ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) པྲ་མཱ་ཎ་པཱརྟི་ཀ་སྱ་བྲྀཏྟི་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 182 · folio 374a

གཉེན་པོ་ཉིད་ཀྱིས་སྤོང་བ་ཡིན་ནོ། །གང་དག་ལྷན་ཅིག་སྐྱེས་པའི་ཡང་སྤོང་བར་འདོད་པ་དེའི་ལུས་ཀྱིས་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་མཐོང་བའི་ལམ་ཉིད་ཀྱིས་སྤོང་ན་ཡང་སྲིད་པ་གང་ལས་འབྱུང་བ་ཡིན། ཤེས་རབ་ཕུལ་དུ་བྱུང་བར་གསལ་བ་ལམ་དང་པོ་ཉིད་

སྐྱོན་མ་ལུས་པ་ཟད་པར་བྱེད་པའི་ཕྱིར་མཐོང་བའི་ལམ་དེ་ཉིད་ལམ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། བམ་པོ་བཅུ་པ། ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་གང་དག་བདག་གི་རྣམ་པར་གྱུར་པ་དེའི་བདག་ཉིད་ནི་དེ་ལ་ཉེ་བར་བསྟན་པ་ཉིད་

ཀྱི་བློ་ཡིན་གྱི། དངོས་པོས་སྐྱེད་པར་བྱེད་པ་མེད་པས་དེའི་བློ་ནི་མ་ཡིན་པའི་ཕྱིར། ཉེ་བར་བསྟན་པ་ཉིད་རྒྱུ་མ་ཡིན་ནམ་ཞེ་ན། བདེ་བར་གྱུར་པའམ་སྡུག་བསྔལ་བར། །མ་གྱུར་ཅིག་ཅེས་འདོད་པ་ཡིས། །འདི་ན་ང་ཞེས་བློ་གང་དེ། །འཇིག་ཚོགས་ལྟ་བ་ལྷན་ཅིག་སྐྱེས། །འགའ་ཞིག་ང་ཞེས་མཐོང་མེད་

པ། །དེ་ལྟ་བདག་ལ་ཆགས་པ་མེད། །བདག་ལ་ཆགས་པ་མེད་པར་ཡང་། །བདེ་བ་འདོད་པས་མཐོང་རྒྱུག་མིན། །ཞེས་བྱ་བ་ལ། ངའོ་སྙམ་པའི་ཤེས་པ་ཐོག་མ་མེད་པའི་བག་ཆགས་ལས་སྐྱེས་པ་གང་ཡིན་པ་དེ་ནི་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་སྟེ། བདག་བདེ་བར་གྱུར་ཅིག་

སྙམ་པའམ། སྡུག་བསྔལ་བར་མ་གྱུར་ཅིག་སྙམ་པའི་རྣམ་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་ངའོ་སྙམ་པའི་བློ་ཡིན་ནོ། །གང་གི་ཡིན་ཞེ་ན། སྲེད་པ་པོའི་སྟེ་བདེ་བ་འདོད་པའོ། །འདི་ཉིད་ཀྱི་བློ་ནི་འཇིག་ཚོགས་ལ་ལྟ་བའི་ལྷན་ཅིག་སྐྱེས་པ་ཞེས་བརྗོད་དོ། །འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་དེ་མ་

སྤངས་པས་མེད་པར་མི་འགྱུར་རོ། །འགའ་ཞིག་ང་ཞེས་མ་མཐོང་བ་དེ་ནི་བདག་ལ་ཆགས་པར་མི་བྱེད་ཅིང་། བདག་ལ་ཆགས་པ་མེད་ན་བདེ་བ་འདོད་པས་མངོན་པར་རྒྱུག་པར་མི་འགྱུར་རོ། །གང་ཞིག་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་དེའི་ཆགས་པ་ཡོད་བཞིན་དུ། ཇི་ལྟར་ཡང་སྲིད་

པ་མེད་པར་འགྱུར། དེ་བས་ན་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ཡོད་པས། ལམ་དང་པོ་ཉིད་ཀྱིས་འཁོར་བ་མེད་པར་བྱེད་པ་མ་ཡིན་གྱི་འོན་ཀྱང་ལྷན་ཅིག་སྐྱེས་པའི་འཇིག་ཚོགས་ལ་ལྟ་བ་ཉིད་བསྒོམ་པའི་ལམ་གྱིས་སྤང་བར་བྱ་བར་གནས་པའོ། །འདིས་ནི་ཞི་བ་ཞེས་བྱ་བའི་རྣམ་པ་

Vol. 182 · folio 374b

བསྟན་ཏོ། །བདག་ཡོད་ན་འཆིང་ཞིང་དེ་ཉིད་ནི་གྲོལ་བ་མ་ཡིན་ནམ། དེས་ན་བདག་ཡོངས་སུ་དགའ་བའི་ཁྱད་པར་ལས་བདག་ཉིད་མ་རིག་པ་དང་བྲལ་ནས་དགའ་བའི་ངོ་བོ་ཉིད་ནི་གྱ་ནོམ་པའི་ཐར་པའོ། །བདག་མེད་ན་འཁོར་བ་དང་། ཕ་རོལ་ཉིད་གྲོལ་བ་ཡང་གཞན་ཁོ་ན་སྟེ། གང་ཡང་གྲོལ་བའི་

ཚེ་ཡོངས་སུ་དགའ་བར་འགྱུར་བ་ན་སུ་ཞིག་དགའ་བར་འགྱུར། བདག་ཏུ་འཛིན་པ་ཡོད་ན་སྐྱོན་དང་བཅས་པར་མི་འགྱུར་བའི་ཐར་པ་རུང་ངོ་ཞེ་ན། འདིར་ལན་སྨྲས་པ། སྡུག་བསྔལ་སྐྱེ་བའི་རྒྱུ་ཉིད་ནི། །འཆིང་བའི་རྟག་པ་དེ་གང་ལས། །སྡུག་བསྔལ་མི་སྐྱེའི་རྒྱུ་ཉིད་ཀྱང་། །ཐར་ཡིན་རྟག་པ་དེ་

གང་ལས། །ཞེས་བྱ་བ་ལ། གལ་ཏེ་བདག་དང་ཁྱབ་པ་ཡིན་ན་དེ་བས་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་འདི་ནི་བདག་ཉིད་རང་གི་སྡུག་བསྔལ་སྐྱེད་མི་ནུས་ཏེ། ནམ་མཁའ་བཞིན་ནོ། །གལ་ཏེ་ཡང་རང་རྒྱུད་པ་ནུས་པ་ཅན་ཡིན་ན། ཇི་ལྟར་བདག་གི་སྡུག་བསྔལ་སྐྱེད་པར་བྱེད་དེ། རང་

རླག་པར་བྱེད་པ་ལ་འགོད་པར་དཔྱོད་པ་དང་ལྡན་པ་མི་རིགས་སོ། །འདི་ནི་རྨོངས་པས་སྡུག་བསྔལ་བར་བྱེད་དེ། གང་གི་ཚེ་རྨོངས་པ་ལྡོག་པ་ན་བདག་མཐོང་བར་གྱུར་ན་སྟེ། དེའི་ཚེ་གྲོལ་བ་མ་ཡིན་ནམ། དེ་ལྟ་བས་ན་མ་རིག་པ་ལས་འཁོར་བར་འགྱུར་ལ། རིག་ན་ཐར་པར་འགྱུར་ཞེས་སྨྲ་

བར་བྱེད་ན་འཁོར་བའི་དུས་ན་གལ་ཏེ་བདག་གི་ངོ་བོ་ཉིད་མ་མཐོང་ན་ཇི་ལྟར་ཡོད་པ་ཡིན་ཏེ། མི་དམིགས་པའི་ཕྱིར་འདི་མེད་པར་འགྱུར་བ་མ་ཡིན་ནམ། དེས་ན་མ་རིག་པ་ཉིད་འཁོར་བ་པ་སྟེ། བདག་ནི་མ་ཡིན་ནོ། །འོན་ཏེ་བདག་གི་ངོ་བོ་ཉིད་མ་རིག་པ་ཡིན་ཏེ། ཐ་དད་པ་མ་ཡིན་ན་

གང་གིས་ན་བདག་འཁོར་བ་པར་མི་འགྱུར་ཞེ་ན། དེ་ལྟ་ན་འོ་ན་ནི་རྟག་ཏུ་བདག་མ་རིག་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་གྲོལ་བར་མི་འགྱུར་ཏེ། དེ་གནས་ན་དེའི་རང་བཞིན་ཡང་ཟད་པར་བྱ་བར་མི་ནུས་པའི་ཕྱིར་རོ། །གལ་ཏེ་ཡང་མ་རིག་པ་ལྡོག་ན་སྐྱེས་བུ་དག་པ་ཉིད་ཡོད་ཅེ་ན། དེའི་

ཚེ་འཁོར་བ་ཉིད་གཞན་ཁོ་ན་ཡིན་ཞིང་། གྲོལ་བ་ཡང་གཞན་ཁོ་ན་ཡིན་པའི་ཕྱིར་སངས་རྒྱས་པའི་ལྟ་བ་ཉིད་ལ་བརྟེན་པར་འགྱུར་རོ། །འོན་ཏེ་མ་རིག་པ་ནི་ཚངས་པ་ལས་ཐ་དད་པ་མ་ཡིན་ཞིང་ཐ་མི་དད་པ་ཡང་མ་ཡིན་ལ། རྣམ་པ་ཐམས་ཅད་དུ་མེད་པ་ཡང་མ་ཡིན་གྱི། འོན་ཀྱང་ལོག་

Vol. 182 · folio 375a

པར་སྣང་བ་དང་། སྒྱུ་མར་སྣང་བ་མ་རིག་པའོ་ཞེ་ན། ཅི་སྟེ་དེ་ལྟ་ན་ནི་མ་རིག་པ་ཚངས་པ་ལས་ཐ་མི་དད་པ་མ་ཡིན་པར་འགྱུར་ཏེ། དེ་ཡོད་པ་མ་ཡིན་པའི་ཕྱིར་དང་། ཚངས་པ་ནི་དོན་དམ་པ་ཡིན་པའི་ཕྱིར་རོ། །དེས་ན་མ་རིག་པ་ཚངས་པ་ལས་ཐ་མི་དད་པ་མེད་ན། གཞན་ཉིད་

གྲོལ་བར་འགྱུར་བའི་ཕྱིར། ཇི་ལྟར་ཐར་བའི་སྒྲུབ་ཐབས་ལ་འཇུག །ཚངས་པ་དེ་ཡང་རྟག་ཏུ་གྲོལ་བར་གནས་ན་ཅིའི་ཕྱིར་འཇུག་པར་བྱེད། འོ་ན་ཇི་ལྟར་མེ་ལོང་ལ་སོགས་པར་བཞིན་ཕྱིན་ཅི་ལོག་ཏུ་སྣང་བ་དེ་བཞིན་དུ། མ་རིག་པ་ཚངས་པ་ཉིད་གཞན་དུ་སྣང་ངོ་། །གང་གི་ཚེ་མ་རིག་པ་ཟད་པ་དེའི་

ཚེ་ཕྱིན་ཅི་མ་ལོག་པར་སྣང་བས་ཚངས་པ་ཞེས་བྱ་བའི་ཐར་པ་འགྲུབ་པོ་ཞེ་ན་མ་རིག་པའི་ཚེ་ཚངས་པ་མི་སྣང་བ་མ་ཡིན་ནམ། དེ་ཇི་ལྟར་མ་རིག་པ་ཚངས་པའི་བདག་ཉིད་ཡིན། འོན་ཏེ་རིག་བྱེད་ལས་ཤེས་པ་ཚངས་པར་བརྗོད་པ་ཡིན་ནོ་ཞེ་ན། རིག་བྱེད་ལས་ཤེས་པར་གྱུར་པའི་ཚངས་པ་ནི་

ལོག་པའི་ངོ་བོ་ཉིད་ཀྱིས་སྣང་བ་ཡིན་ཏེ། རང་གི་ངོ་བོ་ཉིད་སྣང་བར་གྱུར་ན་དེའི་ཚེ་ཉིད་གྲོལ་བར་འགྱུར་རོ། །གྲོལ་བའི་དུས་སུ་ནི་ཚངས་པའི་ངོ་བོ་ཉིད་རིག་པ་ཐར་པ་ཡིན་ཏེ། དེས་ན་ཇི་སྲིད་ཚངས་པ་མི་ཤེས་པ་དེ་སྲིད་དུ་རྣ་བའི་འདུ་ཤེས་པ་ལ་མི་བདེན་པའི་རང་བཞིན་ཉིད་སྣང་བའི་ཕྱིར་འཁོར་བའོ། །

མ་རིག་པ་ཐམས་ཅད་ལས་ཐར་ན་ནི། དུས་གང་གི་ཚེ་ཚངས་པ་ཉམས་སུ་མྱོང་བ་དེའི་ཚེ། འཁོར་བ་རིག་པ་མ་ཡིན་ན་དེ་ཇི་ལྟར་གྲོལ་བ་དང་། མ་གྲོལ་བ་དག་གཅིག་ཏུ་གཞན་ཡང་མ་རིག་པ་ནི་ཚངས་པའི་རྒྱུ་ཅན་ཡིན་པའི་ཕྱིར། ཚངས་པ་འགགས་ན་མ་རིག་པ་རྒྱུན་ཆད་པར་ཇི་ལྟར་འགྱུར།

འོ་ན་མ་རིག་པ་འཁྲུལ་པ་ཉིད་དེ་རྒྱུ་མེད་པ་ཅན་ཡིན་ནོ་ཞེ་ན། འཁྲུལ་པ་ཡང་རྒྱུ་མེད་པར་མི་སྐྱེ་བ་མ་ཡིན་ནམ། རབ་རིབ་ཀྱི་ནད་མེད་ན་སྐྲ་ཤད་ལ་སོགས་པར་སྣང་བ་མི་སྐྱེ་བའི་ཕྱིར་དང་། སྐྱེ་བ་ཐམས་ཅད་སྣང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་མ་རིག་པ་མ་ཤེས་པའི་ངོ་བོ་ཉིད་མ་

ཡིན་པ་དེ་ལྟར་བཤད་པར་བྱའོ། །འོན་ཏེ་མ་རིག་པ་ནི་མ་རིག་པ་ཉིད་ལས་ཡིན་ལ། རིག་པ་ལས་མ་རིག་པ་ལྡོག་པར་བྱེད་དོ་ཞེ་ན། འོ་ན་ནི་རིག་པ་ཐར་པར་འགྱུར་ལ། མ་རིག་པ་འཁོར་བར་འགྱུར་བའི་ཕྱིར་ཅིའི་ཕྱིར་བདག་རྟོགས་པ་མ་ཡིན་པ་རྟོགས་པར་བྱེད། གང་མ་རིག་པ་ལས་

Vol. 182 · folio 375b

ཚངས་པ་གཟུགས་བརྙན་བཞིན་སྐྱེའོ་ཞེས་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། གཟུགས་བརྙན་དང་བཞིན་གཅིག་པ་མ་ཡིན་པའི་ཕྱིར་རོ། །གཟུགས་བརྙན་ལས་བཞིན་རྗེས་སུ་དཔོག་པ་ནི་འབྲེལ་པ་ལས་ཡིན་གྱི། བཞིན་གཉུག་མ་གཟུགས་བརྙན་དུ་སྣང་བ་ནི་མ་ཡིན་ཏེ། དེ་བཞིན་དུ་གལ་

ཏེ་འགྲོ་བ་ཚངས་པའི་གཟུགས་བརྙན་དུ་ཁས་ལེན་ན། དེའི་ཚེ་འཁོར་བ་དང་གྲོལ་བ་ཐ་དད་པའི་ཕྱིར་འཇུག་པར་མི་འགྱུར་རོ། །འོན་ཏེ་མི་ཤེས་པས་ཆོས་མ་ཡིན་པ་སྡུག་བསྔལ་སྐྱེད་ལ་དེ་ལས་འཁོར་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་རྟག་པའི་ཡང་རང་སྡུག་བསྔལ་བར་སྐྱེད་པར་བྱེད་པའི་རྒྱུ་ཉིད་འཆིང་

བ་ཡིན་པར་འགྱུར་ན། དེའི་ཚེ་སྡུག་བསྔལ་གྱི་རྒྱུ་དག་རྟག་ཏུ་ཡོད་པའི་ཕྱིར་རྟག་ཏུ་བཅིང་བ་ཉིད་དུ་འགྱུར་རོ། །ལྷན་ཅིག་བྱེད་པའི་གྲོགས་ལ་ལྟོས་ནས་ཀྱང་རྟག་པས་འབྲས་བུ་སྐྱེད་པར་བྱེད་པ་བཀག་པ་ཡིན་ནོ། །སྡུག་བསྔལ་མེད་པ་སྐྱེད་པར་བྱེད་ཅིང་སྡུག་བསྔལ་དང་བྲལ་བར་གནས་ལ།

དགའ་བའི་ངོ་བོ་ཉིད་དུ་གནས་པ་ནི་ཐར་པ་སྟེ། དེ་ལྟ་བུར་རྟག་པ་ལ་ཡོད་པ་མ་ཡིན་ནོ། །བདག་ནི་རྟག་པ་མ་ཡིན་ཏེ། འདས་མ་ཐག་པའི་སྐྱོན་ཡོད་པའི་ཕྱིར་རོ། །མི་རྟག་པ་ཡང་མ་ཡིན་ཏེ། རྟོག་པ་སྔོན་དུ་མི་གཏོང་བའི་སྐྱོན་ཡོད་པའི་ཕྱིར་རོ། །དེ་བས་ན་རྟག་པ་དང་མི་རྟག་པ་དག་ཏུ་བརྗོད་

པར་མི་བྱ་བ་མ་ཡིན་ནམ་ཞེ་ན་སྨྲས་པ། མི་རྟག་བརྗོད་བྱ་མིན་གང་ཡིན། །དེ་ནི་འགའ་ཞིག་གི་རྒྱུ་མིན། །བརྗོད་བྱ་མིན་ན་ནམ་ཡང་ནི། །བཅིང་དང་གྲོལ་བར་མི་འགྱུར་རོ། །ཞེས་བྱ་བ་ཡིན་ཏེ། མི་རྟག་པ་བརྗོད་པར་བྱ་བ་མ་ཡིན་ཞེས་བྱ་བ་འདིས་ནི་འདི་ལ་རྟག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །

མི་རྟག་པ་མེད་ན་ནི་རྟག་པ་སྟེ། འགའ་ཞིག་གི་ཡང་རྒྱུ་མ་ཡིན་ཏེ། རྒྱུ་ཉིད་ལ་མི་རྟག་པ་ཉིད་ཀྱིས་ཁྱབ་པར་བཤད་དོ། །དེ་བས་ཁྱབ་བྱེད་མི་རྟག་པ་མེད་ན་དོན་བྱེད་པ་མེད་པའི་ཕྱིར་བརྗོད་པར་བྱ་བ་མ་ཡིན་ན། བཅིང་བ་ཐར་པར་མི་རུང་ངོ་། །ཡང་གི་སྒྲས་བརྟག་པ་གཅིག་པུའི་སྐྱེས་བུར་མ་

ཟད་པའོ། །འོན་ཏེ་གཉིས་གའི་ངོ་བོ་ཉིད་ཅན་གྱི་སྐྱེས་བུ་ཡིན་ཡང་དེ་ལྟ་བུའི་སྐྱོན་དུ་འགྱུར་ཏེ་གང་གི་ཕྱིར། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །ཁྲེལ་བ་སྤངས་པའི་ལྟ་བ་འདི། །དེ་ཕྱིར་དེ་ནི་རྟག་ཅེས་བཤད། ཅེས་བྱ་བ་ལ། རྟག་པ་དང་། འཇིག་

Vol. 182 · folio 376a

པ་ནི་འགལ་བ་སྟེ། གང་གི་རང་བཞིན་འཇིག་པ་མེད་པ་དེ་ནི་མཁས་པ་རྣམས་ཀྱིས་རྟག་པ་ཞེས་བརྗོད་དོ། །འཇིག་པ་དང་། མི་དམིགས་པ་དང་། མེད་པ་ཞེས་བྱ་བ་ནི་དོན་གཅིག་གོ། །མི་འཇིག་པ་དང་རྟག་པ་དང་དམིགས་པ་ཞེས་བྱ་བ་ནི་རྣམ་གྲངས་པར་བཤད་པར་བྱའོ། །འགལ་

བར་འགྱུར་བ་དེའི་ཕྱིར་རྟག་པ་དང་མི་རྟག་པའི་ལྟ་བ་ཅན་ཁྲེལ་སྤངས་པ་དེ་ནི་རྟག་པ་ཞེས་རྗོད་པར་བྱེད་དོ། །འདི་དག་གིས་ནི་གཞན་གྱི་རྟག་པའི་ཐར་པ་བཀག་ནས་འགོག་པའི་བདེན་པ་གྱ་ནོམ་པའི་རྣམ་པ་བསྟན་ཏོ། །དེ་ནི་ལམ་གྱི་ཞར་ལ་འགོག་པའི་རྣམ་པ་བཞི་པ་བསྟན་པའི་ཕྱིར་སྨྲས་པ།

བཤད་ཟིན་ལམ་དེ་གོམས་པ་ལས། །རྟེན་ནི་གནས་གྱུར་པ་ཡིན་ཏེ། །གོམས་ཀྱང་ལམ་བཞིན་སྐྱོན་འབྱུང་ན། །མ་ཡིན་ནུས་པ་མེད་པའི་ཕྱིར། །ཞེས་བྱ་བ་ཡིན་ཏེ། ལམ་གྱི་བདེན་པའི་རྣམ་པ་བཞི་སྟེ། ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པ་འབྱིན་པའོ། །ལམ་ཉིད་མེད་དོ་ཞེས་རྒོལ་

བ་དེ་ལ་ལམ་ཡིན་ནོ་ཞེས་བསྟན་ཏོ། །ལམ་འདི་ནི་ཚད་མ་དང་ལྡན་པ་མ་ཡིན་ནོ་ཞེ་ན་གཞན་དག་སྨྲ་བར་དེ་བསལ་བའི་ཕྱིར་རིགས་པ་ཞེས་བརྗོད་དོ། །མངོན་སུམ་དུ་བྱེད་པའི་ལམ་ཉིད་འགོག་པའི་རྒྱུ་ཡིན་པའི་ཕྱིར་སྒྲུབ་པ་ཞེས་བརྗོད་དོ། །དེ་ལས་གཞན་པའི་ལམ་བདག་ཏུ་ལྟ་བ་ཡིན་ནོ་ཞེས་སྨྲས་པ་

བསལ་བའི་ཕྱིར་ངེས་པར་འབྱིན་པ་ཞེས་བྱ་བ་རྣམ་པ་བཞི་པ་ཡིན་ནོ། །དེ་ལ་མངོན་སུམ་དུ་བྱེད་པའི་ལམ་ནི་གྲོལ་བའི་རྒྱུ་ཡིན་པའི་ཕྱིར། རྣམ་པ་གསུམ་བརྗོད་དོ། །ཇི་ལྟར་སྔར་བསྟན་པའི་ལམ་དེ་གོམས་པ་ལས་སེམས་ཀྱི་རྒྱུད་དམ། ཀུན་གཞི་པ་ཡོངས་སུ་དགའ་བའི་ངོ་བོ་ཉིད་གནས་གྱུར་པར་

འགྱུར་ཏེ། བདག་ཏུ་འཛིན་པའི་གཉེན་པོར་གྱུར་པ། བདག་མེད་པ་གོམས་པར་གྱུར་ན་ཡང་ཉེས་པ་འབྱུང་བ་སྲིད་དེ་དཔེར་ན། སྐྱོན་དང་ལྡན་པ་ལ་ཡོན་ཏན་འབྱུང་བ་བཞིན་ནོ། །དེའི་ཕྱིར་འཁོར་བ་ལས་ངེས་པར་འབྱུང་བ་མ་ཡིན་ནོ་ཞེ་ན། ཉེས་པ་རྣམས་སླར་འབྱུང་བ་མ་ཡིན་ཏེ། ཡོན་ཏན་རྣམས་

དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། སྐྱོན་རྣམས་དངོས་པོའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། སྨྲས་པ། རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །ཇི་ལྟར་དེ་ནི་ཡོད་པ་བཞིན། །འཛིན་གྱུར་ཡོད་པའི་བདག་ཉིད་དེ། །དེ་ཡིས་སྐྱེད་པར་བྱེད་པའང་ཡིན། །ཞེས་བྱ་བ་ལ། སྲོག་

Vol. 182 · folio 376b

ཆགས་རྣམས་ལམ་ལ་འཇུག་པར་བྱེད་པ་རྣམ་པར་ཤེས་པ་ཡིན་ཏེ། དེའི་ཆོས་ཀྱི་ངོ་བོ་ཉིད་ནི་ཡུལ་འཛིན་པའོ། །ཡུལ་ཉམས་སུ་མྱོང་བ་རྣམ་པར་ཤེས་པར་འགྱུར་གྱི། མྱོང་བ་མེད་ན་ནི་རྣམ་པར་ཤེས་པ་མ་ཡིན་ནོ། །ཡུལ་ཇི་ལྟར་ཡོད་པ་བཞིན་དུ་འཛིན་ལ། རྣམ་པ་གཞན་དུ་འཛིན་པ་ནི་མ་

ཡིན་ཏེ་འཁྲུལ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཡུལ་དེ་ཡང་ཡོད་པར་འགྱུར་བའི་བདག་ཉིད་ཀྱིས་རྣམ་པར་ཤེས་པ་ནི་སྐྱེད་པར་བྱེད་པ་ཡིན་ཏེ། རྣམ་པ་གཏོད་པར་བྱེད་ནུས་པའི་རྒྱུ་ནི་རྣམ་པར་ཤེས་པའི་ཡུལ་ཡིན་ནོ། །དེ་བས་ན་རང་གི་ངོ་བོ་རིག་པ་ནི་རྣམ་པར་ཤེས་པའི་ཆོས་ཏེ། ཡོད་པར་

གྱུར་པའི་ངོ་བོ་ཉིད་དུ་ཤེས་པ་ཉིད་ཡུལ་ཡིན་ནོ། །དེའི་ཕྱིར་མི་རྟག་པ་དང་། བདག་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཅན་ཡུལ་ཏེ། རྣམ་པར་ཤེས་པ་ནི་ཡུལ་དེ་འཛིན་པ་ཉིད་ཡིན་ནོ། །གལ་ཏེ་མི་རྟག་པ་དང་བདག་མེད་པ་ལ་སོགས་པའི་འཛིན་པ་ཤེས་པའི་ཆོས་ཡིན་ན། དེའི་ཚེ་རྟག་པ་དང་།

བདག་ཏུ་འཛིན་པར་མི་འགྱུར་བ་མ་ཡིན་ནམ། དེ་བས་ན་དེའི་རྩ་བ་ཅན་གྱི་འདོད་ཆགས་ལ་སོགས་པ་དང་བྲལ་ན་འཁོར་བར་མི་འགྱུར་རོ་ཞེ་ན། འདིར་སྨྲས་པ། དེ་ཡི་ངོ་བོ་ཉིད་འདི་ལས། །རྒྱུ་གཞན་གྱིས་ནི་འཁྲུལ་པར་འགྱུར། །ལྡོག་པ་ཉིད་ནི་རྐྱེན་ལ་ལྟོས། །མི་བརྟན་སྦྲུལ་གྱི་བློ་བཞིན་ནོ། །

ཞེས་བྱ་བ་ལ། བདག་མེད་པ་ཉིད་ལ་སོགས་པ་རིག་པ་དེའི་ངོ་བོ་ཉིད་དེ། རང་བཞིན་རྣམ་པར་ཤེས་པ་འདི་ལས་ཏེ། བདག་མེད་པའི་ངོ་བོ་ཉིད་འཛིན་པ་འདི་ལས་སེམས་དེ་འཁྲུལ་པར་བྱེད་པའི་རྒྱུ་གཞན་འདྲ་བ་གཞན་འབྱུང་བའི་ཕྱིར་རོ། །འོ་ན་གལ་ཏེ་བདག་མེད་པ་འཛིན་པ་ལས་སེམས་

འཁྲུལ་པར་བྱེད་པ་དེའི་ཚེ་དུས་གཞན་དུ་ཡང་སེམས་འཁྲུལ་པར་འགྱུར་བའི་ཕྱིར་རྟག་ཏུ་འཁོར་བར་འགྱུར་གྱི་ཐར་པ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་འཁྲུལ་པ་སླར་ལྡོག་པ་རྐྱེན་གཅིག་ལ་ལྟོས་པས་རྩ་བ་མེད་པ་ཅན་ཡིན་པའི་ཕྱིར་དུས་ཐམས་ཅད་དུ་གནས་པ་ནི་མ་ཡིན་ཏེ། སྦྲུལ་

གྱི་བློ་བཞིན་ནོ། །ཇི་ལྟར་རྟག་པ་ཉིད་དང་། བདག་དང་བཅས་པ་མེད་པ་དེ་ལྟར་སྔར་བསྟན་ཞིང་འོག་ཀྱང་བཤད་པར་བྱའོ། །དེ་བས་ན་ནང་གི་མ་རིག་པས་བསླད་པ་ལས་བྱུང་བའི་དྲི་མ་ནི་གློ་བུར་བ་ཡིན་ནོ། །དེ་སྨྲས་པ། སེམས་འདིའི་རང་བཞིན་འོད་གསལ་ཏེ། །ཞེས་བྱ་བ་ལ། ཤེས་པས་

Vol. 182 · folio 377a

རྟག་པ་དང་བྲལ་བར་འཛིན་པའི་ཕྱིར་སེམས་ནི་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པ་ཡིན་ཏེ། དྲི་མ་རྣམས་ནི་གློ་བུར་བ། །ཞེས་བྱ་བ་ལ། ཡོད་པ་མ་ཡིན་པའི་སྒྲོ་འདོགས་པའི་རྩ་བ་མེད་པ་ཅན་གྱི་དངོས་པོ་མེད་པའི་ཕྱིར། དངོས་པོ་ལ་རྟག་པ་ནི་གང་དུ་ཡང་སྣང་བ་མ་ཡིན་ནོ། །བརྟགས་

པས་སྟོང་པ་དེའི་ཕྱིར་དྲི་མ་རྣམས་ནི་གློ་བུར་བ་ཡིན་ནོ། །དེ་ཕྱིར་སྔར་ནུས་མེད་པ་ཡང་། །ཕྱིས་དེ་རང་བཞིན་ལ་ཅི་ནུས། །ཞེས་བྱ་བ་ལ། དེའི་ཕྱིར་སྔར་ཐོས་པ་དང་། བསམས་པའི་དུས་སུ་དེ་ཁོ་ན་ཉིད་མཐོང་བ་ལ་གགས་བྱེད་པའི་ནུས་པ་མེད་ན་ཕྱིས་ལམ་མངོན་དུ་བྱེད་པའི་ཚེ། སེམས་ཀྱི་རྒྱུད་ལམ་གྱི་ངོ་

བོ་ཉིད་དུ་གྱུར་ན། ཉེས་པ་རྣམས་ལ་སྐྱེ་བའི་ནུས་པ་ལྟ་ག་ལ་ཡོད། དད་པ་ལ་སོགས་པ་དམན་པ་དགྲ་བཅོམ་པར་གྱུར་པ་ཡང་འདོད་ཆགས་དང་བྲལ་བ་ལས་ཉམས་པར་གྱུར་ནས་ལམ་མངོན་དུ་བྱེད་པར་འགྱུར་བ་དང་། ཡུལ་ཉེ་བར་གྱུར་པ་ལས་ཉོན་མོངས་པ་རྣམས་འཇུག་པར་འགྱུར་ཏེ། དེ་བས་

ན་ཇི་ལྟར་ཉོན་མོངས་པ་སླར་མི་སྐྱེ་བ་ཡིན་ཞེ་ན། སྨྲས་པ། ནུས་པ་ཡོད་ནའང་གནོད་པ་ཅན། །སྐྱེས་ནུས་སྙིང་པོ་ཅན་དངོས་ལ། །ལྡོག་པར་སྐྱེད་ནུས་ཡོད་མིན་ཏེ། །འདམ་གྱི་ནང་གི་མེ་བཞིན་ནོ། །ཞེས་བྱ་བ་ལ། གལ་ཏེ་ཡང་དད་པ་དམན་པ་ལ་སོགས་པའི་དགྲ་བཅོམ་པ་ལ་སྐྱོན་རྣམས་སྐྱེ་

ན་ཡང་ནང་དུ་གྱུར་པའི་གནོད་པ་ཅན་སྐྱེད་ནུས་པ་ཅན་གྱི་རྒྱུད་ལ་སྐྱོན་གྱི་ཚོགས་རྣམས་ཤིན་ཏུ་སྐྱེད་པར་ནུས་པ་མ་ཡིན་ཏེ། དཔེར་ན་ས་གཞི་འདམ་བུར་གྱུར་པ་ལ་མེ་སྐྱེད་པའི་ནུས་པ་མེད་པ་བཞིན་ནོ། །འདི་ལྟར། འཚེ་བ་མེད་ལ་ཡང་དག་དོན། །ངོ་བོ་ཉིད་ལ་ཕྱིན་ལོག་གིས། །བརྩོན་དང་ལྡན་

ཡང་གནོད་མེད་དེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་བྱ་བ་ལ། ངོ་བོ་ཉིད་ནི་བརྩོན་པ་མེད་པར་བཟློག་པར་ནུས་པ་མ་ཡིན་ཏེ། གང་ཞིག་གིས་སྐྱོན་མཐོང་ནས་ཡོན་ཏན་ལ་འཇུག་པར་བྱེད་ཅིང་ཡོན་ཏན་མཐོང་ནས་སྐྱོན་ལ་འཇུག་པར་མི་བྱེད་དེ། ལམ་ལ་གོམས་པ་ཅན་ནི་ཡོན་ཏན་མཐོང་ནས་

སྐྱོན་ལ་མི་འཇུག་ཅིང་། སྐྱོན་མཐོང་ནས་ཡོན་ཏན་ལ་ལྡོག་པར་མི་བྱེད་དེ། ལམ་གྱི་ཡོན་ཏན་རྣམས་ནི་འཚེ་བ་མེད་པ་ཅན་ཡིན་པའི་ཕྱིར་ཏེ། སྐྱོན་ཐམས་ཅད་དང་བྲལ་པའི་ཕྱིར་དང་། རབ་ཏུ་ཞི་བའི་བདེ་བ་ལས་མི་འགྱུར་བའི་ཕྱིར། འཚེ་བ་མེད་པའི་ལམ་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ། །

Vol. 182 · folio 377b

ངོ་བོ་ཉིད་ནི་བཟློག་པར་མི་ནུས་ཏེ། ཤེས་པ་ཉིད་ཀྱང་མེད་པར་ཐལ་བར་འགྱུར་བའི་ཕྱིར། ལམ་ནི་བདེན་པའི་ཡུལ་ཅན་དེ་བས་ན། ཡུལ་གནས་བཞིན་དུ་ཇི་ལྟར་ལམ་ལྡོག་པར་འགྱུར། དེའི་འཚེ་བ་མེད་པ་ནི་ཡང་དག་པའི་དོན་དང་ངོ་བོ་ཉིད་ཡིན་ཏེ། དེ་ནི་ཕྱིན་ཅི་ལྡོག་གི་སྐྱོན་གྱིས་བཟློག་པར་ནུས་པ་

མ་ཡིན་ནོ། །གཞན་ཡང་སེམས་དེའི་ཕྱོགས་འཛིན་པ་ནི་སྐྱོན་ལ་འཇུག་པ་མ་ཡིན་ཏེ་དེ་བས་ན་སྐྱོན་གྱི་དོན་དུ་བརྩོན་པ་ལ་འཇུག་པ་ནི་མ་ཡིན་ཏེ། དངོས་པོ་མ་ལུས་པའི་ངོ་བོ་ཉིད་ཡོངས་སུ་འཇལ་བར་ནུས་པ་ཅན་ནི་ཡོན་ཏན་དེའི་ཕྱོགས་འཛིན་པའི་ཕྱིར། འབད་པར་བྱས་ཀྱང་ལམ་ལ་

གནོད་པ་ནི་མ་ཡིན་ནོ། །འདི་དག་གིས་ནི་ལམ་ཞེས་བྱ་བའི་ངོ་བོ་ཉིད་བསྟན་ཏོ། །འོ་ན་འདོད་ཆགས་ཀྱང་ཞེ་སྡང་དག་འགལ་བའི་རྣམ་པ་ཅན་དུ་གྱུར་པ་ཡང་གཅིག་ཁོ་ན་ལ་གནོད་པ་མ་ཡིན་ཏེ། གནོད་པར་བྱེད་པའི་འདོད་ཆགས་ལ་ཡང་ཞེ་སྡང་གིས་གནོད་པར་བྱེད་པ་མཐོང་བའི་ཕྱིར་དང་། དེ་བཞིན་དུ་འདོད་ཆགས་ཀྱང་ཞེ་

སྡང་ལ་སླར་གནོད་པ་མཐོང་བའི་ཕྱིར་རོ། །དེ་ལྟར་བདག་དང་། བདག་མེད་པ་མཐོང་བ་དག་ཀྱང་ཕན་ཚུན་གནོད་པ་བྱེད་པ་མ་ཡིན་ནམ། དེ་བས་ན་ལམ་ནི་ཉོན་མོངས་པ་དང་བྲལ་བ་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེ་ན། སྨྲས་པ་ནི། བདག་འཛིན་རྒྱུ་གཅིག་ཅན་ཉིད་དང་། །རྒྱུ་དང་འབྲས་

བུའི་ངོ་བོའི་ཕྱིར། །འདོད་ཆགས་ཁོང་ཁྲོ་དག་ཕན་ཚུན། །ཐ་དད་ན་ཡང་གནོད་པ་མེད། །ཅེས་བྱ་བ་ཡིན་ཏེ། འདོད་ཆགས་དང་ཞེ་སྡང་དག་བདག་ཏུ་འཛིན་པའི་རྒྱུ་ཅན་ཡིན་པའི་ཕྱིར། བདག་ཏུ་འཛིན་པ་ཡོད་ན་གཅིག་ཀྱང་གཏན་དུ་ཆགས་པར་མི་འགྱུར་གྱི། ཕན་ཚུན་འགལ་བར་གྱུར་

པ་ཡིན་ཡང་རིམ་པར་སྐྱེ་བ་ཉིད་དུ་འགྱུར་རོ། །གཞན་ཡང་འདོད་ཆགས་དང་། ཞེ་སྡང་དག་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར། འགལ་བ་ཡིན་ཡང་གནོད་པར་མི་བྱེད་དོ། །འདི་ལྟར་གང་དག་ལ་ཁྲོ་བ་དང་འབྲེལ་པའི་སྡུག་བསྔལ་གྱི་རྒྱུ་དེ་ནི་གདོན་མི་ཟ་བར་བདེ་བར་འདོད་དེ། དེ་

བས་ན་དེ་དག་རྒྱུ་དང་འབྲེལ་བ་ཡིན་གྱི་བདེ་བའི་རྒྱུ་ཉེ་བར་བླངས་པ་ན་གདོན་མི་ཟ་བར་གཞན་ལ་གནོད་པ་དང་། ཁྲོ་བ་དང་། འབྲེལ་པ་ཅན་ཡིན་ཏེ། དེ་བས་ན་འདོད་ཆགས་ནི་ཁྲོ་བ་སྐྱེད་པ་ཉིད་ཡིན་ནོ། །བདག་མེད་པ་མཐོང་བ་ནི་ཐམས་ཅད་དུ་བདག་ཏུ་འཛིན་པ་དང་འགལ་བའི་ཕྱིར། འགོག་པ་

Vol. 182 · folio 378a

ཐོབ་པར་བྱེད་པ་ཡིན་ནོ། །བྱམས་པ་ལ་སོགས་པ་ཞེ་སྡང་ལ་སོགས་པའི་གཉེན་པོར་དམ་པའི་ཆོས་ནས་གསུངས་པ་མ་ཡིན་ནམ། དེའི་ཕྱིར། ཇི་ལྟར་བདག་མེད་པ་མཐོང་བ་ཁོ་ན་ལམ་དུ་འགྱུར་ཞེ་ན། འདིར་སྨྲས་པ། བྱམས་པ་སོགས་དང་འགལ་མེད་ཕྱིར། །ཤིན་ཏུ་

ཉེས་པ་ཚར་གཅོད་ཕྱིར། །ཉེས་ཀུན་དེ་ཡི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན། ཞེས་བྱ་བ་ཡིན་ཏེ། གལ་ཏེ་ཡང་ཞེ་སྡང་གི་གཉེན་པོ་བྱམས་པ་དང་། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་དང་། འཚེ་བའི་གཉེན་པོ་སྙིང་རྗེ་དང་། ཕྲག་དོག་གི་གཉེན་པོ་དགའ་བ་དང་། ཐམས་

ཅད་ཀྱི་གཉེན་པོ་བཏང་སྙོམས་ཡིན་པ་དེ་ལྟ་ན་ཡང་བྱམས་པ་ལ་སོགས་པ་ལས་ཤིན་ཏུ་ཉེས་པ་རྣམས་ཚར་གཅོད་པ་མ་ཡིན་ཏེ། གཏི་མུག་དང་འགལ་བ་མེད་པའི་ཕྱིར་རོ། །གཏི་མུག་ཡོད་ཀྱང་ང་རྒྱལ་མེད་པ་ལས་ཉེས་པ་ཐམས་ཅད་སྤོང་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་

ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་གཏི་མུག་གི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །གཏི་མུག་དེ་ཡང་འཇིག་ཚོགས་ལ་ལྟ་བ་སྟེ། ཉོན་མོངས་པ་ཅན་གྱི་གཏི་མུག་ནི་འཇིག་ཚོགས་ལ་ལྟ་བ་ཡིན་པའི་ཕྱིར་རོ། །དགྲ་བཅོམ་པའི་མི་ཤེས་པ་གང་ཡིན་པ་དེ་ནི་ཉོན་མོངས་པ་

ཅན་མ་ཡིན་པའི་ཕྱིར། དེ་དག་གཏི་མུག་ལས་ཀྱང་གྲོལ་བ་སྟེ། འཇིག་ཚོགས་ལ་ལྟ་བ་དང་བྲལ་བའི་ཕྱིར་རོ། །དེ་ལྟ་ན་ནི་འགྱུར་མོད་ཀྱི། ཤེས་པར་མ་གྱུར་པའི་ངོ་བོ་ཉིད་ཅན་མ་རིག་པ་ཡིན་ལ། འཇིག་ཚོགས་ལ་ལྟ་བ་ནི་ཤེས་པའི་ངོ་བོ་ཉིད་ཅན་ཡིན་ན། དེ་ཇི་ལྟར་འཇིག་ཚོགས་ལ་ལྟ་བ་

ཉིད་མ་ཡིན་ཞེ་ན། སྨྲས་པ་ནི། རིག་པའི་མི་མཐུན་ཕྱོགས་ཉིད་དང་། སེམས་བྱུང་ཉིད་དུ་དམིགས་པའི་ཕྱིར། །ལོག་པར་དམིགས་པ་མི་ཤེས་པའོ། །གསུངས་ཕྱིར་གཞན་ནི་རིགས་ལྡན་མིན། །ཞེས་བྱ་བ་ལ། གལ་ཏེ་མི་གསལ་བའི་ངོ་བོ་ཉིད་མ་རིག་པ་ཡིན་ན། གཟུགས་ལ་

སོགས་པ་ལོག་པ་ཡང་མ་རིག་པར་འགྱུར་ཏེ། གཟུགས་ལ་སོགས་པ་ལས་དེ་ལས་ལྷག་པ་ཅི་ཞིག་ཡོད། དེ་བས་མྱ་ངན་ལས་འདས་པ་དང་། འགོག་པའི་སྙོམས་པར་འཇུག་པ་ཡང་མ་རིག་པར་འགྱུར་རོ། །འོན་ཏེ་མྱ་ངན་ལས་འདས་པ་ནི་ཉོན་མོངས་པའི་རྒྱུ་མ་ཡིན་པའི་ཕྱིར། མ་

Vol. 182 · folio 378b

རིག་པ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། མ་རིག་པ་མི་གསལ་བའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཅན་མ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བ་ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་མ་རིག་པ་སྟེ། རིག་པ་དང་འགལ་བའི་ཕྱིར་རོ། །ཇི་ལྟར་ཡང་ཆོས་གཞན་རྗེས་སུ་འཛིན་པའི་མཚན་ཉིད་ཅན་ཡིན་གྱི། དེ་མེད་

པ་ཙམ་ནི་ཆོས་མ་ཡིན་པ་མ་ཡིན་ཞིང་། དེ་ལས་གཞན་པ་ཙམ་ཡང་མ་ཡིན་ཏེ། འོན་ཀྱང་རྗེས་སུ་མཐུན་པ་དང་འགལ་བ་ལ་གནོད་པ་ནི་ཆོས་མ་ཡིན་པའོ། །དེ་བཞིན་དུ་བདེན་པའི་དོན་གསལ་བར་མེད་པ་ཙམ་ནི་བརྫུན་པ་མ་ཡིན་གྱི། འོན་ཀྱང་མེད་པ་སྟོན་པ་ནི་བརྫུན་གྱི་ཚིག་ཡིན་

ནོ། །དེ་ལྟ་ན་ནི་དངོས་པོ་ཡོད་པ་ཉིད་དུ་གྱུར་ཀྱང་གང་གི་ཚེ་འཁྲུལ་ནས་མེད་པ་ཉིད་དུ་རྟོགས་པར་གྱུར་པས་མེད་པའོ་ཞེས་སྟོན་པར་བྱེད་པ་དེའི་ཚེ་བདེན་པ་ཉིད་མ་ཡིན་པ་དང་། དངོས་པོ་མེད་པ་ཡང་ཡོད་པ་ཉིད་དུ་རྟོགས་ནས་ཡོད་ཅེས་སྟོན་པར་བྱེད་པ་དེའི་ཚེ་བརྫུན་དུ་འགྱུར་བ་མ་ཡིན་

ནམ་ཞེ་ན། དེ་ནི་མ་ཡིན་ཏེ་སྨྲ་བ་ནི་རྣམ་པར་རྟོག་པའི་སྤྱོད་ཡུལ་ཅན་ཏེ། ཕྱི་རོལ་སྟོན་པ་ནི་མ་ཡིན་ནོ། །དེས་ན་དངོས་པོ་གང་ཞིག་ཇི་ལྟར་ཤེས་པ་དེ་དེ་བཞིན་དུ་སྟོན་པ་ནི་བརྫུན་མ་ཡིན་ཏེ། ཕྱིན་ཅི་ལོག་གི་ཚིག་ནི་བརྫུན་ཡིན་ནོ། །དེ་བཞིན་དུ་རིག་པ་དང་འགལ་བ་གཞན་ནི་མ་རིག་པ་སྟེ། དེ་ཉིད་

ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་རོ། །མི་སྣང་བར་འགྱུར་བའི་སྟོང་པ་ཉིད་ཇི་ལྟར་གང་ཞིག་གི་རྒྱུར་འགྱུར། མ་རིག་པ་གཏན་མེད་པ་མ་ཡིན་ཞིང་། ཡོད་པ་ཡང་མ་ཡིན་ཏེ། འོན་ཀྱང་ལོག་པ་དང་སྒྱུ་མར་སྣང་བ་སྟེ་ཉོན་མོངས་པ་ཡང་ལོག་པ་དང་སྒྱུ་མར་སྣང་བ་ཉིད་ཡིན་ནམ། དེས་ན་སྐྱོན་འདི་

མེད་དོ་ཞེ་ན། འདིར་སྨྲས་པ། མ་རིག་པ་ཡོད་པ་མ་ཡིན། །ཞེས་བྱ་བ་ཅི་གསལ་བ་མེད་པ་ལ་བརྗོད་དམ། ཕྱིན་ཅི་ལོག་ཏུ་དམིགས་པ་ཡིན་དེ་ལ་གལ་ཏེ་ཕྱོགས་དང་པོ་ཡིན་ན་དེའི་ཚེ་སུ་ལ་ཡང་རྟོགས་པ་མེད་པའི་ཕྱིར། འགྲོ་བ་ལོང་བ་ཉིད་དུ་འགྱུར་རོ། །འོན་ཏེ་ཕྱོགས་གཉིས་པ་ལེན་ན། དེ་ལྟ་ན་

ཡང་ཕྱིན་ཅི་ལོག་ཏུ་དམིགས་པའི་མི་ཤེས་པ་ཡིན་པའི་ཕྱིར། ཇི་ལྟར་མ་རིག་པ་དངོས་པོ་མེད་པར་འགྱུར། རིག་པ་ཡོད་པར་མྱོང་བ་མ་ཡིན་ནམ། དེ་ལྟ་མ་ཡིན་ན། དེ་གཏན་མེད་ན་ནི་དབུ་མའི་ལྟ་བ་ཁས་བླངས་པར་འགྱུར་རོ། །འོན་ཏེ་མ་རིག་པ་ལས་སྣང་བ་གང་ཡིན་པའི་གཟུང་བ་

Vol. 182 · folio 379a

དེ་ནི་བརྫུན་པའི་ཕྱིར་དེ་མེད་པའོ་ཞེ་ན། འོ་ན་གཟུང་བའི་རྣམ་པར་སྣང་བ་ཇི་ལྟར་མེད་པ་ཡིན། དེ་ལྟར་ན་འོ་ན་ནི་ལོག་པའི་ཤེས་པ་སྣང་བ་གང་ཡིན་པའི་གཟུང་བ་དེ་ཡོད་ན་ཇི་ལྟར་མ་རིག་པར་འགྱུར་ཞེ་ན། རྟག་པ་ལ་སོགས་པར་རྟོགས་པ་ཤེས་པ་ལས་ལོག་པ་གཟུང་བར་སྣང་བ་མ་

ཡིན་ཏེ། འོན་ཀྱང་གང་སྣང་བ་དེ་ཐམས་ཅད་དང་རིག་པའོ། །དེ་ལ་འཁྲུལ་པ་ནི་མ་ཡིན་ཏེ། ཚངས་པ་ཡང་འཁྲུལ་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་མ་རིག་པ་ཤེས་པའི་ངོ་བོ་ཉིད་དེ། ཉོན་མོངས་པའི་རྒྱུ་ཡིན་པའི་ཕྱིར་དེ་སྐད་ཅེས་ཐ་སྙད་བཏགས་སོ། །ཇི་ལྟར་ཡང་རིག་པ་འཁྲུལ་

པར་ཐ་སྙད་འདོགས་པ་ལ་ལྟོས་ནས་ཡིན་གྱི། རང་གི་ངོ་བོ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །སེམས་ལས་བྱུང་བ་ཉིད་ཀྱི་ཡང་ཕྱིར་དམིགས་པ་སྟེ། མ་རིག་པ་ནི་ལོག་པར་དམིགས་པ་དག་ཡིན་ནོ། །རྟེན་དང་དམིགས་པ་དང་། རྣམ་པ་དང་། རྫས་དང་། དུས་རྣམས་མཚུངས་པས་

མཚུངས་པར་ལྡན་པའི་ཕྱིར་མཚུངས་པར་ལྡན་པའོ་ཞེས་གསུངས་པའི་ཕྱིར་དང་། ཤེས་རབ་ཀྱི་རྣམ་པ་ལས་ཕྱིན་ཅི་ལོག་ཏུ་བ་རྟོགས་པའི་ངོ་བོ་ཉིད་ནི་མ་རིག་པའོ། །ཞེས་མདོ་ལས་གསུངས་པའི་ཕྱིར་དང་། དེ་ལ་མི་ཤེས་པ་དང་བྲལ་བ་གང་ཞེ་ན། ཇི་ལྟར་གྱུར་པའི་ཆོས་རྣམས་ལ་སྒྲོ་

འདོགས་པ་དང་བྲལ་བ་གང་ཡིན་པའོ། །དེ་བཞིན་དུ་གང་སུ་དག་འཇིག་རྟེན་པས་ཉེ་བར་བཏགས་པའི་རིག་པ་དེ་དག་ཐམས་ཅད་བདག་ཏུ་མངོན་པར་ཞེན་པ་ལས་འགྱུར་ཏེ། བདག་ཏུ་མངོན་པར་ཞེན་པ་དང་བྲལ་བ་ནི་མ་ཡིན་ནོ་ཞེས་ཀྱང་གསུངས་པའི་ཕྱིར་ལོག་པར་དམིགས་པ་ནི་མི་ཤེས་པའོ། །

འཇིག་ཚོགས་ལ་ལྟ་བ་མ་རིག་པའི་ཕྱོགས་གཅིག་མ་ཡིན་ནམ། མ་རིག་པ་ཡང་ཉོན་མོངས་པ་ཐམས་ཅད་ཀྱི་རྗེས་སུ་འགྲོ་བ་མི་གསལ་བའི་ངོ་བོ་ཉིད་ཅན་ཡིན་ན། དེ་ཇི་ལྟར་འཇིག་ཚོགས་ལ་ལྟ་བར་བརྗོད་དེ། ཁྱད་པར་གྱི་སྒྲའི་ཡུལ་སྤྱི་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གལ་ཏེ་མ་རིག་པ་ལྟ་

བ་ཉིད་ཡིན་ན། དེའི་ཚེ་མ་རིག་པ་ནི་ལྟ་བ་དང་མཚུངས་པ་དང་ལྡན་པའོ་ཞེས་བྱ་བ་མཚུངས་པར་ལྡན་པའི་དོན་དུ་མི་འགྱུར་ཏེ། ལྡན་པ་ནི་ཐ་དད་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེ་ན། འདིར་སྨྲས་པ་ནི། འགལ་བ་གང་ཡིན་འདིར་བཤད་བྱ། །སྟོང་ཉིད་མཐོང་དང་དེ་འགལ་ཕྱིར། །དེ་ཡི་བདག་ཉིད་སྐྱོན་

Vol. 182 · folio 379b

ཀུན་དང་། །འགལ་བར་རབ་ཏུ་གྲུབ་པ་ཡིན། །ཞེས་བྱ་བ་ཡིན་ཏེ། མཚུངས་པར་ལྡན་པ་ཉིད་ནི་སྤྱི་དང་ཁྱད་པར་ཐ་དད་པར་བརྟགས་པ་མ་ཡིན་ཏེ། དཔེར་ན་ནགས་པ་ལ་ཤ་དང་ལྡན་པ་བཞིན་ཏེ། དངོས་སུ་ན་བ་ལ་ཤའི་ངོ་བོ་ཉིད་ཁོ་ནར་བརྗོད་དོ། །དེ་བཞིན་དུ་ཁྱད་པར་གྱི་སྒྲས་ཀྱང་དེའི་ངོ་བོ་ཉིད་མ་རིག་པ་གླེང་

གཞིར་གྱུར་པའི་གཙོ་བོར་བསྟན་པའི་ཕྱིར། ལྟ་བ་དང་ལྡན་པའི་མ་རིག་པའི་ཞེས་བྱ་བ་ལ་འགལ་བ་མེད་དོ། །གང་གི་ཕྱིར་བདག་ཏུ་ལྟ་བ་མ་རིག་པ་ཡིན་པས། ཉོན་མོངས་པ་ཐམས་ཅད་དེའི་རྩ་བ་ཅན་ཏེ། དེས་ན་བདག་མེད་པ་མཐོང་བ་དེ་དེ་དང་། བདག་ཏུ་འཛིན་པ་འགལ་བའི་ཕྱིར། དེའི་

བདག་ཉིད་དེ། བདག་ཏུ་འཛིན་པའི་རྒྱུ་ཅན་ཉོན་མོངས་པ་དང་། སྟོང་པ་ཉིད་མཐོང་བ་འགལ་བ་གྲུབ་པ་ཡིན་ནོ། །དེ་བས་ན་གཏི་མུག་འགགས་ན་འཁོར་བ་མ་ལུས་པ་འགག་པའི་ཕྱིར། ངེས་པར་འབྱུང་བའི་རྣམ་པ་ཉིད་དུ་བརྗོད་དོ། །འདོད་ཆགས་ལ་སོགས་པ་རྣམས་སྲོག་ཆགས་ཀྱི་ཆོས་ཡིན་

པའི་ཕྱིར་ཟད་པར་མི་རིགས་ཏེ། གཟུགས་ལ་སོགས་པ་བཞིན་མ་ཡིན་ནམ་ཞེ་ན་སྨྲས་པ། ཟད་མིན་སྲོག་ཆགས་ཆོས་ཉིད་ཕྱིར། །གཟུགས་སོགས་བཞིན་ནོ་མ་གྲུབ་ཕྱིར། །གཉེན་པོའི་ཕྱོགས་དང་འབྲེལ་ཡོད་ན། །སྤོང་བ་དག་ཀྱང་མཐོང་ཕྱིར་རོ། །ཞེས་བྱ་བ་ལ། གཟུགས་ལ་

སོགས་པ་བཞིན་དུ་འདོད་ཆགས་ལ་སོགས་པ་རྣམས་སྲོག་ཆགས་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཡིན་པའི་ཕྱིར་ཟད་པར་མི་འགྱུར་བ་གང་ཡིན་པ་དེ་ནི་མ་ཡིན་ཏེ། སྲོག་ཆགས་ཀྱི་ཆོས་སུ་དེ་ཉིད་མ་གྲུབ་པའི་ཕྱིར་རོ། །སྲོག་ཆགས་འབའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། འོན་ཀྱང་སྐད་ཅིག་མ་བརྒྱུད་

པའོ་ཞེས་བསྟན་ཏོ། །གཞན་ཡང་འདོད་ཆགས་ལ་སོགས་པའི་གཉེན་པོ་མི་སྡུག་པ་བསྒོམ་པ་ལ་སོགས་པ་དང་འབྲེལ་པ་ཡོད་ན། འདོད་ཆགས་ལ་སོགས་པ་སྤོང་བ་མཐོང་བ་ཡོད་དེ། དེའི་ཕྱིར་མི་ཟད་པ་མ་ཡིན་ནོ། །དེ་དག་གིས་ནི་འགོག་པའི་བཤད་པ་བསྡུས་ནས་བསྟན་ཏོ། །འོ་ན་གསེར་

ཞུ་བར་གྱུར་པ་ཡང་བརྟས་ན་སྲ་བར་གྱུར་པ་དེ་བཞིན་དུ་བདག་མེད་པར་མཐོང་བ་སྐྱེས་ཀྱང་སླར་འདོད་ཆགས་ལ་སོགས་པ་འབྱུང་བར་འགྱུར་རོ་ཞེ་ན། སྨྲས་པ། སྲ་བ་བཞིན་དུའང་སྐྱེ་མིན་ཏེ། །ཉེས་པ་དག་ནི་འགལ་ཅན་གྱི། །དེ་ཡི་བདག་ཉིད་ལྡོག་མེད་དང་། །མ་ངེས་ཕྱིར་ན་ཐལ་བ་བཞིན། །

Vol. 182 · folio 380a

ཞེས་བྱ་བ་ལ་ལམ་མངོན་དུ་བྱེད་པ་དང་འགལ་བ་ཅན་གྱི་ཉེས་པ་རྣམས་གསེར་གྱི་སྲ་བ་བཞིན་དུ་སླར་སྐྱེ་བ་མ་ཡིན་ཏེ། བདག་མེད་པ་མཐོང་བའི་ལས་ལ་གོམས་པ་མི་འཇིགས་པའི་ཕྱིར་རོ། །གཉེན་པོ་ཡོད་པར་གྱུར་ན་ཉེས་པ་འབྱུང་བ་མ་ཡིན་ནོ་ཞེས་བསྟན་ཏོ། །འདི་ཐལ་བ་

ཡིས་ཀྱང་མ་ངེས་པ་ཡིན་ཏེ། འདི་ལྟར་མེའི་སྟོབས་ཀྱིས་ཐལ་བར་གྱུར་པ་སླར་ཤིན་ཏུ་ལྡོག་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ལམ་གྱི་ཉོན་མོངས་པ་ལོག་པ་ནི་སླར་ཉེ་བར་སྐྱེ་བ་མ་ཡིན་ནོ། །དེ་དག་གིས་ནི་ལམ་བཤད་པ་བསྡུས་ཏེ་བསྟན་ཏོ། །བདག་བསྒོམས་པས་ཀྱང་ཐར་པར་འགྱུར་བ་མ་

ཡིན་ནམ། བདག་མེད་པ་མཐོང་བ་དེ་ཡིས་ཅི་ཞིག་བྱ། དེ་ལྟར་ལུང་ལས་ཀྱང་བདག་ཏུ་བསམ་པར་བྱའོ་ཞེས་འབྱུང་ངོ་། །དེ་བས་ན་ལམ་ནི་ངེས་པར་འབྱིན་པ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། གང་ཞིག་ང་ཞེས་བདག་ལྟ་བ། །དེ་ལ་རྟག་པ་ཉིད་དུ་ཆགས། །ཆགས་པས་དེ་ལ་སྲེད་འགྱུར་

ཞིང་། །སྲེད་པ་སྐྱོན་རྣམས་སེལ་བར་བྱེད། །ཅེས་བྱ་བ་ལ། བདག་ཏུ་ལྟ་བ་ཅན་ནི་གདོན་མི་ཟ་བར་བདག་རྟག་པར་ཆགས་པས་བཅིང་བར་འགྱུར་ཏོ། ཆགས་པས་བདེ་བ་ལ་སྲེད་པ་དང་ལྡན་པར་འགྱུར་རོ། །གང་གིས་གང་ལ་ཆགས་པ་དེ་ནི་བདེ་བ་ལ་འདོད་པ་དང་ལྡན་པར་འགྱུར་རོ། །བདག་

ཏུ་ལྟ་བ་ཅན་ཡིན་ཡང་ཆགས་པ་ཡོད་དོ་ཞེས་ཟེར་བ་དེ་ནི་རིགས་པ་མ་ཡིན་ནམ། ཤིང་མཐོང་ཡང་ཤིང་ལ་ཆགས་པ་མེད་པ་དང་། བུད་མེད་མཐོང་བ་ཙམ་གྱིས་ཀྱང་དེ་ལ་ཆགས་པར་མི་འགྱུར་བའི་ཕྱིར་རོ། །གང་གིས་བདག་མཐོང་བ་དེ་ལ་ཆགས་པ་ཡོད་དོ་ཞེས་ཟེར་བ་དེ་ནི་རིགས་པ་མ་

ཡིན་ནོ་ཞེ་ན། འོ་ན་གལ་ཏེ་བདག་ཏུ་ལྟ་བ་ལ་ཆགས་པ་མེད་པ་ན་གང་ལ་ཡང་ཆགས་པ་ཉིད་མེད་པར་འགྱུར་ཏེ། རྒྱུ་གཞན་མེད་པའི་ཕྱིར་རོ། །ཤིང་ལ་ཡང་བདག་ལ་ཕན་འདོགས་པར་མ་མཐོང་བའི་ཕྱིར་ཆགས་པར་མི་འགྱུར་རོ། །གང་ལ་བདག་ལ་ཕན་འདོགས་པ་ཅན་དུ་

ཆགས་པ་དེ་ཇི་ལྟར་བདག་ལ་ཆགས་པ་མེད་པར་འགྱུར་ན། འོན་ཏེ་ཆགས་པའི་ཁྱད་པར་ལས་བདག་ལ་ཆགས་པ་མེད་ལ་གཞན་ལ་ཆགས་པ་ཡོན་ཏན་ཆེ་བ་ལས་སྙིང་རྗེས་ཆགས་སོ་ཞེ་ན། གང་གཞན་ལ་ཆགས་པ་ཡོད་པ་དེ་ལ་བདག་ལ་ཡང་ཆགས་པར་ཅི་སྟེ་མི་

Vol. 182 · folio 380b

འགྱུར། འདི་ལྟར་བདག་ལ་ཆགས་པར་སྣང་བ་ཉིད་མ་ཡིན་ནམ། བདག་ལ་ཆགས་པ་མེད་ན་གཞན་ལ་ཆགས་པར་མི་འཐད་དོ། །གཞན་ཡང་ཡོན་ཏན་ཅན་ཞེས་བྱ་བ་ལ། གལ་ཏེ་གཞན་དག་ལ་ཕན་འདོགས་པ་ཡིན་ན་དེའི་ཚེ་རྟོག་པ་སྔོན་དུ་མ་བཏང་བ་སྟེ། བདག་ཡོངས་སུ་བཏང་ནས་གཞན་ལ་

ཕན་པར་བྱེད་པ་ནི་ཤིན་ཏུ་དགོས་པ་མེད་པར་སྟོན་པའོ། །གཞན་དོན་བྱེད་པ་ཉིད་བདེ་བ་མ་ཡིན་ནམ། ཐར་པར་བདག་གི་དོན་དུ་འབད་རྩོལ་བྱེད་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་བདག་གི་བདེ་བར་འཁྲུལ་པས་འཁྲུལ་པ་དག་གཞན་གྱི་བདེ་བས་ཇི་ལྟར་གྲོལ་བར་འགྱུར། ཇི་ལྟར་ཡང་འཁྲུལ་པས་

གཞན་གྱི་བདེ་བ་སྐྱེད་པ་དེ་བཞིན་དུ། བུད་མེད་ལ་འཁྱུད་པར་བྱེད་པར་ཡང་འགྱུར་ཏེ། ཁྲེལ་དང་བྲལ་བའི་སྤྱོད་པ་ཡིན་ནོ། །ཆགས་པའི་དགའ་བ་འདོད་པ་དག་རང་ལ་ཕན་པ་དོན་དུ་གཉེར་བའི་ཕྱིར་ཁྲེལ་ཡོད་པ་མ་ཡིན་ནོ། །ཇི་ལྟར་བདག་ལ་བསམ་གཏན་བྱེད་པའི་བདེ་བ་འདོད་པ་དེ་བཞིན་དུ། ཆགས་

པའི་བདེ་བ་ཡང་ཡིན་ཏེ། བདེ་བ་དེ་གཉིས་ལ་ཅུང་ཟད་ཀྱང་ཁྱད་པར་མེད་པའི་ཕྱིར་རོ། །ཆགས་པའི་བདེ་བ་མི་བདེན་པས་ཁྱད་པར་ཡོད་དོ་ཞེ་ན་མི་བདེན་པ་མ་ཡིན་ཏེ། བདེ་བ་ཐམས་ཅད་ལ་ཁྱད་པར་མེད་པའི་ཕྱིར་རོ། །ཆགས་པའི་བདེ་བས་དམྱལ་བར་འདྲེན་པས་མི་བྱ་བའི་ཆ་མ་ཡིན་ནམ་ཞེ་ན།

ཡོན་ཏན་ཆེན་པོ་དང་ལྡན་པས་གཞན་གྱི་དོན་དུ་དམྱལ་བར་འགྲོ་བར་ཁས་ལེན་པའི་ཕྱིར་མ་ཡིན་ནོ། །དེ་བས་ན་བདག་ཡོད་ན་སྲེད་པ་སྐྱོན་དང་། སྐྱོན་མེད་པ་མཉམ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེའི་སྐྱོན་བསལ་ནས། ཡོན་ཏན་མཐོང་བ་ཡོངས་སུ་སྲེད། །ངའི་སྙམ་དེ་ཡི་སྒྲུབ་བྱེད་ལེན། །དེས་ན་ཇི་

ལྟར་བདག་མངོན་ཆགས། །དེ་སྲིད་དེ་ནི་འཁོར་བ་ཡིན། །ཞེས་བྱ་བ་ལ། བདག་དོན་དམ་པར་ཡོད་པ་ན། གང་ཞིག་བདག་ལ་ཕན་འདོགས་པ་དེ་ཡང་དངོས་པོ་ཉིད་ཡིན་པའི་ཕྱིར་དོན་དམ་པར་ཕན་འདོགས་པ་གང་ཡིན་པ་དེ་ཉིད་ཡོན་ཏན་ཅན་དུ་རྟོགས་པར་བྱའོ། །དེ་བས་ན་ཡོན་ཏན་མཐོང་བ་ནི་འདི་ངའི་

སྙམ་ནས་བདེ་བའི་སྒྲུབ་ཐབས་ཉེ་བར་ལེན་ཏོ། །དེས་ན་བདག་ཏུ་མངོན་པར་ཞེན་པས་འཁོར་བ་ཡིན་པའི་ཕྱིར་བདེ་བའི་སྒྲུབ་ཐབས་སུ་ཕག་མོ་དང་སྦྱོར་བ་ཡང་འགྱུར་རོ། །དེ་བས་ན། བདག་ཡོད་ན་ནི་གཞན་འདུ་ཤེས། །བདག་གཞན་ཆ་ལ་འཛིན་ཅིང་སྡང་། །འདི་དག་དང་ནི་ཡོངས་འབྲེལ་པས། །

Vol. 182 · folio 381a

ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །ཞེས་བྱ་བ་ལ། བདག་ཏུ་འཛིན་པ་ཡོད་ན་ནི་གཞན་གྱི་བློ་སྐྱེ་སྟེ། བདག་དང་གཞན་གྱི་ཆ་ལ་ཆགས་པ་དང་སྡང་བ་རྟོགས་པའི་ཕྱིར་རོ། །ཆགས་པ་དང་སྡང་བ་དག་དང་འབྲེལ་པའི་སེར་སྣ་ལ་སོགས་པའི་ཉེས་པ་ཐམས་ཅད་འབྱུང་བར་འགྱུར་རོ་

ཞེས་བྱ་བ་ལ། བདག་ལ་ཆགས་པར་འགྱུར་གྱི། བདག་གིར་མི་ཆགས་པ་མ་ཡིན་ནམ། དེས་ན་བདག་གི་བ་ལ་ཆགས་པ་མེད་པའི་ཕྱིར་ཆགས་པའི་བདེ་བའི་ཐ་སྙད་མེད་པར་འགྱུར་རོ་ཞེ་ན། འདིར་སྨྲས་པ། བདག་ལ་ཆགས་པར་གྱུར་ན་ནི། །ངེས་པར་དེ་ལ་ཆགས་བྲལ་མིན། །སྐྱོན་མེད་བདག་ལ་ཆགས་པ་དང་། །བྲལ་བའི་རྒྱུ་ནི་ཡོད་མ་

ཡིན། །ཞེས་བྱ་བ་ལ། བདག་ལ་ཆགས་པ་ཞུགས་པར་གྱུར་ན་སྐྱོན་མཐོང་བ་ལྡོག་པ་མ་ཡིན་ཏེ། བདག་ལ་ཆགས་པ་དེ་ཡང་བདག་གི་བའི་ཆགས་པར་འགྱུར་རོ། །བདག་ལ་སྐྱོན་མེད་པར་འགྱུར་ན་ཆགས་པ་དང་བྲལ་བའི་རྒྱུ་ནི་ཡོད་པ་མ་ཡིན་ནོ། །དེ་བས་ན་བདག་དང་བདག་གི་བ་ལ་ཆགས་པ་དང་ལྡན་པ་

ནི་སྐྱོན་ཐམས་ཅད་བསལ་ནས་ཐམས་ཅད་དུ་འཇུག་པའི་ཕྱིར་འཁོར་བ་ལས་ལྡོག་པ་ནི་མ་ཡིན་ནོ། །ཆགས་པ་སྐྱོན་དང་བཅས་ཤེ་ན། །དེ་ལས་ཅི་འགྱུར་དེ་སྤངས་ན། །ཞེས་བྱ་བ་ལ། དེ་ལྟར་ནི་འགྱུར་མོད་ཀྱི། བདག་དང་བདག་གིར་ཆགས་པ་ནི་འཁོར་བའི་རྒྱུ་ཡིན་པའི་ཕྱིར་དང་། བདག་གི་བ་ལ་

ཆགས་པ་དང་ལྡན་པ་ནི་སྐྱོན་ཅན་ཡིན་པའི་ཕྱིར། དེ་ལ་ཆགས་པ་མ་ཡིན་ནོ། །གཞན་གྱི་ཉེས་པས་ཀྱང་ཆགས་པ་སྐྱོན་ཅན་དུ་བྱེད་ན་ཆགས་པ་རང་ཉིད་གང་དུ་སྐྱོན་ཅན་ཡིན་པ་དེའི་ཚེ་ཅིའི་ཕྱིར་ཆགས་པར་བྱེད། དེའི་ཕྱིར་ཆགས་པ་སྐྱོན་དང་ལྷན་ཅིག་འཇུག་པས་ཆགས་པར་མི་བྱེད་དོ་ཞེ་ན། གལ་ཏེ་ཆགས་པ་

སྐྱོན་ཅན་དེ་ལས་ཅིར་འགྱུར། དེ་སྐྱོན་ཅན་ཡིན་པའི་ཕྱིར་སྤང་བར་རིགས་སོ་ཞེ་ན་མ་ཡིན་ཏེ། གཞན་གྱི་སྐྱོན་གྱིས་ཆགས་པ་སྐྱོན་ཅན་ཡིན་ན་ཡུལ་གྱི་སྐྱོན་གྱིས་ཆགས་པ་སྤང་བར་རིགས་པའི་ཕྱིར་རོ། །འདི་ཡི་ཡུལ་སུན་མ་ཕྱུང་བར། །དེ་སྤོང་ནུས་པ་མ་ཡིན་ནོ། །ཞེས་བྱ་བ་ལ། ཡུལ་སུན་མ་ཕྱུང་བ་

ནི་བདག་ལ་ཆགས་པ་སྐྱོན་ཅན་ཡིན་པ་མ་ཡིན་ཏེ། བདེ་བའི་རྒྱུ་ལས་ཡོན་ཏན་ཡོད་པའི་ཕྱིར་རོ། །འོན་ཏེ་ཆགས་པ་ཉིད་སྐྱོན་ཅན་ཡིན་ནོ་ཞེ་ན། ཡིན་མོད་དེ་ཅི་ཉེས། སྐྱོན་ཅན་ཡིན་པའི་ཕྱིར་ཆགས་པ་སྤང་བར་བྱ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཡུལ་གྱི་སྐྱོན་མ་གཏོགས་པར་ཆགས་པ་སྤང་བར་མི་ནུས་

Vol. 182 · folio 381b

པའི་ཕྱིར་རོ། །འོན་ཏེ་ཕྱི་རོལ་གྱི་དངོས་པོ་ཡོན་ཏན་དང་ལྡན་པ་ཡིན་ཡང་སྤང་བར་བྱ་བ་དེ་བཞིན་དུ། ཆགས་པ་ཡོན་ཏན་དང་ལྡན་པ་ཡང་སྤང་བར་བྱ་བ་ཡིན་ནོ་ཞེ་ན། འདིར་སྨྲས་པ། ཡོན་ཏན་སྐྱོན་དང་རྗེས་འབྲེལ་པའི། །འདོད་སྡང་ལ་སོགས་སྤང་བ་ནི། །དེ་དག་ཡུལ་ལ་མཐོང་མིན་པ། །གོ་རིམས་གང་

ཡིན་ཕྱི་ལ་མེད། །ཅེས་བྱ་བ་ལ། འདོད་པ་དང་སྡང་བ་ལ་སོགས་པའི་ཡོན་ཏན་དང་སྐྱོན་མཐོང་བ་ལས་ཡོད་པ་ནི་དེ་མེད་པར་འགྱུར་བར་རིགས་སོ། །བདག་ལ་ཕན་པར་བསྒྲུབ་པ་ཉིད་ཀྱི་ཡོན་ཏན་དང་། སྡུག་བསྔལ་བསྒྲུབ་པ་ཉིད་ཀྱི་སྐྱོན་དེ་ཡང་བདག་ཡོད་ན་ཡོད་པར་འགྱུར་རོ། །དེ་བས་ན་འདོད་པ་དང་།

སྡང་བ་ལ་སོགས་པ་སྤོང་བ་ནི་ཡོད་པ་མ་ཡིན་ནོ། །ཕྱི་རོལ་གྱི་དངོས་པོ་རང་གི་རྒྱུ་ལ་རག་ལས་པ་ནི་དེ་མེད་ན་སྤོང་བ་ཡིན་ཏེ། དེའི་ཕྱིར་གལ་ཏེ་སྐྱོན་དང་ཡོན་ཏན་དེ་དག་རང་གི་ཡུལ་ལ་མཐོང་ན་ནི་འདོད་པ་དང་སྡང་བ་ལ་སོགས་པ་སྐྱོན་དང་ཡོན་ཏན་གྱིས་བསྐྱེད་པ་འདི་སྤོང་བ་ཡིན་ཏེ། སྐྱོན་དང་སྐྱོན་མཐོང་བ་ནི་

སྤོང་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཕྱི་རོལ་གྱི་དངོས་པོ་ལ་འཇུག་པའི་གོ་རིམས་གང་ཡིན་པ་དེ་ནི་ཆགས་པ་ལ་སོགས་པ་འདི་ལ་ཡང་བལྟ་བར་བྱའོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། །བམ་པོ་བཅུ་གཅིག་པ། ཆགས་པའི་ཡུལ་ལ་སྐྱོན་མེད་ཀྱང་ཆགས་པ་ལ་ཡོན་ཏན་

མ་མཐོང་བའི་ཕྱིར་ཆགས་པ་སྤོང་བར་བྱེད་པ་མ་ཡིན་ནམ། ཡོན་ཏན་མེད་པ་གང་ལ་ཡང་འབད་རྩོལ་བྱེད་པ་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། ཆགས་ཡོན་ཏན་ལས་ཆགས་པ་མིན། །འོན་ཀྱང་དོན་ཡོན་ཏན་མཐོང་ལས། །ཡིན་ཏེ་རྒྱུ་ཚང་དེ་ལ་ནི། །དེ་ཡི་འབྲས་བུ་གང་གིས་བཟློག །ཅེས་བྱ་བ་ལ།

ཆགས་པའི་ཡོན་ཏན་མཐོང་བ་ལས་ཆགས་པ་མ་ཡིན་ཏེ། འོན་ཀྱང་བདེ་བའི་སྒྲུབ་ཐབས་མཐོང་བ་ལས་ཆགས་པ་སྐྱེ་བའམ། ཆགས་པའི་རྒྱུ་བདེ་བའི་སྒྲུབ་ཐབས་ཚང་བ་དང་། དེ་ལ་བདག་ཡོད་པར་གྱུར་ན་འབྲས་བུ་ཆགས་པ་གང་གིས་ཟློག་པར་བྱེད། དེ་བས་ན་བདག་ཡོད་ན་འཁོར་བ་ཆད་

པར་འགྱུར་བ་མ་ཡིན་ནོ། །གཞན་ཡང་། ཆགས་ལས་སྐྱོན་དང་བཅས་མཐོང་གང་། །རྟག་ཏུ་སྡུག་བསྔལ་རྟེན་ཡིན་ཏེ། དེ་ལྟར་ཡང་འདི་ཆགས་བྲལ་མིན། །རང་གིར་མཐོང་ཕྱིར་དཔེར་བདག་བཞིན། །ཞེས་བྱ་བ་ལ། རང་གི་སྐྱོན་མཐོང་ནས་ཆགས་པ་སྤོང་བར་འགྱུར་བའི་ཆགས་པ་ལ་

Vol. 182 · folio 382a

སྐྱོན་དང་བཅས་པར་མཐོང་བ་གང་ཞིག་ཡིན། འོན་ཏེ་སྡུག་བསྔལ་གྱི་རྟེན་ཆགས་པ་མ་ཡིན་པའི་ཕྱིར་སྤོང་ངོ་ཞེ་ན། སྡུག་བསྔལ་རྟེན་ཡིན་པ་དེ་ལྟ་ན་ཡང་འདིར་ཆགས་པ་སྤོང་བར་མི་རིགས་ཏེ། བདག་གི་བའི་བློ་ཡོད་པའི་ཕྱིར། དཔེར་ན་བདག་མི་སྤོང་བ་བཞིན་ནོ། །དང་པོ་སྡུག་

བསྔལ་གྱི་རྟེན་བདག་ཡིན་པའི་ཕྱིར་དེ་ཡོད་ན་ཕྱིས་ཆགས་པ་སྡུག་བསྔལ་གྱི་རྒྱུ་ཡིན་ནོ། །བདག་གི་བའི་དོན་མེད་ན་གང་ཞིག་སྡུག་བསྔལ་བ་ཡིན། དེ་བས་ན་རྣམ་པ་གཉི་ག་ཡང་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་སྤང་བར་བྱ་ཞིང་ཆགས་པར་ཡང་མི་བྱའོ། །དེ་རྣམས་མེད་ན་བདག་སྡུག་བསྔལ། །རྒྱུ་མིན་དེ་ཡང་དེ་དང་

འདྲ། །དེ་ལྟར་གཉི་གའང་སྐྱོན་མེད་པ། །དེ་ཕྱིར་གཉི་ག་ཆགས་བྲལ་མིན། །ཞེས་བྱ་བ་ལ། འོན་ཏེ་བདག་སྡུག་བསྔལ་གྱི་རྒྱུ་གཞན་དང་སྦྱོར་བར་འགྱུར་གྱི། དེ་རང་ཉིད་ལ་སྐྱོན་འདི་ཡོད་པ་མ་ཡིན་ཏེ། ཆགས་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། འདུ་བྱེད་པའི་གྲོགས་བྱེད་པ་ཅན་གྱི་བདག་

ནི་སྡུག་བསྔལ་གྱི་རྒྱུ་ཡིན། ཆོས་ལ་སོགས་པ་དེ་རྣམས་དང་བྲལ་ན་བདག་སྡུག་བསྔལ་གྱི་རྒྱུ་མ་ཡིན་ཏེ། དེ་བས་ན་སྤང་བར་བྱ་བ་མ་ཡིན་ནོ་ཞེ་ན། ཆགས་པ་ལ་སོགས་པ་དེ་ཡང་སྐྱེས་བུ་མེད་ན་སྡུག་བསྔལ་གྱི་རྒྱུ་མ་ཡིན་ཏེ། དེས་ན་དེ་དག་ཀྱང་བདག་གཞན་སྐྱོན་དང་བཅས་པ་སྟེ་དེ་ལྟར་གྱུར་ན་

ཆགས་པ་ལ་སོགས་པ་དང་བདག་གཉི་ག་སྐྱོན་མེད་པའི་ཕྱིར་དེ་དག་དང་བྲལ་བ་མི་སྲིད་དོ། །གལ་ཏེ་སྡུག་བསྔལ་བསྒོམས་པ་ཡིས། །སྦྲུལ་གྱིས་ཡན་ལག་གཟུང་བཞིན་འགྱུར། །བདག་གི་བློ་ནི་བཅོམ་པས་འདིར། །དོར་བ་ཡིན་གྱི་བཟློག་ལ་མིན། །དབང་པོ་ལ་སོགས་ལོངས་སྤྱོད་པའི། །རྟེན་

ཉིད་དུ་ནི་བཟུང་བ་ལས། །བདག་གི་བློ་ནི་གང་གིས་བཟློག །དེ་ལ་ཆགས་བྲལ་དེ་གང་ལས། །ཞེས་བྱ་བ་ལ། ཆགས་པའི་རྒྱུ་བདེ་བའི་རྒྱུ་ཉིད་མ་ཡིན་ནམ། སྡུག་བསྔལ་གྱི་རྒྱུ་ཡོད་པ་ལས་ཆགས་པ་དང་བྲལ་བར་འགྱུར་རོ། །གནོད་པར་བྱེད་པ་ལ་ཆགས་པ་མེད་པའི་ཕྱིར།

སྡུག་བསྔལ་བསྒོམས་པས་ཆགས་པ་ལ་སོགས་པ་འཇོམས་པ་ཡིན་ཏེ། དཔེར་ན་སྦྲུལ་གྱིས་ཟོས་པའི་ཡན་ལག་འདོར་བ་དེ་བཞིན་ནོ་ཞེ་ན། བདག་གི་བའི་བློའི་ཡུལ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ཡང་སྤོང་བ་འཇིག་རྟེན་ན་མ་མཐོང་ངོ་། །དེ་བས་ན་བདག་གི་བའི་བློ་དོར་བ་ཉིད་ཀྱིས་འདོད་པར་འགྱུར་

Vol. 182 · folio 382b

གྱི། བདག་ཡོད་པ་ལ་ཆགས་པ་དང་བྲལ་བར་མི་འགྱུར་རོ། །འོན་ཏེ་བདག་གི་བློ་མེད་པ་ཉིད་ལས་མིག་ལ་སོགས་པ་སྤོང་བར་འགྱུར་བ་དེ་བས་ན་མིག་ལ་སོགས་པའི་དབང་པོ་དང་བྲལ་བར་འགྱུར་རོ་ཞེ་ན་མ་ཡིན་ཏེ། མིག་ལ་སོགས་པ་ལོངས་སྤྱོད་པའི་རྟེན་ཉིད་དུ་བཟུང་བ་ལ་བདག་གི་བའི་བློ་གང་གིས་

ཟློག་པར་བྱེད་དེ། འདི་ལྟར་ལྷ་ཐོབ་པར་གྱུར་ཅིག །ཀླུ་ཐོབ་པར་གྱུར་ཅིག་ཅེས་ཁྱད་པར་ཅན་གྱི་ལུས་སུ་སྨོན་པར་བྱེད་དོ། །སྨོན་པའི་བློ་དེ་ལུས་ལ་སོགས་པ་ལ་ཆགས་པ་དང་བྲལ་བར་ཅི་ཡིས་འགྱུར་ཏེ་མི་འགྱུར་རོ། །འདི་ལྟར། ལུས་ལ་སྐྲ་སོགས་བོག་པ་ལས། །བཙོག་བཅས་བློ་ནི་སྐྱེ་འགྱུར་ཞིང་། །

གཞན་ལ་ཆགས་དང་བཅས་འགྱུར་ལྟར། །ཐམས་ཅད་ཀྱིས་ནི་མངོན་སུམ་ཡིན། །ཞེས་བྱ་བ་ལ། གང་གི་ཚེ་སྐྲ་ལ་སོགས་ལ་ལོངས་སྤྱོད་པའི་ཡུལ་དུ་གྱུར་པ་དེའི་ཚེ་ཆགས་པ་དང་བཅས་པའི་ཡུལ་དུ་འགྱུར་ཞིང་བདག་གི་བའི་བློ་སྐྱེད་པར་བྱེད་དོ། །གང་གི་ཚེ་ཡང་ལུས་ལ་ལྷུང་བ་ན་ལོངས་སྤྱོད་པའི་

ཡུལ་དང་བྲལ་བ་དེའི་ཚེ་བཙོག་པ་དང་བཅས་པ་ཁོ་ནའི་བློ་སྐྱེ་བར་འགྱུར་རོ། །གཞན་ཡང་། རིག་པ་ཅན་ལ་སོགས་པ་རྣམས། །དེ་ལ་རང་བློ་འཕྲོད་འདུ་བ། །ལ་སོགས་འབྲེལ་པ་སྐྱེད་པ་ཡིན། །དེ་བཞིན་འབྲེལ་པ་དེ་ཉིད་ནི། །དེ་ལྟར་མཐོང་ཡང་བཅོམ་པ་མིན། །ཞེས་སྨྲས་ཏེ། བདེ་བ་ལ་སོགས་པ་དང་

འཕྲོད་པ་འདུ་བའི་འབྲེལ་པ་དང་། ལུས་དང་ལྡན་པ་དང་། ལུས་ལ་བརྟེན་པའི་གཟུགས་ལ་སོགས་པ་ལྡན་པར་འདུ་བ་དང་། རྣ་བའི་དབང་པོ་དང་ལྡན་པའི་བདག་ཡིན་ཏེ། འཕྲོད་པ་འདུ་བ་ལ་སོགས་པའི་འབྲེལ་པ་ལས་ལུས་ལ་སོགས་པ་དེ་ལ་བདག་གི་བའི་བློ་སྐྱེའོ། །འཕྲོད་པ་འདུ་བ་ལ་སོགས་

པའི་འབྲེལ་པ་དེ་ཡང་། དེ་ལྟར་སྐྱོན་མཐོང་བར་གྱུར་ཀྱང་དེ་བཞིན་དུ་གནས་པའི་ཕྱིར་བདག་གི་བར་འཇོམས་པ་ཡིན་པས་ཆགས་པ་ལས་འཁོར་བར་འགྱུར་རོ། །འོན་ཏེ་ལུས་ལ་སོགས་པ་ལ་ལྡན་པ་ལ་སོགས་པའི་འབྲེལ་པ་ཁས་མི་ལེན་ནོ་ཞེས། འདིར་ལན་སྨྲས་པ། འཕྲོད་པ་འདུ་སོགས་མེད་

པ་ཡང་། །ཐམས་ཅད་ལ་ནི་ཕན་འདོགས་ཡོད། །ཅེས་བྱ་བ་ལ། ཕན་འདོགས་པར་མཐོང་བ་ཐམས་ཅད་ལ་ཆགས་པར་འགྱུར་བ་དེ་བས་ན་བདག་ལུས་ལ་སོགས་པ་དང་འཕྲོད་པ་འདུ་བ་ལ་སོགས་པའི་འབྲེལ་པ་ཁས་མི་ལེན་མོད་ཀྱི། དེ་ལྟ་ན་ཡང་ལུས་ལ་སོགས་པ་ཐམས་ཅད་ལ་ཕན་འདོགས་

Vol. 182 · folio 383a

པ་ཉིད་དུ་ཡོད་པའི་ཕྱིར་འདོད་ཆགས་དང་བྲལ་བ་ཉིད་དུ་མི་འགྱུར་རོ། །གལ་ཏེ་སྡུག་བསྔལ་རྟེན་ཡིན་ཕྱིར། །རང་བློར་མི་འགྱུར་སོར་མོ་བཞིན། །གཅིག་ཏུ་དེ་ནི་སྡུག་བསྔལ་མིན། །ཕལ་ཆེར་དུག་བཅས་ཟས་བཞིན་ནོ། །ཞེས་བྱ་བ་ལ། འོན་ཏེ་སྡུག་བསྔལ་ལ་ཕན་

འདོགས་པའི་ལུས་ལ་སོགས་པ་རྣམས་ནི་བདག་གི་བའི་བློར་མི་འགྱུར་ཏེ། དཔེར་ན་སྦྲུལ་གྱིས་ཟོས་པའི་སོར་མོ་སྡུག་བསྔལ་སྐྱེད་པར་བྱེད་པས་བདག་གི་བའི་བློ་མེད་པ་བཞིན་ནོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། དེའི་ལུས་ནི་གཅིག་ཏུ་སྡུག་བསྔལ་བར་མི་འགྱུར་ཏེ། ཇི་ལྟར་སྡུག་བསྔལ་བ་དེ་

ལྟར་བདེ་བར་ཡང་འགྱུར་ཏེ། ཟས་དུག་ཅན་བཞིན་ནོ། །དུག་དང་བཅས་པའི་ཁ་ཟས་ནི་སྡུག་བསྔལ་ཁོ་ན་མ་ཡིན་ཏེ། འགྲངས་པས་བདེ་བར་ཡང་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ཕག་ལ་སོགས་པའི་ལུས་སྡུག་བསྔལ་གྱི་ངོ་བོ་ཉིད་ཡིན་ཡང་རེས་འགའ་བདེ་བར་ཡང་འགྱུར་ཏེ། དེའི་ཕྱིར་ལུས་ལ་

སོགས་པ་སྤང་བར་བྱ་བའི་ཡུལ་ཅན་མ་ཡིན་ནོ། །འོན་ཏེ་ཕག་ལ་སོགས་པའི་ལུས་སྡུག་བསྔལ་དང་འདྲེས་པའི་ཕྱིར་སྡུག་བསྔལ་ཉིད་ཡིན་ནོ་ཞེ་ན། འོ་ན་ནི་བདེ་བ་དང་རེས་འགའ་ལྡན་པའི་ཕྱིར་བདེ་བ་ཉིད་དུ་ཡང་འགྱུར་རོ། །འོན་ཏེ་ཇི་ལྟར་དུག་དང་བཅས་པའི་ཁ་ཟས་རེས་འགའ་བདེ་བའི་རྒྱུར་

འགྱུར་ཡང་། ཕལ་ཆེར་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་སེལ་བ་དེ་བཞིན་དུ། ལུས་ལ་སོགས་པ་ཡང་བདེ་བའི་རྒྱུར་འགྱུར་ཡང་ཕལ་ཆེར་སྡུག་བསྔལ་སྐྱེད་པར་བྱེད་པའི་ཕྱིར་སེལ་ཏོ་ཞེ་ན། འདིར་སྨྲས་པ། ཁྱད་པར་ཅན་གྱི་བདེ་ཆགས་ལས། །དེ་འགལ་ན་ནི་ཆགས་པར་འགྱུར། །ཁྱད་པར་

བདེ་བ་ལ་སྲེད་པའི། །བདེ་བ་ཅུང་ཟད་ཡོངས་སུ་སྤངས། །བསམ་པ་མེད་པར་བདག་ཅག་ལས། །ཇི་ལྟར་རྙེད་པ་བཞིན་ལ་འཇུག །བུད་མེད་དག་ནི་མ་རྙེད་པ། །དུད་འགྲོ་ལ་འདོད་སྤྱོད་མཐོང་བཞིན། །ཞེས་བྱ་བ་ལ། གལ་ཏེ་སྡུག་བསྔལ་གྱིས་མ་དཀྲུགས་པ་གང་ཡིན་པའི་ཁྱད་པར་ཅན་གྱི་བདེ་

བ་རྙེད་པ་དེའི་ཚེ། བདེ་བ་ཁྱད་པར་ཅན་ཐོབ་པའི་ཕྱིར་བདེ་བ་ཁྱད་པར་ཅན་དང་འགལ་བའི་ཟས་དུག་ཅན་དང་། ཕག་པ་ལ་སོགས་པའི་ལུས་ལ་ཆགས་པ་དང་བྲལ་བར་འགྱུར་རོ། །གང་གི་ཚེ་ཁྱད་པར་ཅན་གྱི་བདེ་བའི་ཡུལ་མ་རྙེད་པ་དེའི་ཚེ། རྣམ་པ་གཞན་དག་མེད་པའི་ཕྱིར་ཇི་ལྟར་རྙེད་པའི་

Vol. 182 · folio 383b

ཡུལ་མ་བོར་བར་ཡུལ་བདག་ལ་ཆགས་པ་ལས་འཇུག་པར་འགྱུར་ཏེ། དཔེར་ན་ཤིན་ཏུ་ཆགས་པ་ཅན་འདོད་པས་མྱོས་པའི་སྐྱེས་བུ་བུད་མེད་མེད་ན། དུད་འགྲོ་ལ་འདོད་པ་སྤྱོད་པ་མཐོང་བ་དེ་བཞིན་དུ། ཁྱད་པར་ཅན་གྱི་ལུས་མེད་ན་ཕག་པ་ལ་སོགས་པའི་ལུས་སུ་སྨོན་པར་འགྱུར་རོ། །དེ་བས་ན་བདག་

ཡོད་པ་ལ་འཁོར་བ་འཆད་པར་འགྱུར་བ་ནི་མ་ཡིན་ནོ། །གཞན་ཡང་སྤྱོད་པ་དང་བྲལ་བ་དག་ཁྱད་པར་ཅན་མ་ཡིན་པའི་བདེ་བ་ལ་སྲེད་པས་རྟོག་པ་མེད་པ་ཉིད་དུ་སྐྱེའོ། །འོན་ཏེ་སྤྱོད་པ་ཉིད་ལས་སྲེད་པ་དང་བྲལ་བ་ཡིན་ནོ་ཞེ་ན། འོ་ན་ནི་སྤྱོད་པ་ཉིད་སྡུག་བསྔལ་གྱི་རྒྱུར་འགྱུར་བའི་ཕྱིར། དེ་ཁོ་ན་ལས་

ཆགས་པ་དང་བྲལ་བར་རིགས་སོ། །འོན་ཏེ་སྤྱོད་པ་ངེས་པར་རྒྱུའི་སྟོབས་ལས་འབྱུང་ངོ་། །དེ་ལྟར་ན་བདག་མེད་པར་རྟོགས་པ་ལ་ཡང་། སྤྱོད་པ་མི་ལྡོག་པའི་ཕྱིར། བདག་མེད་པ་མཐོང་བ་ལ་ཐར་པར་མི་འགྱུར་རོ་ཞེ་ན། དེ་ལྟ་ན་བདག་གོམས་པ་ཡང་མི་སྲིད་དེ། བདེ་བ་དང་། སྡུག་བསྔལ་དང་།

འདོད་པའི་རྟེན་བདག་བསྒོམས་པར་གྱུར་པ་ཇི་ལྟ་བ་དེ་དང་འདྲ་བར་གྱུར་ན། གང་ལས་ཡོངས་སུ་དག་པར་འགྱུར། འོན་ཏེ་སྐྱེས་བུའི་བྱེད་པས་ཉེས་པ་བྲལ་བ་འདི་བྱེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། ཇི་ལྟར་སོལ་བ་བདར་བ་བྱས་ཀྱང་དཀར་པོར་མི་འགྱུར་བ་དེ་བཞིན་དུ། གཉུག་མའི་འདོད་ཆགས་ལ་

སོགས་པའི་ཉེས་པས་སྐྱོན་ཅན་དུ་གྱུར་པའི་སྐྱེས་བུ་ཇི་ལྟར་སྐྱེས་བུའི་རྩོལ་བས་དག་པར་བྱེད་དེ། རང་ཉིད་སྐྱོན་ཅན་དེ་བཟློག་པར་ནི་མི་ནུས་ཏེ། སྐྱོན་ཅན་སྐྱོན་མེད་པར་ཇི་ལྟར་འགྱུར། དེ་ལྟར་དག་པར་གྱུར་ན་སྐྱོན་ཅན་ལས་ཐ་དད་པར་འགྱུར་རོ། །དེ་ཉིད་སྨྲས་པ། བདག་ཉིད་ལ་ཞེན་གང་ཡིན་ཏེ། །ཇི་ལྟར་དེ་

ནི་འཇིག་པར་འདོད། །ཅེས་བྱ་བ་ལ། གལ་ཏེ་བདག་ངོ་བོ་ཉིད་ཀྱིས་སྐྱོན་ཅན་མ་ཡིན་ན། འདོད་ཆགས་ལ་སོགས་པ་དང་ལྡན་ཡང་ཇི་ལྟར་སྐྱོན་ཅན་དུ་འགྱུར། དབྱུག་པ་དང་ལྡན་པས་ལྷ་བྱིན་དབྱུག་པར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་རིགས་པ་མེད་པའི་སྐྱེས་

བུ་འདོད་ཆགས་ཅན་ཉིད་དུ་མི་སྲིད་དོ། །འོན་ཏེ་ཐ་དད་པའི་འདོད་ཆགས་ལ་སོགས་པ་རིག་པས་འདོད་ཆགས་ཅན་ཉིད་ཡིན་ནོ་ཞེ་ན། གྲོགས་དག་འོ་ན་ནི་བུད་མེད་རིག་པ་ལས་བུད་མེད་དང་ལྡན་པར་འགྱུར་རོ། །དེ་བས་ན་འདོད་ཆགས་ལ་སོགས་པ་དང་འབྲེལ་པས་འདོད་ཆགས་ཅན་གྱི་

Vol. 182 · folio 384a

འདོད་ཆགས་ལ་སོགས་པ་རིག་པ་ནི་མ་ཡིན་ནོ། །འདོད་ཆགས་ལ་སོགས་པ་འཛིན་པས་འདོད་ཆགས་ཅན་དུ་འགྱུར་ན་ནི། གཞན་གྱིས་འདོད་ཆགས་འཛིན་པ་ཡང་འདོད་ཆགས་ཅན་དུ་འགྱུར་རོ། །འོན་ཏེ་བདག་དང་འདུ་བས་འབྲེལ་པའི་ཆགས་པ་དེས་འདོད་ཆགས་ཅན་ཡིན་ནོ་

ཞེ་ན། འཕྲོད་པ་འདུ་བ་ཡང་ཐ་དད་པ་མ་ཡིན་ནམ། དེས་ན་ཇི་ལྟར་ཕྲད་པ་ཙམ་ལ་བུད་མེད་དང་ལྡན་པར་མི་བརྗོད་པ་དེ་བཞིན་དུ་འཕྲོད་པ་འདུ་བས་ཀྱང་འདོད་ཆགས་ཅན་དུ་མི་འགྱུར་རོ། །འོན་ཏེ་འདོད་ཆགས་བདག་དང་འདུ་བ་གཅིག་པས་ཐ་དད་པ་མི་རིག་ཅིང་ལྡན་པ་ཅན་ལ་ནི་ཐ་དད་པའི་བློ་སྐྱེའོ་

ཞེ་ན། དེ་ལྟ་ན་འོ་ན་ནི་འདོད་ཆགས་ལས་བདག་ཐ་དད་པར་ཅི་ཡིས་ཤེས། གང་གི་ཚེ་བདག་གི་ངོ་བོ་ཐ་དད་པར་མི་རིག་པར་དེའི་ཚེ་བདག་རིག་པར་ཇི་ལྟར་མི་འགྱུར་ཏེ། རང་རིག་པ་ལས་འཁྲུལ་པ་མེད་དོ་ཞེས་བསྟན་ཏོ། །འོན་ཏེ་བདག་རིག་པར་བྱེད་པ་མ་ཡིན་ལ་རིག་པར་བྱ་བ་སྟེ། ཕྱི་རོལ་བཞིན་

ནོ་ཞེ་ན། འོ་ན་ནི་གཟུང་བྱ་ཡིན་པའི་ཕྱིར་རིག་པར་བྱེད་པ་མེད་པས་ལོངས་སྤྱོད་པ་པོར་མི་འགྱུར་ཏེ། གཟུགས་ལ་སོགས་པ་རྣམས་སྤྱད་པར་བྱ་བ་ཉིད་ལ་སྤྱོད་པ་པོ་མེད་པའི་ཕྱིར་རོ། །དེ་བས་ན་བདག་ལ་ལོངས་སྤྱོད་པ་པོ་ཐ་དད་པར་འགྱུར་རོ། །དེ་ལ་གཞན་དགོས་པས་ཐུག་པ་མེད་པར་འགྱུར་རོ། །འོན་ཏེ་

ལོངས་སྤྱོད་པ་དེར་འདུ་བས་འབྲེལ་པའི་ཕྱིར་ལོངས་སྤྱོད་པ་པོར་འགྱུར་རོ་ཞེ་ན། ལོངས་སྤྱོད་པ་ནི་ཉམས་སུ་མྱོང་བ་ལས་ཐ་དད་པ་ཅི་ཡང་མེད་པ་མ་ཡིན་ནམ། ལོངས་སྤྱོད་པ་ནི་སྤྱད་པར་བྱ་བ་ལ་གནས་པ་ཉིད་དེ། ཇི་ལྟར་བདག་ལོངས་སྤྱོད་པའོ་ཞེས་བྱ་བའི་བློ་སྐྱེ་བ་དེ་བཞིན་དུ། འདི་ནི་བདག་གི་

ལོངས་སྤྱོད་དོ་ཞེས་བྱ་བ་འཇིག་རྟེན་ན་སྣང་ངོ་། །དེ་བས་ན་རྟེན་དང་བརྟེན་པའི་དངོས་པོ་གཉིས་ཀ་ལ་ཡོད་དོ། །འོན་ཏེ་དཔོག་པར་བྱེད་པ་ལས་འདི་ལོངས་སྤྱོད་པ་པོར་བརྗོད་དོ་ཞེ་ན། མངོན་སུམ་མེད་པར་དེ་ལ་རྗེས་སུ་དཔག་པ་ཇི་ལྟར་འགྱུར་འོན་ཏེ་བདག་ཕྲ་བའི་ཕྱིར་རྣལ་འབྱོར་པ་རྣམས་ཁོ་ནས་

ཡུལ་དུ་འགྱུར་གྱི། ད་ལྟར་བདག་ཅག་ལ་སོགས་པ་རྣམས་ཀྱིས་མི་མཐོང་ཞེ་ན། རྣལ་འབྱོར་པས་མཐོང་བར་ཡང་ངེས་པ་འདི་ན་ཅི་ཡང་མེད་དོ། །གཞན་ཡང་བདག་ཅག་ལ་སོགས་པ་མེད་པར་རིག་པ་ཡོད་པའི་ཕྱིར། བདག་ནི་རང་རིག་པའི་ངོ་བོ་ཉིད་ཁོ་ནར་ཁས་བླང་བར་བྱ་

Vol. 182 · folio 384b

སྟེ། དེ་ལྟ་མ་ཡིན་ན་དེ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་བདེ་བ་ལ་སོགས་པ་རིག་པའི་ངོ་བོ་ཉིད་དུ་འགྱུར་ན་ནི་དེ་འཇིག་པ་ཉིད་དུ་འགྱུར་རོ། །གང་ཞིག་བདག་ལ་ཞེན་པ་དེའི་བདག་དེ་ཇི་ལྟར་འཇིག་པར་འདོད་པར་འགྱུར། བདག་དེ་ནི་སྡུག་བསྔལ་མེད་པའི་ངོ་བོ་ཉིད་དུ་

ཁས་བླང་བར་བྱའོ། །གལ་ཏེ་སྡུག་བསྔལ་བ་ཅན་ཡིན་ཏེ། བདེ་བ་ཅན་མ་ཡིན་ན་ནི་སྡུག་བསྔལ་གྱི་སྐབས་ན་བདག་རང་ཉིད་མེད་པར་འགྱུར་རོ། །འོན་ཏེ་བདེ་བ་དང་སྡུག་བསྔལ་གྱི་གནས་སྐབས་ཉིད་འཇིག་ལ་བདག་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། བདེ་བ་ལ་སོགས་པ་མ་གཏོགས་པར་དེ་མི་དམིགས་

པའི་ཕྱིར་ཏེ། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ངོ་བོ་ཉིད་བོར་ན། རིག་པའི་རང་བཞིན་གཞན་དུ་བདག་སྣང་བ་ནི་མ་ཡིན་ནོ། །དེ་བས་ན་ཇི་ལྟར་བདེ་བ་དང་། སྡུག་བསྔལ་ཐ་དད་པ་དེ་བཞིན་དུ་དེའི་ངོ་བོ་ཉིད་ཀྱི་བདག་ཀྱང་ཐ་དད་པར་འགྱུར་རོ། །འོན་ཏེ་རིག་པ་དང་། རིག་པ་པོ་ཞེས་འཛིན་པས་

བདག་ཐ་དད་པ་ཡིན་ནོ་ཞེ་ན། འོ་ན་ནི་མྱོང་བ་དང་མྱོང་བ་པོ་ཞེས་བྱ་བའི་རྟོག་པ་ལས་བདག་ཐ་དད་ན་བདག་གཞན་ལས་ཀྱང་ཐ་དད་པ་ཉིད་དུ་འགྱུར་རོ། །འོན་ཏེ་རང་རིག་པས་གཞན་གྱིས་བདག་མི་རིག་པའི་ཕྱིར་ཐ་དད་དོ། །བདེ་བ་རིག་པས་ཀྱང་སྡུག་བསྔལ་མི་རིག་པའི་ཕྱིར་དེ་རིག་པ་ཐ་དད་པ་ཉིད་ཡིན་ནོ་ཞེ་ན། དེས་

ན་སྔ་ཕྱི་དག་གཅིག་པ་མ་ཡིན་པའི་ཕྱིར་སྡུག་བསྔལ་གྱི་བདག་ཉིད་འཇིག་པར་ཐལ་བར་འགྱུར་ན། བདག་ལ་ཞེན་པ་གང་ཡིན་པ་དེ་ཇི་ལྟར་འཇིག་པར་འདོད་པར་འགྱུར་ཐེར་ཟུག་པའི་རྟག་པ་ཡིན་པས་སྡུག་བསྔལ་གྱི་ངོ་བོ་ཉིད་དུ་གནས་པར་འགྱུར་རོ། །རྟག་པ་ཐེར་ཟུག་པ་ཡང་ཕྱི་མ་ཕྱི་མའི་གནས་

སྐབས་རིག་པ་ནི་མ་ཡིན་པ་མ་ཡིན་ནམ། དེ་ཇི་ལྟར་དེ་ཉིད་དུ་གནས་པའི་རྟག་པ་ཉིད་ཡིན་ཏེ། འགྱུར་བ་དང་རིམ་གྱིས་འབྱུང་བར་དམིགས་པའི་ཕྱིར་རོ། །གལ་ཏེ་དེ་རིམ་གྱིས་དམིགས་པ་ཡིན་ནི་དེའི་ཚེ་འཇིག་པ་ཉིད་ཐོབ་པར་འགྱུར་རོ། །དེ་ལྟར་གྱུར་ན་རིམ་གྱིས་དམིགས་པར་འདོད་ན་འཇིག་པ་ཡང་

འདོད་པར་འགྱུར་རོ། །དེ་ལྟ་ན་ཡང་གང་ལ་བདག་ལ་ཞེན་པ་ཡོད་པ་དེ་ལ་འཇིག་པར་འདོད་པར་ཇི་ལྟར་འགྱུར། འོན་ཏེ་མཚུངས་པ་ངོ་བོ་ཉིད་དུ་དམིགས་པས་སྔ་ཕྱི་གཅིག་པ་ཉིད་ཡིན་ཏེ། ཐ་དད་པའི་ངོ་བོ་ཉིད་མཐོང་ན་ཐ་དད་པ་ཉིད་དུ་གསལ་བའི་ཕྱིར་རོ་ཞེ་ན། དེ་ལྟར་གྱུར་ན་སྔ་མ་འཇིག་པ་དེ་བཞིན་དུ་

Vol. 182 · folio 385a

བདག་ལ་ཞེན་པ་གང་ཡིན་པ་དེ་འཇིག་པར་འདོད་པ་ཇི་ལྟར་འགྱུར། འོན་ཏེ་རྟོག་པའི་ངོ་བོ་ཉིད་ཀྱི་བདག་ལ་ཐམས་ཅད་གཅིག་པ་ཉིད་དེ། དེ་ཡང་ཁྱད་པར་ཅན་ཐ་དད་པས་ཐ་དད་པར་སྣང་བ་སྟེ། དཔེར་ན་ནམ་མཁའ་ཐ་དད་པ་མེད་ཀྱང་བུམ་པའི་ནམ་མཁའ་དང་། སྣམ་བུའི་ནམ་མཁའ་ཞེས་

ཐ་དད་པར་འགྱུར་བ་བཞིན་ནོ། །དེ་བས་ན་བདག་ཐ་དད་པར་མ་རིག་པས་བྱས་པའོ་ཞེ་ན། འདིར་སྨྲས་པ། གལ་ཏེ། ཇི་ལྟར་བུམ་པ་མེད་ན་ནི། །བུམ་པའི་ནམ་མཁའ་མ་ཡིན་ན། །འོ་ན་ནི་བུམ་པ་མེད་ན་ནམ་མཁའ་གཞན་དང་ལྷན་ཅིག་ཏུ་འགྱུར་བའི་ཕྱིར་ནམ་མཁའ་ལ་ཐ་དད་པ་མེད་པ་བཞིན་དུ་བདག་ཀྱང་ཐ་

དད་པ་མེད་པས་རང་དང་གཞན་གྱི་ཆ་ཐ་མི་དད་པར་འགྱུར་བའི་ཕྱིར་བདག་ཉམས་པ་ཉིད་དུ་འགྱུར་རོ། །ངའོ་སྙམ་པ་ནི་གཞན་རྣམ་པར་གཅོད་པའི་བདག་ཉིད་ཡིན་པའི་ཕྱིར་ནམ་མཁའ་ཉིད་ཀྱི་བདག་ཉིད་དུ་གྱུར་པ་ལ་བྱ་བ་དང་། ལོངས་སྤྱོད་པ་ལ་སོགས་པ་མེད་པས་ནམ་མཁའ་བཞིན་ཐ་དད་པ་ཡིན་ནོ། །དེ་ལྟ་ན་ནི་གང་

བདག་ཏུ་ཞེན་པ་དེའི་བདག་དེ་ནི་ཇི་ལྟར་འཇིག་པར་འདོད། འོན་ཏེ་དངོས་པོའི་སྟོབས་ལས་འོངས་པ་ཇི་ལྟར་བརྗོད་ན་ནི་བདག་མེད་པ་ཉིད་དུ་ཐལ་བར་འགྱུར་ཏེ། རང་གི་ངོ་བོ་ཉིད་རིག་པ་ཙམ་ཡོད་པའི་ཕྱིར་རོ། །འོན་ཏེ་རིག་པ་ཉིད་བདག་ཡིན་ཏེ། རྟག་པ་དང་ཁྱབ་པའོ་ཞེ་ན། རིག་པའི་ཁྱབ་པ་ཉིད་འདི་གང་ཞིག་ཡིན།

ཕྱོགས་ཐམས་ཅད་མནན་པ་ནི་ཁྱབ་པ་ཉིད་ཡིན་ཞིང་། དུས་དུ་མ་ལ་ཁྱབ་པ་ནི་རྟག་པར་བརྗོད་པ་མ་ཡིན་ནམ། རང་རིག་པས་ཀྱང་ཡུལ་དང་དུས་ཀྱི་ཁྱད་པར་འཛིན་པའི་ཕྱིར་ཇི་ལྟར་བདག་ཁྱབ་པ་དང་རྟག་པར་འགྱུར། འོན་ཏེ་བུམ་པ་ལ་སོགས་པ་གཞན་གྱི་ངོ་བོ་ཉིད་དུ་བདག་གནས་པའོ་ཞེ་ན། དེ་ལྟ་ན་ཡང་

འཁོར་བ་པར་འགྱུར་ཏེ། ལྷ་སྦྱིན་ལ་སོགས་པའི་ངོ་བོ་ཉིད་དུ་ཡང་གནས་པའི་ཕྱིར་རོ། །དེ་བས་ན་གྲོལ་བར་འགྱུར་ན་སྲོག་ཆགས་ཀྱང་མེད་པར་འགྱུར་ཏེ། དེ་ལྟ་བུའི་ཐར་པས་ནི་དགོས་པ་ཅི་ཡང་མེད་པའི་ཕྱིར་རྟོག་པ་སྔོན་དུ་བཏང་བའི་རྣལ་འབྱོར་པ་རྣམས་ངོ་མཚར་སྐྱེད་པ་ཡིན་ནོ། །དོན་དམ་པར་

བདག་བྱ་བ་དང་ལོངས་སྤྱོད་པ་ལ་སོགས་པ་ལ་བརྟེན་པ་མ་ཡིན་ནམ། དེ་ལྟར་ཡང་དེ་མ་རིག་པའི་བག་ཆགས་ཁོ་ན་ལས་འགྱུར་རོ། །དེ་བཞིན་དུ་ཆགས་པ་ལ་སོགས་པ་ཡང་ཡིན་ནོ་ཞེ་ན། འདིར་སྨྲས་པ། མྱོང་བའི་ཐ་སྙད་ཡོན་ཏན་བདག །ཀུན་གྱི་རྟེན་ནི་ལྡོག་པ་ཅན། །ཆགས་པ་རུ་ནི་ཇི་ལྟར་

Vol. 182 · folio 385b

འདོད། །ཆགས་པའི་རང་བཞིན་དེ་འདྲ་མིན། །ཞེས་བྱ་བ་ལ། གང་ལ་ནམ་མཁའ་བཞིན་མྱོང་བའི་རྗེས་སུ་འབྲང་བའི་ཐ་སྙད་ཐམས་ཅད་ལོག་པ་ཡིན་པ་དང་། ཤེས་རབ་ལ་སོགས་པའི་ཡོན་ཏན་རྣམས་ལོག་པ་ཡོད་པ་དེ་ནི་དེ་ལྟ་བུའི་བདག་གི་རྟེན་གང་ཡིན་པའི་ཆགས་པ་དེ་ཇི་ལྟར་འདོད་པ་ཡིན་ཏེ།

ཆགས་པའི་ངོ་བོ་ཉིད་དེ་འདྲ་བར་མེད་པའི་ཕྱིར་རམ། ཡོད་དུ་ཆུག་ན་ཡང་རྟོག་པ་སྔོན་དུ་མི་གཏོང་བ་ཉིད་དུ་སྟོན་པར་བྱེད་དེ། དེ་བས་ན་འཁོར་བ་དོན་དུ་གཉེར་བ་རུང་བ་ཡིན་ནོ། །འཁོར་བའི་བདེ་བ་ཡོངས་སུ་དགའ་བ་མེད་པའི་ཕྱིར་མི་རིགས་སོ་ཞེ་ན། མྱ་ངན་ལས་འདས་པ་ལ་ཡང་བདེ་བ་ཉིད་ཡོངས་སུ་དགའ་

བར་བྱེད་པ་མ་ཡིན་པ་མ་ཡིན་ནམ། གལ་ཏེ་མྱ་ངན་ལས་འདས་པའི་བདེ་བ་དོན་དུ་གཉེར་བར་བྱེད་པ་ཡིན་ན། དེའི་ཚེ་བདེ་བ་ཐམས་ཅད་ཕུན་སུམ་ཚོགས་པར་གྱུར་ཀྱང་། དེ་ལས་མཆོག་ཏུ་གྱུར་པའི་བདེ་བ་འདོད་པ་ཉིད་དང་། སྔར་གྱི་བདེ་བ་ཉིད་སླར་ཡང་དང་ཡང་དུ་འདོད་པར་འགྱུར་བ་དེ་བས་ན་དེ་མི་འདོད་པ་ནི་མ་

ཡིན་ནོ། །འདོད་ཅིང་དོན་དུ་གཉེར་བ་ཡང་སྲེད་པ་སྟེ། བདག་ཉིད་ཆེན་པོ་རྣམས་ལ་སྡུག་བསྔལ་བ་ཉིད་ཡིན་ནོ། །བདེ་བ་དེ་ཐམས་ཅད་ཡོངས་སུ་དགའ་བ་སྐྱེད་པ་ཁོ་ན་སྟེ། དེའི་ཕྱིར་བདེ་བ་ཅན་མྱ་ངན་ལས་འདའ་བར་མི་འགྱུར་རོ། །གང་གི་ཕྱིར་རྣམ་གྲངས་པར་བདེ་བ་ཐམས་ཅད་འདོད་པ་འདིས་ནི། དེས་

ན་བདེ་བ་དོན་དུ་གཉེར་བའི་སྲེད་པ་ལ་སོགས་པའི་ཕྱིར་འདིར་འཁོར་བ་ཉིད་དུ་གནས་པར་བྱེད་དོ། །འོན་ཏེ་འདོད་ཆགས་དང་བྲལ་བ་ཡང་མཐོང་བ་ཡིན་ནོ་ཞེ་ན། མཐོང་བ་མ་ཡིན་ཏེ། དེ་ཡང་བདེ་བའི་བསམ་པ་ཉིད་ཀྱིས་ཡིན་ཏེ། བདེ་བའི་ཐབས་ཚོལ་བས་ངལ་བར་གྱུར་པའི་ཕྱིར། སྡུག་བསྔལ་ཉིད་སེམས་

པར་འགྱུར་བས། བདེ་བ་ལ་མངོན་པར་ཕྱོགས་ནས་རྣམ་པ་གཞན་འདོད་པས་ཆགས་པ་དང་བྲལ་བ་ལ་ཕྱོགས་པར་བྱེད་ཀྱི། བདག་ལ་ཆགས་པ་མེད་པ་མ་ཡིན་ནོ། །འོན་ཏེ་བདག་ཏུ་ལྟ་བ་ཡོད་ཀྱང་བདག་གི་བ་ལ་སོགས་པ་ལ་ཆགས་པ་མ་ཡིན་ནོ་ཞེ་ན། འདིར་སྨྲས་པ། རྣམ་པ་ཀུན་དུ་བདག་འཛིན་པ། །

བདག་ལ་ཆགས་པ་ཤིན་ཏུ་བརྟེན། །བདག་གི་བར་ཆགས་ས་བོན་ཏེ། །དེ་སྐབས་ཅན་དུ་རྣམ་པར་གཞག །ཅེས་བྱ་བ་ལ། འདིར་འདིའི་དོན་ནི་ཇི་སྲིད་བདག་ཏུ་མངོན་པར་ཞེན་པ་དེ་སྲིད་དུ། བདག་ལ་ཆགས་པའི་ཕྱིར་གྲོལ་བར་མི་འགྱུར་ཏེ། བདག་གི་བ་ལ་ཆགས་པ་ཡང་ཕན་འདོགས་པ་ལ་བརྟེན་ནས་

Vol. 182 · folio 386a

ཡོད་པར་འགྱུར་རོ། །འོན་ཏེ་བདག་ཏུ་འཛིན་པ་ནི་སྤང་བར་བྱ་བ་སྟེ། སྐྱོན་སྤང་བར་བྱ་བ་ཡིན་པའི་ཕྱིར། དེ་སྤངས་ནས་འཇུག་པར་བྱ་སྟེ། དེ་བས་ན་བདག་གི་བ་ལ་ཆགས་པ་ལ་སོགས་པར་ཇི་ལྟར་འགྱུར་ཞེ་ན། གལ་ཏེ་བདག་ཏུ་འཛིན་པ་སྤངས་ན་མེད་དོ། །ཅིའི་ཕྱིར་སྐྱོན་ཟློག་པར་

བྱེད། དོན་དུ་མི་གཉེར་བ་ནི་ཅུང་ཟད་ཀྱང་བྱེད་པ་ལ་འཇུག་པ་མ་ཡིན་ཏེ། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་བདག་ལ་ཆགས་ན་བདག་གི་བ་ལ་ཆགས་པ་ཕུལ་དུ་བརྟེན་པར་བྱེད་དོ། །བདག་ཏུ་ལྟ་བ་དེ་ཡང་དེ་བདག་གི་བ་ལ་ཆགས་པའི་ས་བོན་ཏེ། ཐར་པ་འདོད་པ་རྣམས་དེའི་གནས་སྐབས་ཅན་དུ་

གནས་སོ། །དེ་བས་ན་སླར་ཡང་འཁོར་བ་ཡིན་ནོ། །འོན་ཏེ་ཇི་ལྟར་བདག་ཏུ་འཛིན་པ་དེ་ཆགས་པའི་ས་བོན་ཡིན་ཏེ། བདག་གི་བ་ཡང་ས་བོན་བདག་ཏུ་ལྟ་བ་ཡིན་པ་དེ་ལྟ་ན་ཡང་སྐྱོན་མཐོང་བར་འགྱུར་རོ། །བདག་གི་བདེ་ལ་ཡང་སྐྱོན་མཐོང་བ་ཡོད་པའི་ཕྱིར་ཆགས་པ་དང་བྲལ་བར་འགྱུར་རོ་ཞེ་ན།

འདིར་སྨྲས་པ། བདག་གི་བ་ལ་ཆགས་བྲལ་བར། །བརྩོན་ཡང་ཡོན་ཏན་ཆ་རྟེན་ཕྱིར། །འཇུག་དང་ལྡན་པ་གགས་བྱེད་དང་། །དེ་སྐྱོན་ལ་ནི་སྒྲིབ་བྱེད་ཡིན། །ཞེས་བྱ་བ་ལ། གང་ལ་བདག་ཏུ་འཛིན་པ་ཡོད་པ་དེ་ནི་བདག་ལ་ཕན་འདོགས་པར་བྱེད་པའི་ཡོན་ཏན་གྱི་ཆ་ཅུང་ཟད་ཙམ་ལ་བརྟེན་ནས།

བདག་གི་བདེ་ལ་ཆགས་པ་དང་ལྡན་པ་ནི། ཆགས་པ་དང་བྲལ་བ་ལ་མངོན་དུ་ཕྱོགས་པར་འབད་པས་བསྐྱེད་པ་ལ་གགས་བྱེད་པ་ཉིད་དོ། །ཉེས་པ་མཐོང་ན་འཇུག་པ་དང་ལྡན་པའི་ཆགས་པ་དང་བྲལ་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། བདག་གི་བདེ་ལ་ཆགས་པ་དེ་ཉིད་ཡོན་ཏན་ཅུང་ཟད་ཙམ་

གྱི་ཆ་ལ་བརྟེན་པས་སྐྱོན་རྣམས་སྒྲིབ་པར་བྱེད་དོ། །དེ་བས་ན་བདག་ལ་མངོན་པར་ཞེན་པ་ཉིད་ཡོད་ན་བདག་གི་བ་ལ་ཡང་ཆགས་པར་འགྱུར་བ་ཁོ་ནའོ། །བདག་ལ་འང་ཆགས་པ་བྲལ་ན་ནི། །འདི་ན་ཆགས་པ་བྲལ་བ་གང་། །འདི་སྤོང་མ་ཡིན་དཔེར་བདག་བཞིན། །དེ་ཕྱིར་སྡུག་བསྔལ་བསྒོམ་

དོན་མེད། །ཅེས་བྱ་བ་ལ། འོན་ཏེ་བདག་སྤོང་བར་བྱེད་དོ་ཞེ་ན། །སྤང་བར་མི་ནུས་ཏེ། དེ་ཡིས་དེ་ཉིད་སྤང་བར་མི་བྱེད་པའི་ཕྱིར་རོ། །འདི་ལྟར་ཇི་ལྟར་ཡོད་པ་དེ་ལྟར་མི་སྤོང་ལ། ཇི་ལྟར་མེད་པ་དེ་ལྟར་ན་ཡང་མ་ཡིན་པའི་ཕྱིར། བདག་སྤོང་བ་མ་ཡིན་གྱི། འོན་ཀྱང་འདོད་ཆགས་ལ་སོགས་པ་

Vol. 182 · folio 386b

སྤོང་བ་ཡིན་ནོ། །དེ་བས་ན་འདོད་ཆགས་སྤངས་པས་རྟག་ཏུ་བདེ་བ་ཡིན་ནོ། །བདེ་བ་རྣམས་ལ་འཇོག་པར་བརྩོན་པ་འདོད་ཆགས་པ་ཉིད་འཛིན་པའི་མཚན་ཉིད་ཅན་མ་ཡིན་ནམ། དེ་ཡང་བདག་ཏུ་འཛིན་པ་སྔོན་དུ་འགྲོ་བར་བརྟག་གོ། །འོན་ཏེ་དེ་བདག་ལ་ཡང་ཆགས་པ་དང་བྲལ་བ་སྟེ། དཔེར་ན་བདག་གི་བ་

བཞིན་ནོ་ཞེ་ན། ད་ནི་བདག་ལ་ཆགས་པ་དང་བྲལ་བ་གང་ཡིན་པ་མེད་ལ། ལུགས་ཀྱིས་གཞན་ལ་གཞན་དག་ཆགས་པ་དང་བྲལ་བར་འདོད་པའི་ཕྱིར་རོ། །བདག་ཆགས་པ་དང་བྲལ་བའི་ངོ་བོ་ཉིད་ཆགས་པ་དང་བྲལ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། བདག་ནི་བདག་ལ་ཆགས་པ་དང་བྲལ་

བ་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་བདག་ཡོད་པ་ཇི་ལྟ་བ་དེ་བཞིན་དུ་དེ་ལ་ཆགས་པ་དང་བྲལ་བར་འགྱུར་རམ་འོན་ཏེ། ཇི་ལྟར་མེད་པ་དེ་ལྟར་ཆགས་པ་དང་བྲལ་བར་འགྱུར་བར་བརྟག་གྲང་ན། དེ་ལ་གལ་ཏེ་ཕྱོགས་དང་པོ་ཡིན་ན་དེའི་ཚེ་ཇི་ལྟར་ཡོད་པ་དེ་ལྟར་ཆགས་པ་དང་མི་བྲལ་བར་རིགས་ཏེ། དེ་བཞིན་

དུ་བྱ་བར་མི་ནུས་པའི་ཕྱིར་རོ། །ཇི་ལྟར་མེད་པ་དེ་ལྟ་ན་ཡང་ཆགས་པ་དེ་བྲལ་བར་མི་འགྱུར་ཏེ། དེ་མེད་པ་ཉིད་ཀྱི་ཕྱིར་རོ། །གཉི་ག་ལྟར་ན་ཡང་ཆགས་པ་དང་བྲལ་བའི་བདག་སྤོང་བ་མ་ཡིན་པའི་ཕྱིར་བདག་མེད་པར་མི་འགྱུར་རོ། །དེ་ཡང་ཇི་ལྟར་བདག་སྤངས་པ་དེ་ལྟ་ན་ཡང་སྡུག་བསྔལ་བསྒོམ་

པ་དོན་མེད་པ་ཡིན་ཏེ། རྣམ་པ་གང་ཞིག་གིས་མི་སྤོང་བ་དེ་ལྟ་ན་ཡང་སྡུག་བསྔལ་བསྒོམས་པ་དོན་མེད་པ་ཡིན་ནོ། །ཡང་ན་ད་ལྟར་གང་ཞིག་གང་དུ་མི་སྤོང་བ་དེ་ནི་དེ་ཡིས་དེ་རུ་སྤོང་བར་མི་བྱེད་དེ་དཔེར་ན་བདག་བཞིན་ནོ། །དེའི་ཕྱིར་དངོས་པོ་སྤོང་བའི་སྡུག་བསྔལ་བསྒོམས་པ་དོན་མེད་པ་སྟེ། སྡུག་

བསྔལ་བསྒོམས་པ་ལས་སྤོང་བར་ནུས་པ་མ་ཡིན་ཏེ། ཆགས་པ་དང་བྲལ་བ་ནི་སྤོང་བའི་རྒྱུ་མ་ཡིན་པའི་ཕྱིར་དཔེར་ན་བདག་བཞིན་དུ་བདག་གི་བ་ཡང་ཡིན་ནོ། །དེའི་ཕྱིར་ཆགས་པ་དང་བྲལ་བ་དེ་འདྲ་བས་ནི་གྲོལ་བར་མི་འགྱུར་བ་དེའི་ཕྱིར་འདིས་ཀྱང་སྡུག་བསྔལ་བསྒོམས་པ་དོན་མེད་པར་འགྱུར་རོ། །སྡུག་བསྔལ་

བསྒོམས་པས་ཀྱང་དེ་དག །སྡུག་བསྔལ་བ་ཉིད་རྣམ་བསྒོམ་འགྱུར། །དེ་ནི་སྔར་ཡང་མངོན་སུམ་ཉིད། །དེ་ལྟ་འང་ཆགས་བྲལ་ལྡན་མ་ཡིན། །ཞེས་བྱ་བ་ལ། གལ་ཏེ་སྡུག་བསྔལ་བསྒོམས་པ་དེ་ཆགས་པ་དང་བྲལ་བར་གྱུར་ན། སྡུག་བསྔལ་བསྒོམ་པར་རིགས་ན་དེ་ནི་སྡུག་བསྔལ་དང་བྲལ་བའི་

Vol. 182 · folio 387a

དོན་མ་ཡིན་ནོ། །རྣལ་འབྱོར་པ་སྡུག་བསྔལ་བསྒོམས་པས་སྡུག་བསྔལ་ཉིད་རྣམས་པར་བསྒོམ་པར་འགྱུར་རོ། །སྡུག་བསྔལ་དེ་ཡང་སྔར་འཁོར་བའི་གནས་སྐབས་ན་མངོན་སུམ་ཉིད་དེ། སྡུག་བསྔལ་མངོན་དུ་བྱེད་པ་དེ་ལྟ་ན་ཡང་ཆགས་པ་དང་བྲལ་བར་གནས་པ་ནི་མ་ཡིན་ནོ། །

གལ་ཏེ་སྡུག་བསྔལ་མངོན་སུམ་མ་ཡིན་ན་དེའི་ཚེ་ཐར་པ་འདོད་པ་རྣམས་ཀྱིས་སྡུག་བསྔལ་སྤོང་ཞིང་ཐར་པ་དོན་དུ་གཉེར་བར་མི་འགྱུར་ཏེ། སྡུག་བསྔལ་མངོན་དུ་མ་གྱུར་ན་རྣལ་མར་མི་འགྱུར་ཞིང་། སྡུག་པ་དང་བྲལ་བ་ལ་སོགས་པའི་སྡུག་བསྔལ་ནི་འཇིག་རྟེན་ཐམས་ཅད་ཀྱི་མངོན་སུམ་

ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་དེའི་ཚེ་ཆགས་པ་དང་བྲལ་བ་མ་ཡིན་ན། སྡུག་བསྔལ་བསྒོམས་པས་ཇི་ལྟར་ཆགས་པ་དང་བྲལ་བར་འགྱུར། འོན་ཏེ་སྡུག་བསྔལ་བསྒོམས་པས་དྲན་པ་ཐམས་ཅད་བསྲེས་ནས་སྡུག་བསྔལ་གྱི་རྒྱུན་ཆེན་པོ་གོམས་པ་ལ་ཞུགས་པའི་ཕྱིར་ཆགས་པ་དང་བྲལ་བ་

ཉིད་དུ་འགྱུར་རོ་ཞེ་ན། དེ་ནི་མི་བདེན་ཏེ། ཇི་ལྟར་སྡུག་བསྔལ་གྱི་རྒྱུན་དྲན་པས་བསྒོམ་པ་དེ་བཞིན་དུ། བདེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་དེས་ཆགས་པ་ཅན་དུ་འགྱུར་རོ། །འོན་ཏེ་ཞི་བའི་བདེ་བའི་རོ་ལས་མི་གཡོ་བའི་རྣལ་འབྱོར་པ་འཁོར་བའི་བདེ་བ་འདོད་པ་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ།

བདག་ཏུ་ལྟ་བ་དང་ལྡན་པ་ནི་མྱ་ངན་ལས་འདས་པ་ཁོ་ན་ལ་སྐྱེ་བའི་རྒྱུ་ཡིན་ནོ། །དུར་ཁྲོད་ན་གནས་པའི་བྱ་རོག་གི་སྐྱེ་བའི་རྒྱུ་ཅི་སྟེ། དེ་ཉིད་མ་ཡིན་ཏེ་འདི་ལྟར་བྱ་རོག་ནི་མི་གཙང་བའི་གནས་ལ་དགའ་བ་སྐྱེ་བ་ཇི་ལྟ་བ་དེ་བཞིན་དུ་པདྨའི་ཚོགས་ལ་དགའ་བ་སྐྱེ་བ་མ་ཡིན་ནོ། །དེས་ན་སྡུག་བསྔལ་

བསྒོམས་པས་སྡུག་བསྔལ་མངོན་སུམ་དུ་བྱས་ཀྱང་འདོད་ཆགས་དང་བྲལ་བ་དང་ལྡན་པར་མི་འགྱུར་བའི་ཕྱིར། སྡུག་བསྔལ་སྒོམ་པ་དོན་མེད་པར་འགྱུར་རོ། །སྡུག་བསྔལ་གྱི་རྒྱུ་སྐྱོན་མཐོང་བ་ལས་ཆགས་པ་དང་བྲལ་བར་མཐོང་བ་མ་ཡིན་ནམ། དེ་ཇི་ལྟར་སྐྱོན་མཐོང་ཡང་སྡུག་བསྔལ་

བསྒོམས་པས་ཆགས་པ་དང་བྲལ་བར་མི་འགྱུར་ཞེ་ན། སྨྲས་པ། གལ་ཏེ་གཅིག་ལའང་ཉེས་པ་ཡིས། །སྐད་ཅིག་དེ་ལ་བློ་ལྡོག་ཀྱང་། །འདོད་ལྡན་བུད་མེད་གཞན་ལ་བཞིན། །དེ་ལའང་ཆགས་བྲལ་ཉིད་མ་ཡིན། །ཞེས་བྱ་བ་ལ། གལ་ཏེ་ཡང་འགྲོ་བ་བཟང་མོ་གཅིག་ལོག་པར་བྱེད་པའི་

Vol. 182 · folio 387b

ཉེས་པ་མཐོང་ནས་སྐད་ཅིག་ཙམ་ཆགས་པ་དང་བྲལ་བར་འགྱུར་བ་དེ་ལྟ་ན་ཡང་བུད་མེད་དེ་ལ་ཐམས་ཅད་དུ་ཆགས་པ་དང་བྲལ་བ་མ་ཡིན་ཏེ། དཔེར་ན་འདོད་པ་དང་ལྡན་པ་དག་འདོད་པ་ཁ་ཅིག་བུ་མོ་ཁ་ཅིག་ལ་ཆགས་པ་ལོག་ཀྱང་བུ་མོ་གཞན་ལ་ཆགས་པ་མི་ལྡོག་པ་སྟེ། རིམ་གྱིས་ཐམས་ཅད་ལ་

ཆགས་པ་ཡོད་པའི་ཕྱིར་རོ། །འོ་ན་གལ་ཏེ་བློ་ལ་ལར་རྣམ་པར་གཡོ་ན་ཡུལ་ཀུན་ལ་ཆགས་པ་ཅི་སྟེ་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། བླང་དང་དོར་བའི་ཁྱད་ཡོད་ན། །གཅིག་ཏུ་གྱུར་པའི་ཆགས་གང་ཉིད། །དེ་ནི་རྣམ་གྲངས་ཀྱིས་བསྐྱེད་ཚེ། །ཆགས་པ་རྣམས་ཀྱི་ས་བོན་ཡིན། །ཞེས་བྱ་བ་ལ། གང་

ལ་བླང་བ་དང་དོར་བའི་ཁྱད་པར་ཡོད་པ་དེ་ལ་འདོད་པ་དང་སྡང་བར་འགྱུར་གྱི་ཐམས་ཅད་ལ་ལེན་པ་དང་། འདོར་བ་མ་ཡིན་ཏེ། རྣམ་གྲངས་པས་འདོད་པ་དང་། སྡང་བ་ཕན་ཚུན་རྒྱུ་ཅན་གྱི་རྣམ་གྲངས་པར་འགྱུར་བ་ཁོ་ནའི་ཕྱིར། །བདག་ཏུ་སྨྲ་བ་ཇི་ལྟར་གྲོལ་བར་འགྱུར་དེ་བས་ན་བླང་བ་དང་དོར་བ་དག་མི་

མཐུན་པ་དང་དངོས་པོ་གཅིག་ལ་སྐྱེ་བའི་ངང་ཚུལ་ཅན་གྱི་འདོད་ཆགས་ཞེས་བྱ་བའི་ཞེན་པ་གང་ཡིན་པ་དེ་ཉིད་དངོས་པོ་ཐམས་ཅད་ཀྱི་ས་བོན་ཏེ། ཆགས་པ་སྟེ་འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་རྣམས་རིམ་གྱིས་སྐྱེའོ། །བདག་མེད་པར་མཐོང་བ་ཅན་གྱིས་ནི་ཐམས་ཅད་དུ་བཏང་སྙོམས་ཏེ། བླང་

བ་དང་། དོར་བའི་ཁྱད་པར་ཡོད་པ་ནི་མ་ཡིན་ནོ། །དེ་བས་ན་འདོད་ཆགས་ལ་སོགས་པ་འབྱུང་བ་མ་ཡིན་ཏེ། ཆགས་པའི་རྩ་བ་མེད་པའི་ཕྱིར་རོ། །གཞན་ཡང་ཆགས་པ་དང་བྲལ་བ་ཉིད་དུ་ནི་དངོས་པོ་ངན་པ་ལ་འགྱུར་གྱི། །བདག་ཏུ་ལྟ་བ་ནི་གང་དུ་རང་བཞིན་དམན་པ་མ་ཡིན་པར་བསྟན་པའི་ཕྱིར་རོ། །

ཆགས་པ་སྐྱོན་མེད་ཡུལ་ཅན་ཏེ། །སྒྲུབ་བྱེད་ཀྱང་ནི་སྐྱོན་མེད་ཡིན། །འགྲོ་བ་དེ་ཙམ་ཁོ་ན་ན། །ད་ནི་གང་ལས་ཆགས་བྲལ་འགྱུར། །ཞེས་བྱ་བ་སྨོས་ཏེ། དེ་ལ་བདག་སྐྱོན་དང་བཅས་པ་མ་ཡིན་ཏེ། དེ་དབེན་པའི་ཕྱིར་རོ། །དེའི་ཡུལ་ཅན་ཆགས་པ་ཡང་སྐྱོན་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར་སྐྱོན་མེད་

པའོ། །ལོངས་སྤྱོད་པའི་སྒྲུབ་བྱེད་མིག་ལ་སོགས་པ་ཡང་དེ་བཞིན་ཏེ། འགྲོ་བ་ཐམས་ཅད་དེ་ཙམ་ཁོ་ན་ཡིན་ན། ད་ནི་གང་ལ་དེ་ཆགས་པ་དང་བྲལ་བར་འགྱུར། འོན་ཏེ་སྐྱོན་བཅས་ཡིན་ནའང་དེ། །དེར་ནི་བདག་དང་དེ་མཚུངས་ལ། །དེ་སྐྱོན་དེ་ལ་ཆགས་བྲལ་མིན། །དེ་དག་གང་ལ་ཆགས་བྲལ་

Vol. 182 · folio 388a

འགྱུར། །ཞེས་བྱ་བ་ལ། འོན་ཏེ་གཟུགས་ལ་སོགས་པ་ཡུལ་དང་ལུས་ལ་སོགས་པ་དེ་ལ་ཆགས་པ་སྐྱོན་དང་བཅས་པར་སྣང་ན་ནི། བདེ་བའི་རྒྱུ་དེ་དག་སྐྱོན་དང་བཅས་པ་ཉིད་དུ་ཅི་སྟེ་འགྱུར། སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པས་སོ་ཞེ་ན་ཆགས་པ་ནི་བདེ་བ་དང་། སྡུག་བསྔལ་གྱི་རྒྱུ་

ཉིད་དུ་རྣམ་གྲངས་ཀྱིས་འགྱུར་བ་ཡིན་ནོ། །རེས་འགའ་དེ་དག་སྡུག་བསྔལ་གྱི་ཡང་རྒྱུར་འགྱུར་བ་མ་ཡིན་ནམ་ཞེ་ན། གྲོལ་བར་འདོད་པའི་བདག་དེ་ལ་ཡང་སྐྱོན་དང་བཅས་པ་ཉིད་དུ་མཚུངས་པ་མ་ཡིན་ནམ། ཆགས་པ་ལ་སོགས་པ་དང་ལྡན་པའི་བདག་དེ་ལ་ཆགས་པ་དང་མ་བྲལ་ན། ད་ནི་གང་ལ་

ཆགས་པ་དང་བྲལ་བར་འགྱུར། འོན་ཏེ་བདག་སྤང་བར་མི་ནུས་ན་ཞེ་ན། འོ་ན་ནི་བདག་གི་བ་ཡང་སྤོང་བ་མ་ཡིན་ནོ། །འོན་ཏེ་བདག་གི་བ་སྐྱོན་ཡོད་པས་སྤོང་ངོ་ཞེ་ན། འོ་ན་གང་གི་ཚེ་བདག་གི་བ་དེའི་སྐྱོན་མཐོང་བ་དེའི་ཚེ་སྤོང་བར་འགྱུར་གྱི། གང་གི་ཚེ་བདེ་བའི་རྒྱུ་ཉིད་དུ་རྟོགས་པ་དེའི་ཚེ་ཇི་ལྟར་སྤོང་

བ་ཡིན། འོ་ན་གལ་ཏེ་བདེ་བའི་རྒྱུ་མ་སྤངས་པར་བྲལ་བར་གྱུར་ཀྱང་དེའི་ཚེ་བདེ་བ་ཡང་སྡུག་བསྔལ་བར་འགྱུར་བའི་ཕྱིར། བདེ་བའི་རྒྱུ་ཡང་སྤང་བར་རིགས་སོ་ཞེ་ན། དེ་ལྟ་ན་སྡུག་བསྔལ་གྱི་རྗེས་ལ་བདེ་བ་ཆེན་པོ་སྐྱེ་བའི་ཕྱིར་སྡུག་བསྔལ་བླང་བར་བྱ་བ་ཉིད་མ་ཡིན་ནམ། དེ་བས་ན་བདག་ཏུ་ལྟ་བ་

འདི་གང་དུ་ཡང་ཆགས་པ་དང་བྲལ་བར་མི་འགྱུར་རོ། །གཞན་ཡང་། ཡོན་ཏན་མཐོང་ལས་ཆགས་པ་འབྱུང་། །སྐྱོན་མཐོང་བས་ནི་འགེགས་འགྱུར་ན། །དེ་ལྟར་དེ་དབང་སོགས་ལ་མིན། །བུས་པ་སོགས་ལའང་ཡོད་ཕྱིར་དང་། །སྐྱོན་དང་ལྡན་ལའང་ཡོད་ཕྱིར་དང་། །ཡོན་ཏན་ལྡན་པ་

གཞན་དག་ལའང་། །མེད་ཕྱིར་བདག་གི་བ་ཡོད་ནའང་། །འདས་སོགས་ལ་ནི་མེད་ཕྱིར་རོ། །ཞེས་བྱ་བ་ལ། ཡོན་ཏན་མཐོང་བ་ལས་ཆགས་པ་སྐྱེ་ཞིང་སྐྱོན་མཐོང་བས་འགེགས་པར་འགྱུར་རོ་ཞེ་ན། ཆགས་པ་དེ་ཉིད་ཀྱང་མིག་ལ་སོགས་པ་ལས་མི་འབྱུང་སྟེ། འོན་ཀྱང་བདག་གི་བར་

མཐོང་བ་ལས་ཡིན་ནོ། །དེ་བཞིན་དུ་བུས་པ་དང་ཕྱུགས་ལ་སོགས་པ་སྐྱོན་དང་ཡོན་ཏན་མི་སྤྱོད་པ་ཅན་རྣམས་ལ་ཆགས་པ་ཡོད་པའི་ཕྱིར་དང་། རབ་རིབ་ལ་སོགས་པ་དང་ལྡན་པའི་མིག་ལ་སོགས་པ་སྐྱོན་དང་ལྡན་པ་ལ་བདག་གི་བར་ཡོངས་སུ་འཛིན་པའི་དགའ་བ་ཡོད་པའི་ཕྱིར་དང་། གཞན་

Vol. 182 · folio 388b

གྱི་མིག་ལ་སོགས་པ་ཡོན་ཏན་དང་ལྡན་པ་ཡིན་ཡང་བདག་གི་ཡིན་པར་མ་མཐོང་བ་ལ་སུ་ཡང་ཆགས་པ་མེད་པའི་ཕྱིར་དང་། འདས་པ་ལ་སོགས་པ་ཞིག་པ་ལ་བདག་གི་བར་ཆགས་པ་མེད་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་མ་ཐོབ་པ་བསྡུའོ། །དེ་བས་ན་སྐྱོན་མཐོང་བ་ལས་ཆགས་པ་ལྡོག་པ་

མ་ཡིན་ནོ། །འོན་ཏེ་སྐྱོན་མཐོང་བ་ལས་བདག་གི་བའི་བློ་ཉིད་ལྡོག་པར་འདོད་ཅིང་། དེ་དང་བྲལ་ན་ཡོན་ཏན་ལས་སྐྱེས་པའི་ཆགས་པ་ཡང་མི་འབྱུང་སྟེ། དེའི་ཚེ་བདག་གི་བར་ལྟ་བ་ནི་སྐྱོན་མཐོང་བས་གསལ་བའི་ཕྱིར་རོ་སྙམ་སེམས་ན། སྨྲས་པ། དེ་ཉིད་ཕྱིར་ནི་བདག་གི་བློ། །ཡོན་ཏན་མཐོང་བའི་རྒྱུ་མ་

ཡིན། །དེ་ཕྱིར་ཡོན་ཏན་མི་མཐོང་ཕྱིར། །དེ་ཡང་ཉམས་པ་མ་ཡིན་ནོ། །ཞེས་བྱ་བ་ལ། དེ་ཉིད་ཀྱི་ཕྱིར་སྐྱོན་དང་ལྡན་པ་ཡིན་ཡང་འགའ་ཞིག་ཏུ་བདག་གི་བའི་བློ་ཡོད་པ་ཉིད་ཀྱི་ཕྱིར་དང་། ཡོན་ཏན་ལྡན་པ་གཞན་དག་ལ་མེད་པའི་ཕྱིར་དང་། འདས་པ་ལ་སོགས་པ་ལ་ཡང་མེད་པའི་ཕྱིར་བདག་གི་

བའི་བློ་ནི་ཡོན་ཏན་མཐོང་བའི་རྒྱུ་མ་ཡིན་ནོ། །དེའི་ཕྱིར་བདག་གི་བའི་བློ་དེ་ཡང་ཉམས་པར་མི་འགྱུར་ཏེ། ཡོན་ཏན་མ་ཡིན་པའི་སྐྱོན་མཐོང་ཡང་ངོ་། །གཞན་ཡང་ཡོན་ཏན་མེད་སྒྲོ་འདོགས། །ཆགས་ལས་དེ་ནི་སྣང་བ་ཡིན། །དེ་ཕྱིར་དེ་རྒྱུ་ལ་གནོད་མེད། །སྒྲུབ་པ་དེ་ལ་ཇི་ལྟར་གནོད། །ཅེས་བྱ་

བ་ལ། གལ་ཏེ་སྐྱོན་མཐོང་བར་ནུས་ན་ནི་སྐྱོན་མཐོང་བ་ན་ཆགས་པ་ལྡོག་པར་འགྱུར་ཏེ། གང་གི་ཕྱིར་ཆགས་པའི་སྟོབས་ཀྱིས་སྐྱོན་མཐོང་བ་ཉིད་དུ་མི་བྱེད་པའི་ཕྱིར། ཡོད་པ་མ་ཡིན་པའི་ཡོན་ཏན་ཉེ་བར་ལེན་པ་བདག་གི་བར་ཆགས་པ་དེ་ལས་མཐོང་བར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་

ཡིན་པ་དེའི་ཕྱིར། ཆགས་པའི་རྒྱུ་བདག་ཏུ་འཛིན་པ་ན། མི་གནོད་པའི་སྒྲུབ་པ་གང་ཡིན་པ་སྡུག་བསྔལ་བསྒོམ་པ་ལ་སོགས་པའི་ངོ་བོ་ཉིད་དེ་ཡིས་ཇི་ལྟར་ཆགས་པ་དེ་འགེགས་པར་འགྱུར། དེ་བས་ན་བདག་ཏུ་ལྟ་བ་ནི་གྲོལ་བ་མ་ཡིན་ནོ། །འདི་ལ་གྲངས་ཅན་གྱིས་སྨྲས་པ། བདག་ཏུ་

ལྟ་བ་ནི་སྡུག་བསྔལ་བསྒོམ་པར་འགྱུར་བ་མ་ཡིན་གྱི། འོན་ཀྱང་ངོ་བོ་ཉིད་ཀྱིས་སྐྱེས་བུ་ཐ་དད་པ་ཤེས་པས་གྲོལ་བར་འགྱུར་ཏེ། འདི་ལྟར་སྐྱེས་བུ་ནི་མི་འགྱུར་བའི་ངོ་བོ་ཉིད་ཅན་ནོ། །རང་བཞིན་ནི་བདེ་བ་ལ་སོགས་པ་གཞན་དང་། གཞན་དུ་འགྱུར་བའི་ངོ་བོ་ཉིད་དོ། །དེ་བས་ན་དེ་དག་

Vol. 182 · folio 389a

དཔྱོད་པ་མེད་པས་བཟུང་བའི་ཕྱིར། །བདག་གྲོལ་བ་མ་ཡིན་གྱི། སྐྱེས་བུ་འབའ་ཞིག་ཤེས་པས་གྲོལ་བར་འགྱུར་རོ་ཞེ་ན། སྨྲས་པ། མཆོག་གཞན་དོན་དུ་གཉེར་ཕྱིར་དང་། །སྐྱེ་འཇིག་བློ་ཅན་ཉིད་ཀྱི་ཕྱིར། །སྐྱེ་བོ་འདི་ཡིས་དབང་སོགས་ལས། །བདག་ནི་ཐ་དད་གྱུར་

པར་ཤེས། །དེ་ཕྱིར་གཅིག་ཉིད་མཐོང་བས་ཀྱང་། །ཆགས་མིན་ཆགས་གྱུར་དེ་བདག་དང་། །དམིགས་པའི་ནང་གི་ཡན་ལག་ལ། །ངོ་བོ་ཉིད་ཀྱིས་རྗེས་ཆགས་འགྱུར། །ཞེས་བྱ་བ་ལ། །སྐྱེ་བ་དང་འཇིག་པ་མཐོང་བ་ཉིད་ཐ་དད་པར་འཇིག་པ་སྟེ། རྗེས་སུ་འགྲོ་བ་དང་ལྡོག་པ་ལས་ཐ་དད་

པའི་ཕྱིར་རོ། །བདག་ནི་རྗེས་སུ་འགྲོ་བ་ཅན་ཏེ། བདེ་བ་ལ་སོགས་པའི་རྗེས་སུ་འགྲོ་བ་མ་ཡིན་པ་ཅན་ནོ། །དེ་བས་ན་འགལ་བའི་ཆོས་གནས་པའི་ཕྱིར་ཐ་དད་པ་ཡིན་ནོ། །འོན་ཏེ་ཐ་དད་པ་ཉིད་འཁོར་བ་པས་མ་དཔྱད་པའོ་ཞེ་ན། དེ་ལྟ་ན་འོ་ན་ནི་དཔྱོད་པས་ཞེན་པ་མེད་པའི་ཕྱིར་གྲོལ་བ་

མ་ཡིན་ཏེ། བདེ་བ་དོན་དུ་གཉེར་བས་བདེ་བ་སྤོང་བར་འབད་པ་ནི་མ་ཡིན་པའི་ཕྱིར་བདེ་བ་དང་བྲལ་བའི་བདག་ལ་སུ་ཡང་དོན་དུ་གཉེར་བ་མེད་པའི་ཕྱིར་རོ། །བདག་འབའ་ཞིག་སྐྱེ་བའི་སྔོན་ནས་ཡོད་ན་ནི། འཁོར་བ་མེད་པར་འགྱུར་བའི་ཕྱིར་རོ། །གང་གི་ཚེ་གཙོ་བོ་དང་ལྷན་ཅིག་པར་བདག་མ་

མཐོང་བ་དེའི་ཚེ་གྲོལ་བར་འདོད་ལ། གང་གི་ཚེ་རང་བཞིན་དང་ལྷན་ཅིག་ཏུ་མཐོང་བ་དེའི་ཚེ་འཁོར་བའོ་ཞེ་ན། དེ་ལ་བདག་རྟོག་པའི་ངོ་བོ་ཉིད་ཡིན་ན། ཇི་ལྟར་གཅིག་པ་ཉིད་དུ་འཁྲུལ་བར་འགྱུར། འོན་ཏེ་ཡུལ་ལ་ཞེན་པ་ནི་གྲོལ་བར་མི་འགྱུར་ཏེ། འཁོར་བར་སྐྱེ་བའི་ཕྱིར་རོ་ཞེ་ན། རང་བཞིན་

ལ་འཁྲུལ་པ་མེད་དེ་བེམས་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་ཅིའི་ཕྱིར་བདག་ཉིད་ཆེན་པོ་དང་གཅིག་པར་འགྱུར། ཇི་ལྟར་བདག་ལ་འཁྲུལ་པ་མེད་པ་དེ་ལྟར་བསྟན་ཟིན་ཏོ། །འོན་ཏེ་རང་བཞིན་ཡུལ་ཉིད་དུ་མཐོང་ན་ནི། འོ་ན་ཐ་དད་པར་འཛིན་པ་མེད་པར་མི་འགྱུར་རོ། །དེ་བས་ན་རྟོག་པའི་

ངོ་བོ་ཉིད་དང་རང་བཞིན་ལ་ཐ་དད་པར་ཤེས་ཏེ། ཇི་ལྟར་མིག་ལ་སོགས་པ་བཞིན་དང་གཞན་དོན་དུ་གཉེར་བའི་ཕྱིར་དང་། མིག་ལ་སོགས་པ་སྐྱེ་བ་དང་། འཇིག་པ་འཛིན་པའི་ཕྱིར་དབང་པོ་ལ་སོགས་པ་ལས་བདག་ཐ་དད་པར་སྐྱེ་བོ་ཐམས་ཅད་ཀྱིས་འདི་ཤེས་པར་འགྱུར་རོ། །གང་གི་ཕྱིར་

Vol. 182 · folio 389b

དེ་ལྟ་ཡིན་པའི་ཕྱིར། རང་བཞིན་དང་སྐྱེས་བུ་དག་གཅིག་པ་མཐོང་བ་ལས་ཀྱང་བདག་ལ་ཆགས་པར་མི་འགྱུར་རོ། །གལ་ཏེ་བདག་ལ་ཆགས་པ་ཡོད་ན་དེ་ཡང་འཁོར་བ་པའོ་ཞེ་ན། དེ་ལྟ་ན་ནི་དམིགས་པའི་ནང་གི་ཡན་ལག་མིག་ལ་སོགས་པ་རྣམས་ལ་ངོ་བོ་ཉིད་དེ་རང་བཞིན་ཉིད་དུ་རྗེས་སུ་ཆགས་པ་

དང་ལྡན་པར་འགྱུར་གྱི་རེ་འགའ་གྲོལ་བ་ལ་ནི་མ་ཡིན་ནོ། །འོན་ཏེ་སྡུག་བསྔལ་མྱོང་བ་ལས་དམིགས་པ་ཁོ་ནས་ཐ་དད་པར་ཤེས་ན། དེ་ཇི་ལྟར་སྡུག་བསྔལ་མཐོང་བ་ན་ཆགས་པ་དང་བྲལ་བ་མ་ཡིན་ཞེ་ན། འདིར་སྨྲས་པ། སྡུག་བསྔལ་ད་ལྟར་འབྱུང་གང་ལས། །ཡིད་འབྱུང་དེ་འདྲ་སྡང་ཡིན་གྱི། །

ཆགས་བྲལ་མ་ཡིན་དེ་ཚེའང་འདི། །ཆགས་ཡོད་སྐབས་གཞན་ཚོལ་ཕྱིར་རོ། །དེའི་ཕྱིར། ཞེ་སྡང་སྡུག་བསྔལ་རྒྱུ་ཉིད་ཕྱིར། །དེ་ནི་དེ་ཙམ་ཉིད་དུ་གནས། །དེ་ལོག་ན་ནི་རང་ཉིད་ཀྱི། །རང་བཞིན་ཡང་ནི་བསྟན་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། གང་ཞིག་དེ་ལྟར་བའི་སྡུག་བསྔལ་ལས་ཡིད་

འབྱུང་བ་དེ་འདྲ་བ་ནི་ཞེ་སྡང་ཡིན་གྱི། ཆགས་པ་དང་བྲལ་བ་ནི་མ་ཡིན་ཏེ། གང་གི་ཕྱིར་ད་ལྟར་བྱུང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་པས་ཡིད་འབྱུང་བ་དེའི་ཚེ། སྐྱེས་བུ་འདི་ལ་ཆགས་པ་ཡོད་པ་ཉིད་དོ། །དེ་ཅིའི་ཕྱིར་ཞེ་ན། བདེ་བའི་ངོ་བོ་ཉིད་ཀྱིས་གནས་སྐབས་གཞན་དོན་དུ་གཉེར་བའི་ཕྱིར་

རོ། །འོན་ཏེ་ཞེ་སྡང་ཉིད་རྟག་ཏུ་ཡོད་པས་ཆགས་པ་དང་བྲལ་བར་འགྱུར་ཏེ། དེས་ཀྱང་ཡུལ་སྤང་བའི་ཕྱིར་ཐར་པ་ཡོད་དོ་ཞེ་ན། དེ་ནི་མ་ཡིན་ཏེ་ཞེ་སྡང་སྡུག་བསྔལ་གྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །ཞེ་སྡང་དེ་ནི་དུས་ཇི་སྲིད་དུ་སྡུག་བསྔལ་དེ་དེ་སྲིད་དེ་ཙམ་ཉིད་དུ་གནས་པ་དང་ལྡན་པ་ཡིན་ནོ། །སྡུག་

བསྔལ་དེ་ལོག་ན་ནི་ཞེ་སྡང་ཡང་ལྡོག་པའི་ཕྱིར། རང་ཉིད་དུས་ཡུན་རིང་པོར་བདེ་བ་དོན་དུ་གཉེར་བའི་རང་བཞིན་ལ་བརྟེན་པར་འགྱུར་རོ། །དེ་བས་ན་སྡུག་བསྔལ་ནི་ཞེ་སྡང་དང་ལྡན་པས་གྲོལ་བར་མི་འགྱུར་རོ། །འོན་ཏེ་ཡིད་འབྱུང་བ་མེད་པར་གྲོལ་བར་མི་འགྱུར་ཏེ། ཡིད་མ་བྱུང་བ་འགའ་ཞིག་

ཀྱང་འཁོར་བ་ལས་གྲོལ་བར་དོན་དུ་གཉེར་བ་ནི་རང་བཞིན་ལ་བརྟེན་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །སྡུག་བསྔལ་གྱིས་མ་གཟིར་བར་སུ་ཡང་ཡིད་འབྱུང་བར་མི་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། བླང་དང་དོར་བ་བཅོམ་པའི་ཕྱིར། །ཀུན་ལ་མཉམ་པར་གནས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་

Vol. 182 · folio 390a

པ་ཡིན། །ཙནྡན་དང་ནི་སྟེའུ་བཞིན། །ཞེས་བྱ་བ་ལ། ཆོས་ཉིད་ཙམ་ཞིག་མངོན་དུ་བྱས་པའི་ཕྱིར་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཐོབ་ནས་བླང་བ་དང་། དོར་བར་བྱ་བའི་དངོས་པོ་ཀུན་ལ་གོ་རིམས་བཞིན་དུ་ལེན་པ་དང་། སྤོང་བ་དག་བཅོམ་པའི་མཉམ་པ་གང་ཡིན་པ་ཐམས་

ཅད་ལ་མཉམ་པ་ཉིད་དེ་ནི་འདོད་ཆགས་དང་བྲལ་བར་བརྗོད་དེ། གང་རྣམས་ཀྱི་ཡིན་ཞེ་ན། སྟེའུས་འཇོག་པ་ལ་ཡང་ཙནྡན་གྱིས་བྱུག་པ་ལྟ་བུར་སེམས་པ་དེ་རྣམས་ཀྱི་ཡིན་ནོ། །འོ་ན་གལ་ཏེ་སྡུག་བསྔལ་བསྒོམ་པ་འདོད་ཆགས་དང་བྲལ་བའི་རྒྱུ་མ་ཡིན་ན་ནི། དེ་ལྟ་ནི་འོ་ན་ཅིའི་ཕྱིར་བཅོམ་ལྡན་

འདས་ཀྱིས་སྡུག་བསྔལ་བསྒོམ་པར་གསུངས་ཏེ། སྡུག་བསྔལ་ནི་སྡུག་བསྔལ་ཉིད་དུ་རིག་པར་བྱའོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། འདིར་སྨྲས་པ། འདུ་བྱེད་སྡུག་བསྔལ་ཉིད་མཁྱེན་ནས། །སྡུག་བསྔལ་བསྒོམ་པར་གསུངས་པ་ཡིན། །ཁོ་བོའི་དེ་ཡང་རྐྱེན་ལས་བྱུང་། །དེ་བདག་མེད་

ལྟའི་རྟེན་ཅན་ཡིན། །སྟོང་ཉིད་ལྟ་བས་གྲོལ་འགྱུར་གྱི། །བསྒོམ་པ་ལྷག་མ་དེའི་དོན་ཅན། །དེ་ཕྱིར་མི་རྟག་ལས་སྡུག་བསྔལ། །སྡུག་བསྔལ་ལས་ནི་བདག་མེད་གསུངས། །ཞེས་བྱ་བ་ལ། །སྡུག་བསྔལ་གྱི་སྡུག་བསྔལ་ལ་བརྟེན་ནས་སྡུག་བསྔལ་བསྒོམ་པར་གསུངས་པ་མ་ཡིན་གྱི། འོན་ཀྱང་འདུ་བྱེད་

ཀྱི་སྡུག་བསྔལ་ཉིད་རྒྱུ་དང་འབྲེལ་བ་ཉིད་དུ་མཁྱེན་ནས་སྡུག་བསྔལ་བསྒོམ་པར་གསུངས་པ་ཡིན་ཏེ། འདུ་བྱེད་ཀྱི་སྡུག་བསྔལ་དེ་ཡང་རྒྱུ་དང་རྐྱེན་ལས་སྐྱེས་པའི་ངོ་བོ་ཉིད་དེ། དོན་དམ་པར་བདག་མེད་པར་ལྟ་བ་ལ་བརྟེན་པ་ཅན་ཡིན་ནོ། །དེ་བས་ན་གང་ཟག་དང་ཆོས་སྤོང་བ་ཉིད་དུ་ལྟ་བས་གྲོལ་བ་ཉིད་དུ་

འགྱུར་གྱི། སྡུག་བསྔལ་ལ་སོགས་པ་བསྒོམ་པ་ལྷག་མ་ནི་བདག་མེད་པར་ལྟ་བ་དེའི་དོན་ཅན་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཐམས་ཅད་ནི་བདག་མེད་པར་ལྟ་བའི་རྩ་བ་ཅན་ཡིན་ནོ། །གང་གི་ཕྱིར་དེ་ལྟར་བདག་མེད་པར་མཐོང་བ་དེ་ཉིད་ཀྱིས་གྲོལ་བར་འགྱུར་བ་དེའི་ཕྱིར་མི་རྟག་པ་ལས་

བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་བར་གསུངས་པ་ཡིན་ཏེ། སྡུག་བསྔལ་ལས་ཀྱང་བདག་མེད་པ་ཉིད་དུ་འགྱུར་རོ། །དགེ་སློང་དག་གཟུགས་གང་ཅི་ཡང་རུང་སྟེ། ཐམས་ཅད་མི་རྟག་པ་ཉིད་ཡིན་ནོ། །བཙུན་པ་དག་གང་མི་རྟག་པ་དེ་ནི་སྡུག་བསྔལ་བའམ་བདེ་བ་སྟེ། བཙུན་པ་དག་

Vol. 182 · folio 390b

གང་སྡུག་བསྔལ་བ་དེ་མི་རྟག་པའོ། །གང་མི་རྟག་པ་སྡུག་བསྔལ་བ་དེ་ནི་ཡོངས་སུ་འགྱུར་བའི་ཆོས་ཅན་ནོ་ཞེས་དེ་ལྟར་བལྟའོ་ཞེས་གསུངས་སོ། །འདི་ནི་བདག་གོ། །འདི་དག་ནི་བདག་གིའོ། །བདག་ནི་འདི་ན་ཡོད་པའོ། །འདི་ནི་བདག་ཡིན་ནོ་ཞེས་བྱ་བ་ལ། དེ་ལྟ་བུར་རྒྱུ་དང་། འབྲས་བུའི་དངོས་པོར་

བདག་མེད་པ་ལྟ་བ་ཉིད་གྲོལ་བའི་ཐབས་ཡིན་ནོ་ཞེས་བསྟན་པར་འགྱུར་རོ།། །།ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། །བམ་པོ་བཅུ་གཉིས་པ། བདག་ཏུ་ལྟ་བ་གང་ཡིན་པ་དེ་ནི་འཁོར་བ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་སྨྲས་པ། ཆགས་བྲལ་མིན་དང་སྲེད་ལྡན་དང་། །རྩོམ་པ་ཀུན་ལ་

བརྟེན་པ་སྟེ། །ཉོན་མོངས་ལས་ལས་གྲོལ་མ་ཡིན། །དེ་འདྲ་འཁོར་བ་པ་ཡིན་ནོ། །ཞེས་བྱ་བ་ལ། བདག་ཏུ་ལྟ་བའི་ས་བོན་གནས་ན་ནི། བདག་གིར་འཛིན་པ་འགྱུར་བ་མེད་པ་ཉིད་འཁོར་བའི་རྒྱུ་ཡིན་ནོ། །དེའི་ཕྱིར་བདག་དང་བདག་གིར་འཛིན་པ་ནི་ཆགས་པ་དང་བྲལ་བ་མ་ཡིན་ཏེ། གདོན་མི་

ཟ་བར་སྲེད་པ་དང་ལྡན་པར་འགྱུར་རོ། །དེ་བས་ན་ལས་རྩོམ་པ་ཐམས་ཅད་ལ་བརྟེན་པ་ཡིན་ཏེ། ཉོན་མོངས་པ་དང་ལས་གྲོལ་བ་མ་ཡིན་གྱི། དེ་འདྲ་བ་འཁོར་བ་པ་ཡིན་ན། ཅིའི་ཕྱིར་བདག་ཏུ་ལྟ་བ་གྲོལ་བར་འགྱུར། འོན་ཏེ་བདག་གི་བ་ཉིད་དངོས་སུ་མེད་པའི་ཕྱིར། གང་ལས་ཆགས་པ་འབྱུང་

བར་འགྱུར། ཆགས་པ་འབྱུང་བ་ནི་ཡུལ་ལ་ཡིན་པའི་ཡུལ་ཡང་དོན་དམ་པར་མེད་པའི་ཕྱིར་ཅི་སྟེ་ཆགས་པར་འགྱུར་ཞེ་ན། དེ་ནི་མི་བདེན་ཏེ། བདག་གི་བ་ཉིད་མི་འདོད་གང་། འདི་ཡི་ཟ་བ་པོ་ཡོད་མིན། །དེ་ཚེ་དེ་ཡི་བྱ་ལོངས་སྤྱོད། །མཚན་ཉིད་ཅན་གྱི་བདག་ཀྱང་མེད། ཅེས་བྱ་བ་ལ། རྟོག་

པར་འགྱུར་བའི་བདག་གི་བ་ཉིད་མེད་པའོ་ཞེས་ངེས་པར་བྱ་བ་ཇི་ལྟར་ནུས། འཁྲུལ་པའི་རྒྱུ་ཅན་ཡིན་པའི་ཕྱིར་བདག་གི་བ་བརྫུན་པ་ཉིད་ཡིན་ནོ་ཞེ་ན་མ་རིག་པ་སྐྱེས་བུ་ལས་གཞན་པ་མ་ཡིན་པ་མ་ཡིན་ནམ། སྐྱེས་བུ་ཉིད་འདི་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ། །དེ་བས་ན་བདག་ནི་མ་རིག་པའི་ངོ་བོ་

ཉིད་ཡིན་པའི་ཕྱིར་འཁྲུལ་པ་ཉིད་དེ་ནམ་ཡང་ཞིག་པར་འགྱུར་བ་མ་ཡིན་ཏེ། འཁྲུལ་པ་བདག་ཉིད་དུ་གྱུར་པ་འཇིག་པ་མི་རུང་བའི་ཕྱིར་དེ་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་བདག་གི་བ་ཡོད་ན་ལས་རྣམས་དང་བྱ་བ་བདེ་བ་ལ་སོགས་པའི་ལོངས་སྤྱོད་དེ་དག་ཀྱང་ཉམས་པར་འགྱུར་རོ། །འོན་ཏེ་དོན་

Vol. 182 · folio 391a

དམ་པར་བྱ་བ་དང་ལོངས་སྤྱོད་མི་འདོད་ན་འོ་ན་བདག་ཀྱང་དོན་དམ་པར་གང་གིས་སྟོན་པར་བྱེད། འོན་ཏེ་བདག་གིར་ཉམས་སུ་མྱོང་བས་བཅད་པའི་ཕྱིར་ཡོད་པ་ཉིད་དོ་ཞེ་ན། བདག་གི་བར་ཡོངས་སུ་གཅོད་པའི་ཕྱིར་ཡོད་པར་འགྱུར་རོ། །འོན་ཏེ་མ་རིག་པ་གོམས་པ་ལས་རྨི་ལམ་ལ་སོགས་པ་བཞིན་དུ་

བདག་གི་བ་མེད་པ་ཡིན་ནོ་ཞེ་ན། འོ་ན་ནི་དོན་དམ་པར་བདག་ཀྱང་མེད་པར་འགྱུར་ཏེ། རྨི་ལམ་ལ་སོགས་པ་བཞིན་ནོ། །འོན་ཏེ་གཉིས་སུ་མེད་པའོ་ཞེ་ན། དེའི་ཚེ་ཉམས་སུ་མྱོང་བ་ལས་གཉིས་སུ་མེད་པར་འཐད་ཀྱི་རྟག་པ་མ་ཡིན་ཏེ། ད་ལྟར་བྱུང་བའི་དངོས་པོ་ཙམ་འཛིན་པའི་ཕྱིར་དང་། ཉམས་

སུ་མྱོང་བ་ལས་ཐ་དད་པའི་སྔ་ཕྱི་མེད་པར་མི་འཛིན་པའི་ཕྱིར་རོ། །སྔ་ཕྱི་མེད་པར་འཛིན་པ་མེད་ན་ནི་རྟག་པ་ཉིད་འཛིན་པ་མ་ཡིན་ནོ། །དྲན་པས་ཀྱང་གཅིག་ཏུ་འཛིན་པ་མ་ཡིན་ཏེ། དེ་ཚད་མ་མ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཉིད་ཀྱང་མངོན་སུམ་མེད་པར་རྟག་པ་སྒྲུབ་པར་བྱེད་པ་མ་ཡིན་

ནོ། །དེ་བས་ན་བདག་གི་བ་ཐམས་ཅད་བརྫུན་པའོ་སྙམ་དུ་གང་སེམས་པའི་རྒོལ་བ་དེའི་བདེ་བ་ལ་སོགས་པའི་ཟ་བ་པོ་ཡང་མེད་པ་ཉིད་དེ། བཟའ་བར་བྱ་བ་མེད་ན་ཟ་བ་པོ་ཡང་མེད་པའི་ཕྱིར། དེ་བས་ན་ལོངས་སྤྱད་པར་བྱ་བ་མེད་ན་བདག་ཀྱང་མེད་པ་ཁོ་ནར་འགྱུར་ཏེ། ཡོངས་སུ་དག་པའི་བདག་དེ་

ནམ་ཡང་མི་སྣང་བའི་ཕྱིར་རམ། སྣང་ན་ཡང་དེ་བརྫུན་པར་ཐལ་བར་འགྱུར་ཏེ། སྔོན་པོ་ལ་སོགས་པ་བཞིན་ནོ། །དེ་ཕྱིར་གྲོལ་འདོད་ཐོག་མེད་པའི། །རྒྱུད་ནི་རིགས་མཚུངས་ས་བོན་ཅན། །འཇིག་ཚོགས་སུ་ནི་ལྟ་བ་དག །རྩ་བ་ཉིད་ནས་གཞོམ་པར་གྱིས། །ཞེས་བྱ་བ་ལ། རྒྱུད་གང་ཞིག་ལ་

ཐོག་མ་ཡོད་པ་མ་ཡིན་པ་ཅན་དེ་ནི་བདག་ཏུ་འཛིན་པའི་རིགས་མཚུངས་པ་གང་ལ་ཡོད་པའི་ས་བོན་ཅན་ཏེ། དེ་ནི་འཇིག་ཚོགས་སུ་ལྟ་བ་བདག་ཏུ་འཛིན་པའི་བློ་ཅན་དེ་རྩ་བ་ནས་བག་ལ་ཉལ་གཞོམ་པར་ཐལ་བར་འདོད་པ་རྣམས་ཀྱིས་གྱིས་ཤིག་པའོ། །བདག་མེད་པར་མཐོང་བ་ཉིད་ཀྱིས་གྲོལ་བར་

འགྱུར་གྱི། བདག་ཏུ་ལྟ་བས་ནི་མ་ཡིན་ནོ། །འདི་དག་ཐམས་ཅད་ཀྱིས་ནི་ངེས་པར་འབྱིན་པ་ཞེས་བྱ་བ་ལམ་གྱི་རྣམ་པ་བཞི་པ་བསྟན་པ་མ་ཡིན་ནོ། །འོ་ན་གལ་ཏེ་བདག་མངོན་སུམ་དང་། རྗེས་སུ་དཔག་པ་དག་གིས་གོ་བར་བྱ་བ་མ་ཡིན་པ་དེ་ལྟ་ན་ཡང་དེ་ཡོད་པར་ལུང་གིས་རྟོགས་པར་བྱ་སྟེ་དེ་ནི་མ་

Vol. 182 · folio 391b

གྲོལ་བའོ། །ཐར་པ་ནི་གཅིག་ཏུ་བདེ་བའི་ངོ་བོ་ཉིད་དེ། དེ་མེད་པ་མ་ཡིན་ནོ། །འཁོར་བའི་བདེ་ནི་འཇིག་པ་སྟེ། །དེ་ཡིས་མགུ་བར་མི་བྱའོ། །ཐར་པ་ནི་དབང་པོ་ལ་སོགས་པའི་ཆོ་གས་ཐོབ་པར་བྱ་བ་མ་ཡིན་ནོ། །དེ་སྐད་དུ་ཡང་། དབང་པོ་ལས་འདས་མྱོང་མིན་པ། །འཕགས་པའི་མིག་གིས་

གཟིགས་པར་འགྱུར། །གང་གི་དངོས་པོ་དེ་རྣམས་ནི། །ཚིག་གམ་རིགས་པས་ཇི་ལྟར་དགག །ཅེས་བྱ་བ་ལ་སོགས་པ་བརྗོད་དོ་ཞེ་ན་སྨྲས་པ། ལུང་ནི་དེ་ལྟའི་ངོ་བོ་ཡིས། །རྒྱུ་མཚན་མ་མཐོང་རྣམས་ལ་ནི། །ལུང་ཙམ་ཞིག་གིས་གྲོལ་བར་ཡང་། །སྨྲ་སྟེ་ཡོངས་སུ་མགུ་བྱེད་མིན། །ཞེས་

བྱ་བ་ལ། དབང་པོ་ལས་འདས་པ་མཐོང་བའི་ཚིག་ལ་རྗེས་སུ་དཔག་པས་མི་གནོད་པ་དེ་ནི་བདེན་ཏེ། འོན་ཀྱང་དབང་པོ་ལས་འདས་པས། བརྗོད་པའི་ལུས་དང་ལྡན་པའི་རྒྱུ་མཚན་ནི་ཚད་མས་མ་མཐོང་བའི་སྐྱེས་བུ་རྣམས་ལ་མངོན་སུམ་མེད་པས་ལུང་ཙམ་གྱིས་གྲོལ་བར་སྨྲ་ཡང་། ཡོངས་

སུ་མགུ་བར་བྱེད་པ་ནི་མ་ཡིན་ཏེ། སྨྲ་བ་ཙམ་ནི་ལུང་ཐམས་ཅད་ཀྱི་ཐུན་མོང་ཡིན་པའི་ཕྱིར་རོ། །ལུང་གི་མཚན་ཉིད་སྐྱེས་བུའི་རྩོལ་བ་ལས་བྱུང་བ་མ་ཡིན་པའོ་ཞེས་ཟེར་བ་ནི་སྔར་བཀག་ཟིན་ཏོ། །འོན་ཏེ་ས་བོན་ལས་ས་བོན་ལ་སོགས་པ་སྐྱེ་བ་མེད་པའི་ཆོས་ཉིད་ཅན་དུ་དབང་གི་ཆོ་གས་མཐོང་བས་སྐྱེས་

བུ་དེ་རྣམས་ལ་ཡང་སླར་མི་སྐྱེ་བ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར། ས་བོན་སོགས་གྲགས་ཆོ་ག་ནི། །སྐྱེས་བུ་མི་སྐྱེད་ཕྱིར་ནུས་མེད། །ཏིལ་མར་བསྐུས་སོགས་བསྲེགས་པ་ལ། །སོགས་པའང་གྲོལ་བར་ཐལ་ཕྱིར་རོ། །ཞེས་བྱ་བ་ལ། ས་བོན་ལ་སོགས་པ་དབང་བསྐུར་

བའི་ཆོ་ག་ཡིས་སྐྱེ་བ་མེད་པའི་ཆོས་ཉིད་ཅན་དུ་གྲགས་པ་དེ་བཞིན་དུ་སྐྱེས་བུ་རྣམས་སླར་སྐྱེ་བ་ཉམས་པའི་ཕྱིར། ནུས་པ་མེད་པ་སྟེ་མི་ནུས་པ་ཡིན་ནོ། །འདི་ལྟར་ཏིལ་མར་བསྐུས་པའི་མེ་ཡིས་བསྲེགས་པ་ལ་སོགས་པས་བསྒྱུར་བའི་ས་བོན་མི་སྐྱེ་བར་མཐོང་བའི་ཕྱིར་སྲོག་ཆགས་རྣམས་ཀྱང་

ཏིལ་མར་བསྐུས་པའི་རྒྱུས་གྲོལ་བར་ཐལ་བར་འགྱུར་རོ། །འོ་ན་གལ་ཏེ་དབང་ལ་སོགས་པའི་ཆོ་ག་ལས་ཟད་པར་བྱེད་པ་མ་ཡིན་པ་དེ་ལྟ་ན་ནི་སྔར་ལྕི་བར་སྣང་བ་ལས་དབང་བསྐུར་བའི་རྗེས་ཐོགས་སུ་ལུས་ཡང་བར་སྣང་བར་མི་འགྱུར་རོ་ཞེ་ན། འདིར་སྨྲས་པ། སྔར་ནི་ལྕི་དང་ཕྱིས་ཡང་

Vol. 182 · folio 392a

ཕྱིར། །སྡིག་པ་བཅོམ་པར་བྱས་པ་མིན། །འདི་ཡི་ལྕི་བ་ཉིད་མེད་ཀྱང་། །ལུས་ཅན་མིན་ཕྱིར་སྡིག་ལྗིད་མིན། །ཞེས་བྱ་བ་ལ། གལ་ཏེ་སྔར་ལྕི་བ་ལས་ཕྱིས་ཡང་བར་དབང་གིས་བསྐྱེད་པ་དེ་ལྟ་ན་ཡང་དེ་ཡིས་སྡིག་པ་བཅོམ་པར་རིག་པ་མ་ཡིན་ཏེ། དབང་འདི་ཡིས་ལྕི་བ་

ཉིད་མེད་པར་འགྱུར་བ་ཡིན་མོད་ཀྱི། སྡིག་པ་ནི་ལྕི་བ་མ་ཡིན་པའི་ཕྱིར་འདི་གཞོམ་པར་འཐད་པ་ནི་མ་ཡིན་ཏེ་ལུས་ཅན་མ་ཡིན་པའི་ཕྱིར་རོ། །འདི་ལྟར་ལྕི་བ་དང་ཡང་བ་འགལ་བ་ཅན་དུ་མཐོང་བ་ལས་ལྕི་བ་ཉིད་མེད་པར་ཤེས་པར་བྱའི་སྡིག་པ་མེད་པར་ནི་མ་ཡིན་ཏེ། དེ་ལ་ལྕིད་ཉིད་མེད་

པའི་ཕྱིར་རོ། །འོན་ཏེ་ཁྱོད་ཀྱི་ཕྱོགས་ལ་ཡང་སྟོང་པ་ཉིད་བསྒོམ་པ་ལས་སྲེད་པ་འཆད་པར་འགྱུར་མོད་ཀྱི། ཐར་པ་ཇི་ལྟར་འགྱུར་ཞེ་ན། འདི་ནི་བསམ་པར་མི་རིགས་པ་ཁོ་ན་སྟེ། ལོག་ཤེས་དང་ནི་དེ་ལས་བྱུང་། །སྲེད་དང་སེམས་པའི་དབང་དག་གིས། །དམན་ནས་འགྲོ་བ་སྐྱེ་བ་མིན། །དེ་

ཕྱིར་དེ་བཅད་སྐྱེ་མི་འགྱུར། །དེ་དག་ཙམ་ལས་འབྱུང་བའི་ཕྱིར། །སྐྱེ་ལ་དེ་དག་ནུས་ཉིད་ཕྱིར། །སེམས་པ་དེ་དག་ཡང་ཉིད་ལས། །མིན་ཕྱིར་ཚང་བ་སྐྱེ་རྒྱུ་ཡིན། །ཞེས་བྱ་བ་ལ། ལོག་པའི་ཤེས་པ་ནི་སྡུག་བསྔལ་བ་ལ་བདེ་བའི་བློ་སྟེ། ལོག་པའི་ཤེས་པ་དེ་ལས་འབྱུང་བ་ནི་སྲེད་པའོ། །

དེ་དག་སེམས་པའི་དབང་གིས་དམན་པའི་གནས་སུ་འགྲོ་བར་སྐྱེ་བ་ཡིན་ནོ། །གང་གི་ཕྱིར་སྲེད་པ་དང་ལོག་པའི་ཤེས་པ་དེ་གཅོད་པ་གང་ཡིན་པ་ད་ནི་ཆགས་པ་དང་བྲལ་བར་གྱུར་ནས་སླར་སྐྱེ་བ་མ་ཡིན་ནོ། །གང་ཕྱིར་ལོག་པའི་ཤེས་པ་དང་སྲེད་པ་དང་སེམས་པ་དེ་དག་ཉིད་ལ་སྐྱེ་བའི་ནུས་

པ་ཡོད་པ་ཡིན་ཏེ། དེ་དག་ཁོ་ན་ལས་སྐྱེ་བ་སྲིད་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་སྲིད་པའི་དབང་གིས་ཡུལ་གཞན་ཐོབ་པར་སྣང་བ་ཡིན་ནོ། །སྐྱེ་བའི་རྒྱུའི་ལུས་ཀྱང་མ་ཡིན་ནམ། དེས་ཇི་ལྟར་སྲེད་པ་ཙམ་ལས་སྐྱེ་བར་འགྱུར་བ་ཡིན་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། །གང་གི་ཕྱིར་ལོག་པའི་ཤེས་པ་

དང་། དེ་ལས་བྱུང་བའི་སྲེད་པའི་ངོ་བོ་ཉིད་ཀྱིས་སེམས་པ་དེ་དག་ཁོ་ན་ལས་ཡིན་པའི་ཕྱིར་ཏེ། སྔོན་གྱི་སེམས་སྦྱིན་པ་ལ་སོགས་པའི་མཚན་ཉིད་ཅན་ནི་ལས་ཡིན་པའི་ཕྱིར་དེས་འདུ་བྱེད་ཉེ་བར་ལེན་པར་བྱེད་དོ། །སྐྱེ་བ་གཞན་ལེན་པར་བྱེད་པའི་སེམས་པ་ནི། དངོས་སུ་རྒྱུ་མ་ཡིན་ཏེ། དེའི་

Vol. 182 · folio 392b

དེ་མ་ཐག་ཏུ་སྐྱེ་བ་འབྱུང་བར་མི་འགྱུར་བའི་ཕྱིར་རོ། །དབང་བསྐུར་བ་ལ་ཡང་དེ་དག་གཉིས་ཡོད་པའི་ཕྱིར། སྐྱེ་བའི་རྒྱུ་ཡོངས་སུ་ཚང་བས་གྲོལ་བ་མ་ཡིན་ནོ། །སྔོན་གྱི་ལས་ནི་རྒྱུའི་རྒྱུ་ཡིན་པའི་ཕྱིར། ཉེ་བར་བཏགས་ནས་རྒྱུ་ཡིན་གྱི། དངོས་ཀྱི་རྒྱུ་ནི་མ་ཡིན་ཏེ། འོན་ཏེ་ཡང་། འགྲོ་དང་རྟོག་པའི་

བྱེད་བརྟེན་ནི། །དེ་དག་མ་མཐོང་བ་ལས་ཡིན། །མ་མཐོང་འཇིག་ཕྱིར་འགྲོ་བ་མེད། །དེ་འདུ་བྱེད་པའི་སེམས་པ་མིན། །ཞེས་བྱ་བ་ལ། འགྲོ་བ་སྟེ་འཇུག་པ་དང་རྟོག་པ་དེ་ཤེས་པའི་བྱེད་པ་ནི་ལག་པ་ལ་སོགས་པ་དང་། མིག་ལ་སོགས་པ་རིམ་པ་བཞིན་དུ་བརྟེན་པ་ཡིན་ནོ། །བྱེད་པ་དེ་དག་མ་མཐོང་

བའི་ལས་ལས་འབྱུང་བ་སྟེ། དབང་བསྐུར་བ་ཡང་མ་མཐོང་བ་འཇིག་པའི་ཕྱིར། སྐྱེ་བ་གཞན་དུ་འགྲོ་བ་མ་ཡིན་ནོ། །དེ་བས་ན་དེའི་འདུ་བྱེད་དེ། ལས་ཀྱི་འདུ་བྱེད་དགེ་བ་བཅུ་དང་མི་དགེ་བ་རྣམ་པ་བཅུ་ཁོ་ན་སེམས་པའི་ངོ་བོ་ཉིད་དེ་མེད་པར་འགྱུར་རོ། །དགེ་བ་དང་མི་དགེ་བའི་ལས་དེ་དག་ཀྱང་

དབང་བསྐུར་བས་འཇིག་པའི་ཕྱིར་ཡང་སྲིད་པར་འཇུག་པ་མ་ཡིན་ནོ་ཞེ་ན། དེ་ནི་མི་བདེན་ཏེ། འདིའི་དོན་མ་གྲུབ་པའི་ཕྱིར་རོ། །བྱེད་པ་སྐྱེད་ཕྱིར་ཡོད་མེད་ཀྱི། །རྗེས་སུ་འཇུག་པས་བླའི་ནུས་པ། །མཐོང་བ་ཡིན་གྱི་གཞན་གྱིས་མིན། །དེ་ཡོད་དེ་དག་ཅི་སྟེ་འགྲོ། །ཞེས་བྱ་བ་ལ། རྗེས་སུ་

འགྲོ་བ་དང་ལྡོག་པའི་རྗེས་སུ་འཇུག་པའི་བློས། མིག་ལ་སོགས་པའི་བྱེད་པ་རྣམས་སྐྱེད་པར་ནུས་པ་ངེས་པ་ཡིན་གྱི། བློ་དང་བྲལ་བའི་ལས་སྔོན་དུ་བྱས་པའི་ནུས་པ་གཞན་ནི་མ་ཡིན་ནོ། །འཆི་བའི་དུས་ཀྱི་བློ་དེ་ནི་དབང་བསྐུར་བ་ལ་ཡང་ཡོད་དོ། །མིག་ལ་སོགས་པ་དེ་དག་ལས་ཀྱི་རྗེས་སུ་

འགྲོ་བར་ཅི་སྟེ་མི་འགྱུར་ཏེ། འདི་ལྟར་མིག་ལ་སོགས་པ་སེམས་པས་བྱིན་གྱིས་བརླབས་ནས། རིགས་མཐུན་པ་ཅན་གྱི་བྱེད་པ་རྣམས་མཐོང་བ་ཡིད་ལ་དབང་བསྐུར་བ་ལ་ཡང་། མ་རིག་པ་དང་སྲེད་པ་དང་ལྡན་པའི་བློ་ཡོད་པའི་ཕྱིར་སྐྱེ་བ་གཞན་ཆད་པ་ནི་མ་ཡིན་ནོ། །འོན་ཏེ་དབང་གིས་ཉེ་བར་

བཅོམ་པའི་མིག་ལ་སོགས་པའི་བློ་ཡིན་པའི་ཕྱིར་སྐྱེ་བ་གཞན་དུ་འབྱུང་བ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི། དེ་རྣམས་ནུས་མེད་དབང་ལ་སོགས། །དེ་མ་ཐག་ཏུ་དེ་དག་གི །འཛིན་བསྐུལ་འཁྲུལ་དང་འགོག་པ་དང་། །སེམས་པའི་དབང་གིས་འགྱུར་མ་ཡིན། །ཞེས་བྱ་བ་ལ་གལ་ཏེ་བློ་ལ་སོགས་པ་དབང་

Vol. 182 · folio 393a

གིས་བཅོམ་པ་ཡིན་ན། སྐྱེ་བར་ནུས་པ་མ་ཡིན་ཏེ། དེའི་ཚེ་དབང་བསྐུར་བ་དེའི་དེ་མ་ཐག་པ་ཉིད་དུ་བློ་བཅོམ་པའི་ཕྱིར། ཡུལ་ལ་རང་གི་འདོད་པས་འཇུག་པའི་སེམས་འཛིན་པ་དང་། མངོན་པར་འདོད་པའི་ཡུལ་ལ་ངེས་པར་འཇུག་པས་བསྐུལ་བ་དང་འཁྲུལ་པ་སྟེ། འཁྲུལ་པར་

གྱུར་པ་ཉིད་དང་། འགོག་པ་སྟེ་འཇིག་པ་དེ་དག་མེད་པར་འགྱུར་ཏེ། །དེ་དག་སེམས་དང་འབྲེལ་པའི་ཕྱིར་དང་། སེམས་ལ་སོགས་པ་དེ་རྣམས་དབང་བསྐུར་བའི་མཐུས་གསལ་བར་འགྱུར་རོ། །དེ་ལྟར་གྱུར་ན་ནི་དབང་གིས་དེ་མ་ཐག་ཏུ་ཆད་པར་འགྱུར་རོ། །འོན་ཏེ་མིག་ལ་སོགས་པ་

རྣམས་ཤི་བའི་རྗེས་ལ་ནུས་པ་མེད་པར་འགྱུར་ཏེ། དེ་དག་ཡོངས་སུ་གྱུར་པའི་ཁྱད་པར་ལ་ལྟོས་པའི་ཕྱིར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གལ་ཏེ་དབང་གིས་དེ་མ་ཐག་པར་དབང་གི་མཐུས་ཆད་པར་མི་འགྱུར་ན་ནི་ཡོངས་སུ་གྱུར་པ་ལས་ཕྱིས་ནུས་པ་མེད་པར་འགྱུར་རོ་ཞེས་བྱ་བ་འདི་ལ་ཚད་མ་མེད་

དོ། །འོན་ཏེ་དེ་ཚེ་བློ་མེད་ཕྱིར། །མི་འགྱུར་དྲི་མ་རྣམས་ཀྱི་བློ། །མཚམས་སྦྱོར་དེ་རྣམས་ནུས་མེད་ན། །གསོན་པ་ཉིད་ཀྱིའང་ནུས་མེད་འགྱུར། །ཞེས་བྱ་བ་ལ། དེའི་ཚེ་སྟེ་འཆི་བའི་དུས་ན་བློ་ཉིད་མེད་པའི་ཕྱིར་བྱེད་པ་རྣམས་ཡོད་པར་མི་འགྱུར་ཏེ། འདི་ལྟར་དེའི་ཚེ་མཚམས་སྦྱོར་བ་དང་། བློ་དང་

བྲལ་བར་བྱེད་པ་དང་སེམས་པ་མེད་པས་སླར་སྐྱེ་བ་མེད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། བློ་དེ་འདོད་ཆགས་ལ་སོགས་པའི་དྲི་མ་རྣམས་ཀྱིས་མཚམས་སྦྱོར་བ་མ་ཡིན་ནམ། དབང་བསྐུར་བ་ལ་དྲི་མ་ཡོད་པའི་བློ་བཅོམ་པ་ནི་མ་ཡིན་ནོ། །འོན་ཏེ་དབང་བསྐུར་བས་འདོད་ཆགས་ལ་སོགས་པ་བཅོམ་པའི་

ཕྱིར་བློ་སྐྱེད་པར་མི་ནུས་སོ་ཞེ་ན་མ་ཡིན་ཏེ་དེའི་ཚེ་འདོད་ཆགས་ལ་སོགས་པ་དེ་རྣམས་ནུས་པ་མེད་ན་ནི། གསོན་པ་ཉིད་ཀྱི་དྲི་མ་རྣམས་ཀྱང་ནུས་པ་མེད་པར་འགྱུར་བ་དེའི་ཕྱིར་དབང་བསྐུར་བའི་རྗེས་ཐོགས་ཁོ་ནར་གྲོལ་བར་འགྱུར་རོ། །འོན་ཏེ་དབང་བསྐུར་བས་འདོད་ཆགས་ལ་སོགས་པའི་དྲི་མ་མེད་ཀྱི།

འོན་ཀྱང་ཡོངས་སུ་དག་པའི་ཡེ་ཤེས་པ་ཡོད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། འགྲིབ་དང་ཕུལ་བྱུང་ཕྱིར་གཉེན་པོ། །དང་ནི་རང་ཕྱོགས་འཕེལ་བ་ན། །རང་གི་ས་བོན་རྒྱུ་ཅན་སྐྱོན། །དབང་བསྐུར་བ་ཡང་བཟློག་པ་མེད། །ཅེས་བྱ་བ་ལ། རང་གི་ས་བོན་ལས་བྱུང་བ་ཅན་གྱི། སྐྱོན་རྣམས་དབང་བསྐུར་བའི་སྐྱེ་བོ་

Vol. 182 · folio 393b

ལ་ཡང་སྐྱེ་བར་འགྱུར་རོ། །རང་གི་ས་བོན་ལས་བྱུང་བའི་སྐྱོན་དུ་ཇི་ལྟར་ཤེས་ཤེ་ན། འགྲིབ་པ་དང་ཕུལ་དུ་བྱུང་བའི་ཕྱིར་ཏེ། གཉེན་པོའི་ཕྱོགས་བདག་མེད་པ་འཕེལ་བ་ན་འགྲིབ་པའི་ཕྱིར་དང་། རང་གི་ཕྱོགས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འཕེལ་ན། ཕུལ་དུ་བྱུང་བའི་ཕྱིར། དེ་ལྟ་བུར་གྱུར་པའི་

སྐྱོན་རྣམས་དབང་བསྐུར་བ་ལ་ཡང་བཀག་པ་མེད་པ་ཉིད་ཡིན་ན། ཇི་ལྟར་ཚེ་འདི་ཉིད་དང་གཞན་ལ་འདི་དག་གྲོལ་བར་འགྱུར། གལ་ཏེ་བདག་མེད་པ་མཐོང་བ་ན། གང་ཞིག་གྲོལ་བར་འགྱུར་ཏེ། སྐྱེས་བུ་འདོད་ཆགས་ལ་སོགས་པའི་སྐྱོན་གྱིས་བཅོམ་པ་གང་གི་ཚེ་གང་ཡང་རུང་བས་

དག་པར་འགྱུར་བ་མ་ཡིན་ནམ། དེའི་ཚེ་གྲོལ་བར་འགྱུར་རོ། །འདི་ལྟར་འཆིང་བ་ཞིག་པ་ནི་གྲོལ་བ་སྟེ། བདག་མེད་པ་ལ་ནི་གང་ཞིག་བཅིངས་པ་ཉིད་དེ་དེ་གྲོལ་བར་མི་འགྱུར་ཞིང་། མི་རྟག་པ་ཉིད་ཀྱིས་གཞན་གྲོལ་བ་ཐོབ་པ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་ཞིག་དག་པ་དེ་

ལས་གཞན་པའི་མྱ་ངན་ལས་འདས་པ་མེད་དོ། །འོ་ན་སྒྲོན་མའི་གསལ་བ་ཞེས་ཐ་སྙད་འདོགས་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། སངས་རྒྱས་པའི་ཕྱོགས་ལ་ཚིག་ཏུ་སྦྱར་བ་ཙམ་ཉིད་འདི་འཐད་པ་མ་ཡིན་ཏེ། གང་མ་བཅིངས་པ་དེ་གྲོལ་བར་འགྱུར་ལ། དེ་ཡང་དཔེས་སྒྲུབ་

པ་ཡིན་ནོ། །བདག་ཏུ་སྨྲ་བ་ལ་ནི་བཅིང་བ་དང་། གྲོལ་བ་ཉིད་དུ་མི་འཐད་དེ། ཚིག་ཏུ་སྦྱར་བ་ཙམ་གྱིས་བསྒྲུབས་པ་ནི་ཅི་ཡང་མ་ཡིན་ཞིང་། གཙོ་བོའི་དངོས་པོ་མི་འཐད་པའི་ཕྱིར་རོ། །བདག་མྱ་ངན་ལས་འདས་པའི་དཔེ་ནི་ཡོད་པ་མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་སྨྲས་པ། རྟག་པ་ལྟོས་པ་མེད་པའི་

ཕྱིར། །རིམ་གྱིས་སྐྱེ་བ་འགལ་བ་མིན། །བྱེད་དང་བྱེད་མིན་དུས་དག་ཏུ། །འདྲ་བ་ཡི་ནི་བདག་ཉིད་ཡིན། །ཞེས་བྱ་བ་ལ། གནས་སྐབས་ཐ་དད་ན་ནི་བདག་གི་གྲོལ་བ་ཉིད་མ་དག་པའི་དུས་སུ་ཡོད་པ་དག་པར་འགྱུར་ཏེ། རིམ་གྱིས་སྐྱེ་བའི་བདེ་བ་ལ་སོགས་པ་རྟག་པ་ལ་འགལ་བར་འགྱུར་

རོ། །བདག་རྟག་པ་ནི་ལྟོས་པ་མེད་པའི་ཕྱིར་བདེ་བ་ལ་སོགས་པའི་གནས་སྐབས་ཅིག་ཅར་ཡོད་པར་ཐལ་བར་འགྱུར་རོ་ཞེས་བསྟན་ཟིན་ཏོ། །གཞན་ཡང་བྱ་བ་བྱེད་པ་དང་ཡང་འགལ་ཏེ། གང་ཞེ་ན། བྱེད་པ་དང་མི་བྱེད་པའི་གནས་སྐབས་དག་འདྲ་བའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་

Vol. 182 · folio 394a

བསྟན་ཏོ། །རྒྱུ་དང་འབྲས་བུ་གཅིག་ཉིད་ཀྱང་། །དེ་ལས་དེ་དག་ལོག་ན་ནི། །བྱེད་པ་ཟ་བ་པོ་ཉམས་ཤིང་། ནུས་པ་ཉིད་ནི་འགྲུབ་མི་འགྱུར། །ཞེས་བྱ་བ་ལ། གནས་སྐབས་དང་སྐྱེས་བུ་དག་དེའི་བདག་ཉིད་དུ་གྱུར་ན། རྒྱུ་སྔོན་གྱི་ལས་དང་། འབྲས་བུ་བདེ་བ་ལ་སོགས་པ་

དེ་དག་གཅིག་པ་ཐོབ་པར་འགྱུར་ཏེ། བདག་གཅིག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བདག་གི་རང་བཞིན་ནོ། །དེ་ཡང་འགལ་བ་ཡིན་ནོ། །འོན་ཏེ་ཐ་དད་ན་ནི། དེའི་ཚེ་བདག་དེ་ལ་རྒྱུ་དང་འབྲས་བུ་དེ་དག་གི་འདི་བྱེད་པ་པོ་མ་ཡིན་ཞིང་། ཟ་བ་པོ་ཡང་མ་ཡིན་ཏེ། བྱེད་པ་དང་ཟ་བར་འབྲེལ་པ་མེད་

པའི་ཕྱིར། གཞན་གྱི་བདག་བཞིན་ནོ། །ཉམས་སུ་མྱོང་བ་ལས་ཀྱང་འབྲེལ་བ་མ་ཡིན་ཏེ། བདག་གཞན་བཞིན་ནོ། །འདི་ལྟར་རྣལ་འབྱོར་པས་བྱེད་པ་དང་། ལོངས་སྤྱོད་འཛིན་པའི་ཕྱིར། བྱེད་པ་པོ་དང་ཟ་བ་པོ་ཐལ་བར་འགྱུར་རོ། །འོན་ཏེ་འཕྲོད་པ་འདུ་བའི་འབྲེལ་པ་ཉིད་ཟ་བ་པོ་

ཉིད་དང་། བྱེད་པ་པོ་ཉིད་དེ་བྱེད་པ་དང་། ལོངས་སྤྱོད་རྒྱུ་དང་། འབྲས་བུའི་དངོས་པོ་ཡིན་པས་བདག་བྱེད་པ་པོ་དང་ཟ་བ་པོར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། བདག་དེའི་ནུས་པ་མ་གྲུབ་པོ་ཞེས་བསྟན་ཏོ། །འོ་ན་སྐད་ཅིག་མ་ཡང་དྲན་པ་དང་ལོངས་སྤྱོད་པ་ལ་སོགས་པ་མེད་པར་

འགྱུར་ཏེ། གཅིག་ཏུ་ཉམས་སུ་མྱོང་བ་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། གཞན་པ་དྲན་དང་ལོངས་སྤྱོད་སོགས། །ཐལ་བའང་གནོད་པ་ཅན་ཡིན་ཏེ། །དེ་ཡིས་གང་ལ་དྲན་མེད་ཕྱིར། །ཉམས་སུ་མྱོང་ལས་དྲན་པ་འབྱུང་། །ཞེས་བྱ་བ་ལ། བདག་མེད་པ་དང་འབྲེལ་པའི་

སྐྱོན་གང་ཡིན་པ་ཉམས་སུ་མྱོང་བའི་ཤེས་པ་ཡང་གཞན་ལ་དྲན་པ་ཡང་གཞན་ཡིན་ན། དེ་ཇི་ལྟར་ཉམས་སུ་མྱོང་བ་ལས། གཞན་གྱིས་དྲན་པ་དང་། འདི་ལྟར་གང་གིས་དགེ་བ་ལ་སོགས་པའི་ལས་བྱས་པ་དེ་དེ་ཉིད་ཀྱི་ཚེ་ཞིག་པའི་ཕྱིར་བྱས་པ་ཉམས་པར་འགྱུར་བ་དང་གང་གིས་འབྲས་

བུ་ལ་ཉེ་བར་སྤྱོད་པ་དེ་གཞན་ཡིན་པའི་ཕྱིར། མ་བྱས་པ་དང་ཕྲད་པས་སྐྱོན་དེ་རྣམས་དང་གང་ལ་ཡང་གནོད་པ་ཅན་མ་ཡིན་ནོ། །གང་གིས་ཉམས་སུ་མྱོང་བར་གྱུར་པ་དེ་ཉིད་ཀྱི་དྲན་པ་མེད་པའི་ཕྱིར། དྲན་པ་པོ་གང་གིས་ཀྱང་དྲན་པ་མ་ཡིན་ཏེ་མེད་པ་ཉིད་ཀྱི་ཕྱིར་རོ། །ལོངས་སྤྱོད་པ་

Vol. 182 · folio 394b

མེད་དེ་ལོངས་སྤྱོད་པ་པོ་མེད་པའི་ཕྱིར་རོ། །འོན་ཀྱང་དྲན་པ་ཉིད་ལ་དྲན་པ་པོ་དང་། དྲན་པ་པོའི་ཡུལ་ཞེས་བྱ་བ་སྟེ། དེ་བཞིན་དུ་བདེ་བ་ཉིད་ལ་ལོངས་སྤྱོད་པར་བྱ་བ་དང་ལོངས་སྤྱོད་པ་པོ་དང་། ལོངས་སྤྱོད་ཅེས་བྱའོ། །དེའི་ཕྱིར་ལོངས་སྤྱོད་པ་པོ་རྟག་པ་མ་ཡིན་ལ། དྲན་པར་བྱ་བ་དེ་ལས་དྲན་པ་འབྱུང་བ་ནི་ཉམས་སུ་མྱང་བའི་

དབང་གིས་སོ། །འོན་ཏེ་གཞན་གྱི་རྒྱུད་ལ་འཇུག་པའི་ཉམས་སུ་མྱོང་བས་དྲན་པ་ཅི་སྟེ་མི་སྐྱེ་ཞིང་། གཞན་གྱི་ལས་ལས་ཀྱང་ལོངས་སྤྱོད་པར་ཇི་ལྟར་མི་འགྱུར་ཞེ་ན། རྒྱུ་དང་འབྲས་བུའི་དངོས་པོར་ངེས་པའི་ཕྱིར་རོ། །འདི་ལྟར་རྒྱ་སྐྱེགས་ཀྱིས་བསྒྱུར་བའི་ས་བོན་དེ་ཉིད་རས་བལ་གྱི་མེ་ཏོག་ལ་སོགས་པ་དང་།

རྒྱུ་དང་འབྲས་བུར་ངེས་པས་དམར་པོར་སྣང་བར་འགྱུར་གྱི། དེ་ལ་གཅིག་པ་ཉིད་མ་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པས་ཐ་དད་པར་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པས་དྲན་པ་དང་ལས་དང་འབྲས་བུར་འབྲེལ་པ་རྒྱུད་དེ་ཉིད་ལ་ཡིན་ནོ། །བདག་ཏུ་སྨྲས་པ་གཞན་གྱིས་

ཉམས་སུ་མྱོང་བ་གཞན་གྱིས་དྲན་པར་ཅིའི་ཕྱིར་མི་འགྱུར། བདག་ཐ་དད་པའི་ཕྱིར་རོ། །ཐ་དད་པ་དེ་ཉིད་ཀྱང་ཅིས་ཤེས། དྲན་པ་ལ་སོགས་པ་མེད་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ། ཕན་ཚུན་བརྟེན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་ཇི་ལྟར་བདག་ཁྱད་པར་མེད་ཀྱང་གཞན་ལས་ཀྱང་དྲན་པ་སྐྱེ་བ་

མ་ཡིན་པ་དེ་བཞིན་དུ་ཤེས་པ་ཁྱད་པར་མེད་ཀྱང་རྒྱུད་གཞན་གྱིས་ཤེས་པས་དྲན་པ་ནི་མ་ཡིན་ནོ། །གཞན་ཡང་སེམས་པའི་རྒྱུ་ཐ་དད་པས་ཐ་དད་པའང་སྲིད་དེ་བདག་ལ་ནི་རྒྱུ་མེད་པའི་ཕྱིར་ཅི་ཡིས་ཐ་དད་པར་འགྱུར། འོ་ན་བདག་མེད་ན་བདག་གིས་མཐོང་བ་དང་དྲན་པའོ་ཞེས་བྱ་བའི་བློ་གཅིག་པར་ཇི་ལྟར་འགྱུར་ཞེ་ན།

བདག་ལ་ཡང་སྐྱོན་ནི་འདི་མཚུངས་པ་མ་ཡིན་ནམ། བདག་ནི་དྲན་པ་དང་མཐོང་བའི་བྱ་བ་གཅིག་བྱེད་པར་ཚད་མ་གང་གིས་ཤེས། མངོན་སུམ་གྱིས་ཤེས་སོ་ཞེ་ན། དེ་ནི་སྔ་མ་དང་ཕྱི་མར་མི་འཇུག་གོ་ཞེས་བསྟན་ཏོ། །མངོན་སུམ་མེད་པ་ཉིད་རྗེས་སུ་དཔག་པ་འཇུག་པ་ནི་མ་ཡིན་ནོ། །གལ་ཏེ་སྔར་ཉམས་སུ་

མྱོང་བའི་ངོ་བོ་ཉིད་ཀྱི་བདག་ཉིད་ཀྱིས་བདག་རིག་ན་ནི་སྔར་ཉམས་སུ་མྱོང་བ་ཉིད་མྱོང་བར་མི་འགྱུར་ཏེ། སྔ་མ་ཉིད་རིག་པ་དེ་ལ་མེད་པར་འགྱུར་རོ། །མྱོང་བར་གྱུར་པ་ནི་སྔ་མ་ཉིད་དུ་མི་རུང་བའི་ཕྱིར་དང་། དྲན་པ་ལས་ཀྱང་སྔ་མ་ཞེས་བྱ་བར་མི་རུང་སྟེ། དེ་ཚད་མ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་སྔར་ཡུལ་དུ་

Vol. 182 · folio 395a

བྱས་པ་དྲན་ནོ་ཞེ་ན། འོ་ན་ནི་གྲོགས་དག་ཉམས་སུ་མྱོང་བ་སྔ་མ་ཐམས་ཅད་དྲན་པར་འགྱུར་ཞིང་། བདག་གིས་ནི་སྔ་མ་དང་ཕྱི་མ་དཔྱོད་པར་བྱེད་པ་མ་ཡིན་ཏེ། དེས་ན་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་དེ་བདག་ཡིན་ནོ་སྙམ་པའི་ཤེས་པ་སྐྱེའི་བདག་ཡོད་པ་ནི་མ་ཡིན་ནོ། །འོ་ན་

ཇི་ལྟར་བདག་མེད་པར་འཁོར་བར་འཇུག་སྟེ། བདག་མེད་ན་བདག་ཏུ་ལྟ་བ་མེད་པའི་ཕྱིར་དྲན་པ་ཡང་སྔ་མ་དང་ཕྱི་མའི་རང་བཞིན་དང་བྲལ་བའི་ཕྱིར། གཅིག་པ་ཉིད་དང་རྟག་པ་ཉིད་དུ་འཛིན་པར་མི་ནུས་ན། དེ་ཇི་ལྟར་འཁོར་བ་ཡིན་ཞེ་ན། འདིར་སྨྲས་པ། དོན་དམ་པར་ན་འཁོར་བ་ཡོད་པ་མ་ཡིན་ཏེ། རང་ལས་

རང་གི་ངོ་བོ་རྟོགས། །ཞེས་བསྟན་ཏོ། །དེ་ལྟ་ན་ཡང་ཐ་སྙད་ཙམ་དུ་འཁོར་བ་ཡིན་ཏེ། འདི་ལྟར། བདེན་པ་བཞི་ལ་བརྟེན་པ་དང་། །བདེ་དང་ང་དང་བདག་གི་ཞེས། །བྱ་སོགས་ཡང་དག་མིན་བཅུ་དྲུག །སྒྲོ་བཏགས་ནས་ནི་ཡོངས་སུ་སྲེད། །དེ་ཉིད་ལ་ནི་དེ་འགལ་དོན། །དེ་ཉིད་རྣམ་པ་རྗེས་རྟོགས་ཅན། །ལེགས་བསྒོམས་

ཡང་དག་ལྟ་བ་ཡིས། །སྲེད་པ་རྗེས་འབྲང་བཅས་འཇོམས་བྱེད། །ཅེས་བྱ་བ་ལ། ཡོད་པ་མ་ཡིན་པར་གཞག་པ་ཉིད་འཁོར་བ་སྟེ། རང་གི་མཚན་ཉིད་ནི་མ་ཡིན་ནོ། །ཡང་དག་པ་མ་ཡིན་པ་ཡང་རྣམ་པ་བཅུ་དྲུག་སྟེ། སྒྲོ་བཏགས་པ་དེ་ལས་སྲེད་པ་དང་ལྡན་པའི་ལས་ལས་འཁོར་བར་མངོན་པར་ཞེན་པར་འགྱུར་ཏེ།

གཞན་དུ་ན་འཁོར་བ་ཡོད་པ་མ་ཡིན་ནོ། །མངོན་པའི་ང་རྒྱལ་ཞེན་པ་ཡང་རིག་པ་ལས་ཐ་དད་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །གཅིག་ཏུ་འབྱུང་བའི་ཕྱག་རྒྱ་ཙམ་ཡིན་པའི་ཕྱིར་བརྟེན་པ་དང་བདེ་བ་དང་། ང་དང་བདག་གིའོ་སྙམ་པ་ནི་སྡུག་བསྔལ་གྱི་བདེན་པ་ལ་ཡང་དག་པ་མ་ཡིན་པའི་རྣམ་པའོ། །ཀུན་འབྱུང་གི་

བདེན་པ་ལ་རྒྱུ་མེད་པ་དང་ཀུན་འབྱུང་བ་མེད་པ་དང་རབ་ཏུ་སྐྱེ་བ་དང་རྐྱེན་མེད་པ་ཞེས་བྱ་བ་ཡིན་ནོ། །འགོག་པ་ལ་ནི་འགོག་པ་མེད་པ་དང་ཞི་བ་མེད་པ་དང་གྱ་ནོམ་པ་མེད་པ་དང་། ངེས་པར་འབྱུང་བ་མེད་པའོ། །ལམ་ལ་ནི་ལམ་མེད་པ་དང་རིགས་པ་མེད་པ་དང་སྒྲུབ་པ་མེད་པ་དང་ངེས་པར་མི་འབྱུང་བ་ཞེས་བྱ་བ་ཡིན་

ནོ། །རྣམ་པ་བཅུ་དྲུག་པོ་དེ་དག་ནི་ཡང་དག་པ་མ་ཡིན་པ་སྟེ། དེ་དག་ཏུ་སྒྲོ་བཏགས་ནས་བདེན་པ་བཞི་ལ་སྲེད་པ་དང་ལྡན་པར་འགྱུར་རོ། །བདེན་པ་བཞི་པོ་དེ་ཉིད་ལ་དག་པ་མ་ཡིན་པའི་རྣམ་པ་དང་འགལ་བ་དོན་དམ་པར་རྣམ་པ་རྗེས་སུ་རྟོགས་པ་ཅན་གྱི་ལྟ་བ་ལེགས་པར་གོམས་པར་བྱས་ན་ནི་སྲེད་པ་རྗེས་

Vol. 182 · folio 395b

སུ་འབྲང་བ་དང་བཅས་པ་འཇོམས་ཏེ། སྲེད་པ་ཟད་པ་དེ་ལས་གྲོལ་བར་འགྱུར་རོ། །ལས་དང་ལུས་གནས་པ་མ་ཡིན་ནོ། །སྲེད་པ་མེད་པས་ཇི་ལྟར་ཐར་བར་འགྱུར་ཞེ་ན་སྨྲས་པ། ལས་དང་ལུས་དག་གནས་ན་ཡང་། །གཅིག་མེད་ཕྱིར་ན་རྒྱུ་གསུམ་ཅན། །སྐྱེ་བ་དག་ནི་མི་འབྱུང་སྟེ། །ས་བོན་མེད་པར་མྱུ་གུ་བཞིན། །

ཞེས་བྱ་བ་ལ། མ་རིག་པ་དང་། ལས་དང་། ལུས་ཀྱི་རྒྱུ་ཅན་གྱི་སྐྱེ་བ་ནི་མི་འབྱུང་སྟེ། ལས་དང་ལུས་གནས་ན་ཡང་སྲེད་པ་ཞེས་བྱ་བའི་རྒྱུ་གཅིག་མེད་པའི་ཕྱིར། དཔེར་ན་ས་བོན་མེད་ན་ས་ལ་སོགས་པ་ཡོད་ཀྱང་མྱུ་གུ་སྐྱེ་བ་མ་ཡིན་པ་བཞིན་ནོ། །འོན་ཏེ་ལས་དང་ལུས་དག་ལས་གཅིག་འགགས་ནས་ཐར་བར་འགྱུར་བ་

ཉིད་དེ། གང་ཞིག་ལས་ཟད་ན་ཐར་བར་འགྱུར་རོ་ཞེས་སྨྲས་སོ། །ལས་དང་ལུས་དག་སྤོང་མིན་ཏེ། །གཉེན་པོ་ཕྱོགས་ནི་མེད་ཕྱིར་དང་། །ནུས་མེད་ཕྱིར་རོ་སྲེད་པ་ནི། །ཡོད་ན་ཡང་ནི་འབྱུང་ཕྱིར་རོ། །ཞེས་བྱ་བ་ལ། སྲེད་པ་དང་བྲལ་བ་མ་ཡིན་པའི་གཉེན་པོ་གཞན་ལས་རང་ལུས་ཟད་པར་བྱེད་པ་མ་ཡིན་ཏེ། དབང་པོ་

ལ་སོགས་པའི་ཆོ་ག་ནི་སུན་ཕྱུང་ཟིན་ཏོ། །དེ་བས་ན་ལས་ཀྱི་གཉེན་པོ་མེད་པའི་ཕྱིར་ལས་དང་ལུས་དག་སྤོང་བར་བྱེད་མི་ནུས་ཏེ། གཉེན་པོ་ཡོད་ན་ཡང་ལས་མི་ཤེས་པའི་ཕྱིར་དེའི་གཉེན་པོ་ལ་འདྲིས་པར་མི་རུང་ཞིང་ལས་ཟད་པར་ཡང་མི་ནུས་པའི་ཕྱིར་སྤོང་བར་རིགས་པ་མ་ཡིན་ནོ། །ལས་བྱེད་པ་ནི་སྲེད་པ་

ཡིན་ཏེ། དེ་ལས་འདོད་ཆགས་ལ་སོགས་པ་ཚེགས་མེད་པ་ཉིད་དུ་འབྱུང་ངོ་། །དེས་ན་སྲེད་པ་ཡོད་ན་སླར་ཡང་འཁོར་བ་འབྱུང་ངོ་། །འོན་ཏེ་ལས་དང་སྲེད་པ་གཉི་ག་ཟད་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། གཉིས་ཟད་དོན་དུ་འབད་ན་ཡང་། །ལས་ཟད་ངལ་བ་དོན་མེད་འགྱུར། །ཞེས་བྱ་བ་ལ། སྲེད་པ་དང་

ལས་གཉིས་ཟད་པའི་དོན་དུ་འབད་ན་ཡང་། ལས་ཟད་པར་བྱ་བའི་ཕྱིར་ངལ་བ་ནི་དོན་མེད་པར་འགྱུར་ཏེ། སྲེད་པ་ཉིད་བཟློག་པར་བྱ་བ་བླའི། །ལས་ཀྱང་དགག་པར་བྱ་བ་ཁོ་ནའོ་ཞེ་ན་མ་ཡིན་ཏེ། གཉེན་པོའི་ཕྱོགས་མི་སྲིད་པའི་ཕྱིར་རོ་ཞེས་བསྟན་པས་སོ། །གཞན་ཡང་། འབྲས་བུ་སྣ་ཚོགས་མཐོང་བའི་ཕྱིར། །

ལས་ནུས་སྣ་ཚོགས་རྗེས་སུ་དཔོག །དེ་ཕྱིར་གདུང་བའི་ཉོན་མོངས་ནི། །གཅིག་གི་རང་བཞིན་ཟད་པ་མིན། །ཞེས་བྱ་བ་ལ། བདེ་བ་ལ་སོགས་པའི་འབྲས་བུ་རྣམ་པ་དུ་མ་ཅན་སྣ་ཚོགས་པ་མཐོང་བའི་ཕྱིར། ལས་ལ་སོགས་པའི་ནུས་པ་སྣ་ཚོགས་པར་ངེས་པར་བྱེད་དོ། །དེའི་ཕྱིར་འབྲས་བུ་གཅིག་གི་རྣམ་པ་

Vol. 182 · folio 396a

ཅན་གདུང་བ་ལ་སོགས་པའི་ངོ་བོ་ལོངས་སྤྱོད་པས་ལས་ཟད་པར་ཅི་ལྟར་འགྱུར། གང་གི་ཕྱིར། རྣམ་འགས་དེ་བསྐྱེད་འབྲས་བུ་ནི། །ཆུང་གྱུར་རིགས་མི་མཐུན་ལྡན་མིན། །ཞེས་བྱ་བ་ལ་ལས་གང་ཞིག་གིས་དེའི་རིགས་ཀྱི་འབྲས་བུ་བྱ་བ་དེ་ནི་འབྲས་བུའི་ཆ་ཤས་ཙམ་ཉམས་སུ་

མྱོང་བའི་ཕྱིར་ལས་དེ་ལས་སྐྱེས་པའི་ཕྱིར། འབྲས་བུ་ཉིད་འབྲས་བུ་ཉམས་སུ་མྱོང་བས་ཟློག་པར་བྱེད་ཀྱི། དེ་དང་མི་མཐུན་པའི་འབྲས་བུ་སྐྱེ་བ་ནི་མ་ཡིན་ནོ། །འོན་ཏེ་ཡང་། དཀའ་ཐུབ་ཀྱི་ནི་ནུས་པ་ཡིས། །ནུས་པ་འདྲེ་ཞིང་ཟད་པའི་ཕྱིར། །ཉོན་མོངས་ཆ་ནི་གང་ཞིག་གིས། །ཉོན་མོངས་མ་ལུས་

སྤོང་བར་འགྱུར། །ཞེས་བྱ་བ་ནི། དཀའ་ཐུབ་ལ་ནུས་པ་ཡོད་པ་མ་ཡིན་ནམ། དེའི་ལས་ཀྱིས་ནུས་པ་རྣམས་འདྲེ་བ་སྟེ། འབྲས་བུ་མཚུངས་པར་སྟེར་བའོ། །ཟད་པ་ནི་བདག་ཉིད་ཐམས་ཅད་ཀྱིས་འཇིག་པའོ། །དེས་ན་ཉོན་མོངས་པའི་ཆ་འགའ་ཞིག་གིས་ལས་མ་ལུས་པ་སྤོང་བར་འགྱུར་རོ་ཞེ་ན།

དེ་ལ་ཡང་སྨྲས་པ། གལ་ཏེ་ཉོན་མོངས་ལས་དཀའ་ཐུབ། །དེ་གཞན་ཉོན་མོངས་ཉིད་ཡིན་ན། །དེ་ཡི་ལས་འབྲས་ཕྱིར་འདི་ལས། །ནུས་པའི་འདྲེ་བ་ལ་སོགས་མིན། །ཞེས་བྱ་བ་ལ། གལ་ཏེ་ཡོངས་སུ་གདུང་བ་ལས་གཞན་ཡིན་ན་ནི་དེའི་ཚེ་ཉོན་མོངས་པའི་ཆ་ལས་མ་ལུས་པའི་ལས་སྤོང་བར་

འགྱུར་ཏེ། ནུས་པ་འདྲེས་པའི་ཕྱོགས་ལའོ། །ཟད་པའི་ཕྱོགས་ལ་ནི་ཉོན་མོངས་པའི་མེད་པ་ཉིད་དུ་སྤོང་བ་ཡིན་ནོ། །འོན་ཏེ་ཉོན་མོངས་པའི་ངོ་བོ་ཉིད་དཀའ་ཐུབ་ཡིན་ན། འོ་ན་ནི་ཉོན་མོངས་པའི་ངོ་བོ་ཉིད་ཅན་དཀའ་ཐུབ་ལས་ཀྱི་འབྲས་བུ་ཡིན་པའི་ཕྱིར་དཀའ་ཐུབ་འདི་ལས་ཀྱི་ནུས་པ་མ་འདྲེ་བ་མ་ཡིན་པ་དང་། ཟད་

པར་ཡང་མི་འགྱུར་ཏེ། གྲང་བ་ཉི་མ་བསྟེན་པ་ཅན་གྱི་ཕྱུགས་ལ་སོགས་པ་རྣམས་ཀྱང་ལས་ཟད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་དེ་ནི་ལས་ཀྱི་འབྲས་བུ་མ་ཡིན་ཏེ། འདོད་པས་འཇུག་པའི་ཕྱིར་རོ། །ལས་ཀྱི་འབྲས་བུ་དེ་ནི་འདོད་པ་དང་བྲལ་བར་སྐྱེ་བའོ་ཞེ་ན། དེ་ནི་མི་བདེན་ཏེ། འདོད་པས་རྒྱལ་པོ་ཐོབ་

པ་ལ་སོགས་པ་ལས་ཀྱི་འབྲས་བུར་མི་འགྱུར་རོ། །འོན་ཏེ་རྒྱལ་པོ་ལ་སོགས་པ་ལ་ཞེན་པ་མེད་པར་སྤོང་བར་འགྱུར་ལ་དམྱལ་བ་ལ་སོགས་པ་དབང་མེད་དུ་འབབ་པའི་ཕྱིར་དེ་ཉམས་སུ་མྱོང་བར་འགྱུར་བ་ཁོ་ནའོ། །དེ་བས་ན་གདུང་བ་ཉིད་ལ་དཀའ་ཐུབ་ཏུ་འདོད་དོ་ཞེ་ན། དེ་ལྟ་ན་ནི་དམྱལ་བའི་སྡུག་

Vol. 182 · folio 396b

བསྔལ་ཡང་ཉམས་སུ་མྱོང་བར་འགྱུར་བ་ཁོ་ན་བྱེད་པ་ཇི་ལྟར་དཀའ་ཐུབ་ཀྱིས་དེ་ཟད་པར་འགྱུར། འོན་ཏེ་དཀའ་ཐུབ་ཀྱི་སྡུག་བསྔལ་ཡིན་པའི་ཕྱིར། སྐྲ་འབལ་བ་ལ་སོགས་པའི་དཀའ་ཐུབ་ཀྱི་སྡུག་བསྔལ་བ་ཉིད་ཀྱིས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་སྤོང་བར་བྱེད་དེ། སྐྲ་འབལ་བ་ནི་ལས་བྱེད་པར་

འགྱུར་བའི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་ཚད་མ་མེད་པའི་ཕྱིར་ཏེ། སྡུག་བསྔལ་ཡིན་པའི་ཕྱིར་སྡུག་བསྔལ་གཞན་བཞིན་ནོ། །འོན་ཏེ་འདི་ནི་མ་ངེས་པའོ་ཞེ་ན། ཁྱོད་ཀྱིས་སྨྲས་པའི་ཚད་མ་དེ་ལ་མཚུངས་པ་ཉིད་དོ། །འོན་ཏེ་ལས་སྤོང་བར་བྱེད་པའི་དོན་དུ་འཇུག་པ་ཡོད་པའི་ཕྱིར་དང་། ཁྱེད་ལ་ཡང་ལས་ཟད་པར་ཡོད་པའི་ཕྱིར་

ཁས་བླངས་པ་ལ། ཇི་ལྟར་གནོད་པར་མི་འགྱུར་ཞེ་ན། འདིར་སྨྲས་པ། སྐྱེ་འདོད་སྐྱོན་ནི་བཅོམ་པའི་ཕྱིར། །གང་ཡང་སྐྱོན་ནི་འགལ་བ་ཅན། །དེ་སྐྱེས་ལས་ཀྱིས་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་སྤོང་བར་འགྱུར། །ཞེས་བྱ་བ་ལ། ལས་ནི་སྤོང་བ་མ་ཡིན་ཏེ། བྱས་པ་འཇིག་པ་མེད་པའི་ཕྱིར་རོ། །འོ་ན་ཇི་ལྟར་

ལས་ཟད་པར་བརྗོད་ཅེ་ན། །འདིར་སྨྲས་པ། ལས་དེ་ནི་རྒྱུ་གཞན་ཡོད་པ་གང་གིས་འབྲས་བུ་སྟེར་བ་དེ་འདྲ་བ་ལ་དེ་འགལ་བ་ཅན་ཉེ་བ་ནི་མ་ཡིན་ནོ། །གང་ཡང་གདོན་མི་ཟ་བར་འབྲས་བུ་སྟེར་ནུས་པ་དེ་ནི་ངེས་པ་ཁོ་ནར་འབྲས་བུ་སྐྱེད་པར་བྱེད་དེ། དེའི་དོན་དུ་ཐུབ་པའི་སྐྱེ་བོ་འབད་པ་ནི་མ་ཡིན་ཏེ། དེ་ནི་སྟོབས་ཁོ་ནས་སྐྱེ་

བའི་ཕྱིར་རོ། །གང་ཡང་འདོད་ཆགས་ལ་སོགས་པ་དང་འགལ་བ་ཅན་བདག་མེད་པར་མཐོང་བ་ལ་སོགས་པ་དེ་ནི་དེ་ལས་སྐྱེས་པ་སྟེ། འདོད་ཆགས་ལ་སོགས་པའི་ཉེས་པ་ལས་སྐྱེད་པའི་མ་འོངས་པའི་ལས་ཟློག་པར་བྱེད་ནུས་པར་འགྱུར་གྱི། བྱས་ཟིན་པ་ནི་བདག་མེད་པར་མཐོང་བས་ཀྱང་སྤོང་བ་ནི་མ་ཡིན་ནོ། །འོ་ན་

ཇི་ལྟར་བྱས་ཟིན་པའི་ཉེས་པ་དང་ལས་ཇི་ལྟར་འཇིག་ཅེ་ན། སྐྱོན་རྣམས་སྐྱེས་པར་འགྱུར་བ་ལ་ནི་ལྡོག་པ་མེད་ཀྱི། འོན་ཀྱང་འབྱུང་བར་འགྱུར་བའི་སྐྱོན་རྣམས་ལས་འགོག་པ་ཡིན་ཏེ། དེ་ཡང་རྒྱུ་ཟད་པས་མི་སྐྱེ་བ་ཡིན་ནོ། །དེ་ནས་དེ་ཡིས་བྱས་པའི་ལས་མི་སྐྱེ་བའི་ཕྱིར། བྱས་པ་རྣམས་སྤང་བར་རིགས་པ་མ་ཡིན་ནོ། །ལྷན་

ཅིག་བྱེད་པ་མ་ཚང་བས་ཀྱང་འདོད་ཆགས་དང་བྲལ་བ་ལས་ནི་འབྲས་བུ་སྟེར་བ་མ་ཡིན་ནོ། །འོ་ན་ཇི་ལྟར་སྲེད་པ་བརྟེན་པར་གྱུར་ན། ལས་སླར་སྐྱེ་བར་འགྱུར་བ་དེ་བཞིན་དུ། ལས་ལ་བརྟེན་ན་ཡང་སྲེད་པ་འབྱུང་བར་མི་འགྱུར་བའི་ཕྱིར་གྲོལ་བར་མི་འགྱུར་རོ་ཞེ་ན། འདི་ནི་རིགས་པ་མ་ཡིན་ནོ། །ཞེས་སྨྲས་པ། ལས་ལས་སྐྱོན་བྱུང་མ་

Vol. 182 · folio 397a

ཡིན་གྱི། །སྐྱོན་ལྡན་བྱེད་འགྱུར་ལྡོག་ལས་མིན། །ལོག་པའི་རྣམ་རྟོག་མེད་ལ་མིན། །བདེ་བ་ལས་ཀྱང་འདོད་མ་ཡིན། ཞེས་བྱ་བ་ལ། སྲེད་པ་ཡོད་ན་འབྲས་བུ་དོན་དུ་གཉེར་བ་རྣམས་ལས་བྱེད་པར་འགྱུར་གྱི། འདོད་ཆགས་ལ་སོགས་པའི་སྐྱོན་མེད་པ་ལས་འབྱུང་བ་ནི་མ་ཡིན་ནོ། །གང་ཆགས་པ་

དང་བྲལ་བ་དེ་ནི་སྲེད་པ་མེད་པས་ལས་བྱེད་པ་མ་ཡིན་ནོ། །འོན་ཏེ་དགེ་བའི་ལས་བདེ་བར་བྱེད་ནུས་པའི་ཕྱིར་བདེ་བ་ལ་རྗེས་སུ་ཆགས་པ་ཅན་གདོན་མི་ཟ་བར་འགྱུར་རོ་ཞེ་ན། བདག་དང་བདག་གིར་མངོན་པར་ཞེན་པ་ལོག་པའི་རྣམ་པར་རྟོག་པ་མེད་པར་ནི་བདེ་བ་ལས་ཀྱང་འདོད་པ་མ་ཡིན་པ་མ་ཡིན་ནམ། དེའི་ཕྱིར་འཇིག་

ཚོགས་ལ་ལྟ་བ་ཟད་པ་ཁོ་ནས་ཐར་བར་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །འཕགས་པའི་བདེན་པ་བཞི་སྟོན་པ་ཉིད་སྐྱོབ་པ་ཡིན་པ་དེའི་ཕྱིར་འཕགས་པའི་བདེན་པ་བཞི་སྟོན་པའི་མཚན་ཉིད་ཀྱི་སྐྱོབ་པ་ལས་བདེ་བར་གཤེགས་པ་ཉིད་ངེས་པ་ཡིན་ནོ། །འདིར་སྨྲས་པ། སྐྱོབ་ལས་དེ་ཉིད་དང་བརྟན་དང་། །མ་

ལུས་ཁྱད་པར་མཁྱེན་བསྒྲུབ་དང་། །རྟོགས་པའི་དོན་ཕྱིར་གཤེགས་པ་སྟེ། །ཕྱི་རོལ་སློབ་མའི་སློབ་ལྷག་ཕྱིར། །ཞེས་བྱ་བ་ལ། སྐྱོབ་པ་ལས་བཅོམ་ལྡན་འདས་བདེ་བར་གཤེགས་པ་ཉིད་དུ་ཤེས་པར་བྱ་སྟེ། བདེ་བར་གཤེགས་པ་དེ་ཡང་དེ་ཉིད་དང་། བརྟན་པ་དང་། མ་ལུས་པའི་ཁྱད་པར་མཁྱེན་པ་

སྟེ། རབ་ཏུ་མཛེས་པ་མཁྱེན་པ་ནི་དེ་ཁོ་ན་ཉིད་མཁྱེན་པའོ། །མཁྱེན་པས་སླར་མི་ལྡོག་པ་མཁྱེན་པ་ནི་བརྟན་པར་མཁྱེན་པ་སྟེ། བརྟན་པ་ནི་ཕྱིར་མི་ལྡོག་པའི་ཕྱིར་རོ། །ཁྱད་པར་མ་ལུས་པར་མཁྱེན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཁྱེན་པ་སྟེ། ལྷག་མ་མ་ལུས་པར་མཁྱེན་པའི་

ཕྱིར་རོ། །རྟོགས་པའི་དོན་གྱིས། གའི་སྐད་ཀྱི་དབྱིངས་ལས་གཤེགས་པར་བཤད་དེ། མཁྱེན་པ་དེ་བཅོམ་ལྡན་འདས་ལ་ཡོད་པའི་ཕྱིར་རོ། །འོ་ན་རྗེས་སུ་དཔག་པ་བརྒྱུད་པས་འདི་ཤེས་པ་ཡིན་ན། བཅོམ་ལྡན་འདས་ཇི་ལྟར་མངོན་སུམ་དུ་གཟིགས་པར་འགྱུར་ཞེ་ན། དེ་ལྟ་ན་ནི་གཞན་དག་གིས་ཀྱང་ཡོངས་སུ་ཤེས་

པར་འགྱུར་བ་མ་ཡིན་ནམ། རྗེས་སུ་དཔག་པ་ནི་ལ་ལ་ཡོད་ཀྱི། ལ་ལ་མེད་པའི་ཆ་ཡོད་པ་མ་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་མེད་ན་གཅིག་ལ་ཡོད་པ་མ་ཡིན་ནོ། །དེ་བས་ན་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ནི་བཅོམ་ལྡན་འདས་ཉིད་ཡིན་ནོ་ཞེས་ཤེས་པར་བྱ་སྟེ། དོན་ཐམས་

Vol. 182 · folio 397b

ཅད་རྣམ་པ་ཐམས་ཅད་ཀྱི་མངོན་སུམ་དུ་བྱ་བ་མ་གཏོགས་པར་དངོས་པོ་ཐམས་ཅད་མི་རྟག་པར་ཞེས་བྱ་བ་ལ་སོགས་པ་ནི་ཡོད་པ་མ་ཡིན་ཏེ། མ་མཐོང་བ་གང་ཡིན་པ་དེ་ཉིད་མ་ངེས་པར་འགྱུར་བའི་ཕྱིར་རོ། །འོན་ཏེ་བདག་ཅག་ལ་སོགས་པ་བསྟན་པ་ལས་ཡོངས་སུ་ཤེས་པ་དེ་བཞིན་དུ། དེའི་ཡང་འབྱུང་བར་འགྱུར་བ་ཡིན་ནོ། །

ཞེ་ན། བདག་ཅག་གིས་ཀྱང་དེ་ཡིས་ཉེ་བར་བསྟན་པ་མེད་ན། ཡོངས་སུ་ཤེས་པ་འབྱུང་བར་མི་འགྱུར་རོ། །དེ་བས་ན་གང་མངོན་སུམ་དུ་གཟིགས་པ་དང་གཞན་ལ་ཡང་སྟོན་པ་གང་ཡིན་པ་དེ་ལ་ནི་འདི་ངེས་པར་འགྱུར་གྱི། གཞན་ནི་མ་ཡིན་ནོ། །དེའི་ཕྱིར་སྐྱོབ་པ་ལས་དེ་ཁོ་ན་ཉིད་དང་། བརྟན་པ་དང་། མ་ལུས་པའི་ཁྱད་པར་

མཁྱེན་པ་འགྲུབ་པར་འགྱུར་རོ། །དེ་ཁོ་ན་མཁྱེན་པས་ནི་ཕྱི་རོལ་མུ་སྟེགས་པ་ལས་ལྷག་པར་ཡིན་ནོ། །བརྟན་པར་མཁྱེན་པས་ནི་རྒྱུན་དུ་ཞུགས་པ་ལས་ལྷག་པར་ཡིན་ནོ། །ཁྱད་པར་མ་ལུས་པར་མཁྱེན་པས་ནི་འདོད་ཆགས་དང་བྲལ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལས་ལྷག་པ་

ཡིན་ཏེ། བདེ་བར་གཤེགས་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར། གཞན་དོན་མཁྱེན་སྦྱོར་བརྩོན་པ་ཡིས། །བསྟན་པ་དེ་ནི་བརྩེ་བ་ཡིན། །ཞེས་བྱ་བ་ལ། བདེ་བར་གཤེགས་པའི་ཕྱིར་གཞན་གྱི་དོན་མཁྱེན་པར་བརྩོན་པས། བསྟན་བཅོས་ཞེས་བྱ་བའི་མིང་ཅན་བསྟན་པ་རྒྱུར་དཔོག་པར་བྱེད་དོ། །བསྟན་པ་དེ་ལས་ཀྱང་བརྩེ་

བར་རྟོགས་པ་ཡིན་ཏེ། གཞན་དུ་ན་གཞན་གྱི་དོན་མཁྱེན་པར་བརྩོན་པ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །བདེ་བར་གཤེགས་པ་ཉིད་ཙམ་གྱིས་ཚད་མ་མ་ཡིན་ནམ། བརྩེ་བ་ལྡན་པ་ལ་སོགས་པ་བསྒྲུབ་པ་འདི་དག་གིས་ཅི་ཞིག་བྱ་ཞེ་ན། དེ་ནི་བདེན་པ་མ་ཡིན་ཏེ། དེ་ལས་གཞན་དོན་ལ་ལྟོས་པ། །གྲུབ་པའི་དོན་དུ་ངལ་མེད་ཕྱིར། །

ཞེས་བྱ་བ་ལ། ཡེ་ཤེས་ཙམ་གྱིས་བཅོམ་ལྡན་འདས་ཚད་མ་མ་ཡིན་ཏེ། འོན་ཀྱང་སླུ་བ་མེད་པའི་ཕྱིར་ཡིན་ནོ། །བརྩེ་བ་དེ་ལས་གཞན་གྱི་དོན་ལ་རག་ལས་པ་ཉིད་ཀྱི་བཅོམ་ལྡན་འདས་གྲུབ་པས་ན་གཞན་གྱི་དོན་གྱི་ངལ་བ་མེད་པར་འགྱུར་བའི་ཕྱིར་རོ། །བརྩེ་བ་ལས་གཞན་གྱི་དོན་ཐམས་ཅད་བྱེད་པ་ཡིན་གྱི། ཡོངས་

སུ་མྱ་ངན་ལས་འདས་པ་ནི་མ་ཡིན་ནོ། །གཞན་ཡང་བརྩེ་བས་ལེགས་པར་མཛད། །ཡེ་ཤེས་ལས་བདེན་སྒྲུབ་བྱེད་བཅས། །གང་ཕྱིར་དེ་གསུང་བར་མངོན་བརྩོན། །ལྡན་པ་དེ་ཕྱིར་ཚད་མ་ཡིན། །ཞེས་བྱ་བ་ལ། བརྩེ་བ་དང་ལྡན་པས་ལེགས་པར་སྟོན་པར་མཛད་ལ། ཡེ་ཤེས་ལས་བདེན་པ་སྟེ། ཡང་དག་པར་སྟོན་པར་

Vol. 182 · folio 398a

མཛད་དོ། །ཡེ་ཤེས་དང་། སྒྲུབ་པ་དང་ལྷན་ཅིག་འཇུག་པའི་ཕྱིར་སྒྲུབ་བྱེད་བཅས་པ་སྟེ། གང་གི་ཕྱིར་གསུང་བར་མངོན་པར་བརྩོན་པ་དང་ལྡན་པའི་རྒྱུ་བཞི་ཡོད་པའི་ཕྱིར་བཅོམ་ལྡན་འདས་ཚད་མ་ཉིད་དོ། །འོ་ན་ཉེ་བར་བསྟན་པ་བདེན་པས་བསྟོད་པ་ལ་དགོས་པ་ཅི་ཡོད་ཅེ་ན། སྨྲས་པ། དེ་ཡིས་བསྟན་པ་ཉིད་ལ་ནི། །སྟོན་པ་དེ་

ལྟའི་དངོས་བསྟོད་པ། །ཚད་མའི་དེ་ཉིད་གྲུབ་དོན་དུ། །རྗེས་སུ་དཔག་པའང་ཟློག་མེད་ཕྱིར། །ཅུང་ཟད་སྐྱེ་བའི་བདག་ཉིད་ཅན། །གང་དེ་ཐམས་ཅད་འགོག་ཆོས་ཅན། །ཞེས་སོགས་རྣམ་པ་དུ་མར་ཡང་། །འདི་ཡི་སྦྱོར་བ་མཐོང་ཕྱིར་རོ། །ཞེས་བྱ་བ་ལ། ཉེ་བར་བསྟན་པ་དེ་ལྟ་བུའི་དངོས་པོ་ཚད་མའི་མཚན་ཉིད་ཅན་གྱི་བསྟོད་པ་

བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་ལས་ནི་ཚད་མ་ཉིད་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་མངོན་སུམ་ཉིད་མ་ཡིན་ནམ། སྔོན་པོའི་ཤེས་པ་ཅན་གྱི་སྐྱེས་བུས་སྔོན་པོ་ཤེས་ཀྱི་སྔོན་པོའོ་ཞེས་ནི་མ་ཡིན་ནོ་ཞེས་གསུངས་སོ་ཞེ་ན། རྗེས་སུ་དཔག་པ་ཡང་བཟློག་པ་མེད་པ་

སྟེ། དེ་ཕྱིར་མངོན་པར་བཞེད་པ་ཉིད་ཡིན་ནོ། །སྒྲ་ལ་སོགས་པ་ནི་བཟློག་པ་ཉིད་ཡིན་ཏེ། གཞན་གྱིས་བརྟགས་པ་ཐམས་ཅད་ནི་སྟོང་པ་ཡིན་གྱི། ང་ཉིད་གཅིག་པུ་དེ་ཁོ་ན་ཉིད་གསུངས་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ན་གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་སྦྱོར་བ་གང་ཅུང་ཟད་སྐྱེ་བའི་ཆོས་ཅན་དེ་ཐམས་ཅད་ནི་འགོག་པའི་

ཆོས་ཅན་ཞེས་བྱ་བ་མཐོང་བའི་ཕྱིར་རོ། །དེ་སྨྲས་པ། མེད་ན་མི་འབྱུང་མཚན་ཉིད་ཅན། །རྟགས་ནི་རྗེས་དཔག་རྟེན་ཡིན་ནོ། །བསྒྲུབ་བྱས་གཏན་ཚིགས་ཁྱབ་པར་ནི། །བསྟན་ཕྱིར་དེ་ཡང་གསལ་བར་བཤད། །ཅེས་བྱ་བ་ལ་རྗེས་སུ་དཔག་པ་ལ་བརྟེན་པའི་གཏན་ཚིགས་ཀྱི་མཚན་ཉིད་ནི་མེད་ན་མི་འབྱུང་བ་དང་ལྡན་པ་སྟེ་ཁྱབ་པ་དུ་

མར་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཕྱིར། གཏན་ཚིགས་དེ་རྟགས་དང་། བསྒྲུབ་བྱ་ལྷན་ཅིག་མེད་ན་མི་འབྱུང་བ་གསལ་བར་བཤད་པ་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ན་ཚད་མ་ཉིད་ཡིན་ནོ། །བཅོམ་ལྡན་འདས་དེ་ཡང་ཚད་མ་ཉིད་ཡིན་པའི་ཕྱིར་ཇི་ལྟར་མི་རིགས་པར་འགྱུར། དེ་བས་

ན་བཅོམ་ལྡན་འདས་ཀྱིས་ཡོན་ཏན་གྱི་མཆོག་ཚད་མ་ཡིན་པར་དང་པོར་བསྟན་པ་ཡིན་ནོ། །བླ་མ་དམ་པ་དགེ་བའི་བཤེས་གཉེན་ཤེས་རབ་འབྱུང་གནས་ཀྱི་ཞབས་ལ་བཏུད་དེ་བསྟེན་ནས་ཉི་མ་སྦས་པས་སྦྱར་བ་ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ལས། ཚད་མའི་མཚན་ཉིད་ཀྱི་ལེའུ་སྟེ་གཉིས་པའོ།། །།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words