ཀྱང་དགག་པར་བྱ་བ་མི་དམིགས་པ་གཞན་ཡོད་པའི་རང་བཞིན་ཉིད་དོ། །དགག་པ་ནི་
ཐམས་ཅད་དུ་རང་གི་ཡུལ་གྲུབ་པར་བརྗོད་པ་ཡིན་གྱི། འདི་སྒྲུབ་པར་བྱེད་པ་གཞན་ལས་ནི་གྲུབ་པ་མ་ཡིན་ནོ། །དེས་ན་བཟློག་པར་བྱ་བ་དང་ཟློག་པར་བྱེད་པའི་དངོས་པོ་ལས་འགལ་བ་བཞིན་དུ་རྒྱུ་ལ་སོགས་པ་མེད་པ་ཡང་ཡོད་པར་སྲིད་པ་བཟློག་པ་ཙམ་གྱིས་ནི་སྒྲུབ་པ་མ་ཡིན་པ་ཉིད་
དོ། །དེའི་ཕྱིར་གཞན་ཡོད་པ་གཅིག་བཀག་པའི་བཀག་པ་གང་ཡིན་པ་དེ་ཉིད་བསྒྲུབ་པར་བྱ་བའི་མེད་པ་ཡང་ཡིན་ཏེ། དེ་ཡོད་ན་དེ་བཞིན་དུ་གཞན་ཡང་མེད་པར་མི་འཁྲུལ་པའི་ཕྱིར་རོ། །དེ་ལ་གཞན་གང་ཞིག་མེད་པ་ལ་ངེས་པའི་ཕྱིར། མི་དམིགས་པ་ཉིད་དུ་བསྟན་པ་
གང་ཡིན་པ་དེ་རང་ཉིད་སྟོན་པ་ནི་དོན་གཞན་དགག་པ་ཞེས་སྨོས་སོ། །དེ་ལ་ཡང་རྒྱུ་དང་འབྲས་བུ་དག་དགག་པ་རྒྱུ་དང་འབྲས་བུ་དགག་པའི་གཏན་ཚིགས་ཡིན་པའམ། རྒྱུ་དང་འབྲས་བུ་གཉི་ག་མ་ཡིན་པ་ཞིག་བཀག་པ་གཏན་ཚིགས་ཏེ། ཇི་སྐད་བཤད་པའི་དོན་གཞན་བཀག་
པས་དོན་གཞན་མེད་པ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་པའི་དོན་ཏེ། ཐ་དད་པ་འགོག་པ་ལ་རྣམ་པ་འདི་ཙམ་ལས་མི་སྲིད་པའི་ཕྱིར་རོ། །དགག་པར་བྱ་བ་སྟེ་འབྲེལ་པ་འམ་མ་འབྲེལ་པ་ཡིན་ལ། འབྲེལ་པ་ཡང་རྣམ་པ་གཉིས་ཡིན་པའི་ཕྱིར་གསུམ་བསྟན་ཏོ། །དེ་ལ་སྲིད་པ་
ཡོངས་སུ་གཟུང་བའི་ཕྱིར་མི་སྲིད་པ་དགག་པ་བཤད་པ་ནི་དེ་ལ་ཞེས་བྱ་བ་ཡིན་ནོ། །དེ་ཞེས་བྱ་བ་ནི་གཉི་ག་མ་ཡིན་ཏེ་དེ་མེད་ན་དགག་པར་བྱ་བའི་དངོས་པོ་གཞན་མེད་པར་འགྱུར་རོ་ཞེས་བྱ་བ་དེར་ལྟ་ག་ལ་འགྱུར་རྒྱུ་དང་འབྲས་བུ་མ་ཡིན་པ་མེད་ན་རྒྱུ་དང་འབྲས་བུ་མ་ཡིན་པ་མེད་པར་
Vol. 182 · folio 47b
འགྱུར་རོ་ཞེས་བྱ་བ་འདི་ལ་གཏན་ཚིགས་མེད་དོ་སྙམ་དུ་དགོངས་པའོ། །གཏན་ཚིགས་མེད་པ་ཉིད་བཤད་པ་ནི། གཉི་ག་མ་ཡིན་པ་ནི་འབྲེལ་པ་མེད་པའི་ཕྱིར་རོ། །དེའི་འབྲེལ་པ་ནི་རྣམ་པ་གཉིས་སུ་འགྱུར་རོ། །དེ་དགག་པར་བྱ་བ་འབྲེལ་པའམ་དགག་པར་བྱ་བ་དེ་འབྲེལ་པའི་
ཕྱིར་རོ། །དེ་ལ་གལ་ཏེ་དགག་པར་བྱ་བ་ལ་དེ་འབྲེལ་པ་ཡིན་ནོ། །དེ་ཙམ་གྱིས་ནི་དེ་མེད་ཀྱང་མེད་པར་མི་འགྲུབ་བོ། །འབྲེལ་པ་བཀག་པས་ནི་འབྲེལ་པའི་ཡུལ་དགག་པ་མི་འགྲུབ་སྟེ་ཁྱབ་པར་བྱ་བ་མེད་ཀྱང་ཁྱབ་པར་བྱེད་པ་མེད་པ་མི་འགྲུབ་པའི་ཕྱིར་རོ། །དེས་ན་འབྲེལ་པ་ནི་དགག་
པར་བྱ་བ་ཡིན་ལ་འབྲེལ་པའི་ཡུལ་ནི་འགོག་པར་བྱེད་པ་ཡིན་ནོ། །དེས་ན་གཉི་ག་མ་ཡིན་པ་ནི་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལ་དགག་པར་བྱ་བ་མ་འབྲེལ་པའི་ཕྱིར་རོ་ཞེས་བྱ་བར་མངོན་པར་འདོད་པའོ། །དེ་ལྟ་ན་ཡང་དེ་དང་འབྲེལ་པའི་འབྲེལ་པ་དགག་པར་ནུས་པ་ཉིད་དོ། །
དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་གཉི་ག་མ་ཡིན་པ་ལ་དགག་པར་བྱ་བ་འབྲེལ་པ་ཡིན་ནོ། དེ་དེ་ལ་རག་ལས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཉིད་ཀྱིས་དེ་མེད་ན་མེད་དོ་ཞེས་བྱ་བར་སྒྲུབ་པར་འགྱུར་རོ། །འབྲེལ་པ་མེད་ན་ནི་དེ་མེད་ན་དེ་མེད་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་ག་ལ་འགྱུར་འབྲས་
བུ་ལ་ལྟོས་ནས་ཀྱང་བཤད་པ་ནི། འབྲས་བུ་མི་དམིགས་ཀྱང་ཞེས་བྱ་བའོ། །རྒྱུ་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་པས་དེ་གཏན་ཚིགས་ཀྱིས་སོ། །གང་གི་ཕྱིར་འབྲས་བུ་གོར་མ་ཆག་པར་རྒྱུ་ཉེ་བར་གནས་ན་འགྱུར་བ་མ་ཡིན་པ་དེའི་ཕྱིར་འབྲས་བུ་མེད་ཀྱང་རྒྱུ་མེད་
པ་སྒྲུབ་པ་མ་ཡིན་ནོ། །འདིར་ཁྱད་པར་ཅན་བརྗོད་པར་འདོད་པ་གང་ཡིན་པ་དེ་ནི་སློབ་དཔོན་གྱིས་རྣམ་པར་ངེས་པ་ཉིད་དུ་གཏན་ལ་ཕབ་པོ། །གང་གི་ཕྱིར་ཇི་སྐད་བཤད་པའི་གཅིག་བཀག་པས་གཞན་མེད་པ་མི་འགྲུབ་པ་དེའི་ཕྱིར་རྒྱུ་མི་དམིགས་པ་ཁོ་ན་སྐབས་སུ་བབ་པའི་
མེད་པ་གོ་བར་བྱེད་པ་ཡིན་གྱི་འབྲས་བུ་འམ་གཉི་ག་མ་ཡིན་པ་ནི་མ་ཡིན་ནོ། །གཅིག་བཀག་པས་གཞན་མེད་པར་རྟོགས་པར་བྱ་བ་གང་ཡིན་པ་དེ་ནི་རྒྱུ་མི་དམིགས་པ་ཁོ་ནས་གོ་བར་བྱེད་ཀྱི་གཞན་གྱིས་ནི་མ་ཡིན་ནོ། །མི་དམིགས་པ་རྣམ་པ་བཞི་པོ་འདི་ལ་ཡང་ཁ་ཅིག་ཏུ་ནི་དོན་
Vol. 182 · folio 48a
གཞན་སྒྲུབ་པ་དང་འགོག་པས་དགག་པ་བྱེད་ལ་ཁ་ཅིག་ཏུ་ནི་དངོས་སུའོ། །དེས་ན་དོན་སྒྲུབ་པ་དང་དགག་པ་ལ་བརྟེན་པའི་དགག་པ་ལ་མི་དམིགས་པ་ཉིད་དུ་གཞུང་བཙུགས་པས་སྒྲུབ་པ་ཡིན་ཏེ། དེའི་དབྱེ་བ་ཡིན་པའི་ཕྱིར་རོ། །ད་ནི་དངོས་སུ་འགོག་པའི་དབང་དུ་
བྱས་ནས་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནིའི་སྒྲ་དང་ངེས་པར་གཟུང་བ་གཉིས་དང་། མེད་པ་ནི་རང་བཞིན་མི་དམིགས་པ་ཁོ་ན་ཡིན་ཏེ་ཞེས་ཇི་ལྟར་བསྟན་པ་བཞིན་མ་ཡིན་པ་དང་རྗེས་སུ་འབྲེལ་ཏོ། །གང་དུ་གཞན་གྱི་སྒོ་ནས་མེད་པ་མ་ཡིན་པ་དེར་འདི་རང་བཞིན་མི་
དམིགས་པ་ཡིན་ནོ་ཞེས་པའི་དོན་ནོ། །འདི་ནི་རྣམ་པ་བཞི་ཡིན་པར་བསྟན་ཏོ། །གལ་ཏེ་ཡང་གསུམ་སྣང་བ་མི་དམིགས་པའི་དབྱེ་བ་ཡིན་ལ། དེ་དང་ལྡན་པ་རང་གི་བྱེ་བྲག་གི་ནང་དུ་བགྲང་བ་མ་ཡིན་པ་དེ་ལྟ་ན་ཡང་མི་དམིགས་པ་ཙམ་སྤྱིའི་དབང་དུ་བྱས་ནས་རྣམ་པ་བཞི་པོ་འདི་དེའི་ཡིན་
པར་བསྟན་ཏོ། །འོ་ན་དེ་མི་སྣང་བ་མི་དམིགས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། འགལ་ན་དེའི་དབྱེ་བ་ཅན་མ་ཡིན་པའི་ཕྱིར་ཏེ། རྟ་ངང་པ་ལ་སོགས་པ་བ་ལང་ཉིད་ཀྱི་བཞིན་ནོ། །དེས་ན་དངོས་པོ་ལ་སྣང་བ་མ་དམིགས་པ་ཡིན་ཡང་འདི་ནི་ཉེ་བར་དགོད་པའི་ཚུལ་ཡིན་ནོ། །གལ་ཏེ་
རང་བཞིན་མི་དམིགས་པ་ཐ་སྙད་སྒྲུབ་པར་བྱེད་པ་ཉིད་དུ་རྟོགས་པ་ཉིད་ཡིན་པ་དེ་ལྟ་ན་ཡང་འདིར་འདི་ཁོངས་སུ་འདུ་བའི་སྦྱོར་བ་གཞན་ཉིད་དུ་བསྟན་པ་དེས་ན་རྣམ་པར་དཔྱོད་པར་འགྱུར་བ་ཡིན་ཏེ། ཅི་འདི་རང་གི་ངོ་བོ་ཇི་ལྟ་བ་བཞིན་ནང་དུ་འདུས་པར་བསྒྲུབ་བྱ་ཉེ་བར་སྡུད་དམ། འོན་ཏེ་
དེའི་བདག་ཉིད་འཛིན་ཏམ་དེ་སྟེ་བསྒྲུབ་པར་བྱ་བའི་དོན་མཚུངས་པའི་ཕྱིར་འདི་དཔྱད་པར་བྱ་བ་ཡིན་ཞེས་དོགས་ན་ཁོངས་སུ་འདུ་བར་བསྟན་པ་ཡིན་ཡང་ཐམས་ཅད་ཀྱིས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་རང་གི་རང་བཞིན་ཇི་ལྟ་བ་ཉིད་དུ་སྟོན་ཏོ། །དེ་ལ་ནི་ཞེས་བྱ་བ་རང་བཞིན་མི་
དམིགས་པས་ནི་ཡུལ་ཅན་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ནོ། །འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བ་ནི་དངོས་པོ་མེད་པའི་མཚན་ཉིད་ཀྱི་ཡུལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བརྗོད་པ་ཡིན་ཏེ་གལ་ཏེ་ཡང་འདིར་བྱེ་བྲག་འགའ་ཞིག་ནང་དུ་འདུ་བ་ཡིན་པ་དེ་ལྟ་ན་ཡང་། གང་གིས་
Vol. 182 · folio 48b
བསྒྲུབ་བྱ་ཐ་མི་དད་པར་འགྱུར་བ་དེ་གཉིས་གཅིག་ཉིད་ནི་མ་ཡིན་གྱི། འོན་ཀྱང་མི་འདྲ་བ་ཡོད་ཀྱང་ཅུང་ཟད་ཆོས་མཐུན་པ་ཙམ་ལ་བརྟེན་ནས་ཁོངས་སུ་འདུ་བར་བསྟན་ཏོ། །བརྗོད་པར་བྱ་བ་ཡོད་པ་ཡིན་ཡང་དེ་ལྟར་ཉེ་བར་བསྟན་པ་ནི་མདོ་ཟོར་ཡང་བར་བྱ་བའི་དོན་གྱི་ཕྱིར་རོ། །ད་ནི་འདིའི་
ཁོངས་སུ་འདུས་པའི་བྱེ་བྲག་འདི་ལ་ཡང་ཞེས་བྱ་བ་སྨྲས་ཏེ། ཡུལ་དུ་གྱུར་པའི་རང་བཞིན་མི་དམིགས་པ་ལའོ། །ཡུལ་དང་ཡུལ་ཅན་གྱི་ངོ་བོ་ཡང་ཁོངས་སུ་འདུ་བ་ལ་ལྟོས་ནས་སོ། །གང་གི་ཚེ་ཁྱབ་པར་བྱེད་པའི་ཆོས་མི་དམིགས་པས་ཁྱབ་པར་བྱ་བ་མེད་པ་སྟོན་པ་དེའི་ཚེ་ནི་མེད་པ་ཡང་
བསྒྲུབ་བྱ་ཡིན་ནོ། །དེས་ན་རང་བཞིན་མི་དམིགས་པ་ནི་ཐ་སྙད་སྒྲུབ་པ་ཡིན་ལ། དེའི་ཁོངས་སུ་འདུ་བ་ཁྱད་པར་བྱེད་པ་མི་དམིགས་པ་ནི་མེད་པ་སྒྲུབ་པར་བྱེད་པ་ཡིན་ནོ། །གལ་ཏེ་གང་ཞིག་སྒྲུབ་པའམ་བཀག་པས་དོན་གཞན་དངོས་པོ་མེད་པར་གྲུབ་པར་བསྟན་པ་དེ་མེད་དོ་ཞེས་བྱ་བར་
རྟོགས་པའི་ཡུལ་ཉིད་ཡིན་པ་དེས་ན་ཕྱོགས་བཞིན་དུ་དེ་ཡང་དངོས་པོ་མེད་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་མི་དམིགས་པ་ཉིད་དུ་མི་འགྲུབ་པའི་ཕྱིར་རོ། །དེས་ན་འདི་ཡང་རང་བཞིན་མི་དམིགས་པ་ཡིན་ཞིང་འདིར་ཡུལ་ཅན་བསྒྲུབ་པར་བྱ་བར་འགྱུར་རོ་ཞེ་ན། དེ་ནི་བདེན་མོད་ཀྱི་རྟེན་གཞན་
ཡོད་པ་དང་མེད་པ་དག་གིས་ཐ་དད་པས་བསྒྲུབ་བྱ་ཐ་དད་པར་འགྱུར་རོ། །དངོས་པོ་མེད་པ་རྟོགས་པ་ལ་དོན་གཞན་བསྒྲུབ་པ་ལ་སོགས་པ་ལྟར་དེ་ལས་གཞན་ལ་ནི་གཞན་པའི་གཞན་ཡོད་པ་མ་ཡིན་གྱི། དེ་ལ་ནི་འགལ་བ་བཞིན་ཕྱོགས་ཀྱང་ཡོད་པ་ཡིན་ནོ། །དེ་ཡང་མེད་པ་ཉིད་དུ་རྟོགས་པ་ཡིན་
པའི་ཕྱིར་ཉེས་པ་འགའ་ཡང་མེད་དོ། །གལ་ཏེ་མ་རྟོགས་པ་ཕྱོགས་ཀྱི་བདག་ཉིད་དུ་གྱུར་པའི་མེད་པ་བསྒྲུབས་ན་སྒྲུབ་པ་སྒྲུབ་པར་བྱེད་པར་འགྱུར་བ་མ་ཡིན་ནམ། ཕྱོགས་དང་ནི་ཁྱབ་པར་བྱེད་པ་མེད་པ་ལ་སོགས་པ་མེད་ན་མི་འབྱུང་བ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེ་ན། བརྗོད་པ་མེད་དོ་
ཞེས་བྱ་བ་ཉིད་དུ་རྟོགས་པ་འགལ་བའི་ཡུལ་ཅན་ཉིད་དུ་སྐྱེ་བ་ན་གང་ལས་འདི་དག་དེ་མི་དམིགས་པ་ཉིད་དུ་འགལ་བ་ལ་སོགས་པ་ཡང་ཡུལ་ཉིད་དུ་རྟོགས་པར་བྱེད་པ་ཡིན་ནོ། །དེས་ན་དངོས་པོ་ལ་ཕྱོགས་བཞིན་དུ་དེ་ཡུལ་ཡིན་ཡང་ཇི་ལྟར་རྟོགས་བཞིན་པའི་ཕྱོགས་ཉིད་དེ་སྟོང་པར་སེམས་
Vol. 182 · folio 49a
པ་དགག་པར་བྱ་བའི་ཡུལ་ཉིད་དགག་པར་བྱ་བས་སྟོང་པར་རྟོགས་པ་ན་སྔར་མ་རྟོགས་པར་མི་མཐུན་པ་ཡུལ་དུ་གྱུར་པའི་ཕྱིར་དངོས་པོ་མེད་པ་གྲུབ་པ་ཡིན་ནོ། །དེས་ན་སྔར་རྟོགས་པའི་འགལ་བ་ལ་སོགས་པ་ལ་ལྟོས་ནས་གྲུབ་པ་དེ་ཉིད་ཐ་སྙད་ཀྱི་རང་བཞིན་དུ་གྱུར་
པ་ཡིན་ཏེ། ཡུལ་གྲུབ་པ་ཟིན་པའི་ཕྱིར་རོ། །དེ་ལྟར་འགལ་བ་དམིགས་པ་ལ་སོགས་པ་ལ་ནི་དངོས་པོ་མེད་པ་དང་དངོས་པོ་མེད་པའི་ཐ་སྙད་གཉི་ག་བསྒྲུབ་བྱ་ཡིན་པར་བརྗོད་དོ། །ཕྱོགས་ལ་ཡང་རང་གི་ངོ་བོ་ཇི་ལྟ་བ་བཞིན་མི་འཇུག་པའི་ཕྱིར་རོ། །གང་གི་རྟོགས་པ་དེ་ལ་
ཕྱོགས་པའི་ཕྱིར་བྱས་པ་ཉིད་ལ་སོགས་པ་ལྟར་དངོས་པོ་སྒྲུབ་པར་བྱེད་པས་ན་འདིར་ཡང་གཉི་ག་སྒྲུབ་པར་མི་འགྱུར་བ་ཚད་མའི་བྱེད་པ་དེའི་མཐར་ཐུག་པ་ཉིད་ནི་མ་ཡིན་གྱི། འོན་ཀྱང་རྟོགས་པ་དེ་འདི་ན་མེད་དོ་སྙམ་པས་འཇུག་པར་བྱེད་ཅིང་མཐར་ནི་ཕྱོགས་ལ་ཐུག་པར་འགྱུར་བ་ཡིན་ནོ། །
ཕྱོགས་ཙམ་རྟོགས་པས་ཀྱང་མེད་པར་རྟོགས་པའི་ཕྱིར་གཉི་ག་སྒྲུབ་པར་བྱེད་པ་ཉིད་ཉམས་པ་མེད་དོ། །དེ་ལྟར་རྣམ་པ་འདིས་དགག་པ་གང་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་དགག་པའི་ཡུལ་ཅན་གྱི་མི་དམིགས་པ་འདི་ནི་སྦྱོར་བའི་བྱེ་བྲག་གིས་རྣམ་པ་བཞི་ཡིན་ནོ། །སྦྱོར་བའི་
བྱེ་བྲག་ཇི་ལྟ་བུ་ཞེ་ན། བཤད་པ། འགལ་བ་གྲུབ་པའི་སྦྱོར་བའི་བྱེ་བྲག་གིས་ནི་དཔེར་ན་འདི་ན་གྲང་བའི་རེག་པ་མེད་དེ་ཞེས་བྱ་བ་ལ་གྲང་བ་ཉིད་ཀྱི་རེག་པ་ནི་གྲང་བའི་རེག་པ་སྟེ། ཕྱི་རོལ་གྱི་དངོས་པོའོ། །དེ་འདི་ན་མེད་དེ་དེ་དང་འགལ་བའི་མེ་གྲུབ་པའི་ཕྱིར་རོ། །འགལ་བ་དམིགས་
པའི་སྦྱོར་བ་འདིས་ནི་ཁྱབ་པར་བྱ་བ་མེད་པར་བསྒྲུབ་པ་ལ་དེའི་ཁྱབ་པར་བྱེད་པ་གང་ཡིན་པ་དེ་དང་འགལ་བ་དམིགས་པ་ཡང་བཤད་པར་རིག་པར་བྱ་སྟེ། འགལ་བ་དམིགས་པའི་ཁོངས་སུ་འདུས་པར་གྱུར་པ་ཉིད་དུ་བརྗོད་པ་ཡིན་ནོ། །དེ་ཉིད་སྟོན་པ་ནི་དཔེར་ན་ཞེས་བྱ་བའོ། །
བ་མོ་དང་འབྲེལ་པའི་རེག་པ་ནི་བ་མོའི་རེག་པ་སྟེ་གྲང་བའི་རེག་པའོ། །གྲང་བས་ཁྱབ་པ་དེ་ནི་གྲང་བ་དང་འགལ་བའི་མེས་གྲང་བ་བསལ་ན་ཁྱབ་པར་བྱེད་པ་མེད་པའི་ཕྱིར་མེད་པ་རྟོགས་པ་ཡིན་ནོ། །གཉིས་པ་ཡང་སྦྱོར་བའི་བྱེ་བྲག་གིས་སྟོན་ཏེ་དགག་པར་བྱ་བ་གྲང་བའི་རེག་པ་དང་
Vol. 182 · folio 49b
འགལ་བ་མེའི་འབྲས་བུར་གྱུར་པ་དུ་བ་དམིགས་པས་མེ་ཉེ་བར་འཇོག་པ་ན་གྲང་བའི་རེག་པ་མེད་པར་རྟོགས་པར་བྱེད་དོ། །རྒྱུ་མ་གྲུབ་པ་ནི་ཞེས་བྱ་བ་ནི་གསུམ་པའོ། །དཔེར་ན་འདི་ན་ཞེས་བྱ་བ་ལ། མཚོ་ཆེན་པོ་ལ་སོགས་པའི་ཡུལ་ནི་སྔ་མ་དག་གིས་བསྟན་པ་ཡིན་ནོ། །བཞི་པ་ཡང་རང་
བཞིན་མ་གྲུབ་པ་ནི་ཞེས་བྱ་བ་རང་བཞིན་མི་དམིགས་པས་ནི་དཔེར་ན་འདི་ན་དུ་བ་མེད་དེ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །འདིའི་ནང་དུ་འདུས་པའི་སྦྱོར་བ་གཞན་ཡང་སྟོན་པ་ནི་འདིས་ནི་ཞེས་བྱ་བའོ། །ཁྱད་པར་བྱེད་པ་དང་འབྲེལ་པའི་རང་བཞིན་ཡིན་ནོ། །དཔེར་ཞེས་བྱ་བ་ལ་འདི་
ན་ཤིང་ཤ་པ་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱ་བ་མེད་དོ་བསྒྲུབ་པར་བྱ་སྟེ། ཁྱད་པར་ནི་ཉེ་བ་ལ་སོགས་པ་བསྟེན་ནས་འཛིན་པས་མངོན་སུམ་གྱིས་མི་རྟོགས་པའི་ཕྱིར་རོ། །ཤིང་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁྱབ་པར་བྱ་བ་མེད་པར་སྒྲུབ་པར་བྱེད་པ་སྟེ། ལོ་མ་ལ་སོགས་པ་དང་ལྡན་པའི་
ངོ་བོ་ནི་རྒྱང་རིང་པོ་ནས་ཀྱང་རྟོགས་པས་མ་རྟོགས་ན་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །དེས་ན་ཡུལ་འདི་ཙམ་ན་ཤིང་ཡོད་ན་དམིགས་པར་འགྱུར་ལ་ཁྱད་པར་ནི་མ་ཡིན་ནོ་སྙམ་པའི་ཤེས་པ་ཁྱད་པར་དགག་པར་འདོད་པ་ནི་སྤྱི་མེད་པ་ཉིད་ཀྱིས་ཁྱབ་པར་བྱེད་པ་མི་དམིགས་པ་ལས་མེད་
པར་རྟོགས་པ་ཡིན་ནོ། །གལ་ཏེ་གཞན་དུ་མེད་པ་གྲུབ་པ་མི་སྲིད་པས་སྣང་བ་མི་དམིགས་པ་ལས་སྦྱོར་བ་ཐ་དད་པ་ཙམ་ཞིག་འདིར་བསྟན་པར་བྱ་བ་མ་ཡིན་ནམ། ཇི་སྐད་བསྟན་པའི་སྦྱོར་བ་དག་ལ་གོ་ཇི་ལྟར་སྣང་བ་མི་དམིགས་པ་སྲིད་དེ་གང་གི་ཕྱིར་འདི་ལ་ཆོད་པ་དང་། བསྐལ་པ་ལ་
སོགས་པ་མི་སྣང་བའི་རྒྱུ་ཡོད་པའི་ཕྱིར་རོ། །བལྟར་མི་རུང་བ་ལ་ནི་སྣང་བ་མི་དམིགས་པ་མ་ཡིན་ནོ། །སྣང་བ་མི་དམིགས་པ་ཉིད་ན་ཡང་མ་གྲུབ་པ་ཉིད་དེ། ཆོད་པས་ཁྱད་པར་མ་གྲུབ་པའི་ཕྱིར་རོ་ཞེ་ན། འདི་སྤངས་པའི་ཕྱིར་མེད་པ་དང་ཐ་སྙད་ཅེས་སྨོས་སོ། །ཁོངས་སུ་འདུ་བ་དང་བཅས་
པའི་སྦྱོར་བ་མེད་པ་དང་། མེད་པ་དང་། མེད་པའི་ཐ་སྙད་ནི་མེད་པ་དང་ཐ་སྙད་དེ་དེ་སྒྲུབ་པའི་མི་དམིགས་པ་འདི་ཐམས་ཅད་ལ་མ་གྲུབ་པ་མི་དམིགས་པར་ཡང་རིག་པར་བྱའོ། །འདིར་གྲུབ་པ་དང་མ་གྲུབ་པར་བྱ་བ་ལ་ཕན་ཚུན་སྡུད་པའི་ཕྱིར་མ་གྲུབ་པ་གྲུབ་པ་ལ་ལྟོས་ནས་སྡུད་ཅིང་གྲུབ་པ་
Vol. 182 · folio 50a
ཡང་མ་གྲུབ་པ་ལ་ལྟོས་ནས་སྡུད་པར་རིག་པར་བྱའོ། །གང་དག་ཅེ་ན་དེ་དག་ཅེས་སྨོས་སོ། །མི་དམིགས་པའི་རྣམ་པའམ་མཐའ་དག་གིས་དགག་པར་བྱ་བ་དག་གོ། །གལ་ཏེ་ཡང་ཆོད་པ་ལ་སོགས་པས་གྲང་བ་ལ་སོགས་པ་སྣང་བ་མ་ཡིན་པ་དེ་ལྟ་ཡང་སྣང་བ་ཉིད་
དུ་རིག་པར་བྱའོ། །དེས་ན་གྲུབ་པར་ཡང་རིག་པར་བྱའོ། །གཏན་ཚིགས་གྲུབ་པ་ཉིད་དུ་ངེས་པར་བྱ་བའི་མ་གྲུབ་པ་ནི་མ་ཡིན་ནོ། །གཏན་ཚིགས་དེ་དག་ཉིད་གྲུབ་པའི་ཡུལ་ཉིད་དུ་སྟོན་པ་ནི་དེ་དག་དང་འགལ་བ་དག་ཅེས་བྱ་བའོ། །འདིར་དེ་དང་འགལ་བ་ལ་སོགས་པ་སྣང་བ་མི་དམིགས་
པའི་རང་བཞིན་གྱི་གཏན་ཚིགས་བརྗོད་པ་གང་ཡིན་པ་དེ་དག་ནི་སྣང་བ་མི་དམིགས་པ་ཉིད་དུ་གྲུབ་པའི་ཕྱིར་མ་གྲུབ་པ་ཉིད་མ་ཡིན་ནོ། །གལ་ཏེ་ཡང་འདིར་ཁྱབ་པར་བྱེད་པ་མེད་པ་ལ་སོགས་པ་འགལ་བ་མ་ཡིན་པ་དེ་ལྟ་ན་ཡང་འདིར་དབྱིག་ཐོགས་འགྲོའོ་ཞེས་བྱ་བ་བཞིན་དུ་འགལ་བའི་སྒྲ་འཇུག་པ་
ཡིན་ཏེ། དང་པོ་ཉིད་ཀྱི་ཐམས་ཅད་ཉེ་བར་མཚོན་པ་ནི་འཐད་པའི་ཕྱིར་རོ། །ཡང་ན་ཁྱབ་པར་བྱེད་པ་མེད་པ་ལ་སོགས་པ་ཁྱབ་པར་བྱ་བ་ལ་སོགས་པ་དང་འགལ་བ་ཉིད་དེ་ལྷན་ཅིག་མི་སྲིད་པའི་ཕྱིར་རོ། །སྒྲུབ་པ་ཁོང་དུ་ཆུད་པ་མ་ཡིན་པས་འགལ་བ་དམིགས་པ་མ་ཡིན་ཡང་འགལ་བར་བྱེད་པ་བརྗོད་
པ་གསལ་བར་མི་སྲིད་པ་ནི་མ་ཡིན་ནོ། །གང་ལས་གཏན་ཚིགས་གྲུབ་པར་འགྱུར་བ་ཇི་ལྟ་ན་འདི་བལྟར་རུང་བའི་བདག་ཉིད་དག་ཁོ་ན་མ་གྲུབ་པ་ཡིན་ཞེ་ན། གཞན་དག་ལ་ནི་ཞེས་སྨོས་སོ། །བལྟར་མི་རུང་བ་དག་ལ་ནི་ཇི་སྐད་བཤད་པའི་མེད་པ་དང་འགལ་བ་མི་འགྲུབ་བོ། །མེད་པ་ནི་འགལ་
བ་གྲུབ་པའི་ཡན་ལག་ཉིད་དུ་བསྟན་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། གལ་ཏེ་དངོས་པོ་དེ་དེའི་ཚེ་བསྐལ་པ་དེ་ལྟ་ན་ཡང་འདིར་མི་དམིགས་པ་ནི་མི་མཐུན་པའི་ཟླ་དངོས་པོ་གཞན་ཡོད་པ་ཡིན་ནོ་ཞེས་བརྗོད་ལ། དེ་ཡང་འགལ་བ་ལ་སོགས་པ་ཉིད་དོ། །དེ་ཡང་བལྟར་རུང་བའི་དངོས་པོའི་
མི་མཐུན་པའི་ཟླ་བ་ཉིད་ཀྱིས་སྣང་བ་མི་དམིགས་པ་ཉིད་དུ་གྲུབ་པ་ཁོ་ན་སྟེ། དེ་ལྟ་མ་ཡིན་ན་འགལ་བ་ཉིད་དུ་མ་གྲུབ་པར་ཐལ་བའི་ཕྱིར་རོ། །མི་འདོད་པ་གསལ་བས་སྦྱོར་བ་གཞན་ནང་དུ་བསྡུ་བའི་ཕྱིར་གལ་ཏེ་ཞེས་སྨོས་སོ། །འགལ་བའི་འབྲས་བུ་བཞིན་དུ་འགལ་བའི་རྒྱུས་ཀྱང་འགལ་བ་ཁོ་
Vol. 182 · folio 50b
ན་སྟེ། དེ་ལྟ་མ་ཡིན་ན་འགལ་བ་ཉེ་བར་འཇོག་པ་ན་འབྲས་བུ་ལས་རྒྱུ་བཞིན་དུ་རྒྱུ་ལས་ཀྱང་འབྲས་བུ་གྲུབ་པའི་ཕྱིར་གྲང་བ་ཡོད་པར་སྒྲུབ་པར་འགྱུར་རོ་ཞེས་བྱ་བར་བསམ་པའོ། །རྩོད་པ་འདི་བསལ་བའི་ཕྱིར་མདོ་དེ་དང་ཞེས་བྱ་བའོ། །གྲང་བའི་རེག་པ་དེ་དང་འགལ་བ་ནི་མེ་ཡིན་ལ། དེའི་རྒྱུ་མཚན་
ནི་ཤིང་ལ་སོགས་པ་སྟེ་དེ་དམིགས་པར་སྦྱོར་བ་གང་ཡིན་པའོ། །འགལ་བ་དང་འབྲས་བུ་ཞེས་བྱ་བ་ལ་སོགས་པའི་མེད་དོན་ཅན་ཞེས་བྱ་བར་འབྲེལ་ཏོ། །མེད་པ་དེ་ཡང་དེ་དང་འགལ་བ་གང་ཡིན་པ་དེ་ཉིད་དོ། །དེ་ནི་འཁྲུལ་པ་ཅན་ཡིན་ནོ། །གྲང་བ་མེད་པའི་དོན་དུ་གྲང་བ་དང་འགལ་བ་མེའི་
རྒྱུ་མཚན་དམིགས་པ་ནི་དེ་ལ་འཁྲུལ་པ་ཅན་ཡིན་ནོ། །ཅི་ཐམས་ཅད་ཀྱི་ཚེ་འམ་ཞེ་ན་མ་ཡིན་ནོ་ཞེས་བཤད་པ་ནི། རྒྱུ་མཚན་དག་ནི་འགལ་བ་ཉིད་མེད་ན་ཞེས་བྱ་བའོ། །མེ་དང་གྲང་བ་གཉིས་ཀྱི་རྒྱུ་མཚན་གཉིས་འགལ་བ་མེད་ནའོ། །དེས་ན་དེ་ལྟར་འགལ་བའི་རྒྱུ་མཚན་དམིགས་པ་གཏན་
ཚིགས་མ་ཡིན་གྱི་འགལ་བ་ནི་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གང་གིས་མེའི་རྒྱུའི་ཉེ་བ་ཙམ་གྱིས་འགྲུབ་པའི་ཕྱིར་འགལ་བའི་རྒྱུ་མི་དམིགས་པ་མེད་པའི་དོན་ཅན་དུ་འགྱུར་བ་འབྲས་བུའི་རྒྱུ་བཞིན་དུ་རྒྱུས་ཀྱང་འབྲས་བུ་ཉེ་བར་འཇོག་པ་ནི་མ་ཡིན་ནོ། །འགལ་བ་གང་དག་གི་རྒྱུ་འགལ་བ་ནི་
དེར་འགལ་བའི་རྒྱུས་རྒྱུ་བཟློག་པ་ན་འབྲས་བུ་ཡང་ལྡོག་པར་འགྱུར་རོ། །རྒྱུ་འགལ་བ་དེ་མེད་ན་ནི་འཁྲུལ་པ་ཉིད་དོ། །འཁྲུལ་པ་ཉིད་མདོ་འགྲེལ་པས་སྟོན་པ་ནི། དཔེར་ན་ཞེས་བྱ་བའོ། །འདི་ན་གྲང་བའི་རེག་པ་མེད་དེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །ཤིང་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྒྲུབ་
པར་བྱེད་པ་རྒྱུ་འགལ་བ་དམིགས་པའོ། །ཤིང་ཡོད་པ་ཙམ་གྱིས་ནི་གྲང་བ་མེད་པ་མ་ཡིན་པའི་ཕྱིར་མེ་དང་གྲང་བའི་རྒྱུ་གཉིས་མི་འགལ་ན་འཁྲུལ་པར་འགྱུར་རོ། །རྒྱུ་མཚན་འགལ་བ་མེད་ན་གཏན་ཚིགས་ཉིད་མེད་པ་མདོར་བཤད་པ་རྒྱུ་མཚན་འགལ་ན་གཏན་ཚིགས་ཉིད་དུ་འགྱུར་རོ་ཞེས་
སྟོན་པ་ནི་རྒྱུ་མཚན་དག་འགལ་ན་ནི་ཞེས་བྱ་བའོ། །དགག་པར་བྱ་བའི་རྒྱུ་མཚན་གང་ཡིན་པ་དང་དེ་དང་འགལ་བའི་རྒྱུ་མཚན་རྒྱུ་འགལ་བ་ཉིད་དུ་ཉེ་བར་བཀོད་པ་དེ་གཉིས་འགལ་ན་ནི་གོ་བར་བྱེད་པ་ཁོ་ན་ཡིན་ནོ། །གང་དུ་བཞིན་ཞེ་ན། དཔེར་ན་ཞེས་སྨོས་སོ། །སྐྱེས་བུ་འདི་ལ་གྲང་བ་སྐྱེད་པའི་སྤུ་
Vol. 182 · folio 51a
ལངས་པ་ལ་སོགས་པའི་ཁྱད་པར་མེད་དོ། །ཅིའི་ཕྱིར་ཞེ་ན། མེའི་ཁྱད་པར་ཏེ། བཟློག་པར་ནུས་པ་འདི་ལ་ཞེས་ཇི་སྐད་བརྗོད་པ་ལ་དེ་ཡོད་ན་དེའི་ཕྱིར་རོ། །འགལ་བ་སྤུ་ལངས་པ་དང་། མེས་གདུངས་པ་དེ་དག་གི་རྒྱུ་མེ་དང་གྲང་བ་དེ་གཉིས་ཀྱང་འགལ་བ་ཡིན་
པ་དེས་ན། མེ་ལས་གྲང་བ་མེད་པ་དེའི་ཕྱིར་དེའི་འབྲས་བུ་སྤུ་ལངས་པ་ལ་སོགས་པ་མེད་པ་ཡིན་ནོ། །གལ་ཏེ་འདིར་ཚུལ་འདི་ལྟར་བཟློག་པ་ཡིན་ན་རྒྱུ་མཚན་གཉིས་འགལ་བ་ཉེ་བར་མཁོ་བ་མེད་ཀྱི། འོན་ཀྱང་སྤུ་ལྡང་བ་ལ་སོགས་པའི་རྒྱུ་གྲང་བ་ཉིད་དང་མི་འགལ་བ་ཉིད་ཡིན་ཏེ་དེ་
ཉིད་ལས་གྲང་བ་མེད་པས་དེའི་འབྲས་བུ་འགོག་པའི་ཕྱིར་རོ། །མེའི་རྒྱུ་མཚན་ཉིད་ཀྱང་དོན་མེ་དེ་གྲང་བ་བསལ་བ་ཉིད་ཀྱིས་སྤུ་ལངས་པ་ལ་སོགས་པ་ཟློག་པར་བྱེད་ཀྱི་ཡོངས་སུ་གདུང་བ་འཇོག་པས་ནི་མ་ཡིན་པའི་ཕྱིར་རོ། །དེ་ལྟར་བཟློག་ན་ཡང་རྒྱུ་མཚན་གཉིས་འགལ་བ་ཡན་ལག་མ་ཡིན་ཏེ་
ཡོངས་སུ་གདུང་བ་ཉིད་ཀྱིས་དེ་དང་འགལ་བ་སྤུ་ལངས་པ་ལ་སོགས་པ་བཟློག་པའི་ཕྱིར་རོ། །མེ་ལས་ཡོངས་སུ་གདུང་བ་རྟོགས་པས་ཆོད་པས་སྤུ་ལངས་པ་ལ་སོགས་པ་མེད་པར་རྟོགས་པ་ནི་མི་སྲིད་དེ་རྒྱུ་ཙམ་ལས་མི་རྟོགས་པའི་ཕྱིར་དང་། མཐའི་གནས་སྐབས་མི་རྟོགས་པའི་ཕྱིར་
དང་། མཐུ་དང་ལྡན་པས་བྱིན་གྱིས་བརླབས་པ་སྲིད་པའི་ཕྱིར་རྒྱུ་ལས་འབྲས་བུ་མི་འགྲུབ་པས་འགལ་བའི་རྒྱུ་དམིགས་པ་ནི་གོ་བར་བྱེད་པ་མ་ཡིན་པ་ཉིད་དོ། །རྒྱུ་འགལ་ན་རྒྱུ་འགལ་བ་དམིགས་པར་འགྱུར་གྱི་འགལ་བའི་རྒྱུ་མི་དམིགས་པ་ནི་མ་ཡིན་ནོ། །དེར་རྒྱུ་མཚན་དག་ཅེས་
བརྗོད་པ་ནི་མི་རིགས་པ་བརྗོད་པ་ཡིན་ནོ་ཞེ་ན། བརྗོད་པ། འགལ་བའི་རྒྱུ་དམིགས་པ་དང་། རྒྱུ་འགལ་བ་དམིགས་པ་གཉིས་པོ་འདི་ཚིག་ཟུར་གཉིས་སུ་བསྟན་པས་བསྟན་པ་ཡིན་ཏེ། ཐ་སྙད་ནི་གཉི་ག་ལྟར་དམིགས་པའི་ཕྱིར་རོ། །དེ་དང་འགལ་བའི་རྒྱུ་མཚན་ནི་ཞེས་བྱ་བ་འགལ་བའི་རྒྱུ་
དམིགས་པའི་དབང་དུ་བྱས་ནས་རྒྱུ་མཚན་དག་འགལ་ན་ནི་ཞེས་བྱ་བས་དེ་ཉིད་ཁས་བླངས་པ་ཡིན་པའི་ཕྱིར་དང་། དེ་ཉིད་ཁོངས་སུ་བསྡུ་བའི་ཕྱིར་དེ་དང་འགལ་བ་གྲུབ་པ་འདི་ཡང་གོང་དུ་རྒྱུ་མ་གྲུབ་པ་ཁོ་ནས་ཞེས་རྒྱུ་འགལ་བ་དམིགས་པ་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་ཞེས་བྱ་བས་ནི་རྒྱུ་མ་གྲུབ་པ་
Vol. 182 · folio 51b
ཉིད་དུ་སྨོས་པའི་རྒྱུ་གཟུང་བའི་ཕྱིར་དེ་དང་འགལ་བ་གྲུབ་པ་ཡིན་པས། རྒྱུ་འགལ་བ་དམིགས་པ་ཉེ་བར་བསྟན་པར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་འགལ་བའི་རྒྱུ་དམིགས་པ་ཉིད་སྟོན་པས་གྲང་བ་དང་འགལ་བ་མེའི་རྒྱུ་བརྗོད་དོ། །སྤུ་ལངས་པ་ལ་སོགས་པ་དང་འགལ་བ་ཡོངས་སུ་གདུང་
བའི་རྒྱུ་ཉིད་རྟོགས་པར་བྱ་བའི་ཕྱིར་རྒྱུ་མཚན་དག་ཅེས་སྨོས་ལ། དེ་དང་འགལ་བ་ནི་རྒྱུ་འགལ་བ་དམིགས་པ་ཉིད་ཉེ་བར་བསྟན་པའི་བསམ་པས་ཡིན་ནོ། །མེ་ལས་ཡོངས་སུ་གདུང་བ་སྐྱེ་བའི་གེགས་ནི་འགའ་ཡང་རྟོགས་པ་མེད་དོ། །སྲེག་པའི་ནུས་པ་ཉིད་ཀྱིས་ཡོངས་སུ་གདུང་བར་
བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱིས་དུ་བ་སྐྱེད་པའི་ཕྱིར་མེ་དེ་མི་དམིགས་ན་ཡོངས་སུ་གདུང་བ་སྐྱེད་པའི་ནུས་པ་ཐོགས་པ་མེད་པ་རྟོགས་པ་ན། ཡོངས་སུ་གདུང་བ་རྟོགས་པ་ཡིན་ནོ། །རྒྱུ་ལས་འབྲས་བུ་རྟོགས་པར་ཐལ་ཏེ། དུ་བ་ལས་ནུས་པ་ཐོགས་པ་མེད་པ་རྟོགས་པ་ན་ཡོངས་སུ་གདུང་
བའི་རྟོགས་པ་སྐྱེ་བའི་ཕྱིར་རོ་ཞེ་ན། གལ་ཏེ་ཐོགས་པ་མེད་པ་ཉིད་རྗེས་སུ་དཔག་པ་ཁོ་ནས་ཡོངས་སུ་གདུང་བ་རྟོགས་པ་མ་གྲུབ་པ་ན་འགྱུར་རོ་ཞེས་པ་ཚོགས་པ་གཅིག་ལ་རག་ལས་པའི་རྗེས་སུ་དཔག་པར་བཤད་པར་བྱའོ། །འདིས་ནི་སྐྱེད་པར་བྱེད་པའི་མེ་ཉིད་གྲང་བ་སེལ་བར་བྱེད་པ་ཡིན་ན་
སྐྱེད་པར་བྱེད་པ་ཡང་སྐྱེད་པར་བྱེད་པ་ཁོ་ན་ཡིན་ནོ་ཞེས་མི་རྟོགས་ཏེ། སྐྱེད་པར་བྱེད་པ་དེར་ངེས་པའི་ཁྱད་པར་མི་རྟོགས་པའི་ཕྱིར་རོ་ཞེས་འགལ་བ་དམིགས་པ་ལ་འཁྲུལ་པར་དོགས་པ་ཡང་བཀག་པ་ཡིན་ཏེ། དུ་བ་སྐྱེ་བ་ཉིད་ཀྱིས་དྲོ་བའི་ནུས་པ་ཐོགས་པ་མེད་པ་རྟོགས་པ་ན་གྲང་བ་མེད་པར་
གྲུབ་པའི་ཕྱིར་རོ། །འོ་ན་འགལ་བའི་འབྲས་བུ་དམིགས་པ་ཉིད་གོ་བར་བྱེད་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། མེའི་ཁྱད་པར་ཡོངས་སུ་བཅད་པའི་དོན་ཡིན་པས་ན་དེས་མཐར་ཐུག་པ་མ་ཡིན་པའི་ཕྱིར་རོ། །ཚུལ་འདི་གྲུབ་པ་ལ་བརྟེན་པའི་ཕྱིར་རོ། །སྦྱོར་བ་གཞན་པར་གྲུབ་པོ་ཞེས་སྟོན་པ་ནི།
འདིས་ནི་ཞེས་བྱ་བའོ། །དེའི་ཞེས་བྱ་བ་འགལ་བའི་རྒྱུ་མེ་དེའི་འབྲས་བུ་དེ་ལས་ཀྱང་མེ་དེ་དང་འགལ་བ་གྲང་བའི་རེག་པ་དེའི་འབྲས་བུ་སྤུ་ལངས་པ་དེ་མེད་པར་རྟོགས་པ་བཤད་པ་ཡིན་ནོ། །དཔེར་ན་ཕྱོགས་འདི་ན་བ་སྤུ་ལངས་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་ཡང་ཡིན་ལ་སྐྱེས་བུ་ཡང་
Vol. 182 · folio 52a
ཡིན་པ་དེ་ལྟ་བུ་ཅན་མ་ཡིན་ཏེ། དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །དེས་ན་འདི་ནི་འགལ་བའི་རྒྱུའི་འབྲས་བུ་དམིགས་པའམ། རྒྱུ་འགལ་བའི་འབྲས་བུ་དམིགས་པའོ། །འདི་ཉིད་ཀྱི་ཁོངས་སུ་བསྡུ་བ་བཤད་པ་ལ། འདི་ཡང་ཞེས་བྱ་བ་ནི་སྐབས་སུ་
བབ་པའོ། །ཅི་རྒྱུ་འགལ་བའི་འབྲས་བུ་དམིགས་པའམ་ཞེ་ན་མ་ཡིན་ནོ་ཞེས་བརྗོད་པ་ནི་དེ་དང་འགལ་བ་གྲུབ་པ་སྟེ། རྒྱུ་འགལ་བ་གྲུབ་པའོ། །རྣམ་པ་བཞིར་བལྟས་པར་ནི་རྒྱུ་མི་དམིགས་པ་ཉིད་དུ་བསྟན་པས། རྒྱུ་འགལ་བའི་འབྲས་བུ་དམིགས་པ་ནི་འདིའི་ཁོངས་སུ་འདུ་ལ། འདི་ནི་
རྒྱུ་མི་དམིགས་པའི་ཁོངས་སུ་འདུ་བ་ཡིན་ནོ། །དེ་ལྟར་ན་གཙོ་བོ་ཉེ་བར་བསྟན་པ་དེའི་ཁོངས་སུ་འདུ་བ་ཚུལ་འདིས། སྣང་བ་མི་དམིགས་པ་འདི་ནི་ཇི་ལྟར་བསྟན་པ་ཉིད་ཀྱིས་རྣམ་པ་བརྒྱད་དུ་བགྲང་བར་བྱའོ། །གལ་ཏེ་ཇི་ལྟར་འགལ་བའི་རྒྱུ་དམིགས་པ་ལ་རྒྱུ་ཙམ་ནི་སྐྱེད་པར་བྱེད་པ་མ་ཡིན་ལ་ཐ་མའི་
གནས་སྐབས་ཀྱང་མི་རྟོགས་པའི་ཕྱིར་འཁྲུལ་པར་དོགས་པས་དེ་ཙམ་གོ་བར་བྱེད་པ་མ་ཡིན་པ་བརྗོད་པ་དེ་བཞིན་དུ་འགལ་བའི་འབྲས་བུ་དམིགས་པ་ཡང་འབྲས་བུ་གོ་བར་བྱེད་པ་མ་ཡིན་པར་འགྱུར་རོ། །དུས་གཞན་དུ་བྱེད་པའི་ཕྱིར་རྒྱུ་བྱེད་བཞིན་པ་ཉིད་མ་ཡིན་པ་ལྟར། སྔར་ཉིད་བྱས་ཟིན་པའི་ཕྱིར་
འབྲས་བུ་ཡང་བྱ་བཞིན་པ་མ་ཡིན་པར་འགྱུར་ཏེ། དེས་ན་གནས་པ་ཐོབ་པར་འགྱུར་རོ། །གནས་པ་ཐོབ་པས་རྒྱུ་ཉེ་བར་གནས་པ་མེད་ཀྱང་སྲིད་པའི་ཕྱིར་རོ། །འདི་ལྟར་དེའི་ཚེ་མི་བྱེད་པའི་ཕྱིར་རྒྱུས་འབྲས་བུ་ཉེ་བར་འཇོག་པ་མ་ཡིན་པ་དེ་བཞིན་དུ་འབྲས་བུས་ཀྱང་རྒྱུ་ཉེ་བར་མི་འཇོག་སྟེ།
དེའི་ཚེ་བྱ་བ་མ་ཡིན་པའི་ཕྱིར་རོ། །དོགས་པ་འདི་བསུ་ནས་བཤད་པ་ནི་མི་དམིགས་པ་རྣམ་པ་བརྒྱད་པོ་དེ་ལ་འགལ་བའི་འབྲས་བུ་དམིགས་པ་བཤད་པ་གང་ཡིན་པ་དེ་ལས་ཏེ། དེར་འགལ་འབྲས་བུ་ལ་ཡང་སྟེ་འགལ་བའི་རྒྱུ་དམིགས་པ་འབའ་ཞིག་ལ་ནི་མ་ཡིན་གྱི་ཇི་སྲིད་དུ་འདི་ལ་ཡང་ཁྱབ་
པར་འདོད་པ་ཡིན་ནོ། །དེ་ཉིད་བརྗོད་པ་ནི། ཡུལ་དང་ནི། དུས་ལ་སོགས་པ་ལ་ལྟོས་པར་འདོད་གང་དུ་གང་གི་གང་དུ་བསྐྱེད་པ་དང་སོགས་པ་སྨོས་པས་ཇི་ལྟར་རྟོག་པར་བྱེད་པའི་རང་བཞིན་གྱི་ཁྱད་པར་རོ། །ཇི་སྐད་བརྗོད་པ་ཡིན་ཏེ། དེ་ལས་སྐྱེས་པ་གཞན་གྱི་གཞན་དབང་དུ་གྱུར་པ་མ་
Vol. 182 · folio 52b
ཡིན་པའི་ཕྱིར་ངེས་པར་མི་འགྲུབ་པས་སྐྱེ་བཞིན་པའི་དུ་བ་ཉིད་གོ་བར་བྱེད་པ་ཡིན་གྱི། གནས་པའི་གནས་སྐབས་ནི་མ་ཡིན་ཏེ། དེ་ནི་དུ་བའི་སྐད་ཅིག་སྔ་མ་ལ་བརྟེན་པའི་ཕྱིར་མེའི་རྒྱུ་ཅན་མ་ཡིན་པས་ན་མེ་མེད་ཀྱང་ཡོད་པའི་ཕྱིར་སྐྱེ་བཞིན་པ་ཉིད་ཀྱང་རྒྱུན་མི་འཆད་པར་གྱེན་དུ་འཕྱུར་བ་
མང་དུ་མཆེད་ཅིང་འཕེལ་བ་དང་མ་བྲལ་བ་དེ་ལྟར་འཕེལ་བ་བསྟེན་པ་མི་བཟོད་པ་རྟོགས་ནས་རྟོགས་པར་བྱེད་དོ། །ད་ནི་ཡུལ་དང་དུས་སྨོས་པས་ཅི་བྱ་ཞེ་ན་ཁྱད་པར་གཞན་གྱིས་ཀྱང་དེ་དེའི་ཡུལ་དང་དུས་ཅན་དུ་རྟོགས་པར་བྱེད་པའི་ཕྱིར་ཏེ། ཡུལ་དང་དུས་ཀྱི་ཁྱད་པར་ཅན་དེ་ཉིད་སྒྲུབ་པར་བྱེད་པ་
ཡིན་པའི་ཕྱིར་དེས་བར་དུ་བཅད་པ་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འཁྲུལ་པར་དོགས་པར་འགྱུར་རོ་ཞེས་བཤད་པ་ནི། གཞན་དུ་ཞེས་བྱ་བའོ། །དེ་ལ་མི་ལྟོས་པ་ནི་འགལ་བའི་འབྲས་བུ་འཁྲུལ་པར་འགྱུར་ཏེ་ཐལ་བ་བཞིན་ནོ། །དེ་དེ་ལས་སྐྱེ་བཞིན་པ་ཡིན་ཡང་གནས་པའི་
གནས་སྐབས་ན་དེ་ལ་མི་ལྟོས་པ་དང་། གྲུབ་བཞིན་པར་རྟོགས་པར་བྱེད་པའི་ཁྱད་པར་ཡང་རྟོགས་པར་མི་ནུས་པས་གྲང་བ་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དེས་ན་འདི་ལྟར་གཏན་ཚིགས་གསུམ་ཚུལ་གསུམ་དང་ལྡན་པ་ཡིན་པའི་ཕྱིར། དེ་ནི་རྣམ་གསུམ་ཉིད་ཅེས་བརྗོད་པ་དེ་རང་གི་ངོ་བོས་
རྣམ་པ་གསུམ་པའི་མཐར་ཐུག་པ་བཀྲལ་ནས་གཏན་ཚིགས་གཞན་སྲིད་པ་དགག་པའི་དོན་དུ་རྣམ་གསུམ་ཉིད་ཅེས་ངེས་པར་བཟུང་བ་འཁྲུལ་པར་དོགས་པ་བཟློག་པའི་ཕྱིར་རོ། །འོ་ན་ཞེས་རྩོད་པར་བྱེད་དོ། །རྗེས་སུ་དཔོག་པར་བྱེད་པ་གང་ཡིན་པའོ། །དེ་གང་ཞེ་ན། འབྲས་བུ་སྐྱེ་བར་
རོ། །གང་གིས་ཤེ་ན། རྒྱུ་ལ་སོགས་པ་སྟེ་རྒྱུ་གཞན་ལ་ལྟོས་པ་མེད་པ་ལ་སོགས་པ་འབྲས་བུ་སྐྱེ་བ་དེ་ཇི་ལྟར་གཏན་ཚིགས་རྣམ་པ་གསུམ་གྱི་ནང་དུ་འདུ་ཞེ་ན། ཐམས་ཅད་དུ་བསྒྲུབ་བྱ་རྗེས་སུ་དཔོག་པའི་བྱེད་པ་ཅན་གཏན་ཚིགས་བསྟན་པ་ཉིད་ཀྱི་གཏན་ཚིགས་བརྗོད་པ་ཡང་བསྒྲུབ་བྱ་གཙོ་བོར་
བསྟན་པ་ཡིན་ཡང་དེའི་རང་གི་ངོ་བོ་ཕལ་པར་བྱས་པ་ཡིན་ཏེ། འབྲས་བུ་ལ་སོགས་པའི་གཏན་ཚིགས་སྟོན་པ་ནི། འདི་ནི་མེ་ཡོད་དེ་དུ་བ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེས་ན་རྒྱུ་ཚོགས་པས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པར་བྱེད་པ་གང་ཡིན་པ་དེ་གང་དུ་འདུ་ཞེས་བྱ་
Vol. 182 · folio 53a
བས་ནི་གཏན་ཚིགས་དེ་ཉིད་ཀྱི་ཁོངས་སུ་འདུ་བ་རྩོད་པ་ཡིན་ནོ། །ཚོགས་པ་ལས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་ན་ནི་དེ་དམིགས་པའི་ཕྱིར་རོ། །འབྲས་བུ་སྐྱེ་བ་ཡིན་ནོ་ཞེས་རྗེས་སུ་དཔག་པར་བྱ་བ་ཡིན་པའི་ཕྱིར་རྗེས་སུ་དཔག་པར་བྱ་བར་འགྱུར་རོ། །སློབ་
དཔོན་གྱིས་ནི་ཇི་སྐད་བརྗོད་པའི་བསྒྲུབ་བྱ་མི་སྲིད་པའི་ཕྱིར་དང་། སྲིད་པའི་བསྒྲུབ་བྱ་ལ་ཡང་རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་ཉིད་དུ་སྟོན་པས་རྒྱུ་ཚོགས་པ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྒྱུ་ཚོགས་པའི་འབྲས་བུ་སྐྱེ་བར་
རྗེས་སུ་དཔོག་པ་གང་ཡིན་པ་དེ་ནི་རང་བཞིན་ཡིན་པར་བརྗོད་དོ། །སྐྱེ་བ་ནི་རྒྱུ་ཡོད་པའམ་འབྲས་བུ་ཉིད་ཡིན་གྱི་བྱ་བའི་བདག་ཉིད་ཅན་གཞན་ནི་འགའ་ཡང་མེད་དོ། །དེས་ན་འབྲས་བུ་ལ་གནས་པའི་རང་བཞིན་གྱི་ཁྱད་པར་རམ། རྒྱུ་ལ་གནས་པའི་རང་བཞིན་གྱི་གཏན་ཚིགས་ཁྱད་པར་ཡིན་ནོ། །
དེ་དེ་ལ་ཕ་རོལ་པོས་ནི་འབྲས་བུ་ལ་གནས་པའི་ཁྱད་པར་རྗེས་སུ་དཔག་པར་བྱ་བ་བརྗོད་པ་ན་འདིར་རྒྱུ་ལ་གནས་པའི་ཁྱད་པར་རྗེས་སུ་དཔོག་པ་ན་རང་བཞིན་གྱི་གཏན་ཚིགས་སུ་བཤད་དོ། །རང་བཞིན་གྱི་གཏན་ཚིགས་ཀྱི་མཚན་ཉིད་བཤད་པ་ནི། དོན་གཞན་ལ་ནི་མི་ལྟོས་ཞེས་བྱའོ། །
རྒྱུ་ལ་གནས་པའི་འབྲས་བུ་སྐྱེ་བའི་མཚན་ཉིད་ནི་རྒྱུ་ཚོགས་པ་ཡོད་པ་ཙམ་ལས་གཞན་ལ་མི་ལྟོས་པ་ཡིན་ནོ། །དེས་ན་རྒྱུ་ཚོགས་པའི་རང་བཞིན་ངོ་བོ་ཉིད་དེ་ཤ་པ་ཡོད་པ་ལས་གཞན་ལ་ལྟོས་པའི་ཤིང་ཉིད་ཤ་པའི་རང་གི་ངོ་བོ་ཡིན་པ་བཞིན་ནོ། །རང་གི་ངོ་བོ་རྗེས་སུ་དཔག་པར་བྱ་བ་ལ་ནི་
ངོ་བོ་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །འདི་ལ་ལྷན་ཅིག་བྱེད་པ་ཐམས་ཅད་ལས་དང་པོ་འབྲེལ་པ་ཉིད་ཀྱི་ཚེ། འབྲས་བུ་མི་སྐྱེ་བར་དམིགས་ནས་ཕྱིས་འགྲུབ་པ་ཁྱད་པར་མ་སྐྱེས་པ་མ་ཡིན་པ་དང་། རིགས་ཀྱིས་ཐོབ་པ་མ་ཡིན་པ་དང་། མི་མཐུན་པ་ཉིད་ལས་སྐྱེའོ་ཞེས་ངེས་པར་བྱེད་དོ། །
ཁྱད་པར་ཐོབ་པ་ལ་མི་ལྟོས་ན་ནི་དང་པོ་འབྲེལ་བ་ཉིད་ན་ཡོད་པར་ཐལ་བའི་ཕྱིར་དང་། དེ་ལས་ཁྱད་པར་མི་སྐྱོན་ཕྱིས་ཀྱང་མེད་པར་འགྱུར་བའི་ཕྱིར་དང་། ཁྱད་པར་རིགས་ཀྱིས་ཐོབ་པར་མ་གྲུབ་ན་སྐད་ཅིག་གཉིས་པ་ཉིད་ལས་ཡོད་པར་ཐལ་བའི་ཕྱིར་དང་། གཅིག་གནས་པ་དོན་མེད་པའི་ཕྱིར་རོ། །དེའི་
Vol. 182 · folio 53b
ཕྱིར་འབྲས་བུ་སྒྲུབ་པར་བྱེད་པ་ཇི་སྲིད་བྱ་བ་བྱེད་པ་ལ་ལྟོས་པ་དེ་དག་ནི་སྔ་མ་སྔ་མ་དང་འབྲེལ་པ་ཕྱི་མ་ཕྱི་མ་ཁྱད་པར་ཅན་དང་ཆེས་ཁྱད་པར་ཅན་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །ཁྱད་པར་དེ་ནི་འབྲས་བུ་བསྐྱེད་པའི་མིང་ཅན་རུང་བ་ཞེས་བྱ་བ་ཡིན་ནོ། །དེ་ཡང་ཚོགས་པ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་
ཏེ། ཇི་སྐད་བཤད་པ་བཞིན་ནོ། །ཚོགས་པ་ཡོད་པ་ཙམ་དང་རྗེས་སུ་འབྲེལ་པ་དེ་ཚོགས་པ་དག་ལས་རྗེས་སུ་དཔོག་པ་ན་རང་བཞིན་གྱི་གཏན་ཚིགས་ཡིན་ལ། འབྲེལ་བ་ངེས་པའི་ཚུལ་ནི་ཇི་སྐད་བརྗོད་པ་བཞིན་ཡིན་པས་དེ་བཞིན་ཅན་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ཚུལ་གསུམ་ཡིན་
ནོ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །ཞེས་བྱ་བ་འདིའི་འགྲེལ་པ་ནི་འདི་ཡང་ཞེས་བྱ་བའོ། །འབྲས་བུ་སྐྱེ་བ་འདི་ཡང་ལན་ཅིག་བྱེད་པ་ཇི་ལྟར་ཉེ་བ་ལས་གཞན་ལ་མི་ལྟོས་ཏེ། དེས་ན་ངོ་བོའི་ཞེས་བྱ་བ་འདི་ལྟར་ཉེ་བའི་རྒྱུའི་དེ་ཙམ་དང་འབྲེལ་བའི་རང་བཞིན་ཡིན་ནོ། །རྒྱུ་ཚོགས་པ་ཡིས་
ཞེས་བྱ་བ་བཤད་པ་ནི། དེ་ལ་ནི་ཞེས་བྱ་བའོ། །རྒྱུ་ཚོགས་པ་ལས་ཞེས་བྱ་བ་ནི་གཏན་ཚིགས་ཏེ། གཏན་ཚིགས་དེའི་ཕྱིར་སྲིད་པ་རྗེས་སུ་དཔོག་པ་ཡིན་ནོ། །ཡང་འདི་གང་གི་སྲིད་པ་རྗེས་སུ་དཔོག །སྲིད་པ་ཞེས་བྱ་བ་འདི་ཡང་ཅི་ཞིག་ཅེ་ན། གཏན་ཚིགས་རྣམས་ཀྱི་ཞེས་སྨོས་སོ། །
གང་གི་ཕྱིར་ཆོས་ཅན་ཚོགས་པ་རྣམས་ཀྱི་རུང་བ་ཉིད་རྗེས་སུ་དཔོག་པའི་རྒྱུ་དེའི་ཕྱིར་ན་རུང་བ་རྗེས་སུ་དཔོག་པ་ཡིན་ནོ། །དེས་ན་སྲིད་པ་ནི་རུང་བ་ཉིད་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །ཚོགས་པ་ཉིད་ཆོས་ཅན་ཡིན་ཏེ་དེས་ན་ས་ལ་སོགས་པའི་ཆོས་ཅན་དག་ལ་སོགས་པ་ཉིད་ལ་འབྲས་བུ་སྐྱེ་བར་
རུང་བ་ཉིད་རྗེས་སུ་དཔོག་པ་ཡིན་ནོ། །དེ་ལྟ་ཡིན་དང་རང་བཞིན་ཉིད་དུ་འཐད་པ་ཡིན་གྱི་འབྲས་བུའི་ཆོས་སུ་གྱུར་པའི་སྐྱེ་བ་དཔོག་པ་ལ་ནི་མ་ཡིན་ནོ་ཞེས་སྨོས་པ་ནི་རུང་བ་ཉིད་ཀྱང་ཞེས་བྱ་བའོ། །རང་བཞིན་དུ་གྱུར་པ་ཁོ་ནའོ་ཞེས་བྱ་བ་ནི་ཚོགས་པའི་ཞེས་བྱ་བ་ལ་ལྟོས་པ་སྟེ་ཐ་མི་དད་པ་ཞེས་བྱ་བའི་
དོན་ཏོ། །ནུས་པ་ནུས་པ་ཅན་ལས་དོན་གཞན་མ་ཡིན་ཡང་དེ་གྲུབ་ཀྱང་མ་གྲུབ་པས་གོས་དང་ཚོན་བཞིན་དུ་རང་བཞིན་མ་ཡིན་པར་འགྱུར་ན། དེ་ནི་མེད་དོ་ཞེས་བཤད་པ་ནི། ཚོགས་པ་ཙམ་དང་རྗེས་སུ་འབྲེལ་པ་ཡིན་པས་ཞེས་བྱ་བའོ། །འདི་དག་ཇི་སྲིད་ཚོགས་པས་ཐོབ་པ་དེ་
Vol. 182 · folio 54a
སྲིད་དུ་འབྲས་བུ་སྐྱེ་བ་དང་མཐུན་པ་བོགས་འབྱུང་བས་ན་ཁྱད་པར་སྐྱེད་པ་ཡིན་ནོ། །དེས་ན་ཐ་མི་དད་པའི་ཕྱིར་དང་། ཕྱིས་འབྱུང་བ་མ་ཡིན་པའི་ཕྱིར་རང་བཞིན་ཉིད་དུ་རིགས་སོ། །འོ་ན་རུང་བ་ཉིད་རྗེས་སུ་དཔོག་པ་ལ་རང་བཞིན་ཉིད་ཡིན་མོད། གང་གིས་གཏན་ཚིགས་
གཞན་དུ་འགྱུར་བ་འབྲས་བུ་སྐྱེད་པ་ཉིད་གོ་ཅི་སྟེ་རྗེས་སུ་མི་དཔོགས་ཞེས་སྨྲས་པ་ནི། ཡང་ཅིའི་ཕྱིར་ཞེས་བྱ་བ་ཡིན་ནོ། །ཚོགས་པའི་ཞེས་བྱ་བ་ལ་སོགས་པས་ནི་ལན་འདེབས་སོ། །འབྲས་བུ་ཡུལ་ཅན་དུ་གྱུར་པ་ལས་ཚོགས་པའི་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ་ཞེས་བསྒྱུར་ནས་
འབྲེལ་ཏོ། །མ་ངེས་པ་ཉིད་ཀྱི་རྒྱུ་བསྟན་པའི་ཕྱིར་འབྲས་བུ་ཁྱད་པར་དུ་བྱེད་དེ། མྱུ་གུ་ལ་སོགས་པ་བསྐྱེད་པར་བྱ་བ་ནི་འབྲས་བུ་ཡིན་ལ་དེ་ལ་དང་འབྲས་བུ་སྐྱེད་པར་བྱེད་པའི་མཚན་ཉིད་ཀྱི་ནུས་པ་ནི་འབྲས་བུ་ལ་གནས་པའོ། །ཚོགས་པ་དེ་ནི་དེ་ཉིད་ཀྱི་ཡིན་ཏེ། དེ་ཉིད་སྐྱེད་པར་བྱེད་པ་ཡིན་པའི་
ཕྱིར་རོ། །དེ་རྣམས་འགྱུར་བ་ནི་ཇི་སྐད་བརྗོད་པའི་བོགས་འབྱུང་བ་སྟེ། དེ་དང་འབྲེལ་པའི་འབྲས་བུ་ལའོ། །གང་གི་ཕྱིར་ཕྱི་མ་ཕྱི་མར་ཁྱད་པར་ཐོབ་པ་ཉིད་ཀྱི་ཚོགས་པ་ལས་འབྲས་བུ་སྐྱེ་བ་དེའི་ཕྱིར་འདི་ལ་ཚོགས་པ་རྣམས་མ་ངེས་པ་ཉིད་དེ། དེ་ཡོད་ཀྱང་འབྲས་བུ་འབྱུང་བར་འགྱུར་བ་ལས་འདའ་
བས་གཏན་མེད་པའི་ཕྱིར་རོ། །གང་གི་ཕྱིར་འགྱུར་བ་ལྟོས་ན་མ་ངེས་པ་ཉིད་བཤད་པ་ནི། གགས་བྱེད་པ་དག་ཅེས་བྱ་བ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་གི་ཕྱིར་གང་གིས་སྐྱེད་པར་བྱེད་པའི་རང་བཞིན་སྐྱེད་པར་ངེས་པའི་ཕྱིར། དེ་ཉིད་འབྲས་བུ་འབྱུང་བར་འགྱུར་བ་ཉིད་ལས་མི་འདའ་
བར་འགྱུར་བ་ཚོགས་པ་རྣམས་ཉེ་བ་ཙམ་ཉིད་ལས་འབྲས་བུ་སྐྱེ་བ་མ་ཡིན་གྱི། འོན་ཀྱང་ཕན་ཚུན་ཕུལ་དུ་བྱུང་བའི་ཁྱད་པར་བསྐྱེད་པས་ཆོད་པ་ཡིན་ནོ། །དེས་ན་ཚོགས་པ་དེ་ཙམ་ཉིད་ཉེ་བར་གནས་པ་ལས་ཕྱི་མ་ཕྱི་མ་ཁྱད་པར་དང་བཅས་པ་སྐྱེད་པ་དེ་བཞིན་དུ། དེ་ཉིད་དུ་དངོས་པོ་གཞན་ཉེ་བར་གནས་
པ་ལས་དེའི་ནུས་པ་སྐྱེ་བ་དང་མི་མཐུན་པའི་ཕྱིར་དེ་མི་སྐྱེ་བར་ཡང་འགྱུར་རོ། །དེ་བས་ན་འགྱུར་བ་ལ་ལྟོས་པའི་ཕྱིར་གགས་བྱེད་པ་སྲིད་པ་ཡིན་ནོ། །རྒྱུའི་རྫས་ཞེས་བྱ་བ་ནི་འགྲེལ་པའོ། །འདིས་ནི་ངེས་པ་ཉིད་བརྗོད་དོ། །ཁོ་ནའི་སྒྲ་ནི་ངེས་པར་གཟུང་བ་ཡིན་ཏེ། ཁོ་ནས་ཞེས་བྱ་བས་ནི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words