ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 184 · folio 162b
དུས་རྗེས་སུ་དཔག་པར་བྱ་ཞེས་བྱ་བར་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བ་ནས་འཇུག་ན་ཞེས་བྱ་བའི་བར་རོ། །དེ་ལ་ཞེས་བྱ་བ་ནི་ལན་ཏེ་འབྲས་བུ་ལའོ། །རྒྱུ་མེད་པར་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །འོ་ན་ཞེས་བྱ་བ་ནི་ལན་ནོ། །འོ་ན་ཇི་ལྟར་དུས་ནུས་པ་ཡིན་ཞེ་ན།
གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། དུས་རྒྱུའི་དངོས་པོ་ཞེས་བྱ་བ་ལ་སོགས་པའོ། །འོ་ན་གང་ལས་རྒྱུར་འགྱུར་བ་དུས་ཀྱི་མེད་པ་ནི་ཡོད་པ་ཁོ་ནའོ་སྙམ་ན། དུས་ནི་ཞེས་གསུངས་སོ། །དུས་ནི་མི་རྟག་པ་དང་མ་ཁྱབ་པ་ཡིན་ཏེ། རྐྱེན་གྱི་སྟོབས་ཀྱིས་
མངོན་པར་གསལ་བ་ཡང་ཡིན་ནོ་ཞེས་བྱ་བའི་ཕྱོགས་པར་བྱེད་པ་ནི་འོན་ཏེ་ཞེས་བྱ་བའོ། །དུས་གཞན་ཞེས་བྱ་བ་ནི་ལན་ནོ། །རྒྱུ་གཞན་ལས་སོ་ཞེས་བྱ་བ་ནི་ཕ་རོལ་གྱི་ལན་ནོ། །གང་ལས་དུས་ཀྱི་རིམ་པ་གྲུབ་པ་དེ་ཉིད་ལས་འབྲས་བུའི་རིམ་པར་འགྱུར་མོད།
རིམ་པ་གཞན་ལ་རག་ལས་པའི་དུས་ལས་ནི་མ་ཡིན་ནོ་ཞེས་ལན་འདེབས་པ་ནི། འོ་ན་དེ་ཉིད་ལས་ཞེས་བྱ་བའོ། །རང་ལ་གནས་པའི་རིམ་པ་མེད་པའི་ཕྱིར་ན་འདི་རང་ཉིད་རིམ་པ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོགས་པ་བསུ་བ་ནི་རིམ་པ་ཉིད་ཅེས་བྱ་བའོ། །
འབྲས་བུའི་རང་བཞིན་ནི་མ་ཡིན་པ་སྟེ། རིམ་པ་ཡང་དུས་ཡིན་ནོ་ཞེས་གཞན་མངོན་པར་འདོད་པ་ཡིན་པའི་ཕྱིར་རོ། །ལན་དུ་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བའི་ལྷན་ཅིག་པ་དང་ལྷན་ཅིག་པ་མ་ཡིན་པའམ་རིམ་པའོ། རང་གི་ངོ་བོ་ལས་ཐ་དད་པ་ཞེས་བྱ་
བ་ནི་གནས་སྐབས་ཁྱད་པར་ཅན་གྱི་རང་བཞིན་ལས་ཐ་དད་པ་ཞེས་བྱ་བའི་དོན་ཏོ། །ད་ནི་ཇི་ལྟར་དུས་གསུམ་པར་གནས་སྙམ་དུ་དོགས་པ་བསུ་ནས། དུས་གསུམ་རྣམ་པར་གནས་པ་བརྗོད་པ་ནི་མཐོང་གྱུར་འདས་པའི་ཞེས་བྱ་བའོ། །གལ་ཏེ་དུས་མེད་ན་མཐོང་
གྱུར་ལ་སོགས་པ་ཉིད་ཇི་ལྟར་ཞེ་ན་མ་ཡིན་ཏེ། །གང་གི་ཚེ་དམིགས་སུ་རུང་བ་མ་དམིགས་པ་དེ་ནི་འདས་པ་ཡིན་ལ། ཐམས་ཅད་ཀྱིས་སྔར་མ་དམིགས་པ་ཕྱིས་འགས་དམིགས་པར་འགྱུར་བ་ནི་མ་འོངས་པ་ཡིན་ལ། དམིགས་བཞིན་པ་ནི་ད་ལྟར་བ་ཡིན་ནོ། །དེ་
Vol. 184 · folio 163a
ལྟར་མཐོང་ཟིན་པ་ལ་སོགས་པའི་རྣམ་པར་དབྱེ་བ་ནི་སོ་སོ་རང་གིས་རིག་པར་བྱ་བ་ཉིད་ཀྱིས་ཉེ་བར་མཚོན་པའི་ཕྱིར་རོ། །གཞན་དུ་ན་ནི་དུས་སྨྲ་བ་ཡང་གསལ་བར་བྱེད་པའི་དབྱེ་བ་མ་རྟོགས་པར་འདས་པ་ལ་སོགས་པའི་དུས་རྣམ་པར་གནས་
པར་ཇི་ལྟར་བརྗོད། དུས་ནི་དོན་ལས་ཐ་དད་པར་རང་གི་ངོ་བོས་སྣང་བ་མ་ཡིན་ནོ། །གལ་ཏེ་མི་སྣང་ན་འོ་ན་ཇི་ལྟར་ཞེས་བྱ་བའོ། །ལན་དུ་འདི་ནི་ཞེས་བྱ་བའོ། །དོན་གྱི་བདེ་བར་གནས་པ་ལ་སོགས་པའི་རང་བཞིན་ཉིད་ཁྱད་པར་གཞན་སྤོང་བའི་སྒོ་ནས་འདིའི་དུས་ཞེས་
བསྟན་པ་ཡིན་ཏེ། དེ་ནི་དེ་ཁོ་ན་ལྟར་ཚད་མས་འཐད་པའི་ཕྱིར་ཏེ། གཞན་དུ་ནི་མ་ཡིན་ནོ། །དོན་འདི་ཡང་འཇིག་རྟེན་དང་འགལ་བ་མེད་པ་ཁོ་ནའོ་ཞེས་གསུངས་པ་ནི་དེ་བཞིན་ཉིད་དུ་ཡང་ཞེས་བྱ་བའོ། །ཁྱོད་ཀྱི་དུས་ནི་ཇི་ལྟར་གྱུར་ཏེ་བཟང་པོའམ་ངན་པར་གྱུར་པ་ཞིག་
ཡིན་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་འདིར་ཡང་ཇི་ལྟར་དོན་གྱི་གནས་སྐབས་ཀྱི་ཁྱད་པར་ཉིད་ལ་དུས་ཞེས་ཇི་ལྟར་ཐ་སྙད་བྱེད་པ་སྙམ་ན། འདིའི་དོན་བརྗོད་པ་ནི་ཁྱོད་ཅི་བདེ་བར་གནས་སམ་ཞེས་བྱ་བའོ། །ཅི་ཞེས་བྱ་བའི་དོན་ནི་འདི་ཉིད་ཡིན་ནོ་ཞེས་སྨྲས་པ་ནི་དེའི་རང་བཞིན་
ཉིད་ཅེས་བྱ་བའོ། །བདེ་བར་གནས་པ་ལ་སོགས་པའི་རང་བཞིན་གྱི་ཁྱད་པར་དྲི་བར་བྱ་བ་ཡིན་ན། ཁྱོད་ཀྱི་སྐྱེས་པའི་དུས་གང་ཡིན། །ཞེས་བྱ་བའི་ཚིག་འདི་རིགས་པ་ཡིན་ནོ། །གཞན་གྱིས་ཀུན་བརྟགས་པའི་དུས་ནི་འཇིག་རྟེན་གྱི་འདྲི་བའི་ཚིག་གི་ཡུལ་མ་ཡིན་ཏེ། དེ་ནི་
རང་བཞིན་གཅིག་ཉིད་ཀྱིས་ལོག་པ་དང་གཞན་པ་ལ་སོགས་པ་མི་སྲིད་པའི་ཕྱིར་རོ། །ཡང་གང་གི་ཚེ་ལ་སོགས་པར་ཁྱོད་ཀྱི་དུས་ཇི་ལྟར་འགྱུར་ཞེས་དྲི་བ་དེའི་ཚེའང་བདེ་བར་གནས་པའམ་མི་བདེ་བར་གནས་པའི་གྲོང་ལ་སོགས་པ་ཉིད་འཇིག་རྟེན་གྱི་དྲི་བའི་ཡུལ་ཡིན་གྱི་དུས་ཐ་
དད་པ་ནི་མ་ཡིན་ནོ། །དེས་ན་དུས་ཐ་དད་པ་ཉིད་མ་ཡིན་པར་ནི་འཇིག་རྟེན་ཡང་འདོད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་དུས་ཞེས་བྱ་བ་ཡོད་པ་མ་ཡིན་པའི་གཏན་ཚིགས་དེས་ན་དེ་ལྟར་མི་མཐོང་བ་ནི་སྔར་དམིགས་པ་དང་ཕྱིས་དམིགས་པར་འགྱུར་བ་ནི་གོ་རིམས་
Vol. 184 · folio 163b
བཞིན་དུ་འདས་པ་དང་མ་འོངས་པ་ཡིན་ནོ་ཞེས་བྱ་བ་ནི་དོན་གྱི་དེ་ཁོ་ནའོ་ཞེས་བྱ་བ་ནི་གཞན་གྱི་རྩོད་པ་བསླང་བའི་དོན་དུ་མཇུག་བསྡུ་བའོ། །དེ་ཉིད་སྨྲས་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ནི་དེ་ལྟར་གནས་པར་གྱུར་པ་ལའོ། །རྩོད་པར་སྨྲ་བ་ཉིད་མཇུག་སྡུད་པའི་སྒོ་ནས་འདྲི་བ་ནི་དེའི་
ཕྱིར་ཞེས་བྱ་བའོ། །གང་གི་ཕྱིར་རང་གིས་མི་མཐོང་བ་མཐོང་བ་ཡིན་ནོ་ཞེས་བརྗོད་པ་ན་འགལ་བ་ཡིན་པའི་རྒྱུ་དེའི་ཕྱིར་རོ། །འདི་ལ་ལན་ནི་གཞན་གྱིས་ཞེས་བྱ་བའོ། །སོ་སོའི་སྐྱེ་བོས་སོ། །དེ་མཐོང་བ་ཉིད་ཀྱིས་ཞེས་བྱ་བ་ནི་རྣལ་འབྱོར་པས་མཐོང་བ་ཉིད་ཀྱིས་སོ། །
དེ་ལ་ལྟོས་ཏེ་དེ་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ། ད་ལྟར་བའི་ཐ་སྙད་ནི་མཐོང་བཞིན་པ་ཙམ་གྱི་རྒྱུ་མཚན་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཙམ་དུ་ནི་ཞེས་བྱ་བ་མཐོང་བཞིན་ཙམ་གྱིས་ད་ལྟར་བའི་དུས་དང་འབྲེལ་པས་ནི་མ་ཡིན་ནོ། །དེ་ཞེས་བྱ་བ་ནི་གཞན་
གྱིས་མི་མཐོང་བའོ། །སྐྱོན་མེད་དོ་ཞེས་བྱ་བ་ནི་མ་ཡང་ཡིན་ལ་མོ་གཤམ་ཡང་ཡིན་ནོ་ཞེས་བྱ་བར་བརྗོད་པའོ། །དེ་ལྟར་རྣལ་འབྱོར་པ་ལ་ཐམས་ཅད་མཐོང་བཞིན་པ་ཁོ་ན་ཡིན་པའི་ཕྱིར་འདས་པ་ལ་སོགས་པའི་རྣམ་པར་དབྱེ་བ་མེད་པས་ན་དེ་རིག་པར་ཇི་ལྟར་འགྱུར་སྙམ་ན།
གཞན་ལ་ཞེས་གསུངས་སོ། །འོ་སྐོལ་ལ་ལྟོས་ནས་རྣལ་འབྱོར་པའི་འདས་པ་ལ་སོགས་པ་རྣམ་པར་དབྱེ་བ་ཡིན་གྱི་རང་ཉིད་ལ་ལྟོས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དུས་ཐ་དད་པ་མེད་པའི་ཕྱིར་ན་ད་ལྟར་བྱུང་བའི་དུས་དང་འབྲེལ་བས་ནི་ཡོད་པ་ཉིད་མ་
ཡིན་གྱི། འོན་ཀྱང་མངོན་དུ་བྱས་པ་ཉིད་དོ་ཞེས་མཇུག་བསྡུ་བའི་སྒོ་ནས་སྟོན་པ་ནི། དེའི་ཕྱིར་མངོན་དུ་བྱས་པ་ཞེས་བྱ་བའོ། །དབང་པོའི་བྱེད་པ་མེད་པ་མ་ཡིན་ཏེ་འོན་ཀྱང་དབང་པོའི་བྱེད་པ་ཡོད་པ་ཁོ་ནའོ། །འདས་པ་ལ་སོགས་པ་ལ་དབང་པོའི་བྱེད་པ་ཇི་ལྟར་
སྲིད་སྙམ་པ་ལས་མངོན་དུ་བྱས་པ་ཞེས་གསུངས་སོ། །དེ་ཞེས་བྱ་བ་ནི་དབང་པོའི་བྱེད་པའོ། །གཞན་དུ་ན་དབང་པོའི་བྱེད་པ་ལས་མངོན་དུ་བྱེད་པ་ཁས་བླངས་པར་མི་འགྱུར་རོ་སྙམ་དུ་དགོངས་པའོ། །དེ་ལྟར་དུས་མེད་པའི་ཕྱིར་ཁོ་བོ་ཅག་ལ་ལྟོས་ནས་རྣལ་འབྱོར་པའི་
Vol. 184 · folio 164a
འདས་པ་ལ་སོགས་པའི་རྣམ་པར་དབྱེའི་རང་ཉིད་ནི་མ་ཡིན་ནོ། །ད་ནི་དུས་ཁས་བླངས་ནས་འདས་པ་ལ་སོགས་པ་དེའི་དུས་ཀྱིས་ད་ལྟར་བའི་དུས་དང་འབྲེལ་བ་དང་། འདས་པ་ལ་སོགས་པར་ཡང་མི་འགལ་ལོ་ཞེས་བརྗོད་པ་ནི་གཞན་ཡང་ཞེས་
བྱ་བའོ། །དེ་ཞེས་བྱ་བ་ནིའམ་ལ་སོགས་པའི་དོན་ཏོ། །དེའི་ཚེ་དེའི་དུས་དང་འབྲེལ་བ་གང་གི་ཚེ་མངོན་དུ་བྱས་པ་དེའི་ཚེ་ད་ལྟར་བར་མེད་ཀྱང་ཡོད་པ་ཉིད་འཐད་དཀའ་བར་མི་འགྱུར་ཏེ། དེའི་ཚེ་ད་ལྟར་བའི་དུས་དང་འབྲེལ་པར་འཛིན་པའི་ཕྱིར་རོ། །གལ་ཏེ་
ད་ལྟར་བའི་དུས་དང་འབྲེལ་བ་མེད་པའི་ཕྱིར་ན་ཇི་ལྟར་ཡོད་པ་ཉིད་ཡིན་སྙམ་ན། གལ་ཏེ་ཞེས་གསུངས་སོ། །དེས་ན་རྣལ་འབྱོར་པའི་ཤེས་པ་ནི་མངོན་སུམ་ཉིད་དུ་ཡང་མི་འགལ་ལོ་ཞེས་མཇུག་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །འོ་ན་ཇི་ལྟར་ཞེས་བྱ་བ་ནི།
གཞན་གྱིའོ། །གལ་ཏེ་འདས་པ་ལ་སོགས་པའི་ཤེས་པ་མངོན་སུམ་གྱིས་འདས་པ་ལ་སོགས་པའི་དོན་གྱི་ཡུལ་ཅན་ཡིན་ན་དེའི་དེས་ཡོངས་སུ་བཅད་པའི་དོན་འདས་པ་ལ་སོགས་པ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། ལྟ་བ་པོའི་ཞེས་བྱ་བ་ནི་ལན་ནོ། །རྣལ་འབྱོར་པས་
དེའི་ཚེའི་ད་ལྟར་བ་ཉིད་ཀྱི་དུས་དང་འབྲེལ་པར་འཛིན་པའི་ཕྱིར་རོ། །གཞན་གྱིས་ནི་སྟེ་སོ་སོའི་སྐྱེ་བོས་ནི་དེའི་ཚེའི་ད་ལྟར་བའི་དུས་དང་རང་འབྲེལ་པར་མི་འཛིན་པའི་ཕྱིར་རོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་འདས་པ་ལ་སོགས་པ་ཉིད་དུ་གནས་པར་གཞག་པ་ལ་ལེགས་པར་
གནས་པ་ཡིན་ནོ་ཞེས་སྟོན་པ་ནི་རྣལ་འབྱོར་བས་ཀྱང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། མ་འོངས་པ་ཉིད་དུ་ཞེས་བྱ་བ་འདི་ཡང་ངོ་། །གལ་ཏེ་ཡང་དང་ཡང་ལྟ་བ་ཉིད་དུ་མཐོང་བ་དེར་ཡིན་མོད་དེ་ལྟ་ན་ཡང་ཡོད་པ་ཉིད་མ་ཡིན་ནོ་སྙམ་ན། ད་ལྟར་བའི་ཞེས་གསུངས་
སོ། །ལྟ་བ་པོ་རྣལ་འབྱོར་པ་ཉིད་ཀྱི་ཡིན་གྱི་གཞན་གྱི་མ་ཡིན་ནོ། །འདི་ག་ལས་སྙམ་ན། གཞན་གྱི་དུས་ནི་ཞེས་གསུངས་སོ། །ལྟ་བ་པོ་གཞན་གྱི་དུས་གཞན་འདས་པ་ལ་སོགས་པ་བལྟ་བར་བྱ་བའི་ཁྱད་པར་དུ་བྱེད་པ་ཉིད་དུ་ཇི་ལྟར་འཐད་དེ་མི་འཐད་དོ་ཞེས་བྱ་བའི་
Vol. 184 · folio 164b
དོན་ཏོ། །འོན་ཏེ་དེའི་ཚེ་ཞེས་བྱ་བ་ནི་བྱེད་པ་པོའི་དུས་ན་རྟོགས་བཞིན་པ་འདས་པ་ལ་སོགས་པའི་དོན་ཇི་ལྟར་གཞན་ཏེ། བྱེད་པ་པོའི་དུས་ལས་གཞན་པའི་དུས་གང་ཡིན་པ་དེ་ནི་དེ་སྐད་ཅེས་བྱའོ། །ལན་དུ་གཞན་གྱི་དུས་ཉིད་དུ་རྟོགས་པའི་ཕྱིར་རོ་ཞེས་བྱ་བའོ། །འདི་
ཉིད་སྨྲས་པ་ནི་འདི་ལྟར་ཞེས་བྱ་བའོ། །སྐྱེས་བུ་གང་ལ་དེའི་ཚེ་ཞེས་བྱ་བ་དེའི་དུས་དང་འབྲེལ་བར་རམ། གཞན་གྱི་ཚེ་གཞན་གྱི་དུས་དང་འབྲེལ་བར་ངོ་བོ་གང་ཞིག་རིག་པའི་དངོས་པོ་དེ་ནི་སྐྱེས་བུ་དེའི་ངོ་བོ་ཉིད་དེ། དེའི་དུས་དང་འབྲེལ་པའི་ངོ་བོ་ཉིད་ཡིན་གྱི། བྱེད་པ་
པོའི་དུས་ཉིད་ནི་དོན་དེའི་མ་ཡིན་ནོ། །དུས་ནི་ཞེས་བྱ་བ་ནི་འཆད་པའོ། །དོན་གྱི་ཞེས་བྱ་བ་ནི་འདས་པ་ལ་སོགས་པའིའོ། །ཅིའི་ཕྱིར་བྱེད་པ་པོའི་དུས་དོན་གྱི་མ་ཡིན་སྙམ་ན། དུས་གཞན་གྱི་ཞེས་སྨོས་སོ། །རྟོགས་པ་ནི་འདས་པ་ལ་སོགས་པའི་གཞལ་བྱ་སྟེ་བྱེད་
པ་པོའོ། །དུས་གཞན་གྱི་ཞེས་བྱ་བ་ནི་ལས་སོ། །གལ་ཏེ་བྱེད་པ་པོའི་དུས་ཉིད་ལས་འདས་པ་ལ་སོགས་པའི་དོན་མཐོང་བའི་ཕྱིར་ཇི་ལྟར་གཉིས་ཀྱི་དུས་ཐ་དད་པ་ཉིད་ཅིའི་ཕྱིར་སྙམ་ན། བྱེད་པ་པོ་ནི་ཞེས་གསུངས་སོ། །རྟོགས་པར་བྱ་བ་ནི་འདས་པ་ལ་སོགས་པའི་
དུས་སོ། །དེ་ཞེས་བྱ་བ་འདས་པ་ལ་སོགས་པའི་གཞལ་བྱའོ། །གཞན་དུ་ཞེས་བྱ་བ་བྱེད་པ་པོའི་དུས་སུའོ། །དེ་ལྟར་གཞལ་བྱ་ནི་དུས་གཞན་དང་འབྲེལ་པ་ཡིན་ལ། ལྟ་བ་པོ་ནི་ད་ལྟར་བ་དུས་དང་འབྲེལ་པ་ཡིན་ཏེ། རང་གི་རྒྱུའི་གཞན་གྱི་དབང་ཡིན་པའི་ཕྱིར་
རོ་ཞེས་བརྗོད་པ་ཡིན་ནོ། །ད་ནི་ལྟ་བ་པོ་དང་བལྟ་བྱ་གཉི་ག་ད་ལྟར་བ་ཁོ་ན་ཡིན་ཏེ། ཏིང་ངེ་འཛིན་གྱི་གནས་སྐབས་སུ་མཐོང་བའི་ཕྱིར་རོ། །དུས་ཕྱིས་ད་ལྟ་བ་དང་གཞན་ཉིད་ཀྱིས་དུས་ཐ་དད་པ་ཉིད་ནི་རྣམ་པར་རྟོག་པས་གཞག་པ་ཡིན་ནོ་ཞེས་བརྗོད་པ་ནི་གཞན་ཡང་
ཞེས་བྱ་བའོ། །བྱེད་པ་པོ་ཡང་ཞེས་བྱ་བ་ནི་ཡང་གི་སྒྲ་ནི་གཞལ་བྱ་སྡུད་པའོ། །དེའི་དུས་ཉིད་དུ་ནི་རྟོགས་པའི་དུས་ཉིད་དུའོ། །ཕྱིས་ཞེས་བྱ་བ་ནི་ལངས་པའི་དུས་སུའོ། །དུས་གཞན་ཉིད་དུ་ཞེས་བྱ་བ་ནི་ལྟ་བ་པོ་ད་ལྟར་བྱུང་བ་ཉིད་དང་། བལྟ་བར་བྱ་བ་འདས་པ་ཉིད་
Vol. 184 · folio 165a
དུའོ། །ཇི་ལྟར་བྱེད་པ་པོའི་དུས་གཞན་ཡིན་སྙམ་དུ་དོགས་ན་དུས་གཞན་ཉིད་སྔར་བརྗོད་པ་དྲན་པར་བརྗོད་པ་ནི། གཞན་ཉིད་དུ་ཞེས་བྱ་བ་དེ། གཞལ་བྱའི་དུས་ལས་སོ། །བཤད་ཟིན་ཏོ་ཞེས་བྱ་བ་ནི་ད་ལྟར་བའི་དུས་ཉིད་ནི་ཞེས་བྱ་བ་ལ་སོགས་
པས་སོ། །སྐབས་ཉེ་བར་སྡུད་པ་ནི། དེའི་ཕྱིར་ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་གཞལ་བྱའོ། །དེའི་དུས་ཉིད་ནི་དེའི་ཚེའི་ད་ལྟར་བའི་དུས་དང་འབྲེལ་བ་ཉིད་དུའོ། །དེ་ལྟར་ཞེས་བྱ་བ་ནི་དེའི་ཚེའི་ད་ལྟར་བའི་དུས་དང་འབྲེལ་བ་ཉིད་དུའོ། །གལ་ཏེ་རྣལ་འབྱོར་པའི་ཐ་སྙད་
ནི་བདག་གི་འདས་པ་ལ་སོགས་པ་དེ་ལྟར་རྟོགས་སོ་ཞེས་བྱ་བར་འགྱུར་བ་མ་ཡིན་ནམ། དེ་ཇི་ལྟར་ན་ད་ལྟར་བའི་དུས་ཉིད་ཇི་ལྟར་གཞལ་བྱ་མ་ཡིན་སྙམ་ན། དེ་ངས་དེང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་ཞེས་བྱ་བ་ནི་གཞལ་བྱའི་དུས་ཉིད་ལའོ། །ལྐོག་ཏུ་མ་
གྱུར་པ་ཙམ་གྱི་ཡུལ་ཅན་ཡིན་པས་མངོན་སུམ་འཇུག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་ཞེས་བྱ་བ་ནི་ཕ་ལ་སོགས་པས་སོ། །འདི་ཉིད་གསལ་བར་བྱེད་པ་ནི། །གང་ལ་ཞེས་བྱ་བ་ལ་སོགས་པ་སྟེ། །ལྷ་སྦྱིན་གང་ལའོ། །དེས་མྱོང་བ་ཉིད་དུ་ཞེས་བྱ་བ་ནི་ལྷ་
སྦྱིན་གྱིས་ཉམས་སུ་མྱོང་བར་བྱ་བ་ཉིད་དུའོ། །དེ་ལ་ཞེས་བྱ་བ་ནི་ལྷ་སྦྱིན་གྱིས་སོ། རྣལ་འབྱོར་པའི་ཤེས་པ་ཅི་ལྟར་འཁྲུལ་པ་མ་ཡིན། ཇི་སྟེ་འཁྲུལ་པ་ཡིན་སྙམ་ན། རྣལ་འབྱོར་པས་ནི་ཞེས་གསུངས་སོ། །གང་གི་ཕྱིར་དེས་ཉམས་སུ་མྱོང་བ་ཉིད་དུ་ཞེས་འབྱུང་བར་འགྱུར་བ་ཅིའི་བུ་
ད་ལྟར་རྣལ་འབྱོར་པས་ཡིན་གྱི་བུ་དང་ལྡན་པས་ནི་མ་ཡིན་པ་དེའི་ཕྱིར་འཁྲུལ་པ་ཁོ་ནའོ། །བུ་འབྱུང་བར་འགྱུར་བ་ཉིད་ཡིན་ན་ནི་དེ་དང་འབྲེལ་པའི་མཚན་ཉིད་ཀྱང་འབྱུང་བར་འགྱུར་བ་ཁོ་ནའོ། །དེས་ན་བུ་དང་ལྡན་པའི་མི་རུང་བ་མི་དམིགས་པ་ནི་དངོས་པོ་མེད་པའི་སྒྲུབ་བྱེད་མ་
ཡིན་ནོ། །རྣལ་འབྱོར་པ་ནི་རྗེས་སུ་དཔོག་པ་དང་། རྟགས་ཀྱི་ཁྱད་པར་ཁོང་དུ་ཆུད་པའི་ཕྱིར་ན་ཁྱད་པར་མ་ལུས་པ་ངེས་པར་མངོན་སུམ་དང་ལྡན་པ་ཉིད་ཅེས་བརྗོད་པ་ན་ཇི་ལྟར་བྱ་བའོ། །བུ་ལ་སོགས་པའི་དོན་འབྱུང་བར་འགྱུར་བའི་དུས་དང་ལྡན་པར་རྣལ་འབྱོར་པས་མཐོང་བ།
Vol. 184 · folio 165b
དེ་ལྟར་དེ་འབྱུང་བར་འགྱུར་བ་སྟོན་པ་ལ་སོགས་པའི་དུས་དང་ལྡན་པ། དེ་ལྟར་ནི་བུ་ལ་སོགས་པ་དེ་ལ་གནོད་པ་མེད་དེ་བུ་དང་ལྡན་པས་མི་གནོད་དོ། །འོན་ཏེ་རྣལ་འབྱོར་པས་ད་ལྟར་བ་དང་ལྡན་པར་མཐོང་ན་དེ་ཡང་བུ་དང་ལྡན་པས་མ་མཐོང་བའི་ཕྱིར་ན་ཇི་ལྟར་མི་གནོད་སྙམ་
ན། དུས་དེ་ལྡན་ནི་ཞེས་གསུངས་སོ། །ད་ལྟར་བའི་རྣལ་འབྱོར་པ་དེས་མཐོང་བ་མེད་དོ། །དེས་ན་རྣལ་འབྱོར་པ་མ་ཡིན་པས། དེ་ལྟར་མ་རྟོགས་ཏེ་ན་ཡང་སྟེ། མ་འོངས་པའི་དུས་ཉིད་དུ་ལ་དམིགས་ཀྱང་གནོད་པའི་མཚན་ཉིད་ཀྱི་ཉེས་པ་མེད་དོ། །དེ་མི་རུང་བ་མི་དམིགས་
པ་ཡིན་པའི་ཕྱིར་རོ། །བསྐལ་པ་རྣམས་ལ་ནི། མེད་པར་ངེས་པ་ཡོད་པ་མ་ཡིན་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་བུ་ལ་ཕས་ད་ལྟར་བའི་དུས་དང་འབྲེལ་པ་ཉིད་དུ་མ་རྟོགས་ནའང་རྣལ་འབྱོར་པའི་ཤེས་པ་ལ་གནོད་པ་ཡོད་པ་མ་ཡིན་ནོ། །འབྱུང་བར་འགྱུར་བའི་དུས་
དང་ལྡན་པའི་ཡུལ་ལ་གནོད་པ་མེད་པའི་ཕྱིར་རོ། །དེས་ནི་ཞེས་བྱ་བའི་རྣལ་འབྱོར་པས་སོ། །བུ་དང་ལྡན་པ་དེའི་བུ་དེའིའོ། །དེ་ལྟར་མ་རྟོགས་ཀྱང་ཞེས་བྱ་བ་ནི་སྔ་མ་བཞིན་དུ་བཤད་པར་བྱའོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་སྟོན་པ་ལ་སོགས་པའི་དུས་སོ། །མ་རྟོགས་ན་
ཞེས་བུ་དང་ལྡན་པས་ཞེས་བྱ་བ་སྐབས་ཡིན་ནོ། །དེའི་ཚེ་ཞེས་བྱ་བ་ཁོང་ནས་ཕྱུང་ལ་མ་རྟོགས་པ་དེས་ན་གནོད་པར་འགྱུར་རོ་ཞེས་སྦྱར་བར་བྱའོ། །འོན་ཏེ་ཇི་ལྟར་བྱ་བ་ལ་འབྱུང་བར་འགྱུར་བའི་དུས་སྟོན་པ་ལ་སོགས་པ་དང་འབྲེལ་བ་ཉིད་དུའོ། །དེས་ཞེས་བྱ་བ་ནི་རྣལ་འབྱོར་པས་
སོ། །དེ་ཞེས་བྱ་བ་ནི་བུ་ལ་སོགས་པའི་དངོས་པོའོ། །གཞན་གྱིས་ཀྱང་ཞེས་བྱ་བ་ནི་བུ་དང་ལྡན་པས་སོ། །དེ་ཞེས་བྱ་བ་ནི་བུའོ། །དེ་མ་མཐོང་བས་ནི་རྣལ་འབྱོར་ལས་གཞན་གྱིས་མ་རྟོགས་པས་སོ། །གལ་ཏེ་ཡང་ཐག་རིང་པོ་ན་གནས་པ་མ་ཡིན་པས་ཆུང་ངུ་དང་ཆེས་ཤིན་དུ་ཆུང་ངུ་
ལ་སོགས་པའི་ཁྱད་པར་དང་ལྡན་པའི་དངོས་པོ་རྟོགས་པ་དེ་ལྟ་ན་ཡང་རིང་པོ་ན་གནས་པས་ནི་མ་ཡིན་ཏེ། རུང་བ་ཉེ་བ་ཉིད་མེད་པའི་ཕྱིར་རོ་ཞེས་སྟོན་པས་ལན་བརྗོད་པ་ནི་ཇི་ལྟར་ཞེས་བྱའོ། །གཞན་ཡང་ཞེས་བྱ་བ་ནི་རིང་པོར་གནས་པ་ཡང་ངོ་། །མཐོང་ངམ་ཅི་སྟེ་མ་ཡིན་པ་
Vol. 184 · folio 166a
ཉིད་དོ། །ཡང་ན་གཅིག་གིས་མཐོང་བ་གཞན་གྱིས་མཐོང་ངོ་ཞེས་ངེས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་ཇི་ལྟར་ཞེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་ནི་རྒོད་ལ་སོགས་པས་སོ། །གཞན་ཡང་ཞེས་བྱ་བ་ནི་ཐག་རིང་པོ་ན་གནས་པ་བྱ་རོག་ལ་སོགས་པའོ། །དེ་
བཞིན་དུ་ཇི་ལྟར་རྣལ་འབྱོར་པས་མཐོང་བ་དེ་བཞིན་དུ་རྣལ་འབྱོར་པ་ལས་གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཇི་ལྟར་རྣལ་འབྱོར་པ་ལ་འདས་པ་ལ་སོགས་པའི་དུས་དང་ལྡན་པའི་བུ་ཡོད་པ་དེ་བཞིན་དུ་རྣལ་འབྱོར་པ་ལས་གཞན་པ་ལ་ཡང་མ་ཡིན་ནམ། དེས་ན་
ཅི་ལྟར་དེ་ལས་གཞན་གྱིས་མཐོང་སྙམ་ན། ཕྲ་མོ་ལ་སོགས་པ་ཞེས་གསུངས་སོ། །ཆུང་བ་དང་ཆེས་ཤིན་ཏུ་ཆུང་བ་ལ་སོགས་པ་ཡོད་པར་ཁྱད་པར་མེད་ཀྱང་ཐམས་ཅད་ཀྱིས་ནི་མི་མཐོང་གི་འོན་ཀྱང་གྲོག་མོ་ལ་སོགས་འགའ་ཞིག་ཁོ་ནས་ཡིན་ནོ། །ཅིའི་ཕྱིར་ཐམས་ཅད་ཀྱིས་
མི་མཐོང་སྙམ་ན། གང་ལ་གཅིག་གིས་ཞེས་གསུངས་སོ། །ཤེས་བྱ་གང་ལ་གཅིག་གིས་ཤེས་པར་ནུས་པ་ཡོད་པའི་ཤེས་བྱ་དེ་ལ་གཞན་ལ་ཡང་ཤེས་པའི་ནུས་པ་དེ་ཉིད་ཡོད་པ་ནི་མ་ཡིན་ནོ། །དེས་ན་རྣལ་འབྱོར་པ་ནི་དབང་པོ་གསལ་བའི་ཕྱིར་དང་། རྗེས་སུ་དཔག་
པར་བྱ་བ་ཉིད་ཀྱིས་ཉེ་བ་ཡིན་པའི་ཕྱིར་མཐོང་བ་ཡིན་ནོ་ཞེས་དགོངས་པའོ། །འོ་ན་དེ་ཇི་ལྟར་མ་འོངས་པ་ཡིན་སྙམ་ན། རྣལ་འབྱོར་མིན་པས་ཞེས་བྱ་བའོ། །གལ་ཏེ་ཚུལ་འདི་དང་རྣམ་པ་གཞན་གྱིས་དབང་པོ་འདས་པ་ལ་སོགས་པའི་རྣམ་པར་གནས་པའི་བསྟན་ཟིན་པ་ཁོ་
ན་མ་ཡིན་ནམ། དེས་ན་ཅིའི་དོན་དུ་རྣམ་པ་གཞན་ཉེ་བར་མཚོན་པར་བྱེད་པ་ཉིད་དུ་འདི་ཉེ་བར་བཀོད་ཅེ་ན། ལོག་པར་རྟོག་པའི་ཡུལ་ཞེས་བྱ་བ་ནི་ད་ལྟར་བ་ཁོ་ན་ཉིད་དུ་བསྟན་པའི་དོན་དུའོ། །ལོག་པར་རྟོག་པ་དེ་ཉིད་སྟོན་པའི་དོན་དུ་དོགས་པ་བསུ་བ་ནི། འོན་ཏེ་ཡང་ཞེས་
བྱ་བ་ལ་སོགས་པའོ། །ཐག་རིང་པོ་ན་གནས་པས་མི་མཐོང་བ་ཉེ་བར་གནས་པ་མ་ཡིན་པ་ནི་འདས་པའམ་མ་འོངས་པར་འགྱུར་བ་ལ་ཡིན་ནོ། །ཇི་ལྟར་མ་འོངས་པ་ཉིད་ཡིན་ཞེས་བྱ་བ་ནི་ད་ལྟར་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །ཕ་རོལ་པོ་ཉིད་ཀྱི་ད་ལྟར་བའི་མཚན་ཉིད་
Vol. 184 · folio 166b
བརྗོད་པ་ནི། གང་ཕྱིར་དམིགས་པ་ཡོད་པ་ཉིད། །ཅེས་བྱ་བའོ། །རྟོགས་པ་དང་མ་རྟོགས་པ་ནི་ཡོད་པ་དང་མེད་པ་དང་། ད་ལྟར་བ་དང་གཞན་དག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ནི་འདས་པ་ལ་སོགས་པའི་དུས་ཉིད་ལ། རྣམ་པ་ཐམས་ཅད་དང་ལྡན་པའི་རྗེས་
སུ་དཔོག་པས་ལྐོག་ཏུ་མ་གྱུར་པར་བྱེད་པ་ཡིན་ནོ། །ལྐོག་ཏུ་མ་གྱུར་པ་ཉིད་ནི་ད་ལྟར་པ་མ་ཡིན་ཏེ། ཤེས་པས་དམིགས་པ་དང་དུས་དང་འབྲེལ་བ་དག་ཐ་དད་པའི་ཕྱིར་རོ་ཞེས་བྱ་བའི་ཕྱོགས་འདི་ལ་ཡང་ཉེས་པ་བརྗོད་པར་འདོད་པས་དོགས་པ་བསུ་བ་ནི། ཅི་སྟེ་ཞེས་བྱ་
བའོ། །དཔྱོད་པ་ལ་སོགས་པ་ཡང་དོན་གྱི་ཁྱད་པར་གྱི་དངོས་པོ་ལས་ཐ་དད་པའི་ཁྱད་པར་དེ་དུས་འགའ་ཡང་མེད་དེ་ཞེས་བརྗོད་པ་ནི་དངོས་པོ་ལ་ནི་ཐ་དད་པའི་ཞེས་གསུངས་སོ། །འགའ་ཞིག་ཉིད་ཅེས་བྱ་བ་ནི་ཉི་མ་ལ་སོགས་པ་རྒྱུ་བའི་ཁྱད་པར་ཉིད་དོ། །གལ་ཏེ་དུས་མེད་ཀྱང་
འདས་པའི་དུས་ཉིད་ནི་མཐོང་བར་གྱུར་པ་ཡིན་ལ་མཐོང་བར་གྱུར་པ་ནི་མ་འོངས་པ། མཐོང་བ་བཞིན་པ་ནི་འདས་པ་ལ་ཡིན་པའི་ཕྱིར་འདས་པ་ལ་སོགས་པའི་རྣམ་པར་དབྱེ་བར་འགྱུར་རོ་སྙམ་ན། དེ་དག་ནི་ཞེས་སྨྲས་སོ། །རྣམ་པ་ཐམས་ཅད་མངོན་དུ་བྱེད་པའི་རྣལ་འབྱོར་
པ་ལ་ནི་མཐོང་ཟིན་པ་དང་མཐོང་བར་འགྱུར་བ་སྲིད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ཉིད་གསལ་འདེབས་པ་ནི་སྟོན་སྩོགས་ལ་ནི་ཞེས་བྱ་བའོ། །རྣལ་འབྱོར་པས་ཇི་ལྟར་རྟོགས་པར་འགྱུར་ཏེ་མ་ཡིན་པ་ཁོ་ནའོ། །རྣལ་འབྱོར་པ་ལ་དེ་འདྲ་བའི་དབྱེ་བ་མེད་མོད། ཚུ་རོལ་མཐོང་བ་ལ་
ལྟོས་ནས་ནི་འགྱུར་རོ་ཞེས་བྱ་བ་འདི། གལ་ཏེ་གཞན་གྱིས་དམིགས་མེད་ན། །ཞེས་བྱ་བ་འདིས་དོགས་པ་བསུ་ནས་ལན་འདེབས་པ་ནི་གཉིས་པོ་ཞེས་བྱ་བ་ཡིན་ཏེ། འདས་པ་དང་མ་འོངས་པ་གཉིས་པོའོ། །དེ་ལྟར་རང་གི་ཕྱོགས་པ་རྣམས་ཀྱིས་སྔར་བཤད་པ་མངོན་
པར་འདོད་པ་ལ་སོགས་པར་རྟོགས་པར་བསྟན་ནས་རང་གི་འདོད་པ་གསུངས་པ་ནི། འདོད་པ་བརྗོད་པ་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ཞེས་བྱ་བ་ནི་འདས་པ་ལ་སོགས་པའོ། །དེ་བཞིན་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པའི་དངོས་པོའོ། །གལ་ཏེ་དེ་རྗེས་སུ་དཔག་པས་
Vol. 184 · folio 167a
རྟོགས་པ་ན། དེ་ལྟར་འགྱུར་བ་ཡིན་གྱི་མངོན་སུམ་གྱིས་ནི་མ་ཡིན་ཏེ། ལྐོག་ཏུ་མ་གྱུར་པ་ཉིད་ལ་ནི་འདས་པ་ལ་སོགས་པ་མི་སྲིད་པའི་ཕྱིར་རོ་སྙམ་དུ་དོགས་ན། མངོན་སུམ་ཡང་ནི་ཞེས་གསུངས་སོ། །མངོན་སུམ་ཡང་རྟོགས་པ་ཡིན་ནོ་ཞེས་རྗེས་
སུ་འཇུག་གོ། །ཅིའི་ཕྱིར་སྙམ་ན། རྗེས་སུ་དཔག་པ་དེས་ཞེས་གསུངས་སོ། །གལ་ཏེ་གང་གིས་འདས་པ་ལ་སོགས་པ་འཛིན་པའི་རྗེས་སུ་དཔག་པས་བསྐྱེད་པའི་མངོན་སུམ་འདས་པ་ལ་སོགས་པ་འཛིན་པ་ཉིད་དོ་ཞེས་བརྗོད་པ། འདས་པའི་རྒྱུས་བསྐྱེད་པའི་འབྲས་བུ་
འདས་པར་འགྱུར་རམ་ཅི་སྙམ་དུ་དོགས་ན་རྗེས་སུ་དཔག་པ་དེ་བསྐྱེད་པའི་མངོན་སུམ་ཉིད་ཅེས་སྨྲས་སོ། །ཇི་ལྟར་མངོན་སུམ་གྱི་མཐོང་བ་རྗེས་སུ་དཔག་པས་རྟོགས་པ་དེ་བཞིན་དུ་རྗེས་སུ་དཔག་པས་མཐོང་བ་ཡང་མངོན་སུམ་གྱིས་ཡིན་ནོ། །རྒྱུ་དག་འབྲས་བུ་དག་གི་ཚུལ་ནི་དེ་
ལྟར་མ་ཡིན་ནོ། །དེས་ན་གང་ཞེས་བྱ་བ་ནི་རང་གི་ལུགས་ཉེ་བར་སྡུད་པའོ། །དེའི་ཕྱིར་སྔར་བརྗོད་པའི་འདས་པ་ལ་སོགས་པ་རྣམ་པར་འཇོག་པར་བྱེད་པའི་ཕྱོགས་ནི་རང་གི་ཕྱོགས་པ་རྣམས་ཀྱི་འདོད་པ་ཡིན་གྱི། བཤད་པ་མཛད་པ་ནི་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །གལ་ཏེ་མངོན་
སུམ་རྗེས་སུ་དཔག་པས་བསྐྱེད་པ་ཉིད་ནི། རྗེས་སུ་དཔག་པའི་ཕྱོགས་ཀྱི་ཆོས་ཉིད་དང་འབྲེལ་པ་འཛིན་པའི་རིམ་གྱིས་འགྱུར་བའི་ཕྱིར། རྣམ་གྲངས་ཀྱིས་འཇུག་པར་འགྱུར་རོ། །དེས་ན་ཅིག་ཅར་དངོས་པོ་དུ་མ་འཛིན་པར་བྱེད་པ་ཉིད་དུ་མི་འགྱུར་ཏེ། དེས་ན་ཐམས་ཅད་མཁྱེན་
པ་ཉིད་སྲིད་པ་མ་ཡིན་ནོ་ཞེས་དོགས་པ་ནི། གལ་ཏེ་མངོན་སུམ་ཞེས་བྱ་བ་ཡིན་ནོ། །རིམ་གྱིས་རྟོགས་པ་ཡང་གོམས་པར་རབ་ཏུ་འཕེལ་ན། སྒྲ་དོན་རྣམ་པ་དུ་མའི་བདག་ཉིད་ཅན་བསྟན་བཅོས་ཀྱི་རྣམ་པར་རྟོག་པ་བཞིན་དུ་རིམ་མ་ཡིན་པར་སྣང་བར་འགྱུར་རོ་ཞེས་བཤད་པ་ནི་
དེ་ཤིན་ཏུ་གོམས་པ་ལས་བྱ་བའོ། །དཔེར་ན་གོམས་པ་ཕུལ་དུ་བྱུང་བ་དང་ལྡན་པའི་དུ་བ་ལས་མེ་རྟོགས་པ་ནི་ཕྱོགས་ཀྱི་ཆོས་ལ་སོགས་པ་འཛིན་པའི་རིམ་པ་ལ་ལྟོས་པ་མ་ཡིན་པ་དེ་བཞིན་དུ་འདས་པ་ལ་སོགས་པའི་དོན་རྗེས་སུ་དཔོག་པ་ཡང་གཅིག་ཁོ་ནའི་ཆོས་དོན་མཐའ་དག་འཛིན་
Vol. 184 · folio 167b
བར་འགྱུར་རོ། །དེས་ན་དེས་བསྐྱེད་པའི་མངོན་སུམ་ཡང་གཅིག་གི་ཚེ་ཁོ་ན་མཐའ་མེད་པའི་དོན་འཛིན་པའི་ཕྱིར་ན་ཐམས་ཅད་མཁྱེན་པ་ཉིད་སྲིད་པ་ཡིན་ནོ། །རྟོགས་པ་ཞེས་བྱ་བ་ནི་རྗེས་སུ་དཔག་པས་སོ། །སྐྱོན་མེད་པ་ནི་ཐམས་ཅད་མཁྱེན་པ་ཉིད་མེད་པའི་མཚན་ཉིད་དོ། །གཞན་
དག་གལ་ཏེ་ཐོག་མ་ཐ་མ་མེད་པའི་དངོས་པོ་ཁས་ལེན་ན་ནི་ཇི་ལྟར་རྟོགས། དེ་སྟེ་དེ་རྟོགས་ན་དངོས་པོ་ཐོག་མ་དང་ཐ་མ་མེད་པ་ཇི་ལྟར་ཡིན་ཞེས་སུན་འབྱིན་པ་བརྗོད་པ་ནི། གལ་ཏེ་ཐོག་མ་ཐ་མ་མེད་པ་ཞེས་བྱ་བའིའོ། །གྲུབ་པའི་མཐའ་ནི་གང་ཞིག་གཉི་གའི་སྐྱོན་ཡིན་ཞིང་། ལན་ཡང་
མཚུངས་པ་ན་ཞེས་བྱ་བ། དོན་འདྲ་བའི་དོན་ནི་སྤྱོད་པ་ན། གཅིག་ལ་བརྒལ་ཞིང་བརྟག་མི་བྱ། །ཞེས་བྱ་བའི་ཚུལ་བརྗོད་པ་ནི། ཐོག་མེད་གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་རིག་བྱེད་དེ་ལས་སོ། །རྟོགས་པ་ནི་འཇུག་པར་བྱེད་པའི་ངེས་པར་སྦྱོར་བ་བྱེད་པ་ཉིད་དེ་དེ་ལ་འཛིན་པར་
བྱེད་པའོ། །ཇི་ལྟར་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ཙམ་གྱི་ཐོག་མ་དང་ཐ་མ་མེད་པ་ཉིད་དུ་འདྲི་བའོ། །དེ་ལ་གལ་ཏེ་ཐོག་མ་དང་ཐ་མ་མེད་པ་ཉིད་དུ་ཡིན་ན་དེའི་ཚེ་རིག་བྱེད་འདི་ནི་བདག་ངེས་པར་སྦྱོར་བ་བྱེད་པ་པོ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་རང་བཞིན་ངེས་སྦྱོར་འཛིན་པར་བྱེད་པའི་རྟོགས་
པ་རྣམས་ཡོངས་སུ་རྫོགས་པ་ཉིད་ཡོད་པ་མ་ཡིན་ནོ། །དེས་ན་རིག་བྱེད་ཀྱི་བརྗོད་པ་འགའ་ཡང་རྗེས་སུ་བསྒྲུབ་པར་བྱ་བ་མ་ཡིན་པར་འགྱུར་ཏེ། གཞན་གྱི་ཚེ་ཇི་སྐད་བརྗོད་པའི་རྟོགས་པ་མེད་ན་རིག་བྱེད་ཚད་མ་མ་ཡིན་པའི་ཕྱིར་རོ། །དེ་ལས་ཞེས་བྱ་བ་ནི་རིག་བྱེད་ལས་སོ། །ཕྱེད་
ཕྱི་མ་འཆད་པ་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་དུའོ། །ཡོངས་སུ་རྫོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྟོགས་པའོ། །ཅི་ཡང་ཞེས་བྱ་བ་ནི་རིག་བྱེད་ཀྱི་བསྟན་པའོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་ད་ལྟར་ཡང་རིག་བྱེད་ཚད་མ་མ་ཡིན་ནོ། །ད་ལྟར་བའི་དུས་ཙམ་
དུ་ཞེས་བྱ་བའི་ཕྱོགས་སློང་བར་བྱེད་པ་ནི། གལ་ཏེ་ཞེས་བྱ་བའོ། །གཞན་གྱི་ཚེ་ཞེས་བྱ་བ་ནི་ད་ལྟར་བའི་དུས་ལས་སོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་རྟོགས་པ་མེད་པ་ན་ཡང་ངོ་། །འཇུག་པར་བྱེད་པ་ནི་ངེས་པར་སྦྱོར་རོ། །ད་ལྟར་བཞིན་དུ་གཞན་གྱི་ཚེ་ཡང་འཇུག་པར་བྱེད་པ་
Vol. 184 · folio 168a
བརྗོད་པ་ཉིད་དུ་མ་རྟོགས་ན། ཇི་སྲིད་ཡོད་པར་རིག་བྱེད་དོན་དང་འབྲེལ་བར་མི་འགྲུབ་པོ་ཞེས་བརྗོད་པ་ནི་དེ་མ་ཡིན་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་རྟོགས་བཞིན་པ་ངེས་པར་སྦྱོར་བའི་མཚན་ཉིད་དོ། །གཞན་གྱི་ཚེ་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མའི་དུས་དག་
ཏུའོ། །འདིའི་ཞེས་བྱ་བ་ནི་རིག་བྱེད་ཀྱིའོ། །དེ་ལྟར་ག་ལ་ཡིན་ཏེ། རྟག་པ་ཉིད་ཀྱིས་གཏན་དུ་དེའི་དོན་ཅན་མ་ཡིན་པའི་ཕྱིར་མ་ཡིན་པ་ཁོ་ནའོ། །འོན་ཏེ་སྔར་དོན་འདི་དང་ལྡན་པ་ཉིད་དུ་དོན་ལ་ད་ལྟར་ནི་ངེས་པ་ཡིན་པ་དེས་ན་ཉེས་པ་འདི་མེད་དོ་སྙམ་ན། གལ་ཏེ་ཞེས་བྱ་བའོ། །
གལ་ཏེ་སྔར་ཐེ་ཚོམ་ཟ་བའི་དོན་ཅན་ཡིན་ན། དེའི་ཚེ་ད་ལྟར་འང་ཡིན་ཏེ་རྟག་པའི་ཕྱིར་རོ། །དེས་ན་སྔར་ཚད་མ་མ་ཡིན་པ་དེ་བཞིན་དུ་ད་ལྟར་ཡང་མ་ཡིན་པས་ཉེས་པ་ལས་འདས་པ་མེད་དོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ལྟ་བུ་ཉིད་ནི་དོན་དེ་དང་ལྡན་པ་ཉིད་དོ། །དེས་ན་ད་
ལྟར་ཡང་ཚད་མ་ཡིན་ནོ་སྙམ་དུ་བསམས་པའོ། །ལན་དུ་དེའི་ཞེས་བྱ་བ་སྟེ་སྔ་མའོ། །དེ་ལྟར་སྔ་མ་དང་ཕྱི་མའི་མཐའ་དག་དོན་དང་ལྡན་པར་རྟོགས་པ་ཡོངས་སུ་རྫོགས་པ་མེད་དོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་དོན་དང་ལྡན་པ་ཉིད་དུ་རྟོགས་པ་ཡོངས་སུ་རྫོགས་པར་
བྱེད་པའི་ཕྱིར་རོ། །གཅིག་ལ་ཞེས་བྱ་བ་ནི་སྔ་མའམ་ཕྱི་མ་ལའོ། །ཐེ་ཚོམ་ཟ་ན་ཞེས་བྱ་བ་ནི་ཅི་འདིའི་དོན་འདི་ཡིན་ནམ་གཞན་ཡིན་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་རོ། །གཞན་ལ་ཡང་ཞེས་བྱ་བ་ནི་གང་གི་ཚེ་དོན་རྟོགས་པ་དེའི་ཚེ་ཡང་ངོ་། །ཡིད་བརྟན་དུ་མེད་པ་ནི་རེས་འགའ་དོན་རྟོགས་
བཞིན་པ་འདི་དོན་མ་ཡིན་ནོ་ཞེས་བྱ་བར་འགྱུར་བའི་ཕྱིར་རིག་བྱེད་ཚད་མ་མ་ཡིན། ཐེ་ཚོམ་ཟ་བའི་དོན་ཅན་ཡིན་པའི་ཕྱིར་རོ། །ཅི་སྟེ་ཞེས་བྱ་བ་ནི་གཞན་གྱིའོ། །སྔ་མ་ཞེས་བྱ་བ་ནི་ད་ལྟར་བའི་དོན་རྟོགས་པ་ལས་སོ། །སྤྱིར་ཞེས་བྱ་བ་ནི་དུས་གསུམ་ཁྱབ་པའི་དོན་རྟོགས་པར་བྱེད་
པ་ཉིད་དོ། །གཅིག་གི་ཚེ་ཉིད་ཅེས་བྱ་བ་ནི་ད་ལྟར་བའི་དོན་རྟོགས་པའི་དུས་ཉིད་ནའོ། །དེས་ན་དོན་དང་ལྡན་པ་རྟོགས་པ་ཡོངས་སུ་རྫོགས་པ་ཡིན་ནོ་སྙམ་དུ་སེམས་པའོ། །ལན་དུ་དེ་ལྟ་ཡིན་ན་ཞེས་བྱ་བའོ། །འདིར་འདི་ལྟར་བསམས་པ་ཡིན་ཏེ། རིག་བྱེད་ནི་ཐོག་མ་དང་ཐ་མ་
Vol. 184 · folio 168b
མེད་པ་ཉིད་ཀྱིས་དོན་དང་ལྡན་པ་ཡིན་པར་རྗེས་སུ་དཔག་པ་ལས་རྟོགས་པ་ཡིན་ནོ། །དེ་ལྟ་ན་ཡང་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱིས་རང་བཞིན་ཉམས་པ་མེད་པ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་དཔག་པའམ། དེས་བསྐྱེད་པའི་མངོན་སུམ་གྱིས་སམ། ཁྱབ་པ་འཛིན་པར་བྱེད་
པས་ཐོག་མ་དང་ཐ་མ་མེད་པའི་དངོས་པོ་རྟོགས་པ་ན་ཐོག་མ་དང་ཐ་མ་མེད་པ་ཉིད་ཉམས་པ་མ་ཡིན་པ་ཁོ་ནའོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་ཕྱིར་ན། རྣམ་པ་ཐམས་ཅད་རྗེས་སུ་དཔོག་པ་ཞེས་བྱ་བ་ནི། རྣམ་པ་ཐམས་ཅད་རྗེས་སུ་དཔོག་པས་བསྐྱེད་པའི་ཤེས་པ་ལའོ། །གལ་
ཏེ་དེ་ལྟར་ཐམས་ཅད་རིག་པ་ཡིན་དུ་ཆུག་མོད་དེ་ལྟ་ན་ཡང་ཐོག་མ་དང་ཐ་མ་མེད་པའི་དངོས་པོ་རིག་པ་ཇི་ལྟར་འགྱུར་ཞེས་གསུངས་པ་ནི་དེས་ན་ཞེས་བྱ་བའོ། །ཀྱང་གི་སྒྲས་ནི་རྗེས་སུ་དཔག་པས་རིག་པ་ཡང་མ་ཉམས་པ་མེད་དོ། །ཐོག་མ་དང་ཐ་མ་མེད་པ་ལ་མི་གནོད་པའི་ཕྱིར་རོ། །སྐབས་
ཀྱི་དོན་སྡུད་པར་བྱེད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེ་དང་འབྲེལ་བ་ནི་རང་གི་རྒྱུད་དང་འབྲེལ་བའོ། །གཞན་པ་དག་ཀྱང་ཞེས་བྱ་བ་ནི་དེ་དང་འབྲེལ་པ་དང་འབྲེལ་པའོ། །དེའི་མཐུ་ལས་ཀྱང་ཞེས་བྱ་བ་ནི་འབྲས་བུའི་རབ་ཏུ་བྱེད་པ་སྣང་བའི་སྟོབས་ཀྱིས་སོ། །རྒྱུའི་དབྱེ་བ་ཡང་སྣང་བ་ཡིན་ནོ་
ཞེས་འབྲེལ་ཏོ། །ཐམས་ཅད་གོམས་པ་ནི་ཡང་ནས་ཡང་རྣམ་པ་ཐམས་ཅད་རྗེས་སུ་དཔོག་པ་བྱང་བར་བྱས་པའོ། །རིག་བྱེད་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱིས་རེ་ཞིག་རྟོགས་པར་མི་ནུས་པ་ཉིད་དོ། །སྐྱེས་བུ་ཕུལ་དུ་བྱུང་བ་མེད་པའི་ཕྱིར་རོ། །རྟོགས་སུ་ཟིན་ཀྱང་ཉེ་བར་མཁོ་བ་ཡང་ཅིའང་
མེད་དོ་ཞེས་བཤད་པ་ནི་རིག་བྱེད་ནི་ཞེས་བྱ་བའོ། །ཐོག་མ་མེད་པ་ཉིད་དུ་ཡོངས་སུ་ཤེས་ཀྱང་ངོ་། །ཐབས་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དང་འབྲེལ་པ་ངོ་བོ་ཅན་མ་ཡིན་པའི་ཕྱིར་རོ། །སྔར་ཞེས་བྱ་བ་ནི་སྟོང་ཕྲག་ཕྱེད་དང་བཞི་པར་རོ། །གལ་ཏེ་ཡང་ཉེ་བར་བསྟན་པ་གཞན་དུ་བྱེད་པའི་རྒྱུ་མི་ཤེས་
པའམ་ཆགས་པ་ལ་སོགས་པ་མེད་མོད་དེ་ལྟ་ན་ཡང་འདོད་ཆགས་དང་བྲལ་བ་རྣམས་ལ་ཉོན་མོངས་པ་ཅན་མ་ཡིན་པ་རིམས་ནད་དང་བྲལ་བའི་ལུས་ལ་བག་ཆགས་མི་མཐུན་པ་ནི་ཡོད་པ་ཁོ་ན་ཡིན་ལ། །ཏིང་ངེ་འཛིན་གྱི་གེགས་བཀྲེས་པ་ལ་སོགས་པ་ཡང་ཡོད་པ་ཡིན་ནོ་སྙམ་དུ་དོགས་པ་ནི་
Vol. 184 · folio 169a
གལ་ཏེ་ཞེས་བྱ་བའོ། །བག་ཆགས་མི་མཐུན་པ་ཡིན་ཡང་རིག་བྱེད་ལས་བཅོམ་ལྡན་འདས་ཁྱད་པར་དུ་བསྟན་པའི་ཕྱིར་རེ་ཞིག་རིག་བྱེད་ཀྱི་ཁྱད་པར་དུ་བཤད་པ་ནི་རིག་བྱེད་ལ་ནི་ཞེས་བྱ་བའོ། །ཐོག་མ་མེད་པ་ཉིད་ཀྱིས་ན་གཞན་དོན་འགའ་ཞིག་དང་འབྲེལ་པར་འཛིན་པ་མེད་
པའི་ཕྱིར་རོ། །དེ་ཙམ་གྱིས་ནི་ཞེས་བྱ་བ་ནི་རྣམ་པར་བརྟག་པར་བྱ་བའི་དོན་སྣང་བ་ཙམ་གྱིས་སོ། །གཞན་ལ་ཡང་ཞེས་བྱ་བ་ནི་རིག་བྱེད་ལས་གཞན་པའི་ལུས་ལའོ། །མཐོང་བའི་ཕྱིར་རོ་ནི་རྣམ་པར་བརྟག་པར་བྱ་བའི་དོན་སྣང་བའོ། །གལ་ཏེ་རིག་བྱེད་དེ་ལྟ་ཡིན་མོད་དེ་ལྟ་ན་ཡང་འདི་ལས་བཅོམ་
ལྡན་འདས་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད་ན་གང་གིས་ཚད་མར་གྱུར་སྙམ་དུ་དོགས་ན་འདི་ལ་ནི་ཞེས་གསུངས་ཏེ། ཐམས་ཅད་རིག་པ་ལ་ནི་གཞི་རྗེས་སུ་དཔག་པ་ཉིད་ཡིན་ནོ། །དེས་ན་དངོས་པོ་པའི་དོན་དང་འབྲེལ་པ་ཡོད་པར་ཤེས་པ་ཡིན་ནོ། །དེ་ལྟར་འདིས་ནི་རང་ཉིད་དོན་དང་
འབྲེལ་པའི་ཕྱིར་ན་བག་ཆགས་གེགས་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེས་ནི་བཅོམ་ལྡན་འདས་ལ་སྲིད་པ་ཡང་མ་ཡིན་ནོ་ཞེས་གསུངས་པ་ནི་གཞན་ཡང་ཞེས་བྱ་བའོ། །དེས་ན་ཞེས་བྱ་བས་ནི་ཐབས་གོམས་པ་ཕུལ་དུ་བྱུང་བ་ལས་གྱུར་པའི་གསལ་བ་སྟོན་པའོ། །དེ་ནི་ཡོད་ཀྱང་
རང་གི་དོན་དང་ལྡན་པའི་ཕྱིར་ཅིའི་དོན་དུ་འབད་སྙམ་ན་ཐུབ་ཆེན་ཞེས་གསུངས་སོ། །གཞན་གྱི་དོན་དུ་འཇུག་པ་གང་ལ་མངའ་བ་དེའིའོ། །གཞན་གྱི་དོན་གྱི་གེགས་ཡིན་པའི་ཕྱིར་ན་འདི་ནི་གདོན་མི་ཟ་བར་ཡང་བྱ་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཁྱད་འདི་ཡིན་ཞེས་བྱ་བ་ནི་བསེ་རུ་ལ་སོགས་
པ་སྟེ། རང་གི་དོན་དུ་འཇུག་པ་རང་སངས་རྒྱས་ལ་སོགས་པ་ལས་མི་མཐུན་པའི་ཁྱད་པར་རོ། །དེ་ལ་ཉེས་པ་མཐའ་དག་ཡོངས་སུ་ཤེས་པ་ཡོད་མོད་དེ་ཡོད་པར་གོ། །ཅི་ལྟར་འགྱུར་སྙམ་ན། སེམས་ཅན་གྱི་དོན་ལ་དགའ་བ་ལ་ནི་ཞེས་གསུངས་སོ། །ཉེས་པ་ནི་བག་ཆགས་ཀྱི་མཚན་ཉིད་
དོ། །དེའི་ཕྱིར་ཞེས་བྱ་བ་ནི་གནོད་པ་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་ཉེས་པའོ། །བྲུ་བ་ཚ་བ་ལ་སོགས་པའི་སྡུག་བསྔལ་ཡང་བདག་དང་བདག་གི་བར་འཛིན་པའི་ཆགས་པའི་སྙིང་པོ་ཅན་གྱི་བག་ཆགས་དང་ལྡན་པ་རྣམས་ལ་ཡིན་གྱི་དམིགས་པའི་ཚོགས་པ་ཙམ་ལས་མ་ཡིན་ཏེ།
Vol. 184 · folio 169b
ཐམས་ཅད་ཀྱི་ཚེ་བདེ་བ་ལ་སོགས་པ་རྣམ་པ་གཅིག་ཏུ་ཐལ་བའི་ཕྱིར་རོ་ཞེས་བརྗོད་པ་ནི། བྲུ་བ་ལ་སོགས་པ་ཡང་ཞེས་བྱ་བའོ། །སོགས་པའི་སྒྲས་ནི་སྐོམ་པ་ལ་སོགས་པའོ། །ཕྱིན་ཅི་ལོག་ལ་གོམས་པར་བྱེད་པ་ཉིད་ལ་ཞེས་བྱ་བ་ནི་བདག་དང་བདག་གིར་འཛིན་པའི་ཆགས་
པའི་སྙིང་པོ་ཅན་གྱི་བག་ཆགས་དང་ལྡན་པ་རྣམས་ལའམ། བྲུ་བ་ཚ་བ་ལ་སོགས་པ་ཟློག་པར་བྱེད་པ་མེད་པ་རྣམས་ཁོ་ན་ལ་འབྱུང་བ་ཡིན་ནོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་སྒོམ་པ་དང་བྲལ་བ་རྣམས་ལའོ། །འདི་ག་ལས་ཤེ་ན། འདི་ལྟར་ཞེས་གསུངས་སོ། །གང་གི་ཚེ་
སྔོན་གྱི་སྟོན་པ། བཏུང་བ་དང་བཟའ་བ་གྱ་ནོམ་པ་ལ་སོགས་པས་བྱས་པ་དེ་དང་འབྲེལ་ཞིང་ལྡན་པ་དེའི་ཚེ་བཀྲེས་པ་དང་སྨན་པ་ལ་སོགས་པ་མི་སྲིད་པ་ཡིན་ནོ། །སྔོན་གྱི་སྟོན་པ་ཇི་ལྟར་ཞེ་ན། ལྷ་སོགས་ངོ་བོ་ཡིས་ཞེས་གསུངས་སོ། །གཟུགས་ན་སྤྱོད་པའི་ལྷ་ལ་སོགས་པར་
སྐྱེས་པས་སོ། །དེ་ལྟར་དེ་དང་འབྲེལ་པར་ཅི་ལྟར་འགྱུར་སྙམ་ན། སྐྱེ་བ་དྲན་པའི་ཞེས་གསུངས་སོ། །བཀྲེས་པ་ལ་སོགས་པ་ནི་ས་བོན་དང་མྱུ་གུ་ལ་སོགས་པ་བཞིན་དུ་ཕྱི་རོལ་གྱི་རྒྱུ་ཙམ་ལས་འབྱུང་བ་ཡང་མ་ཡིན་གྱི་འོན་ཀྱང་གོམས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་
པ་ཅན་དེ་དང་འབྲེལ་པ་ཉིད་ཡིན་ནོ་ཞེས་བརྗོད་པ་ན། གཞན་ཡང་ཞེས་བྱ་བའོ། །ལན་གསུམ་ཟ་བའི་སྐྱེས་བུ་གང་ཡིན་པ་དེ་ནི་གོམས་པ་ལས་གཉིས་ཟ་བ་ལས་ཀྱང་བདེ་བར་གནས་པར་འགྱུར་རོ། །གཉིས་ཟ་བ་ནི་ལན་ཅིག་ཅིག་ཅར་ཟོས་པས་ཀྱང་བདེ་བར་གནས་པ་འཐོབ་
པར་འགྱུར་རོ། །གཏན་མི་འགྱུར་ཞེས་བྱ་བའི་སྐབས་ཀྱིས་བཅོམ་ལྡན་འདས་ལའོ། །ས་བོན་དང་མྱུ་གུ་བཞིན་དུ་ཕྱི་རོལ་ཙམ་ལས་བྱུང་བ་ཡིན་ན་སྐྱོན་ཅི་ཡོད་སྙམ་ན། གལ་ཏེ་ཞེས་གསུངས་སོ། །བྲུ་བ་ལ་སོགས་པ་འདི་དངོས་པོ་ལ་རག་པ་ཡིན་ན་དེའི་ཚེ་གོམས་པས་བསྒྲུབས་
པ་གོམས་པ་ལ་རག་ལས་པར་མི་འགྱུར་རོ། །གཞན་གྱི་དོན་ལ་འཇུག་པ་ལས་ཀྱང་འདིའི་ཇི་ལྟ་བ་ཡིན་གྱི་གོམས་པ་རྟོགས་པར་བྱ་བ་ཡིན་ནོ་ཞེས་མཇུག་བསྡུ་བའི་སྒོ་ནས་བརྗོད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །སྔོན་གྱི་སློབ་དཔོན་གྱི་ལུགས་དང་འགལ་བས་མན་ངག་མེད་པ་ཉིད་དུ་
Vol. 184 · folio 170a
དོགས་པ་བསུ་བ་ནི། གལ་ཏེ་སློབ་དཔོན་གྱིས་ཞེས་བྱ་བའོ། །སྦྱོར་བ་ནི་ཐམས་ཅད་དེ་སྟོན་པ་ཉིད་ཡིན་ལ་ཐབས་གོམས་པ་ཡང་གཞན་ཡིན་པའི་ཕྱིར་འགལ་བ་ཡིན་ནོ་ཞེ་ན། སྔོན་གྱི་སློབ་དཔོན་གྱིས་ནི་ཐབས་གོམས་པ་འདི་ཉིད་ལ་ཉེ་བར་བཏགས་ནས་སྟོན་པར་
བརྗོད་པ་ཡིན་ནོ་ཞེས་བཤད་པ་ནི་ཐབས་གོམས་པ་འདི་ཉིད་ཅེས་བྱ་བའོ། །འདི་ཉིད་ཅེས་བྱ་བའི་ངེས་པར་གཟུང་བས་ནི། ལུས་དང་དབང་པོ་ལ་སོགས་པ་བདག་ཏུ་ལྟ་བ་ཐབས་ཡིན་པའམ། བདག་ཁམས་གསུམ་པ་ལ་སྡུག་བསྔལ་བ་ལ་སྒོམ་པ་འདོར་བའི་རྒྱུ་ཡིན་པས་ན་ཐབས་ཡིན་
ནོ་ཞེས་བྱ་བ་གཞན་གྱི་ལུགས་སེལ་བར་བྱེད་པ་ཡིན་ནོ། །འདི་ཇི་ལྟར་མི་རིགས་པ་དེ་ལྟར་ཡང་ཕྱིས་སྟོན་པར་འགྱུར་རོ། །ཐབས་གོམས་པ་འདི་ཉིད་ག་ལས་ཡིན་སྙམ་ན། གང་གི་ཕྱིར་སྟོན་པ་ཡིན་པས་སོ། །གལ་ཏེ་སྟོན་པ་ནི་འབྲས་བུ་ཡིན་གྱི་ཐབས་ནི་མ་ཡིན་ནོ་སྙམ་ན། དེ་དོན་
ཕྱིར་ན་ཞེས་གསུངས་ཏེ། སྟོན་པའི་དོན་ཡིན་པའི་ཕྱིར་རོ། །སྟོན་པའི་རྒྱུ་ཡིན་པའི་ཕྱིར་ན་འདི་ཉིད་ཐབས་གོམས་པ་ཡིན་གྱི་གཞན་གྱི་འདོད་པ་ནི་མ་ཡིན་ཏེ། དེའི་རྒྱུ་མ་ཡིན་པའི་ཕྱིར་རོ། །རྣམ་པར་དབྱེ་བ་འདི་ག་ལས་སྙམ་ན། གྲུབ་ལས་ཞེས་གསུངས་ཏེ་བདེ་བར་
གཤེགས་པ་ཉིད་ལས་སྔར་ཡོད་པའི་ཕྱིར་རོ། །གྲུབ་པའི་རང་བཞིན་སྟོན་པའི་སྒྲས་ཉེ་བར་གདགས་སུ་རུང་བ་ནི་འདི་ཁ་ཡིན་གྱི། གཞན་ནི་མ་ཡིན་ནོ། །གལ་ཏེ་འདི་རྒྱུ་ཉིད་ཡིན་པས་ཀྱང་བསྒྲུབ་པར་བྱ་བ་ཁོ་ན་མ་ཡིན་ནམ་ཞེ་ན། གཉིས་པོ་འདི་ཇི་ལྟར་ནི་ཞེས་གསུངས་སོ། །གཉིས་
པོ་འདི་ཇི་ལྟར་རྒྱུ་ཡིན་པ་དེ་ལྟར་ནི་དེ་མ་ཐག་ཏུ་བཤད་ཟིན་ཏོ། །བཤད་པར་ནི་གསལ་བ་ཁོ་ནའོ། །ཕྱེད་སྔ་མ་བཤད་ནས་ཕྱེད་ཕྱི་མ་བཤད་པའི་དོན་དུ་འདྲི་བ་ནི། དེའི་དོན་ཉིད་ག་ལས་ཤེ་ན་ཞེས་བྱ་བའོ། །ཐབས་གོམས་པ་སྟོན་པའི་དོན་ཡིན་པ་ཉིད་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པར་
བསྐངས་ནས་རྩ་བས་ལན་འདེབས་པ་ནི་དེ་ལས་ཞེས་བྱ་བའོ། །ཐབས་གོམས་པ་དེ་ལས་སོ། །འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་སྟོན་པ་སྐྱེ་བའི་ཕྱིར་རོ། །དེ་ཉིད་ལས་འབྱུང་བ་ཞེས་ཇི་ལྟར་ཤེས་སྙམ་ན། ཐབས་གོམས་པ་དང་བློ་གསལ་བ་དག་ལས་ཞེས་གསུངས་སོ། །སྟོན་
Vol. 184 · folio 170b
པ་ནི་བདེ་བར་གཤེགས་པ་ཉིད་དོ། །འདིས་ནི་གྲུབ་ལས་ཞེས་བྱ་བ་བཤད་པ་ཡིན་ནོ། །དེ་ཅི་སྔོན་ཞེས་བྱ་བ་ནི་སྟོན་པའི་རྒྱུ་ཡིན་པའི་ཕྱིར་སྟོན་པ་ཡིན་གྱི་དེ་ཉིད་ནི་མ་ཡིན་གྱི་ཞེས་བྱ་བ་འདི་ཅིའི་ཕྱིར་ཞེས་བྱ་བའོ། །གཉིས་པོ་འདི་ནི་རྒྱུ་རུ་བཤད། །ཅེས་བྱ་བ་ནི་རྒྱུ་ཕུན་སུམ་ཚོགས་
པའི་དབང་དུ་བྱས་ནས་འགྲོ་བ་ལ་ཕན་པར་བཞེད་པ་ཉིད་དང་། སྟོན་པ་ཉིད་བཤད་པ་ཡིན་ནོ། །འབྲས་བུ་ཕུན་སུམ་ཚོགས་པའི་དབང་དུ་བྱས་པ་ནི་མ་ཡིན་ནོ། །དེས་ན་དངོས་མ་ཡིན་ནོ་ཞེས་བྱ་བར་ཤེས་པ་ཡིན་ནོ། །རྒྱུ་ཉིད་དུ་བཤད་པ་ལ་ཡང་སྒྲུབ་པར་བྱེད་པ་འདྲི་བ་ནི། འདི་
རྒྱུ་བཤད་དོ་ཞེས་བྱ་བ་ཡང་ཞེས་བྱ་བའོ། །ལན་བཏབ་པ་ནི་དང་པོ་བརྗོད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའོ། །གང་གི་ཕྱིར་ན་ཡང་དག་ཅེས་བྱ་བ་ནི་ཚིགས་སུ་བཅད་པ་འདིར་གཉིས་པོ་འདི་དང་པོར་བརྗོད་པ་དེས་ན། དེ་རྒྱུར་བཤད་པ་ཡིན་ནོ། །དངོས་ཉིད་བདེ་བར་གཤེགས་པའི་
རྒྱུ་ཅི་སྟེ་མ་ཡིན་སྙམ་ན་དངོས་ཀྱི་སྟོན་པ་ནི་ཞེས་གསུངས་སོ། །བདག་ཉིད་ནི་བདག་ཉིད་ཀྱི་སྒྲུབ་པར་བྱེད་པ་ཉིད་དུ་མི་རིགས་སོ་སྙམ་དུ་དོགས་སོ། །སྐབས་ཉེ་བར་སྡུད་པར་བྱེད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དངོས་ཀྱི་སྟོན་པ་ནིའོ། །བདེ་བར་གཤེགས་པ་
ཉིད་ཀྱི་རང་བཞིན་བརྗོད་པ་ནི་རྒྱུ་སྤངས་ཞེས་བྱ་བ་སྟེ། སྡུག་བསྔལ་གྱི་རྒྱུའོ། །ཡོན་ཏན་གསུམ་ནི་ལེགས་པ་ཉིད་ལ་སོགས་པའི་ཁྱད་པར་གང་ལ་མངའ་བའོ། །དེ་ལ་རེ་ཞིག་ལེགས་པ་ཉིད་སྟོན་པ་ནི་སྤངས་པ་ནི། སྡུག་བསྔལ་གྱི་རྟེན་མ་ཡིན་ཏེ། དེས་ན་ལེགས་པ་ཡིན་
ནོ། །གལ་ཏེ་དེར་གྱུར་ན་ལེགས་པར་འགྱུར་བ་ཞིག་ན་དེ་ཉིད་ཇི་ལྟར་སྙམ་དུ་དོགས་ན། དེ་ནི་བདག་མེད་པའམ་ཞེས་གཏན་ཚིགས་གཉིས་གསུངས་སོ། །གལ་ཏེ་སྡུག་བསྔལ་གྱི་རྟེན་མ་ཡིན་པ་ལས་སྤངས་པ་གཞན་ཡང་ལེགས་པ་ཉིད་མ་ཡིན་ནམ། དེས་ན་འདི་བརྗོད་པས་ཅི་
ཞིག་བྱ་སྙམ་དུ་དོགས་ན། བདག་དང་བདག་གིར་འཛིན་ན་ནི། །ཞེས་གསུངས་སོ། །སྡུག་བསྔལ་གྱི་རྒྱུ་གང་ཡིན་པ་དེ་སྤངས་པ་དེ་སྡུག་བསྔལ་དང་བཅས་པ་ཡིན་ནོ། །དེས་ན་ལེགས་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །གལ་ཏེ་བདག་ཏུ་འཛིན་པ་ཡོད་ཀྱང་གཅིག་པུ་བདེ་བར་གནས་པ་མ་
Vol. 184 · folio 171a
ཡིན་ནམ། སྡུག་བསྔལ་གྱི་རྒྱུ་ནི་འདུ་འཛི་ཡིན་པའི་ཕྱིར་རོ་སྙམ་དུ་གཞན་སེམས་པའི་དོགས་པ་བསུ་ནས། བདག་དང་བདག་གི་བར་འཛིན་ན་ནི་ཞེས་གསུངས་སོ། །མ་འདྲེས་པ་ཡུལ་དང་བྲལ་བ་གཅིག་པུ་ནི་མི་དགོས་ཏེ་དེ་ནི་གཉིས་པ་འདོད་དོ་ཞེས་བྱ་བ་ལུགས་
ཡིན་པའི་ཕྱིར་རོ། །ཅི་སྤངས་པ་ཐམས་ཅད་མཐོང་བ་ལས་འགྱུར་རམ་སྙམ་ན། མཐོང་བས་སྤང་བར་བྱ་བ་ཞེས་གསུངས་སོ། །གལ་ཏེ་སྦྱོར་བ་ཞེས་བྱ་བ་ཅི་ལ་བརྗོད་ན། གང་ལས་ཉོན་མོངས་པའི་ཚོགས་འོང་བ་ཡིན་སྙམ་དུ་དོགས་པ་བསུ་ནས། སྦྱོར་བ་ནི་གོམས་པ་སྟེ་ཞེས་
གསུངས་སོ། །ཡུ་ཛ་ནི་ཏིང་འཛིན་ལ་བྱའོ་ཞེས་བྱ་བ་འདི་བཟུང་བའི་ཕྱིར་རོ། །སྦྱོར་བ་ནི་གོམས་པ་སྟེ་སྒོམ་པ་ཡིན་ལ། བསྒོམ་པས་ཡང་སྤང་བར་བྱ་བའི་ཚོགས་སོ་ཞེས་བྱ་བ་ནི་སྤོང་བ་ཞེས་འབྲེལ་ཏོ། །ཉོན་མོངས་པ་རྣམ་པ་གཉིས་ཏེ། མཐོང་བས་སྤང་བར་བྱ་བ་དང་བསྒོམ་པས་
སྤང་བར་བྱ་བའོ། །དེ་ལ་མཐོང་བས་སྤང་བར་བྱ་བ་གང་ཡིན་པ་དེ་དག་ནི་མཐོང་བས་སྤོང་ལ། བསྒོམ་པས་སྤང་བར་བྱ་བ་གང་ཡིན་པ་དེ་དག་ནི་བསྒོམ་པའི་ལམ་གྱིས་སོ། །དེས་ན་མཐོང་བ་དང་སྦྱོར་བའི་སྒྲ་གཉིས་ནི་མཐོང་བ་དང་བསྒོམ་པའི་ལམ་རྗོད་པར་བྱེད་པ་ཡིན་པའི་ཕྱིར་ཟློས་པའི་
དོགས་པ་མེད་དོ། །ཡང་ན་བདག་མེད་པ་མཐོང་བའམ་ཞེས་བྱ་བ་ནི་གཞན་གྱིས་སོ། །འདོད་པའི་བདག་དངོས་པོ་མེད་པ་རྗོད་པར་བྱེད་པ་ཡིན་པའི་ཕྱིར་ན་བདག་མེད་པ་མ་བསྡུས་པས་དེ་བསྟན་པའི་དོན་དུ་ཡང་སྦྱོར་བ་ནི་ཞེས་གསུངས་སོ། །ཕན་ཚུན་ལྡན་པ་སྟེ་ཞེས་བྱ་བ་ནི་ཡུ་ཛི་ནི་ལྡན་
པ་ལའོ་ཞེས་བྱ་བ་འདི་བཟུང་བའི་ཕྱིར་རོ། །གཉིས་སུ་མེད་པའི་རང་བཞིན་དང་། དེ་སྒྲུབ་པར་བྱེད་པའི་ཚད་མ་ནི་ཕྱིས་འཆད་པར་འགྱུར་རོ། །ཡང་ན་བདག་མེད་པ་མཐོང་བའམ་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་ལ་སོགས་པའི་བདག་མེད་པ་གཉིས་མངོན་དུ་བྱས་པ་བརྗོད་པ་ཡིན་ལ།
བྱང་ཆུབ་སེམས་དཔའ་རྣམས་ནི་བདག་མེད་པ་དེ་ལ་སྦྱོར་བ་ལྡན་པ་སྟེ། ཤེས་པར་བྱེད་པ་ཡིན་གྱི། མངོན་དུ་བྱེད་པ་ནི་མ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་མ་ཐོབ་བར་དུ་ཡོངས་སུ་མྱ་ངན་ལས་འདས་པར་ཐལ་བ་པའི་ཕྱིར་རོ། །འདིས་ནི་ཁྱབ་འཇུག་གི་འཇིག་རྟེན་དུ་སོང་བ་
Vol. 184 · folio 171b
ལས་ཐར་བར་འགྱུར་བ་ཡིན་ནོ་ཞེས་བྱ་བ་དེ་གསལ་བ་ཡིན་ནོ་ཞེས་བཤད་པ་ནི་རྣམ་པ་ཐམས་ཅད་དུ་ཞེས་བྱ་བའོ། །ཕྱིར་མི་ལྡོག་པའི་རང་བཞིན་མི་ཤེས་པས་འདྲི་བ་ནི་ཕྱིར་མི་ལྡོག་པ་དེ་གང་ཡིན་ཞེ་ན་ཞེས་བྱའོ། །འདིར་དེའི་རང་བཞིན་གྱི་ངོ་བོ་བཟློག་པ་དང་བཅས་པ་བཤད་པ་ནི་སྐྱེ་དང་
ཞེས་བྱ་བའོ། །བདག་གི་བ་ལ་སོགས་པར་ལྟ་བའི་སྙིང་པོ་ཅན་གྱི་ཀུན་དུ་རྟོག་པ་དེ་དག་སྤངས་པ་ནི་སྔར་འབྱུང་བ་མ་ཡིན་ཏེ། ས་བོན་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྐྱོན་མེད་པའི་གནས་སྐབས་ནི་ཐར་པའི་གྲོང་ཁྱེར་དུ་སོན་པ་ཡིན་ནོ་ཞེས་འབྲེལ་ཏེ། སྐྱེ་བ་མེད་པ་ཡང་ཐར་
པའི་གྲོང་ཁྱེར་དུ་སོན་པ་ཡིན་ནོ། །འོ་ན་ཇི་ལྟར་སླར་ལྡོག་ཡིན་སྙམ་ན་བཤད་ཟིན་པའི་དོན་ཉིད་གསལ་བར་བྱ་བའི་ཕྱིར་ཉེས་པ་དང་ཞེས་བྱ་བའོ། །ཉེས་པ་མེད་པའི་གནས་སྐབས་དེ་ཡང་ག་ལས་འགྱུར་བ་ཡིན་སྙམ་ན། བདག་ཏུ་ལྟ་བ་མེད་པའི་ཕྱིར་ཞེས་གསུངས་སོ། །སྐྱེ་བ་མེད་པ་ལ་
ཡང་གཏན་ཚིགས་བརྗོད་པ་ནི་ཉོན་མོངས་པ་མེད་པའི་ཕྱིར་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་དང་ཉོན་མོངས་པ་མེད་པས་སོ། །གལ་ཏེ་བདག་ཏུ་ལྟ་བ་ལ་སོགས་པ་མེད་ཀྱང་ལས་མ་ཟད་པའི་ཕྱིར་ན་ཅི་ལྟར་སླར་མི་ལྡོག་པ་ཡིན་སྙམ་ན། སྐྱེ་བ་ནི་གཉི་ག་ལ་རག་ལས་པའི་ཕྱིར་ལས་
ཡོད་པས་འབྱུང་བར་ཇི་ལྟར་འགྱུར་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བདག་དང་བདག་གི་རང་གི་ངོ་བོས་མཐོང་བ་ནི་འདོད་ཆགས་ལ་སོགས་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་བདེ་བ་སྒྲུབ་པར་བྱེད་པ་ལ་སོགས་པར་ཤེས་པས་སམ། ཆགས་པའི་ཡུལ་ཉིད་ཀྱིས་སམ་ཆགས་པའི་སྙིང་པོ་ཅན་ཉིད་ཀྱིས་
ཡིན་ནོ། །དེས་ན་དེ་ཉིད་སྤང་བར་བྱ་བ་ཡིན་གྱི། རང་གི་ངོ་བོ་ནི་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་བས། བདག་ཏུ་ལྟ་བར་ཡང་མེད་པའི་ཕྱིར་ཞེས་གསུངས་སོ། །བདག་ཏུ་ལྟ་བ་མེད་པའི་ཕྱིར་ཏེ་ལྡོག་པས་གཞན་གང་ཞིག་ལས་ཉོན་མོངས་པ་འབྱུང་བར་འགྱུར། བདག་ཏུ་ལྟ་བ་ཁོ་ན་ལས་ཉོན་མོངས་པ་
འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ཏུ་ལྟ་བའི་བག་ཆགས་སྤངས་པའི་ཕྱིར། སླར་མི་གཤེགས་པ་ཞེས་བྱ་བའི་ཚིག་གི་ཤུགས་ཀྱི་མདོ་མཛད་པས་བརྗོད་ཀྱི་དངོས་སུ་ནི་མ་ཡིན་ནོ་ཞེས་བརྗོད་དེ་ཞེས་བྱ་བ་ཡིན་ནོ། དེ་ཉིད་བརྗོད་པ་ནི་བདག་ལ་ཕན་འདོགས་ལས་ཞེས་བྱ་བའོ། །བདག་སོགས་
Vol. 184 · folio 172a
ཞེས་སོགས་ཀྱི་སྒྲས་ནི་བདག་གི་བསྡུའོ། །བདག་ལ་ཞེས་བྱ་བ་ནི་འཆད་པའོ། །བདག་ལ་ཕན་འདོགས་པ་དང་གནོད་པ་དེ་གཉིས་ལ་གོ་རིམས་བཞིན་དུ་ཆགས་པ་དང་ལྡན་པ་དག་ཡིན་ནོ། །གང་གིས་ཉེས་པ་རྣམས་ཀྱི་སྐབས་སུ་མི་འགྱུར་བ། གཏི་མུག་ཉིད་ཇི་ལྟར་མེད་
སྙམ་ན། དེ་ནི་བདག་མེད་པའི་ཞེས་གསུངས་སོ། །ཆོས་བདག་མེད་པ་མཐོང་ན་ནི་གཏི་མུག་ཤིན་ཏུ་ཡང་ལྡོག་གོ་ཞེས་བཤད་པ་ནི་གཉིས་སུ་མེད་པ་ཞེས་བྱ་བའོ། །གལ་ཏེ་བདག་མེད་པ་ཅིག་ཤོས་མཐོང་བ་དག་གནོད་བྱེད་དུ་མཚུངས་པ་མ་ཡིན་ནམ། དེས་ན་ཇི་ལྟར་བདག་མེད་པར་མཐོང་
བ་ཅིག་ཤོས་ཀྱི་གནོད་བྱེད་ཡིན་པ་དེ་བཞིན་དུ་མཐོང་བ་ཡང་ཡིན་ནོ། །དེས་ན་ཉེས་པ་རྣམས་སླར་ལྡོག་པ་ཡིན་ནོ་སྙམ་དུ་དོགས་ན། གལ་ཏེ་ཞེས་སྨྲས་སོ། །ཕྱིར་མི་ལྡོག་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱིར་ལྡོག་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་ཕྱིར་ལྡོག་པས་ནའོ། །འོན་ཏེ་
ལུས་པ་གཞན་ལྡོག་པ་ཡིན་ནོ་སྙམ་ན། སླར་ལྡོག་པ་ལས་ལུས་པ་གཞན་ནི་མེད་དོ་ཞེས་གསུངས་སོ། །སླར་ལྡོག་པ་ཉིད་ལུས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་ཡུལ་ཅན་ཉིད་ཀྱི་སྟོབས་མཚུངས་པ་ཉིད་མ་ཡིན་ནོ་ཞེས་ལན་འདེབས་པ་ནི། འདིར་འདི་སྐད་
བརྗོད་དེ་ཞེས་བྱ་བའོ། །བདག་མེད་པར་མཐོང་བ་དེ་ནི་བདེན་པའི་ཕྱིར་དང་། ཐ་དད་པའི་ཕྱིར་དང་། བདག་ཉིད་ཡིན་པའི་ཕྱིར་གནོད་བྱེད་ཡིན་ནོ། །བདག་ཏུ་ལྟ་བ་ནི་ཅིག་ཤོས་ཀྱིས་མ་ཡིན་ཏེ། དེ་ལས་ལྡོག་པ་ཡིན་པའི་ཕྱིར་རོ། །འོ་ན་ལུས་པ་གང་ཡིན་སྙམ་ན། ལུས་ངག་ཅེས་གསུངས་
སོ། །ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་འགལ་བའི་ཕྱིར་དེ་ལས་ལྡོག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། བདེན་པ་ཉིད་དང་འགལ་བ་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་བདེན་པ་དང་ཐ་དད་པའི་སྒྲ་དག་བཤད་ནས། བདག་ཉིད་ཀྱི་སྒྲ་འཆད་པ་ནི་ཐ་དད་པའི་བདག་ཉིད་ཀྱང་ཞེས་བྱ་བའོ། །
བསྡུས་པ་ཡིན་པའི་ཕྱིར་ཐ་དད་པ་སྒྲ་དང་བཅས་ཏེ་རྗེས་སུ་བརྗོད་དོ། །དེ་ལ་བདེན་པ་དང་འགལ་བ་དག་ནི་ཚད་མ་དང་བཅས་པའི་ཕྱིར་ཉེ་བར་བསྟན་པ་ཡིན་ལ། བདག་ཉིད་ཡིན་པའི་ཕྱིར་ནི་འབད་པས་བཟློག་པར་བྱ་བ་ཡིན་པར་བསྟན་ཏོ། །འོན་ཏེ་བདག་ཏུ་ལྟ་བ་ཡང་དེ་བཞིན་དུ་འགྱུར་བ་དེས་ན་གནོད་པར་
Vol. 184 · folio 172b
བྱེད་པ་ཡིན་ནོ་སྙམ་ན་བདག་ཏུ་ལྟ་བ་ནི་ཞེས་གསུངས་སོ། །ཅིའི་ཕྱིར་སྙམ་ན་བདག་མེད་པའི་ཕྱིར་ཏེ་ཞེས་གསུངས་སོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ཉོན་མོངས་པས་བྱས་པ་ནི་ལུས་དང་ངག་དང་སེམས་ཀྱི་གནས་ངན་ལེན་ཏོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །སླར་ལྡོག་པ་མེད་པས་
ཉོན་མོངས་པ་མེད་པའོ། །ཕྱིར་ནད་མེད་པ་ཡོངས་སུ་གདུང་བ་མེད་པ་ཡིན་ཏེ། འཁོར་བའི་སྡུག་བསྔལ་གྱིས་ཡོངས་སུ་གདུང་བ་དང་བྲལ་བའི་ཕྱིར་རོ། །དེ་ཡང་བག་ཆགས་ཙམ་དང་འབྲེལ་བ་ལས་ལུས་ལ་སོགས་པ་མི་མཐུན་པར་འགྱུར་བ་ཁོ་ནའོ་ཞེས་བྱ་བ་ནི་ལྷག་མའོ། །ལམ་བཤད་མི་གསལ་བས་ནི་
རྒྱུ་དང་འབྲས་བུའི་ལམ་གྱི་རྣམ་པ་ཐམས་ཅད་སྟོན་པ་ལ་མི་གསལ་བ་མཚོན་པ་ཡིན་ནོ་ཞེས་གསུངས་པ་ནི་ལམ་གྱི་རྣམ་པ་དུ་མ་ཞེས་བྱ་བའོ། །རྣམ་པ་དང་མ་བརྗོད་པ་ལས་མི་གསལ་བ་ནི་ངེས་པར་བརྗོད་པ་ལས་ཏེ་མ་ལུས་པར་སྟོན་པ་ལ་མི་གསལ་བའོ། །འོ་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལྟར་ལུས་པ་
སྲིད་ནའོ། །དེའི་ཚེ་གང་ལས་ཡོད་པ་ཡིན་ཏེ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མི་ཡོང་སྙམ་ན་བདག་མེད་པས་ཞེས་སྨྲས་སོ། །སྤོང་བ་ལ་ནི་ཞེས་གནོད་པར་བྱེད་པའི་ཚད་མ་ཡང་ཡོད་པ་ཡིན་ཏེ་དེའི་ཕྱིར་ཡང་དེ་སྲིད་པ་མ་ཡིན་ནོ་ཞེས་བཤད་པས་ནི། ཇི་སྲིད་སྨྲ་བ་དེ་སྲིད་དུ་ནི་ཞེས་
བྱ་བའོ། །ཁོ་བོ་ཅག་ལ་སོགས་པ་ལ་སྨྲ་བ་པོ་ཉིད་ནི་ཉེས་པ་དང་ལྡན་པས་ཁྱབ་པ་ཡིན་ཏེ་འདོད་ཆགས་དང་བྲལ་བ་རྡོའི་དུམ་བུ་ལས་ལྡོག་པའི་ཕྱིར་རོ། །ཡང་འབྲས་བུ་སྨྲ་བས་རྒྱུ་རྣམ་པར་རྟོག་པ་གོ་བར་བྱེད་དོ་ཞེས་སྨྲས་པ་ནི། སྨྲ་བ་ནི་ཞེས་བྱ་བའོ། །རྣམ་པར་རྟོག་པ་ནི་རང་གི་རྣམ་པ་ལ་
དོན་དུ་ལྡན་པར་ཞེ་ན་འཁྲུལ་པ་ཡིན་ཏེ། དེ་མ་ཡིན་ལ་དེར་འཛིན་པའི་ཕྱིར་རོ་སྙམ་ན། གལ་ཏེ་ཡང་ལམ་ཙམ་ལས་ལུས་པ་མ་སྤངས་པའི་དེ་ལྟ་ན་ཡང་དེ་ལ་གནས་པའི་ཁྱད་པར་གྱི་རྣམ་པ་བསྟན་པ་ཉིད་ཀྱི་ལམ་གཞན་སྦྱོར་བས་ལན་འདེབས་པ་ནི། གོམས་ཕྱིར་ཞེས་བྱ་བའོ། །གོམས་
ཕྱིར་ཞེས་བྱ་བ་ནི་ཁྱད་པར་གྱི་རྣམ་པའི་ཡུལ་ཅན་བསྒོམ་པའི་ལམ་ཞེས་བྱ་བ་ལས་སོ། །སྤངས་པ་གང་ལ་ལུས་པ་མེད་པ་དེ་ནི་མ་ལུས་སྤངས་པའོ། །འདི་ཞེས་བྱ་བ་ནི་སྨྲ་བ་པོ་ཉིད་དོ། །དེ་ཕྱིར་ཞེས་བྱ་བ་ནི་མི་མཐུན་པའི་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་
Vol. 184 · folio 173a
གོམས་པ་ལས་སོ། །དེ་འགོག་པ་བྱེད་པའི་ཚད་མ་ཡང་མི་མཐུན་པའི་ཕྱོགས་ལ་ལྡོག་པར་ཐེ་ཚོམ་ཟ་བ་ཉིད་ཀྱིས་མ་ངེས་པ་ཡིན་ནོ་ཞེས་གསུངས་པ་ནི། སྨྲ་བ་ཙམ་གྱིས་ཞེས་བྱ་བའོ། །འཁྲུལ་པ་བསྒྲུབ་པ་ཡང་ཐུན་མོང་གི་མ་ངེས་པ་ཡིན་ནོ་ཞེས་བརྗོད་པ་ནི་
ཚིག་རྣམ་པར་རྟོག་པ་བསྒྲུབ་པར་བྱ་བ་ལ་ཡང་ཞེས་གསུངས་སོ། །རྣམ་པར་རྟོག་པ་མེད་ཀྱང་ཤིན་ཏུ་གོམས་པ་ལས་ཚིག་སོ་སོ་དང་ངག་སོ་སོར་སྨྲ་བ་མཐོང་བའི་ཕྱིར་རོ། །དེ་དག་ནི་ཡོད་ཀྱང་མི་རིགས་པ་ཡང་མ་ཡིན་ཏེ། རྣམ་པར་རྟོག་པ་འདི་དག་སྐྱེ་བ་དང་འགག་པ་མི་རིགས་པ་ཡང་
མ་ཡིན་ཏེ་ཞེས་བྱ་བའི་ཚུལ་གྱིས་སོ། །འཕེལ་བའི་ཞེས་བྱ་བ་གོམས་པའི་ཤུགས་ཀྱིས་སོ། །འདུལ་བྱ་དང་དེའི་བསམ་པ་དང་། དེའི་ལམ་མངོན་དུ་གཟིགས་པ་ཉིད་ལས་རྣལ་འབྱོར་པའི་ཚིག་འཇུག་པ་ཡིན་ནོ། །ཅི་ལྟར་ཁོ་བོ་ཅག་གི་ཀ་བ་ལ་སོགས་པ་མཐོང་བ་ན་འདི་ཀ་བའོ་ཞེས་
བརྗོད་པ་བཞིན་ནོ། །དེ་བརྗོད་པ་ནི་བཤད་ཟིན་པའི་ཞེས་བྱ་བའོ། །རྣམ་པ་ཐམས་ཅད་རྣམ་རྟོག་ནི། །ཞེས་བྱ་བ་ནི་དེས་བསྐྱེད་པའི་མངོན་སུམ་གྱི་ཤེས་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མི་གསལ་བར་སྣང་བ་མེད་པར་རྣམ་པ་ཐམས་ཅད་པའི་མངོན་སུམ་ལས་ཇི་ལྟར་ཚིག་འཇུག་སྙམ་ན།
གསལ་བར་མི་སྣང་བ་ཉིད་ལས་ཞེས་བྱ་བའོ། །ངེས་པར་བཀག་པའི་ཕྱིར་ན་གསལ་བར་སྣང་བ་ལས་ཀྱང་སྒྲ་འཇུག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གིས་དེ་སྐད་བརྗོད་པ་དེའི་ཅི་ལྟར་མཐོང་བ་ཡོད་དམ་སྙམ་ན། མངོན་སུམ་གྱིས་མཐོང་ཞེས་གསུངས་སོ། །སྒྲའི་རྣམ་པ་བཤད་པ་
ནི་འདི་ནི་ཀ་བ་ཡིན་ནོ་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་མི་གསལ་བར་སྣང་བ་ཁོ་ན་ལས་སྒྲ་འཇུག་ནའོ། །དེའི་ཚེ་ནི་སྒྲ་འདི་འཇུག་པ་མེད་པར་འགྱུར་རོ། །འོན་ཏེ་འདིར་མི་གསལ་བར་སྣང་བ་ལས་སྒྲ་འཇུག་པ་ཡིན་ནོ་སྙམ་ན། འདིར་ནི་ཞེས་གསུངས་ཏེ་ཀ་བ་ལ་སོགས་
པར་རོ། །གཞན་ལ་ཡང་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མངོན་སུམ་དུ་མཐོང་བ་ལའོ། །དེ་ལྟར་རྣམ་པར་རྟོག་པར་མི་བྱེད་པ་ལ་ཡང་ཚིག་ཡོད་པའི་ཕྱིར་རྣམ་པར་རྟོག་པ་ལ་ངེས་པ་མ་ཡིན་ནོ། །དེས་ན་སྨྲ་བ་ནི་ཐུན་མོང་གི་མ་ངེས་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་དང་ལྡན་པ་ལ་ནི་ལྡོག་
Vol. 184 · folio 173b
པ་ལ་ཐེ་ཚོམ་ཟ་བ་མ་ཡིན་ཏེ། འགལ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །ཉེས་པ་ནི་འདོད་ཆགས་ལ་སོགས་པ་དང་ལྡན་པའམ། རྣམ་པར་རྟོག་པ་དང་ལྡན་པའོ། །གལ་ཏེ་བདག་དང་བདག་གིར་ལྟ་བ་ནི་ཉོན་མོངས་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་བདེ་བ་དང་
གཞན་གྱི་སྒྲུབ་པར་བྱེད་པ་ཉིད་དུ་འཛིན་པ་དང་དྲན་པ་ཡིན་ནོ། །དེ་ནི་བདག་ལ་སོགས་པ་ལྟ་བ་སྤངས་པ་ལ་ཡང་ཉམས་པ་མེད་པའི་ཕྱིར་སེམས་ཀྱི་རྒྱུན་བཞིན་དུ་ཉོན་མོངས་པའི་རྒྱུན་ཡང་ཉམས་པ་མ་ཡིན་ནོ་ཞེས་བྱ་བར་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །གཞན་ལས་ཞེས་བྱ་བ་ནི་བདེ་བ་ལ་
སོགས་པའི་སྒྲུབ་པར་བྱེད་པ་འཛིན་པ་དང་དྲན་པའི་རྒྱུན་ལས་ཉེས་པ་རྣམས་ཟད་པ་ཡོད་པ་མ་ཡིན་ནོ། །དེས་ན་བདག་ལ་སོགས་པར་ལྟ་བ་སྤངས་པ་རྣམས་ལ་ཡང་མེད་པར་མ་གྲུབ་པོ། །ཅི་སྟེ་བདག་ལ་སོགས་པ་ལྟ་བ་སྤངས་པ་ལ་ཉོན་མོངས་པའི་རྒྱུ་མ་དམིགས་སོ་སྙམ་དུ་དོགས་པ་བསུ་
ནས། ཤིན་ཏུ་དབང་པོ་ལས་འདས་པའི་དོན་མ་དམིགས་པ་བཞིན་དུ་བལྟར་མི་རུང་བའི་ཡུལ་ཅན་གྱི་མི་དམིགས་པ་དེ་ནི་མེད་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། ཉེས་པ་མི་ཟད་པའི་རྒྱུ་ཞེས་བྱ་བའོ། །བདག་ལ་སོགས་པར་ལྟ་བ་སྤངས་པ་ལ་ཉེས་པའི་རྒྱུ་མ་དམིགས་ཀྱང་ཤེས་པ་
མི་སྲིད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་དང་མ་འབྲེལ་བའི་བདེ་བ་ལ་སོགས་པ་ཉིད་ཤེས་པ་ནི་འདོད་ཆགས་ལ་སོགས་པའི་རྒྱུ་མ་ཡིན་པ་ཁོ་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བརྗོད་པ་ནི་མ་མཐོང་བ་ཇི་ལྟར་རྟོགས་པར་བྱེད་ཅེས་བྱ་བ་ཡིན་ནོ། །འོ་ན་ཇི་ལྟར་འཇིག་པ་མེད་པ་
ཉིད་དུ་རྣམ་པར་རྟོག་སྙམ་ན་རྟག་ཉིད་ཕྱིར་རམ་ཞེས་གསུངས་སོ། །མི་ཟད་པ་ཉིད་དུ་རྟོགས་པ་ནི་རྒྱུ་མཚན་ཡོད་པ་ལས་ཡིན་གྱི་རྒྱུ་མཚན་ཡང་འཇིག་པ་མེད་པའི་ཕྱིར་རྟག་པ་ཡིན་པའམ། མི་རྟག་པ་ཡིན་ཡང་རྒྱུན་གཅོད་པའི་ཐབས་མེད་པས་ན། སེམས་བཞིན་དུ་རྒྱུན་དུ་འཇུག་པའམ།
དེ་གཅོད་པའི་ཐབས་ཡོད་ཀྱང་སོ་སོའི་སྐྱེ་བོ་བཞིན་དུ་མི་ཤེས་པའི་ཕྱིར་ཡིན་གྲང་ནའོ། །རྒྱུ་ཞེས་བྱ་བ་ནི་རྒྱུ་མཚན་དེ་རྟག་པ་ཉིད་ལ་སོགས་པའོ། །དེ་ཡང་མ་གྲུབ་སྟེ། འདོད་ཆགས་ལ་སོགས་པ་ནི་སྐྱེ་བ་དང་ལྡན་པ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི་རྒྱུ་ཡོད་ཕྱིར་དང་ཞེས་བྱ་བའོ། །རྒྱུ་མ་
Vol. 184 · folio 174a
ཚང་བ་མེད་པ་ལས་འབྱུང་བ་ཡང་གྲང་བ་བཞིན་དུ་རྒྱུའི་གཉེན་པོ་སྲིད་ན་རྩ་བ་དང་བཅས་པ་སྟེ་འཆད་པར་འགྱུར་རོ་ཞེས་བརྗོད་པ་ནི་རྒྱུའི་གཉེན་པོ་ཞེས་བྱ་བ་ཡིན་ནོ། །གཉེན་པོ་གོམས་པར་བྱས་པས་རྒྱུ་ཟད་པའི་ཕྱིར་རོ། །རྒྱུའི་རང་བཞིན་ཤེས་ན་ནི་དེ་དང་འགལ་
བའི་རྒྱུའི་གཉེན་པོ་ཡང་མཁས་པས་ཤེས་པར་འགྱུར་རོ་ཞེས་བརྗོད་པ་ནི། རྒྱུའི་རང་བཞིན་ཤེས་པའི་ཞེས་བྱ་བའོ། །བཤད་པར་ནི་རྒྱུ་དང་ལྡན་པ་ཉིད་བྱེད་པ་པོ་དང་ལྡན་པར་འདོད་པ་ཡིན་ནོ། །དེ་ཞེས་བྱ་བ་ནི་ཉེས་པ་ཟད་པའི་རྒྱུའོ། །ཏིལ་མར་གཉེན་པོ་ཡིན་པ་བཞིན་ནོ་ཞེས་རྗེས་སུ་འཇུག་
གོ། །ཅིའི་ཕྱིར་གཉེན་པོ་ཡིན་སྙམ་ན། དྲོ་བ་དང་སྣུམ་པ་ཉིད་ཀྱིས་ཞེས་གསུངས་སོ། །ཕྱི་རོལ་ནི་ཏིལ་མར་ལ་སོགས་པའོ། །ཕྱི་རོལ་གྱི་ནི་རླུང་ལ་སོགས་པའིའོ། །མཐུ་ལ་སོགས་པའི་ཁྱད་པར་མེད་པ་ནི་སྨན་གྱི་རྫས་རྣམས་ཉམས་པའི་ཕྱིར་རོ། །བདག་མེད་པར་ལྟ་བ་ནི་ཞེས་བྱ་བ་ནི་ཡུལ་གྱི་
ལྷན་ཅིག་བྱེད་པ་ཙམ་ཡིན་པའི་ཕྱིར་ཉམས་མེད་པ་ཡིན་ནོ། །ལོག་པར་རྟོག་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་བདག་མེད་པར་ལྟ་བ་ཉམས་པ་མེད་པ་ནི་བདག་ཏུ་ལྟ་བ་རྩ་བ་མེད་པ་ཅན་གྱི་གནོད་བྱེད་ཡིན་པའི་ཕྱིར། གལ་ཏེ་བཅོམ་ལྡན་འདས་བདེ་བར་གཤེགས་པ་ཡིན་ཡང་སྐྱེས་བུ་གཞན་བཞིན་དུ་
རང་ཉིད་ཚད་མ་ཡིན་གྱི། བདག་ཅག་རིག་བྱེད་པ་རྣམས་ལ་ནི་མ་ཡིན་ནོ། །གཞན་གྱི་ཤེས་པ་གཞན་ལ་ཚད་མར་འགྱུར་བ་ནི་མ་ཡིན་ཏེ། ཉེ་བར་སྟོན་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །རིག་བྱེད་ནི་མི་ལ་སོགས་པ་བཞིན་དུ་དེ་དང་ལྡན་པ་ལ་ཚད་མ་ཡིན་ནོ་ཞེས་དོགས་པར་བྱེད་པ་ནི་གལ་ཏེ་
སྨྲ་ཡང་ཞེས་བྱ་བའོ། །ཇི་སྟེ་གཞན་ཡང་ཚིག་གི་སྒོ་ནས་གཞན་ལ་ཚད་མ་ཡིན་ནོ་ཞེ་ན་བདེན་ཏེ། ཕྱིན་ཅི་མ་ལོག་པར་སྨྲ་ན་དེ་ལྟར་འགྱུར་བ་ཞིག་ན། བདེ་བར་གཤེགས་པ་ནི་མ་ཡིན་ཏེ། རིག་བྱེད་ཀྱི་ཚད་མས་གནོད་པའི་དོན་སྟོན་པའི་ཕྱིར་རོ་ཞེས་སྨྲས་པ་ནི་ཚད་མ་ནི་ཞེས་བྱ་བའོ། །
ཕྱིན་ཅི་ལོག་ཅེས་བྱ་བ་ནི་རིག་བྱེད་དང་འགལ་ལོ། །རིག་བྱེད་ནི་ཚད་མ་མ་ཡིན་ཏེ་སྐྱོབ་པ་ཉིད་མེད་པས་དོར་བའི་ཡན་ལག་ཡིན་པའི་ཕྱིར་རོ། །བཅོམ་ལྡན་འདས་ནི་ཚད་མ་ཡིན་ཏེ་ཟློག་པའི་ཕྱིར་རོ། །ཉ་ཕྱིས་ལ་དངུལ་གྱི་ཤེས་པ་ཐོབ་པ་ཙམ་གྱིས་མི་འདོར་བ་མ་ཡིན་བས་དེ་བཞིན་དུ་རིག་བྱེད་
Vol. 184 · folio 174b
ཀྱང་ཡིན་ནོ་ཞེས་གསུངས་པ་ནི། བཅོམ་ལྡན་འདས་ནི་ཞེས་བྱ་བའོ། །བཅོམ་ལྡན་འདས་ལ་ནི་སྐྱོབ་པ་ཉིད་མངའ་བའི་ཕྱིར་ན་བཟློག་པའི་གནོད་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི། སྐྱོབ་པ་ཞེས་བྱ་བའོ། །འདིའི་རྣམ་པར་འགྲེལ་པ་ནི། ཉིད་གཟིགས་སམ་གསུང་བ་ཞེས་བྱ་བའོ། །
ཚིག་ནི་མཐོང་བ་སྔོན་དུ་འགྲོ་བ་ཅན་དུ་མཐོང་སྟེ། དེས་ན་བཅོམ་ལྡན་འདས་ཀྱང་དེ་བཞིན་དུ་འགྱུར་རོ། །གལ་ཏེ་སླུ་བའི་བསམ་པ་ཅན་ལ་ནི་གཞན་དུ་ཡང་མཐོང་བ་ཡིན་ནོ་སྙམ་ན། འབྲས་མེད་ཕྱིར་ན་ཞེས་བྱ་བའོ། །ཐོབ་པར་བྱ་བ་མ་ལུས་པར་ཐོབ་པ་ནི་ཕྱིན་ཅི་ལོག་ཏུ་གསུང་བ་ལ་
དགོས་པ་ཡོད་པ་མ་ཡིན་ནོ། །ཐོབ་པར་བྱ་བ་ཐམས་ཅད་མ་ཐོབ་པ་བདག་ཏུ་ལྟ་བ་ཅན་ནོ། །ཐོབ་པར་བྱ་བའི་དོན་དུ་ཙམ་ཡང་སྨྲ་བར་འགྱུར་ཏེ། ཚད་མ་ཕུན་སུམ་ཚོགས་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཐོབ་པར་བྱ་བ་ཐོབ་པ་ཡིན་ཡང་འཕགས་པ་ཉན་ཐོས་བཞིན་དུ་ཉེས་པར་སྟོན་
པར་མི་འགྱུར་བ་ཁོ་ན་སྟེ། དགོས་པ་མེད་པའི་ཕྱིར་རོ། །སྙིང་རྗེ་ཅན་ཡང་དགོས་པ་མེད་པར་ནི་གཞན་གྱི་དོན་ཙམ་དུ་སྨྲ་བ་མ་ཡིན་ནོ་སྙམ་དུ་དོགས་ན། ཐུགས་བརྩེར་ལྡན་ཕྱིར་ཞེས་གསུངས་སོ། །གཞན་གྱི་དོན་དུ་ཞེས་བྱ་བ་ནི། རང་གི་དགོས་པ་མེད་ཀྱང་གཞན་གྱི་དོན་དགོས་པ། ཚིག་གི་བྱེད་
པ་གང་ལ་ཡོད་པ་ཞེས་ཁྱད་པར་དུ་བྱས་པའི་ཕྱིར་གསུངས་པ་ཡིན་ནོ་ཞེས་འབྲེལ་ཏོ། །གལ་ཏེ་ཐུགས་བརྩེ་བ་དང་ལྡན་ཡང་ཤེས་པར་མི་ནུས་པ་དབང་པོ་ལས་འདས་པ་མ་ཤེས་པ་ན་ཡང་རྨོངས་པ་ལས་ཉེ་བར་སྟོན་པ་མཐོང་བ་ཡིན་ནོ་སྙམ་དུ་དོགས་ན། ཐམས་ཅད་མཁྱེན་པའི་དོན་དུ་རྩོམ་པ་མཐའ་དག་ནི་རྩོམ་
ཀུན་ནོ། །དེ་ལ་སྦྱོར་བ་ནི་གོམས་པ་སྟེ་དེའི་ཕྱིར་རོ། །ཡིད་གསལ་བའི་ཕྱིར་རོ་ཁྱད་པར་མ་ལུས་པ་ཡོངས་སུ་ཤེས་པའི་ཕྱིར་འདི་ལ་ཤེས་པར་མི་ནུས་པ་དབང་པོ་ལས་འདས་པའི་དོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རིག་བྱེད་ལ་ཡང་དེ་ལྟ་བུར་གྱུར་པའི་སྐྱོབ་པ་ཡོད་པར་འགྱུར་རོ་སྙམ་ན།
གང་གིས་ཞེས་གསུངས་སོ། །གལ་ཏེ་གཞན་ལ་ཡང་ཇི་ལྟར་ཡིད་ཆེས་ཏེ། མི་བདེན་པ་བརྗོད་པའི་དོགས་པ་མི་ལྡོག་པའི་ཕྱིར་རོ་སྙམ་ན། གང་ལ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་མངོན་པར་འདོད་པར་བྱ་བ་མེད་པས་སོ། །རྒྱུ་མེད་པའི་ཕྱིར་ཡང་ཕྱིན་ཅི་ལོག་གསུང་མི་སྲིད་དོ་ཞེས་གསུངས་
Vol. 184 · folio 175a
པ་ནི། བརྩེ་བ་དང་ལྡན་པ་ཡིན་པའི་ཕྱིར་ཞེས་བྱ་བའོ། །རྒྱུ་མེད་དོ་ཞེས་བྱ་བ་ནི་བརྩེ་བ་ཉིད་མེད་པའོ། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང་། །གཞན་གྱི་དོན་དུ་སྦྱོར་ཕྱིར་རོ། །ཞེས་བྱ་བ་འདི་ཉེ་བར་སྟོན་པའི་རྒྱུ་བརྗོད་པ་ཡིན་ནོ་ཞེས་སྟོན་པ་ནི་ཐུགས་རྗེ་མངའ་
བའི་ཕྱིར་དང་ཞེས་བྱ་བའོ། །འཕེན་པའི་ཤུགས་ལས་ཞེས་བྱ་བ་ནི་གོམས་པ་ཕུལ་དུ་ཕྱིན་པ་ལས་རྣམ་པར་རྟོག་པ་མི་མཛད་བཞིན་དུ་སྟོན་པའོ། །དེ་ལྟར་བཅོམ་ལྡན་འདས་མི་སླུ་བ་དང་ལྡན་པའི་ཕྱིར་ན། མངོན་སུམ་དང་རྗེས་སུ་དཔག་པ་བཞིན་དུ་ཚད་མ་ཡིན་ནོ་ཞེས་གསུངས་པ་ནི།
དེས་ན་ཞེས་བྱ་བའོ། །སྟོན་པ་ནི་འཆད་པ་སྟེ། དེ་ནི་འཕེན་པ་ལས་སྲིད་པ་ཡིན་པའི་ཕྱིར་རོ། །འབྲས་མེད་ཕྱིར་ན་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་གསུམ་གྱི་རྣམ་པར་གཅད་པ་ནི་གོ་རིམས་བཞིན་ལུང་རྟོགས་པ་དང་། འཕགས་པ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་སོ། །རང་གིས་
གཟིགས་པའི་ལམ་གསུངས་པ་ནི་མུ་སྟེགས་བྱེད་གཞན་དང་ཐུན་མོང་ཡིན་པའི་ཕྱིར། དེ་ལས་ཚད་མར་མི་འགྱུར་རོ་ཞེས་ཕྱོགས་སྔ་མ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཕྱོགས་སྔ་མ་སྨྲ་བ་ཉིད་དོགས་པ་བསུ་བར་བྱེད་པ་ནི་འོན་ཏེ་དེ་དག་གི་ཞེས་གསུངས་ཏེ། མུ་སྟེགས་བྱེད་རྣམས་
ཀྱིའོ། །ལན་འདེབས་པ་ནི་འོ་ན་ཞེས་བྱ་བའོ། །འདི་ལ་ཡང་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་བཤད་པའི་ལམ་མོ། །གྲུབ་པའི་མཐའ་སྨྲ་བས་འདི་ལ་བཤད་ཟིན་ཏེ་ཞེས་གསུངས་སོ། །ལམ་ནི་མཐོང་བ་དང་བསྒོམ་པའི་བདག་ཉིད་ཅན་ཡིན་ནོ། །དེ་དག་གི་ནི་ཞེས་བྱ་བ་ནི་དབང་ཕྱུག་དང་ཁྱབ་འཇུག་
ལ་སོགས་པའོ། །བདག་མེད་པ་མཐོང་བ་ནི་མཐོང་ལམ་མོ། །རིགས་པ་ནི་བསྒོམ་ལམ་སྟེ། དེ་དག་མེད་པས་ཚད་མ་མ་ཡིན་ནོ། །གལ་ཏེ་དེ་དག་ལ་རང་གིས་མཐོང་བ་ཡོད་པ་མ་ཡིན་ནམ། དེས་ན་དེ་དག་ཚད་མ་ཡིན་ནོ་སྙམ་ན། དེ་དག་ནི་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། ཉེ་བར་
བསྟན་པ་ཞེས་གསུངས་སོ། །འོ་ན་དེ་ལས་ཚད་མ་ཡིན་པ་སུ་ཡིན་སྙམ་ན། བཅོམ་ལྡན་འདས་ནི་ཞེས་གསུངས་སོ། །དེའི་ཕྱིར་ཞེས་བྱ་བ་ནི། འདི་ཉིད་ཀྱིས་གཟིགས་པའི་ལམ་གསུངས་པའི་མཚན་ཉིད་ཀྱི་ཕྱིར་རོ། །སྐྱོབ་པའི་སྒྲའི་བཤད་པ་གཞན་གསུངས་པ་ནི་ཡང་ན་སྐྱོབ་
Vol. 184 · folio 175b
ཅེས་བྱ་བའོ། །འདི་ནི་ཐུན་མོང་མ་ཡིན་པའི་ཕྱིར་ན་གཞན་སྐྱོབ་པ་མ་ཡིན་ནོ་ཞེས་དགོངས་པའོ། །ཡང་ན་ཚིགས་སུ་བཅད་པ་དང་པོའི་ལུགས་དང་མཐུན་པར་བཤད་ནས་ལུགས་དང་མི་མཐུན་པར་བཤད་པའི་ཕྱིར། རེ་ཞིག་སྐྱོབ་པའི་སྒྲའི་དོན་གསུངས་པ་ནི་ཡང་ན་སྐྱོབ་ཅེས་བྱ་བའོ། །
འཆད་པ་ནི་ཡང་ན། བདེན་པ་ཞེས་བྱ་བའོ། །གལ་ཏེ་རིགས་པའི་བསྟན་བཅོས་ལ་སོགས་པར་ལུས་ལ་སོགས་པ་བདག་མེད་པ་ལ་བདག་ཏུ་ལྟ་བ་དང་ཐམས་ཅད་ཀྱི་ཐུན་མོང་བ་གཟུགས་ལ་སོགས་པ་ཡང་དེའི་ཞེས་ཐུན་མོང་མ་ཡིན་པར་བདག་གིར་ལྟ་བ་སྡུག་བསྔལ་གྱི་རྒྱུ་ཡིན་ལ།
དེ་ལས་བཟློག་པ་མཐོང་བ་ནི་བྱང་གྲོལ་གྱི་རྒྱུ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཉིད་མ་ཡིན་ནམ། དེ་ཇི་ལྟར་ན་བདེན་པ་སྟོན་པ་ཐུན་མོང་མ་ཡིན་པ་ཉིད་ཡིན་སྙམ་དུ་དོགས་པ་བསུ་ནས། གལ་ཏེ་ཡང་ཞེས་གསུངས་སོ། །སྟོན་པར་བྱེད་པ་ནི་གསལ་བར་བྱེད་པའོ། །གལ་ཏེ་ལམ་
འདི་ཡང་དངོས་པོའི་གནས་ལུགས་ལ་རིགས་པས་མི་འཐད་པ་མ་ཡིན་ནམ། དེས་ན་ཁྱད་པར་དུ་འཕགས་པ་ཅི་ཞིག་ཡོད་ན་གང་གིས་འདི་ཁོ་ན་ལམ་ཡིན་སྙམ་ན། བདག་ཏུ་སྨྲ་བའི་ལྟར་ན་ཡང་ལུགས་ལ་སོགས་པ་ལ་བདག་མེད་པར་ལྟ་བ་ཁོ་ན་འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་
གྱི། བདག་ཏུ་ལྟ་བ་ནི་མ་ཡིན་ཏེ་འགལ་བ་མེད་པའི་ཕྱིར་རོ་ཞེས་སྟོན་པ་ནི། ལམ་འདི་ནི་ཞེས་གསུངས་སོ། །གལ་ཏེ་སྡུག་བསྔལ་ལ་མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་སྟོང་པ་ཉིད་དང་། བདག་མེད་པ་ཉིད་ཅེས་བྱ་བའི་རྣམ་པ་བཞི་ཡོད་ཀྱང་སྡུག་བསྔལ་གྱི་རྣམ་པ་ཉིད་ཀྱིས་
ཐ་སྙད་དུ་བྱེད་པ་ཅིའི་དོན་དུ་ཡིན་སྙམ་དུ་དོགས་ནས། འདི་དག་ནི་མིང་གིས་ཀྱང་ཞེས་གསུངས་ཏེ། གང་ལས་དེ་སྤང་བའི་ཕྱིར་ཐབས་ཚོལ་བའི་དེ་སྐྱོ་བར་འགྱུར་བ་ཉིད་དེ། དོན་དམ་པར་དེའི་རང་བཞིན་ཡིན་པ་འབའ་ཞིག་གིས་ཡིན་པར་ནི་མ་ཟད་པའོ། །ཇི་ལྟར་ཞེ་ན། དཔེར་ན་ཞེས་
གསུངས་སོ། །ཀུན་གྱི་རྣམ་པར་བཤད་པ་ན། །རྒྱུ་དང་རྐྱེན་དང་རབ་ཏུ་སྐྱེ་བའི་རྣམ་པ་རྣམས་དང་འགོག་པའི་རྣམ་པར་བརྗོད་པར་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བ་རྣམས་དང་། ལམ་གྱི་རྣམ་པ་བརྗོད་པ་ཡང་རིགས་པ་དང་། སྒྲུབ་པ་དང་ངེས་པར་འབྱིན་པའི་རྣམ་པ་རྣམས་
Vol. 184 · folio 176a
བསྡུས་པ་ཡིན་ནོ། །དེ་ལ་རེ་ཞིག་སྡུག་བསྔལ་གྱི་བདེན་པ་བཤད་པ་ཡང་། སྡུག་བསྔལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །འགྲོ་ཞིང་འཁོར་བས་འཁོར་བ་སྟེ། །སྐྱེ་བ་དང་འཆི་བའི་རྒྱུན་ནོ། །དེ་གང་ལ་ཡོད་པ་དེ་དག་ནི་འཁོར་བ་ཅན་ནོ། །འདི་ནི་གཏན་
ཚིགས་སོ། །ཕུང་པོ་ཞེས་བྱ་བ་ནི་ཆོས་ཅན་ནོ། །འཁོར་བ་ཅན་ཉིད་ནི་ཇི་ལྟར་འགྲུབ་སྙམ་ན། གོམས་ལས་ཞེས་གསུངས་སོ། །འདུ་བྱེད་ཀྱིས་བསྡུས་པའི་ཡིད་ཀྱི་གོམས་པ་ལས་འདོད་ཆགས་ལ་སོགས་པ་གསལ་བ་ཁྱད་པར་དུ་གྱུར་པ་མཐོང་བའི་ཕྱིར་རོ། །གཞན་ལས་འབྱུང་
བ་ནི་ངེས་པ་དེས་ཁྱད་པར་དུ་འཕགས་པ་དེ་མ་ཡིན་ནོ། །འདོད་རྒྱལ་དུ་གློ་བུར་བར་སྐྱེ་བ་མ་ཡིན་ཏེ། འབྲས་བུ་སྐྱེ་བ་འགལ་ཕྱིར་ཏེ་མེད་པའི་ཕྱིར་རོ། །རྒྱུ་མེད་པར་ནི་འབྲས་བུ་འབྱུང་བ་མ་ཡིན་པའི་ཕྱིར་ན། རྟག་ཏུ་མེད་པར་འགྱུར་རོ། །ཡང་ན་རྒྱུ་མེད་པར་ཏེ་རྒྱུའི་དངོས་པོ་མེད་པ་ལས་
སྐྱེ་བ་འབྱུང་བ་འགལ་བའི་ཕྱིར་ཏེ་མེད་པའི་ཕྱིར་ཏེ་རྟག་ཏུ་ཡོད་པར་འགྱུར་རོ། །བཤད་པ་མཛད་པས་ནི་འཁོར་བ་ཅན་ཉིད་སྡུག་བསྔལ་བ་ཉིད་དང་འགལ་བ་ཡིན་ཏེ་བཟློག་པས་ཁྱབ་པའི་ཕྱིར་ཞེས་བཤད་པ་ནི་གལ་ཏེ་འདོད་ཆགས་ཞེས་བྱ་བའོ། །ཞེ་སྡང་ཡང་བདེ་བའི་རྒྱུ་ཡིན་པའི་ཕྱིར། བདེ་བ་
ཉིད་ཡིན་ཞིང་ཞེས་བྱ་བར་རྗེས་སུ་འཇུག་གོ། །འོ་ན་ལུས་ལ་སོགས་པ་ཇི་ལྟར་བདེ་བ་ཡིན་སྙམ་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཞེས་གསུངས་སོ། །དེ་ལྟ་བུ་ཉིད་ཅེས་བྱ་བ་ནི་བདེ་བའི་རྒྱུ་ཡིན་པའི་ཕྱིར་བདེ་བ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ཐམས་ཅད་བདེ་བའི་རྒྱུ་ཉིད་ཡིན་
པས་ནའོ། །བསྟན་པ་ནི་སྡུག་བསྔལ་གྱི་བདེན་པ་བཤད་པའོ། །དེ་ལ་རེ་ཞིག་བདེ་བའི་རྣམ་པ་ནི་སྡུག་བསྔལ་གྱི་རྣམ་པ་དང་འགལ་བ་མ་ཡིན་ཏེ་ལྷན་ཅིག་གནས་པའི་ཕྱིར་རོ། །འོན་ཀྱང་མ་ངེས་པ་ཡིན་ཏེ། དུག་དང་བཅས་པའི་ཟས་བཞིན་དུ་སྡུག་བསྔལ་དུ་རོ་གཅིག་པའི་ཕྱིར་ན་བླང་
བར་བྱ་བ་མ་ཡིན་ནོ་ཞེས་བཤད་པ་ནི་འཁོར་བའི་ལམ་དུ་ཞེས་བྱ་བའོ། །འོ་ན་ཇི་ལྟར་ཕུང་པོ་རྣམས་ལ་བདེ་བ་ཉིད་དུ་མཐོང་སྙམ་ན། མ་རིགས་པས་ནི་ཞེས་གསུངས་སོ། །གཞན་དུ་ཞེས་བྱ་བ་ནི་བདེ་བ་ཉིད་དུའོ། །འདིས་ནི་སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བ་མེད་དོ་ཞེས་བྱ་བ་
Vol. 184 · folio 176b
བསལ་ཏེ། རྩོད་པ་ལྷག་མ་བསལ་བའི་དོན་དུ་དྲན་པར་བྱེད་པ་ནི། འདོད་ཆགས་ལ་སོགས་པའི་བདེ་བའོ་ཞེས་བྱ་བའོ། །ཕུང་པོ་རྣམས་ལ་བདེ་བའི་རྣམ་པ་ཡང་དངོས་པོ་མ་ཡིན་ཏེ། གོམས་པ་ལས་བྱུང་བའི་ཕྱིར་རོ། །རི་དགས་ཤོར་བ་ལ་སོགས་པ་བཞིན་ནོ་ཞེས་བྱ་བའི་དོན་
ཅན་འདོད་ཆགས་ལ་སོགས་པ་བདེ་བའི་ཞེས་བྱ་བ་འཆད་པ་ནི་འདོད་ཆགས་གོམས་པའི་ཞེས་བྱ་བའོ། །དེ་མེད་མི་འབྱུང་ནི་འདོད་ཆགས་མེད་ན་མི་འབྱུང་བའོ། །ངོ་བོ་ཉིད་དུ་གྲུབ་མིན་ཞེས་བྱ་བ་ནི་ས་བོན་ལ་སོགས་པ་ལས་མྱུ་གུ་ལ་སོགས་པ་ལྟར་གོམས་པ་ལ་མ་ལྟོས་པར་མི་སྐྱེ་
བའོ། །གལ་ཏེ་རྒྱུ་ལ་མི་ལྟོས་པའམ་རྟག་པ་ཡིན་ན་ནི་དེའི་ཚེ་རྣམ་པ་གཞན་མེད་པས་ན་དོར་བར་མི་ནུས་པ་དོན་དམ་པར་ཡང་འགྱུར་བ་ཞིག་གོ་ཞེས་བཤད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་ནི་འདོད་ཆགས་ལ་སོགས་པ་དོན་དམ་པར་ཡོད་དོ་ཞེས་བྱ་བ་འཐད་པ་ཞིག་ན་ཞེས་བྱ་བའོ། །འདོད་
ཆགས་ལ་སོགས་པ་གོམས་པ་ལས་འབྱུང་བ་ཡིན་ན་ནི་ཡང་དག་པ་མ་ཡིན་པ་ཉིད་དོ་ཞེས་བརྗོད་པ་ནི། གང་གི་ཚེ་ཞེས་བྱ་བ་ནིའོ། །དེ་ཉིད་ལས་ཞེས་བྱ་བ་ནི་གོམས་པ་ཉིད་ལས་སོ། །གཏན་ཚིགས་དེའི་ཕྱིར་འདོད་ཆགས་ལ་སོགས་པ་ཡང་དག་པ་མ་ཡིན་པའོ། །ཀུན་དུ་རྟོག་པ་
ཙམ་ཡིན་གྱི་དོན་དམ་པ་ནི་མ་ཡིན་པའོ། །དེ་ལྟ་ནའང་དེ་ཇི་ལྟར་འདི་སྙམ་ན། དེས་ན་གོམས་ཞེས་གསུངས་སོ། །རྒྱུ་དོར་བས་འབྲས་བུ་དོར་བར་སླ་བ་ཡིན་ནོ། །དེས་ན་ཞེས་བྱ་བ་གོམས་པ་ལ་རག་ལས་པའི་ཕྱིར་རོ། །དོན་དམ་པ་ཡིན་ན་ནི་གོམས་པ་ལ་རག་ལས་པ་ཉིད་མེད་པའི་ཕྱིར་ན་མི་
སྤོང་བ་ཡིན་ནོ། །དེ་ལ་རག་ལས་པ་ཡིན་ན་ནི། དེ་མེད་པས་མེད་པའི་ཕྱིར་དོན་དམ་པར་ཡོད་པར་མི་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །སེམས་མངོན་པར་དགའ་བའི་རང་བཞིན་ཡིད་ཀྱི་བདེ་བ་ཡང་གོམས་པ་ལས་བྱུང་བ་ཡིན་གྱི་དངོས་པོ་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་སེམས་དགའ་བའི་ཞེས་བྱ་
བའོ། །འོ་ན་གང་དུ་གོམས་པ་བསྒྲུབ་པར་བྱ་བ་ཡིན་སྙམ་ན། འཁོར་བའི་ཆོས་ཞེས་བྱ་བའོ། །གལ་ཏེ་ཁོ་ན་གོམས་པ་ཞེས་བྱ་བ་བཏང་སྙོམས་སུ་གནས་པའི་རྒྱུ་ཡིན་ལ། འདོད་པ་ཡང་བདེ་བ་ཉིད་ཡིན་གྱི་བཏང་སྙོམས་པ་ནི་མ་ཡིན་པ་མ་ཡིན་ནམ། དེས་ན་ཇི་ལྟར་འདོད་པ་མ་ཡིན་པའི་
Vol. 184 · folio 177a
རྒྱུ་ལ་གོམས་པ་བསྒྲུབ་པར་བྱ་སྙམ་ན། བདེ་བ་ཡང་གོམས་པ་ལས་འདོད་པ་ཡིན་ཏེ་ཞེས་གསུངས་སོ། །དེ་ཁོ་ན་གོམས་པ་ལས་ནི་སེམས་མངོན་པར་དགའ་བའི་མཚན་ཉིད་བཏང་སྙོམས་ཉིད་འདོད་པ་མཆོག་ཡིན་ཏེ། འདི་ནི་ལྡོག་པ་མེད་པའི་ཕྱིར་རོ། །
འདི་ཐམས་ཅད་ནི་གདུང་བའི་གཉེན་པོ་ཡིན་པའི་ཕྱིར་བདེ་བར་མངོན་པར་རློམ་པ་ཡིན་གྱི་རང་གི་ངོ་བོས་ནི་མ་ཡིན་ནོ་ཞེས་བཤད་པ་ནི། དེ་ལྟར་ཡིན་དང་ཞེས་བྱ་བའོ། །བདེ་བ་དོན་དམ་པ་པར་མ་གྱུར་ནའོ། །གལ་ཏེ་གོམས་པ་ལས་འདོད་ཆགས་པའི་གདུང་བ་སྐྱེད་ནས་གདུང་བ་དེ་ཉེ་
བར་ཞི་བའི་བདེ་བ་བསྐྱེད་པའི་དོན་དུ་བུད་མེད་དང་འཁྱུད་པ་ལ་སོགས་པ་བྱ་བ་ཡིན་ཏེ་ཉེས་པ་ཅི་ཞིག་ཏུ་འགྱུར་སྙམ་ན། བློ་བཟང་འགའ་ཡང་ཞེས་བྱ་བའོ། །གལ་ཏེ་དེ་ཁོ་ན་དང་གཞན་ལ་མངོན་པར་དགའ་བ་དག་གོམས་པ་ལས་བྱུང་བ་ཉིད་ཀྱི་དངོས་པོ་དུ་མ་ཡིན་པར་ཁྱད་མེད་ན་ཇི་ལྟར་དེ་ཁོ་ན་
ཉིད་ལ་གོམས་པ་ཉིད་མཆོག་ཡིན་ནོ་ཞེས་བརྗོད་སྙམ་དུ་དོགས་པ་བསུ་ནས། གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་དེ་ཉིད་ལ་དགའ་བའི་བློ་དེ་ནི་འགྱུར་བ་མེད་དེ། གནོད་པ་བྱེད་པ་མེད་པར་རྟག་པར་འགྱུར་རོ། །གཞན་ནི་མ་ཡིན་ཏེ། ཡུལ་མེད་པས་ལྡོག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་
ནི་ཅི་ཞིག་འགྲུབ་སྙམ་ན། དེ་ལས་ཞེས་གསུངས་ཏེ། འགྱུར་བ་མེད་པ་ལས་སོ། །དེ་ཉིད་མ་ཡིན་པ་ལ་མངོན་པར་དགའ་བའི་བདེ་བ་ནི་ལྡོག་པའི་ཆོས་ཅན་ཡིན་ནོ་ཞེས་གསུངས་པ་ནི་གལ་ཏེ་དེ་ཉིད་མིན་དགའ་ན་ཞེས་གསུངས་སོ། །དེའི་ཚེ་དེ་ཉིད་མ་ཡིན་པ་ལོག་ན་བདེ་བ་དེ་ག་ལ་ཡོད་དེ་མེད་པ་
ཉིད་དོ། །གལ་ཏེ་དེ་ལྟར་ན་དེ་ཉིད་ལོག་ནའམ་བདེ་བ་ལྡོག་པར་ཅི་སྟེ་མི་འགྱུར་སྙམ་ན་དེ་ཉིད་ཅེས་གསུངས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་ལྡོག་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་སྡུག་བསྔལ་བདེ་བའི་རྒྱུ་ཡིན་པའི་ཕྱིར་བདེ་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ན། བདེ་བ་གང་སྡུག་བསྔལ་བ་ཇི་ལྟར་
འགྱུར་སྙམ་དུ་དོགས་ན། འདི་ལྟར་ཞེས་གསུངས་སོ། །བྲལ་བ་ན་ཞེས་བྱ་བ་ནི་བདེ་བའོ། །དེས་ན་ཞེས་བྱ་བ་ནི་བྲལ་བས་ནའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་བདེ་བའམ་སྡུག་བསྔལ་བ་ཉིད་དུ་ཡིན་དང་ངོ་། །གལ་ཏེ་དེ་ལྟར་ཕུང་པོ་རྣམས་སྡུག་བསྔལ་བར་འགྱུར་མོད། འཁོར་བ་ཅན་ཉིད་དུ་
Vol. 184 · folio 177b
གོ་ཇི་ལྟར་གྲུབ་སྙམ་ན། གང་གི་ཕྱིར་ཞེས་གསུངས་སོ། །གོམས་པ་ལས་ཞེས་བྱ་བ་ནི་བསལ་བ་ཞེས་བྱ་བ་སྐབས་ཡིན་ནོ། །ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཏེ་སྡུག་བསྔལ་འབའ་ཞིག་ཏུ་ནི་མ་ཟད་དེ་འཁོར་བ་པ་ཡང་གྲུབ་པ་ཡིན་ནོ། །འདོད་རྒྱལ་ཉིད་མིན་ཏེ་ཞེས་བྱ་བའི་རྣམ་འགྲེལ་གྱི་ཆ་
བཤད་པའི་ཕྱིར་ཕྱོགས་སྔ་མ་འགོད་པ་ནི་གལ་ཏེ་ཞེས་བྱ་བའོ། །རྣམ་པ་འགའ་ཞིག་ལྟར་ཞེས་བྱ་བ་ནི་རྒྱུ་མེད་པ་ཁོ་ནར་རོ། །གོམས་པ་ལས་རྒྱུ་གཞན་ལས་བསམ་སྟེ། ས་བོན་ལས་མྱུ་གུ་ལྟར་རོ། །དེས་ན་ཞེས་བྱ་བ་ནི་རྒྱུ་མེད་པ་ཉིད་དམ་རྒྱུ་གཞན་ཡིན་པས་ནའོ། །དོན་དམ་པ་ཉིད་ནི་
ལྡོག་པ་མེད་པའི་ཆོས་ཉིད་དོ། །དེའི་ཕྱིར་ཞེས་བྱ་བ་ནི་དོན་དམ་པ་ཉིད་ཀྱི་ཕྱིར་རོ། །རྩོད་པ་གསུམ་པ་སྨྲས་པ་ནི་ཡང་ན་ཞེས་བྱ་བའོ། །སོགས་པའི་སྒྲས་ནི་ཡིད་བདེ་བ་ལ་སོགས་པ་གཟུང་ངོ་། །བདེ་བ་ཉིད་དོ་ཞེས་བྱ་བ་ནི་སྡུག་བསྔལ་དོན་དམ་པ་ཉིད་མ་ཡིན་པའི་ཕྱིར་རོ། །དེ་ལ་རྩོད་
པ་དང་པོ་སེལ་བ་བརྗོད་པ་ནི། འདི་ཡང་ཞེས་བྱ་བའོ། །བདེ་བ་ལ་སོགས་པ་འདོད་རྒྱལ་ཉིད་ནི་མ་ཡིན་ཏེ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་སྙམ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་སེལ་བར་བྱེད་པ་ནི་བདེ་བ་ལ་སོགས་པ་ཞེས་བྱ་བའོ། །ལྷག་མ་སེལ་བ་ནི་གང་གིས་ཞེས་བྱ་
བའོ། །འོ་ན་ཇི་ལྟར་སྡུག་བསྔལ་བ་ཡིན་སྙམ་ན། འོན་ཀྱང་ཞེས་བྱ་བའོ། །དེ་མེད་ཅེས་བྱ་བ་ནི་བདེ་བ་མེད་ནའོ། །ཐམས་ཅད་ལ་ཞེས་བྱ་བ་ནི་ཡུལ་ལ་ལའོ། །རང་བཞིན་ཉིད་དུ་ཞེས་བྱ་བ་ནི་འབད་པ་ལ་མི་ལྟོས་པ་ཁོ་ནར་རོ། །བཟློག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། སྡུག་བསྔལ་ནི་འབད་
པས་བསྒྲུབ་པར་བྱ་བ་ཡིན་ལ། བདེ་བ་ནི་དེ་མེད་པ་ལས་རང་བཞིན་གྱིས་གྲུབ་པ་ཞེས་བྱ་བར་རོ། །དེས་ན་ཞེས་བྱ་བ་ནི་བཟློག་པ་མ་ཡིན་པས་ནའོ། །སྡུག་བསྔལ་ཡང་ཞེས་བྱ་བ་ནི་བདེ་བ་འབའ་ཞིག་ཏུ་མ་ཟད་པའོ། །དེས་ན་ཞེས་བྱ་བའི་བདེ་བ་གོམས་པས་བྱས་པ་ཡིན་པས་ནའོ། །བདེ་
བ་ལོག་ན་སྡུག་བསྔལ་བ་ལོག་པ་ནི་འབད་པ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །འོ་ན་སྡུག་བསྔལ་ནི་དོན་དམ་པ་ཉིད་ཡིན་ཏེ། དེས་ན་སྤང་བར་མི་ནུས་སོ་སྙམ་དུ་སེམས་ན། དོན་དམ་པར་ནི་ཞེས་གསུངས་སོ། །ཇི་ལྟར་ན་སྡུག་བསྔལ་དོན་དམ་པ་ཉིད་མ་
Vol. 184 · folio 178a
ཡིན་སྙམ་ན། དེ་ཡང་ཞེས་གསུངས་སོ། །སྡུག་བསྔལ་ཡང་ངོ་། །དེ་ལ་ཞེས་བྱ་བ་ནི་བདེ་བ་མེད་པ་ལའོ། །སྐྲག་པ་གོམས་པ་ལས་ནི་སྐྱོ་བ་གོམས་པ་ལས་སོ། །འདི་ལྟར་འཇུག་པ་ནི་དེས་ན་དེ་ལ་སྐྲག་པའི་བག་ཆགས་ལས་སྡུག་བསྔལ་བ་ཡིན་ནོ་ཞེས་བྱ་བའོ། །
འོ་ན་ཇི་ལྟར་སྡུག་དང་བདེ་བ་དང་། གཉི་ག་དང་བྲལ་བ་ལ་ཡང་བདེ་བའི་བློར་འགྱུར་སྙམ་ན། དེས་ན་ཞེས་གསུངས་སོ། །དེ་མེད་པའི་ཕྱིར་ཞེས་བྱ་བ་ནི་གོམས་པ་ལས་མེད་པའི་ཕྱིར་རོ། །སྡུག་བསྔལ་དེ་ཉིད་དམ་ཞེས་བྱ་བ་ནི་མི་འདོད་པའོ། །སྡུག་བསྔལ་ཡང་མ་ཡིན་པ་བདེ་བ་
ཡང་མ་ཡིན་པ་ལ་ཞེས་བྱ་བ་ནི་དེའི་ཚེ་བདེ་བར་བྱེད་པའི་ཕྱིར་སྡུག་བསྔལ་མ་ཡིན་ལ་ཡོངས་སུ་འགྱུར་བས་སྡུག་བསྔལ་བར་བྱེད་པའི་ཕྱིར་བདེ་བ་མ་ཡིན་པ་སྟེ་དེ་ལའོ། །བདེ་བའི་བློར་འགྱུར་བ་ཡིན་ཏེ། དཔེར་ན་དུག་གི་ཟན་ལ་སོགས་པ་བཞིན་ནོ། །ད་ནི་སྡུག་བསྔལ་གྱི་བློ་སྲིད་པར་
སྟོན་པ་ནི། དེ་མེད་པའི་ཕྱིར་ཞེས་བྱ་བའོ། །བདེ་བ་གོམས་པའི་བག་ཆགས་དང་མི་ལྡན་པའི་ཕྱིར་རོ། །བདེ་བ་ཞེས་བྱ་བ་ནི་སྔར་འདོད་པ་ལའོ། །བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལས་ཞེས་བྱ་བ་ནི་འཕྲལ་དུ་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་ནི་བདེ་བ་མ་ཡིན་ལ།
ཡོངས་སུ་གྱུར་པས་བདེ་བ་སྒྲུབ་པའི་ཕྱིར་ནི་སྡུག་བསྔལ་མ་ཡིན་པ་སྟེ། དེ་ལ་སྡུག་བསྔལ་གྱི་བློར་འགྱུར་བ་ཡིན་ཏེ། ཞིང་རྨོ་བ་ལ་སོགས་པ་བཞིན་ནོ། །དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི། བདེ་བ་དང་སྡུག་བསྔལ་གྱི་བློ་དག་ཅེས་བྱ་བ་ནི་སྐབས་ཀྱིས་སོ། །སྡུག་བསྔལ་ནི་དེ་མེད་
པ་ལས་ཞེས་བྱ་བ་འདིར་བདེ་བ་སྡུག་བསྔལ་གྱི་རྒྱུ་ཉིད་ཡོངས་སུ་དོར་བའི་ཡན་ལག་ཏུ་བརྗོད་པ་མཇུག་བསྡུ་བ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་བདེ་བའོ། །དཔེ་སྟོན་པ་ནི། བུ་ལ་མངོན་པར་དགའ་བ་དང་ལྡན་པ་ནི་དེ་མེད་པས་སྡུག་བསྔལ་བར་འགྱུར་ཏེ། དེ་མེད་པ་ལ་སྐྲག་པ་
གོམས་པ་ལས་སོ། །གོམས་པ་མེད་ན་ནི་སྡུག་བསྔལ་གྱི་རྒྱུའི་བུ་དེ་ཉིད་ལ་བདེ་བར་འགྱུར་རོ་ཞེས་གསུངས་པ་ནི། དེ་ཉིད་ཅེས་བྱ་བའོ། །དེས་ན་བདེ་བ་དང་སྡུག་བསྔལ་ནི་དོན་དམ་པ་མ་ཡིན་ནོ། །སྡུག་བསྔལ་ཡང་བར་འདོད་པས་ནི་བདེ་བ་ཉིད་དོར་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
Vol. 184 · folio 178b
ལྡོག་པ་མེད་པའི་བདེ་བ་དང་། དེའི་རྒྱུ་ཡང་གོམས་པར་བྱ་བ་ཡིན་ནོ། །སྡུག་བསྔལ་ནི་མ་ཡིན་ནོ་ཞེ་ན། རྟག་ཏུ་ཞེས་གསུངས་ཏེ། མེ་ཏོག་ཕྲེང་དང་ཙན་དན་ལ་སོགས་པ་འདོད་པ་དང་ངོ་། །སྡུག་བསྔལ་དོན་དུ་ཞེས་བྱ་བ་ནི། ཡོངས་སུ་འགྱུར་བའི་སྡུག་བསྔལ་གྱི་དོན་དུའོ། །སྡུག་
བསྔལ་གྱི་སྡུག་བསྔལ་ཉིད་བརྗོད་པ་ནི། སྡུག་བསྔལ་བསྐྱེད་ཅིང་ཞེས་བྱ་བའོ། །བསྐྱེད་པར་བྱ་བའི་བདེ་བས་བསྐྱེད་པའི་སྡུག་བསྔལ་བཟློག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རྟོག་པ་དང་ལྡན་པར་མི་འགྱུར་རོ་ཞེས་བྱ་བ་འདི་ལ་འཇིག་རྟེན་པའི་དཔེ་ནི་འདམ་རྫབ་ཅེས་བྱ་བའོ། །གང་
ཞིག་སྐྱེས་བུའི་དོན་ནི་བདེ་བ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ལ། དེ་ཡང་སྡུག་བསྔལ་གྱིས་ཆོད་པ་ཉིད་ཐོབ་པར་བྱ་བ་ཡིན་ནོ་སྙམ་དུ་སེམས་པ་དེས་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱི་ཡང་རྗེས་སུ་འཇུག་པར་བྱ་དགོས་ཏེ་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ནི། འོན་ཏེ་བདེ་
བ་ཞེས་བྱ་བའོ། །འདི་འདྲ་ཞེས་བྱ་བ་ནི་སྡུག་བསྔལ་གྱིས་ཆོད་པ་ཉིད་དོ། །གཞན་ནི་ཞེས་བྱ་བ་ནི་སྡུག་བསྔལ་གྱིས་མ་ཆོད་པའོ། །ཅི་བདེ་བ་སྐྱེ་བར་མི་འགྱུར་རམ་སྟེ། འོན་ཀྱང་བདེ་བ་སྐྱེ་བར་འགྱུར་བ་ཁོ་ནའོ། །གལ་ཏེ་གང་གིས་གནས་སྐབས་དེ་སྤོང་བར་མི་འགྱུར་བར། དམྱལ་
བ་རྣམས་ནི་རྟག་ཏུ་སྡུག་བསྔལ་ཡོད་པའི་ཕྱིར་ཇི་ལྟར་བདེ་བ་སྐྱེ་བར་འགྱུར་སྙམ་ན། གང་གི་ཕྱིར་ཞེས་གསུངས་སོ། །སྡུག་བསྔལ་ཆེན་པོ་ལ་ལྟོས་པའི་སྡུག་བསྔལ་གཞན་གང་ཡིན་པ་སྟེ་ཆུང་ངུ་ལ་ཡང་ཡིན་ཏེ། དེ་མེད་པ་འབའ་ཞིག་ལ་འགྱུར་བར་ནི་མ་ཟད་དོ། །བདེ་བར་འགྱུར་ཞེས་
བྱ་བ་ནི་གསལ་བར་ཟད་དོ། །དེའི་ཕྱིར་དམྱལ་བ་རྣམས་ལ་ཡང་སྡུག་བསྔལ་ཆེན་པོ་ལས་གཞན་པའི་སྡུག་བསྔལ་ཡོད་པ་ན་བདེ་བར་འགྱུར་བ་ཁོ་ན་སྟེ། དེས་ན་དེའི་གནས་སྐབས་སྤོང་བར་མི་འགྱུར་རོ། །ཡང་ན་འབྱུང་བ་དང་མི་འབྱུང་བའི་དངོས་པོ་འཁོར་བ་པ་གང་ཡིན་པ་དེ་དག་ནི་ཕུང་
པོ་ཕུང་པོའི་རང་བཞིན་ཡིན་ནོ། །ཡན་ལག་ཅན་ནི་མེད་པར་བཤད་ཟིན་ཏོ། །རྡུལ་ཕྲ་རབ་ཀྱང་སོ་སོ་མཐོང་བར་བྱ་བ་མ་ཡིན་ཀྱང་ཚོགས་པའི་གནས་སྐབས་ན་བལྟ་བར་བྱ་བ་ཉིད་ཡིན་ནོ། །རྟག་པ་ཇི་ལྟར་ཁྱད་པར་དུ་འགྱུར་ཞེས་བྱ་བ་ཡང་གཏམ་ཙམ་ཡིན་ཏེ། ཐམས་ཅད་དེའི་གནས་སྐབས་
Vol. 184 · folio 179a
མ་ཡིན་པའི་ཕྱིར་རོ། །རྣམ་པར་དབྱེ་བ་མེད་ན་རྣམ་པར་དབྱེ་བ་མི་འཐད་པའི་ཕྱིར་རྡུལ་ཕྲ་རབ་རྣམས་ནི་འཇིག་པ་མ་ཡིན་ཏེ། ཆ་མེད་པའི་ཕྱིར་རོ་སྙམ་ན་མ་ཡིན་ཏེ། སྒྲ་དང་བློ་ལ་སོགས་པ་ལྟར་ཆ་ཤས་མེད་པར་ཡང་འཇིག་པའི་ཕྱིར་རོ། །དབྱིབས་
དང་ལྡན་པ་ཉིད་ཀྱིས་ཆ་ཤས་དང་བཅས་པ་ལ་ཡང་འགལ་བ་ཅི་ཞིག་ཡོད། དེའི་ཕྱིར་ཡན་ལག་ཅན་གྱི་རང་བཞིན་ནི་བདག་ལ་སོགས་པའི་རང་བཞིན་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་སྟོན་པར་འགྱུར་རོ། །ཡང་སྡུག་བསྔལ་གྱི་བདེན་པ་ཞེས་བྱ་བ་ནི་འགའ་ཡང་མེད་དོ་ཞེས་བྱ་བའི་རྩོད་
པ་གསལ་བའི་ཕྱིར་ན། སྡུག་བསྔལ་འཁོར་བ་ཅན་ཕུང་པོ་ཞེས་བྱ་བའི་རྣམ་འགྲེལ་རྣམ་པ་གཞན་དུ་འཆད་པ་ནི་ཡང་ཞེས་བྱ་བའོ། །འདུ་བྱེད་ཀྱང་སྡུག་བསྔལ་ནི་རྒྱུའི་གཞན་དབང་ཉིད་དོ། །དེ་མཚན་ཉིད་དེ་རང་བཞིན་དེ་ཉིད་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱོར་རོ། །འོ་ན་བདེ་བ་ཅི་
འདྲ་བ་ཞིག་ཡིན་སྙམ་ན། བདེ་བ་ཡང་ཞེས་བྱ་བའོ། །དེ་ལས་བཟློག་པས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལས་བཟློག་པས་སོ། །སོགས་པའི་སྒྲས་ནི་དེ་དང་ཉེ་བ་ལ་སོགས་པ་གཟུང་ངོ་། །འོ་ན་དོན་དམ་པར་གྱུར་པ་དོན་དམ་པར་འགྱུར་རོ་སྙམ་ན། དེའི་ཕྱིར་དེ་ནི་དོན་དམ་པ་ལས་མ་
ཡིན་ནོ་ཞེས་ཀྱང་གྲང་ལ་ཞེས་གསུངས་སོ། །དོན་དམ་པའི་དོན་ནི་བདག་སྟེ། དེ་ལས་ནི་བདེ་བ་དེ་མ་ཡིན་ནོ། །གང་གིས་དེ་རྟག་པར་འགྱུར་བ་བདག་ནི་བདེ་བའི་འདུ་བ་ཅན་གྱི་རྒྱུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་དེ་ག་ལས་ཡིན་སྙམ་ན་འོན་ཀྱང་ཞེས་གསུངས་སོ། །དེ་ལྟར་ཞེས་
བྱ་བ་ནི་བདེ་བ་ལ་སོགས་པའི་རང་བཞིན་ནོ། །འོ་ན་འདོད་ཆགས་ལ་སོགས་པའི་རྣམ་པ་གཞན་དུ་ནི་ཡིན་ནོ་སྙམ་ན། འདོད་ཆགས་ལ་སོགས་ཞེས་གསུངས་སོ། །དེའི་རྩ་བ་ཅན་ནི་བདེ་བའི་རྒྱུ་ཅན་ནོ། །དོན་དམ་པའི་ཞེས་བྱ་བ་ནི་བདག་ལ་སོགས་པའོ། །རྒྱུ་མེད་པ་ཉིད་དུ་འགྱུར་
རོ་ཞེས་བྱ་བ་ནི་སྐབས་ཀྱི་འདོད་ཆགས་ལ་སོགས་པའོ། །རྒྱུ་མེད་པ་ལ་སྐྱོན་ཅི་ཡོད་སྙམ་ན། རྒྱུ་མེད་པར་ཞེས་བྱ་བའོ། །དེའི་ཕྱིར་འདོད་ཆགས་ལ་སོགས་པ་ནི་གོམས་པའི་རྒྱུ་ཅན་ཉིད་ཡིན་ནོ། །གལ་ཏེ་འདོད་ཆགས་ལ་སོགས་པའི་རླུང་ལ་སོགས་པའི་ཉེས་པ་ལས་བྱུང་བ་ཉིད་ཡིན་ལ།
Vol. 184 · folio 179b
གོམས་པ་ལས་ནི་གསལ་བ་ཙམ་དུ་ཟད་ཀྱི་རང་གི་ངོ་བོ་ནི་མ་ཡིན་པ་མ་ཡིན་ན། རྒྱུ་ལ་སོགས་པ་མེད་ན་བོང་བ་ལ་སོགས་པའང་འདོད་ཆགས་ལ་སོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དོགས་པ་ནི། འོན་ཏེ་ཡང་ཞེས་བྱའོ། །རྩ་བའི་ཉེས་པ་བཞིན་དུ་ཞེས་བྱ་བ་ནི་འདོད་ཆགས་
ལ་སོགས་པའི་ཉེས་པ་བཞིན་དུའོ། །ལུས་ཀྱི་བདག་ཉིད་དུ་ཡོངས་སུ་གྱུར་པའམ། གཞན་པའི་འབྱུང་བ་རྣམས་ཀྱི་ཡོན་ཏན་འདོད་ཆགས་ལ་སོགས་པ་མ་ཡིན་ནོ་ཞེས་ནི་སྔར་བཤད་ཟིན་ཏོ། །དེ་ལྟར་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་བདག་ཉིད་ཅན་དུ་ཞེས་བྱ་བ་ནི་འདོད་
ཆགས་བྱུང་བའི་ཁྱད་པར་གྱི་ཡོངས་སུ་གྱུར་པ་ལུས་ཀྱི་རང་བཞིན། འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་པ་རྣམས་གཞན་གྱི་འགོག་པའི་ཕྱིར་ཟློས་པ་མ་ཡིན་ནོ། །དུས་མིན་མགོ་སྐྱ་དཀར་ཤམ་པོ། །རབ་རྡུལ་ཁྲོན་མ་རྟོགས་པ་ཅན། །རྨི་ལམ་དུ་ཡང་གསལ་བ་ནི། །རྟོག་ལྡན་
མཁྲིས་པའི་རང་བཞིན་མི། །ཞེས་བྱ་བ་མཁྲིས་པའི་རང་བཞིན་ནི་ཞེ་སྡང་ལ་འཁྲུལ་པ་ཡིན་ཏེ། རླུང་ལ་སོགས་པའི་རང་བཞིན་ལ་ཡང་ཡོད་པའི་ཕྱིར་རོ་ཞེས་ལྡོག་པ་མེད་པར་བརྗོད་པ་ནི་འཁྲུལ་ཕྱིར་ཞེས་བྱ་བའོ། །འབྲས་བུ་མཐོང་བ་ལས་རླུང་གི་རང་བཞིན་ཅན་ལ། མཁྲིས་པའི་
རང་བཞིན་ཡང་ཡོད་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི། གལ་ཏེ་རང་བཞིན་ཞེས་བྱ་བའོ། །རང་བཞིན་གང་གིས་སྡང་བ་སྐྱེད་པར་བྱེད་པ་དེ་ཉིད་ཀྱིས་དུས་མ་ཡིན་པར་མིག་དཀར་བ་ལ་སོགས་པའི་ཆོས་ཀྱང་སྐྱེད་པར་བྱེད་པར་འགྱུར་ཏེ། ཚོགས་པ་གཅིག་ལས་བྱུང་བའི་གཟུགས་
ལ་རང་བཞིན་དུ་མིག་སྐྱ་བ་ལ་སོགས་པ་འདི་ཡང་འགྱུར་རོ། །འགྱུར་བ་ཡང་མ་ཡིན་ཏེ། འབྲས་བུ་མེད་པ་ལས་ཀྱང་མཁྲིས་པའི་རང་བཞིན་ཞེ་སྡང་གི་ཚོགས་པ་མ་ཡིན་ནོ་ཞེས་རྟོགས་པ་ཡིན་ནོ་ཞེས་ལན་འདེབས་པ་ནི། དེའི་ཆོས་དེ་ལས་གཞན་ཡང་ཞེས་བྱ་བ་སྟེ། ཞེ་སྡང་ལས་
གཞན་རྡུལ་ལ་སོགས་པ་ཡང་ཇི་སྟེ་མ་མཐོང་། རྒྱུ་མ་ཚང་བ་མེད་པས་ན་ཡང་གདོན་མི་ཟ་བར་འབྱུང་བའི་ཕྱིར་རོ། །གང་ཞིག་ཅེས་བྱ་བ་ནི་འཆད་པའོ། །དེས་ནི་ཞེས་བྱ་བ་ནི་འབྲས་བུའོ། །དེ་ལ་ཞེས་བྱ་བ་ནི་རྒྱུ་ལའོ། །དེ་ཡང་མ་ཡིན་ཏེ་ཞེས་བྱ་བ་འཁྲུལ་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །
Vol. 184 · folio 180a
དེས་ན་ཞེས་བྱ་བ་ནི་འཁྲུལ་པས་ནའོ། །བཟློག་པ་ཡིན་ནོ་ཞེས་བྱ་བ་རླུང་ལ་སོགས་པའི་ཆོས་མ་ཡིན་པའོ། །དེ་ལས་ཞེས་བྱ་བ་ནི་གཉི་གའི་རང་བཞིན་ཡོད་པ་ལས་སོ། །དེས་ན་ཞེས་བྱ་བ་ནི་གཉི་ག་འབྱུང་བ་ནའོ། །དེའི་ཚེ་ནི་མཁྲིས་པའི་ཆོས་སོ། །ཐལ་བ་ལས་བཟློག་
པ་བརྗོད་པ་ནི་དེའི་འབྲས་བུ་ཞེས་བྱ་བའོ། །རྒྱུ་ཞེས་བྱ་བ་ནི་ཚོགས་པའོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །ཞེ་སྡང་གི་མཚན་ཉིད་ཁོ་ན་མཁྲིས་པ་དེའི་འབྲས་བུ་ཡིན་གྱི་གཞན་ནི་མ་ཡིན་ན། འབྲས་གཞན་ག་ལས་ཡིན་ཞེས་བྱ་བའི་དུས་མ་ཡིན་པར་མིག་སྐྱ་བ་ལ་སོགས་པའོ། །གལ་
ཏེ་དེ་ཉིད་ལས་ན་ཞེས་བྱ་བ་ནི། གལ་ཏེ་མཁྲིས་པ་ཉིད་ལས་འབྲས་བུ་གཞན་པར་ཁས་ལེན་ནའོ། །དེའི་ཚེ་འདིར་ཞེས་བྱ་བ་ཞེ་སྡང་གི་འབྲས་བུས་དཔག་པའི་མཁྲིས་པ་ཡོད་ནའོ། །དེ་ཡོད་ཕྱིར་ཏེ། མཁྲིས་པ་ཡོད་པའི་ཕྱིར་འབྲས་བུ་རྡུལ་དེའི་ཕྱིར་མ་ཡིན། དེའི་ཕྱིར་དེའི་འབྲས་བུ་གཞན་
མ་མཐོང་བའི་ཕྱིར་ན། རང་བཞིན་གཞན་བརྟག་པར་མི་བྱའོ། །འོན་ཏེ་དུས་མ་ཡིན་པར་མིག་དཀར་བ་ལ་སོགས་པའི་འབྲས་བུ་མེད་པའི་ཕྱིར་མཁྲིས་པའི་རང་བཞིན་མེད་པ་ཡིན་ནོ། །དེས་ན་ཞེ་སྡང་ནི་བད་ཀན་ལ་སོགས་པ་ལས་ཡིན་ནོ་སྙམ་ན། དེ་ལ་ཞེ་སྡང་མཁྲིས་པ་མེད་ཀྱང་འབྱུང་
བས་འཁྲུལ་བ་ཡིན་ནོ་ཞེས་བརྗོད་པ་ནི། གལ་ཏེ་འབྲས་བུ་དེ་ཞེས་བྱ་བ་སྟེ། ཞེ་སྡང་དེའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །རང་བཞིན་དེ་ལ་རང་བཞིན་གཞན་ཡང་རྟོགས་ན་ནི་དྲོད་ཆེ་བ་ལ་སོགས་པའི་མཚན་ཉིད་ཀྱིས་འབྲས་བུ་གཞན་ཡང་བརྟག་པར་བྱ་སྟེ། འབྲས་བུ་
གཞན་མི་བརྟག་ན་ནི་རང་བཞིན་གཞན་རྟོགས་པ་ལེགས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། འབྲས་བུ་མ་མཐོང་བས་ཞེས་བྱ་བ་དྲོད་ཆེ་བ་ལ་སོགས་པའི་མཚན་ཉིད་དོ། །རང་བཞིན་གཞན་ཡང་ཞེས་བྱ་བ་ནི་མཁྲིས་པའོ། །གལ་ཏེ་འབྲས་བུ་ལས་རྒྱུ་ཡོངས་སུ་རྟོགས་པ་ནི་འཐད་པ་ཡིན་གྱི།
རྒྱུ་ལས་ནི་འབྲས་བུ་མ་ཡིན་ནོ། །འཁྲུལ་པའི་ཕྱིར་རོ་ཞེས་བྱ་བ་ནི་དོགས་པ་བསུ་ནས། ཇི་ལྟར་འབྲས་བུ་ལས་ཞེས་གསུངས་ཏེ་ཞེ་སྡང་ལས་སོ། །དེ་ལྟ་ན་མ་བརྟགས་པའི་རྒྱུ་ནི་ཚོགས་པ་ཁོ་ན་ཡིན་ཏེ། གཞན་དུ་ནི་འབྲས་བུ་འབྱུང་བ་མ་ཡིན་ནོ་ཞེས་བཤད་པ་ནི། དེ་བཞིན་འབྲས་བུ་ཡང་
Vol. 184 · folio 180b
རྒྱུ་ནུས་པ་ཐོགས་པ་མེད་པ་ལས་ཡིན་ནོ་ཞེས་བྱ་བའོ། །འབྲས་བུ་ཞེ་སྡང་ལས་དཔག་པའི་མཁྲིས་པ་ལས་དྲོད་ཆེ་བ་ལ་སོགས་པའི་མཚན་ཉིད་ཀྱང་འབྲས་བུ་ཡོངས་སུ་རྟོགས་པ་ཡིན་ནོ་ཞེས་རྗེས་སུ་འཇུག་གོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་དོགས་པ་བསུ་བའོ། །དྲོད་ཆེ་བ་ལ་སོགས་
པའི་འབྲས་བུའི་རྒྱུ་ནུས་པ་མེད་ནའོ། །མཐོང་བའི་འབྲས་བུ་ཞེ་སྡང་གི་མཚན་ཉིད་ཀྱང་མི་འགྱུར་ཞེས་འབྲེལ་ཏོ། །གང་གི་ཚེ་ཞེ་ན། རྒྱུ་མཁྲིས་པ་མེད་ནའོ། །དེ་མེད་པར་འབྱུང་ན་ཡང་ཞེ་སྡང་མཁྲིས་པའི་འབྲས་བུ་མ་ཡིན་ནོ་ཞེས་བཤད་པ་ནི། ཡང་ན་མཁྲིས་པ་དེ་ཞེ་སྡང་དེའི་རྒྱུ་ཉིད་དུ་
མི་འགྱུར་རོ། །དེའི་ཕྱིར་བད་ཀན་གྱི་རང་བཞིན་ཉིད་ལས་མཁྲིས་པ་མེད་པར་ཞེ་སྡང་འབྱུང་བ་ཡིན་ནོ། །གལ་ཏེ་ཡང་བད་ཀན་ཡོད་པ་ལ་མཐོང་བའི་ཞེ་སྡང་གི་རྒྱུ་མཁྲིས་པ་ཡིན་པར་རྟོག་ན་དེའི་ཚེ་མཐོང་བའི་བད་ཀན་ཡང་འདོད་ཆགས་ཀྱི་རྒྱུ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་མ་མཐོང་བའི་
རྒྱུ་གཞན་བརྟག་པར་བྱའོ་ཞེས་བཤད་པ་ནི་གལ་ཏེ་ཞེས་བྱ་བའོ། །མཐོང་བའི་རྒྱུ་ནི་བད་ཀན་གྱི་མཚན་ཉིད་དོ། །འདི་ནི་ཚུ་རོལ་མཛེས་པའི་བསམ་པ་བརྗོད་པ་ཡིན་ནོ། །མ་མཐོང་བ་ནི་མཁྲིས་པའོ། །འོན་ཏེ་རྒྱུ་མེད་པ་ཡིན་ན་ཞེ་སྡང་ལ་སོགས་པ་ངེས་པར་མི་འགྱུར་རོ་ཞེས་བརྗོད་པ་
ནི། གཞན་ནི་བརྟག་པར་གྱིས་ཞེས་བྱ་བ་སྟེ། འདོད་ཆགས་ཀྱིའོ། །ངེས་པ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །འོ་ན་ཞེས་བྱ་བ་ནི་ལན་ནོ། །དེ་ནི་དེ་ལྟ་ཡིན་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །རྒྱུ་ཡིན་ནོ་ཞེས་བྱ་བ་ནི་ཐ་ཚིག་གོ། །ཅིའི་ཕྱིར་སྙམ་ན། དེ་ལྟ་བུ་ཉིད་དུ་ཞེས་
སྨྲས་སོ། །རླུང་ལ་སོགས་པ་ཇི་ལྟར་ཡོད་པ་ནི་འདོད་ཆགས་ལ་སོགས་པའི་རྒྱུ་མ་ཡིན་ཏེ། གང་གི་ཚེ་འདོད་ཆགས་འབྱུང་བ་དེ་ཉིད་ཀྱི་ཚེ་ཞེ་སྡང་ལ་སོགས་པ་འབྱུང་བར་འགྱུར་བའི་ཕྱིར་རོ་ཞེས་ལན་འདེབས་པ་ནི། འདོད་ཆགས་ལ་སོགས་པ་ནི་མཁྲིས་པ་ལ་སོགས་པ་ཀུན་གྱི་ཆོས་མ་
ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྲོག་ཆགས་ཐམས་ཅད་ཞེ་སྡང་ལ་སོགས་པ་དང་འདོད་ཆགས་དུས་མཚུངས་པར་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་དང་ཞེ་སྡང་མཚུངས་པར་ཐལ་བའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་བྱ་བའོ། །མཁྲིས་པ་ལ་སོགས་པའི་
Vol. 184 · folio 181a
རྒྱུས་འབྲས་བུ་བྱེད་པ་ན་ཞེ་སྡང་ལ་སོགས་པ་དེ་ཉིད་དང་ལྷན་ཅིག་ཏུ་འདོད་ཆགས་ལ་སོགས་པ་གཞན་ཡང་བྱེད་པའི་ཕྱིར་འབྲས་བུ་རྣམས་ལྷན་ཅིག་འབྱུང་བར་ཐལ་ལོ། །ཡང་ན་འདོད་ཆགས་ལ་སོགས་པ་མཚུངས་པར་ཐལ་བར་འགྱུར་ཏེ། རྒྱུ་མཚུངས་པའི་
ཕྱིར་འདོད་ཆགས་ཆེ་བ་དང་ཆེས་ཆེ་བ་ལ་སོགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འབྱུང་བ་ཙམ་གྱིས་བསྐྱེད་པ་ཡིན་ཡང་། དྲི་ལ་སོགས་པ་རེག་པའི་མཐར་ཐུག་པ་ནི་སའི་ཡིན་ནོ། །དེ་ལ་ཆུ་ནི་དྲི་དང་བྲལ་བ་ཡིན་ལ། མེ་ནི་རོ་དང་བྲལ་བ། རླུང་ནི་གཟུགས་དང་བྲལ་བ་
ཡིན་ནོ་ཞེས་བྱ་བ་ནི་ངེས་པ་ཅན་ཡིན་ནོ། །ཡང་དཀར་པོ་དང་སེར་པོ་ལ་སོགས་པ་ངེས་པ་དང་ལྡན་བཞིན་དུ་འདོད་ཆགས་ལ་སོགས་པ་ངེས་པ་ཅན་དུ་འགྱུར་རོ་ཞེས་བྱ་བར་དོགས་ན་ནི། གཟུགས་ལ་སོགས་བཞིན་ཞེས་བྱ་བའོ། །འབྱུང་བ་རྣམས་ཁྱད་པར་མེད་ཀྱང་གཟུགས་ལ་སོགས་པ་
ཁྱད་པར་དང་ལྡན་པ་ནི་ཁྱད་པར་དུ་བྱེད་པ་རྒྱུ་གཞན་གོ་བར་བྱེད་པ་ཡིན་ནོ་ཞེས་ལན་འདེབས་པ་ནི། དེར་ཡང་ཞེས་བྱ་བ་སྟེ། གཟུགས་ལ་སོགས་པ་དེར་ཡང་ངོ་། །རྩོད་པ་མཚུངས་པ་ནི། གཟུགས་ལ་སོགས་པ་རྣམས་ཀྱང་མཚུངས་པར་ཐལ་ལོ་ཞེས་བྱ་བའོ། །གང་གི་ཚེ་ཞེ་ན། གལ་ཏེ་
ཞེས་གསུངས་ཏེ། ལས་བདག་པོར་ཁས་མི་ལེན་ན་ཉེས་པ་མཚུངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་འདོད་ཆགས་ལ་སོགས་པ་མཚུངས་པར་འགྱུར་སྙམ་ན་འདོད་ཆགས་ལ་སོགས་པ་ཞེས་གསུངས་སོ། །འགའ་ཞིག་ཏུ་ཞེས་བྱ་བ་ནི། མཁྲིས་པ་ལ་སོགས་པ་ལས་གང་
རུང་ཞིག་ཏུའོ། །གང་གི་ཕྱིར་དེ་ལྟར་ཡིན་པའི་རྒྱུ་དེས་ནའོ། །འདི་ཉིད་གསལ་བར་བྱ་བའི་ཕྱིར་འདི་ལྟར་ཞེས་འཆད་དོ། །ནུས་མེད་རང་བཞིན་མེད་པས་ན། །ཞེས་བྱ་བ་ནི། འཕེལ་དང་འགྲིབ་པ་དག་ཀྱང་ཁྱད་པར་དུ་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་ཁྱད་པར་ཐམས་ཅད་ལས་བྱུང་
བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་མི་མཚུངས་ག་ལས་ཡིན། །ཞེས་བྱ་བ་ནི་འབྲས་བུ་མཚུངས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །བད་ཀན་ལ་སོགས་པའི་རང་བཞིན་འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་ཞེས་འབྲེལ་ཏོ། །གང་གི་ཚེ་ཞེ་ན། དེ་འཕེལ་བ་དང་འགྲིབ་པ་ནའོ། །
Vol. 184 · folio 181b
གང་གི་ཚེ་རང་བཞིན་འཕེལ་བ་དང་འགྲིབ་པ་དེའི་ཚེ་ན་བད་ཀན་ལ་སོགས་པའི་རང་བཞིན་ཉིད་འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་གྱི། འཕེལ་བ་དང་འགྲིབ་པ་ནི་མ་ཡིན་ནོ། །དེས་ན་འདོད་ཆགས་ལ་སོགས་པ་མཚུངས་པ་ཉིད་དུ་ཐལ་བ་བཟློག་པར་དཀའོ། །ཁྱད་པར་གཞན་ཡོད་
པའི་ཕྱིར་ཞེས་བྱ་བ་ནི། སྐྱེས་བུ་སོ་སོ་ལ་རླུང་ལ་སོགས་པའི་རང་བཞིན་ལས་ལྷག་པར་གྱུར་པ། འཕེལ་བ་དང་འགྲིབ་པའི་མཚན་ཉིད་ཀྱི་ཁྱད་པར་ཡོད་པའི་ཕྱིར་རོ། །ཁྱད་པར་དེ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལ་གནས་པའོ། །ཐམས་ཅད་ཀྱི་རྒྱུ་ཅན་མ་ཡིན་པའི་ཕྱིར་ཞེས་
བྱ་བ་ནི། རླུང་ལ་སོགས་པ་ཐམས་ཅད་ཀྱི་རྒྱུ་ཁྱད་པར་འདི་ལ་ཡོད་པས་དེ་ནི་དེ་སྐད་ཅེས་བྱ་བའོ། །དེས་ན་རླུང་ལ་སོགས་པ་ཐམས་ཅད་ཀྱི་ཆོས་མ་ཡིན་ནོ། །འདོད་ཆགས་ལ་སོགས་པ་ཁྱད་པར་གྱི་ཆོས་སུ་ཁས་ལེན་ན། ཐམས་ཅད་ཀྱི་ཆོས་སུ་ཁས་བླངས་པ་ཕ་རོལ་པོ་རང་ཉིད་
ཀྱིས་དོར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ལ་སོགས་པ་ཐམས་ཅད་ཀྱི་ཆོས་སུ་གཞུང་འཛུགས་པའི་དོགས་པ་བསུ་བ་ནི་ཇི་སྟེ་ཡང་ཞེས་བྱ་བའོ། །འོ་ན་ཇི་ལྟར་འདོད་ཆགས་ལ་སོགས་པ་མཚུངས་པ་ཉིད་དུ་ཐལ་བ་སྤོང་སྙམ་ན། དེ་དག་ཉིད་ཀྱི་ཞེས་སྨྲས་ཏེ། བད་ཀན་ལ་སོགས་
པ་དག་གིའོ། །ནང་གི་བྱེ་བྲག་གང་ཡིན་པ། དེ་ལས་འདོད་ཆགས་ལ་སོགས་པ་ཁྱད་པར་གྱི་རིམ་པ་དང་ལྡན་པ་ཡིན་ནོ། །དེས་ན་འདོད་ཆགས་ལ་སོགས་པ་མཚུངས་པ་ཉིད་མ་ཡིན་ནོ་ཞེ་ན། རྩོད་པ་འདི་ལ་ཡང་དག་པར་བསྟན་པའི་ཡིན་ཞེས་བཞད་གད་བཅས་པས་སེལ་བར་བྱེད་པ་ནི། བད་
ཀན་ལ་སོགས་པ་རྣམས་ཀྱི་ཁྱད་པར་ཅན་གྱི་རྣམ་པར་འགྱུར་པའི་རྒྱུའི་འབྲས་བུ་ཉིད་ཀྱིས་འབྲེལ་པ་ཅན་གྱི་ཁྱད་པར་འདོད་ཆགས་ལ་སོགས་པ་བརྟེན་པ་གང་ཞིག །ཇི་ལྟར་དེ་ཅི་འདྲ་བར་ཉེ་བར་དམིགས་པར་གྱུར་པ་དེ་ལ་ཡང་ནི་སྟེ། དེ་འདྲ་བའི་ཁྱད་པར་ལ་ཡང་། དེ་འདྲ་བའི་བད་ཀན་ལ་
སོགས་པའི་ཁྱད་པར་མེད་ཀྱང་འབྱུང་བའི་ཕྱིར་ཞེས་བྱ་བས་འཁྲུལ་པ་ཉིད་ཅེས་བྱ་བ་ནི། ཡང་དག་པར་ནི་བསྟན་པ་ཡིན་ཞེས་བཞད་གད་དུ་བྱེད་པ་སྟེ། རྩོད་པ་འདི་ནི་ཡང་དག་པར་བསྟན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་འདོད་ཆགས་ལ་སོགས་པ་མཚུངས་པ་ཉིད་དུ་སྡར་ཡང་
Vol. 184 · folio 182a
དག་པར་ནི་བསྟན་པ་ཡིན་ཏེ། གསལ་བར་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཆད་པ་ནི་རྣམ་པར་འགྱུར་བའི་ཁྱད་པར་གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །རྒྱུ་གང་ལས་ཞེས་བྱ་བ་ནི་ཤེས་པར་བྱེད་པ་ལས་ཏེ། དམིགས་པ་འབྲེལ་ཏོ། །གང་གི་སྒྲ་ལ་ལྟོས་
ཀྱང་རྒྱུ་དེ་ལས་ཞེས་ཁོང་ནས་ཕྱུང་སྟེ། དེ་ཉིད་གང་གི་ཚེ་ཞེ་སྡང་ལ་སོགས་པའི་རྒྱུ་ཡང་ཡིན་པར་ཉེ་བར་དམིགས་སོ་ཞེས་སྦྲེལ་བར་བྱའོ། །ཡང་ན་རྒྱུ་གང་ལས་ཞེས་བྱ་བ་ནི་སྔ་མ་དང་འབྲེལ་ཏེ། འདོད་ཆགས་ལ་སོགས་པའི་རྒྱུ་རླུང་ལ་སོགས་པ་གང་ཞིག་ལ་ལྟོས་ནས་རྣམ་པར་འགྱུར་
བའི་ཁྱད་པར་གང་ཞིག་ཅེས་བྱ་བར་སྦྱར་རོ། །དེའི་ཚེ་ཞེས་བྱ་བ་ནི་དེའི་ཚེ་གང་གི་སྒྲ་ལ་ལྟོས་ནས་རྒྱུ་དེ་ཞེས་བྱ་བ་མདུན་དུ་བྱས་ལ། ཐམས་ཅད་ཀྱི་ཆོས་ཉིད་བྱ་བར་སྦྱར་རོ། །འདོད་ཆགས་ལ་སོགས་པ་མཁྲིས་པ་ལ་སོགས་པ་ལ་མ་ངེས་པའི་ཕྱིར་རང་བཞིན་ཐམས་ཅད་མ་ཡིན་ལ།
མཁྲིས་པ་ལ་སོགས་པ་ལ་གནས་པའི་ཁྱད་པར་ཡང་འདོད་ཆགས་ལ་སོགས་པ་ཁྱད་པར་ཐམས་ཅད་ཀྱི་རང་བཞིན་དུ་འགྱུར་རོ། །འཁྲུལ་པ་མཚུངས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་འདོད་ཆགས་ལ་སོགས་པ་མཚུངས་པ་ཉིད་དུ་གསལ་བའི་རྒྱུ་དེས་ནའོ། །ཅི་ལྟར་མི་འཐད་སྙམ་ན་དེ་ཡང་
ཞེས་གསུངས་ཏེ། བད་ཀན་ལ་སོགས་པའི་ཡོངས་སུ་གྱུར་པའི་ཁྱད་པར་རོ། །གལ་ཏེ་རླུང་ལ་སོགས་པའི་ཁྱད་པར་གང་ཡང་རུང་བ་ཞིག་རྒྱུ་ཉིད་ཡིན་ཡང་། ཁྱད་པར་ཐམས་ཅད་འདོད་ཆགས་ལ་སོགས་པ་ཐམས་ཅད་དང་ལྡན་པར་ནི་མི་འགྱུར་ཏེ། ཐམས་ཅད་ཀྱི་ཚེ་ངེས་པའི་འབྲས་
བུ་མཐོང་བས་རྗེས་སུ་དཔག་པར་བྱའོ། །ངེས་པའི་ཁྱད་པར་གྱི་ལྷན་ཅིག་བྱེད་པ་ཅན་ཡིན་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་འབྲས་བུ་ཞེས་བྱ་བའོ། །འོ་ན་ངེས་པའི་རྒྱུ་ལྷན་ཅིག་བྱེད་པའི་ཁྱད་པར་དེ་ནི་གོམས་པ་ཁོ་ན་ཡིན་ཏེ། དེའི་དབྱེ་བ་ལས་འདོད་ཆགས་ལ་སོགས་པའི་དབྱེ་བ་
མཐོང་བའི་ཕྱིར་རོ། །རྒྱུ་གཞན་རྟོག་ན་ནི་དུ་བ་ཡང་མེའི་རྒྱུ་ཅན་དུ་མི་འགྲུབ་པོ་ཞེས་ལན་འདེབས་པ་ནི་མེ་མ་མཐོང་བའི་དུ་བ་གང་ཞེས་བྱ་བའོ། །དུ་བ་མེ་དང་ལྡན་པས་མེ་ཡུལ་དེ་ན་ཡོད་པ་ཡིན་ཏེ། དེས་ན་མེ་ཉིད་དུ་བའི་རྒྱུ་ཡིན་གྱིས་ཕྱོགས་ནི་མ་ཡིན་ནོ་སྙམ་ན། མ་ཡིན་ཏེ་ཞེས་དོགས་པ་
Vol. 184 · folio 182b
འགོག་པའོ། །དུ་བའི་རྒྱུའི་ཁྱད་པར་དེ་ནི་གཞན་ས་ཕྱོགས་ཀྱི་ཡིན་ཏེ། མེ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་མེ་རྒྱུ་མ་ཡིན་པས་ནའོ། །གཞན་ན་ཞེས་བྱ་བ་ནི་མེ་དང་བྲལ་བའི་ཡུལ་ནའོ། །མེ་དང་བྲལ་བས་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །འདིས་ནི་མཐོང་བའི་རྒྱུ་དང་
འབྲས་བུའི་དངོས་པོ་ཆད་པར་བསྟན་ཏོ། །འདི་ཉིད་ཀྱི་ཕྱིར་གལ་ཏེ་ཞེས་གསུངས་སོ། །ཐམས་ཅད་དུ་ཞེས་བྱ་བ་ནི། མེ་དང་དུ་བ་ལ་སོགས་པ་ཡང་ངོ་། །འོན་ཏེ་དེར་ནི་ཞེས་བྱ་བ་ནི། མེ་མ་མཐོང་བ་དུ་བ་དང་བཅས་པའི་ཕྱོགས་སུའོ། །འོ་ན་དེར་ཡང་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་
པའི་ཁྱད་པར་ལ་ཡང་ངོ་། །མ་མཐོང་བ་བད་ཀན་ལ་སོགས་པའི་ཁྱད་པར་ཡོངས་སུ་བརྟགས་པས་ཅི་ཞིག་བྱ་སྙམ་དུ་དགོངས་པའོ། །གཟུགས་ལ་སོགས་པ་བཞིན་སྐྱོན་མེད་ཅེས་བྱ་ཞེས་བྱ་བའི་རྣམ་འགྲེལ་རྣམ་པར་འགྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་
ལས་ཀྱི་བདག་པོ་ཁས་མི་ལེན་ནའོ། །དེ་དག་ཀྱང་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དག་ཀྱང་ངོ་། །དེས་ཞེས་བྱ་བ་ནི་གཟུགས་ལ་སོགས་པས་སོ། །དེ་ལྟར་ཐམས་ཅད་ཀྱི་ཆོས་ཡིན་པ། འདོད་ཆགས་ལ་སོགས་པ་མཚུངས་པར་ཐལ་བས་བཟློག་པ་ཡིན་ནོ། །ད་ནི་བད་ཀན་ལ་སོགས་
པ་ཁྱད་པར་ཡོད་ཀྱང་ཁྱད་པར་མེད་པའི་འདོད་ཆགས་ལ་སོགས་པ་ནི་ཁྱད་པར་ཡོད་པས་ཁྱབ་པ། རྒྱུ་ཁྱད་པར་གྱི་འབྲས་བུ་ཉིད་མ་ཡིན་ཏེ། ཁྱད་པར་བྱེད་པ་མེད་པའི་ཕྱིར་རོ་ཞེས་བཤད་པ་ནི་སྐྱོན་རྣམས་ཞེས་བྱ་བའོ། །མཁྲིས་པ་ལ་སོགས་པ་རྣམས་ལ་འཕེལ་བ་དང་འགྲིབ་པའི་མཚན་
ཉིད་ཀྱི་ཁྱད་པར་ཡོད་ཀྱང་འདོད་ཆགས་ལ་སོགས་པའི་སྐྱོན་རྣམས་ཁྱད་པར་མེད་པའི་ཕྱིར་རོ། །དེའི་ཕྱིར་དེའི་འབྲས་བུ་ཉིད་མ་ཡིན་ནོ། །གལ་ཏེ་མཁྲིས་པ་ཁྱད་པར་ཅན་དུ་གྱུར་ན་ཞེ་སྡང་ཁྱད་པར་ཅན་དུ་མཐོང་བའི་ཕྱིར་ཁྱབ་པར་བྱེད་པ་མེད་པ་ནི་མ་གྲུབ་པོ་སྙམ་ན། མ་གྲུབ་པ་ཉིད་
མ་ཡིན་ཞེས་གསུངས་ཏེ། མ་གྲུབ་པ་ཉིད་འགོག་པའོ། །ཅིའི་ཕྱིར་ཞེ་ན། རླུང་ལ་སོགས་པ་ཐམས་ཅད་འགྱུར་བ་ཡིས། འགྱུར་ཕྱིར་དེ་ཁྱད་པར་དུ་འགྱུར་བའི་ཕྱིར་ཏེ་ཞེ་སྡང་ཞེས་བྱ་བར་འབྲེལ་ལོ། །ཐམས་ཅད་འགྱུར་བའི་རྗེས་སུ་བྱེད་པ་ནི་འགའ་ཞིག་ཁོ་ནའི་ཡིན་པར་ནི་མི་རུང་
Vol. 184 · folio 183a
ངོ་། །ཐམས་ཅད་ཀྱི་འབྲས་བུ་ཉིད་ཀྱང་ཀུན་གྱི་ཆོས་མ་ཡིན་ཞེས་བྱ་བ་ལ་སོགས་པས་བཀག་ཟིན་ཏོ་ཞེས་བརྗོད་པ་ནི་ཀུན་ལས་སྐྱེ་བ་མིན་ཞེས་བྱ་བའོ། །གལ་ཏེ་ཡང་རྒྱུ་ཁྱད་པར་ཡོད་པར་འབྲས་བུ་ཁྱད་པར་ཡོད་པར་མི་འགྱུར་དེ་ལྟར་ན་ཡང་འདི་རང་གི་ངོ་བོས་མེད་
པར་ནི་མི་འཐད་དོ་ཞེས་བརྗོད་པ་ནི་རྒྱུ་ནི་འཕེལ་བར་འགྱུར་བས་ན་ཞེས་བྱ་བའོ། །ཕྱིར་ལ་བད་ཀན་འཕེལ་བ་ན་འཕེལ་བ་ཁོ་ནར་འགྱུར་ཏེ། ཚད་མ་ལ་སོགས་པ་བཞིན་ནོ་ཞེས་བརྗོད་པ་ནི་ཚ་བ་ལ་སོགས་བཞིན་ཞེས་བྱ་བའོ། །གལ་ཏེ་བཅུད་ཀྱིས་ལེན་ལ་སོགས་པ་ཟས་བཞུན་པོ་ཟོས་ན།
བད་ཀན་ལ་སོགས་པ་འཕེལ་བས་འདོད་ཆགས་འཕེལ་བ་ཡིན་ནོ་སྙམ་དུ་ཞེ་ལ་བཞག་ནས། བདེ་བའི་ཁྱད་པར་སྐྱེས་པས་རང་གི་བག་ཆགས་ཡོངས་སུ་སྨིན་པའི་ཕྱིར་འདོད་ཆགས་ལ་སོགས་འཕེལ་བ་ཡིན་ནོ་ཞེས་བརྗོད་པ་ནི་ཆགས་སོགས་ཀྱི་ཞེས་བྱ་བའོ། །རྣམ་འགྲེལ་གྱི་དོན་སྡེབ་
པའི་ཕྱིར་ན། གཞན་གྱི་སྨྲ་བ་དྲན་པར་བྱེད་པ་ནི་ཇི་སྐད་དུ་ཞེས་བྱ་བའོ། །རྒྱུ་གཞན་ཡོད་ན་ནི་ཞེས་བྱ་བ་བད་ཀན་ཡོད་ན་ཡང་འབྲས་བུ་གཞན་ནི་ཞེ་སྡང་ངོ་། །དེ་ནི་ཞེས་བྱ་བ་ནི་འབྲས་བུའོ། །མ་མཐོང་བའི་ཁྱད་པར་ནི་རྒྱུ་ལ་བརྟེན་པའོ། །དེ་རྟོག་པ་ཡིན་ནོ་ཞེས་སྨྲས་པའོ། །བརྗོད་མ་
ཐག་པ་དེ་ལ་བརྗོད་པའོ། །ཅི་ཞིག་བརྗོད་ཅེས་དོགས་ན། གཞན་གྱིས་བརྗོད་པ་ཁས་ལེན་པ་ནི་འགྱུར་མོད་ཅེས་བྱ་བའོ། །དེར་ཞེས་བྱ་བ་ནི་རྒྱུ་ལའོ། །ཁྱད་པར་གཞན་ཞེས་བྱ་བ་ནི་རྒྱུ་ལ་གནས་པའོ། །ཡོད་པའི་གཏན་ཚིགས་ཀྱི་ཕྱིར་ཞེ་སྡང་གི་མཚན་ཉིད་ཀྱི་འབྲས་བུ་གཞན་ཞེས་
བྱ་བར་འགྱུར་རོ། །དེ་ལྟར་གཞན་གྱི་སྨྲ་བ་ཁས་བླངས་ནས། བཟློག་པའི་སྒོ་ནས་རྣམ་འགྲེལ་འཆད་པ་ནི། གང་གི་ཚེ་ཞེས་བྱ་བའོ། །འབྲས་བུ་ནི་འདོད་ཆགས་སོ། །གལ་ཏེ་ཇི་ལྟར་འདོད་ཆགས་ཀྱི་རང་བཞིན་ཅན་གྱི་ཞེ་སྡང་གཞན་གྱི་རྒྱུ་ཅན་ཡིན་ནོ་ཞེས་ཁྱད་པར་གཞན་རྟོག་པ་དེ་
བཞིན་དུ་འདོད་ཆགས་ཀྱི་ཁྱད་པར་ཡང་དེ་ལས་གཞན་པའི་ཁྱད་པར་གྱི་རྒྱུ་ཅན་ཡིན་ནོ་སྙམ་དུ་དོགས་པ་ནི་དེར་ཡང་ཞེས་བྱ་བ་སྟེ། བད་ཀན་འཕེལ་བར་ཡང་ངོ་། །དེ་ལས་གཞན་པ་ནི་བད་ཀན་འཕེལ་བ་ལས་གཞན་པའི་ཁྱད་པར་མེད་པའི་ཕྱིར། འབྲས་བུ་འཕེལ་བ་བཟློག་པ་ཡིན་ནོ་
Vol. 184 · folio 183b
ཞེས་རྗེས་སུ་འཇུག་གོ། །ལན་ནི་དེ་ལྟ་ན་འོ་ན་ཞེས་བྱ་བའོ། །འདོད་ཆགས་ཀྱི་རང་བཞིན་ལ་གནས་པའི་ཁྱད་པར་དེའོ། །རྒྱུ་དང་འབྲས་བུའི་དངོས་པོར་འཛིན་པ་ནི་བད་ཀན་དང་འདོད་ཆགས་གཉིས་སོ། །གང་ལ་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །མཐོང་བ་ནི་མ་མཐོང་བའི་ཁྱད་
པར་དུ་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ལ། འབྲས་བུའི་ཁྱད་པར་མཐོང་བ་ནི་མ་མཐོང་བའི་ཁྱད་པར་ཏེ་རྒྱུ་གང་ལ་ཡོད་པ་སྟེ། མ་མཐོང་བའི་ཁྱད་པར་ཅན་གྱི་དངོས་པོ་དེར་མི་རིགས་སོ། །འོ་ན་ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོར་འཛིན་ཞེ་ན། དེའི་ཁྱད་པར་ལས་ཞེས་གསུངས་
ཏེ། བད་ཀན་འཕེལ་བ་ལས་སོ། །ཁྱད་པར་དུ་ཞེས་བྱ་བ་ནི་འདོད་ཆགས་ཁྱད་པར་དུ་འཛིན་ནའོ། །དེ་ལྟ་མ་ཡིན་ན་ནི་རྒྱུ་དང་འབྲས་བུར་འཛིན་པ་མ་ཡིན་ནོ་ཞེས་བརྗོད་པ་འདི་ཉིད་སྡུད་པ་ནི་དེ་ལས་ཞེས་བྱ་བ་སྟེ་བད་ཀན་གྱི་ཁྱད་པར་ལས་སོ། །ཁྱད་པར་ཡོད་མིན་ཞེས་བྱ་བ་ནི་སྐབས་
ཀྱིས་འདོད་ཆགས་སོ། །མ་གྲུབ་ཉིད་ཅེས་བྱ་བ་དེའི་རྣམ་པར་འགྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ། །མ་ཡིན་ཞེས་བྱ་བ་ལ་སོགས་པའོ། །དོགས་པ་བསུ་བ་ནི་རང་བཞིན་གྱིས་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་ལན་འདེབས་པའོ། །མཚུངས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཞེ་སྡང་མི་
འབྱུང་བའོ། །ཀུན་ལས་སྐྱེ་བའང་མིན་ཞེས་བྱ་བ་འཆད་པ་ནི་འོན་ཏེ་ཞེས་བྱ་བའོ། །འདོད་ཆགས་ཀྱི་རྒྱུ་ཁྱད་པར་ཡོད་པ་ན་ཁྱད་པར་གཞན་མེད་པ་ལས་འདོད་ཆགས་ཀྱི་ཁྱད་པར་མི་འགྱུར་མོད། །རང་གི་ངོ་བོ་གོ་ཅི་སྟེ་མེད་པར་འགྱུར་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བ་ནི་མེད་
པའོ། །ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་སྤྱིར་རིགས་པ་བརྗོད་པའོ། །དེས་ན་སྐྱོན་རྣམས་ཁྱད་པར་ཡོད་ན་ཡང་ཁྱད་པར་མེད་ཕྱིར་ཞེས་བྱ་བ་འདི་ལ་ལྟོས་ནས། རྒྱུ་ནི་འཕེལ་བར་གྱུར་པ་ན། །འབྲས་བུ་འགྲིབ་པའང་མི་རུང་སྟེ། །ཞེས་བྱ་བ་བཟློག་པ་མ་ཡིན་ལ། འབྲེལ་པ་ཉིད་ཀྱང་
མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །ཞེ་སྡང་ཉིད་དུ་ཞེས་པར་གཟུང་བས་ནི། འདོད་ཆགས་ཙམ་ཡང་མེད་པར་བསྟན་ཏོ། །ནད་ཀྱིས་གདུངས་པས་ཞེས་བྱ་བས་ནི། བད་ཀན་འཕེལ་བའི་ནད་ཀྱིས་གདུངས་པའོ། །འོན་ཏེ་ཇི་ལྟར་འདོད་ཆགས་ལ་སོགས་པ་འབྱུང་སྙམ་ན།
Vol. 184 · folio 184a
འདོད་ཆགས་ལ་སོགས་པ་ནི་ཞེས་གསུངས་སོ། །འདིས་ནི་ཆགས་སོགས་ཀྱི་ཞེས་བྱ་བ་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པ་དང་ལྡན་པ་ཉིད་དུ་འགྱུར་རོ་སྙམ་ན། བདེ་བ་ཡང་གང་གི་ཞེས་གསུངས་སོ། །དེས་
ན་ཞེས་བྱ་བ་ནི་བད་ཀན་ལ་སོགས་པ་ལས་སྐྱེས་པ་མ་ཡིན་པའི་ཕྱིར་རོ། །ཉེས་པ་དག་ལས་ཞེས་བྱ་བ་ནི་རླུང་ལ་སོགས་པ་ལས་སོ། །བད་ཀན་འཕེལ་ཡང་མི་འཕེལ་བའི་ཕྱིར་རམ། མེད་པའི་ཕྱིར་ཁྱབ་པར་བྱེད་པ་མེད་པས་ན་འདོད་ཆགས་ནི་འབྲས་བུ་ཡིན་ནོ་ཞེས་མི་རིགས་
སོ། །ཁམས་སྙོམས་པ་ལས་བྱུང་བའི་བདེ་བ་ལྷན་ཅིག་བྱེད་པ་ཅན་རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར་ཏེ། དེ་ལྷན་ཅིག་བྱེད་པ་ཅན་གྱི་བད་ཀན་ནི་འདོད་ཆགས་ལ་འཁྲུལ་པ་མ་ཡིན་ནོ་སྙམ་པའི་དོགས་པ་བསུ་ནས། གལ་ཏེ་ཞེས་བྱ་བའོ། །དེ་ནི་བད་ཀན་ནོ། །གཞན་གྱིས་གེགས་བྱས་ན་
ཞེས་བྱ་བ་ནི་ལྷན་ཅིག་བྱེད་པ་མ་ཚང་བས་གེགས་བྱས་ནའོ། །ཆ་མཉམ་ལས་ཞེས་བྱ་བ་ནི་ཆ་མཉམ་པ་ལས་བྱུང་བའི་བདེ་བ་ལས་ནི། བདེ་བ་ཡང་རང་སྐྱེས་པ་ཙམ་གྱིས་ནི་སྐྱེད་བྱེད་མ་ཡིན་གྱི། འོན་ཀྱང་ཁུ་བ་འཕེལ་བའི་རིམ་གྱིས་ཡིན་ནོ་ཞེས་སྨྲས་པ་ནི། ཁུ་འཕེལ་ཞེས་བྱ་བའོ། །
དེ་ལས་ཞེས་བྱ་བ་ནི་ཁུ་བ་ལས་སོ། །འདོད་ཆགས་ནི་ཆགས་པའོ། །སྔར་ནི་སྐྱོན་རྣམས་ཁྱད་པར་ཡོད་ན་ཡང་ཞེས་བྱ་བས་འདོད་ཆགས་ལ་བད་ཀན་འཁྲུལ་པར་བརྗོད་པ་ཡིན། དེ་ལྟ་ན་ཆ་མཉམ་བརྗོད་པ་ཡིན་ནོ། །ཉེས་པ་རྣམས་ཆ་མི་མཉམ་ལའང་ཆགས་ཅན་མཐོང་ཞེས་བྱ་བ་ནི་དེ་མེད་
ཀྱང་ཡོད་པ་དང་། གཞན་ནི་ཆ་མཉམ་ན་ཡང་མིན་ཞེས་བྱ་བས་ནི་ཡིད་ཀྱང་མེད་པ་བརྗོད་དོ། །གཞན་ནི་ཞེས་བྱ་བ་མི་སྡུག་པ་སྒོམ་པ་ལ་མངོན་པར་དགའ་བའོ། །ཁུ་བ་ཡང་འདོད་ཆགས་ཀྱི་རྒྱུ་མ་ཡིན་ཏེ། དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པའི་ཕྱིར་རོ་ཞེས་བཤད་པ་ནི།
གཞན་ནི་ཞེས་བྱ་བའོ། །གཞན་ནི་ཁུ་བ་མེད་ཀྱང་ཆགས་པ་ཅན་དུ་མཐོང་ངོ་། །ཇི་ལྟར་དེ་དག་ཁུ་བ་དང་བྲལ་བར་རྟོགས་སྙམ་ན། གང་གི་ཕྱིར་གཙོ་བོའི་ཡན་ལག་ནས་ཁྲག་འཛག་པའི་ཕྱིར་རོ། །འདིས་ནི་བཟློག་པའི་རྗེས་སུ་བྱེད་པ་མེད་པར་བརྗོད་པ་ཡིན་ནོ། །རྗེས་སུ་འགྲོ་བ་མེད་པ་
Vol. 184 · folio 184b
བསྟན་པའི་དོན་དུ། རང་གི་ངོ་བོ་བརྗོད་པ་ནི་བུད་མེད་གཅིག་ལ་ཁུ་ངེས་མེད་དེ་འོན་ཀྱང་སྔོན་པོ་ལ་སོགས་པ་ལྟར་ཐམས་ཅད་ཀྱི་ཐུན་མོང་བ་ཡིན་ནོ། །ཐུན་མོང་བ་ཡིན་པ་དེས་ན་བུད་མེད་གཅིག་ལ་ཆགས་པ་དྲག་པར་མི་འགྱུར་གྱི། འོན་ཀྱང་ཐམས་ཅད་ལ་དེ་བཞིན་དུ་འགྱུར་རོ། །འགྱུར་
བ་ཡང་མ་ཡིན་ཏེ་དེས་ན་རྗེས་སུ་འགྲོ་བ་མེད་དོ། །འདི་སྙམ་དུ་གང་གིས་ཐམས་ཅད་ལ་འདོད་ཆགས་འགྱུར་ན། ཁུ་བ་འབའ་ཞིག་ནི་འདོད་ཆགས་ཀྱི་རྒྱུ་མ་ཡིན་གྱི། འོན་ཀྱང་གཟུགས་དང་སྤྱོད་ཚུལ་ལ་སོགས་པའི་ལྷན་ཅིག་བྱེད་པ་ཅན་ཡིན་ནོ། །དེས་ན་བུད་མེད་གཅིག་ཁོ་ན་ལ་རྗེས་
སུ་འགྲོ་བ་ངེས་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །མ་ངེས་ཕྱིར་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་ལ་ཡང་འདོད་ཆགས་ལ་འཁྲུལ་པའི་ཕྱིར་རྗེས་སུ་འགྲོ་བ་མེད་ལ། གཟུགས་ལ་སོགས་པ་མེད་ཀྱང་ཁུ་བ་ཡོད་ན་ཡོད་པའི་ཕྱིར་ལྡོག་པ་མེད་པ་ཡིན་
ནོ་ཞེས་བྱ་བའི་དོན་ཏོ། །འདོད་ཆགས་ལ་སོགས་པ་རྒྱུ་ངེས་པ་ཅན་མ་ཡིན་ཡང་ཁུ་བ་ལ་སོགས་པའི་རྒྱུ་ཅན་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། ངེས་པ་མེད་པར་ཞེས་གསུངས་སོ། །གལ་ཏེ་ཁུ་བ་འདོད་ཆགས་ཀྱི་རྒྱུ་ཡིན་ནོ། །དེའི་ཚེ་ཡོན་ཏན་མ་བཟུང་བ་མི་སྡུག་པ་བསྒོམ་པ་ལ་
སོགས་པས་མི་སྡུག་པ་ལ་སོགས་པར་འཛིན་པ་ལ་ཡང་འདོད་ཆགས་ཡོད་པར་འགྱུར་རོ། །གཟུགས་བཟང་པོ་ལ་སོགས་པ་ཙམ་འཛིན་པ་ནི་ལྷན་ཅིག་བྱེད་པ་མ་ཡིན་གྱི། འོན་ཀྱང་སྡུག་པ་ལ་སོགས་པར་འཛིན་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི། གལ་ཏེ་ཡོན་ཏན་ཞེས་བྱ་བའོ། །
ཡོན་ཏན་ཐམས་ཅད་ཀྱིས་འཛིན་འགྱུར་ཞེས་བྱ་བ་ནི་ལན་ནོ། །ཅིའི་ཕྱིར་སྙམ་ན། རྒྱུ་ནི་ཞེས་གསུངས་ཏེ། གཟུགས་ལ་སོགས་པའི་ཡོན་ཏན་ཡོད་པ་ཙམ་མོ། །དེའི་ཕྱིར་ཡོན་ཏན་འཛིན་པ་ནི་རྒྱུ་མ་ཡིན་ནོ། །དེས་ན་ཁུ་བ་རྒྱུ་ཡིན་ན་ཡོན་ཏན་མི་འཛིན་པ་ལ་ཡང་འགྱུར་རོ་ཞེས་བྱ་བའི་
གནས་སོ། །དེ་ནི་གྲང་བ་དང་ཚ་བའི་རེག་པ་དག་བཞིན་དུ་འགལ་བའི་འདོད་ཆགས་དང་ཞེ་སྡང་གཉིས་སམ། བདེ་བ་དང་སྡུག་བསྔལ་གཉིས་ནི་ཚོགས་པ་མཚུངས་པས་བསྐྱེད་པ་ཉིད་དུ་མི་རིགས་སོ། །བད་ཀན་གྱི་རང་བཞིན་ལ་ནི་འདོད་ཆགས་བཞིན་དུ་ཞེ་སྡང་མཐོང་བ་མ་ཡིན་ནོ་ཞེས་
Vol. 184 · folio 185a
བརྗོད་པ་ནི། གནས་སྐབས་ག་ལ་ཞེས་བྱ་བའོ། །འབྲས་བུ་བཞིན་དུ་དེའི་རང་བཞིན་གཉིས་ཀྱང་འགལ་བ་ཁོ་ན་སྟེ། མི་འགལ་ན་ནི་འབྲས་བུ་ཡང་དེར་མི་འགྱུར་རོ་ཞེས་བརྗོད་པ་ནི་དེ་གཉིས་ཞེས་བྱ་བ་སྟེ་འདོད་ཆགས་དང་ཞེ་སྡང་གཉིས་སོ། །གང་གིས་
འགལ་བར་མི་འགྱུར་པ། འདོད་ཆགས་ལ་སོགས་པ་ནི་བད་ཀན་ལ་སོགས་པའི་རང་བཞིན་ལ་ངེས་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི། འདི་ལ་ངེས་པ་ཞེས་བྱ་བའོ། །གཟུགས་ལ་སོགས་པ་ཡང་ཁུ་བ་བཞིན་དུ་ནུས་པར་བརྗོད་པ་ནི་ཁྱད་པར་ཅན་གཟུགས་ཞེས་བྱ་བའོ། །སྐྱོན་མེད་དོ་
ཞེས་བྱ་བ་ནི་ཐམས་ཅད་ལ་འདོད་ཆགས་དྲག་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རང་བཞིན་ནོ། །འདོད་ཆགས་གཟུགས་ལ་ཇི་ལྟར་འཁྲུལ་སྙམ་ན། གཟུགས་དང་བྲལ་བ་ལ་ཞེས་སྨོས་སོ། །དོགས་པ་ནི་གཟུགས་ངན་མ་ལ་སྤྱོད་ཚུལ་དག་ཡོད་པའི་ཕྱིར་ན་ཆགས་པ་ཡིན་
ནོ་ཞེས་བྱ་བ་ནི་སྐབས་སོ། །འོ་ན་གཟུགས་ནི་ཞེས་བྱ་བ་ནི་ལན་ནོ། །དེ་མེད་པར་ཡང་འབྱུང་བའི་ཕྱིར་རོ། །འོ་ན་སྤྱོད་ཚུལ་རྒྱུ་ཡིན་པར་འགྱུར་རོ་སྙམ་ན། སྤྱོད་ཚུལ་དང་ནི་ཞེས་གསུངས་སོ། །དེའི་ཕྱིར་སྤྱོད་ཚུལ་རྒྱུ་མ་ཡིན་ནོ། །འོ་ན་གཉི་ག་རྒྱུ་ཡིན་པར་འགྱུར་རོ་སྙམ་ན་ལ་ལར་
ཞེས་གསུངས་སོ། །འོ་ན་ཅི་རུང་བ་ཞིག་རྒྱུ་ཡིན་ནོ་སྙམ་ན། ཀུན་ལ་ཞེས་གསུངས་སོ། །གཟུགས་ལ་སོགས་པ་ཇི་ལྟར་ཡོད་པ་རྒྱུ་ཉིད་ཡིན་པར་བཀག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པ་མེད་པ་ཞེས་བྱ་བ་ནི་གང་རུང་ཞིག་མེད་པར་ཡང་མི་ལྡོག་པའོ། །དེ་ལས་ཞེས་བྱ་བ་
ནི་གང་མེད་ཀྱང་འབྱུང་བ་ལས་སོ། །ངེས་པ་ལས་ནི་ཉེས་པ་གཞན་ཡང་བརྗོད་པ་ནི་འདོད་ཆགས་གཅིག་ལ་ཞེས་བྱ་བ་སྟེ། གཟུགས་དང་ཡོན་ཏན་དང་ལྡན་པ་ལའོ། །ཅིའི་ཕྱིར་དེ་ལྟར་ཐལ་སྙམ་ན། ཐམས་ཅད་ལ་ཞེས་སྨོས་ཏེ་སྐྱེས་བུའོ། །ཡོན་ཏན་འཛིན་པའི་རྒྱུ་ནི་ཡོན་
ཏན་ཡོད་པ་ཙམ་མོ། །དེའི་ཚེ་ཞེས་བྱ་བ་ཁོང་ནས་ཕྱུང་ལ་ཐོག་མ་མེད་པའི་བག་ཆགས་ལས་ཞེས་བྱ་བ་ལ་སོགས་པ་སྦྱར་བར་བྱའོ། །དེ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི་ཞེ་སྡང་ལ་སོགས་པ་འགྱུར་བ་མ་ཡིན་ནོ། །འདི་ལ་ཞེས་བྱ་བ་ནི་ཞེ་སྡང་ལ་སོགས་པ་ལའོ། །འདི་ཉིད་ལ་ཡང་
Vol. 184 · folio 185b
བཀོད་པ་གཞན་གསུངས་པ་ནི་ཡང་ན་ཞེས་བྱ་བའོ། །གཅིག་ལ་འདོད་ཆགས་དང་ཞེ་སྡང་གཉི་གའོ། །འདི་ལ་ཞེས་བྱ་བ་ནི་ཆགས་པ་དང་སྡང་བ་ལའོ། །དེ་མེད་ན་ནི་ཞེས་བྱ་བ་ནི་མེ་དང་འབྲེལ་ནའོ། །དེ་ཞེས་བྱ་བ་ནི་རྡུལ་ལོ། །དེ་དག་གཞན་ཡོད་མ་ཡིན་ཞེས་བྱ་བ་ནི་རྒྱུའོ། །གཟུགས་
ལ་སོགས་པ་ཁོ་ན་འདོད་ཆགས་ལ་སོགས་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡོད་ན་ནི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཡོད་ནའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ནང་གི་ཕན་འདོགས་པའི་བག་ཆགས་གང་ཡིན་པ་དེའི་དང་འབྲེལ་བ་ལས་ཏེ། སད་པ་ངེས་པའི་ལས་
བཟློག་པ་ཞེས་བྱ་བ་དུས་མཚུངས་པ་ཉིད་དུ་ངེས་པ་ལས་བཟློག་པ་ཡིན་ནོ། །དེས་ན་རང་བཞིན་གཅིག་ཁོ་ནས་རེས་འགའ་ནི་འདོད་ཆགས། རེས་འགའ་ནི་ཞེ་སྡང་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །བག་ཆགས་ཉིད་ཅེས་བྱ་བ་ནི་བདག་ལ་ཕན་འདོགས་
པའི་བག་ཆགས་སོ། །གལ་ཏེ་བག་ཆགས་ཀྱི་ཁྱད་པར་ཡང་གཟུགས་ལ་སོགས་པ་སད་པར་བྱེད་པ་ལ་ལྟོས་པ་ཁོ་ནས་འདོད་ཆགས་ལ་སོགས་པའི་རྒྱུ་མ་ཡིན་ནམ། དེས་ན་དེ་ལ་ཡང་ཉེས་པ་འདི་མཚུངས་སོ་སྙམ་དུ་དོགས་པ་བསུ་བ་ནི། འོན་ཏེ་ཡང་ཞེས་བྱ་བའོ། །འདིར་ནི་ཞེས་
བྱ་བ་ནི་འདོད་ཆགས་ལ་སོགས་པ་ལ་མ་ངེས་པར་རོ། །འགའ་ཞིག་གི་ཚེ་ཞེས་བྱ་བ་ནི་ལང་ཚོ་ལ་བབ་པ་ལ་སོགས་པའི་དུས་ངེས་པར་རོ། །རྣམ་པ་འགའ་ཞིག་ལྟར་ཞེས་བྱ་བ་ནི། ཆུང་ངུ་དང་འབྲིང་པོ་ལ་སོགས་པའི་དབྱེ་བས་སོ། །རྒྱུ་འགའ་ཞིག་གིས་ཞེས་བྱ་བ་ནི། །གཟུགས་
ལ་སོགས་པ་ཕྱི་རོལ་གྱིས་སམ། ནང་གི་ཁྱད་པར་ཉེ་བར་མཚོན་པར་བྱ་བ་མ་ཡིན་པ་སེམས་པ་ལ་སོགས་པས་སོ། །གཟུགས་ལ་ལྟོས་པ་མེད་པའི་ཕྱིར་ཞེས་བྱ་བར་བལྟ་བར་བྱའོ། །དེ་ལྟར་བད་ཀན་དང་རླུང་ལ་སོགས་པ་འབྱུང་བ་ཡོངས་སུ་གྱུར་པ་འདོད་ཆགས་ལ་སོགས་
པའི་རྒྱུ་ཡིན་པ་བསལ་ནས་གཞན་གྱིས་ཁས་བླང་བའི་འབྱུང་བ་ཉིད་ཡིན་པ་བཟློག་པའི་ཕྱིར་གལ་ཏེ་ཞེས་སྨོས་སོ། །འདིས་ནི་ཞེས་བྱ་བ་ནི་རླུང་ལ་སོགས་པའི་རྗེས་སུ་མི་འཇུག་པས་སོ། །བག་ཆགས་ཀྱང་རྗེས་སུ་འཇུག་པས་སོ། །འདི་ནི་བློ་ལུས་ལ་ནི་བརྟེན་པའི་ཕྱིར་རོ། །
Vol. 184 · folio 186a
གོམས་པས་གྲུབ་པ་མེད་ཅེ་ན་ཞེས་བྱ་བ་ལ་སོགས་པས་བཀག་ཟིན་ཀྱང་ལོག་པར་རྟོག་པ་སྲིད་པས་ཡང་འགོག་པ་ཡིན་ནོ། །ལོག་པར་རྟོག་པ་དེ་ཡང་མཐོང་ངོ་ཞེས་བཤད་པ་ནི། འདི་དག་ནི་ཞེས་བྱ་བའོ། །ཅིའི་ཕྱིར་བཀག་པ་ཡིན་སྙམ་ན། འདིས་
ནི་ཞེས་བྱ་བ་གཏན་ཚིགས་ཀྱི་ཚིག་རྣམ་པར་འགྲེལ་པ་ནི། ཐམས་ཅད་དུ་ཞེས་གསུངས་སོ། །གཟུགས་ལ་སོགས་པ་འབྱུང་བ་དག་ལས་ཐ་དད་པར་ཁས་བླངས་པས་ཞེས་བྱ་བ་ནི། རྟེན་གྱི་དངོས་པོ་ནི་ཐ་དད་པ་ལ་གནས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གནོད་
པར་འགྱུར་སྙམ་ན། འབྱུང་བ་ཙམ་ཞེས་གསུངས་སོ། །དེ་ལྟར་དཔེ་བཀག་ནས་གནས་སྐབས་ཀྱི་རྟེན་དང་བརྟེན་པའི་དངོས་པོ་ལ་ཡང་ཉེས་པ་བརྗོད་པ་ནི། གལ་ཏེ་ཤེས་པ་ཞེས་བྱ་བའོ། །བཞི་ཁོ་ནའོ་ཞེས་བྱ་བའི་ངེས་པ་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །ཐ་དད་པ་མ་ཡིན་
པར་ཁས་ལེན་པ་ལ་ཡང་སྐྱོན་བརྗོད་པ་ནི། ཐ་དད་པ་མ་ཡིན་ན་ནི་ཞེས་བྱ་བའོ། །གང་གི་ཚེ་ཤེས་པ་གཅིག་གི་ཁོངས་སུ་འདུ་བ་དེའི་ཚེ་འབྱུང་བ་རྣམས་གཅིག་ཉིད་ཡིན་ལ། དེ་ལྟ་ན་ཡང་བཞི་ཞེས་བྱ་བའི་གྲངས་ཉམས་སོ་ཞེས་བྱ་བར་དགོངས་པའོ། །གང་གི་ཚེ་འབྱུང་
བ་རྣམས་ཉིད་དུ་ཤེས་པ་འདུས་པ་དེའི་ཚེ་ནི་རྡུལ་ཕྲ་རབ་སོ་སོར་རིག་པར་ཐལ་ལོ་ཞེས་སུན་འབྱིན་པ་སྔར་བཤད་ཟིན་ཏོ། །གལ་ཏེ་རྟེན་དང་བརྟེན་པའི་དངོས་པོ་འགོག་པ་ནི་ཁྱེད་ཀྱི་དེ་ཁས་ལེན་པ་ཡང་གནོད་པ་ཡིན་ནོ་ཞེས་རྩོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འབྱུང་བ་དང་གཟུགས་
ལ་སོགས་པ་དག་རྟེན་དང་བརྟེན་པའི་དངོས་པོ་བཀག་པ་ནི་ཁས་བླངས་པ་དང་འགལ་བ་ཡང་མེད་དོ་ཞེས་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །བརྟེན་ནས་ཀྱི་སྒྲ་ནི་རྒྱུའི་དོན་ལས་ཡིན་ཏེ། དུས་ཐ་དད་པའི་ཕྱིར་རྟེན་དང་བརྟེན་པའི་དངོས་པོར་ནི་མ་གྲུབ་པོ། །གཟུགས་དུས་མཚུངས་
པ་ཡིན་ན་ནི། དེ་ལ་ནུས་པ་མེད་པའི་ཕྱིར་ལྷན་ཅིག་གི་དངོས་པོས་ཕན་འདོགས་པ་མ་ཡིན་ནོ། །ལྷན་ཅིག་པའི་དོན་ནི་ལྟོས་པ་མེད་པའི་དོན་ཡིན་པའི་ཕྱིར་རོ། །འབྱུང་བཞིན་པའི་གཟུགས་ནི་ཅི་སྲིད་མེད་ཀྱི་བར་དུ་རང་འབྱུང་བ་ལ། ལྟོས་པར་བྱ་བ་ལ་ལྟོས་པ་ཡིན་ལ།
Vol. 184 · folio 186b
ལྟོས་པར་བྱ་བའི་སྔར་ཡོད་པར་ཡང་དེ་ཉིད་ཡིན་ནོ། །ཇི་སྲིད་ལྷན་ཅིག་འབྱུང་བ་དེ་སྲིད་དུ་ནི་ལྟོས་པ་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་འབྱུང་བ་རྣམས་དུས་མཉམ་པར་འབྱུང་བའི་གཟུགས་ཀྱི་རྟེན་ཡིན་ཞེས་ཐ་སྙད་བྱེད་ཅེས་དོགས་པ་བསུ་ནས། ཡང་ན་རང་གི་རྟེན་དག་དང་
ཞེས་གསུངས་སོ། །འབྱུང་བ་ཆེན་པོ་དག་དང་ངོ་། །འབྱེད་མེད་པར་གནས་པའི་ཕྱིར་ཞེས་བྱ་བ་ནི། ལྷན་ཅིག་འབྱུང་བའི་ཕྱིར་རོ། །རྟེན་ཡིན་ཞེས་བྱ་བ་ནི་བརྟེན་པ་ཉིད་ཡིན་པའོ། །ཅིའི་ཕྱིར་དེ་ལྟར་རྟེན་ཡིན་སྙམ་ན། གཞན་དུ་འཐད་མ་ཡིན་ཞེས་གསུངས་
སོ། །བརྟེན་པའི་དོན་ནི་ཞེས་བྱ་བ་ནི་འཆད་པའོ། །རྟེན་གྱི་དོན་དང་རྒྱུའི་དོན་གཉིས་དུས་ཐ་དད་དང་ཐ་མི་དད་པའི་ཡུལ་ཅན་ཉིད་ཀྱིས་གཅིག་མ་ཡིན་པ་འདི་ཉིད་གསལ་བར་བྱེད་པ་ནི་རྒྱུ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་མི་རྟོག་སྙམ་ན། དུས་མཚུངས་པ་དག་ལ་ཞེས་གསུངས་སོ། །
དེས་ནི་ཞེས་བྱ་བ་ཕན་འདོགས་པ་དང་ཕན་གདགས་པར་བྱ་བ་དག་མེད་པ་ནའོ། །འདིས་ནི་རྟེན་གནས་ཀྱི་དོན་ལ་རྒྱུའི་དོན་དུ་ཁས་བླངས་པ་ན་རྟེན་ལ་སོགས་པའི་དངོས་པོ་ཁས་བླངས་པ་མེད་པའི་ཕྱིར་བདག་ཅག་གི་རྟེན་བཀག་པ་འགལ་བ་མེད་དོ་ཞེས་སྟོན་ཏོ། །དབྱེར་མེད་པར་
འཇུག་པའི་ཕྱིར་རྟེན་ཡིན་ནོ་ཞེས་འབྲེལ་ཏོ། །ཕན་ཚུན་འཁྲུལ་པ་མེད་པ་ནི་དབྱེར་མེད་པར་འཇུག་པ་ཡིན་ནོ་ཞེས་འཆད་པ་ནི་འདི་ལྟར་ཞེས་བྱ་བའོ། །དེ་དག་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་དག་གོ། །ཡང་ཇི་ལྟར་ན་རྟེན་ནི་རྣམ་པར་དབྱེར་མེད་པར་གནས་པ་ཙམ་ཡིན་སྙམ་པའི་
དོགས་པ་སེལ་བས་གཞན་དུ་འཐད་མ་ཡིན་ཞེས་བྱ་བ་འཆད་པ་ནི་གལ་ཏེ་དེ་དག་ཅེས་བྱ་བའོ། །དེའི་རྟེན་ཀྱང་ཞེས་བྱ་བ་ནི་བརྟེན་པའི་རྟེན་ཡིན་ནོ། །བརྟེན་པ་ལ་ལྟོས་པའི་རང་བཞིན་ནི་རྟེན་མེད་ན་མེད་པ་ཁོ་ནས་འཇིག་པ་ཡིན་ནོ། །མི་འཇིག་ན་ནི་སྟེ། བརྟེན་པ་དང་བྲལ་བཞིན་དུ་
གནས་ནའོ། །སྔར་ཡང་ཞེས་བྱ་བ་ནི་བརྟེན་པར་མངོན་པར་འདོད་པའི་དུས་ཏེའོ། །དེ་ཉིད་ནི་འདིའི་ཞེས་ངོ་ཤེས་པ་ལས་ནི་རྟེན་ཉིད་མ་ཡིན་ནོ། །དེས་ན་འབྱུང་བ་རྣམས་ལ་རྣམ་པར་དབྱེར་མེད་པར་གནས་པ་ཉིད་ནི་གཟུགས་ཀྱི་རྟེན་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །གང་
Vol. 184 · folio 187a
གི་ཕྱིར་དེ་ལྟར་རྟེན་དང་བརྟེན་པའི་དངོས་པོ་མི་འཐད་པའི་གཏན་ཚིགས་དེས་ན་གཟུགས་ལ་སོགས་པ་འབའ་ཞིག་ཏུ་ནི་མ་ཟད་དེ། འདོད་ཆགས་ལ་སོགས་པ་ཡང་ངོ་། །འགྱུར་རོ་ཞེས་བྱ་བ་ནི་ཐལ་བར་འགྱུར་བའོ། །གལ་ཏེ་གཟུགས་ལ་སོགས་
པ་དག་ལས་ཐ་དད་པར་མ་དམིགས་པའི་ཕྱིར་ན་འབྱུང་བ་ཆེན་པོའི་རང་བཞིན་མེད་པ་ཉིད་མ་ཡིན་ནམ། དེས་ན་ཅི་ལྟར་དེ་ལ་གཟུགས་ལ་སོགས་པ་རྣམས་རྣམ་པར་དབྱེར་མེད་པར་གནས་པར་བརྗོད་སྙམ་དུ་དོགས་པ་བསུ་ནས་གཟུགས་ལ་སོགས་པ་ལས་ཞེས་བྱ་བ་གསུངས་སོ། །།
གང་གི་ཕྱིར་མ་དམིགས་པའི་ཕྱིར་ན་གཟུགས་ལ་སོགས་པ་ལས་ཐ་དད་པར་འབྱུང་བ་ཆེན་པོ་ཞེས་བྱ་བའི་རང་བཞིན་མེད་པ་ཉིད་ཡིན་པ་དེ་བས་ན་དབྱེར་མེད་པར་གནས་པ་ཉིད་ཅེས་བྱ་བ་འདི་ནི་གཞན་ཁས་བླངས་པ་ཁོ་ནས་བརྗོད་པ་ཡིན་ནོ། །ཕ་རོལ་ཚུ་རོལ་མཛེས་པའམ། །
སངས་རྒྱས་པའི་ཕྱོགས་གཅིག་ཐལ་བ་ལས་བཟློག་པར་སྨྲ་བ་ནི། འདོད་ཆགས་ལ་སོགས་པས་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། འགའ་ཞིག་ཅེས་བྱ་བའོ། །དེས་ན་ལུས་ནི་འདོད་ཆགས་ཀྱི་རྟེན་མ་ཡིན་ནོ། །དེ་བཞིན་དུ་ཞེ་སྡང་ལ་སོགས་པའི་ཡང་མ་ཡིན་ནོ་
ཞེས་རྟོགས་པར་བྱ་བའོ། །འདོད་ཆགས་དབྱེར་མེད་པར་གནས་པ་ཉིད་ཀྱིས་ནི་ལུས་ཀྱི་རྟེན་ཉིད་ལ་ཁྱབ་པ་མ་ཡིན་ཏེ། རྣམ་པར་དབྱེར་མེད་ཀྱང་ཆང་དང་ནུས་པ་དག་ལ་རྟེན་ལ་སོགས་ཡོད་པའི་ཕྱིར་རོ་ཞེས་སྨྲས་པ་ནི་གལ་ཏེ་ཞེས་བྱ་བའོ། །དངོས་པོ་ལས་ཞེས་བྱ་
ནི་ལན་ནོ། །ཅི་ལྟར་འདི་གཉིས་དབྱེར་མེད་པ་དེ་བཞིན་དུ་རྟེན་ལ་སོགས་པའི་དངོས་པོ་ཡང་མེད་དེ་ཐ་མི་དད་པའི་ཕྱིར་རོ། །དེས་ན་རྣམ་པར་དབྱེ་བ་མེད་པ་ཉིད་ཀྱིས་རྟེན་ལམ་ཁྱབ་བམ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཐ་དད་པ་ཡིན་ན་ཡང་བརྟེན་པ་ཉེ་བར་བསྒྲུབ་པའི་རང་
བཞིན་བརྟེན་པ་ཞིག་ན་འཇིག་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། དངོས་པོ་འཇིག་འགྱུར་ཏེ་རྟེན་ཚང་བར་གནས་ན་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །དེ་མཚུངས་ཞེས་བྱ་བ་ནི། ཆང་དང་ཆང་གི་ནུས་པ་དག་གི་ཐ་མི་དད་པ་ཉིད་ནི་
Vol. 184 · folio 187b
ལུས་དང་འདོད་ཆགས་ལ་ཡང་མཚུངས་པའི་ལན་དུ་མིན་ཞེས་བྱ་བའོ། །འདོད་ཆགས་དང་ལུས་གཉིས་ཐ་དད་པའི་ཕྱིར་ཐ་མི་དད་པ་ཉིད་ནི་མ་ཡིན་ནོ། །ཐ་དད་པ་ལ་ཡང་རྟེན་དང་བརྟེན་པའི་དངོས་པོ་ཡོད་པ་ནི་མ་ཡིན་ནོ་ཞེས་གསུངས་པ་ནི། སྣང་བ་དེ་མྱོང་བ་ཐ་དད་པ་དེ་
རྟེན་དང་བརྟེན་པའི་དངོས་པོ་དང་བྲལ་བ་དེ་རྟོགས་པ་དེ་རིགས་པའི་ཕྱིར་རོ། །གཟུགས་དང་རོ་གཉིས་ལྷན་ཅིག་རིག་ཀྱང་རྟེན་དང་བརྟེན་པའི་དངོས་པོར་འགྱུར་བ་ནི་མ་ཡིན་ནོ། །ཆང་དང་བུ་རམ་ཆང་ཞེས་བྱ་བ་ལ་སོགས་པ་ནི། རྟེན་དང་བརྟེན་པའི་དངོས་པོ་རྣམ་པར་དབྱེ་བ་མེད་
པ་ཉིད་ཀྱིས་མ་ཁྱབ་པར་བརྗོད་པ་ཡིན་ནོ། །བཤད་ཟིན་པའི་དོན་ཉིད་གསལ་བར་བྱེད་པ་ནི། འདི་ལྟར་ཞེས་བྱ་བའོ། །མངོན་པར་འབྱུང་འགྱུར་ཉིད་ཡིན་ཞིང་། །ཞེས་བྱ་བའི་མཐར་ཐུག་པས་ནི་འཇིག་རྟེན་སྔ་མ་མེད་པར་བསྟན་ལ། ལྷག་མས་ནི་འཇིག་རྟེན་ཕྱི་མ་མེད་
པར་རོ། །དེ་ལྟ་ན་ཡང་རྟེན་ལ་སོགས་པའི་དངོས་པོ་ནི་མི་ཉམས་སོ་ཞེས་བཤད་པ་ནི་འདི་རྟེན་ཞེས་བྱ་བའོ། །དེ་བཞིན་ཉིད་དང་ནི་རྟེན་ཉིད་དུའོ། །དེ་བཞིན་ཞེས་བྱ་བ་ནི་བུམ་པ་བཞིན་དུའོ། །དེ་ཡང་མི་འཐད་དེ་ཞེས་བྱ་བ་ནི་ལན་ནོ། །འོ་ན་ཇི་ལྟར་ཐ་དད་པར་བསྙད་ཅེ་ན།
རྫས་ཀྱི་ནུས་ཞེས་སྨོས་སོ། །གཞན་དག་ནུས་པ་དོན་གཞན་ཉིད་དུ་སྒྲུབ་པས་གལ་ཏེ་ཞེས་སྨྲས་སོ། །གཞན་ལ་ཞེས་བྱ་བ་ནི་སྐྱེས་བུ་བཞིན་པའོ། །རང་གི་ངོ་བོ་མ་བཀག་ན་ནི་གཞན་ལ་སྲེག་པ་འཐད་པ་ཡིན་ནོ་ཞེས་སྨྲས་པ་ནི། ནུས་པ་བཀག་ན་ནི་ཞེས་བྱ་བའོ། །དེ་
ཞེས་བྱ་བ་ནི་མེའི་རང་གི་ངོ་བོའོ། །གཞན་ནི་སྐྱེས་བུ་གཞན་ནོ། །རྣམ་དབྱེ་འདི་ནི་ཞེས་བྱ་བ་ནི་འགའ་ཞིག་སྲེག་ལ་གཞན་ནི་མ་ཡིན་ནོ་ཞེས་བྱ་བར་རོ། །ཅི་ལྟར་མི་འགྱུར་སྙམ་ན་དེ་ཡང་ཞེས་བྱ་བའོ། །རང་གི་ངོ་བོ་བཞིན་དུ་ནུས་པ་ཡང་གཅིག་ཁོ་ན་ཡིན་པས་ཐམས་ཅད་ལ་ཐུན་
མོང་དུ་ཡོད་པ་དང་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ནུས་པ་རྣམས་མང་བའི་ཕྱིར་ན་ཉེས་པ་འདིར་མི་འགྱུར་རོ་ཞེས་བརྗོད་པ་ནི། ནུས་པ་རྣམས་ནི་མང་བས་ན། །ཞེས་བྱ་བའོ། །དེ་བས་གཞན་ནི་ཞེས་བྱ་བ་ནི་སྐྱེས་བུ་གཞན་སྲེག་པར་བྱེད་པའོ། །ཡང་ན་ནུས་པ་
Vol. 184 · folio 188a
གཅིག་ཁོ་ན་ཡིན་དུ་ཟད་མོད། དེ་ཡང་སྔགས་ལ་སོགས་པས་ཉམས་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན་བསྲེག་པར་བྱ་བའི་སྐྱེས་བུ་ལ་བསྲེག་པར་བྱར་མེད་པའི་རང་བཞིན་གཞན་བྱེད་པ་ཡིན་ནོ། །དེས་ན་བྲལ་བ་ནི་སྲེག་པ་ཡིན་ནོ་སྙམ་ནས་ཡང་ཞེས་སྨྲས་
སོ། །གཞན་ཉིད་དུ་ནི་བསྲེག་ཏུ་མེད་པར་རོ། །དེས་ཚིག་མ་ཡིན་ཏེ། བསྲེག་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་མི་འཐད་དོ། །གཞན་གྱིས་ཞེས་བྱ་བ་ནི་གང་སྔགས་ལ་སོགས་པས་གཞན་དུ་བྱས་པ་དེ་ལས་གཞན་གྱིས་ནའོ། །ཚིག་འགྱུར་ཞེས་བྱ་བ་ནི་བསྲེག་པར་འགྱུར་རོ་
ཞེས་བྱ་བའི་ཐ་ཚིག་གོ། །གཞན་དུ་ནི་སྟེ་སྔགས་ལ་སོགས་པ་དང་བྲལ་བ་ལ་ནིའོ། །གང་ལས་ཞེས་བྱ་བ་ནི་རྒྱུའམ་ཚད་མ་གང་ལས་སོ། །དེ་རྣམས་མེད་ཀྱང་བྱེད་བཞིན་པའི་སྲེག་པར་བྱེད་པ་འདིའི་རྒྱུ་ཡོད་པའི་ཕྱིར་དོན་གྱིས་གོ་བ་ཉམས་པ་ཡིན་ནོ་ཞེས་བརྗོད་པ་ནི་གང་གིས་
ཞེས་བྱ་བའོ། །གལ་ཏེ་རྒྱུ་རང་བཞིན་གཅིག་ཡིན་ན་འབྲས་བུ་ཡང་དེ་བཞིན་དུ་འགྱུར་ན། འབྲས་བུ་ནི་དུ་མ་ཡིན་ཏེ། དེས་ན་རང་གི་ངོ་བོ་ཐ་དད་པ་མེད་ཀྱང་དོན་གྱི་གོ་བས་ནུས་པ་ཐ་དད་པར་གནས་པ་ཡིན་ནོ་ཞེས་རྩོད་པར་ནི་དངོས་པོ་འདི་ལྟོས་པ་ཡོད་མིན་ཏེ་ཞེས་བྱ་བའོ། །འདི་
ག་ལས་སྙམ་ན་ནུས་པ་མང་པོ་མེད་པར་ནི་ཞེས་བྱ་བ་སྨོས་སོ། །འདི་ཉིད་གསལ་བར་བྱེད་པ་ནི་མེ་ལས་ཚིག་པ་ལ་སོགས་པ་ཞེས་བྱ་བའོ། །ཚིག་པ་ལ་སོགས་པའི་འབྲས་བུ་དུ་བ་མེད་པ་ལ་སོགས་པ་ལས་རྣམ་པར་ཕྱེ་བར་མཐོང་བ་གང་ཡིན་པ་དེར་མི་འགྱུར་རོ། །ནུས་པ་དུ་མ་ཉིད་
ཀྱི་རྗེས་སུ་དཔག་པ་བརྗོད་ནས། དེས་ཁས་མི་ལེན་པ་མ་ཉེས་པ་བརྗོད་པ་ནི་མེ་ལ་སོགས་པ་ཞེས་བྱ་བའོ། །ཡོད་དམ་ནི་སྔགས་ལ་སོགས་པ་དང་བྲལ་བ་ལའོ། །མེད་པ་ནི་མི་སྲིད་པ་མ་ཡིན་པ་ལ་སྟེ། དེ་དང་ལྡན་པ་ལའོ། །གཉི་ག་གཅིག་གི་ཚེ་ནི་མི་རུང་སྟེ། འགལ་བའི་
ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་ལ་སྔགས་དང་བྲལ་བ་ལ་སྲེག་བྱེད་ཉིད་དུ་ཡོད་པའི་མེ་ནི། དེ་དང་མི་ལྡན་པ་ལ་མེད་པར་མི་རིགས་ཏེ་འགལ་བའི་ཕྱིར་རོ་ཞེས་བརྗོད་པ་ནི། ཡོད་ན་སྔགས་ལ་སོགས་པ་དང་ལྡན་པ་ཐམས་ཅད་ཀྱང་སྲེག་པ་ཉིད་དོ། །དེ་མེད་པ་ཡིན་ན་སྟེ་མེ་ལ་སོགས་
Vol. 184 · folio 188b
པ་རང་བཞིན་གཅིག་པོ་དེ་མེད་ན་འགའ་ཡང་མིན་ཏེ་སྔགས་ལ་སོགས་པ་དང་བྲལ་བ་ཡང་མེ་ཉིད་དུ་མི་སྲེག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ག་ལས་སྙམ་དུ་དོགས་པ་ན་གཅིག་ནི་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་ལན་ནོ། །ནུས་པ་སྣ་ཚོགས་གང་ལ་ཡོད་པ་དེ་ལ་དེ་
སྐད་ཅེས་བྱའོ། །འབྲས་བུ་སྣ་ཚོགས་གང་ལ་ཡོད་པ་ཡང་དེ་བཞིན་ནོ། །མ་མཐོང་བ་ནི་ནུས་པ་མང་པོ་ཉིད་དོ། །འབྲས་བུ་མ་མཐོང་བ་ནི་རང་གི་ངོ་བོ་ངེས་པ་ཙམ་གྱིས་འབྱུང་བས་ནུས་པ་དུ་མ་འགྲུབ་པ་ལས་བཞིན་དུ་གྲུབ་པོ་ཞེས་སྨྲས་པ་ནི། གལ་ཏེ་འབྲས་བུ་སྣ་ཚོགས་ནི། །
ཞེས་བྱ་བའོ། །འདིར་ཞེས་བྱ་བ་ནི་འབྲས་བུ་དུ་མ་བྱེད་པའི་དངོས་པོ་ལའོ། །འབྲས་བུ་དེ་དག་ཉིད་ཡིན་མོད་ནུས་པ་ནི་མ་ཡིན་ནོ། །སྲེག་པར་བྱེད་པ་ཉིད་ཡོད་པ་དང་མེད་པ་ཡང་བཤད་པ་ནི་གང་གིས་ཞེས་བྱ་བའོ། །རང་བཞིན་ངེས་པ་གང་གིས་སོ། །མེ་ནི་ས་བོན་ལ་སོགས་
པ་བཞིན་དུ་སྔགས་ལ་སོགས་པ་ཡོད་པ་དང་མེད་པའི་ལྷན་ཅིག་བྱེད་པ་ཅན་རྣམ་པ་ཐ་དད་པར་འབྲས་བུ་བྱེད་པར་རང་གི་རྒྱུ་ལས་སྐྱེས་པ་ཡིན་པའི་ཕྱིར་ནུས་པ་སྣ་ཚོགས་རྟོག་པ་དོན་སྐྱེད་དོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་རྣམ་པར་ཕྱེ་ནས་བྱེད་པ་ཉིད་གསལ་བར་བྱེད་པ་ནི།
མེ་ནི་སྔགས་དང་ཞེས་བྱ་བའོ། །སྔགས་ལ་སོགས་པས་བསྲེག་པར་བྱ་བ་ཉིད་རྣམ་པ་གཞན་དུ་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི། སྲེག་རྫས་རང་བཞིན་དེ་ཡིན་ཞེས་གསུངས་ཏེ། རང་བཞིན་དེ་ཡིན་ཞེས་བྱ་བ་ནི། སྲེག་ཏུ་མེད་པའི་རང་བཞིན་དང་སྔགས་ལ་སོགས་པར་
བྱས་པ་ཡིན་ནོ། །གང་གིས་ཏེ་སྲེག་ཏུ་མེད་པའི་རང་བཞིན་གྱིས་སོ། །དེས་ནི་ཞེས་བྱ་བ་ནི་དེའི་རང་བཞིན་གང་ཞིག་སྔགས་ལ་སོགས་པས་བྱས་པ་དེས་ནི་མི་འཚིག་སྟེ་འཚིག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་གི་རང་བཞིན་སྔགས་ལ་སོགས་པས་སྲེག་ཏུ་
མེད་པ་ཉིད་དུ་མ་བྱས་པ་གཞན་དེས་ནི་འཚིག་པར་འགྱུར་ཏེ། བསྲེག་པར་བྱ་བར་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་འདོད་པས་སྤྱོད་པ་འདིར་གྱུར་ཅེ་ན། རང་གི་རྒྱུ་ལས་སྨོས་སོ། །དེས་ན་ཞེས་བྱ་བ་ནི་རྟེན་ལ་སོགས་པ་མེད་པས་སོ། །དཔེ་ནི་ཞེས་བྱ་བ་ནི། ཆང་
Vol. 184 · folio 189a
དང་ཆང་གི་ནུས་པའི་དཔེའོ། །རང་བཞིན་ཞེས་བྱ་བ་ནི་རྣམ་པར་དབྱེར་མེད་པར་གནས་པ་མེད་ཀྱང་རྟེན་ལ་སོགས་པའི་དངོས་པོར་འགྱུར་བའོ། །དེས་ན་ཞེས་བྱ་བ་ནི་ནུས་པ་ཐ་དད་པ་མ་ཡིན་པས་སོ། །དེར་ནི་ཞེས་བྱ་བ་ནི་རྟེན་དང་རྟེན་དག་གི་ནང་ནས་
སོ། །དངོས་པོ་ཉིད་ནི་རྟེན་དུ་མངོན་པར་འདོད་པའོ། །གལ་ཏེ་མཚུངས་ཤེ་ན་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་འོན་ཏེ་ཡང་ཞེས་བྱ་བའོ། །དེ་བཞིན་དུ་འགྱུར་བ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་སེམས་པ་བརྟེན་ནས་ཐ་མི་དད་པར་རོ། །དེས་ན་རྟེན་ཞིག་ན་དེ་འཇིག་པ་ཡིན་ནོ་ཞེ་ན།
ནུས་པ་ལྟར་འབྱུང་བ་ལྟར་འབྱུང་བ་ཐ་མི་དད་པ་ཞེས་བྱ་བ་འདིའི་དེ་མ་ཐག་ཏུའམ་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ནམ་ཞེས་བྱ་བར་ལྟ་བའོ། །དེ་ཉིད་ཅེས་བྱ་བ་ནི་གཉིས་མེད་པའོ། །ཐ་མི་དད་པ་ནི་མ་ཡིན་ཏེ། སྣང་བ་ཐ་དད་པ་རྟོགས་པ་མེད་པའི་ཕྱིར་རོ། །རྟེན་དང་
བརྟེན་པའི་དངོས་པོ་ཡང་མ་ཡིན་ཏེ། སྣང་བ་ཐ་དད་པ་དེ་ཉིད་ཀྱི་ཕྱིར་ཏེ། ལོགས་སུ་གནས་པའི་ཕྱིར་རོ། །འདི་ཉིད་གཞུང་གཟུགས་པ་བརྗོད་པ་ནི། སྣང་བ་ཐ་དད་ཐམས་ཅད་དུ། །ཞེས་བྱ་བའོ། །ངེས་པ་འདི་ག་ལས་སྙམ་ན། ཐ་དད་འགྲུབ་པའི་ཞེས་གསུངས་སོ། །གཞན་
ཞེས་བྱ་བ་ནི་སྣང་བ་ཐ་དད་པ་ལས་མ་གཏོགས་པའོ། །འོན་ཏེ་ཡང་རྟོག་པའི་རྒྱུ་ཐ་དད་པར་འགྲུབ་པ་ཡིན་གྱི། སྣང་བ་ཐ་དད་པ་ལས་ནི་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། དབང་པོ་ཐ་དད་པ་དང་ཞེས་གསུངས་སོ། །དབང་པོ་ཐ་དད་པ་དང་རྟོག་པ་པོ་ཐ་དད་པ་དེ་དག་གིས་གཟུང་
བར་བྱ་བ་ཡིན་དུ་ཟིན་དང་པོ་སྟེ། རྒྱུ་ཐ་དད་པ་ནི་ཐ་དད་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་སྙམ་ན། ཐ་དད་པར་བྱེད་པ་ནི་ཞེས་གསུངས་སོ། །སྣང་བའི་རང་བཞིན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའི་རྟོགས་པའི་རྒྱུ་ཐ་དད་པ་ནི་ཐ་དད་པ་མ་ཡིན་ནོ་ཞེས་འབྲེལ་
ཏོ། །འོ་ན་རྟོགས་པ་ཐ་དད་པ་དེ་ཉིད་ཅེས་བྱ་བ་ནི་རྟོགས་པའི་རྒྱུ་ཐ་དད་པ་ལས་བྱུང་བའི་རྟོགས་པ་ཐ་དད་པ་གང་ཡིན་པའོ། །གཞན་ནི་ཞེས་བྱ་བ་ནི་རྒྱུ་ཐ་དད་པའོ། །དེ་ལྟར་སྣང་བ་ཐ་དད་པ་ཉིད་ཐ་དད་པར་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བསྒྲུབས་ནས་སྐབས་སུ་བབ་
Vol. 184 · folio 189b
པ་ལ་ཡང་སྟེ། ཡོད་པ་ཡིན་ནོ་ཞེས་སྟོན་པ་ནི་དེར་ཡང་ཞེས་གསུངས་ཏེ། འབྱུང་བ་དང་སེམས་གཉིས་ཀྱི་ནང་ནས་སོ། །ཤེས་པའི་ཐ་དད་པ་བསྟན་ནས། འབྱུང་བ་ཆེན་པོ་ལ་སྟོན་པ་དོན་ནི་སངས་པ་དང་ཞེས་བྱ་བའོ། །དོན་ནི་ཐ་དད་པར་སྣང་ངོ་ཞེས་སྦྱར་རོ། །འོན་ཏེ་ཞེས་
བྱ་བ་ནི་ཐ་མི་དད་པའི་དོགས་པ་བསུ་བའོ། །གཏན་ཚིགས་དེས་ན་གང་དུ་རིག་པའི་རང་བཞིན་ཡིན་གྱི། ཐ་དད་པར་སྣང་བའི་རང་བཞིན་ནི་མ་ཡིན་ནོ། །ཤིང་ལ་སོགས་གཅིག་ཉིད་ཡིན་ཡང་། ཐ་དད་པ་ལས་བཟློག་པར་སྣང་བ་ནི་མེད་དོ་ཞེས་བརྗོད་པ་ནི་གང་ཞིག་ཅེས་བྱ་བའོ། །
དོན་ནི་འདི་སྐབས་ལ་སྦྱོར་བ་ནི་ནང་གི་རེག་བྱའི་ཁྱད་པར་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི། གང་ལ་རེག་བྱའི་ཁྱད་པར་ཡོད་པ་དེས་སོ། །དེས་ཕྱི་རོལ་གྱི་ཤིང་བཞིན་དུ་རིག་པ་མ་ཡིན་ནོ་ཞེས་སྦྲེལ་ཏེ། ཅི་སྟེ་དེ་ལྟར་རིག་པ་མ་ཡིན་སྙམ་ན། ལུས་ཀྱི་ནང་ན་གནས་པའི་ཕྱིར་
ཞེས་སྨོས་སོ། །ལུས་ཀྱི་ནང་ན་གནས་པ་ཉིད་ཅི་ལྟར་སྙམ་ན། བདག་དང་ཡུལ་གཅིག་པ་ཉིད་ཀྱིས་ཞེས་གསུངས་སོ། །འདི་ནི་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའོ། །དེ་ནི་ཞེས་བྱ་བ་ནི་རེག་བྱའོ། །གང་གིས་ཞེས་བྱ་བ་ནི་གང་གིས་ཀྱང་མ་ཡིན་པ་སྟེ། དེ་ལས་ཐ་དད་པ་
ཁས་མ་བླངས་པའི་ཕྱིར་རོ། །འོན་ཏེ་གཞན་གྱིས་རིག་པར་ཁས་ལེན་ན་དེའི་ཚེ་གཞན་གྱིས་རིག་ན་བདེ་བ་ལ་སོགས་པ་རེག་པར་བྱ་བའི་འཛིན་བྱེད་ཀྱི། རེག་པ་ནི་ཐ་དད་ཡིན་པར་ཐལ་བར་འགྱུར་རོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ནི་ཞེས་བྱ་བ་ནི་རེག་བྱའོ། །དེས་
ན་རིག་པ་ཐ་དད་པར་ཐལ་བ་མ་ཡིན་ནོ་སྙམ་དུ་བསམས་པའོ། །འབྱུང་བ་ཆེན་པོའི་རང་བཞིན་མིན། །ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་རེག་བྱ་རང་རིག་པའི་རང་བཞིན་དུ་ཁས་ལེན་ན་དེའི་ཚེ་འབྱུང་བ་ཆེན་པོའི་རང་བཞིན་དུ་མི་འགྱུར་ཏེ། ཤེས་པའི་རང་བཞིན་ཁོ་ནར་འགྱུར་
རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་དེའི་རང་བཞིན་དུ་འགྱུར་མོད་ཅི་སྐྱོན་ཞེ་ན། རང་རིག་ཅེས་སྨོས་སོ། །གལ་ཏེ་རིག་བྱ་རང་གི་རང་བཞིན་གྱི་ངོ་བོ་ཡིན་ན། དེའི་ཚེ་རང་རིག་པའི་རང་བཞིན་དེ་ཁོ་ན་ལྟར་སྐྱེས་བུ་གཞན་གྱིས་ཅིའི་ཕྱིར་ཏེ་ཅི་སྟེ་མ་ཤེས། དོན་ནི་ཐུན་མོང་མ་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words