ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 184 · folio 218a

ཕྱིར་རོ། །དེ་བཞིན་དུ་སྡུག་བསྔལ་མི་སྐྱེ་བའི་རྒྱུ་ཉིད་ཀྱང་རྟག་པ་ལ་ཡོད་དེ་དེ་མེད་པ་ཁོ་ནའོ། །འདི་ལྟར་བཅིངས་པ་དང་ཐར་པ་བདག་འབྲེལ་པ་ནི་རྒྱུ་ཉིད་ཡིན་ན་དེ་ཡང་རྟག་པ་ལ་སྲིད་པ་མ་ཡིན་ནོ། །དེ་ཉིད་དང་གཞན་ཉིད་ཀྱི་ཕྱོགས་དག་ལ་ཁྱད་པར་མེད་

པ་འདུག་པ་དང་ལྡན་པ་ཡང་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ཞེས་བྱ་བ་ནི་རྟག་པ་དང་ཁྱབ་པའི་ཚེའོ། །དོན་འདི་ཡིན་ཏེ། ཇི་ལྟར་ཁྱབ་པ་དང་རྟག་པའི་རང་བཞིན་ཉིད་ཀྱིས་ན་ནམ་མཁའ་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་འགར་ཡང་ནུས་པ་མེད་

པ་དེ་བཞིན་དུ་བདག་ཀྱང་འགྱུར་ཏེ་དེའི་རང་བཞིན་ཡིན་པས་སོ་ཞེས་བྱ་བའོ། །གཞན་ཡང་བདག་ནི་རང་དབང་དང་ནུས་པ་ཡིན་ན་དེའི་ཚེ་ཇི་ལྟར་བདག་ལ་སྡུག་བསྔལ་བ་སྐྱེད་ནུས་ཀྱང་རང་དབང་མེད་པའི་ཕྱིར་མི་སྐྱེད་པ་ཡིན་ནོ། །དེ་བཞིན་དུ་རང་

དབང་ཡོད་ཀྱང་ནུས་པ་མེད་པའི་ཕྱིར་སྐྱེད་པ་མ་ཡིན་ནོ་ཞེས་རྟོགས་པར་བྱ་བའོ། །ཇི་ལྟར་མི་སྐྱེད་སྙམ་ན། རང་གསད་པར་ཞེས་གསུངས་སོ། །རྟོག་པ་དང་ལྡན་པ་ཡང་རྨོངས་པའི་དབང་གིས་བྱེད་དོ་ཞེ་ན། འོན་ཏེ་འདི་ཞེས་གསུངས་སོ། །བདག་ཤེས་པ་ཤེས་པ་

དེ་ཁོ་ནའི་ཤེས་པ་གལ་ཏེ་རྨོངས་པའི་དུས་ན་མེད་ན་མ་དམིགས་པ་མེད་པར་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི། དེའི་ཚེ་བདག་ཉིད་ཅེས་བྱ་བའོ། །དེའི་རང་བཞིན་ཞེས་བྱ་བ་ནི་རྨོངས་པའི་རང་བཞིན་ཉིད་དོ། །གཞན་དུ་ཞེས་བྱ་བ་ནི་མ་རྨོངས་པའི་རང་བཞིན་ཉིད་དོ། །རྨོངས་

པས་སྡུག་བསྔལ་བ་ནི་མ་ཡིན་ཏེ། འོན་ཀྱང་ལས་ཀྱིས་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་ལན་ནོ། །རྟག་པ་དང་ཁྱབ་པའི་སྡུག་བསྔལ་གང་ཡིན་པ་དེ་སྐྱེད་པ་ལ་ནི། ཆོས་མ་ཡིན་པ་ལ་སོགས་པའི་རྒྱུ་ནི་འགའ་ཡང་མེད་དོ། །འདི་ལྟར་

ཆོས་མ་ཡིན་པས། བདག་སྡུག་བསྔལ་གྱི་རང་བཞིན་ནམ། གཞན་ལ་བསྐྱེད་པའི་སྡུག་བསྔལ་ཐ་མི་དད་པའམ་ཐ་དད་པ་ཞིག་ཏུ་འགྱུར། དེ་ལ་ཕྱོགས་དང་པོ་སུན་འབྱིན་པ་ནི་གལ་ཏེ་ང་དེ་དེའི་ཚེ་ཞེས་བྱ་བའོ། །ཆོས་མ་ཡིན་པས་སྐྱེད་པའི་སྡུག་བསྔལ་གྱིས་བདག་སྡུག་བསྔལ་གྱི་རང་བཞིན་ཅན་

Vol. 184 · folio 218b

ལ་ནི་ཅིའང་བྱར་མེད་དོ། །རང་ཉིད་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཉེས་པ་གཞན་ནི་དེའི་ངོ་བོ་ཡིན་ན་ཞེས་བྱ་བ་སྟེ། སྡུག་བསྔལ་གྱི་ངོ་བོ་ཡིན་ནའོ། །གཞན་དུ་མི་འགྱུར་ཏེ་ཞེས་བྱ་བ་ནི་སྡུག་བསྔལ་མ་ཡིན་པའི་ངོ་བོར་རོ། །དེས་ན་ཞེས་བྱ་བ་ནི་

གཞན་དུ་མི་འགྱུར་ནའོ། །རང་བཞིན་གཞན་དུ་འགྱུར་ན་ཡང་མི་རྟག་པ་ཉིད་ཀྱིས་བདག་མ་ཡིན་པ་ཁོ་ནར་འགྱུར་རོ་ཞེས་བརྗོད་པ་ནི་གཞན་གྱི་དངོས་པོར་འགྱུར་ན་ནི་ཞེས་བྱ་བའོ། །ཕྱོགས་གཉིས་པ་སུན་འབྱིན་པ་ནི། དེ་སྟེ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་ནོ། །འདུ་བ་

ཡང་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །གང་གིས་དེའི་སྟོབས་ལས་བདེ་བ་གཞན་གྱི་བདེ་བར་འགྱུར་བ་བདེ་བ་ལ་སོགས་པ་འདུ་བ་དང་ཡང་འབྲེལ་བ་ཡང་ཅི་ཞིག་ཡོད་སྙམ་དུ་དགོངས་པའོ། །འོན་ཏེ་བདག་དང་བདེ་བ་དག་ལས་འདུ་བ་གཞན་མ་ཡིན་ན་དེའི་ཚེ་གཞན་མ་ཡིན་པ་

ཉིད་ན་ནི། གང་གིས་དེའི་སྟོབས་ཀྱིས་ཞེས་བྱ་བ་ལ་སོགས་པ་བརྗོད་པའི་སྐྱོན་དེ་ཉིད་དོ། །བཤད་ཟིན་ཀྱང་ལྷག་པ་བརྗོད་པའི་དོན་དུ་ཡང་ཟློས་པ་ནི། བདེ་བ་དང་བདེ་བ་མ་ཡིན་པ་ཞེས་བྱ་བ་ལ་སོགས་པའོ། །སོགས་པའི་སྒྲས་ནི་བཏང་སྙོམས་གཟུང་ངོ་། །ལྷག་པ་ཉིད་བརྗོད་

པ་ནི་ཅི་སྟེ་འདི་ཞེས་བྱ་བའོ། །གལ་ཏེ་འཁྲུལ་པ་དག་ལས་ཐ་སྙད་པ་ཡིན་ན་དེའི་ཚེ་བདག་མེད་དོ། །ཅིའི་ཕྱིར་ཞེ་ན་རིག་མེད་པའི་ཕྱིར་རོ། །བདག་བདེ་བའོ། །བདག་གི་བའི་རྒྱུ་ནི་འདིའོ་སྙམ་པའི་འཁྲུལ་པ་ལས་མ་གཏོགས་པར་ནི་བདག་རིག་པ་ཡོད་པ་མ་ཡིན་ནོ། །བདག་མ་

དམིགས་པ་མ་གྲུབ་པར་དོགས་པ་བསུ་བ་ནི་དེའི་ཞེས་བྱ་བ་སྟེ། བདག་ཐམས་ཅད་རྗེས་སུ་སོང་བའི་ཕྱིར་འཁྲུལ་པའི་རང་བཞིན་ནོ། །རིག་པ་ནི་དམིགས་པའོ། །ལན་ནི་རང་རིག་ཅེས་བྱ་བའོ། །རང་རིག་པ་ཡིན་ན། ཇི་ལྟར་འཁྲུལ་ཏེ། བདག་གི་རང་བཞིན་བདེ་བ་ལ་

སོགས་པར་མ་འགྱུར་རོ། །དེ་གྲུབ་པ་ཉིད་བདག་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །ཀུན་དགའ་ཚངས་པའི་རང་བཞིན་ཏེ། །ཐར་པ་དེ་ལས་གཞན་མ་ཡིན། །ཞེས་བྱ་བ་དེ་ལས་བརྗོད་པ་ནི། གལ་ཏེ་ཐར་ཀྱང་ཞེས་བྱ་བའོ། །དེ་ལ་ནི་ཐར་

Vol. 184 · folio 219a

བ་ལའོ། །དེ་ནི་བདག་གོ། །རྨོངས་པ་ནི་འཁྲུལ་པའོ། །དོན་འདི་ཡིན་ཏེ། གལ་ཏེ་བདེ་བ་ལ་སོགས་པར་རྟོག་པ་འཁྲུལ་པ་ཡིན་ན། དེའི་ཚེ་ཐར་པ་ཡང་འཁྲུལ་པར་ཐལ་ཏེ། དེ་ལ་ཡང་བདེ་བ་རྟོགས་པར་ཁས་བླངས་པའི་ཕྱིར་རོ་ཞེས་བྱ་བའོ། །བདག་

མེད་པ་ཁས་བླངས་ན་ནི་གྱ་ནོམ་པ་ཉིད་ཡོད་དོ་ཞེས་བརྗོད་པ་ནི་གང་ལ་ཞེས་བྱ་བའོ། །གཞི་གཅིག་པར་ཤེས་ན་ནི་དོན་ཅུང་ཟད་ཀྱང་གསོ་བར་བྱེད་པ་མ་ཡིན་ནོ། །བརྗོད་པ་ནི་གང་ཞིག་ཐར་ཏེ་ཞེས་བྱ་བའོ། །བཅིངས་པས་དེ་བཅིངས་པར་ཤེས་པས་ཐར་བའི་དུས་དེའི་ཚེ་ཅི་ཞིག་བྱ་སྟེ་

དགོས་པ་ཅི་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་དེའི་ཚེ་སྔར་བཅིངས་བ་ཉིད་དགོས་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི་གལ་ཏེ་སྔོན་ཞེས་བྱ་བའོ། །ལན་དུ་དེ་ཡང་ཞེས་བྱ་བའོ། །ཅིའི་ཕྱིར་མི་མཁོ་སྙམ་ན། རྟོག་སྔོན་བྱེད་པ་ཅན་མི་འགྱུར། །ཞེས་གསུངས་སོ། །གང་གི་ཕྱིར་

སྔར་གྱི་འཁོར་བའི་རང་བཞིན་དང་གཅིག་པ་ཉིད་དོན་དམ་པར་མེད་བཞིན་དུ་ངེས་པའི་ཕྱིར་ཐར་པ་རྟོག་པ་སྔོན་དུ་བྱེད་པ་ཅན་དུ་མི་འགྱུར་རོ། །སེམས་དང་བཅས་པ་ནི་སྡུག་བསྔལ་གྱི་གནས་སྐབས་བདེ་བའི་གནས་སྐབས་གཅིག་ཏུ་བྱེད་པ་མེད་དོ། །དེས་ནང་སྔོན་དུ་གྱུར་ཏོ་ཞེས་བྱ་བ་གང་

དུ་ཉེ་བར་མཁོ། །འོན་ཏེ་གཞི་ཐ་དད་པ་ཉིད་དུ་མི་འཐད་དོ་སྙམ་དུ་དོགས་པ་ནི། དེ་ཡང་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་ལན་ནོ། །འོ་ན་གཞི་ཐ་དད་པ་ཡིན་ན་ཐར་པའི་དོན་དུ་ཇི་ལྟར་འཇུག་སྙམ་ན། ཡང་ན་དེ་ནི་ཞེས་བྱ་བའོ། །བསྡུག་བསྔལ་བ་བདེ་བར་གྱུར་ཅིག་སྙམ་པས་ནི་མི་འགྱུར་

གྱི། འོན་ཀྱང་གཞི་དད་པ་ཡིན་ཡང་གཞན་བདེ་བར་བྱའོ་སྙམ་ནས་གཞན་གྱི་དོན་དུ་འཇུག་པ་ནི་འགལ་བ་མེད་པ་ཁོ་ནའོ། །འདི་ཡང་སྔར་དཔེར་ན་རྒྱལ་པོ་ཞེས་བྱ་བ་དེར་བསྟན་ཟིན་ཏོ། །ཐར་པ་དེ་ནི་ཞེས་བྱ་བ་ནི་མཇུག་སྡུད་པའོ། །དེ་ནི་ཞེས་བྱ་བ་ནི། གང་ལ་ཡོངས་སུ་ཚིམ་པའི་ཞེས་

བྱ་བ་བརྗོད་པའོ། །གཞན་པ་ཞེས་བྱ་བ་ནི་གཞན་གྱིས་ཀུན་བརྟགས་པའོ། །བཟློག་པ་ནི་གྱ་ནོམ་པ་མ་ཡིན་པའོ། །འོན་ཏེ་ཞེས་བྱ་བ་ནི་གང་ཟག་ཏུ་སྨྲ་བའི་དོགས་པ་བསུ་བའོ། །རྟག་པ་བཞིན་དུ་བརྗོད་དུ་མེད་པ་ཡང་ཁས་བླང་བར་མི་འོས་ཏེ། རིགས་པ་དང་འགལ་བའི་ཕྱིར་རོ་ཞེས་

Vol. 184 · folio 219b

ལན་འདེབས་པ་ནི། དེ་ཡང་ཞེས་བྱ་བའོ། །མ་ཡིན་ཞེས་བྱ་བ་ནི་མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །རྟག་པ་དང་འགལ་བ་དྲི་མ་དང་ཅིག་ཅར་ཉིད་ཀྱིས་ཁྱབ་པའི་རྒྱུ་ཉིད་མི་རྟག་པ་ཉིད་ལ་རྣམ་པར་གནས་ཏེ། མི་རྟག་པ་ཉིད་ཀྱིས་ཀྱང་ཁྱབ་བོ། །དེས་ན་དེ་མེད་པའི་ཕྱིར་རོ་

འཆིང་བ་ལ་ལྟོས་ནས་རྒྱུ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟག་པ་ཉིད་དུ་ཡང་བརྗོད་པར་བྱ་བ་མ་ཡིན་པ་ནི་རྒྱུ་མ་ཡིན་པར་བསྟན་པ་ནི་བཤད་པར་གསལ་ལོ། །འཆད་པ་ནི་མི་རྟག་པ་ཉིད་དུ་ཞེས་བྱ་བའོ། །ཇི་ལྟར་མི་རྟག་པ་ཉིད་མེད་པས་རྒྱུ་ཡིན་པ་འགོག་སྙམ་ན། རྒྱུ་ལ་ནི་

ཞེས་སྨོས་སོ། །དེས་ན་ཞེས་བྱ་བ་ནི་ཁྱབ་པ་ངེས་པས་སོ། །འོན་ཏེ་བཅིངས་པ་དང་ཞེས་བྱ་བ་ལ་སོགས་པ་ནི། གཉི་གའི་བདག་ཉིད་ཅན་མ་ཡིན་པ་རྒྱུ་ཉིད་དུ་དོགས་པ་བསུ་བའོ། །གཞི་གཅིག་པ་ཉིད་ནི་མི་རྟག་པ་འགོག་པའི་གཏན་ཚིགས་ཡིན་ལ། རྒྱུ་ཡིན་པ་ཉིད་ནི་རྟག་པ་

འགོག་པའི་སྟེ། དེས་ན་གཉི་གའི་རང་བཞིན་ཉིད་འགོག་པའོ། །གཉི་གའི་བདག་ཉིད་ཀྱིས་བཟློག་པ་ལ་གཏན་ཚིགས་གཞན་དུ་གྲུབ་པོ་ཞེས་བརྗོད་པ་ནི། རྟག་དང་མི་རྟག་ཅེས་བྱ་བའོ། །ཅིའི་ཕྱིར་སྙམ་ན་ཐམས་ཅད་ཅེས་བྱ་བའོ། །ཐམས་ཅད་གཉི་གའི་རང་བཞིན་དུ་དམིགས་

པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གཞན་དུ་མི་འགྱུར་ན་ཞེས་བྱ་བ་ནི་གཉི་ག་མ་ཡིན་པའི་རང་བཞིན་མ་ཡིན་ནའོ། །གཉི་གའི་རང་བཞིན་དུ་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པའི་རང་བཞིན་དུའོ། །མི་འཇིག་པ་ནི་འཇིག་པ་དང་འགལ་བ་ཡིན་ནོ་ཞེས་ལན་

ལྡོན་པ་ནི། གང་གི་རང་བཞིན་ཞེས་བྱ་བའོ། །གལ་ཏེ་གདོན་མི་ཟ་བར་བདག་ཅག་གི་འདོད་པ་ལས་བཟློག་པར་བརྗོད་པར་བྱ་བ་ཡིན་ན། རྟག་ཅེས་བྱ་བར་བརྗོད་པར་བྱ་བ་ཡིན་ནོ་ཞེས་བརྗོད་པ་ནི། དེས་ན་ངོ་ཚའི་ཞེས་བྱ་བའོ། །ཇི་ལྟར་འགལ་སྙམ་ན། གང་གི་ཕྱིར་ཞེས་བྱ་བའོ། །

རྟག་པ་དང་གཞན་པ་དག་འགལ་བར་ཚད་མས་གྲུབ་པར་བྱ་བའི་ཕྱིར་ཞིག་པ་དང་མ་དམིགས་དང་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་ན་ཡང་འདི་གཉིས་མི་འགལ་ལོ་སྙམ་ན། དམིགས་པ་དང་མ་དམིགས་པ་དག་ཀྱང་ཞེས་བྱ་བའོ། །ཅི་སྟེ་གཅིག་ཏུ་མི་འགྱུར་སྙམ་ན། གཅིག་

Vol. 184 · folio 220a

ཉིད་དུ་མི་འགྱུར་སྙམ་དུ་རྟོགས་པ་གང་ཞེ་ན་ཞེས་བྱ་བ་གསུངས་སོ། །གཅིག་ཉིད་དུ་རྣམ་པར་འཇོག་པ་ནི་མི་འཐད་དོ་ཞེས་བརྗོད་པ་ནི། གལ་ཏེ་མ་རྟོགས་ཞེས་བྱ་བའོ། །གལ་ཏེ་རྟག་པ་ཞེས་བྱ་བ་ནི་འཆད་པའོ། །འདིས་ནི་རྟོགས་ཡིན་ན་ཞེས་བྱ་བའི་

མཐར་ཐུག་པ་རྣམ་པར་བཀྲལ་ཏོ། །འདི་ནི་ཧ་ཅང་བབ་ཅོལ་ཡིན་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་དེའི་ཚེ་རྟོགས་པ་དང་ཞེས་བྱ་བའོ། །སྔ་མ་དང་ཕྱི་མ་གཅིག་ཏུ་ཞེས་བྱ་བ་ནི་ལྷག་མའོ། །དེ་ཁོ་ནར་ནི་དེ་ཉིད་རྟོགས་པ་མ་ཡིན་ཏེ། མི་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །བཟློག་པ་ནི་

བརྗོད་པ་ན་དེ་ལྟར་ན་ཡང་ཞེས་བྱ་བའོ། །ཇི་ལྟར་མ་འབྲེལ་སྙམ་ན། གཅིག་ཉིད་དུ་རྟོགས་པ་ནི་ཞེས་གསུངས་སོ། །དེ་ཉིད་འདི་ཡིན་ནོ་ཞེས་མཐོང་བའི་རང་བཞིན་དང་། ལྷན་ཅིག་གཅིག་ཉིད་དུ་རྟོགས་པའི་རྟག་པ་གང་ཡིན་པ་དེ་ནི། གཞན་དུ་ཞེས་བྱ་བ་མི་རྟག་པའི་རང་བཞིན་དུ་

རྟོགས་པར་བྱ་མི་ནུས་སོ། །རྟོགས་པ་དང་མ་རྟོགས་པ་དག་གཅིག་པ་ཉིད་ནི་མ་འབྲེལ་པ་ཡིན་ཏེ། ཚད་མས་སྤངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གཞན་དུ་རྟོགས་པར་བྱ་བ་མི་ནུས་སྙམ་ན། མ་རྟོགས་པ་ཉིད་ནི་ཞེས་གསུངས་སོ། །འདི་ལ་དཔེ་བརྗོད་པ་ནི་རི་བོང་གི་རྭ་ཞེས་བྱ་བ་

ཡིན་ནོ། །དེ་ལ་གཅིག་ཅེས་བྱ་བ་ནི་གཞན་གྱི་དོགས་པ་བསུ་བའོ། །རི་བོང་གི་རྭ་དང་རྟོགས་པ་དེ་ལ་རི་བོང་གི་རྭ་གཅིག་རྟོགས་པ་མེད་པའི་ཕྱིར་དེ་ནི་རྟོགས་པ་དང་གཅིག་མ་ཡིན་ནོ་ཞེ་ན། ལན་དུ་འདིར་ཡང་ཞེས་བྱ་བ་ཡིན་ཏེ། རྟོགས་པ་དང་མ་རྟོགས་པའི་ནང་ནས་སོ། །མ་རྟོགས་པ་ནི་མི་རྟག་པ་ཉིད་དོ། །དེས་ན་

མ་རྟོགས་པ་མི་རྟག་པའི་རང་བཞིན་ནི། རྟོགས་པ་དང་རྟག་པའི་རང་བཞིན་དང་ལྷན་ཅིག་གཅིག་ཡིན་པར་ངེས་པ་ཇི་ལྟར་ནུས་ཏེ་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བར་དགོངས། འོན་ཏེ་མི་རྟག་པ་ཉིད་བཞིན་དུ་རྟག་པ་ཡང་མ་རྟོགས་པར་འགྱུར་ཏེ། དེས་ན་འདི་གཉིས་ལ་འགལ་བ་མེད་དོ་སྙམ་

ན། བཤད་པ་མཐོང་བ་གང་ཞིག་དེ་ཉིད་འདི་ཡིན་ནོ་ཞེས་མཐོང་བཞིན་པ་དང་ལྷན་ཅིག་གཅིག་ཏུ་རྟོགས་པའི་མཐོང་བ་དེ་ནི་མེད་པ་དང་མ་སྐྱེས་པའི་མཚན་ཉིད་ཅན་མ་རྟོགས་པར་འགལ་བ་ཡིན་ཏེ་གཅིག་ཉིད་ཉམས་པར་ཐལ་བའི་ཕྱིར་རོ། །དེས་ན་འདི་ཉིད་ནི་འགལ་བ་ཁོ་ནའོ། །མཐོང་བ་ལས་

Vol. 184 · folio 220b

གཞན་རྟོགས་པ་ནི་མཐོང་བ་མ་རྟོགས་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི། འོན་ཏེ་གཞན་རྟོགས་པ་ཞེས་བྱ་བའོ། །ལན་ནི་སྔར་མཐོང་བའི་རང་བཞིན་དེས་མ་རྟོགས་པ་གཞན་རྟོགས་པའི་རང་བཞིན་ནི་ཡོད་པ་མ་ཡིན་ཏེ། གཅིག་ཉིད་དུ་རྟོགས་པར་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བའི་དོན་

ཏོ། །ད་ལྟར་བ་གཞན་དེ་རྟོགས་པ་ཉིད་མཐོང་ཟིན་པ་དེ་མ་རྟོགས་པ་ཡིན་ནོ་ཞེས་བྱ་བ་ནི་རྩོད་པའོ། །འདི་ཡང་ད་ལྟར་བ་ཉིད་མཐོང་ངོ་ཞེས་བྱ་བ་འདི་དང་འགལ་ལོ་ཞེས་བརྗོད་པ་ནི། དེ་ལྟ་ན་ནི་ཞེས་བྱ་བའོ། །གཞན་གྱི་རང་བཞིན་ད་ལྟར་བ་གང་ཡིན་པར་རང་བཞིན་གཞན་དེ་ཉིད་ལས་

སྔར་མཐོང་ཟིན་པ་དང་གཅིག་པ་ཉིད་དེ་མེད་དོ་ཞེས་བྱ་བར་འགྱུར་རོ། །དོན་འདི་ཡིན་ཏེ། སྔ་མ་གང་ཡིན་པ་དེ་ཉིད་འདི་ཡིན་ལ། དེ་ལ་ལྟོས་ནས་ཀྱང་གཞན་ཡིན་ཏེ། དེས་ན་བདག་ཉིད་ལ་ལྟོས་ནས་དེ་གཞན་དུ་འགྱུར་རོ་ཞེས་བྱ་བའོ། །དེ་ཡང་མི་རུང་ངོ་ཞེས་བྱ་བ་ནི་མི་འགལ་

བའོ། །འགལ་བ་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །འོན་ཏེ་གཞན་ཉིད་ཡིན་ཡང་རྟག་པ་ཉིད་དུ་འགྱུར་རོ་སྙམ་ན། དེ་ནི་གཞན་ཉིད་མ་ཡིན་ན་ཞེས་བྱ་བའོ། །རྟག་པ་ཉིད་ནི་གཞན་ཉིད་བཀག་པས་འགྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་གཞན་ཉིད་ཀྱིས་རྟག་པར་མི་འགྱུར་བ་

དེ་སྟོན་པ་ནི་གཞན་ཉིད་ན་ནི་ཞེས་བྱ་བའོ། །མཐོང་བ་ཟིན་པ་དང་གཅིག་ཉིད་དུ་ཞེས་བྱ་བ་ནི་ལྷག་མའོ། །མ་དམིགས་ན་ནི་ཞེས་བྱ་བ་ནི་དམིགས་པ་མེད་ན་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་རྟག་པ་ཉིད་དུ་འགྱུར་ན། གཞན་མིན་ཉིད་ན་ཞེས་བྱ་བའོ། །གཞན་དག་རྟོགས་པ་དང་མ་རྟོགས་པ་དག་གཅིག་

ཉིད་དུ་བརྗོད་ན་ནི། དེ་ནི་རང་བཞིན་འགའ་ཞིག་གིས་ཞེས་བྱ་བའོ། །འགའ་ཞིག་གིས་ཞེས་བྱ་བ་ནི་ལྡོག་པའི་རང་བཞིན་གྱིས་སོ། །གཞན་གྱིས་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའི་རང་བཞིན་གྱིས་སོ། །གཞན་ཞེས་བྱ་བ་ནི་དམིགས་པའོ། །ལན་ནི་རང་བཞིན་གང་གིས་ཞེས་བྱ་བའོ། །གང་གིས་ནི་ལྡོག་

པའི་རང་བཞིན་གྱིས་སོ། །དེ་ནི་ཞེས་བྱ་བ་ནི། སྔར་མཐོང་ཟིན་པ་ལོག་པའི་རང་བཞིན་ནོ། །འདིའི་ཞེས་བྱ་བ་ནི་ད་ལྟར་མཐོང་བཞིན་པའིའོ། །མཐོང་མ་ཟིན་པའི་རང་བཞིན་དང་ད་ལྟར་བའི་བྲེལ་བ་དོགས་པ་བསུ་ནས་སེལ་བ་ནི་སྔ་མ་ཉིད་དུ་ཞེས་བྱ་བའོ། །དེ་ལྟ་ཞེས་བྱ་བ་ནི་སྔ་མ་ཉིད་དུ་རྟོགས་པར་ཁས་

Vol. 184 · folio 221a

བླངས་ནའོ། །དེ་ཞེས་བྱ་བ་ནི་སྔར་མཐོང་བའོ། །འདིས་ནི་ཡོངས་སུ་མཐོང་བཞིན་པའོ། །ཇི་ལྟར་མཐོང་བ་དང་ལྷན་ཅིག་གཅིག་ཉིད་ཡིན་ཏེ་མ་ཡིན་པ་ཉིད་དོ། །འོན་ཏེ་སྔ་མ་དང་ཕྱི་མའི་ཁྱད་པར་དད་པ་དག་ལ་རྗེས་སུ་འཇུག་པའི་རང་བཞིན་གཅིག་ཡོད་པ་ནི་དེ་དང་མ་བྲལ་བ་

བར་རྟོགས་པ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། སྔ་ཕྱིའི་རང་བཞིན་དག་དང་ནི། །ཞེས་བྱ་བའོ། །བདེ་བ་དང་སྡུག་བསྔལ་གྱི་རང་བཞིན་དག་དང་མ་བྲལ་བའི་ཕྱིར་ཏེ་འབྲེལ་པའི་ཕྱིར་ན་བདག་ཉིད་གཅིག་རྟོགས་པ་ཡིན་ནོ་ཞེ་ན། ལན་ནི་བྲལ་བ་ཉིད་དུ་ཞེས་བྱ་བའོ། །གང་གི་ཚེ་བདེ་བ་ལ་སོགས་

པའི་རང་བཞིན་གཅིག་ཏུ་མཐོང་བ་དེའི་ཚེ་ནི་རང་བཞིན་གཞན་མ་ཡིན་ན། དེ་ཅི་ལྟར་མི་འབྲལ་ཞེས་བྱ་བའི་དོན་ཏོ། །རིམ་གྱིས་རང་བཞིན་གཉིས་དང་བདག་མི་འབྲལ་བར་དོགས་པ་བསུ་ནས་སེལ་བ། གལ་ཏེ་རིམ་གྱིས་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི་རིམ་གྱིས་སོ། །བྲལ་བ་

ཡང་ཞེས་བྱ་བ་ནི་མི་འབྲལ་བ་འབའ་ཞིག་ཏུ་མ་ཟད་པའོ། །བྲལ་བ་དང་ཞེས་བྱ་བ་ནི་རྩོད་པའོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ནི་ལན་ནོ། །དེ་བཞིན་དུ་ཞེས་བྱ་བ་ནི་ཅིག་ཅར་རོ། །ཅིག་ཅར་པ་ནི་སྔ་མ་དང་ཕྱི་མ་དག་གིས་རིམ་པ་དང་བཅས་པ་དང་ལྡན་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། རིམ་མིན་པའི་

ཡོད་པ་ནི་མ་ཡིན་ཞེས་བྱ་བའོ། །སྔ་མ་དང་ཕྱི་མ་མ་རྟོགས་པར་ན་དེ་ཁྱབ་པར་བྱེད་པ་མཐོང་བར་ཡང་མི་འཐད་དོ་ཞེས་སྟོན་པ་ནི། སྔ་ཕྱིའི་རང་བཞིན་ཞེས་བྱ་བའོ། དོན་དམ་པར་ན་ཁྱབ་བྱ་མ་རྟོགས་པར་ཁྱབ་པར་བྱེད་པ་མི་རྟོགས་ཏེ། དབྱུག་པ་མ་རྟོགས་པར་དབྱིག་པ་ཅན་བཞིན་ནོ། །

དེས་ན་སྔ་མ་དང་ཕྱི་མའི་རང་བཞིན་དང་ལྡན་པའི་བདག་དང་བྲལ་བའི་རང་བཞིན་སྣང་བ་ཉིད་ནི་ཉེ་བའི་རང་བཞིན་ཅན་དུ་སྣང་བ་དེ་ལས་གཞན་པ་སྣང་བའི་རང་བཞིན་ཉིད་ཡིན་གྱི། རིམ་མ་ཡིན་པར་སྣང་བ་ནི་མ་ཡིན་ནོ་སྙམ་དུ་དགོངས་པའོ། །འོན་ཏེ་དེའི་སྔ་མ་དང་ཕྱི་མའི་རང་བཞིན་ཁྱབ་པ་

ཉིད་ནི་རིམ་གྱིས་རྟོགས་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་བཤད་པ་ནི། རིམ་གྱིས་ཁྱབ་པ་ཉིད་ན་ནི། །ཞེས་བྱ་བའོ། །གལ་ཏེ་རིམ་གྱིས་ཁྱབ་པར་རྟོགས་ན་དེའི་ཚེ་རིམ་མ་ཡིན་པ་ནི་ཁྱབ་པ་ཉིད་དུ་མ་རྟོགས་པར་འགྱུར་རོ། །ཅིའི་ཕྱིར་མ་རྟོགས་པར་འགྱུར་སྙམ་ན། ཕྱི་མའི་རང་

Vol. 184 · folio 221b

བཞིན་དང་བཅས་པར་མཐོང་བའི་དུས་ན་སྔ་མའི་རང་བཞིན་དང་ལྡན་པ་མཐོང་བ་ནི་ཐ་དད་པའི་ཐ་སྙད་ཀྱི་ཡུལ་ཡིན་ཏེ། ཐ་སྙད་དེ་ནི་དེ་ཙམ་གྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ་ཞེས་བཤད་པ་ནི། གཅིག་པོ་དེ་ནི་ཞེས་བྱ་བའོ། །གལ་ཏེ་གཅིག་གི་ཚེ་ཉིད་ནི་གཅིག་ཉིད་མཐོང་བ་དང་

མ་མཐོང་བར་མི་འཐད་ཀྱི། དུས་ཐ་དད་པར་ནི་འཐད་པ་ཁོ་ནའོ་ཞེས་གཞན་དག་བརྗོད་པ་ནི་དེའི་ཚེ་ཉིད་དེ་ཞེས་བྱ་བའོ། །གྲུབ་པའི་མཐའ་སྨྲ་བས་གཅིག་ཕྱིར་ཞེས་བྱ་བ་གསུངས་སོ། །དེས་ན་གཅིག་དུས་ཐ་དད་པ་ཉིད་མེད་པའི་ཕྱིར་ན་མཐོང་བ་དང་མི་མཐོང་བ་ཉིད་དོ་སྙམ་དུ་

དགོངས་པའོ། །དེ་ལྟར་རྣམ་པར་རྟོག་པ་མེད་པའི་མཐོང་བ་དང་མ་མཐོང་བ་ཉིད་མི་འཐད་དོ་ཞེས་བསྟན་པ་ཡིན་ནོ། །དེ་འདིའོ་སྙམ་པའི་རྣམ་པར་རྟོག་པ་མཐོང་ཟིན་པ་དང་མཐོང་བཞིན་པ་གཉིས་ལ་གཅིག་ཏུ་མངོན་པར་ཞེན་པ་ནི་དྲན་པའི་མངོན་སུམ་གྱིས་རང་བཞིན་དྲན་

པའི་དབང་པོ་ལ་སོགས་པའི་ཚོགས་པ་ལས་བྱུང་བ་ཡིན་ནོ་ཞེས་གཞན་གྱི་བསམ་པའི་དོགས་པ་བསུ་བ་ནི། ཡང་ནས་ཡང་དུ་ཞེས་བྱ་བའོ། །ནི་ཞེས་བྱ་བ་ངེས་པར་གཟུང་བའི་དོན་ཏོ། །འཛིན་པར་ཞེས་བྱ་བ་དེའི་འོག་ཏུ་བལྟ་བར་བྱ་བའོ། །དེ་འདིའོ་སྙམ་པའི་རྣམ་པར་

རྟོག་པ་ནི་གཟུང་བ་དང་གཞན་འཛིན་པའི་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་མངོན་སུམ་དུ་འགྱུར་གྱི། དྲན་པར་གོ་ཇི་ལྟར་སྙམ་ན། གཟུང་བ་དང་ངོ་ཞེས་གསུངས་སོ། །དེས་ན་དེ་འདི་སྙམ་པའི་རྣམ་པར་རྟོག་པ་ནི་དྲན་པའང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་དུ།

དྲན་པ་ཚད་མ་མ་ཡིན་ཕྱིར། །ཞེས་བྱ་བའོ། །གལ་ཏེ་གཟུང་བ་ཙམ་འཛིན་པ་ནི་དྲན་པ་ཡིན་ན་འདི་ནི་དེ་ལྟ་མ་ཡིན་ཏེ། མ་བཟུང་བ་སྔ་མ་དང་ཕྱི་མའི་རང་བཞིན་གཉིས་ཀྱི་གཅིག་ཉིད་འཛིན་པའི་ཕྱིར་རོ་སྙམ་དུ་དོགས་ན་གང་གིས་མངོན་སུམ་ཞེས་སྨོས་སོ། །གཅིག་ཡིན་པའི་ཕྱིར་མཐོང་

བ་སྔ་མས་ཀྱང་འདི་གཟུང་བ་ཡིན་ཏེ། དེས་ན་བཟུང་ཟིན་པ་འཛིན་པས་ན། དྲན་པ་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་བདེན་ཏེ་དངོས་པོ་གཅིག་ཡིན་ལ། སྔར་བཟུང་ཟིན་པའང་ཡིན་ནོ། །འོན་ཀྱང་དེའི་ད་ལྟར་བ་ཉིད་ནི་སྔ་མ་གཟུང་བ་མ་ཡིན་ཏེ། དེའི་ཚེ་མེད་པའི་ཕྱིར་རོ་སྙམ་

Vol. 184 · folio 222a

དུ་དོགས་པ་བསུ་བ་ནི། གལ་ཏེ་དེ་ཚེ་ཞེས་བྱ་བའོ། །ཐ་དད་མེད་ཕྱིར་ཞེས་བྱ་བ་ནི་ལན་ནོ། །དུས་ཞེས་བྱ་བ་སྔ་མ་དང་ཕྱི་མ་ཡང་ཡོད་པ་གཞན་ནི་འགའ་ཡང་མེད་ཀྱི། འོན་ཀྱང་རྒྱུན་ལ་སོགས་པ་ཉིད་ཡིན་ན། །དེ་དང་གཅིག་རིམ་གྱིས་འབྲེལ་

བ་ནི་ཚད་མས་གནོད་པ་ཡིན་ནོ། །གལ་ཏེ་མཐོང་བ་སྔ་མའམ་ཕྱི་མས་ནི། དངོས་པོ་དུས་རིང་པོར་མི་རྟོགས་ཏེ་ནུས་པ་མེད་པའི་ཕྱིར་རོ། །གཅིག་ཉིད་ནི་ངོ་ཤེས་པ་ཁོ་ནས་རྟོགས་པར་བྱེད་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། དེ་ལ་མཐོང་ཟིན་ཞེས་བྱ་བའོ། །

མཐོང་བ་སྔ་མ་དང་ཕྱི་མ་དག་གིས་ནི། རང་གི་དུས་ཀྱི་དངོས་པོ་རྣམ་པར་གཞག་པའི་ཕྱིར། དེས་གནོད་པར་བྱ་བའི་ངོ་བོ་ཤེས་པ་ནི། བག་ཆགས་ཀྱི་སྟོབས་ལ་བརྟེན་པ་ཡིན་གྱི་གཅིག་ཉིད་འཛིན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་རྣམ་པར་དབྱེ་བ་འདི་ཇི་ལྟར་ཡིན་ཏེ། ཚད་

མས་མཐོང་བ་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ན་དེ་ལ་མཐོང་ཟིན་ཞེས་བྱ་བའོ། །དེ་ལྟར་སྔ་མ་དང་ཕྱི་མར་གྱུར་པའི་གཅིག་ཉིད་བསལ་ནས་དེ་ཡོད་ཀྱང་དེ་འཛིན་པའི་ཚད་མ་འགའ་ཡང་མེད་དོ་ཞེས་བསྟན་པའི་དོན་དུ་འདྲི་བ་གང་སྟེ་དེའི་སྔ་མ་དང་ཞེས་བྱ་བའོ། །དེའི་བདག་

ཉིད་གང་གིས་ཇི་ལྟར་རྟོགས་ཏེ་ཚད་མ་མེད་པའི་ཕྱིར་རོ། །འདི་ལྟར་སྔ་མ་དང་ཕྱི་མ་དག་གིས་སམ། གཅིག་གིས་རྟོགས་ཏེ་དེ་ལ་རེ་ཞིག་སྔ་མ་དང་ཕྱི་མ་དག་གིས་ནི་མ་ཡིན་ཏེ། སྔ་མ་དང་ཕྱི་མ་ཉིད་ཐ་དད་པར་མ་རྟོགས་པའི་ཕྱིར་རོ་ཞེས་སྨྲས་པ་ནི་སྔ་ཕྱིའི་ཤེས་པ་ལས་

ཤེས་ན་ཞེས་བྱ་བའོ། །དགོས་པ་ནི་འདི་ཡིན་ཏེ། གལ་ཏེ་སྔ་མ་དང་ཕྱི་མའི་རྟོགས་པ་དག་གིས་རང་ཉིད་ཀྱིས་སྔ་མ་དང་ཕྱི་མ་ཉིད་རྟོགས་པ་ཡིན་ན་དེའི་ཚེ་གཞན་ཡང་དེར་གཞག་པར་ནུས་པ་ཡིན་ན། དེ་དག་གི་ཐ་དད་པ་སྔ་མ་དང་ཕྱི་མའི་མཚན་ཉིད་རྟོགས་པ་

ལ་ནི་ཚད་མ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །རང་རིག་པའི་ཚད་མ་ཡོད་དོ་སྙམ་དུ་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །རང་རིག་པ་ལ་ནི་ཤེས་པའམ་ཤེས་བྱའི་སྔ་མ་དང་ཕྱི་མ་ཉིད་སྲིད་པ་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་དེ་ལས་ཞེས་བྱ་བའོ། །

Vol. 184 · folio 222b

རང་རིག་པ་དེ་ལས་སྔ་མ་དང་། ཕྱི་མ་གཉིས་ཉིད་རྟོགས་པར་མི་འགྱུར་རོ། །གཞན་རིག་པ་ཡིན་ཡང་ཉེ་བར་འཛིན་པའི་ཕྱིར་སྔ་མས་ཕྱི་མའམ་སྔ་མ་འཛིན་པ་ནི་མེད་དོ་ཞེས་བརྗོད་པ་ནི་སྔ་མ་ཕྱི་མ་མེད་པ་ནི་དེའི་རྟོགས་པ་ནི་དེ་དག་གིས་རྟོགས་པའོ། །སྔ་མའམ་ཕྱི་མའི་རིག་

པ་ནི་ཕན་ཚུན་ཐ་དད་པ་མ་ཡིན་ཏེ་གཅིག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཕྱོགས་གཉིས་པའི་དོགས་པ་བསུ་བ་ནི། གལ་ཏེ་སྔ་མ་དང་ཞེས་པའོ། །གཅིག་ན་ཞེས་བྱ་བ་ནི་ལན་ནོ། །འདི་ཉིད་གསལ་བར་བྱེད་པ་ནི། མངོན་དུ་བྱས་བཞིན་པ་ཉིད་ན་ཞེས་བྱ་བའོ། །གལ་ཏེ་ཡང་

སྔོན་དུ་བྱེད་པ་སྔ་མ་དང་ཕྱི་མའི་དངོས་པོ་མི་སྣང་བ་དེ་ལྟ་ན་རྣམ་པར་རྟོག་པ་ལ་ནི་སྣང་བ་ཁོ་ནའོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་སྔ་མ་ཉིད་མིན་ན། །ཞེས་བྱ་བའོ། །རྣམ་པར་རྟོག་པ་ནི་སྔོན་དུ་བྱེད་པའི་རང་བཞིན་མ་ཡིན་ཏེ། བག་ཆགས་ཀྱི་སྟོབས་ལ་བརྟེན་པའི་དྲན་པ་

ཉིད་ཡིན་ནོ་ཞེས་ལན་འདེབས་པ་ནི་འདི་རྟགས་ཞེས་བྱ་བ་སྟེ། སྔ་མ་ཉིད་རྟོགས་པའོ། །དེ་རྟོགས་མིན་ནི་སྔ་མ་ཉིད་རྟོགས་པ་མ་ཡིན་པའོ། །དེ་དང་འབྲེལ་པའི་ཕྱིར་དེ་རྟོགས་པ་ཡིན་ནོ་སྙམ་པའི་དོགས་པ་བསུ་བ་ནི་འདི་ཞེས་བྱ་བའོ། །འདིའི་ནི་སྔ་མ་ཉིད་ཀྱིའོ། །དེ་མེད་པར་

ཡང་ཡོད་པའི་ཕྱིར་དེ་དང་འབྲེལ་པ་ཡོད་པ་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་དེའི་ཞེས་པ་ནི་ཇི་ལྟར་བརྗོད་ཅེས་བྱ་བའོ། །དེ་མེད་པར་ནི་སྔ་མ་ཉིད་མེད་པར་རོ། །འདིས་ནི་དངོས་སུ་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པ་བསལ་བ་ཡིན་ནོ། །བརྒྱུད་པས་རྒྱུ་དང་འབྲས་བུའི་དངོས་པོར་

དོགས་པ་བསུ་ནས། འདི་ནི་སྐབས་ལ་ཉེ་བར་མཁོ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི་རྒྱུ་དང་ཞེས་བྱ་བའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཙམ་གྱིས་སོ། །འོན་ཏེ་རྣམ་པར་རྟོག་པ་རྣམས་ཀྱི་འཛིན་པ་ནི་ལྷག་པར་ཞེན་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་

བཤད་པའི་དོན་ནི་ཞེས་བྱ་བའོ། །བཟློག་པ་ལས་ནི་ལྷག་པར་ཞེན་པ་ལས་སོ། །གལ་ཏེ་གཟུང་བར་བྱ་བ་ནི་རྒྱུ་ཉིད་ཡིན་ལ། འཛིན་པར་ཡང་འབྲས་བུ་ཉིད་མ་ཡིན་ནམ། དེ་སྐད་དུ་ཡང་རྒྱུ་ཉིད་ལ་གཟུང་བར་འཐད་པ་ཤེས་པར་རིག་ན་ཞེས་བཤད་པ་ཡིན་ནོ། །འདི་ནི་དྲན་པ་

Vol. 184 · folio 223a

ཡང་ཉམས་པ་མེད་དོ་སྙམ་དུ་དོགས་པ་བསུ་ནས་མྱོང་བས་བར་དུ་ཆོད་པའི་ཕྱིར་ཞེས་གསུངས་སོ། །དྲན་པ་ལ་ནི་མྱོང་བ་ཉིད་ནུས་པ་ཡིན་ཏེ། དེའི་བག་ཆགས་ཀྱི་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མྱོང་བའི་མཐུ་ལས་བྱུང་བའི་དྲན་པ་ཡང་དེའི་

ཕྱེད་བའི་ཡུལ་ཙམ་ལྷག་པར་ཞེན་པར་བྱེད་ཀྱི་སྔ་མ་ཉིད་ལ་སོགས་པ་ནི་མ་ཡིན་ཏེ། དེ་ནི་མྱོང་བས་གཟུང་བའི་ཕྱིར་རོ་ཞེས་བརྗོད་པ་ནི་མྱོང་བ་སྔ་མས་ཞེས་བྱ་བའོ། །ཕྱི་མས་དེའི་སྔ་མ་ཉིད་འཛིན་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །དེས་ནི་མི་འཛིན་པས་ནའོ། །མངོན་སུམ་གྱིས་བྱེད་པའི་

རྗེས་སུ་འབྲང་བའི་ཕྱིར་ན་དྲན་པས་ཀྱང་དེ་རྣམ་པར་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་སྔ་མ་ཉིད་ལ་སོགས་པ་ནི་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པས་རྟོགས་པར་བྱ་བ་ཁོ་ན་ཡིན་ནོ་ཞེས་བརྗོད་པ་ནི་འདས་པའི་མངོན་སུམ་ཞེས་བྱ་བའོ། །

དེས་ན་སྔ་མ་དང་ཕྱི་མར་གྱུར་པའི་དོན་ནི་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་རོ་ཞེས་གནས་སོ། །དེ་ཡན་ཆད་ནི་སྔ་མ་དང་ཕྱི་མ་དག་ཏུ་རྗེས་སུ་འགྲོ་བའི་རང་བཞིན་གཅིག་བསལ་ནས། ད་ནི་སྔ་མ་དང་ཕྱི་མ་དག་ལ་གཅིག་ཉིད་རྣམ་པར་གནས་པ་དང་། ཡོད་པ་ཡང་དམིགས་

པ་ལས་གཞན་ཁོ་ནའོ་ཞེས་འདོད་པ་ཚད་མ་ཅན་མ་ཡིན་པའི་ཕྱིར་དགག་པ་བརྗོད་པ་ནི། འོན་ཏེ་ཞེས་བྱ་བའོ། །དེ་རྣམས་ཉིད་ནི་སྐྱེ་བ་ལ་སོགས་པ་རྣམས་སོ། །ཅིའི་ཕྱིར་དེ་རྣམས་ཡོད་པར་མི་འགྱུར་སྙམ་ན། དེའི་དངོས་པོ་དང་མི་ལྡན་ཕྱིར་ཞེས་གསུངས་སོ། །གང་གིས་ཡོད་

པར་གྱུར་པ་སྐྱེ་བ་ལ་སོགས་པ་རྣམས་ལ་སོ་སོར་སྐྱེ་བ་ལ་སོགས་པ་ཡོད་པ་ནི་མ་ཡིན་ནོ། །འོན་ཏེ་དེ་རྣམས་ལ་ཡང་སོ་སོར་སྐྱེ་བ་ལ་སོགས་པ་ཁས་ལེན་ན། དེ་ལྟ་ན་ནི་འོ་ན་དེ་དང་དེར་ཁས་ལེན་པས་ཐུག་པ་མེད་པའི་ཕྱིར་ཡོད་པར་མི་འགྲུབ་བོ། །དེས་ན་སྐྱེ་བ་ལ་སོགས་པ་རྣམས་དེའི་

དངོས་པོ་དང་མི་ལྡན་པའི་ཕྱིར་ཡོད་པ་མ་ཡིན་པར་འགྱུར་རོ། །གང་གིས་དེ་དང་ལྡན་པ་ཡོད་པར་འགྱུར་པ་སྐྱེ་བ་ལ་སོགས་པ་རྣམས་ནི་ཅིག་ཅར་སྲིད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་གང་ཚེ་ཞིག་པ་ཞེས་བྱ་བའོ། །དེ་ཚེ་ཡོད་པར་མངོན་པར་འདོད་པ་དེ་ཡོད་པར་ཇི་ལྟར་

Vol. 184 · folio 223b

འགྱུར། སྐྱེ་བ་དང་གནས་པ་དག་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་གང་གི་ཚེ་འདི་གཉིས་ཡོད་པ་ཡིན་ནོ་སྙམ་ན་བཤད་པ་སྐྱེ་བ་དང་གནས་པ་དེ་སྔར་ཡོད་པར་རྟོགས་ན་ནིའོ། །དེ་ཡོད་པའི་དུས་ན་ཡང་འཛིན་པ་མེད་པའི་ཕྱིར་ཡོད་པར་མི་འགྲུབ་བོ་ཞེས་བྱ་བའི་དོན་ཏོ། །

བསྟན་པ་ནི་ཉེ་བའི་ཡུལ་ཅན་གྱི་མངོན་སུམ་གྱིས་རྟོགས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། །བསྟན་པ་ལ་ཡང་ཞེས་བྱ་བའོ། །ཡོད་པའི་མཚན་ཉིད་ནི་རྟོགས་པ་ཁོ་ན་ཡིན་ནོ་ཞེས་མཇུག་སྡུད་པ་ནི་ཐམས་ཅད་ཅེས་བྱ་བའོ། །གཞན་དུ་ཇི་ལྟར་ཞེས་བྱ་བ་ནི། སྐྱེ་བ་ལ་སོགས་པའི་

རྣམ་པས་ཡོད་པར་ཇི་ལྟར་འགྱུར་ཞེས་བྱ་བའོ། །དེ་ཕྱིར་ཞེས་བྱ་བ་ནི་རྟོགས་པ་དང་མ་རྟོགས་པ་དག་འགལ་བའི་ཕྱིར་རོ། །རྟག་དང་མི་རྟག་པའི་ཞེས་བྱ་བ་ནི་དམིགས་པའིའོ། །འོ་ན་ཇི་ལྟར་ཡོད་པ་ཡིན་སྙམ་ན། དངོས་རྟག་པའམ་ཞེས་གསུངས་སོ། །མི་རྟག་པ་ནི་སྔ་

མ་དང་ཕྱི་མའི་རང་བཞིན་དུ་མ་རྟོགས་པའོ། །རྟག་པ་ནི་དེའི་རང་བཞིན་དུ་དམིགས་པའོ། །ལམ་གྱི་ཞར་ལ་ཞེས་བྱ་བ་ནི་ལམ་སྟོན་པས་ཞར་ལ་ངེས་པར་འབྱུང་བ་ཞེས་བྱ་བ་དེ་ལྟ་བུའི་རང་འགོག་པའི་རྣམ་པ་བཞི་བསྟན་པའོ། །བཤད་ཟིན་ཞེས་བྱ་བ་ནི་དེའི་གནོད་བྱེད་ནི། བདག་

མེད་མཐོང་བ་འགལ་བ་ཡིན། །ཞེས་བྱ་བ་འདིས་སོ། །ལམ་ཡང་ལམ་ཉིད་དང་རིགས་པ་ཉིད་དང་། བསྒྲུབ་པ་ཉིད་དང་། །ངེས་པར་འབྱིན་པ་ཉིད་ཅེས་བྱ་བ་རྣམ་པ་བཞིའོ། །དེ་ལམ་ཞེས་བྱ་བ་འདིས་ནི་རྣམ་པ་དང་པོ་ལ་ཞེས་བརྗོད་དོ། །ལམ་དེ་གོམས་པ་ནི་རྗེས་སུ་བསྒྲུབ་

བ་ཡིན་པའི་ཕྱིར་གཞན་ཡང་བརྗོད་པ་ཡིན་ནོ། །སྒྲུབ་པ་ནི་རྗེས་སུ་བསྒྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་གནས་འགྱུར་ཞེས་བྱ་བ་འདིས་རྒོལ་བ་དེ་གྱུར་པའི་རྒྱུ་ཉིད་དུ་བརྗོད་པ་ན་རྣམ་པ་བཞི་པ་ཡང་བརྗོད་པ་ཡིན་ནོ། །རིགས་པ་ཉིད་ཅེས་བྱ་བའི་རྣམ་པ་ནི་དེ་དང་དེར་སྒྲུབ་

པའི་ཆད་མ་བརྗོད་པ་ཉིད་ཀྱིས་བརྗོད་པ་ཡིན་ནོ། །དེ་གོམས་པ་ལས་གནས་འགྱུར་ཞེས་བསྡུས་པས་ནི་བདག་དང་བདག་གིར་འཛིན་པས་བྱས་པའི་ཆགས་པ་དང་བྲལ་བ་གནས་བརྟན་ཡོངས་སུ་གྱུར་པ་ནི་བདག་མེད་པ་མཐོང་བ་གོམས་པ་ལས་གྱུར་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་

Vol. 184 · folio 224a

ཇི་ལྟར་བདག་དང་བདག་གིར་འཛིན་པ་དེའི་བདག་ཏུ་གྱུར་པ་ཉིད་ལ་བདག་མེད་པ་མཐོང་བས་གནོད་པར་འགྱུར་བ་དེ་བཞིན་དུ་འདི་དེའི་བདག་ཏུ་གྱུར་ཀྱང་བདག་ལ་སོགས་པའི་འཛིན་པར་འབྱུང་བ་ཁོ་ནའོ། །དེས་ན་གནས་ཡོངས་སུ་གྱུར་པ་འགལ་བའི་ཁྱད་པར་ལ་ཡིན་སྙམ་

དུ་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །བདག་གྱུར་ཀྱང་ནི་ལམ་མོ། །བདག་ཏུ་འཛིན་པ་ལ་སོགས་པའི་སྐྱོན་རྣམས་ལམ་བཞིན་དུ་འབྱུང་ཞེ་ན། ལམ་དེའི་བདག་ཏུ་གྱུར་པ་ལ་ཉེས་པ་འབྱུང་བར་ནི་རིགས་པ་མ་ཡིན་ཏེ། །ནུས་པ་མེད་ཕྱིར་རོ་ཞེས་བྱ་བ་བདག་ཏུ་འཛིན་པ་ལ་

སོགས་པ་མཐུ་མེད་པའི་ཕྱིར་དང་། ལམ་ནི་བཟློག་པའི་ཡིན་པའི་ཕྱིར་རོ། །ཀུན་གཞི་ཞེས་བྱ་བ་ནི་གང་ལས་འཇུག་པའི་རྣམ་པར་ཤེས་པ་ལྔ་འཇུག་པ་དེ་ནི་ཀུན་གཞིའོ་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པའི་ལུང་བསྟན་པའོ། །ཡོངས་སུ་དག་པའི་རང་བཞིན་ཉིད་བརྗོད་པ་ནི་བདག་དང་བདག་

གིར་ཞེས་བྱ་བ་ནི་འདྲི་བའོ། །བདག་དང་བདག་གིར་འཛིན་པ་ལ་སོགས་པའི་ཉེས་པ་རྣམས་བཅོམ་པའི་ཕྱིར་རོ་ཞེས་འབྲེལ་ཏོ། །གང་གིས་བཅོམ་སྙམ་ན། ཡོན་ཏན་བདག་མེད་པར་ལྟ་བར་ཡོད་པས་སོ། །བཟློག་པར་ཏེ། ཡོན་ཏན་རྣམས་ཉེས་པ་འབྱུང་བས་བཅོམ་པས་ཇི་

ལྟར་མི་འགྱུར་ཞེ་ན་ཞེས་བྱ་བ་ནི། འདྲེ་བའོ། །ཡོན་ཏན་ཞེས་བྱ་བ་ནི་ལན་ནོ། །བདག་མེད་པར་མཐོང་བ་ནི་དངོས་པོའི་ཡུལ་ཅན་ཉིད་ཀྱིས་རང་བཞིན་ཡིན་པའི་ཕྱིར་རོ། །བདག་ཏུ་འཛིན་པ་ལ་སོགས་པའི་ཉེས་པ་རྣམས་ནི་དེ་ལས་བཟློག་པའི་ཕྱིར་ཏེ། ཡུལ་མེད་པ་ཉིད་ཀྱིས་ན་

རང་བཞིན་མ་ཡིན་པའི་ཕྱིར་རོ། །གལ་ཏེ་བདག་ལ་སོགས་པར་འཛིན་པའི་རྣམ་པར་ཤེས་པ་ཡང་ཐོག་མ་མེད་པའི་བག་ཆགས་ལས་བྱུང་བའི་ཕྱིར་རྒྱུ་དང་བཅས་པ་ཡིན་པས། དམིགས་པའི་རྒྱུ་དང་བཅས་པ་དེ་ལས་བཟློག་པའི་ཕྱིར་ཏེ། ཡུལ་མེད་པ་ཉིད་ཀྱིས་ན་རང་བཞིན་མ་ཡིན་པའི་

ཕྱིར། འཛིན་པ་བདག་མེད་པར་ལྟ་བ་དང་ཐ་དད་པ་མེད་དོ། །གང་གིས་གཅིག་ནི་གནོད་བྱེད་དུ་འགྱུར་ལ། གཞན་གྱི་རྒྱུ་དང་བཅས་པ་ཉིད་ཡིན་བཞིན་དུ་དེ་ལྟར་མ་ཡིན་པ། དམིགས་པའི་རྐྱེན་དག་ལ་ཁྱད་པར་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་འདྲི་བ་དེ་ནི་དེ་ཇི་ལྟར་ཞེ་ན་ཞེས་བྱ་བའོ། །

Vol. 184 · folio 224b

ཁྱད་པར་བཤད་པ་ནི། རྣམ་ཤེས་ཡུལ་འཛིན་པའི་ཆོས་ཞེས་བྱ་བའོ། །ཉ་ཕྱིས་འཛིན་པ་ལྟར་རང་བཞིན་ནི་གནོད་པ་མེད་པའི་ཕྱིར་རོ། །རྒྱུ་དང་བཅས་པའི་ཡིན་ཡང་། ཡུལ་དང་བྲལ་བའི་འཛིན་པ་ནི་ཉ་ཕྱིས་ལ་དངུལ་དུ་འཛིན་པ་བཞིན་དུ་དེ་ནི་འདི་

ལྟར་མ་ཡིན་ནོ་ཞེས་བསྐྱེད་ནས། འཇིག་པར་འགྱུར་གྱི་རང་བཞིན་ནི་དེ་ལྟ་མ་ཡིན་ནོ། །ཅིའི་ཕྱིར་སྙམ་ན། ཇི་ལྟར་ཡོད་པ་དེ་འཛིན་པ་ཡིན་ནོ། །འཆད་པར་འགྱུར་བ་གང་ཕྱིར་དོན། ཨེ་ཏེའི་སྒྲ་ནི་འདིར་ཡང་སྦྱར་རོ། །འདིས་ནི་རྣམ་པར་ཤེས་པ་ལ་གནས་

པ་མི་གནོད་པའི་རྒྱུ་མཚན་བརྗོད་པ་ཡིན་ནོ། །ཡུལ་ལ་གནས་པ་ཡང་བརྗོད་པ་ནི་ཡུལ་དེ་རྣམ་པར་ཤེས་པ་འདིའི་སྐྱེད་པར་བྱེད་པའང་ཡིན་ནོ། །འཁྲུལ་པ་ན་ཡང་འདི་མཚུངས་པས་ཁྱད་པར་དུ་བྱེད་པ་ནི་བདག་ཉིད་དེ་རང་གི་རྣམ་པར་འཇོག་པར་བྱེད་པའོ། །འཁྲུལ་པའི་སྐྱེད་

པར་བྱེད་པ་ཡིན་ཡང་། རང་གི་བདག་ཉིད་ཀྱིས་ནི་སྐྱེད་པར་བྱེད་པ་མ་ཡིན་ནོ། །ཨེ་ཏེའི་ཕྱིར་གྱི་དོན་ཏོ། །འང་གི་སྒྲ་ནི་ཤེས་པ་ལ་གནས་པའི་རྒྱུ་མཚན་ལ་ལྟོས་ནས་སྡུད་པའོ། །གལ་ཏེ་ལམ་གྱི་རང་བཞིན་དེའི་བདག་ཏུ་གྱུར་པ་ལ་ནི་ཇི་ལྟར་མི་གནོད་ཅེས་བརྗོད་པ་ལ།

རྣམ་པར་ཤེས་པའི་རང་བཞིན་གནོད་པ་མ་ཡིན་ནོ་ཞེས་ཅིའི་ཕྱིར་བརྗོད་སྙམ་ན། རྣམ་པར་ཤེས་པ་ནི་ཞེས་གསུངས་སོ། །གང་གིས་ཞེས་བྱ་བ་ནི་ཡུལ་འཛིན་པས་སོ། །དེའི་ནི་རྣམ་པར་ཤེས་པའི་འོ། །ལྡོག་པ་བརྗོད་པ་ནི་རྣམ་པར་ཤེས་པ་ནི་ཞེས་བྱ་བའོ། །རིག་པ་

མ་ཡིན་པ་རྣམས་ལ་ནི་ཞེས་བྱ་བ་ནི་ཡུལ་འཛིན་པ་མེད་པ་ལའོ། །དེ་ལྟ་བུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་ཉིད་མེད་པའི་ཕྱིར་རོ། །ཡུལ་འཛིན་པ་དེའི་རང་བཞིན་ཡིན་པ་ག་ལས་སྙམ་ན། ཇི་ལྟར་ཡོད་པ་ཞེས་གསུངས་ཏེ། སྔ་མ་བཞིན་དུ་སྦྱར་རོ། །བདག་

མེད་པར་ལྟ་བ་ལ་ཡང་རྒྱུ་མཚན་གཉིས་ཡོད་པའི་ཕྱིར་རང་བཞིན་ཉིད་ཡིན་ནོ་ཞེས་མཇུག་སྡུད་པའི་སྒོ་ནས་རྩ་བ་བརྗོད་པ་ནི། དེས་ན་ཞེས་བྱ་བའོ། །རྒྱུ་མཚན་འདི་གཉིས་དང་བྲལ་བ་ནི་འཛིན་པ་ཡིན་གྱི་རང་བཞིན་ནི་མ་ཡིན་ཏེ། གནོད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་གཞན་ནི་དེའི་རང་

Vol. 184 · folio 225a

བཞིན་ཞེས་བྱ་བའོ། །འདི་ཡིན་ཞེས་བྱ་བ་ནི་ཡུལ་འཛིན་པའོ། །རང་བཞིན་འདི་ལས་རྣམ་པར་ཤེས་པ་དེའོ། །རྐྱེན་གྱིས་ནི་ཞེས་བྱ་བས་ནི་ཡུལ་ལ་གནས་པའི་རྒྱུ་མཚན་མེད་པ་བརྗོད་དོ། །གོལ་འགྱུར་ཞེས་བྱ་བས་ནི་རྣམ་པར་ཤེས་པ་རང་ལ་གནས་པའི་རྒྱུ་

མཚན་མེད་པ་བརྗོད་དོ། །བཟློག་པ་ལ་རྒྱུ་མཚན་མེད་པ་ག་ལས་རྟོགས་སྙམ་ན། གང་གི་ཕྱིར་ས་ལ་སྟེ། ལྡོག་པའི་རྒྱུ་མཚན་དུ་གནོད་པར་བྱེད་པའི་རྐྱེན་ལ་ལ་དེའི་ཕྱིར་མ་བསྟན་ཏེ། རང་བཞིན་མ་ཡིན་པ་ངོ་བོ་ཉིད་དུ་གྱུར་པ་མ་ཡིན་ནོ། །རང་བཞིན་མ་ཡིན་པའི་དཔེ་ནི། སྦྲུལ་གྱི་བློ་བཞིན་

ནོ་ཞེས་བྱ་བ་ཡིན་ནོ། །རྩ་བ་མེད་པ་ཞེས་བྱ་བས་ནི་རང་གི་སྐྱེད་པར་བྱེད་པ་ཡུལ་མེད་པར་བརྗོད་དོ། །གལ་ཏེ་བདག་ལ་སོགས་པར་འཛིན་པ་རང་བཞིན་པས་ན་སྐྱེད་པར་བྱེད་པའི་ཕྱིར་མི་སྐྱེ་བ་ཉིད་དུ་འགྱུར་རོ་ཞེས་ཕྱོགས་སྔ་མ་འགོད་པ་ནི་གལ་ཏེ་ཐག་པ་ལ་ཞེས་བྱ་བའོ། །རྩོད་པ་འདི་

ལན་ཕྱོགས་གཞན་དུ་བརྗོད་པ་ནི་ཡོད་པ་ལ་དམིགས་པར་བྱེད་པས་ན་ཡོད་པ་དམིགས་པ་སྟེ། ཐོག་མ་མེད་པའི་མ་རིག་པའི་འདུ་བྱེད་དེ་དེས་སོ། །འདིས་ནི་ནང་གི་འཁྲུལ་པའི་རྒྱུ་བརྗོད་དོ། །མཐོང་བའི་ཡོད་པ་དེ་ལ་དོགས་ནི་སྲིད་པར་བྱེད་པ་སྟེ་དེས་བསླུས་པའོ། །ཡུལ་ལ་གནས་པའི་

རྒྱུ་ཡང་བརྒྱུད་པ་ནི་འདི་འདྲ་བ་ཞེས་བྱ་བའོ། །འམ་གྱི་སྒྲ་ནི་དང་གི་སྒྲའི་དོན་ཏོ། །བཤད་པ་མཛད་པས་སོ། །གང་གི་ཚེ་དངོས་པོ་སྔར་མཐོང་བ་བར་དུ་མ་མཐོང་བ་ལས་ཡང་མཐོང་བ་དེའི་ཚེ་བར་དུ་ཡོད་པར་དོགས་པ་ལས་མི་རྟག་པ་ཉིད་མི་མཐོང་ངོ་ཞེས་བཤད་པ་ནི། གལ་ཏེ་ཐ་སྙད་པ་

ལས་ཡང་སྣང་བ་ཐ་དད་པ་ནི་ཡོད་པ་ཁོ་ན་མ་ཡིན་ནམ་ཞེ་ན། བདེན་ཏེ་ཁད་ཀྱང་ཐ་སྙད་པ་ཐ་སྙད་དུ་མི་བྱེད་དེ་དགོས་པ་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་ཐ་སྙད་ནི་ཞེས་བྱ་བའོ། །འདིས་ནི་དོན་བྱ་བ་ཙམ་གྱིས་ཚིག་པའི་ཕྱིར་ན། སྣང་བ་ཐ་དད་པ་མ་བརྟགས་པ་ནི་དེ་ཁོ་ན་མ་མཚོན་པའི་

རྒྱུར་བརྗོད་པ་ཡིན་ནོ། །འདྲ་བ་གཞན་བྱུང་བ་ཡང་རྒྱུ་ཡིན་ནོ་ཞེས་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །འདྲ་བ་གཅིག་ཏུ་སྒྲོ་འདོགས་པའི་རྒྱུ་ཡིན་པའི་དཔེ་ནི་མཚེ་མ་དང་ཞེས་བྱ་བའོ། །གལ་ཏེ་ཡོད་པ་དམིགས་པ་ཞེས་བྱ་བ་དེར་ཡང་འདྲ་བའི་གཞན་འབྱུང་བ་ཡོད་པ་ཉིད་མ་ཡིན་ནམ་ཞེ་ན།

Vol. 184 · folio 225b

མ་ཡིན་ནོ་ཞེས་བརྗོད་པ་ནི། སྔ་མར་ནི་ཞེས་བྱ་བའོ། །གལ་ཏེ་སྔ་མར་དེ་ལྟར་བརྗོད་པར་འདོད་པ་ཡིན་ནོ་ཞེས་བྱ་བ་ག་ལས་ཡིན་ཏེ། འདྲ་བ་གཞན་མཐོང་བ་མེད་པར་ནི་གཅིག་ཏུ་ལྷག་པར་ཞེན་པ་མི་འབྱུང་བའི་ཕྱིར་རོ་སྙམ་ན། གང་ལས་ཞེས་བྱ་བའོ། །རྩྭ་ལ་སོགས་པ་གཞན་

དང་གཞན་ལས་སྐྱེས་པ་ཞེས་བྱ་བ་འདིས་ནི་མི་འདྲ་བ་ཉིད་དུ་བསྟན་ཏོ། །མི་འདྲ་ཡང་དོན་བྱ་བ་ཙམ་ལས་མི་སླུ་བས་གཅིག་ཉིད་དུ་ཞེ་ན། མ་ཡིན་ནོ། །དེས་ན་དེར་འདྲ་བ་གཞན་མཐོང་བ་ལ་ལྟོས་པས་ཅི་ཞིག་བྱ་སྙམ་དུ་དགོངས་པའོ། །འོན་ཏེ་མེའི་ཉེ་བར་མེ་ཡིན་པ་དེས་ན་དེར་ཡང་

འདྲ་བ་གཞན་མཐོང་བ་ཉིད་ལས་དེ་ལྟར་ཞེན་པ་ཡིན་ནོ་སྙམ་ན། དེ་ལ་ཉེ་བར་ལེན་པ་ནི་ཞེས་གསུངས་སོ། །ཇི་ལྟར་མེ་ཉེ་བར་ལེན་པ་ཡིན་སྙམ་ན་མེ་ལས་ཞེས་བྱ་བ་སྨོས་སོ། །འདི་ག་ལས་སྙམ་ན་དང་པོ་ཞེས་གསུངས་སོ། །ལུགས་གཞན་གྱིས་ཀྱང་འདྲ་བ་གཞན་འབྱུང་བ་ཉིད་བརྗོད་པ་ནི།

ཡང་ཞེས་བྱ་བའོ། །མེ་དེ་ཉིད་ལས་ཞེས་བྱ་བ་ནི་མཐོང་བ་ནི་མཐོང་བའི་རྗེས་སུ་འབྲངས་ནས་དཔག་པ་ལས་སོ་ཞེས་བྱ་བའི་དོན་ཏོ། །འོ་ན་རྩྭ་ལ་སོགས་པ་གཞན་དང་གཞན་ཉེ་བར་ལེན་པ་ཡིན་པའི་ཕྱོགས་ལ་དང་པོ་མེ་ལས་སྐྱེད་སྙམ་ནས། རིགས་མཐུན་པ་ལས་སྐྱེ་བ་ནི་ཞེས་གསུངས་སོ། །

དེ་ལྟར་ལུགས་གཉིས་ལ་བརྟེན་ནས་འདྲ་བ་གཞན་འབྱུང་བས་བསླུས་པས་ཞེས་བྱ་བའི་རྣམ་པར་རྟོག་པ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་ཡོད་པ་དམིགས་པས་རྟག་ཏུ་དེ་ལྟར་ཡོད་པར་དོགས་པས་མ་བསླུས་པ་ཞེས་བྱ་བའོ། །

བཤད་པ་གཞན་གསུངས་པ་ནི་ཡང་ཞེས་བྱ་བའོ། །གང་དེ་ལྟར་ཡོད་པའི་དོགས་པ་ཡོད་པ་མ་ཡིན་པའོ། །ཡང་ན་དེ་ལྟར་ཡོད་པར་དོགས་པས་ན། དེ་ལྟར་ཡོད་པ་ལ་དོགས་པའོ། །དེ་ལྟ་མ་ཡིན་པ་ནི་དེ་ལྟར་ཡོད་པ་ལ་དོགས་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་མ་བསླུས་པ་སྟེ་

ཡོངས་སུ་ཚིམ་པ་ཡིན་ནོ། །དེ་ལྟར་ཡོད་པ་ལ་དོགས་པ་མེད་པ་ཉིད་བརྗོད་པ་ནི། དེ་ལྟར་ཡོད་པ་ནི་ཞེས་བྱ་བའོ། །འདི་ག་ལས་སྙམ་ན། རྟག་ཏུ་ཞེས་གསུངས་སོ། །སྔར་ནི་མ་བསླུས་པ་བསྒྲུབ་པའི་ཕྱིར་ཡོད་པ་དམིགས་པས་ཞེས་བརྗོད་པ་ཡིན་ལ། ད་ལྟར་ནི་དེ་ལྟར་ཡོད་པ་ལ་དོགས་པ་

Vol. 184 · folio 226a

མེད་པ་ཉིད་སྒྲུབ་པའི་དོན་དུ་རྟག་ཏུ་ཞེས་ཁྱད་པར་དང་བཅས་ནས་བརྗོད་དོ། །བར་ཆད་མེད་པར་དམིགས་པ་ལ་ཡང་ཅི་སྟེ་དོགས་པ་མ་ཡིན་སྙམ་ན། མ་དམིགས་ན་ནི་ཞེས་གསུངས་སོ། །དམིགས་པ་བར་དུ་མི་དམིགས་ལས་གང་གི་ཚེ་ཡང་དམིགས་

པ་དེའི་ཚེ་འདྲ་བ་གཞན་ཞེས་བྱ་བ་ལ་སོགས་པར་བལྟའོ་ཞེས་བརྗོད་པ་ནི་གང་གི་ཚེ་ཞེས་བྱ་བའོ། །གཅིག་ཉིད་དུ་དོགས་པ་བསུ་ནས་ཟློག་པར་བྱེད་པ་ནི་ཞིག་པ་ཞེས་བྱ་བའོ། །ཞིག་པ་ཤི་བར་ངོ་ཤེས་པར་བྱས་པའོ། །མ་ཞིག་པ་དང་གཅིག་ཉིད་དོ་ཞེ་ན། ཅིའི་ཕྱིར་ཚད་མ་མ་ཡིན་

སྙམ་དུ་དོགས་ན། ཁྱབ་བྱེད་མེད་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེས་བརྗོད་པ་ནི། མངོན་སུམ་དང་ཞེས་བྱ་བའོ། །ཇི་ལྟར་མི་འཐད་སྙམ་ན། དེ་ལྟར་ཡང་ཞེས་གསུངས་སོ། །ཡང་ན་དོན་བྱ་བ་དམིགས་པའམ། འདྲ་བ་གཞན་སྐྱེ་བ་འབའ་ཞིག་ནི་དེ་ཁོ་ན་མི་རྟོགས་པའི་རྒྱུ་མ་ཡིན་གྱི་འོ་ན་

ཅི་ཞེ་ན། ཐོག་མ་མེད་པ་མ་རིག་པའི་བག་ཆགས་ཀྱང་ཡིན་ནོ་ཞེས་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེ་ཡན་ཆད་ནི་ཀུན་ནས་ཉོན་མོངས་པའི་རྣམ་པར་གཞག་པ་བརྗོད་པ་ཡིན་ནོ། །གཉིས་སུ་མེད་པ་ལ་ཡང་འདི་ཉིད་དཔག་པར་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དྲི་མ་རྣམས་གློ་

བུར་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །འོད་གསལ་ནི་དེ་ཁོ་ན་འཛིན་པའི་བདག་ཉིད་དོ། །རང་བཞིན་གྱིས་ཞེས་བྱ་བ་ནི་ངོ་བོ་ཁོ་ནས་སོ། །ཇི་ལྟར་འོད་གསལ་སྙམ་ན། རྟག་པ་ཉིད་དང་ཞེས་གསུངས་སོ། །དེ་ལྟ་ཡིན་དང་འདི་འགྲུབ་པོ་ཞེས་བརྗོད་པ་ནི་བདག་ཏུ་འཛིན་པ་ལ་སོགས་པ་

དྲི་མ་རྣམས་ནི་གློ་བུར་བ་སྟེ་རང་བཞིན་མ་ཡིན་པས་སོ། །རྩ་བ་མེད་པ་ཅན་ཉིད་ཀྱིས་ནི་ཡུལ་མེད་པ་ཅན་གྱིས་སོ། །གླན་པའི་རྒྱ་ཙམ་དུ་ཟད་པའི་ཕྱིར་རོ། །མ་བརྟགས་པར་མངོན་པར་རློམ་པ་ཙམ་ཡིན་པའི་ཕྱིར་རོ། །རྣམ་པར་དཔྱད་ན་ནི་རང་རིག་པ་ཙམ་ཡིན་པས་འདོགས་པ་ཉིད་མེད་པའི་ཕྱིར་

རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བདག་གྱུར་ཀྱང་ལམ་བཞིན་སྐྱོན་ནི་འབྱུང་ཞེ་ན་ཞེས་བྱ་བའི་རྩོད་པ་ཡོངས་སུ་སྤངས་པའི་མཇུག་སྡུད་པ་ནི་དེ་ཕྱིར་སྔར་ཡང་ཞེས་བྱ་བའོ། །དེའི་བདག་ཏུ་གྱུར་པ་ལས་སྔར་ཚུ་རོལ་པའི་གནས་སྐབས་ན་ཡང་ངོ་། །ཅིའི་ཕྱིར་ཕྱིས་

Vol. 184 · folio 226b

ནུས་པ་མེད་སྙམ་ན། ལམ་བདག་ཏུ་གྱུར་པ་འགའ་ཞིག་ལ་ཉེས་པ་འབྱུང་བ་གང་ཡིན་པ་དེར་ཡང་ན་གནས་པ་ནི་མ་ཡིན་ཏེ། འགའ་ཞིག་ལས་ཁྱད་པར་ཐོབ་བའི་ལམ་དེ་ཉིད་ཀྱིས་གནོད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་ནུས་པ་ཡོད་ན་ཡང་ཞེས་བྱ་བའོ། །གནོད་པ་ཅན་ནི་ལམ་མོ། །དེ་

བསྐྱེད་པར་ནུས་པ་ནི་མཐུ་སྟེ། བག་ཆགས་ཀྱི་འདུ་བྱེད་ཅེས་བྱ་བའི་དོན་ཏོ། །དེའི་སྙིང་པོ་ཅན་སེམས་ཀྱི་དངོས་པོ་ལ་སྐྱེད་པ་ཙམ་དུ་ནུས་པ་ཡོད་ཀྱང་ཡུན་དུ་གནས་ཤིང་འཕེལ་བའི་ནུས་པ་མ་ཡིན་ཏེ། ཡུན་ལ་ཡོད་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །གལ་ཏེ་དད་པ་ལ་

སོགས་པ་ཞེས་བྱ་བའི་རྩོད་པ་ལ་ཚིགས་སུ་བཅད་པ་འདི་ལན་ཡིན་ནོ་ཞེས་བརྗོད་པ་ནི། གལ་ཏེ་སྐྱོན་སྐྱེ་བ་ཡིན་ན་ཡང་ཞེས་བྱ་བའོ། །གལ་ཏེ་ཇི་ལྟར་བདག་ཏུ་འཛིན་པ་ལ་སོགས་པའི་མ་གོམས་པ་ལས་བྱུང་བ་ནི་འབད་པས་བཟློག་པར་བྱ་བ་ཡིན་པ་དེ་བཞིན་དུ་

གོམས་པས་ལམ་དེའི་བདག་ཏུ་གྱུར་ཀྱང་འབད་པས་བཟློག་པར་བྱ་བར་འགྱུར་རོ་ཞེ་ན། འཚེ་བ་མེད་དང་ཞེས་གསུངས་སོ། །འཚེ་བ་མེད་པ་ཉེས་པ་དང་མི་ལྡན་པ་ལ་ཉེས་པ་མཐོང་བ་ཡིན་ན་སྤང་བའི་དོན་དུ་འབད་པར་འགྱུར་བ་ཞིག་ན་དེ་ཡང་ཡོད་པ་མ་ཡིན་ནོ་ཞེས་རྒྱུ་

མེད་པ་བརྗོད་པ་ཡིན་ནོ། །ཡང་དག་དོན་དང་རང་བཞིན་ཞེས་བྱ་བ་གཉིས་ཀྱང་སྤང་བར་མི་ནུས་པ་རྩོལ་བ་མེད་པའི་རྒྱུར་བརྗོད་པ་ཡིན་ནོ། །ཕྱིན་ཅི་ལོག་གིས་ནི་བདག་ཏུ་འཛིན་པ་ལ་སོགས་པས་མི་གནོད་དོ། །འབད་པ་དང་ལྡན་པའི་བློ་ཉིད་ནི་མེད་འབད་པ་དང་ལྡན་པ་

ཡོད་དུ་ཟིན་ཀྱང་སྤང་བའི་དོན་དུ་འབད་པ་དགག་པ་ལ་རྒྱུ་འགལ་བ་ཡོན་ཏན་མཐོང་བ་དམིགས་པར་བརྗོད་པ་ཡིན་ནོ། །དེ་ཕྱོགས་འཛིན་ཕྱིར་རོ་ཞེས་བྱ་བའོ། །ཡོན་ཏན་ལ་ཡོན་ཏན་མ་མཐོང་བ་ཡང་མ་ཡིན་ཞེས་བྱ་བ་ནི་རྣལ་འབྱོར་པས་ཡོན་ཏན་མཐོང་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །

ཅི་ལྟར་ཞེ་ན། བདག་མེད་པ་ཞེས་གསུངས་སོ། །དེའི་ཕྱིར་སྤང་བའི་དོན་དུ་འབད་པ་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་འབད་པ་མེད་པའི་ཕྱིར་རོ། །འདི་ནི་བདག་མེད་པ་མཐོང་བའོ། །དེ་ཕྱོགས་འཛིན་ཕྱིར་རོ་ཞེས་བྱ་བ་འཆད་པ་ནི་སེམས་ནི་ཞེས་བྱ་བའོ། །ཡོངས་སུ་སྤངས་

Vol. 184 · folio 227a

པའི་ཆོས་ཅན་དག་བཅོམ་པ་ཡང་སྦྱོར་བར་བྱེད་པ་ནི་དངོས་པོ་མ་ལུས་པ་ཞེས་བྱ་བ་ལ་སོགས་པའོ། །ཉེས་པ་རྣམས་ལ་གནས་པ་ན་ཡང་དེ་གཞོམ་པ་ཉིད་ལ་འབད་པར་བྱེད་ན་ཡོན་ཏན་རྣམས་ལ་གནས་པ་ཡིན་ན་ལྟ་ཅི་སྨོས་ཞེས་བྱ་བའི་

དོན་ཏོ། །གལ་ཏེ་ནང་གི་ཆོས་ནི་འགལ་བས་འགལ་བ་ཡིན་ཡང་སླར་འབྱུང་བ་ཡིན་ཏེ། ཁོང་ཁྲོ་བས་འདོད་ཆགས་བཞིན་ནོ། །བདག་ཏུ་འཛིན་པ་ན་ང་ཉིད་ཡིན་ནོ། །བདག་ཏུ་ཞེས་བྱ་བ་ཕྱོགས་སྔ་མ་འགོད་པ་ནི་གལ་ཏེ་འདོད་ཆགས་དང་ཞེ་སྡང་དག་ཅེས་བྱ་བའོ། །

ནང་ཡིན་པའི་ཕྱིར་ནི་འདོད་ཆགས་དང་ཁོང་ཁྲོ་དག་འབྱུང་བ་མ་ཡིན་གྱི། འོན་ཀྱང་སྐྱེ་གནས་གཅིག་པའི་ཕྱིར་རོ། །འདི་གཉིས་ཀྱི་སྐྱེ་གནས་ནི་བདག་ཏུ་འཛིན་པ་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་ལྟར་བདག་ཏུ་འཛིན་པ་དང་བདག་མེད་

པར་མཐོང་བ་དག་གི་སྐྱེ་གནས་གཅིག་པའམ། རྒྱུ་དང་འབྲས་བུའི་དངོས་པོ་ཉིད་མ་ཡིན་ནོ། །ནང་ཉིད་དམ་ཕྱི་རོལ་ཉིད་འགལ་བའི་ཁྱད་པར་བྱེད་པ་ཉིད་མ་ཡིན་ནོ་ཞེས་ལན་འདེབས་པ་ནི། བདག་འཛིན་རྒྱུ་གཅིག་ཅན་ཉིད་དང་། །ཞེས་བྱ་བའོ། །རྒྱུ་དང་འབྲས་བུའི་དངོས་པོ་

ཡིན་པའི་ཕྱིར་ཡང་ཕན་ཚུན་མི་མཐུན་པ་ཡིན་ཡང་བདག་ཏུ་འཛིན་པ་ཡོད་ན་ཅིག་ཅར་གཏན་འཆད་པ་ནི་མ་ཡིན་ཏེ་ཞེས་སྦྱར་རོ། །ཇི་ལྟར་འདི་དག་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་སྙམ་ན། གང་ཞིག་ཅེས་གསུངས་སོ། །དམུས་བྱུང་བ་ནི་སྡང་བ་ཞུགས་པའོ། །ཞེ་

སྡང་འདོད་ཆགས་ཀྱི་རྒྱུ་ཉིད་བསྟན་ནས་འདོད་ཆགས་དང་ཞེ་སྡང་གི་རྒྱུ་ཉིད་དུ་སྟོན་པ་ནི། བདེ་བའི་རྒྱུར་ཞེས་གསུངས་སོ། །དེ་ལ་གནོད་པ་མེད་པ་ལ་ནི་བདེ་བའི་རྒྱུ་ལ་གནོད་པ་བྱེད་པ་ལའོ། །གང་གི་ཕྱིར་འདོད་ཆགས་ལ་སོགས་པའི་བདག་ཏེ་འཛིན་པའི་རྒྱུ་

གཅིག་པ་ཅན་ཡིན་པ་དེ་ཉིད་ཀྱི་ཕྱིར། བདག་མེད་པ་མཐོང་བ་དེ་ཉིད་ལ་ཡིན་གྱི། བྱམས་པ་ལ་སོགས་པ་ནི་མ་ཡིན་ཏེ། དེ་དང་མི་འགལ་བའི་ཕྱིར་རོ་ཞེས་གསུངས་པ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །གལ་ཏེ་དགའ་བར་བྱ་བ་དང་། འཁྲུག་པར་

Vol. 184 · folio 227b

ཀུན་དུ་རྟོག་པ་ཉིད་རྨོངས་པ་ཡིན་ལ། དེ་ནི་བྱམས་པ་ལ་སོགས་པས་ཀྱང་བཟློག་པའི་ཕྱིར་འདི་ལྟར་ལམ་མ་ཡིན་སྙམ་དུ་དོགས་པ་བསུ་ནས། དེ་ཡང་འཇིག་ཚོགས་ལྟ་བ་ཡིན། །ཞེས་བྱ་བའོ། །དག་པར་བྱ་བའི་ཀུན་དུ་རྟོག་པ་ཡང་བདག་ལ་ཕན་འདོགས་པར་

འཛིན་པ་ཉིད་དོ། །དེས་ན་བདག་ཏུ་འཛིན་པ་ཉིད་རྨོངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཤིན་ཏུ་ཉེས་པར་ཚར་གཅོད་པ་མ་ཡིན་སྙམ་ན། གཏི་མུག་དང་མི་འགལ་བའི་ཕྱིར་རོ་ཞེས་གསུངས་སོ། །གཏི་མུག་དང་ངར་འཛིན་པ་གཉིས་ཐ་དད་པར་བསམས་ན་གཞན་གྱིས་

གལ་ཏེ་ཞེས་སྨྲས་སོ། །གྲུབ་པའི་མཐར་ནི་འདི་གཉིས་ཐ་མི་དད་པ་ཉིད་དུ་མཐོང་ནས་དེ་ནི་མ་ཡིན་ཏེ་ཞེས་གསུངས་སོ། །གལ་ཏེ་ཆོས་སུ་འཛིན་པ་ཡང་གཏི་མུག་ཉིད་མ་ཡིན་ནམ། དེས་ན་ཇི་ལྟར་དེ་ཡང་འཇིག་ཚོགས་ལྟ་བ་ཡིན་ཞེས་བརྗོད་སྙམ་ན། ཉོན་མོངས་པ་ཅན་གྱི་ཞེས་གསུངས་

སོ། །འདིར་འདོད་ཆགས་དང་ཞེ་སྡང་གི་སྐྱེ་གནས་ཀྱི་རྨོངས་པ་སྐབས་ཡིན་གྱི་རྨོངས་པ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་མ་ཡིན་པས་ནའོ། །དེ་དག་ནི་དགྲ་བཅོམ་པའོ། །རྒྱུད་གྲོལ་བ་ཅིའི་ཕྱིར་སྙམ་ན། འཇིག་ཚོགས་ལ་ལྟ་བ་ནི་སྤངས་པ་

ཞེས་གསུངས་སོ། །གལ་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་གསུངས་པའི་ཕྱིར་མ་རིག་པ་ལོག་པ་ཙམ་རྨོངས་པ་མ་ཡིན་ནམ། འཇིག་ཚོགས་སུ་ལྟ་བ་ནི་མ་ཡིན་ནོ་སྙམ་ན། རིག་པའི་ཞེས་གསུངས་སོ། །དགག་པ་ནི་མི་བདེན་པ་དང་ཆོས་མ་ཡིན་པ་ལ་སོགས་པ་ལྟར་འགལ་

བརྗོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དངོས་པོ་མེད་པ་ནི་རྨོངས་པ་མ་ཡིན་ནོ། །སོ་སོར་རྟོག་པ་མེད་པའི་རང་བཞིན་མ་རིག་པ་ཡིན་ན། ལྟ་བ་དང་འགལ་བ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེར་ཞེས་བྱ་བ་ནི་མ་རིག་པར་རོ། །འོན་ཏེ་མྱ་ངན་ལས་འདས་པ་ལ་ཡང་སོ་སོར་རྟོག་པ་མེད་དོ་

སྙམ་ན། ཕུང་པོ་རྣམས་ཞེས་སྨོས་སོ། །ཧ་ཅང་ཁྱད་པར་ཡོད་པ་ཉིད་གསལ་བར་བྱེད་པ་ནི་ཕུང་པོ་ལྷག་མ་མེད་པའི་ཞེས་བྱ་བའོ། །ཉོན་མོངས་པའི་གཞི་མ་ཡིན་པའི་ཕྱིར་ན། མྱ་ངན་ལས་འདས་པ་མ་རིག་པ་ཉིད་མ་ཡིན་ནོ་སྙམ་པའི་དོགས་པ་བསུ་བ་ནི། འོན་ཏེ་དེ་ནི་ཞེས་བྱ་བ་སྟེ།

Vol. 184 · folio 228a

མྱ་ངན་ལས་འདས་པའོ། །འོ་ན་ནི་ཞེས་བྱ་བ་ནི་ལན་ནོ། །ད་ནི་སོ་སོར་རྟོག་པ་མེད་པའོ། །དེའི་གཞི་ཡིན་པའི་ཕྱིར་ནི་ཉོན་མོངས་པའི་གཞི་ཡིན་པའི་ཕྱིར་རོ། །ཇི་ལྟར་འཇིག་ཚོགས་ལ་ལྟ་བ་ཉིད་མ་རིག་པ་ཡིན་སྙམ་པའི་དོགས་པ་སེལ་བས།

རིག་པའི་མ་མཐུན་ཕྱོགས་ཉིད་ཕྱིར། །ཞེས་བྱ་བ་འཆད་པ་ནི་རིག་པ་དང་འགལ་བའི་ཞེས་བྱ་བའོ། །རིག་པ་མེད་པ་བཀག་པ་ཙམ་གྱི་བདག་ཉིད་ནིའོ། །དེ་མེད་པ་ནི་ཞེས་བྱ་བ་ནི་རིག་པ་ལྡོག་པའོ། །མྱ་ངན་ལས་འདའ་བ་ཡང་ནི་ཕུང་པོ་ལྷག་མ་མེད་པ་ལ་ཡང་ངོ་། །འོན་

ཏེ་ཉོན་མོངས་པའི་གཞི་ཉིད་ནི་མ་རིག་པ་ཡིན་ལ། དེ་ཡང་མྱ་ངན་ལས་འདས་པ་མེད་དོ་སྙམ་ན། མེད་པ་ནི་ཞེས་གསུངས་སོ། །མ་ཡིན་པའི་རང་བཞིན་ཡང་ཧ་ཅང་ཐལ་བའི་ཕྱིར་མ་རིག་པར་མི་འཐད་དོ་ཞེས་བཤད་པ་ནི། དེ་ལས་གཞན་པ་ཡང་ཞེས་བྱ་བ་སྟེ། རིག་པ་དེ་ལས་

གཞན་མ་རིག་པའོ། །ཅིའི་ཕྱིར་ཞེ་ན། གཟུགས་ལ་སོགས་པ་རྣམས་ལ་ཡང་ཞེས་གསུངས་སོ། །ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་ཉོན་མོངས་པ་ཅན་མ་ཡིན་པའི་ཕུང་པོ་ལྔ་ཡོད་དོ་ཞེས་བྱ་བ་ལུང་ཡིན་ཏེ། དེས་ན་དེ་དག་ཀྱང་མ་རིག་པ་ཉིད་དུ་ཐལ་

བར་འགྱུར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་གཉི་གའི་རང་བཞིན་མ་རིག་པར་མི་འཐད་པའི་ཕྱིར་རོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་དཔེ་ཉིད་གཞུང་འཛུགས་པའོ། །འོ་ན་ཆོས་མ་ཡིན་ཅི་ཞིག་སྙམ་ན། ཆོས་མ་ཡིན་པ་ནི་ཞེས་གསུངས་སོ། །གཞན་དག་གིས་བདེན་པ་དང་མི་བདེན་

པའི་ཚིག་གཉིས་འཆོལ་བར་སྨྲས་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བའོ། །ཡང་དག་པ་མ་ཡིན་པ་སྟོན་པ་མི་བདེན་པ་ཡིན་ནའོ། །མི་བདེན་པ་ཉིད་དུ་མི་འགྱུར་ལ་ཞེས་བྱ་བ་ནི་ཇི་ལྟར་བསྟན་པའི་དངོས་པོ་ཡོད་པའི་ཕྱིར་ཡང་དག་པར་སྟོན་པ་ཡིན་པས། འདོད་པ་གཞན་དུ་གྱུར་པས་མི་བདེན་པར་

འདོད་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །མེད་ཀྱང་ན་ནི་འཁྲུལ་པས་ཡོད་པར་སེམས་པ་ན་གང་གི་ཚེ་ཡོད་དོ་ཞེས་སྟོན་པ་དེའི་ཚེ་ཡང་དག་པ་མ་ཡིན་པའི་དོན་མི་བརྗོད་པའི་ཕྱིར་བརྫུན་སྨྲ་བར་འགྱུར་རོ། །འདི་ཡང་སེམས་པ་ཞེས་བྱ་བ་འདིའི་དེ་མ་ཐག་ཏུ་མེད་དོ་ཞེས་སྟོན་པར་

Vol. 184 · folio 228b

བྱེད་པ་ཞེས་འབྲེལ་ཏོ། །སྔ་མས་ནི་མི་འདོད་པ་འཐོབ་པར་བསྟན་ལ་ཕྱི་མས་ནི་འདོད་པ་མི་འཐོབ་པར་རོ། །ཡང་དག་པ་ཉིད་དམ་ཡང་དག་པ་མ་ཡིན་པ་ཉིད་ནི་བསམ་པ་ལ་ལྟོས་པ་ཡིན་གྱི་དོན་ལ་ནི་མ་ཡིན་ནོ་ཞེས་སྟོན་པ་ནི་སྒྲ་རྣམས་ཞེས་བྱ་བའོ། །དོན་དམ་པར་དངོས་པོ་ཡོད་པ་ཡིན་

ཡང་གལ་ཏེ་མེད་པར་ངེས་པས་མེད་དོ་ཞེས་སྟོན་ན་དེའི་ཚེ་ནི་ཚིག་དེ་བདེན་པ་ཁོ་ན་སྟེ། རྣམ་པར་རྟོག་པ་ཡུལ་ཡིན་པའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་ངེས་པ་དང་རྗེས་སུ་མཐུན་པར་མི་བརྗོད་ནའོ། །བྱང་ཆུབ་སེམས་དཔའ་རྣམས་ལ་ནི་དོན་ཅི་ལྟ་བ་བཞིན་གྱི་བསམ་པ་ཇི་ལྟ་བ་ཉིད་

བརྗོད་པ་ནི་བདེན་པ་ཡིན་ལ། གཞན་ནི་མི་བདེན་པ་ཡིན་ནོ་ཞེས་བརྗོད་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ལ་ནི། །ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་ཡིན་པས་སོ། །གཞན་ཞེས་བྱ་བ་ནི་ཇི་སྐད་བརྗོད་པ་ལས་བཟློག་པའོ། །དམིགས་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་

དམིགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་སེམས་ལས་བྱུང་བ་ཉིད་དུ་ཇི་ལྟར་གྲུབ་ཅེ་ན། རྟེན་དང་ཞེས་གསུངས་སོ། །རྟེན་ལ་སོགས་པས་མཚུངས་པ་ཉིད་དུ་ལྡན་པས་ན་མཚུངས་པར་ལྡན་པ་ཞེས་ཆོས་མངོན་པ་ལས་འདི་སེམས་ལས་བྱུང་བའི་ནང་དུ་བརྗོད་དོ། །དེ་ལ་གང་མ་

རྟོགས་པའི་རང་བཞིན་ཉིད་མ་རིག་པ་ཡིན་ན་དེའི་ཚེ་འདི་དམིགས་པ་དང་རྣམ་པ་ལ་སོགས་པ་མཚུངས་པར་མི་གསུང་བར་འགྱུར་རོ། །དེ་ལ་རྟེན་དང་དམིགས་པར་མཚུངས་པ་ནི་མིག་ལ་སོགས་པའི་ཤེས་པ་རྣམས་དང་རྟེན་དང་དམིགས་པ་དང་འདྲ་བའི་ཕྱིར་རོ། །རྣམ་པ་མཚུངས་པ་

ནི་སེམས་བཞིན་དུ་རྟོགས་པའི་རྣམ་པ་ཡིན་པའི་ཕྱིར་རོ། །དུས་མཚུངས་པ་ནི་དུས་མཉམ་པར་བྱུང་བའི་ཕྱིར་རོ། །ཇི་ལྟར་སེམས་སྐད་ཅིག་གཅིག་ལ་རྫས་གཅིག་པ་ཡིན་པ་དེ་བཞིན་དུ་སེམས་ལས་བྱུང་བ་ཡང་རྫས་རེ་རེའི་བདག་ཉིད་ཅན་ཡིན་པ་དེས་ན་རྫས་མཚུངས་པ་ཉིད་དོ། །

དེས་ན་སེམས་ལས་བྱུང་བ་ཡིན་པའི་ཕྱིར་མ་རིག་པ་རྟོགས་པའི་རང་བཞིན་ནི་མ་ཡིན་གྱི། འོན་ཀྱང་རྟོགས་པའི་རང་བཞིན་ཁོ་ནའོ། །རིགས་པས་བསྒྲུབས་ནས་དངོས་སུ་རྗོད་པར་བྱེད་པའི་ལུང་ཡང་བརྗོད་པ་ནི། གསུངས་པའི་ཡང་ཕྱིར་ཏེ་ཞེས་བྱ་བའོ། །ཤེས་རབ་ཀྱི་རྣམ་པ་

Vol. 184 · folio 229a

ལས་ཞེས་བྱ་བ་ནི་རྣམ་པར་འགྲོལ་བའོ། །གཞུང་གང་གིས་གསུངས་ཤེ་ན། དེ་ལ་ཞེས་བྱ་བའོ། །གསུངས་པ་གཞན་ཡང་བརྗོད་པ་ནི་དེ་བཞིན་དུ་ཞེས་བྱ་བའོ། །ལུང་ལས་མ་རིག་པ་གཞན་ཁོ་ནར་བསྟན་པ་ཡིན་ནོ་སྙམ་པའི་དོགས་པ་བསུ་བ་ནི།

གལ་ཏེ་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་འཇིག་ཚོགས་སུ་ལྟ་བའོ། །མ་རིག་པ་ཡན་ལག་ཏུ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མ་རིག་པ་ཡན་ལག་ཏུ་སྟེ། དེར་རང་གི་ངོ་བོས་བརྗོད་པར་བྱ་བ་ལས་ཉེ་བར་བཏགས་པ་ལ་དགོས་པ་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །དེ་ལྟར་མ་

རིག་པ་བསྟན་པས་ནི་ཚད་མ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་དེ་ལྟར་མ་རིག་ཅེས་བྱ་བའོ། །བཟློག་པ་ལ་ནི་ཞེས་བྱ་བ་ནི་མ་རིག་པ་ནི་འཇིག་ཚོགས་ལ་ལྟ་བ་ཉིད་ཡིན་ནོ་ཞེས་བྱ་བ་འདི་ལ་ནི་སོ་སོར་མ་བརྟགས་པའི་ཉེས་པ་ཚད་མ་ཡིན་ནོ། །ཚིགས་སུ་བཅད་པ་འདི་དག་

ཉིད་འཆད་པ་ནི། ལྟ་བའི་སྒོ་ནས་ཞེས་བྱ་བའོ། །འདིས་ནི་གཞན་ནི་རིགས་པ་མ་ཡིན་ཞེས་བྱ་བ་བཤད་དོ། །རྣམ་འགྲེལ་ལ་འཇུག་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །གཞན་དུ་ཡིན་ཡང་རུང་སྟེ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཏུ་དམིགས་པའི་རང་བཞིན་ནོ། །དེ་ཞེས་བྱ་བ་

ནི་གཏི་མུག་གོ། །ཁྱད་པར་གྱི་སྒྲ་ཞེས་བྱ་བ་ནི་འཇིག་ཚོགས་ལ་ལྟ་བའི་སྒྲའོ། །སྤྱི་ནི་མ་རིག་པ་སྟེ། དེའི་དོན་ཅན་མ་ཡིན་པའི་ཕྱིར་རོ། །ལྟ་བ་མ་རིག་པ་དང་ཐ་མི་དད་ན་ཐ་དད་པ་ལ་རྟེན་པ་མཚུངས་པར་ལྡན་པར་བརྗོད་པར་མི་འགྱུར་རོ་ཞེས་རྩོད་པ་གཉིས་པའི་དོགས་པ་

བསུ་བ་ནི་དེ་བཞིན་དུ་ཞེས་བྱ་བའོ། །འདིས་འགལ་བར་བྱེད་པས་འགལ་བ་སྟེ། འགལ་བར་བྱེད་པའི་ཚིག་གོ། །བཤད་བྱ་ཞེས་བྱ་བ་ནི་སྤྱི་དང་ཁྱད་པར་དུ་རྟོགས་པས་སོ། །མ་རིག་པ་ཞེས་བྱ་བ་ནི་སྤྱི་ཡིན་ལ། ལྟ་བ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །གཅིག་

ལ་ཡང་ཉེ་བར་བསྟན་པ་ཅན་གྱི་དངོས་པོས་ཐ་དད་པར་བརྟགས་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིའོ། །དེའི་བདག་དང་ཡང་མཚུངས་པར་ལྡན་པར་འགྱུར་བ་ཁོ་ནའོ་ཞེས་བྱ་བ་ཡང་གཞན་ཁ་ཅིག་གིའོ། །གལ་ཏེ་འགལ་བའི་ཕྱིར་བདག་མེད་པ་མཐོང་བས་བདག་ཏུ་ལྟ་བ་དང་འབྲལ་

Vol. 184 · folio 229b

མོད། ཉོན་མོངས་པ་ཐམས་ཅད་དང་བྲལ་བར་གོ་ཇི་ལྟར་འགྱུར་ཞེ་ན། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཞེས་གསུངས་སོ། །འཇིག་ཚོགས་སུ་ལྟ་བ་དེ་འགལ་བའི་ཕྱིར་དེ་ལས་བྱུང་བ་བདག་ཏུ་ལྟ་བའི་རྒྱུ་ཅན་ཀུན་འགལ་བ་ཡིན་ཏེ། དེས་ན་ཉོན་མོངས་པ་ཐམས་ཅད་སྤོང་བ་ཡིན་ནོ་

ཞེས་བྱ་བའི་དོན་ཏོ། །དོན་ལ་ཉེ་བར་སྦྱོར་བ་དེ་བཞིན་དུ་ཞེས་བྱ་བའོ། །དེའི་རང་བཞིན་ནི་འཇིག་ཚོགས་སུ་ལྟ་བའི་རང་བཞིན་ནོ། །འདིས་ནི་རྩོད་པ་གཉིས་པ་ཉིད་བསལ་ཏོ། །དང་པོ་ནི་ཁས་མ་བླངས་པ་ཁོ་ནས་སྤངས་པ་ཡིན་ཏེ། འཇིག་ཚོགས་སུ་ལྟ་བའི་རང་བཞིན་གྱི་མ་རིག་

པ་ཉིད་བཅོམ་ལྡན་འདས་ཀྱི་གཙོར་བསྟན་པར་ཁས་བླངས་པའི་ཕྱིར་རོ། །དེས་ན་བདག་ཏུ་ལྟ་བ་ཉིད་མ་རིག་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པ་ནི། སྟོང་ཉིད་ལྟ་དང་དེ་འགལ་ཕྱིར། །ཞེས་བྱ་བ་ལས་འཆད་པའོ། །དེ་ལྟར་བདག་མེད་པར་མཐོང་བ་ལ་

སོགས་པའི་དབང་གི་སྟོབས་དང་ལྡན་པ་དང་། བཟློག་པར་བྱ་བ་མ་ཡིན་པ་ཉིད་དུ་བརྗོད་ནས་བདག་ཏུ་ལྟ་བ་ཡང་བཟློག་པར་བྱ་བ་མ་ཡིན་པའི་རྒྱུ་མཚན་སྲོག་ཆགས་ཀྱི་རང་བཞིན་ཡིན་པ་ནི་རང་བཞིན་འདི་ཡིན་པ་དེ་ལས་འདི་རྐྱེན་གཞན་གྱིས་ནི་གོལ་འགྱུར་ཞིང་ཞེས་བྱ་བ་ལ་སོགས་པས་

བཀག་ཟིན་པ་ཡིན་ནོ་ཞེས་བརྗོད་པ་ནི་མིན་ཞེས་བྱ་བའོ། །མི་ཟད་པ་ནི་བཟློག་པར་བྱ་བ་མ་ཡིན་པ་ཉིད་དོ། །སྲོག་ཆགས་ཆོས་ཉིད་ཕྱིར་ནི་སྲོག་ཆགས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །གཟུགས་ལ་སོགས་པ་བཞིན་དུ་ཉེས་པ་རྣམས་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་གཟུགས་དང་

རོ་ལ་སོགས་པ་ལྟར་བདག་ཏུ་འཛིན་པ་ནི་ཐོག་མ་མེད་པའི་བག་ཆགས་ཙམ་ལས་བྱུང་བས་ན་སྲོག་ཆགས་ཀྱི་ཆོས་ཉིད་དུ་མ་གྲུབ་པའི་ཕྱིར་རོ། །བདག་ཏུ་འཛིན་པ་ཡང་བཟློག་པར་བྱ་བ་མ་ཡིན་པར་དམ་འཆའ་བ་ནི་མེ་དྲོ་བ་མ་ཡིན་ནོ་ཞེས་བྱ་བ་ལྟར་མངོན་སུམ་དང་

འགལ་བ་ཡིན་ནོ་ཞེས་བརྗོད་པ་ནི། གཉེན་པོའི་ཕྱོགས་བདག་མེད་པ་དང་འབྲེལ་པ་སྟེ་མངོན་དུ་གྱུར་པས་ན་ལྡོག་པའི་ཕྱིར་རོ། །གལ་ཏེ་ཆ་དང་འབྲེལ་པས་ཟངས་མའི་སྲ་བ་ཉིད་བཞིན་དུ་བདག་མེད་པ་མཐོང་བས་བདག་ཏུ་ལྟ་བ་བཟློག་ཀྱང་ཡང་འབྱུང་བ་ཡིན་ནོ་སྙམ་དུ་བསམས་ནས་

Vol. 184 · folio 230a

དམ་བཅས་པ་མངོན་སུམ་དང་འགལ་བ་མ་ཡིན་ནོ་སྙམ་པའི་དོགས་པ་བསུ་ནས་ཁྱད་པར་བརྗོད་པ་ནི་ཉེས་པ་བདག་ཏུ་ལྟ་བ་རྣམ་པར་འགགས་པ་བདག་མེད་པ་མཐོང་བ་དེའི་བདག་ཏུ་གྱུར་པ་ཉིད་ཀྱིས་འབྲེལ་མེད་ཕྱིར་ཏེ། ཉེ་བར་གནས་པའི་ཕྱིར་རོ། །དེ་ལྟར་མེ་

དང་འབྲེལ་པའི་རྟག་པར་གནས་པ་མ་ཡིན་ནོ། །ཡང་ན་འབྲལ་བ་ཡིན་ཡང་དེས་བཟློག་པ་ཐམས་ཅད་ཡང་འབྱུང་བ་ནི་མ་ཡིན་ཏེ། མེ་ལོག་ཀྱང་ཐལ་བ་སྲ་བ་ཉིད་ཀྱང་ཕྱིར་བཟློག་པ་མ་ཡིན་ཞེས་བརྗོད་པ་ནི་ཐལ་བ་བཞིན་དུ་ཞེས་བྱ་བའོ། །དེ་ལྟར་ལམ་བདག་མེད་པ་

མཐོང་བ་ལ། བདག་ཏུ་འཛིན་པ་མི་དགོས་པར་བརྗོད་ནས་ལམ་ཉིད་དུ་དོགས་པ་བསུ་ནས་ཟློག་པར་བྱེད་པ་ནི། གལ་ཏེ་བདག་བསྒོམ་པས་ཀྱང་ཞེས་བྱ་བའོ། །བདག་བསམ་པར་བྱ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཤེས་པར་བྱ་བ་བསྒོམ་པར་བྱ་ཞེས་བྱ་བའི་ཚིག་

གཉིས་བརྗོད་པ་ཡིན་ནོ། །དེས་ན་བདག་ཤེས་པར་བྱ་བ་ནི། ལུས་དང་དབང་པོ་ལ་སོགས་པའི་འབྱུང་བ་ཆེན་པོ་ལས་ཐ་དད་པར་རོ། །བསམ་པར་བྱ་བ་ནི་བློ་ལ་སོགས་པ་ལས་ཐ་དད་པར་རོ། །བསྒོམ་པར་བྱ་ཞེས་ཡུལ་འཛིན་པ་ལ་སོགས་པའི་རང་བཞིན་ལས་ཐ་དད་པར་

རོ། །རིག་པ་ཀུན་དགའ་བ་གཅིག་གི་རང་བཞིན་བདག་གི་དེ་ཁོ་ནས་བསྒོམ་པར་བརྗོད་པ་ཡིན་ནོ་ཞེ་ན། དེ་ལ་རེ་ཞིག་གལ་ཏེ་རིག་པ་ཅན་ལ་སོགས་པ་ཐ་དད་པར་སྨྲ་བ་དེ་སྐད་རྗོད་པར་བྱེད་ན་དེའི་ཚེ་དེའི་བདག་ཏུ་ལྟ་བ་ནི་བདག་གི་བའི་ལྟ་བ་དང་རྗེས་སུ་འབྲེལ་པ་ཉིད་དེ། ཆགས་པའི་

རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི། གང་ཞིག་ཅེས་བྱ་བ་ལ་སོགས་པའོ། །བདག་དེ་ལ་ནི་བདག་ཏུ་སྨྲ་བ་དེ་ངའོ་ཞེས་ཞེན་པའི་བདག་ཉིད་ཅན་ཉིད་དུ་བདག་ལ་ཞེན་ཅིང་ལྟ་བར་འགྱུར་རོ། །འཐད་པ་ཉིད་ཀྱིས་བདག་མི་འབྲེལ་བའི་ཕྱིར་ཆགས་པའི་སྙིང་པོ་ཅན་དེར་ལྟ་བ་

ཡང་མི་འབྲལ་བ་ཁོ་ནའོ་ཞེས་བརྗོད་པ་ནི། རྟག་ཏུ་ཞེན་པར་ཞེས་འགྱུར་གསུངས་སོ། །ཞེན་པ་ཡོད་ན་ཡང་ཞེན་པའི་ཡུལ་ཕན་འདོགས་པ་རྣམས་ལ་སྲེད་པར་འགྱུར་བ་དེས་ཀྱང་དེ་དག་ལ་སྡུག་བསྔལ་བ་དང་རྗེས་སུ་འབྲེལ་པའི་སྐྱོན་རྣམས་སྒྲིབ་པར་བྱེད་དོ། །དེ་ལྟ་མ་ཡིན་ན། དེ་མ་

Vol. 184 · folio 230b

མཐོང་བས་སྐྱོ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་བདག་གཉིས་སུ་མེད་པར་སྨྲ་བ་དག་འཁོར་བ་པའི་སྐྱེ་བོ་ལ་གྲུབ་པའི་སྤྲོས་པ་ཐམས་ཅད་འཁྲུལ་པ་ཡིན་པའི་ཕྱིར་བདག་འབའ་ཞིག་མཐོང་བ་ཐར་པའི་བདག་ཉིད་ཡིན་པའི་ཕྱིར་ཐར་པའི་གམ་དུ་རྟོགས་པར་བྱེད་ན། འདིར་

ཡང་གང་ཞིག་བདག་མཐོང་ཞེས་བྱ་བ་ཉིད་བཟླས་སོ། །བདེ་བ་དང་བདེ་བའི་སྒྲུབ་པར་བྱེད་པ་ཅི་འདྲ་བ་རྣམས་ལ་སྲེད་པར་འགྱུར་ལ། སྟོབས་དང་ལྡན་པའི་ཆ་དེ་ཉིད་ཀྱིས་འཁྲུལ་པའི་རང་བཞིན་གྱིས་ཉེས་པ་དང་དེ་མཐོང་བ་མ་ཐོབ་པར་བྱས་པས་ཆགས་པ་དང་བྲལ་བ་ཉིད་མི་འཐོབ་

པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བདག་ཏུ་མཐོང་བ་ལས་ཞེན་པ་གཞན་ཡིན་པའི་དབང་དུ་བྱས་ནས་རྩོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འདི་ཉིད་ལ་ཐ་དད་པར་ལྟ་བས་ལན་དུ། གལ་ཏེ་བདག་ལ་ཆགས་པར་མི་འགྱུར་ན། བུད་མེད་ལ་སོགས་པ་བདག་ལ་ཉེ་བར་མཁོ་བ་ལ་རྣམ་པ་

གཞན་དུ་ཆགས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་སྨྲས་པ་ནི་གང་ཞིག་གཞན་ལ་ཞེས་བྱ་བ་སྟེ་བདག་ལ་ཉེ་བར་མཁོ་བ་ལའོ། །འདི་ཉིད་གསལ་བར་བྱེད་པ་ནི། བདག་མཐོང་ཉིད་ལ་ཞེས་བྱ་བའོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ་འགའ་ལ་ཡང་ཞེས་བྱ་བར་སྦྱར་རོ། །བདག་ཏུ་

ལྟ་བ་ཉིད་ཆགས་པའི་སྙིང་པོ་ཅན་ཡིན་ནོ་ཞེས་བརྗོད་པ་ནི་གང་ཞིག་ཅེས་བྱ་བའོ། །བདག་ལ་ཆགས་པ་མེད་ཀྱང་གཞན་ལ་ཆགས་པ་སྲིད་པར་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །བདག་ཏུ་ལྟ་བ་ནི་རང་གི་བཏང་ནས་གཞན་ལ་ཕན་འདོགས་པར་བྱེད་ན་རྟོག་པ་སྔོན་དུ་བྱེད་

པ་ཉིད་དུ་མི་འགྱུར་རོ་ཞེས་ལན་འདེབས་པ་ནི་གལ་ཏེ་བདག་ཉིད་ཆེན་པོ་ཞེས་བྱ་བའོ། །འབྱུང་བར་འགྱུར་བའི་འབྲས་བུ་མེད་པར་གཞན་ལ་ཕན་འདོགས་པ་ཙམ་གྱིས་འཇུག་པ་ནི་ཕྱུགས་ཟན་དུ་བསྐྱེད་པ་བཞིན་དུ་རྨོངས་པ་ལས་སྐྱེས་པ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་

སངས་རྒྱས་པ་བཞིན་དུ་འབྲས་བུ་མེད་ཀྱང་གཞན་ལ་ཕན་འདོགས་པ་ཉིད་ཡིན་ནོ་སྙམ་དུ་དོགས་པ་བསུ་ན། དེ་ལྟ་ཡིན་ན་ཞེས་སྨྲས་སོ། །གཏད་མེད་ནི་ཁྱེད་ལ་རྗེས་སུ་མཐུན་པ་མ་ཡིན་པའོ། །སངས་རྒྱས་པ་ནི་བདག་མ་མཐོང་བས་རང་གི་དོན་གྱིས་གཞན་ལ་ཕན་

Vol. 184 · folio 231a

འདོགས་པ་ཉིད་ཀླན་ཀར་འོས་པ་མ་ཡིན་ནོ། །གཞན་ལ་ནི་བདག་མཐོང་བ་ཡོད་པས་ཀླན་ཀར་འགྱུར་བ་ཉིད་དོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྟོག་པ་སྔོན་དུ་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་གཞན་གྱི་དོན་བྱེད་པ་ཉིད་བདེ་བ་

ཡིན་ནོ་ཞེས་ཁས་ལེན་པ་ཡིན་ནོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་ཐར་པ་མ་ཡིན་པ་ནའོ། །རང་གི་བདེ་བ་ལ་ཆགས་པས་རྨོངས་པ་དེ་འདྲ་བ་དག་གོ། །འདི་ནི་ཞེས་བྱ་བ་ནི་ཚོགས་ཅན་མའི་ལུས་ཉིད་པའོ། །རང་གི་དོན་ལ་གནས་པ་ནི་བདག་ཏུ་མཐོང་བ་ཅན་ནོ། །འདི་ག་ལས་སྙམ་ན་དེ་

འམ་གཞན་ལ་ཞེས་གསུངས་སོ། །བདེ་བ་གཉི་ག་གཅིག་ཏུ་བྱེད་པ་ཡང་བདག་ལ་ཞེན་པའི་ཕྱིར་རོ། །འདི་ལྟར་བདག་ལ་ཆགས་པ་ནི་ཕུལ་དུ་བྱུང་བའི་བདེ་བ་འདོད་ཀྱང་དེ་མ་ཐོབ་ན་ངན་པ་ཐོབ་པ་ལ་ཡང་མཚུངས་པར་སེམས་སོ། །དེ་བས་ན་བདག་ཏུ་འཛིན་པ་ལ་ནི་བདེ་བ་

གཉི་ག་ཁྱད་པར་མེད་དོ། །ཚོགས་པར་དབྱུང་བ་མ་ཡིན་པར་ཞེས་བྱ་བ་ནི་ཁྱད་པར་ཡོད་པར་དོགས་པ་བསུ་བའོ། །ལན་དུ་ཚོགས་མི་དབྱུང་བ་ཉིད་ནི་ཞེས་བྱ་བའོ། །འདི་ནི་མིང་བཏགས་པ་ཙམ་དུ་ཟད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ཁྱད་པར་ཡོད་པའི་དོགས་པ་བསུ་ནས་སྤོང་བ་

ནི་དམྱལ་བ་ཞེས་བྱ་བའོ། །མི་རུང་བ་ནི་ཚོགས་ཅན་མ་ལ་སོགས་པ་དང་འབྲེལ་པའི་བདེ་བའོ། །གཞན་གྱི་དོན་གྱི་རྒྱུ་མཚན་ཉིད་དུའོ། །ཚོགས་པར་དབྱུང་བ་དང་ཅིག་ཤོས་ཀྱི་ཐ་སྙད་གཉིས་ལས། ཚོགས་པར་དབྱུང་བ་མ་ཡིན་པས་བདེ་བ་སྒྲུབ་པར་བྱེད་པ་བས་ནི་ཚོགས་པར་དབྱུང་

པའི་ཐ་སྙད་ཉིད་བླའོ་ཞེས་དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་ཁྱད་པར་མེད་པ་ཡིན་ན་ཡང་ངོ་། །དེའི་དབང་གིས་ནི་སྲེད་པའི་དབང་གིས་སོ། །ཉེས་པ་ལ་ཉེས་པ་མེད་པ་དང་། ཉེས་པ་མེད་པ་ཡང་ཉེས་པར་སེམས་པ་ནི་མཉམ་པར་བྱེད་པའི་དོན་ཏོ། །

འདིས་ནི་སྲིད་པས་སྐྱོན་རྣམས་སྒྲིབ་པར་བྱེད། །ཅེས་བྱ་བ་དེ་བཤད་པ་ཡིན་ནོ། །དེས་ན་ནི་སྲེད་པའི་དབང་གིས་སོ། །ཉེས་པ་བསྒྲིབས་པས་ན་ཞེས་ཁ་བསྐངས་པས་ནི་རྣམ་འགྲེལ་གྱི་ཡོན་ཏན་མཐོང་བ་ཞེས་བྱ་བ་སྡེབ་པར་བྱེད་པའོ། །ཡང་ན་གལ་ཏེ་ཡོན་ཏན་མཐོང་བ་

Vol. 184 · folio 231b

ཡིན་ཡང་བདག་ཉིད་དགའ་བའི་རང་བཞིན་དུ་ཉེ་བར་གནས་པའི་ཕྱིར་མ་འོངས་པའི་བདེ་བ་ལ་འདོད་པའི་རང་བཞིན་གྱི་སྲེད་པར་མི་འགྱུར་བ་མ་ཡིན་ནམ་སྙམ་དུ་དོགས་པ་བསུ་ནས་བཤད་པ་ནི། ཡོན་ཏན་མཐོང་བ་ཞེས་བྱ་བའོ། །བུད་མེད་ལ་སོགས་པ་དེ་དང་དེས་བསྒྲུབས་པའི་བདེ་བ་ནི་དེ་

མེད་པར་ཡིན་ཙམ་གྱིས་འབྱུང་བ་ཡང་མ་ཡིན་ནོ། །མངོན་པར་གསལ་བར་བྱ་བ་ཡང་གསལ་བར་བྱེད་པ་མེད་པར་ནི་མི་འགྱུར་རོ། །དེས་ན་གསལ་བར་བྱེད་པའམ་སྒྲུབ་པར་བྱེད་པ་ནི་བླང་བར་བྱ་བ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བའི་བདག་ལ་མངོན་པར་ཆགས་པའོ། །བདག་

ཏུ་སྨྲ་བ་རྣམས་ལ་ནི་བདག་མཐོང་བ་ཡོད་ན་བདག་གི་བ་བཞིན་སྣང་དང་གཞན་གྱི་རྣམ་པར་དབྱེ་བ་དང་། རྣམ་པར་དབྱེ་བ་དེ་ལས་བྱུང་བའི་ཉེས་པར་ཡང་འགྱུར་རོ་ཞེས་མཇུག་སྡུད་པའི་སྒོ་ནས་བརྗོད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །བདག་གི་བ་མཐོང་བ་བཞིན་དུ་རང་དང་གཞན་གྱི་རྣམ་པར་དབྱེ་བ་ཡང་

ཉེས་པའི་རྒྱུར་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འཛིན་པ་ནི་འཆད་པའོ། །བདག་གི་བའི་ཡུལ་ཅན་གྱི་ཆགས་པ་ནི་འཁོར་བའི་རྒྱུ་ཡིན་གྱི། བདག་གི་ཡུལ་ཅན་ནི་མ་ཡིན་ནོ་སྙམ་པར་དོགས་པ་བསུ་བ་ནི། འོན་ཏེ་བདག་ཁོ་ན་ལ་ཞེས་བྱ་བའོ། །སེམས་ལ་སོགས་པ་ལས་ཐ་དད་

པའི་བདག་ནི་མི་སྣང་སྟེ། དེས་ན་སེམས་ཉིད་བདག་ཡིན་ནོ། །སེམས་ནི་སྐད་ཅིག་མ་ཡིན་པའི་ཕྱིར་བདག་མ་ཡིན་པ་ཡང་མ་ཡིན་ཏེ། རྣམ་པར་རྟོག་པ་མེད་པའི་ཤེས་པར་རྟོགས་པར་བྱ་བ་གཞན་དག་ཀྱང་ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་སྐད་ཅིག་མ་ཁོ་ནའོ། །ཁོ་བོ་ཅག་ཉིད་ཁ་ཙང་

ཡིན་ལ་ཁོ་བོ་ཅག་ཉིད་དི་རིང་ཡང་ཡིན་ནོ་ཞེས་རྣམ་པར་རྟོག་པས་ཞེན་པ་འབའ་ཞིག་ཏུ་ཟད་དེ། རྣམ་པར་རྟོག་པ་དེ་ལྟར་འཇུག་པ་ནི་བདག་ཏུ་ཞེན་པ་ལས་གཞན་མ་ཡིན་ནོ་ཞེས་བརྗོད་པ་ནི་ངེས་པར་བདག་ལ་ཞེས་བྱ་བའོ། །གལ་ཏེ་བདག་དང་རྣམ་པར་རྟོག་པ་ཉིད་སྤང་བར་བྱ་བ་

ཡིན་གྱི་བདག་ནི་མ་ཡིན་ནོ། །དེས་ན་རྣམ་པར་རྟོག་པ་སྤངས་བ་ལས་འདོད་ཆགས་དང་བྲལ་བ་མེད་པ་མ་ཡིན་ལ་བདག་མེད་པའི་ཕྱིར་ཐར་པ་མེད་པ་ཡང་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་ཉེས་མེད་བདག་ལ་ཞེས་གསུངས་སོ། །ཚད་མས་གྲུབ་པ་ཉིད་ཀྱིས་བློ་ལ་གནས་པར་ཁས་

Vol. 184 · folio 232a

བླངས་པའོ། །དེའི་བློ་ཉིད་ཆགས་པ་ཡིན་ཏེ། བློའི་ཚད་མ་མེད་ན་ནི་བདག་མེད་པར་སྨྲ་བར་འགྱུར་རོ། །གལ་ཏེ་ཆགས་པ་ནི་བདག་དང་བདག་གིར་ལྟ་བ་ལས་གཞན་ཁོ་ནར་ཁས་ལེན་པ་མ་ཡིན་ནམ། དེ་ཡང་འཁོར་བའི་རྒྱུ་ཡིན་པས་ན་ཉེས་པ་དང་

བཅས་པས་སྤང་བར་བྱ་བ་ཡིན་ནོ་སྙམ་དུ་དོགས་པ་ནི། འོན་ཏེ་བདག་དང་ཞེས་བྱ་བའོ། །དེ་ལ་ནི་བདག་གི་བ་ལའོ། །ཁས་བླངས་པ་འདི་ལ་བཤད་པ། གལ་ཏེ་ཞེས་བྱ་བའོ། །ཐ་དད་པར་ཁས་བླངས་ཀྱང་འདོད་པ་ཅུང་ཟད་ཀྱང་གྲུབ་པ་མེད་དོ་ཞེས་བརྗོད་པ་ནི་དེ་ལས་ཅིར་འགྱུར་ཏེ་ཅིར་

ཡང་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐ་དད་ན་ཆགས་པ་དོར་བར་ནུས་པ་ཉིད་དོ་སྙམ་དུ་དོགས་པ་ནི་ཆགས་པ་ཐ་དད་པ་དེ་སྤོང་འགྱུར་རོ། །ཆགས་པ་ཐ་དད་པ་ཡིན་ཡུལ་གྱི་ཉེས་པ་མཐོང་བ་ཉིད་ལས་སྤང་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་འདིའི་ཡུལ་ཞེས་

བྱ་བའོ། །ཆགས་པ་འདིའི་ཡུལ་ལོ། །ཆགས་པ་དེ་སྤོང་བར་རོ། །རིགས་པ་ཉེ་བར་བསྟན་པ་སྔོན་དུ་འགྲོ་བ་ཅན་རྣམ་པར་འགྲེལ་པ་ནི། ཡུལ་གཞན་གྱིས་ཞེས་བྱ་བའོ། །སྐྱོན་གཞན་གྱིས་ཞེས་བྱ་བ་ནི་བདག་ལས་གཞན་པའི་སྐྱོན་གྱིས་སོ། །ཡུལ་སྐྱོན་ཆགས་པ་ལ་ཞེས་བྱ་བ་ནི་

བདག་ལའོ། །བདེ་བའི་རྒྱུ་ལ་ཞེས་བྱ་བ་ནི་བདག་ལ་སོགས་པ་ལའོ། །གལ་ཏེ་ཆགས་པ་ནི་གོས་ལ་སོགས་པ་གཞན་དུ་འདོད་པ་དང་། སྡང་བ་དག་གིས་ལེན་པ་དང་འདོར་བ་མ་ཡིན་ནམ། དེ་ལ་ཡུལ་གྱི་སྐྱོན་གྱི་རྗེས་སུ་འབྲེང་བ་ཅི་ཡོད་སྙམ་དུ་དོགས་ན། ཡོན་ཏན་སྐྱོན་དང་ཞེས་

གསུངས་སོ། །གོ་རིམས་ཅི་བཞིན་དུ་ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི་འདོད་པ་དང་སྡང་བ་ལ་སོགས་པའི་སྤོང་བ་འདོར་བ་ནི་དེ་གང་ཡིན་སྙམ་ན། ཡོན་ཏན་དང་སྐྱོན་དེ་དག་ཡུལ་ལ་མ་མཐོང་བ་མེད་པས་ཡིན་ནོ། །ཡུལ་ལ་ཡོན་ཏན་མ་མཐོང་བས་ནི་ཆགས་པ་སྤོང་ལ། ཉེས་

པ་མ་མཐོང་བས་ནི་ཞེ་སྡང་ངོ་། །ཡུལ་གྱི་ཡོན་ཏན་དང་ཉེས་པ་མ་མཐོང་བའི་རང་བཞིན་གྱི་རྒྱུ་མི་སྐྱེ་བའི་རང་བཞིན་གྱི་སྐྱེ་བ་མེད་པ་ནི་སྤང་བ་ཡིན་ནོ། །ཕྱི་རོལ་གྱི་བུམ་པ་ལ་སོགས་པ་ཕྱི་རོལ་གྱི་རྒྱུ་ལ་རག་ལས་པའི་ཡུལ་རྣམས་ལ་ནི་ཡོན་ཏན་དང་ཉེས་པ་མཐོང་བ་ལས་ཉེ་བར་

Vol. 184 · folio 232b

ལེན་པ་སྤོང་བ་མཐོང་བ་ཉིད་ཡིན་ན་ཚུལ་འདི་ནི་ཞེན་པ་ལ་ཡང་ཡིན་པར་མི་འཐད་དོ། །གལ་ཏེ་དེ་དག་ཅེས་བྱ་བ་ནི་ཡུལ་ལ་བདག་གི་བདེ་བ་ལ་སོགས་པ་བསྒྲུབ་པ་མ་ཚང་བ་མེད་པ་ཡིན་ནའོ། །ཞེན་པའི་ཡུལ་ནི་བདག་དང་བདག་གི་བའོ། །དེའི་དངོས་པོ་ནི་ཉིད་དེ། ཡོན་ཏན་དང་ལྡན་པ་ཉིད་

ཀྱིས་ཞེས་འབྲེལ་ཏོ། །དེ་མེད་པའི་ཕྱིར་ནི་ཡོན་ཏན་དང་ལྡན་པ་མེད་པའི་ཕྱིར་རོ། །ཡུལ་གྱི་ཚུལ་འདི་ནི་ཞེན་པ་ལ་མི་འཐད་དོ་ཞེས་བརྗོད་པ་ནི། ཞེན་པའི་ཡོན་ཏན་དང་ཞེས་བྱ་བའོ། །ཕྱི་ཚུལ་གང་ཡིན་མིན་ཞེས་བྱ་བ་ཉིད་གསལ་བར་བྱེད་པ་ནི། ཆགས་ཡོན་ཏན་གྱིས་ཞེས་བྱ་བའོ། །

རིགས་པ་བརྗོད་ནས་སྐབས་ལ་སྦྱོར་བར་བྱེད་པ་ནི། བདག་དང་བདག་གིར་ལྟ་བའི་མཚན་ཉིད་ཀྱི། རྒྱུ་མ་ཚང་བ་མེད་པ་ཅན་དེ་ལ་འབྲས་བུ་བདག་ཏུ་ལྟ་བ་ཅན་གྱི་ཞེན་པ་ནི་ཟློག་ཏུ་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་སྐྱོན་དང་རྗེས་སུ་འབྲེལ་པ་ཞེས་བྱ་བ་ལ་སོགས་པས་ནི།

ཆགས་ཡོན་ཏན་གྱིས་ཆགས་པ་མིན། །ཞེས་བྱ་བ་འདིའི་དོན་བསྟན་པ་ཡིན་ལ། ཉེས་མེད་བདག་ལ་ཆགས་པ་དང་། །བྲལ་བའི་རྒྱུ་ཡང་ཡོད་པ་ཡིན། །ཞེས་བྱ་བ་འདི་ནི། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ཟློག་པར་བྱེད། །ཅེས་བྱ་བ་འདིའི་དོན་བསྟན་པ་ཡིན་ནོ་སྙམ་དུ་

དགོངས་ནས་བསྡུ་བའི་ཚིགས་སུ་བཅད་པའོ་ཞེས་གསུངས་སོ། །ཇི་ལྟར་བཤད་པ་དེ་ལྟར་ནི་བསྟན་པའི་དོན་ཉིད་མ་ཡིན་ཏེ། ཉེས་མེད་བདག་ལ་ཞེས་བྱ་བ་ནི་བདག་ཏུ་ལྟ་བ་དང་ཞེན་གཉིས་ཐ་དད་པ་མེད་པའི་བསམ་པས་བརྗོད་པ་ཡིན་ལ། མ་ཚང་མེད་རྒྱུ་ཞེས་བྱ་བ་ནི་ཐ་དད་པའི་

བསམ་པས་བརྗོད་པ་ཡིན་པའི་ཕྱིར་རོ། །ཆགས་པའི་ཉེས་པ་དང་ལྡན་པ་ཉིད་ནི་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱིས་སྡུག་བསྔལ་གྱི་རྟེན་ཉིད་ཡིན་ལ་དེ་ནི་སྡུག་བསྔལ་གྱི་འདུ་བ་ཅན་ཡིན་པ་ཉིད་ཀྱིས་བདག་ལ་ཡང་མཚུངས་སོ། །བདག་ནི་བདེ་བ་སྒྲུབ་བྱེད་ཐམས་ཅད་ཤེས་པར་བྱེད་པ་དང་།

དེའི་འབྲས་བུ་སྤྱོད་པར་བྱེད་པ་ཡིན་ཏེ། དེས་ན་བདག་བཞིན་དུ་ཞེན་པ་ཡང་བདག་གི་བའི་ལྟ་བའི་ཡུལ་ཉིད་ཀྱིས་འདོད་ཆགས་དང་བྲལ་བའི་ཡུལ་དུ་མི་འགྱུར་རོ་ཞེས་བརྗོད་པ་ནི། ཆགས་ལ་སྐྱོན་ཡང་ཞེས་བྱ་བའོ། །འོན་ཏེ་བདག་ཀྱང་སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་ཤེས་པར་

Vol. 184 · folio 233a

བྱེད་པ་དང་། དེའི་འབྲས་བུ་ལོངས་སྤྱོད་པར་བྱེད་པ་ཉིད་ཀྱིས་ཆགས་པ་དང་བྲལ་བའི་ཡུལ་ཉིད་དུ་འདོད་ན། འོ་ན་ནི་འདི་ལ་རང་བཞིན་གཞན་མེད་པས་ཅི་ལྟར་ཐར་པར་འདོད་པ་རྣམས་ཀྱིས་བདག་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསྒོམ་

པར་བྱ་བར་ཅི་ལྟར་འགྱུར། སྤང་བར་བྱ་བ་ཉིད་དུ་ཤེས་པར་བྱ་བ་ཡིན་ན་ནི་བདག་མེད་པར་ལྟ་བ་ཐར་པའི་སྒྲུབ་བྱེད་དུ་འགྱུར་རོ། །གང་གིས་འདི་དཔེ་ཉིད་དུ་ཉེ་བར་ལེན་པ་ཅི་བདག་འདི་སྡུག་བསྔལ་གྱི་རྒྱུ་ཡིན་ནམ་སྙམ་དུ་དོགས་པ་བསུ་ནས་བཤད་པ། སྡུག་བསྔལ་གྱི་རྟེན་ནི་ཞེས་བྱ་བའོ། །

བདག་ཡོད་པ་ནི་ཞེས་བྱ་བ་ནི། འདུ་བ་ཅན་གྱི་རྒྱུའམ། ཐམས་ཅད་ཀྱི་ཤེས་པར་བྱེད་པ་དང་། སྤྱོད་པར་བྱེད་པའོ། །གལ་ཏེ་ཞེན་པ་ལ་སོགས་ལས་བསྐྱེད་པའི་སྡུག་བསྔལ་ནི་བདག་འབའ་ཞིག་ལ་འདུ་བ་མ་ཡིན་ལ། བདག་ནི་སྡུག་བསྔལ་གྱི་རྒྱུ་མ་ཡིན་ཏེ། དེ་

ཡོད་ན་ཡོད་པ་ཉིད་དུ་མ་ཤེས་པའི་ཕྱིར་རོ་སྙམ་དུ་དོགས་པ་བསུ་བ་ནི། འོན་ཏེ་ཞེས་འདི་སྙམ་དུ་ཞེས་བྱ་བའོ། །རྩོད་པ་འདིར་ལེན་བཤད་པ་ནི། གལ་ཏེ་དེ་མེད་ན་ཞེས་བྱ་བའོ། །འདུ་བ་ཅན་གྱི་བདག་མེད་ན། ཞེན་པ་ལ་སོགས་པ་སྡུག་བསྔལ་གྱི་རྒྱུ་མ་ཡིན་

པའི་ཕྱིར་སྐྱོན་མེད་པར་འགྱུར་རོ། །དེ་ལྟར་ཞེས་བྱ་བ་ནི། ཕན་ཚུན་མེད་པར་སྡུག་བསྔལ་གྱི་རྒྱུ་མ་ཡིན་པ་ནའོ། །གཉི་ག་ནི་བདག་དང་ཞེན་པ་ལ་སོགས་པའི་ཚོགས་སོ། །དེས་ན་ཞེས་བྱ་བ་ནི་སྐྱོན་མེད་པ་ནའོ། །བདག་བཞིན་དུ་འདོད་ཆགས་

ལ་སོགས་པ་ཡང་ཁྱད་པར་གཞན་དང་ལྡན་པ་ཁོ་ན། སྡུག་བསྔལ་གྱི་རྒྱུ་ཉིད་མ་ཡིན་ནོ་ཞེས་བརྗོད་པ་ནི། བདག་ཏུ་ཞེན་པ་ལ་སོགས་པ་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་རང་ལ་བརྟེན་པའི་ཉེས་པ་མེད་པས་ནའོ། །དེས་ན་ནི་སྐྱོན་མེད་པས་ནའོ། །གལ་ཏེ་བདག་ནི་སྡུག་

བསྔལ་གྱི་རྒྱུ་ཡིན་ཡང་སྤངས་པ་མ་ཡིན་གྱི་བསྒོམ་པས་སྤང་བར་བྱ་བ་ནི་སྡུག་བསྔལ་སྒྲུབ་པར་བྱེད་པ་དང་། སྡུག་བསྔལ་དང་རྗེས་སུ་འབྲེལ་བ་ཡིན་ནོ། །དེ་ལྟར་ན་སྡུག་བསྔལ་མི་བསྐྱེད་པའི་ཕྱིར་བདག་གི་དེའི་འདུ་བ་ཅན་ཉིད་ཀྱང་སྤངས་པར་འགྱུར་རོ་སྙམ་དུ་དོགས་པ་བསུ་ནས། རང་གི་བློས་བྱས་

Vol. 184 · folio 233b

པ་བདག་སྤང་བའི་ཡུལ་མ་ཡིན་པ་ཉིད་ནི་བདག་གི་བ་ལ་ཡང་མཚུངས་པ་ཡིན་ཏེ། དེས་ན་ཇི་ལྟར་འདིར་སྡུག་བསྔལ་བསྒོམ་པ་སྤོང་བའི་རྒྱུ་ཡིན་ཞེས་བསྟན་པའི་དོན་དུ་ལན་བརྗོད་པ་ནི། བདག་གི་བའི་བློ་བཅོམ་པས་འདིར་ཞེས་བྱ་བའོ། །འདིར་ཞེས་བྱ་བ་ནི་སྦྲུལ་གྱིས་བཟུང་བའི་ཡན་ལག་ལའོ། །

དེ་མ་སྤངས་ན་ནི་རྣམ་པ་ཅི་ཞིག་ལྟར་སྤངས་པ་ཡང་། སླར་ལེན་པར་འགྱུར་རོ་ཞེས་བརྗོད་པ་ནི། བཟློག་པ་མིན་ཞེས་བྱ་བ་སྟེ། བདག་གི་བའི་བློ་ཡིན་པ་ལའོ། །རང་གི་བའི་བློ་ཉིད་དེ་ལ་མེད་དོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། ལུས་ནི་དེའི་ལོངས་སྤྱོད་པའི་གཞི་ཡིན་ལ། དབང་པོ་རྣམས་ནི་

ལོངས་སྤྱོད་པའི་སྒྲུབ་བྱེད་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་དབང་པོ་ལ་སོགས་ཞེས་བྱ་བའོ། །འགལ་བ་ཡོད་པ་ཉིད་ལ་ནི་བདག་བཞིན་དུ་བདག་གི་བ་ལ་ཡང་སྡུག་བསྔལ་བསྒོམ་པར་ཡོད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་བསྒོམ་པས་སྤོང་འགྱུར་ན། །ཞེས་བྱ་

བའི་རྩོད་པའི་དོན་བརྗོད་པ་ནི་གལ་ཏེ་བདེ་བའི་ཞེས་བྱ་བའོ། །དེ་ལས་བཟློག་པ་སྡུག་བསྔལ་གྱི་རྒྱུ་ཡོད་པ་ལས་སོ། །དེ་དག་ལ་ནི་ལུས་ལ་སོགས་པ་དག་ལའོ། །བྱེད་དོ་ཞེས་བྱ་བ་ནི་སྲོག་ཆགས་ཀྱིས་ཞེས་བྱ་བར་བལྟའོ། །ལུས་ལ་སོགས་པ་ལ་རང་གི་བློ་ཁས་བླངས་པས་གྲུབ་པ་འབའ་

ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་མངོན་སུམ་གྱིས་ཀྱང་གྲུབ་པོ་ཞེས་བརྗོད་པ་ནི་ལུས་ལ་སོགས་པ་ཞེས་བྱ་བའོ། །གཞན་ལ་ཞེས་བྱ་བ་ནི་མ་བརྗོད་པ་དག་ལའོ། །དེའི་ཚེ་ནི་ཞེན་པ་དང་བཅས་པ་བདག་གི་བའི་སྐྱེད་པ་ཅན་ཡིན་ལ་ཞེས་བྱ་བ་བདག་གི་བའི་བློས་བསྐྱེད་པ་གང་ལ་ཡོད་པ་དེ་ལ་

དེ་སྐད་ཅེས་བྱའོ། །བཟློག་པ་ནི་བདག་གི་བའི་བློ་མེད་པའོ། །གལ་ཏེ་མ་ལ་སོགས་པར་འདུ་ཤེས་པ་བཞིན་དུ་ལུས་དང་དབང་པོ་ལ་སོགས་པ་བདག་གི་བ་རྣམས་ལ། བདག་གི་བ་མ་ཡིན་པའི་འདུ་ཤེས་ལ་གནས་པས་བསྒོམས་པས་ནི་སྡུག་བསྔལ་སྤངས་པ་ཐོབ་བོ་ཞེས་བྱ་བ་བྱེ་བྲག་

པ་ལ་སོགས་པའི་ལུགས་ཀྱི་དོགས་པ་བསུ་ནས། དེ་ལ་འདུ་སོགས་ཞེས་བྱ་བ་གསུངས་སོ། །ལུས་དང་དབང་པོ་ལ་སོགས་པ་ལ་དམིགས་ནས་སྡུག་བསྔལ་བསྒོམ་པ་ལ་བརྟེན་པ་ཡིན་ལ། དེ་ལ་དམིགས་པ་ཡང་ལོངས་སྤྱོད་ཀྱི་གཞི་ཡིན་པའི་རང་བཞིན་གྱིས་སོ། །འདུ་བ་ལ་

Vol. 184 · folio 234a

སོགས་པའི་འབྲེལ་པ་དེ་ཡང་རང་གི་བའི་བློའི་རྒྱུ་ཡིན་པ་དེས་ན། སྡུག་བསྔལ་བསྒོམས་པར་གྱུར་ཀྱང་རང་གི་བའི་བློ་དང་ཇི་ལྟར་འབྲེལ་ཏེ། ལོངས་སྤྱོད་ཀྱི་གཞི་ཡིན་པ་ལ་སོགས་པའི་བློ་ཉིད་ཀྱིས་རང་གི་བློ་ཡིན་པའི་ཕྱིར་རོ། །མཐོང་དུ་ཟིན་ཀྱང་ནི་

སྡུག་བསྔལ་གྱི་རྒྱུ་ཉིད་དུ་ཤེས་ཀྱང་ངོ་། །མའི་འདུ་ཤེས་ནི་མཐོང་བའི་མའི་རང་བཞིན་སྒྲོ་འདོགས་པ་ཡིན་གྱི་སྡུག་བསྔལ་གྱི་འབྲེལ་པ་དང་བྲལ་བ་དམིགས་པ་མ་ཡིན་ནོ། །དེས་ན་སྒྲོ་འདོགས་པ་མ་ཡིན་ནོ། །ཉན་པའི་དབང་པོ་མ་གཏོགས་པ་མིག་ལ་སོགས་པ་དང་ནི། ལྡན་པ་ཅན་ལུས་

དང་ལྡན་པའོ། །འོན་ཏེ་ལུས་ལ་སོགས་པའི་འབྲེལ་པ་ནི་ཕན་འདོགས་པ་ཉིད་ཡིན་གྱི། ལྡན་པ་དང་འདུ་བ་ལ་སོགས་པ་ནི་མ་ཡིན་ན། དེ་ལྟ་ཡང་ཕན་འདོགས་པའི་རྒྱུ་མཚན་ཅན་གྱི་རང་བཞིན་བདག་གི་བའི་བློ་ནི་ཐམས་ཅད་ལ་ཡིན་པའི་ཕྱིར། ཇི་ལྟར་སྡུག་བསྔལ་

ཉིད་སྒྲོ་འདོགས་ཏེ། དེ་དང་བྲལ་བ་ལ་སྡུག་བསྔལ་ཉིད་མ་མཐོང་བའི་ཕྱིར་རོ་ཞེས་བརྗོད་པ་ནི། འདུ་བ་ཅན་སོགས་མེད་ན་ཡང་། །ཞེས་བྱ་བའོ། །ཀུན་ལ་ཞེས་བྱ་བ་ནི་གཙོ་བོ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །གལ་ཏེ་གཙོ་བོ་གཞན་གྱིས་ཅི་བྱ་སྟེ།

ལུས་དང་དབང་པོ་ལ་སོགས་པ་བདག་གི་བ་ཉིད་སྡུག་བསྔལ་གྱི་རྒྱུ་ཉིད་ལས་བདག་གི་བ་མ་ཡིན་པར་གྱུར་པ་ནི། རང་གི་བའི་བློའི་ཡུལ་དུ་མི་འགྱུར་ཏེ། སྦྲུལ་གྱིས་བཟུང་བའི་སོར་མོ་བཞིན་ནོ། །འདི་ཡང་བདག་གི་བ་ཉིད་བདག་གི་བ་མ་ཡིན་པར་འགྱུར་བ་ཡིན་ནོ་

སྙད་དུ་དོགས་པ་ནི། ཕན་འདོགས་པ་ལས་ཞེས་བྱ་བའོ། །དབང་པོ་ལ་སོགས་པ་ནི་གཅིག་ཏུ་སྡུག་བསྔལ་བ་ཉིད་མ་ཡིན་ལ། ཕལ་ཆེར་ཡང་མ་ཡིན་ཏེ་དཔེར་ན་དུག་དང་འདྲེས་པའི་ཟས་བཞིན་ནོ་ཞེས་ལེན་འདེབས་པར་བྱེད་པ་ནི། གཅིག་ཏུ་དེ་ནི་ཞེས་བྱ་བའོ། །དོན་ལ་སྦྱོར་བ་ནི་

དེ་བཞིན་དུ་གོང་གི་ཞེས་བྱ་བའོ། །སྡུག་བསྔལ་དང་འདྲེས་པ་ན་བདེ་བ་ཡང་སྡུག་བསྔལ་ཉིད་ཡིན་ནོ་སྙམ་པའི་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ཞེས་བྱ་བ་ནི་ལན་ནོ། །བདེ་བ་ཉིད་དོ་ཞེས་བྱ་བ་ནི་སྐབས་ཀྱིས་སྡུག་བསྔལ་ཡང་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་

Vol. 184 · folio 234b

ནི་སུན་འབྱིན་པ་གཞན་ནོ། །བདེ་བའི་རང་བཞིན་ཕལ་ཆེ་བ་མེད་པའི་ཕྱིར། སྡུག་བསྔལ་བ་ཉིད་དམ། ཕལ་ཆེ་བ་མ་ཡིན་མོད། དེ་ལྟ་ན་ཡང་དུག་དང་བཅས་པའི་ཟས་བཞིན་དུ། བླང་བྱ་མ་ཡིན་པར་འགྱུར་ཏེ། ལུས་མཛེས་པ་ཡང་མཛེ་ནད་གཅིག་གིས་སྐལ་བ་ངན་པར་འགྱུར་

རོ་ཞེས་བྱ་བའི་ཚུལ་གྱིས་སོ་སྙམ་དུ་དོགས་པ་བཤད་པ། སྡུག་བསྔལ་གྱི་ཆ་མེད་པ་ན། ཁྱད་པར་ཅན་དེ་ལྷག་པར་གྱུར་པ་བདེ་བ་གཅིག་པའི་རང་བཞིན་ཡོད་པས་ན། དེ་དང་འགལ་བ་སྡུག་བསྔལ་གྱི་ཆ་དང་འདྲེས་པ་ལ། ཆགས་པ་དང་བྲལ་བར་འགྱུར་ཏེ། དུག་དང་བཅས་པའི་

ཟས་བཞིན་དུ་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ། །གང་གི་ཕྱིར་ཁྱད་པར་ཅན་བདེ་བ་ལ་སྲེད་པས། བདེ་བ་ཅུང་ཟད་ཡོངས་སུ་སྤོང་། དེ་མེད་ན་ནི་བདག་ལ་ཞེན་པས་ཇི་ལྟར་རྙེད་བཞིན་ལ་འཇུག་གོ། །འདི་ལ་དཔེ་ནི་བུད་མེད་དག་ནི་ཞེས་བྱ་བའོ། །འདོད་ཆགས་ཀྱིས་ཟིལ་གྱིས་

གནོན་པ་ནི་ཁྱད་པར་ཅན་གྱི་བུད་མེད་མ་རྙེད་ན། བུད་མེད་ཙམ་ལ་འཇུག་གོ། །དེའི་ཚེ་གཞན་དུ་ཞེས་བྱ་བ་བདེ་བའི་རྣམ་པ་ལའོ། །འོན་ཏེ་ཁྱད་པར་ཅན་གྱི་བདེ་བ་མ་རྙེད་པ་ན། དེ་ལ་སྲེད་པ་ཉིད་ཀྱིས་གཞན་ལ་ཆགས་པ་དང་བྲལ་བར་འགྱུར་རོ་སྙམ་ན། རྣམ་པར་སྤྱོད་པ་གྲུབ་པོ་

སྙམ་པར་དོགས་པ་ནི། སྤྱོད་པར་འགྱུར་རོ་ཞེ་ན་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་ལན་ནོ། །སྲིད་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ལ། སྤྱོད་པ་ཡང་ཁྱད་པར་ཅན་གྱི་བདེ་བ་ལ་སྲེད་པའི་སྐྱེད་བྱེད་ཡིན་ནོ། །དེ་ཡང་དེ་ལ་རྙེད་ན་སྡུག་བསྔལ་སྐྱེད་པར་བྱེད་པ་ཡིན་ཏེ། དེས་ན་མིག་ལ་སོགས་

པ་བདག་གི་བ་ལ་ནི་ཆགས་པ་དང་བྲལ་བར་མི་འགྱུར་གྱི། འོན་ཀྱང་ཞེན་པ་ཉིད་ལ་ཡིན་པའི་ཕྱིར་ཇི་ལྟར་གྲོལ་བར་འགྱུར། རྒྱུའི་སྟོབས་ལས་ཞེས་བྱ་བ་ནི་སྔ་མ་སྔ་མའི་དགེ་བ་གོམས་པའི་སྟོབས་ཀྱིས་སོ། །བདག་ཏུ་ལྟ་བ་ལས་ཞེས་བྱ་བ་ནི་ཐར་པ་འདོད་པའི་གནས་

སྐབས་ན་ཡོད་པའམ། གཞན་ལས་ཀྱང་རུང་སྟེ། ཐར་བར་འགྱུར་བ་མ་ཡིན་ནོ། །འདིས་ནི་བདག་ཏུ་སྨྲ་བ་ལ་རྣམ་པར་བྱང་བ་མི་འཐད་པར་རོ་ཞེས་བསྟན་པ་ཡིན་ནོ། །དེ་བསྒོམས་ཀྱང་རྣམ་པར་བྱང་བའི་རྒྱུར་མི་འགྱུར་རོ་ཞེས་བརྗོད་པ་ནི། བདག་བསྒོམ་པ་ནི་མི་

Vol. 184 · folio 235a

སྲིད་པ་ཉིད་དེ་ཞེས་བྱ་བའོ། །ཇི་ལྟར་སྙམ་ན། བདག་དེ་ཞེས་གསུངས་སོ། །སྒོམ་པ་མེད་ཕྱིར་ཞེས་བྱ་བའི་མཐར་ཐུག་པ་ནི་གཏན་ཚིགས་སོ། །སྒོམ་པ་མེད་པར་ཅི་ལྟར་ཞེས་བཤད་པ་བདག་དེ་ནི་ཞེས་བྱ་བའོ། །དེས་ན་བསྒོམ་པ་དོན་ཏོ། །

བསྒོམས་པ་དོན་དང་བཅས་པར་དོགས་པ་ནི། འོན་ཏེ་སྐྱེས་བུའི་ཞེས་བྱ་བའོ། །དོན་དམ་པ་སོ་ན་འདུག་གོ་ཞེས་ལན་བཏབ་པ་ནི། སོལ་བ་ཇི་ལྟར་བདར་ཡང་ནི། །ཞེས་བྱ་བའོ། །འོ་ན་ནི་བདག་དེ་ཉིད་བདག་གི་ཉེས་པ་བཟློག་པར་འགྱུར་རོ་ཞེ་ན། ཉེས་ཅན་རང་བཞིན་ཞེས་བྱ་བའོ། །ཇི་ལྟར་

མི་ནུས་སྙམ་ན། ཉེས་ཅན་ཇི་ལྟར་ཞེས་གསུངས་སོ། །ཉེས་པ་ཅན་དེ་ནི་གཞན་དུ་ཉེས་པ་མེད་པར་འགྱུར་བ་མིན་པ་སྟེ། གང་གི་ཕྱིར་གཞན་ཉིད་ན་འཇིག་པ་ཁོ་ནར་འགྱུར་རོ། །དོན་འདི་ཉིད་ལ་རྣམ་འགྲེལ་སྦྱོར་བ་ནི། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །འདོད་ཆགས་ལ་སོགས་

པས་ཉེ་བར་བསྒྲུབས་པ་ནི་རང་བཞིན་ལས། དེ་དང་བྲལ་བའི་རང་བཞིན་གཞན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་ལྟོས་ནས་སྔ་མ་འཇིག་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་པ་བདག་འདོད་པ་ཞེན་པའི་ཡུལ་དུ་བྱེད་པ་གང་ཡིན་པ་དེ་ཇི་ལྟར་བདག་དེ་འཇིག་པར་འདོད་པར་འགྱུར། ཡང་ན་རང་གི་ངོ་

བོས་ཞེན་པའི་ཡུལ་དུ་གྱུར་པའི་བདག་གང་ཡིན་པ་དེས། བདག་གི་རང་བཞིན་དེ་འཇིག་པར་འདོད་པར་ཇི་ལྟར་འགྱུར། གལ་ཏེ་འདོད་ཆགས་ལ་སོགས་པས་ནི་བདག་ལ་ཕན་བཏགས་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། འོན་ཀྱང་ལྡན་པ་ཙམ་ཡིན་ནོ། །ཐར་པ་ཡང་དེ་དང་བྲལ་བ་ཙམ་ཡིན་ཏེ།

དེས་ན་བདག་ཞིག་པ་ཉིད་ནི་ཐར་པ་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། སྐྱོན་ཅན་མིན་ཞེས་འབྲེལ་ཏོ། །ཅིའི་ཕྱིར་སྙམ་ན་བཤད་པ། འདོད་ཆགས་ལ་སོགས་པ་དེ་དང་ལྡན་པ་ཡང་རང་ཉིད་དེ་རང་བཞིན་གྱིས་བདག་གཞན་ཡིན་ཏེ། དེ་དང་གཅིག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །

དཔེ་ནི་དབྱུག་ལྡན་པ་ན་ཞེས་བྱ་བའོ། །དེ་བཞིན་དུ་བདག་གི་སྐྱོན་ཅན་ཉིད་ཀྱང་དངོས་པོ་པར་མི་འགྱུར་རོ། །དེས་ན་བསྒོམས་པས་འདི་བཟློག་པར་མི་ནུས་སོ་ཞེས་གཞན་སེམས་སོ། །འདོད་ཆགས་ལ་སོགས་པ་ཞེས་བྱ་བ་ནི་ལན་ནོ། །འདོད་ཆགས་ལ་སོགས་པ་དང་ལྡན་པ་ཡིན་ཡང་།

Vol. 184 · folio 235b

བདག་གང་གིས་འདོད་ཆགས་ལ་སོགས་པ་མ་མྱོང་བ། དེ་ནི་འདོད་ཆགས་ཅན་ལ་སོགས་པར་མི་སྲིད་དོ། །འདི་སྙམ་དུ་བདག་གིས་འདོད་ཆགས་ལ་སོགས་པ་ཐ་དད་པ་མྱོང་བ་ཁོ་ནའོ། །དེས་ན་འདོད་ཆགས་ཅན་ལ་སོགས་པ་མ་མྱོང་བ་མ་ཡིན་ནོ་སྙམ་པའི་དོགས་པ་བསུ་བ་ནི། གལ་ཏེ་

མྱོང་ཕྱིར་ཞེས་བྱ་བའོ། །ལན་དུ་ནི་བུད་མེད་ཅེས་བྱ་བའོ། །གལ་ཏེ་འདོད་ཆགས་ལ་སོགས་པ་ཐ་དད་པར་རིག་པས་བདག་འདོད་ཆགས་ཅན་ལ་སོགས་པ་ཡིན་ན་དེ་ལྟ་ན་ནི་བུད་མེད་རིག་པའི་ཕྱིར་བུད་མེད་རིགས་ལྡན་པར་ཡང་འགྱུར་རོ། །གང་གིས་ཉེས་པ་འདིར་འགྱུར་བ། མྱོང་བ་

ཙམ་ནི་འདོད་ཆགས་ཅན་མ་ཡིན་གྱི། འོན་ཀྱང་འབྲེལ་བ་ལས་ཀྱང་མ་ཡིན་སྙམ་ན། འབྲེལ་ཕྱིར་ཞེས་བྱ་བའོ། །འདོད་ཆགས་ལ་སོགས་པ་དང་འབྲེལ་པ་ལས་ཀྱང་འདོད་ཆགས་ཉིད་དེ། མྱོང་བ་འབའ་ཞིག་ལས་ནི་མ་ཡིན་ནོ། །དེས་ན་འདོད་ཆགས་ལ་སོགས་པ་མྱོང་བས་དེའི་རང་བཞིན་

ཅན་དུ་འགྱུར་བ་མ་ཡིན་ནོ་སྙམ་དུ་བསམས་པའོ། །འདི་ལ་ལན་དུ་ཆགས་སོགས་པས། །ཞེས་བྱ་བའོ། །འབྲེལ་པ་ལས་ནི་གཞན་གྱི་འདོད་ཆགས་ལ་སོགས་པ་ཡང་རྟོགས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འོན་ཏེ་འདུ་བའི་འབྲེལ་པས་འདོད་ཆགས་ལ་སོགས་པ་རིག་ན། འདོད་

ཆགས་ཅན་ཡིན་གྱི་ལྡན་པས་ནི་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། ཐ་དད་པ་ལ་ཞེས་གསུངས་ཏེ། འདོད་ཆགས་ལ་སོགས་བདག་ལས་ཐ་དད་པ་ལ་འདུ་བས་ནི་རྣལ་འབྱོར་པ་ཆགས་པ་ཅན་དུ་འགྱུར་ལ། ལྡན་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཅི་ཞིག་ཡོད། བདག་

དེ་ནི་ཡིད་དང་ལྡན་པ་ཡིན་ལ། ཡིད་ནི་གཞན་གྱི་བདག་དང་ལྡན་པ་ཡིན་ཏེ། བྲམ་ཟེའི་ལུགས་ཀྱིས་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལ་གནས་པའི་འདོད་ཆགས་ལ་སོགས་པ་དང་ནི་ལྡན་པར་འགྱུར་བའི་འདུ་བའོ། །ཡང་ན་རྣལ་འབྱོར་པའི་བདག་དང་གཞན་གྱི་བདག་ནི་མ་སྐྱེས་

པའི་ལྡན་པས་འགྱུར་བ་ཡིན་ལ། དེར་གནས་པའི་འདོད་ཆགས་ལ་སོགས་པ་དང་ནི་ལྡན་པར་གྱུར་པའི་འདུ་བ་ཉིད་ལྡན་པར་བརྗོད་པ་ཡིན་ནོ། །དེས་ན་ཁྱད་པར་མེད་པའི་ཕྱིར་ན། གཞན་གྱི་འདོད་ཆགས་ལ་སོགས་པ་དང་འབྲེལ་པ་ལས་ཀྱང་རྣལ་འབྱོར་པ་ཆགས་པ་དང་

Vol. 184 · folio 236a

བཅས་པར་འགྱུར་རོ། །འདུ་བ་དང་ལྡན་པ་ལས་ཁྱད་པར་ཡོད་པར་དོགས་པ་བསུ་བ་ནི་ཐ་དད་ཅེས་བྱ་བའོ། །འོ་ན་ཞེས་བྱ་བ་ནི་ལན་ན། །གལ་ཏེ་བདག་ལས་འདོད་ཆགས་ལ་སོགས་པ་ཐ་དད་པར་འདུ་བས་མ་རྟོགས་པ་ཡིན་ལ། ལྡན་པས་ནི་དེ་

རྟོགས་པ་ཡིན་ནོ། དེའི་ཚེ་འདོད་ཆགས་ལ་སོགས་པ་ལས་བདག་ཐ་དད་པར་ཚད་མ་གང་ལས་འདོད་དེ། ཐ་དད་པ་སྒྲུབ་པའི་ཚད་མ་འགའ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་ཐ་དད་པར་མ་རྟོགས་ན་རང་ཉིད་རིག་པ་ཡང་དེ་ཐ་དད་པའི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་བདག་གི་

ཞེས་བྱ་བའོ། །འོན་ཏེ་བདག་གི་རང་བཞིན་ཐ་དད་པར་རང་གིས་རིག་པ་ཡིན་ཡང་འཁྲུལ་པས་ཐ་དད་པར་མ་རྟོགས་པ་ཡིན་ནོ་སྙམ་ན། རང་བཞིན་རིག་ན་ནི་ཞེས་བྱ་བའོ། །གལ་ཏེ་བདག་གི་རང་བཞིན་རིག་པ་ཡིན་ན་དེའི་ཚེ་འཁྲུལ་པས་ཐ་མི་དད་པར་རྟོགས་པར་མི་འགྱུར་ན། འགྱུར་

བ་ཡང་ཡིན་ཏེ། དེས་ན་བདག་ནི་མེད་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་ནི་རིག་པའི་རང་བཞིན་མ་ཡིན་ཏེ། ཐམས་ཅད་རིག་པར་ཐལ་བའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི། འོན་ཏེ་འདི་ནི་ཞེས་བྱ་བའོ། །ཇི་ལྟར་བུམ་པའི་རང་བཞིན་མ་ཡིན་པར་རིག་པར་བྱ་བ་དེ་བཞིན་དུ་བདག་

ཀྱང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལན་དུ་གཟུང་བྱ་ཞེས་བྱ་བའོ། །གལ་ཏེ་བདག་གི་རང་བཞིན་དེ་གཟུང་བྱ་ཡིན་ན་འཛིན་བྱེད་དུ་མི་འགྱུར་རོ། །དེས་ན་བདག་འདི་ཟ་བ་པོ་ལས་ཉམས་པར་འགྱུར་རོ། །ཇི་ལྟར་ན་འདི་གཟུང་བྱ་ཡིན་པའི་ཕྱིར་ཟ་བ་པོར་འགྱུར་སྙམ་ན། རོ་སོགས་

ཞེས་གསུངས་སོ། །གང་གི་ཕྱིར་བཤད་ཟིན་པའི་ཚུལ་གྱིས། བདག་ལོངས་སྤྱོད་པར་བྱ་བ་ཉིད་དུ་ཐལ་བ་དེ་ཉིད་ཀྱི་ཕྱིར་སྤྱོད་པ་ནི་བདག་ལས་གཞན་ཉིད་དུ་འགྱུར་རོ། །དེ་ལྟར་གྱུར་མོད་ཅི་སྐྱོན་སྙམ་ན། དེ་ལྟར་ཡིན་ཕྱིར་ཞེས་གསུངས་སོ། །ལོངས་སྤྱད་པར་བྱ་བ་ལས་ལོངས་སྤྱོད་

པ་པོ་གཞན་ཡིན་ན། དེ་ལ་ཡང་གཞན་དོགས་པས་ཐུག་པ་མེད་དོ། །ལོངས་སྤྱོད་པ་དང་འདུ་བ་ཅན་ལོངས་སྤྱོད་པར་བྱེད་པ་ཡིན་པའི་ཕྱིར། ཐུག་པ་མེད་པ་མ་ཡིན་ནོ་སྙམ་པའི་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ནི་བདག་གོ། །ལོངས་སྤྱོད་པའི་གཞི་སྤྱོད་པ་པོ་ཡིན་ན་

Vol. 184 · folio 236b

གཟུགས་ལ་སོགས་པའི་ཡུལ་ཉིད་སྤྱོད་པ་པོར་འགྱུར་རོ་ཞེས་ལན་འདེབས་པ་ནི། སྤྱོད་པ་ཉམས་སུ་མྱོང་ལས་ཞེས་བྱ་བའོ། །ཡུལ་དམིགས་པ་ཉིད་ཡུལ་ལོངས་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཞེས་བྱ་བ་ནི་ལོངས་སྤྱོད་པའོ། །འཇིག་རྟེན་གྱི་ཐ་སྙད་ནི། ཡུལ་ཡང་བློའི་གཞི་

ཡིན་པས་ན་མཚུངས་སོ་ཞེས་བརྗོད་པ་ནི། ང་ལ་ཞེས་བྱ་བའོ། །དེ་ནི་འཇིག་རྟེན་གྱི་རབ་ཏུ་སྨྲ་བས་སོ། །གཉི་ག་ལ་ཡང་ཞེས་བྱ་བ་ནི་བདག་དང་ཡུལ་ལ་ཡང་ངོ་། །དེས་ན་གཉི་གར་ཡང་ལོངས་སྤྱོད་པ་འདུ་བ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །ལོངས་སྤྱད་པར་བྱ་བ་ལ་གནས་པའི་

ལོངས་སྤྱོད་གཞན་དུ་མི་འཐད་པས་ལོངས་སྤྱོད་པ་པོ་རྗེས་སུ་དཔོག་གི་སྙམ་པར་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །ལན་ནི་མངོན་སུམ་ཞེས་བྱ་བའོ། །བལྟར་རུང་བའི་བདག་དེ་ལ་མངོན་སུམ་མི་སྲིད་དོ། །མ་དམིགས་པར་གྱུར་ན་རྗེས་སུ་དཔག་པའི་གོ་སྐབས་ཡོད་པ་མ་ཡིན་ནོ། །

བདག་ཏུ་སྨྲ་བའི་ཀ་ཤ་དང་ཀུ་ཤ་ལ་འཇུག་པའི་དོགས་པ་བསུ་བ་ནི་འོན་ཏེ་དེ་ནི་ཞེས་བྱ་བའོ། །ལན་ནི་ད་ལྟར་ཞེས་བྱ་བའོ། །ཅི་ལྟར་ཁྱོད་ཀྱིས་ཡོད་པར་ངེས་པ་ལ་རྣལ་འབྱོར་བ་ཉེ་བར་འདོད་པ་དེ་བཞིན་བདག་ཅག་ཀྱང་མེད་པར་ངེས་པ་ལ་རྣལ་འབྱོར་པ་ཉེ་བར་འགོད་དོ་ཞེས་བརྗོད་པ་ནི། རྣལ་འབྱོར་

པ་དངོས་ཞེས་བྱ་བའོ། །བདག་སྟེ་མེད་པར་མི་རིག་པ་མིན་ཏེ། འོན་ཀྱང་རིག་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །གཞན་མེད་པའི་ལོངས་སྤྱོད་པ་པོ་བསལ་ནས་རང་རིག་པའི་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་རིག་པའི་རང་བཞིན་ནའོ་དེ་ནི་བདག་

གོ་དེ་ལྟ་ཡིན་ན་ཅི་སྐྱོན་སྙམ་ནའོ་དེ་ཡང་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་རིག་པའི་རང་བཞིན་མ་ཡིན་པར་རོ། །འོན་ཏེ་ད་ལྟར་བ་ཁོ་ནའོ་ཞེ་ན། བདག་ནི་ཞེས་གསུངས་སོ། །འདས་པ་ཉིད་སྡུད་པ་ནི་གལ་ཏེ་ཞེས་བྱ་བའོ། །བདག་ཏུ་སྨྲ་བ་དེས་ནི་བདག་

སྡུག་བསྔལ་བར་འདོད་པར་བྱ་སྟེ། དེའི་ཚེ་ནི་སྡུག་བསྔལ་བ་ཁོ་ན་ཡིན་གྱི་བདེ་བ་ནི་མ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་ཉིད་ཡིན་གྱི་རྣམ་པར་བྱང་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ག་ལས་ཤེ་ན། སྡུག་བསྔལ་གནས་སྐབས་ཞེས་བྱ་བའོ། །གནས་སྐབས་ཅན་གྱི་རང་

Vol. 184 · folio 237a

བཞིན་གྱིས། འཛིན་པ་མེད་པར་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །གནས་སྐབས་ནི་བདེ་བ་ལ་སོགས་པ་ཐ་དད་པའི་བདག་ཉིད་དོ། །དེའི་ངོ་བོ་ལས་གཞན་པ་ཞེས་བྱ་བ་ནི་ལན་ཏེ། གནས་ཀྱི་རང་བཞིན་ལས་ཐ་དད་པར་རོ། །

བདེ་བ་ལ་སོགས་པ་ཐ་དད་པ་ཁོ་ན་དམིགས་ཀྱི། གནས་སྐབས་ཅན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རང་རིག་པའི་བདག་ནི་ཤེལ་ལྟར་ཤིན་ཏུ་དང་བ་ཡིན་ཏེ། སྔོན་པོ་དང་འདོད་ཆགས་ལ་སོགས་པ་གཟུགས་བརྙན་གཞན་དང་། གཞན་ཉིད་སྐྱེ་བ་

དང་། འཇིག་པ་ཡིན་གྱི། བློའི་རང་བཞིན་ནི་མ་ཡིན་ཏེ། ངོ་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ་སྙམ་དུ་དོགས་པ་བསུ་བ་ནི། ཅི་སྟེ་ཡང་ཞེས་བྱ་བའོ། །སྔོན་པོ་དང་འདོད་ཆགས་ལ་སོགས་པ་ཐ་མི་དད་པའི་བདག་ནི་དེ་བཞིན་ཁོ་ནར་ཐ་དད་པ་དང་མི་རྟོག་པར་འགྱུར་རོ་ཞེས་བྱ་བའི་

དོན་བརྗོད་པ་ནི། བདེ་བ་ལ་སོགས་པ་ཞེས་བྱ་བའོ། །ཅིའི་ཕྱིར་སྙམ་ན། བདེ་སོགས་ལས་ནི་ཞེས་བྱ་བའོ། །རིག་པ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྔོན་པོ་དང་བདེ་བ་ལ་སོགས་པ་ནི་གཞན་ཡིན་ལ། རིག་པ་ཡང་གཞན་ཡིན་ཏེ། སྔོན་པོ་དང་བདེ་བ་ལ་སོགས་

པ་ལྟར་བདག་ཉིད་ཀྱང་ཐ་དད་པ་མེད་པར་རིག་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་ཐ་དད་པ་སྔོན་པོ་དང་བདེ་བ་ལ་སོགས་པའི་བདག་ཏུ་གྱུར་པ་དེ་ཁོ་ན་བཞིན་དུ་ཐ་དད་པས་ནི། ཐ་དད་པ་མེད་པ་གཅིག་གི་རང་བཞིན་ཤེས་བྱ་མ་ཡིན་ནོ། །ཅི་ལྟ་བུར་ཞེ་ན་སྨྲས་པ། ཅི་ལྟར་སྔོན་པོ་དང་ཆགས་

པ་ལ་སོགས་པ་ཐ་དད་པ་ཁྱད་པར་དུ་གྱུར་པ་དེ་ཉིད་ལ་བཞིན་ནོ། །གལ་ཏེ་རང་རིག་པས་ཐ་མི་དད་པ་མི་རིག་མོད། རྣམ་པར་རྟོག་པས་ནི་རིག་པར་འགྱུར་རོ་སྙམ་དུ་དོགས་པ་བསུ་བ་ནི། རིག་པ་རིག་པ་ཞེས་བྱ་བའོ། །རྣམ་པར་བཏགས་པའི་ཉིད་ནི། །རང་དང་གཞན་དག་ལ་ཡང་འགྱུར་རོ་

ཞེས་ལན་བཏབ་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །རིག་པ་རིག་པ་ཞེས་ཤེས་པའི་ཕྱིར་ན། གཉི་གའི་བདག་ཉིད་ཐ་མི་དད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་གཞན་གྱི་བདག་ནི་གཞན་གྱིས་རིག་པ་མ་ཡིན་ནོ་ཞེས་བྱ་བའོ། །རྩོད་པ་སྤངས་ནས་ལན་འདེབས་པ་ནི། དེ་ནི་ཞེས་བྱ་བའོ། །ཅི་

Vol. 184 · folio 237b

ལྟར་འཐད་པར་དཀའ་སྙམ་ན། རིག་པའི་དངོས་པོ་ཞེས་བྱ་བའོ། །གཞན་གྱིས་གཞན་གྱི་བདག་མི་རིག་ན། གཞན་བདག་མེད་པར་འགྱུར་རོ། །གཉི་ག་རང་བཞིན་གཅིག་ཏུ་མ་རྟོགས་པའི་ཕྱིར་རོ་ཞེས་བྱ་བའོ། །རང་དང་གཞན་ནི་བདག་ནི་ཕན་ཚུན་རྗེས་སུ་མ་ཞུགས་པས་ཐ་དད་པ་ཉིད་ཅེས་

དོགས་པ་བསུ་ན། རང་གི་བདག་ཀྱང་སྐད་ཅིག་སོ་སོར་རིག་པ་ཐ་དད་པའི་ཕྱིར་ཐ་དད་པར་འགྱུར་རོ་ཞེས་ལན་འདེབས་པ་ནི། དེ་ནི་ཞེས་བྱ་བའོ། །གང་དུའང་ཞེས་བྱ་བ་ནི་རྒྱུད་གཅིག་ཉིད་ལ་ཡང་ངོ་། །དེས་ན་ཞེས་བྱ་བ་ནི་གཅིག་ཉིད་མེད་པས་ནའོ། །སྔ་མ་ཕྱི་མ་དང་འཁོར་བ་མྱ་ངན་ལས་

འདས་པ་དང་ངོ་། །བཤད་ཟིན་པའི་ཚིགས་སུ་བཅད་པ་ཉིད་མཇུག་སྡུད་པ་ནི། དེ་ལྟར་ཡིན་དང་ཞེས་བྱ་བའོ། །བཤད་པ་གཞན་གསུངས་པ་ནི། ཐེར་ཟུག་རྟག་པ་ཉིད་ཡིན་ནོ། །ཞེས་བྱ་བའོ། །དེ་ཉིད་ལ་ནི་འཁོར་བ་ཉིད་ལ་སྟེ། ཡོངས་སུ་རྫོགས་པའི་ཕྱིར་རོ། །འོན་ཏེ་ཡང་འཁོར་བ་

པའི་བདག་གང་ཡིན་པ་དེ་ཉིད་ད་ལྟར་གྲོལ་བ་ཡིན་ནོ་སྙམ་དུ་དུས་ཕྱིས་ངོ་ཤེས་པ་ལས་འཁོར་བ་པ་ཉིད་དུ་གནས་པ་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི། གལ་ཏེ་ངོ་ཤེས་ཞེས་བྱ་བའོ། །འཁོར་བ་ཉིད་དུ་གནས་པ་མ་ཡིན་ནོ་སྙམ་ན། ལན་དུ་འདིར་ཞེས་སྨོས་ཏེ། ངོ་ཤེས་པ་ཡོད་པ་འདི་ལའོ། །

ཤིན་ཏུ་ཡང་དེ་ཉིད་དུ་གནས་པར་ཐལ་བར་འགྱུར་རོ། །ད་ལྟར་བའི་རང་བཞིན་ནི་སྔོན་གྱི་རང་བཞིན་དང་ཐ་མི་དད་པར་རྟོགས་པའི་ཕྱིར་རོ། །གང་གིས་དེ་ཉིད་ལ་གནས་པར་འགོག་པར་འགྱུར་བ་ངོ་ཤེས་པ་ཡང་དུས་ཕྱིས་སྲིད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། དེའི་རང་བཞིན་ཞེས་བྱ་བའོ། །

འཁོར་བ་ཉིད་དུ་བདག་གི་རང་བཞིན་ཡོངས་སུ་རྫོགས་པ་ཡིན་ཏེ། དེས་ན་དེའི་ཡུལ་ཅན་གྱི་ངོ་ཤེས་པ་ཡང་དེའི་ཚེ་ཉིད་འབྱུང་བར་འགྱུར་གྱི་དུས་ཕྱིས་ནི་མ་ཡིན་ནོ། །དེས་ན་དེ་ནི་དེ་ཉིད་དུ་གནས་པ་མི་འགོག་གོ། །ཡོད་ན་ཡང་ཚད་མ་མ་ཡིན་ཏེ། ཡུལ་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་

ཡུལ་མེད་པར་ནི་ཞེས་བྱ་བའོ། །ཐེར་ཟུག་ཏུ་གནས་པ་ཡང་རྣམ་པར་འགྱུར་བ་མེད་པའི་ཕྱིར་དང་དམིགས་པའི་རིམ་པ་མེད་པའི་ཕྱིར་ན། མི་རྟག་པ་ཉིད་དུ་མ་རྟོགས་པས་རྟོགས་པ་ཁོ་ནར་འགྱུར་རོ་ཞེས་བརྗོད་པ་ནི། གལ་ཏེ་ཐེར་ཟུག་ཅེས་བྱ་བའོ། །ཚིགས་སུ་བཅད་པ་འདི་ཉིད་འཆད་

Vol. 184 · folio 238a

པ་ནི། གལ་ཏེ་ཐེར་ཟུག་ཅེས་བྱ་བའོ། །རྣམ་པར་འགྱུར་བ་མེད་པ་དང་། དམིགས་པའི་རིམ་པ་མེད་པའི་གཏན་ཚིགས་གཉིས་ནི། རྟག་པ་ཉིད་སྒྲུབ་པར་བྱེད་པར་འདོད་པ་ཡིན་ནོ། །འཁོར་བ་དང་མྱ་ངན་ལས་འདས་པའི་རིམ་པ་དམིགས་པར་འདོད་ན་ནི་

མི་རྟག་པ་ཉིད་དུ་འགྱུར་རོ་ཞེས་མཇུག་བསྡུས་ནས་སྟོན་པ་ནི་གང་གི་ཕྱིར་དེ་ལྟར་རྟག་པ་ཉིད་དུ་འགྱུར་བ་དེའི་ཕྱིར། དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། དེ་ཁོལ་བུ་ཉིད་དུ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །གལ་ཏེ་ཐེར་ཟུག་ཏུ་རྟག་པས་རྟག་པའི་བདག་ལ། གཞན་དག་གང་གིས་མི་

རྟག་པ་ཉིད་དུ་འགྱུར་བའོ། །གང་ནས་གང་དུ་དམིགས་པ་མེད་པའི་བདག་ཉིད་ཅན་གྱི་མི་དམིགས་པ་ཉིད་དུ་འདོད་ཀྱི་རིམ་གྱིས་མཐོང་བར་མ་ཡིན་པ་ཉིད་ཅིའི་ཕྱིར་སྙམ་པའི་དོགས་པ་བསུ་བ་ནི། མ་དམིགས་པ་ཅི་ལྟར་ཞེས་བྱ་བའོ། །ལན་དུ་ནི་ཤི་བས་ཞེས་བྱ་བ་སྟེ། ཤི་བ་ལ་

ལྟོས་ནའོ། །འདིའི་ཞེས་བྱ་བ་ནི་ཉམ་ཆུང་འདིའོ། །མཐོང་བ་ནི་བདག་ལ་རིམ་པར་མཐོང་བའོ། །མ་མཐོང་བའི་བདག་ལ་དོགས་པ་མེད་པའི་ཕྱིར། ཕྱིས་མཐོང་བ་ལ་ལྟོས་པ་ན། གཞན་གྱི་འཇིག་པར་འདོད་པ་ཉིད་དོ་ཞེས་ཟུར་ན་གནས་པའི་ཚིག་དོགས་པར་བྱེད་པ་ནི་གལ་ཏེ་

མ་མཐོང་བ་དེས་ཞེས་བྱ་བའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་ཡང་མཐོང་བར་ཁས་བླངས་པ་དེ་ལྟར་འགྱུར་ན། བདག་རིམ་པ་ཅན་དུ་འགྱུར་རོ། །དེས་ན་སྔར་ཐལ་བར་བསྒྲུབ་པ་གང་ཡིན་པ་དེ་ཉིད་དུ་འགྱུར་རོ་ཞེ་ན། ལན་དུ་འདི་ནི་ཞེས་བྱ་བའོ། །བདག་རྟག་པ་ལ་རང་བཞིན་གྱིས་མི་

རྟག་པ་ཉིད་དུ་ཁས་བླངས་པའི་མཚན་ཉིད་དོ། །མཚུངས་པ་ཉིད་དུ་དམིགས་ན་ཡང་། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་འཆད་པར་བྱེད་པ་ནི། ཡང་ན་མཚུངས་པའི་ཞེས་བྱ་བ་ལ་སོགས་པ་ཡིན་ནོ། །སྐབས་ཀྱི་རྣམ་འགྲེལ་ཉིད་ལ་བཤད་པ། གཞན་

གསུངས་པ་ནི། ཡང་ན་རྟོགས་པའི་རང་བཞིན་ཉིད་ཀྱིས་ཞེས་བྱ་བའོ། །རིག་པའི་རང་བཞིན་དུ་གཅིག་པའི་ཕྱིར། རྒྱུད་ཐ་དད་པ་མ་ཡིན་ལ། སྔོན་པོ་དང་བདེ་བ་ལ་སོགས་པས་ཀྱང་མ་ཡིན་ཏེ། ཐ་དད་པ་ཐམས་ཅད་ལ་ནི་འཁྲུལ་པའི་ཕྱིར་རོ། །འཁྲུལ་པ་མེད་པ་ནི་རིག་

Vol. 184 · folio 238b

པའི་རང་བཞིན་ཡིན་ཏེ། ཐམས་ཅད་ལ་དགག་ཏུ་མེད་པའི་ཕྱིར་རོ། །དངོས་པོ་གང་ཞིག་ཡུལ་དང་དུས་ཀྱིས་རྣམ་པར་བཅད་པ་མེད་པར་ཡོད་པ་དེ་ནི་རྟོག་པ་དང་ཁྱབ་པར་ཡང་འདོད་པ་ཡིན་པའི་ཕྱིར། བདག་ཀྱང་ཁྱབ་པ་ཉིད་དུ་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ན་ཞེས་

བྱ་བ་ནི་ལན་ནོ། །གལ་ཏེ་བདག་གྲོལ་བ་ལ་འཁྲུལ་པ་མེད་པས་ན། གཞན་གྱི་བདག་ཉིད་དུ་གནས་པ་ནི། དེའི་འཁྲུལ་པའི་གནས་སྐབས་ན་ཐ་དད་པ་གང་ཡིན་པ་དེ་ཉིད་བདག་གཅིག་ཉིད་ཡིན་པར་མི་འགྱུར་རོ། །དེས་ན་འཁྲུལ་པའི་གནས་སྐབས་སུ་ནི་མ་དད་ལ། མ་འཁྲུལ་པའི་

གནས་སྐབས་སུ་ནི་ཐ་དད་པ་མེད་པའི་རང་བཞིན་དུ་གྱུར་པའི་ཕྱིར། སྔ་མའི་རང་བཞིན་ཕྱི་མའི་དུས་སུ་ཞིག་པ་དེ་ཉིད་ཡིན་ནོ། །ཐར་པའི་བདག་འཁོར་བའི་བདག་དང་། ཐ་མི་དད་ན་ནི་འཁོར་བ་ཉིད་དུ་འགྱུར་རོ་ཞེས་བརྗོད་པ་ནི། དེའི་གནས་སྐབས་ཉིད་དུ་ཞེས་བྱ་བའོ། །སྲིད་གནས་

སྐབས་ཉིད་ཅེས་གསུངས་སོ། །གལ་ཏེ་གྲོལ་བ་ཞེས་བྱ་བ་ལ་སོགས་པའི་རྐང་པ་གསུམ་འཆད་པ་ནི། གལ་ཏེ་བུམ་པའི་ཞེས་བྱ་བའོ། །ཇི་ལྟར་རང་དང་གཞན་གྱི་རྣམ་པར་དབྱེ་བ་མེད་ཀྱང་ཞིག་པར་ཅི་ལྟར་འགྱུར་ཞེ་ན། ངའོ་ཞེས་གསུངས་སོ། །རྣམ་པར་དབྱེ་བ་མེད་

པའི་གནས་སྐབས་སུ་ཡང་ངའོ་སྙམ་པའི་རྟོག་པའི་ཡུལ་མ་ཡིན་པའི་ཕྱིར། དེ་ཁོ་ནར་བདག་མེད་པར་ཐལ་བར་འགྱུར་རོ་ཞེས་བརྗོད་པ་ནི། ནམ་མཁའ་ཉིད་དུ་ཞེས་བྱ་བའོ། །འདི་ནི་དངོས་པོའི་སྟོབས་ཀྱིས་ཞེས་བྱ་བ་ནི་གཞན་གྱི་དོགས་པ་སྟེ། རྣམ་པར་དབྱེ་བ་མེད་པས་བདག་རིག་པ་

ཉིད་འདི་ནིའོ། །འོ་ན་ནི་ཞེས་བྱ་བ་ནི་ལན་ཏེ། ངའོ་སྙམ་པར་རྟོགས་པའི་ཡུལ་མ་ཡིན་པ་ནི། བདག་མ་ཡིན་པའི་ཕྱིར་རོ། །རིག་པའི་རང་བཞིན་ནམ། ཡོད་པའི་རང་བཞིན་ནི་རྟག་པའམ། ཁྱབ་པར་འཐད་པ་མ་ཡིན་ཏེ། སྣང་བཞིན་པ་ཉེ་བར་འགག་པ་ཡིན་པའི་ཕྱིར་རོ། །ཉེ་བར་

གནས་པར་སྣང་བ་ནི་ཡུལ་དུས་གཞན་ན་ཡོད་པ་མ་ཡིན་ནོ། །དེ་ལྟ་ཡིན་ན་ཡང་ཉེ་བར་གནས་པའི་རང་བཞིན་ཡང་དེ་ལྟར་འགྱུར་རོ་ཞེས་བརྗོད་པ་ནི། རང་བཞིན་ཙམ་ཞེས་བྱ་བའོ། །གལ་ཏེ་གཅིག་ཏུ་མཐོང་བ་ཡོད་པའི་རང་བཞིན་ནམ། རིག་པའི་རང་བཞིན་ནི་གཞན་དུ་ཡང་དེ་

Vol. 184 · folio 239a

ཉིད་ཡིན་ཏེ། དེ་ལྟར་ངོ་ཤེས་པའི་ཕྱིར་རོ་སྙམ་དུ་དོགས་པ་ནི། འོན་ཏེ་འདི་ཞེས་བྱ་བའོ། །ངོ་ཤེས་པས་ཐར་པ་དང་འཁོར་བ་དག་ཀྱང་གཅིག་ཉིད་དུ་སྒྲུབ་པོ་ཞེས་ལན་འདེབས་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བ་སྟེ། ངོ་ཤེས་པ་དང་མ་བྲལ་བའི་ཕྱིར་རོ། །གང་གི་

ཕྱིར་ཐར་པ་དང་འཁོར་བ་དག་གཅིག་ཉིད་མ་ཡིན་པའི་ཕྱིར་རོ། །ནམ་མཁའ་བཞིན་དུ་ཞེས་བྱ་བ་ནི། ཅི་ལྟར་བུམ་པ་མེད་ན་བུམ་པའི་ནམ་མཁའ་མེད་པ་དེ་བཞིན་དུའོ། །འོན་ཏེ་ཐར་པ་ནི་གནས་སྐབས་ན། བདག་ནམ་མཁའ་དང་འདྲ་བར་འགྱུར་མོད་ཅེ་ན། དེ་འདྲིའི་ཞེས་གསུངས་

སོ། །ནམ་མཁའ་དང་མཚུངས་པའོ། །ངའོ་ཞེས་བྱ་བ་ལ་སོགས་པར་ཉམས་སུ་མྱོང་བའི་ཡུལ་བྱེད་པ་པོ་དང་། ལོངས་སྤྱོད་པ་པོ་ཞེན་པའི་ཡུལ་ནི་མ་རིག་པའི་དབང་གིས་ཡིན་ནོ་ཞེས་བྱ་བར་འོན་ཏེ་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་ནས། ཐར་པའི་གནས་སྐབས་

ན། མྱོང་བ་ཐམས་ཅད་དང་། བུ་མོ་ལ་སོགས་པའི་ཡུལ་ཅན་གྱི་ཐམས་ཅད་དང་། ཤེས་རབ་དང་། ཡིད་གཞུངས་པ་ལ་སོགས་པའི་ཡོན་ཏན་ཐམས་ཅད་ལོག་པའི་ཕྱིར་ན། དེ་ལ་རྒྱུ་མཚན་མེད་པས་ཞེན་པ་མི་འབྱུང་བ་ཁོ་ནའོ། །དེས་འདིར་རྟོག་པ་དང་ལྡན་

པ། དོན་དུ་གཉེར་བ་ཅི་ལྟར་འགྱུར། །ཞེས་བརྗོད་པ་ནི། ཐར་པའི་གནས་ཀྱི་བདག་ཉིད་གང་ལ་མྱོང་བ་དང་ཐ་སྙད་དང་། ཡོན་ཏན་གྱི་རང་བཞིན་ཞེན་པའི་རྒྱུའི་རྟེན་ཐམས་ཅད་ཡོད་པ་དེ་ལ་ཞེས་པ་སྟེ། ཆགས་པས་ཅི་ལྟར་འདོད་ཅིང་ཁས་ལེན་ཞེས་པའོ། །རྒྱུ་མཚན་མེད་བཞིན་

དུ་ཞེན་པར་ཇི་ལྟར་འགྱུར་ཞེས་བྱ་བའི་དོན་ཏོ། །ཞེན་པའི་ཡུལ་ནི་འདི་འདྲ་བ་ཡིན་ན། གཞན་འདྲ་བར་ག་ལ་འགྱུར་ཞེས་བྱ་བར་དགོངས་པའོ། །ཅིའི་ཕྱིར་ཞེ་ན་ཞེས་བྱ་བའི་རང་བཞིན་གསུངས་སོ། །རྡོ་དང་ཤིང་བལ་ལ་སོགས་པ་ལ་ཁྱབ་པའི་ནམ་མཁའི་བདག་གང་ལ་

ཡོད་པ་དེའི་སྟེ། བདེ་བ་དེ་ཉིད་ནིའོ། །ཐ་སྙད་ཐམས་ཅད་ནི་བླང་བྱ་དང་དོར་བྱ་ལ་སོགས་པའོ། །དེ་ལས་འདས་པ་ནི་ཞེན་པའི་ཡུལ་ལས་བཟློག་པ་ཞེས་བྱ་བའི་དོན་ཏོ། །དེ་འདྲ་བར་ཞེས་བྱ་བ་ནི་སྔར་མི་རང་བཞིན་ལས་བཟློག་པ་ཐར་པའི་རང་བཞིན་དུའོ། །དོན་དུ་གཉེར་

Vol. 184 · folio 239b

བ་ཉིད་མ་སྐྱེས་པའི་ཕྱིར་ན། རྟོག་པ་དང་ལྡན་པའི་འཇུག་པ་ཉིད་འགལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཁོར་བའི་བདེ་བ་ནི་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །དོགས་པའི་དོན་ནི་མྱ་ངན་ལས་འདས་པའི་བདེ་བ་ནི་འཁོར་བའི་བདེ་བ་ལས་ཁྱད་པར་དུ་གྱུར་པ་ཡིན་པས་ན། ཡོངས་སུ་ཚིམ་

པ་སྐྱེད་པར་བྱེད་པ་ཡིན་ཏེ། དེས་ན་དེ་ཉིད་དོན་དུ་གཉེར་བར་བྱ་བ་ཡིན་ནོ། །གང་བདེ་བ་ཡིན་པ་དེ་ནི་དོན་དུ་གཉེར་བར་བྱ་བ་ཡིན་ལ། གང་ཞིག་དོན་དུ་གཉེར་བར་བྱ་བ་ཡིན་པས་དེ་ཡང་ཡོངས་སུ་ཚིམ་པར་བསྐྱེད་པ་བཟོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལན་གྱི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་དོན་

གཉེར་བར་བྱ་བ་ཡིན་པས་ནའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །མ་མཐོང་བ་ནི་ཞེས་བྱ་བ་ནི་ལན་ནོ། །དེ་ནི་འདོད་ཆགས་དང་བྲལ་བའོ། །བདག་ལ་ཞེན་པ་མེད་པ་ནི་མངོན་དུ་བྱེད་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །གང་གི་ཕྱིར་དོན་དུ་གཉེར་བ་ཞེས་བྱ་བ་ལ་ལྟོས་ནས། དེ་

ཉིད་ཀྱི་ཕྱིར་ཞེས་གསུངས་སོ། །ཡང་ན་ཐར་པའི་གནས་སྐབས་ན་བདག་ནམ་མཁའ་བཞིན་དུ་ངོ་བོ་མེད་པར་འགྱུར་བའི་ཕྱིར་མི་རིགས་པ་ཡིན་ཏེ། བདག་ཏུ་རྟོགས་པའི་ཡུལ་ཡིན་པའི་ཕྱིར་རོ། །བདག་ནི་འདི་དག་གིའོ། །འདི་དག་ནི་བདག་གིའོ་ཞེས་བྱ་བའི་འབྲེལ་པའམ།

ཐུན་མོང་མ་ཡིན་པ་ནི་འཆིང་བར་བརྗོད་པ་ཡིན་ལ། ཐར་པ་ལ་ནི་མེད་པ་ཡིན་ནོ་སྙམ་ན། རྣམ་པ་ཀུན་དུ་ཞེས་བྱ་བའོ། །བདག་གོ་ཞེས་བྱ་བ་ལ་སོགས་པར་རིག་པ་ཡང་། དེའི་ཚེ་མེད་པ་ཁོ་ན་སྟེ། གཉིད་ཀྱིས་ལོག་པའི་རྨི་ལམ་དུ་མཐོང་བའི་རང་བཞིན་ཐར་པའི་དཔེར་

དེར་སྨྲ་བ་དག་གིས་བརྗོད་པ་ཡིན་ནོ། །ཡང་ན་བདག་གོ་ཞེས་བདག་ཏུ་མཐོང་བའི་རྣམ་པར་འབྲེལ་པའམ། དེ་དང་ཐུན་མོང་མ་ཡིན་པའི་རྣམ་པ་ཡོད་དུ་ཆུག་ཀྱང་། བདག་ཏུ་འཛིན་པ་ནི་རྣམ་པ་ཐམས་ཅད་དུ་ཞེན་པའི་སྙིང་པོ་ཅན་ཉིད་དོ། །དེ་ལས་ཀྱང་ཐུན་མོང་པའམ།

ཐུན་མོང་མ་ཡིན་པའི་བདག་གི་བ་ལ་ཞེན་པ་འདྲེན་པར་བྱེད་དོ། །དེ་མེད་ན་རང་མེད་པའི་འགྱུར་བའི་ཕྱིར་རོ། །འགའ་ཞིག་ཅེས་གཞན་དུ་འཆད་དོ། །བཤད་པ་མཛད་པའི་གསལ་བ་ཁོ་ནའོ། །བདག་ཏུ་འཛིན་པ་སྤངས་པས་ནི་བདག་གིར་ཞེན་པ་ལ་སོགས་པ་སྲིད་པ་མ་ཡིན་ནོ་

Vol. 184 · folio 240a

ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ནི་བདག་ཏུ་སྨྲ་བའོ། །དེས་ན་ཞེས་བྱ་བ་ནི་བདག་ཏུ་འཛིན་པ་སྤངས་པས་ནའོ། །བདག་ཏུ་འཛིན་པ་དོར་བ་ན་ནི་འཇུག་པའི་ཡན་ལག་མེད་པ་ཡིན་ཏེ། འདི་ལྟར་དེ་ཡོད་ན་སྔ་མ་དང་། ཕྱི་མར་གཅིག་

པ་སྡུག་བསྔལ་བའི་བདག་སྒྲོ་བཏགས་ནས་དེ་ལ་ཞེན་པས་འཇུག་པ་ཡིན་ནོ། །བདག་རིག་པ་སྐད་ཅིག་མའི་མེད་པ་ནི་འཇུག་པའི་ཡན་ལག་མ་ཡིན་པ་ཁོ་ནའོ་ཞེས་ལན་འདེབས་པ་ནི། གལ་ཏེ་འདི་ལ་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་བདག་ཏུ་འཛིན་པ་མ་བཟློག་ནའོ། །

བདག་སྡུག་བསྔལ་ལ་བརྟེན་པར་འགྱུར་ན། དེའི་ཕྱིར་དེ་སྤངས་པའི་དོན་དུ་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་དོགས་པའི་དོན་ཏོ། །སྡུག་བསྔལ་བ་ཉིད་དུ་མི་འདོད་ན། བདག་ཏུ་འཛིན་པ་ཅི་ལྟར་འདོར་ཞེས་ལན་འདེབས་པ་ནི། དེ་དེའི་ཞེས་བྱ་བའོ། །བདག་ཏུ་འཛིན་པ་

མེད་པར་གཞན་གྱི་དོན་ལ་འཇུག་ན། བདག་ཏུ་སྨྲ་བ་དོན་མེད་དོ་ཞེས་བརྗོད་པ་ནི། གལ་ཏེ་གཞན་དོན་མེད་ཅེས་བྱ་བའོ། །མེད་པ་ཉིད་ཡིན་མོད་ནི་སྐབས་ཀྱིས་གཞན་གྱི་དོན་ཏོ། །བདག་རྟག་པ་མེད་ན་ཅི་ལྟར་གཞན་གྱི་དོན་བྱེད་ཅེས་བྱ་བར་དོགས་པ་ནས་བརྗོད་པ་ནི།

བདག་ནི་སྐད་ཅིག་ཅེས་བྱ་བའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་གང་ལ་གཞན་གྱི་དོན་བྱེད་པར་འདོད་པ་ཡོད་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་ཕན་ཚུན་གནོད་པར་གྱུར་པའི་ཕྱིར་རོ། །ཡུན་རིང་དུ་བདེ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པར་ནི་ཀུན་དགའ་བ་ཙམ་བདག་གི་རང་བཞིན་རྟག་ཏུ་མངོན་

པར་གསལ་བ་ཡིན་ཏེ། དེས་ན་འབྲས་བུ་ཉིད་ཀྱིས་བདག་གི་བའི་བདེ་བ་མི་རྟག་པ་ཡོངས་སུ་འདོར་བ་ཡིན་ནོ་ཞེས་བྱ་བའོ། །ཡུན་རིང་བདེ་བ་ཞེས་བྱ་བ་ནི་ལན་ནོ། །མཐོང་བ་དག་ལ་ནི་མྱོང་བའི་མཐུ་འདྲེན་པ་ལས་མངོན་པར་འདོད་པས་འཁོར་བ་པ་རྣམས་འཇུག་པ་ཡིན་གྱི་ཅི་སྐད་བརྗོད་པའི་

རང་བཞིན་ཅན་ཡུན་རིང་པོའི་བདེ་བ་ལ་ནི་ནམ་ཡང་མཐོང་བ་མེད་དེ་དེས་ན་གང་གིས་དོན་དུ་གཉེར་བ་འཇུག་པ་དེ་ལ་འདོད་པར་ཅི་ལྟར་འགྱུར། གལ་ཏེ་བརྒྱ་ལ་ཡུན་རིང་པོར་བདེ་བར་འགྱུར་བའི་ཕྱིར་ན། འཇུག་པར་བརྗོད་ན། དེའི་ཚེ་མེད་པར་ཡང་འགྱུར་ཏེ་ཞེས་བྱ་བ་ལ་ཐེ་ཚོམ་ནི་

Vol. 184 · folio 240b

དངོས་པོ་དང་དངོས་པོ་མེད་པ་ཐུན་མོང་པ་ཉིད་ཀྱིས་མེད་པའི་ཕྱོགས་ལ་མི་འཇུག་པར་ཡང་འགྱུར་རོ། །མེད་པའི་ཕྱོགས་ཉིད་བརྗོད་པ་ནི། བརྒྱ་ལ་བདེ་བ་དེ་མི་འགྱུར་བ་ཡང་ཡིན་ནོ། །དེས་ན་སྤྲེའུ་ཟླ་བ་ཞེས་བྱ་བ་ཟླ་འོད་ཆུང་ཟད་པའོ། །བརྒྱ་ལ་ཡོད་པར་འགྱུར་རོ་ཞེས་བྱ་བ་ཐེ་ཚོམ་གྱི་མཚན་

ཉིད་འཇུག་པའི་རྒྱུ་མཚན་ནི་སྟོར་བ་མིན་ནོ། །ཡང་ན་བདག་གི་ཡུལ་ལ་སྦྱོར་བ་ཉམས་པ་ཡིན་ནོ། །འོན་ཏེ་རྣལ་འབྱོར་པས་ཡུན་རིང་པོའི་བདེ་བ་ཉམས་སུ་མྱོང་བ་ཉིད་ཡིན་པ་དེས་ན། ཡུན་རིང་པོའི་བདེ་བ་མ་མཐོང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པོ་སྙམ་དུ་དོགས་པ་བསུ་ནས་

རྣལ་འབྱོར་གནས་སྐབས་ཞེས་གསུངས་སོ། །ཕན་ཚུན་བསྟེན་པའི་ཉེས་པ་ལས་ཀྱང་འཇུག་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ལྟར་ཞེས་བྱ་བའོ། །དེའི་ཕྱིར་དེ་ལྟར་བདག་ཏུ་ལྟ་བ་ཅན་བདག་གི་བ་ལ་ཞེན་པ་བཟློག་པའི་དོན་དུ་འབད་པ་དང་ལྡན་པ་ཡིན་ཡང་དེ་བཟློག་པར་མི་འགྱུར་ཏེ།

ཡོན་ཏན་གྱི་ཆ་མཐོང་བས་དེའི་ཉེས་པ་མཐོང་བ་སྒྲིབ་པའི་ཕྱིར་རོ་ཞེས་བརྗོད་པ་ནི། བརྩོན་ཡང་ཞེས་བྱ་བའོ། །ཆགས་པ་དང་བྲལ་བ་ལ་བརྩོན་ཡང་འཇུག་པ་དང་ལྡན་པ་ནི་ཆགས་པ་དང་བྲལ་བའི་གེགས་བྱེད་པ་ཡིན་ནོ། །ཅིའི་ཕྱིར་སྙམ་ན། ཡོན་ཏན་ཆ་སྟོན་ཕྱིར་

ཞེས་གསུངས་སོ། །གལ་ཏེ་བདག་ཀྱང་བདེ་བ་དང་སྡུག་བསྔལ་སྒྲུབ་པར་བྱེད་པའི་རང་བཞིན་དང་དེའམ་འབྲས་བུ་ཡོངས་སུ་སྤྱོད་པའི་རང་བཞིན་གྱིས་འདོད་ཆགས་དང་བྲལ་བའི་ཡུལ་ཡིན་པས་སྤང་བྱ་ཉིད་མ་ཡིན་ནམ་སྙམ་དུ་དོགས་པ་བསུ་བ་ནི། གལ་ཏེ་བདག་

ལ་ཞེས་བྱ་བའོ། །རང་བཞིན་གང་གིས་བདག་སྤང་བྱ་ཡིན་པ་དེ་བཞིན་འདིའི་རང་བཞིན་གྱི། རང་བཞིན་ནི་མེད་དེ་དེས་ན་བདག་བླང་བྱ་མ་ཡིན་ནོ་ཞེས་ལན་འདེབས་པ་ན། ད་ནི་ཞེས་བྱ་བའོ། །ཅི་ལྟར་རྣམ་པ་གང་གིས་རྒོལ་བ་ནི། བདག་འདོར་ཞིང་སྤང་བྱར་བྱེད་པ་ཆགས་

པ་དང་བྲལ་བ་གང་ཡིན་པའི་བླང་བྱ་དེ་ལས་གཞན་པའི་རྣམ་པ་ཡང་མེད་པའི་ཡིན་ནོ། །གཏན་ཚིགས་དེས་ན་སྡུག་བསྔལ་བསྒོམས་པའི་ཉེ་བར་བསྟན་པ་དོན་མེད་དོ། །འང་གི་སྒྲ་འཆད་པ་ནི་འདི་སྙམ་དུ་ཞེས་བྱ་བའོ། །ཅི་ལྟར་བདག་མི་འདོད་སྙམ་ན། འདི་ལྟར་ཞེས་

Vol. 184 · folio 241a

བྱ་བའོ། །བདག་གི་བ་ལྟར་བདག་ཀྱང་མ་སྤངས་པ་ནི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་གང་སྤངས་སྙམ་ན་ཆགས་པ་འབའ་ཞིག་ཅེས་བྱ་བ་གསུངས་སོ། །བེ་ར་ག་ནི་འདོད་ཆགས་མེད་པ་སྟེ། བེ་རའི་སྒྲ་ནི་དགག་པའི་དོན་ཡིན་པའི་ཕྱིར་རོ་

ཞེས་བྱ་བའི་དོན་ཏོ། །བདག་ལ་ཐར་པའི་བདེ་བ་འདོད་པ་ནི་བདག་ལ་ཆགས་པ་དང་བྲལ་བ་མི་སྲིད་དོ་ཞེས་རེ་ཞིག་རང་རིག་ཉིད་ལན་འདེབས་པ་ནི་བདེ་བར་ཞེས་པའོ། །ད་ནི་རྣམ་འགྲེལ་གྱི་དོན་གལ་ཏེ་ཞེས་བྱ་བས་བརྗོད་དོ། །དེ་ཉིད་ཅེས་བྱ་བ་ནི་དོགས་པའོ། །

བདག་ཉིད་ཆགས་པ་དང་མ་བྲལ་བ་ལས་བདག་ལ་ཆགས་པ་དང་བྲལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་དོར་བ་ཉིད་དུ་མི་ནུས་སོ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་ཆགས་པ་དང་བྲལ་བ་ལ་ཡང་མཚུངས་སོ་ཞེས་ལན་བརྗོད་པ་ནི། བདག་ལ་བདག་ཅེས་བྱ་བའོ། །ཅིས་ཞེས་

བྱ་བ་ནི་གཞན་གྱི་དྲི་བའོ། །འོན་ཏེ་ཆགས་པ་ཉིད་ཆགས་པ་དང་བྲལ་བར་འགྱུར་ན། འདི་ལ་བརྗོད་པ་ནི་དེ་ནི་གཞན་དུ་ཞེས་བྱ་བ་སྟེ། ཆགས་པ་དེ་ནི་གཞན་དུ་འདོད་ཆགས་དང་བྲལ་བ་ཉིད་དུ་མི་འགྱུར་རོ། །གཞན་ཏེ་འདོད་ཆགས་དང་བྲལ་བ་ཡང་དེ་ལྟར་ཆགས་པའི་རང་

བཞིན་གྱིས་གནས་པ་མིན་ནོ། །ཅིའི་ཕྱིར་དེ་ལྟར་མ་ཡིན་སྙམ་ན། བདག་ཉིད་ཀུན་ནམ་ཞེས་བྱ་བའོ། །བདག་ཉིད་ཀུན་གྱིས་རྣམ་པ་གཞན་དུ་འགྱུར་ན། རང་གི་གྲུབ་པའི་མཐའ་དང་འགལ་བ་ཉིད་ཀྱིས་འཐད་པར་དཀའོ། །ཕྱོགས་གཅིག་གིས་གཞན་དུ་འགྱུར་ན་འཐད་པར་དཀའ་

བ་ཉིད་གསལ་བར་བྱེད་པ་ནི་གཅིག་ལ་ཞེས་བྱ་བའོ། །བདག་གཅིག་ལ་ནི་ཕྱོགས་གཅིག་མེད་དོ། །གང་གི་ཕྱིར་ཕྱོགས་གཅིག་ཡོད་ན་བདག་དེ་ཐ་མི་དད་པ་ཉིད་མེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། བཤད་པ་གང་ཞིག་ཅེས་བྱ་བའོ། །དེས་ན་ཕྱོགས་གཅིག་གཞན་དུ་གྱུར་ཀྱང་

བདག་ནི་གཞན་དུ་གྱུར་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འོན་ཏེ་ཡང་ཕྱོགས་གཅིག་གཞན་དུ་གྱུར་པས་བདག་གཞན་དུ་འགྱུར་བ་ཉིད་དུ་འདོད་ན། དེ་ལ་ཡང་བརྗོད་པ་ནི་དེ་ལྟར་ཡིན་ན་ཞེས་བྱ་བ་སྟེ། ཡང་ཕྱོགས་གཅིག་གིས་གཞན་དུ་འགྱུར་བ་ཡིན་ན་ཐུག་པ་མེད་པར་འགྱུར་ཏེ་

Vol. 184 · folio 241b

ཕྱོགས་གཅིག་པོ་དེ་ལས་གཞན་ཡིན་ལ། དེ་ལས་གཞན་ཡང་དེ་ལས་གཞན་ཡིན་པ་ཞེས་བྱ་བ་ལ་སོགས་པའི་ཚུལ་དུའོ། །དེ་ནས་བདག་གཞན་དུ་འགྱུར་བ་མ་ཡིན་ནོ། །གང་མ་ཕྱོགས་གཅིག་པོ་གཞན་དུ་གྱུར་པ་དེ་ཡང་བདག་མ་ཡིན་ནོ། །ཐ་དད་པར་མེད་པའི་ཕྱོགས་དོགས་པར་བྱས་ནས་

འགོག་པ་ནི་ཕྱོགས་གཅིག་པ་གཞན་མིན་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་ཞེས་བྱ་བ་ནི་གཞན་མ་ཡིན་ན་ཡང་ངོ་། །ཅི་ལྟར་ཐུག་པ་མེད་ཅེ་ན། དེར་ཡང་ཞེས་བྱ་བའོ། །གཞན་མ་ཡིན་པ་གང་ཡིན་པ་དེ་ནི་བདག་བཞིན་དུ་འགྱུར་བ་མ་ཡིན་ལ། གང་ཞིག་གཞན་དུ་འགྱུར་བ་

དེ་ནི་གཞན་ཡིན་ནོ། །དེ་ཡང་རྣམ་པ་འགས་གཞན་མ་ཡིན་ན། ཡང་དེ་ཉིད་བཟླས་པར་བྱ་བའོ། །དེས་ན་ཐུག་པ་མེད་དོ། །གང་གི་ཕྱིར་དེ་ལྟར་ཆགས་པ་དང་མ་བྲལ་བར་གྱུར་པ་ལས་ཆགས་པ་དང་བྲལ་བར་འགྱུར་བར་མི་འཐད་པའི་ཕྱིར་རོ། །དེས་ནི་ཐར་པར་འདོད་

པས་སོ། །དེ་ལྟ་ན་ཡང་འདོད་ཆགས་དང་བྲལ་བ་བསྒོམས་པ་དོན་མེད་དོ་ཞེས་བརྗོད་པ་ནི་དེ་ནི་ཇི་ལྟར་ཞེས་བྱ་བའོ། །བདག་དོར་བ་ཉིད་ཀྱིས་བདག་གི་བ་ལ་ཆགས་པ་དང་བྲལ་བ་གྲུབ་པའི་ཕྱིར་དེ་ལ་ཆགས་པ་དང་བྲལ་བ་བསྒོམས་པ་ནི་དོན་མེད་དོ། །འོན་ཏེ་ཡང་རྣམ་

པ་གང་གིས་ཀྱང་བདག་ཡོངས་སུ་མི་འདོར་བ་དེས་ན་ཆགས་པ་དང་བྲལ་བ་བསྒོམ་པ་དོན་དང་བཅས་པ་ཡིན་ནོ་སྙམ་ན། རྣམ་པ་གང་གིས་དོན་མེད་པ། །ཞེས་བྱ་བའོ། །དོན་མེད་ཅེས་བྱ་བ་ནི་མི་ནུས་པའོ། །ཅིའི་ཕྱིར་ཞེ་ན། སྡུག་བསྔལ་ཞེས་གསུངས་སོ། །རྣམ་པ་གཞན་

དུ་སྦྱར་བ་ཞེས་པ་ནི། ཡང་ན་ཞེས་བྱ་བའོ། །གང་ལ་ཞེས་བྱ་བ་ལ་ལྟོས་ནས། དེ་ནི་འདིར་མིན་པ་ཞེས་འབྲེལ་ཏོ། །ཆགས་པ་དང་བྲལ་བའི་ཡུལ་མི་སྤང་ངོ་སྙམ་དུ་དོགས་པའོ། །གཞན་ལ་གྲུབ་པའི་དཔེ་བརྗོད་པ་ནི་བདག་བཞིན་ཞེས་བྱ་བའོ། །བསྒོམ་པ་དོན་མེད་པ་ཉིད་

གསལ་བར་བྱེད་པ་ནི་སྡུག་བསྔལ་བསྒོམས་པས་ནི་ཞེས་བྱ་བའོ། །གལ་ཏེ་དོན་སྤྱོད་མེད་དེ་ལས་ཅིར་འགྱུར་སྙམ་ན། ཅི་ལྟར་ཞེས་བྱ་བའོ། །སྡུག་བསྔལ་བསྒོམས་པས་ཁྱབ་གྲོལ་མ་ཡིན་ནོ། །ཞེས་བྱ་བའི་དོན་ཏོ། །སྡུག་བསྔལ་བསྒོམས་པ་ནི་དངོས་སུ་འདོད་ཆགས་དང་

Vol. 184 · folio 242a

བྲལ་བ་མ་ཡིན་གྱི། འོན་ཀྱང་སྡུག་བསྔལ་དེ་བློ་ལ་གནས་པར་བྱས་པ་ལས་ཡིན་ནོ། །བློ་ལ་གནས་པར་བྱས་པ་དེ་ཡང་གནས་སྐབས་ཀུན་དུ་སྐྱེས་བུ་ལ་ཡོད་པའི་ཕྱིར་སྡུག་བསྔལ་བསྒོམས་པའི་ཉེ་བར་བསྟན་པས་ཅི་བྱ་སྟེ། དེ་དཔྱོད་ཀྱང་

ཤེས་པར་སླ་བའི་ཕྱིར་རོ་ཞེས་སྟོན་པ་ནི་དེ་དག་ཅེས་བྱ་བའི་སྐྱེས་བུ་དེ་དག་ནི་སྡུག་བསྔལ་བསྒོམས་པའི་ཉེ་བར་བསྟན་པས་ཀྱང་སྡུག་བསྔལ་ཉིད་དེ། སྡུག་བསྔལ་གྱིས་སྒྲུབ་པར་བྱེད་པ་དང་། སྡུག་བསྔལ་དང་རྗེས་སུ་འབྲེལ་པ་ཉིད་རྣམ་ཤེས་བྱེད་དེ་ཁོང་དུ་ཆུད་པར་བྱེད་

པ་ཡིན་ན། རང་བཞིན་ཉེ་བར་བསྟན་པ་ལས་སྔར་ཡང་མངོན་སུམ་བྱས་པ་ཉིད་དོ། །དེ་ནས་ཆགས་པ་དང་མ་བྲལ་བ་ཉེ་བར་བསྟན་པས་བྲལ་བར་བྱེད་པ་ཡང་མ་ཡིན་ཏེ། དེ་ཡང་དེ་ཉིད་རྗེས་སུ་བརྗོད་པ་ཙམ་ཡིན་པའི་ཕྱིར་རོ། །སྔར་ནི་ཆགས་པ་དང་བྲལ་བར་གྱུར་པ་དང་། ཆགས་པ་དང་བྲལ་

བའི་ཡུལ་མེད་པའི་ཕྱིར་བསྒོམ་པ་དོན་མེད་པར་བརྗོད་པ་ཡིན་ལ། དེ་ལྟ་ན་ནི་ཆགས་པ་དང་བྲལ་བའི་སྒྲུབ་བྱེད་ཉིད་མེད་པར་བརྗོད་པ་ཡིན་ནོ། །ཁོ་བོ་ཅག་གིས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་ལ་བསམས་ནས་བླང་བྱ་དང་དོར་བྱ་དང་བྲལ་བའི་ཕྱིར་སྟེའུ་ཙན་དན་མཉམ་པ་ཉིད་འདོད་ཆགས་དང་བྲལ་

བར་འགྱུར་བའི་ཕྱིར་བསྒོམ་པ་ཡིན་ནོ། །འདོད་ཆགས་དང་བྲལ་བའི་རྒྱུ་མ་ཡིན་པ་ཉིད་བརྗོད་པ་འདིས་ནི་ཞེས་བྱ་བའོ། །འདི་ཉིད་གསལ་བར་བྱེད་པ་ནི་སྡུག་བསྔལ་བསྒོམ་པ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་མངོན་དུ་བྱེད་པའི་རྒྱུ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་ཞེས་བྱ་

བ་ནི་སྡུག་བསྔལ་མངོན་སུམ་ཉིད་མ་ཡིན་ནའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་སྡུག་བསྔལ་མངོན་སུམ་ཉིད་ཡིན་ཡང་ངོ་། །སྡུག་བསྔལ་བསྒོམ་པ་དོན་དང་བཅས་པར་དོགས་པ་བསུ་བ་ནི་གལ་ཏེ་སྡུག་བསྔལ་ཞེས་བྱ་བའོ། །དེ་བཞིན་དུ་བདེ་བ་བསྒོམས་པས་འདོད་ཆགས་པར་འགྱུར་

རོ་ཞེས་ལན་བཏབ་པ་ནི་དེ་ནི་མེད་དེ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་བདེ་བའི་ཚོགས་རྣམ་པར་ཤེས་པས་སོ། །གལ་ཏེ་འཁོར་བ་པའི་བདེ་བ་མཐའ་དག་ནི་སྡུག་བསྔལ་གྱི་གཞི་ཡིན་པའི་ཕྱིར་ན་སྡུག་བསྔལ་ཉིད་མ་ཡིན་ནམ། འདི་ལྟར་བདེ་བའི་དོན་དུ་སྦྱོར་བ་ནི་དེ་བསྒྲུབ་པ་ལ་སོགས་

Vol. 184 · folio 242b

པས་ཉོན་མོངས་པའི་རྣམ་པར་རྟག་པའི་སྡུག་བསྔལ་ཉིད་ལ་བདེ་བར་མངོན་པར་རློམ་པ་ཡིན་ནོ། །དེས་ན་སྡུག་བསྔལ་བསྒོམས་པ་ནི་དྲང་སྲོང་རྣམས་ཀྱིས་བསྟན་པ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་རབ་ཏུ་ཞི་བའི་ཞེས་བྱ་བའོ། །སྡུག་བསྔལ་བསྒོམས་པས་ནི་འཁོར་བ་པའི་

བདེ་བ་ལ་སྲེད་པར་མི་འགྱུར་རོ་ཞེས་འབྲེལ་ཏོ། །བདག་ཏུ་མངོན་པར་ཞེན་པ་ཅན་ནི་སྡུག་བསྔལ་བསྒོམས་ཀྱང་བདག་ལ་ཞེན་པ་ཡོད་པའི་ཕྱིར་བདག་གི་བར་ཞན་པ་མི་ལྡོག་གོ་ཞེས་ལན་བཏབ་པ་ནི་དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །ཞི་བ་ཐར་པ་ནི་འཁོར་བ་པའི་བདེ་བ་ལ་སྐྱོ་བའི་རྒྱུ་མ་

ཡིན་ནོ། །འོན་ཏེ་རབ་ཏུ་ཞི་བའི་བདེ་བ་ལ་རྟོག་པ་ན་འཁོར་བ་ཉིད་ལས་སྐྱོ་བའི་རྒྱུ་ཡིན་ནོ་སྙམ་ན་དུར་ཁྲོད་ཀྱི་ནི་གནས་ཞེས་བྱ་བའོ། །འདི་ག་ལས་ཤེ་ན། བྱ་རོག་ཅེས་བྱ་བ་སྟེ། བྱ་རོག་ནི་བདག་ཏུ་ལྟ་བ་ལ་མངོན་པར་ཞེན་པ་དང་འདྲ་བ་ཡིན་ནོ། །པདྨའི་ནགས་ནི་ཐར་པ་དང་འདྲ་

བའོ། །མི་གཙང་བའི་གནས་ནི་འཁོར་བ་དང་མཚུངས་སོ། །གལ་ཏེ་བདག་ཏུ་ལྟ་བ་ཅན་ཡང་འགའ་ཞིག་ལ་སྡུག་བསྔལ་གྱི་རྒྱུ་ཉིད་དུ་མཐོང་བའི་ཕྱིར་ན་ཆགས་པ་དང་བྲལ་བར་མཐོང་བ་ཉིད་མ་ཡིན་ནམ་ཞེ་ན། ཚུལ་དེ་ཉིད་ཀྱིས་ཐམས་ཅད་དུ་ཡང་འགྱུར་བ་ཉིད་དོ་ཞེས་བྱ་བའི་གལ་ཏེ་

ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་ནས། གལ་ཏེ་དེ་ལ་ཞེས་བྱ་བས་ལན་འདེབས་སོ། །དེ་ཉིད་གསལ་བར་བྱེད་པ་ནི་འདི་ལྟར་ཞེས་བྱ་བའོ། །ཆགས་པའི་ནུས་པ་ནི་བདག་གི་བར་འཛིན་པའོ། །གཏན་དུ་ནི་འདོད་ཆགས་དང་བྲལ་བ་ནི་མ་ཡིན་ནོ་ཞེས་འབྲེལ་ཏོ། །འཕགས་པའི་

ཤེས་རབ་ཀྱིས་ཞེས་བྱ་བ་ནི། བདག་ཏུ་འཛིན་པ་དང་འབྲེལ་པའི་ཤེས་རབ་གཅད་པར་བྱ་བའི་དོན་དུ་ཁྱད་པར་དུ་བྱས་པའོ། །བླང་བ་དང་དོར་བ་བཅོམ་པའི་རྒྱུ་ནི་བདག་མེད་པར་ལྟ་བ་ཡིན་གྱི། བདག་ཏུ་འཛིན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་གྲངས་ཀྱིས་འདོད་ཆགས་པར་

མཐོང་བ་དེ་ཉིད་མཇུག་བསྡུ་བས་སྟོན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །བདག་ཏུ་སྨྲ་བ་ལ་ནི་ཁམས་གསུམ་པ་ནི་སྤང་བྱ་ཡིན་ལ། བདག་དང་དེའི་ཆོས་ནི་བླང་བྱ་ཡིན་ནོ། །བླང་བར་བྱ་བ་ལ་ཆགས་པ་དེ་ལ་ཡང་ཕན་འདོགས་པར་བྱེད་པ་གཞན་ལ་ལྟོས་པ་དང་བཅས་པའི་ཕྱིར་ན་འདོད་ཆགས་

Vol. 184 · folio 243a

ཀྱི་ས་བོན་ཡིན་པར་བརྗོད་དོ། །དེའི་ཕན་འདོགས་པར་བྱེད་པ་ཉིད་ནི་ཡོད་དམ་མེད་ཀྱང་རུང་སྟེ། དེ་ལ་ལྟོས་པའི་བདག་ཏུ་འཛིན་པ་ཆགས་པའི་ས་བོན་ནི་ཡོད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །བླང་བར་བྱ་བ་ལ་ཆགས་པར་བདག་ཏུ་འཛིན་པའི་མཚན་ཉིད་དེ་ཡང་

གནོད་པར་བྱེད་པ་ལ་སྡང་བའི་རྣམ་པའི་ས་བོན་ཡིན་ནོ་ཞེས་བྱ་བར་ཡང་སྤང་བ་ཤེས་པར་བྱ་བའོ། །ཇི་ལྟར་ས་བོན་སྙམ་ན་རྣམ་གྲངས་ཀྱིས་ཞེས་གསུངས་སོ། །ཡིན་པས་ན་དེ་ཅི་ལྟར་འགྲོལ་ཞེས་ཁོང་ནས་དབྱུང་ངོ་། །གང་ལ་ཞེས་བྱ་བ་ནི་འཆད་པའོ། །དེའི་རྒྱུ་ཅན་གྱི་ཆགས་པ་དང་

སྡང་བ་དེ་ཁོ་ན་བཞིན་དུ་འགྱུར་རོ་ཞེས་བརྗོད་པ་ནི་འདོད་པ་དང་སྡང་བ་ཞེས་བྱ་བའོ། །བླང་བྱ་མེད་པའི་ཕྱིར་ཆགས་པའང་མ་ཡིན་ལ་རྒྱབ་ཀྱིས་ཕྱོགས་པ་ཡང་མ་ཡིན་པའི་ཕྱིར་གང་ཞིག་སུའི་ས་བོན་ཡིན་ཞེས་བརྗོད་པ་ནི། བདག་མེད་པར་ལྟ་བ་ནི་ཞེས་བྱ་བའོ། །དེ་ལྟར་འདོད་ཆགས་དང་

བྲལ་ཀྱང་རྣམ་པ་ཐམས་ཅད་དུ་འདོད་ཆགས་དང་བྲལ་བ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ནི་བདག་ཏུ་ལྟ་བ་ལ་ཆགས་པ་དང་བྲལ་བ་ཉིད་མི་སྲིད་དོ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །ཅི་ལྟར་མི་འཕྲོད་པ་ཉིད་མེད་སྙམ་ན། རེ་ཞིག་ཅེས་སྨོས་སོ། །དམིགས་པའི་

སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་མིག་ལ་སོགས་པ་དང་ཡུལ་ལེ། །གལ་ཏེ་བདག་ཏུ་ལྟ་བ་ཅན་ཡང་ཁམས་གསུམ་པ་ལ་ཆགས་པ་དང་བྲལ་བ་ཡིན་ལ། ཡུལ་གཞན་ཡང་མེད་པའི་ཕྱིར་ཅི་ལྟར་འགའ་ཞིག་འདོད་པའམ། སྡང་བར་འགྱུར་སྙམ་དུ་དོགས་ན། སྟོན་མེད་ཡུལ་ཅན་

ཞེས་བྱ་བའོ། །བདག་ལ་ཆགས་པ་ཡོད་ན་ནི་ཁམས་གསུམ་པ་དེ་ལ་ཕན་འདོགས་པའི་ཆ་དང་ལྡན་པ་ལ། འདོད་ཆགས་དང་བྲལ་བ་ཉིད་མི་འགྲུབ་བོ་ཞེས་བྱ་བ་ནི། བསམ་མེད་བདག་ལ་ཆགས་པ་ཡིས། །ཞེས་བྱ་བ་ལ་སོགས་པས་བཤད་ཟིན་ཏོ་ཞེས་བྱ་བའི་དོན་ཏོ། །འོ་ན་

ནི་ཉེས་པ་དང་ལྡན་པ་ཉིད་ཀྱིས་ན་བདག་གི་བ་ལ་བཞིན་དུ་བདག་ལ་ཡང་རྒྱབ་ཀྱིས་ཕྱོགས་པར་འགྱུར་རོ་སྙམ་པའི་བསམ་པས་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ནི་བདག་གི་བ་ལའོ། །སྐྱོན་མེད་པ་འབའ་ཞིག་ཏུ་ནི་མ་ཟད་དེ་སྐྱོན་བཅས་ཀྱང་ཡིན་ནའོ། །ད་ནི་ཞེས་བྱ་

Vol. 184 · folio 243b

བ་ནི་ལན་ནོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པའི་ཆ་རྣམ་པར་འགྲེལ་བའོ། །བདེ་བ་ཡིན་ཞེས་བྱ་བ་ནི་གྲུབ་པའི་མཐའི་ཆ་བཤད་པའི་དོན་དུ་འདྲི་བའོ། །གཞན་གྱི་ལན་སྡུག་བསྔལ་གྱི་རྒྱུ་ཉིད་དོ་ཞེས་བྱ་བའོ། །གྲུབ་པའི་མཐའ་སྨྲ་བས་རྣམ་གྲངས་ཀྱི་ཞེས་གསུངས་སོ། །

རེས་འགའ་ཞེས་བྱ་བ་ནི་དོགས་པའོ། །དེ་ནི་ཞེས་བྱ་བ་ནི་ལན་ནོ། །བདག་ནི་ཞེས་བྱ་བ་ནི་གཞན་གྱིའོ། །བདག་གི་བ་ལ་ཡང་ཞེས་བྱ་བ་ནི་ལན་འདེབས་པའོ། །བདག་གི་བ་དོར་བར་དོགས་པ་བསུ་ནས་ཟློག་པར་བྱེད་པ་ནི་ཉེས་པ་ཡིན་པའི་ཕྱིར་དང་ཞེས་བྱ་བའོ། །ཇི་ལྟར་ལོག་པ་ཡིན་སྙམ་

དུ་དོགས་ན། གང་དང་གང་གི་ཚེ་ཞེས་གསུངས་སོ། །དེ་ནི་བདག་གི་བའོ། །ཅི་ལྟར་གཏན་དུ་མི་འདོད་སྙམ་ན། ཅི་ལྟར་ངེས་པས་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་དགོས་པའོ། །དེ་ལྟ་ན་ནི་ཞེས་བྱ་བ་ནི་ཕན་ནོ། །གལ་ཏེ་བདེ་བ་སྡུག་བསྔལ་བསྐྱེད་པའི་ཕྱིར་འདོད་ན། འོ་ན་སྡུག་བསྔལ་བདེ་བའི་སྐྱེད་བྱེད་ཡིན་པའི་ཕྱིར་

བླང་བྱར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་གི་བ་ལ་ཞེན་པ་ནི་ཉེས་པ་མཐོང་བས་འདོད་པ་མ་ཡིན་ཏེ་ཡོན་ཏན་མཐོང་བས་མ་བསྐྱེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །ཉེས་པ་མཐོང་བ་ནི་བསྒོམ་པས་བསྐྱེད་པའི་ཉེས་པ་མཐོང་བའོ། །སོ་སོའི་ལུས་ལ་སོགས་པ་དག་ལ་

ཡོན་ཏན་མཐོང་བས་བསྐྱེད་པ་ནི་མ་ཡིན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་རོ་ཞེས་བཤད་པ་ནི། དེ་ལྟར་ཞེས་བྱ་བ་ཡོན་ཏན་མཐོང་བས་བསྐྱེད་པའོ། །དེ་ནི་ཞེན་པའོ། །བྱིས་སོགས་ལ་ཞེས་བྱ་བ་ནི་ལྡོག་པ་མེད་པའོ། །ཡོན་ཏན་ལས་སྐྱེས་པ་ཡང་མ་ཡིན་ཏེ། ལྡོག་པ་མེད་པའི་ཕྱིར་རོ་

ཞེས་བཤད་པ་ནི། སྐྱོན་ལྡན་ལ་ཡང་ཞེས་བྱ་བའོ། །རྗེས་སུ་འགྲོ་བ་མེད་པ་བརྗོད་པ་ནི་ཡོན་ཏན་ལྡན་པ་ཞེས་བྱ་བའོ། །གཞན་དག་ལ་ནི་གཞན་གྱི་ལུས་དང་དབང་པོ་ལ་སོགས་པའོ། །བདག་གི་ཡང་ཡོན་ཏན་དང་ལྡན་པ་འདས་པ་དང་མ་སྐྱེས་པ་ལ་མེད་པའི་ཕྱིར་ཞེས་རྗེས་སུ་འགྲོ་བ་མེད་པར་བཤད་པ།

སྔར་བདག་གི་བར་གྱུར་པ་ལས་གང་གི་ཚེ་འདས་པར་གྱུར་པ་དེ་ལ་བདག་ཏུ་ཞེན་པ་མེད་པའི་ཕྱིར་ཏེ་བྲལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡོན་ཏན་མཐོང་བས་བསྐྱེད་པ་མ་ཡིན་ནོ། །འོ་ན་ཅིས་བསྐྱེད་པ་ཡིན་སྙམ་དུ་དོགས་པ་བསུ་ནས། བདག་གི་བ་བློ་བཅོམ་པས་འདི་འདོར་བ་ཡིན་གྱི་བཟློག་

Vol. 184 · folio 244a

པས་མིན་ཞེས་བྱ་བར་བསམས་ནས། འོན་ཀྱང་ཞེས་བྱ་བའོ། །བདག་གི་བའི་བློ་ཡོན་ཏན་མཐོང་བ་ལས་བྱུང་བ་ནི། སྡུག་བསྔལ་བསྒོམས་པས་བསྐྱེད་པའི་ཉེས་པ་མཐོང་བས་མེད་པར་འགྱུར་རོ་ཞེས་དོགས་པ་བསུ་བ་ནི། དེ་ལྟ་ན་ནི་ཞེས་བྱ་བའོ། །ཞེན་པ་བཞིན་དུ་

བདག་གི་བློའི་རྒྱུ་ཡང་ཡོན་ཏན་མཐོང་བ་མ་ཡིན་ནོ་ཞེས་ལན་འདེབས་པ་ནི། དེ་ཉིད་ཕྱིར་ན་ཞེས་བྱ་བའོ། །སྐྱོན་ལྡན་ལ་ཡང་ཡོད་ཕྱིར་དང་། །ཞེས་བྱ་བ་ལ་སོགས་པའི་ཕྱིར་རོ། །བདག་གི་བའི་བློ་དེ་ཡང་ཡོན་ཏན་མ་ཡིན་པ་མཐོང་བ་ཉེས་པ་མཐོང་བས་སྤོང་བ་མ་ཡིན་ནོ། །བདག་མེད་

པ་མཐོང་བ་ཁོ་ནས་སྤོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཕྱིར་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་ཉེས་པ་དང་ལྡན་པ་ཞེས་བྱ་བའོ། །ལྷག་མ་ནི་གསལ་བའི་ཕྱིར་རྣམ་པར་མ་བཀྲལ་ཏོ། །ཕྱིར་ལ་ཡོན་ཏན་མཐོང་བ་ཉིད་བདག་གི་བའི་བློ་དང་ཞེན་པ་དག་ལས་སྐྱེ་བ་ཡིན་ནོ་ཞེས་བརྗོད་པ་ནི་གཞན་

ཡང་ཞེས་བྱ་བའོ། །ཞེན་པའི་རྒྱུ་ནི་བདག་གི་བར་འཛིན་པ་ཡིན་ལ་དེ་དང་འགལ་བ་མེད་པ་སྡུག་བསྔལ་བསྒོམ་པ་བསྒྲུབས་བས་ནི་དེའི་འབྲས་བུ་ཞེན་པ་ལ་མི་གནོད་དོ་ཞེས་མཇུག་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་འཆད་པའོ། །དེ་ནི་ཉེས་པ་མཐོང་བའོ། །མི་རྙེད་

པ་ཅིའི་ཕྱིར་སྙམ་ན། གང་གི་ཕྱིར་ཞེས་བྱ་བའོ། །ཉེས་པ་མཐོང་བ་དང་འགལ་བ་ཡོན་ཏན་མཐོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ལན་ནོ། །འོ་ན་ཅི་ལྟར་བདག་ཏུ་ལྟ་བ་ཅན་རྣམས་ཀྱི་ཞེན་པའི་གནོད་པ་ཅི་ལྟར་འགྱུར་སྙམ་ན།

དེ་ནི་ཞེས་བྱ་བའོ། །དེ་ལྟར་གྱུར་ན་ཅི་སྐྱོན་སྙམ་ན། དེ་ལྟ་ན་ཡང་ཞེས་གསུངས་སོ། །ཞེན་པས་ཞེན་པ་གཞན་ལ་གནོད་པར་གྱུར་པ་ནའོ། །དེ་ལྟར་ཡིན་ཞེས་བྱ་བ་ནི་ཉེས་པ་མཐོང་བ་གཅོད་བྱེད་ཡིན་ནའོ། །ཉེས་པ་མཐོང་བ་འདིའི་ནི་གནོད་བྱེད་དེ་ཉིད་དེ། བཟློག་པར་བྱ་བའི་ཞེན་པས་བསྐྱེད་

པ་ཉིད་ཟློག་པར་བྱེད་པའི་ཞེན་པ་ལ་ཡིན་ནོ། །དེ་ལས་ཅིར་འགྱུར་སྙམ་ན། སྤྲོས་པ་ཡིན་ནོ། །ཉེས་པ་མཐོང་བ་ཞེས་འབྲེལ་ཏོ། །ཡོན་ཏན་མཐོང་ན་ཡང་ག་ལ་ཡོད་སྙམ་དུ་དོགས་པའོ། །འོན་ཏེ་ཡུལ་སྔ་མ་ལ་བྱུང་བ་ལྡོག་གོ། །སྐྱོན་གྱི་རྒྱུ་ནི་མ་ཡིན་ནོ་སྙམ་ན། མ་ཡིས་ཞེས་

Vol. 184 · folio 244b

གསུངས་སོ། །དེའམ་གཞན་དུ་ཡང་རུང་སྟེ། ཞེན་པ་མི་མཐོང་བ་གནོད་པས་ཡོན་ཏན་མཐོང་བའི་ཕྱིར། ཡོངས་སུ་མ་སྤངས་པ་འཁོར་བ་པ་ཉིད་ཀྱི་མཚན་འཆི་བ་དང་མཚུངས་པ་ལ་ཁྱད་པར་ཅི་ཡོད། ཇི་ལྟར་མའམ་གཞན་གྱིས་ཟོས་པ། གཞན་གྱིས་ཟོས་

པ་ལ་འཆི་བ་ལ་ལྟོས་ནས་ཁྱད་པར་འགའ་ཡང་མེད་པ་བཞིན་ནོ། །ཨེ་ཏིའི་སྒྲ་ཁོང་ནས་ཕྱུང་བའི་དོན་བསྟན་པ་གསུངས་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །རང་བཞིན་ནི་ལུས་ལ་སོགས་པ་བདག་མ་ཡིན་པའོ། །སྐྱེས་བུ་ནི་བདག་གོ། །དེ་གཉིས་ཀྱི་བྱེ་བྲག་ནི་ཐ་དད་པ་སྟེ། དེ་ཡོངས་སུ་

ཤེས་པ་ལས་ཐར་བར་འགྱུར་བ་ཡིན་ནོ། །དེ་མ་ཤེས་པ་ནི་དེ་དང་འགལ་བའི་ཕྱིར་རོ། །དེ་མ་ཤེས་པ་ནི་ཞེན་པ་ལ་སོགས་པའི་སྒྲུབ་བྱེད་ཡིན་པའི་ཕྱིར་འཁོར་བའི་རྒྱུ་ཡིན་ནོ་ཞེས་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །རང་བཞིན་གཞན་དུ་ནི་སྐྱེས་བུ་ལས་རང་བཞིན་ཐ་དད་པར་རོ། །ཅི་ལ་སྡུག་བསྔལ་

ཤེས་པ་ཐར་པའི་ཡན་ལག་མ་ཡིན་པའི་ཕྱིར་ན། མ་རྟོགས་པ་དང་རྟོགས་པར་བླ་བའི་ཕྱིར། ཉེ་བར་བསྟན་པར་བྱ་བ་དེ་བཞིན་དུ། བདག་ཐ་དད་པར་ཤེས་པ་ཡང་ཡིན་ནོ་ཞེས་ལན་ལྡོན་པ་ནི། མཆོག་གཞན་ཞེས་བྱ་བའོ། །ལུས་དང་དབང་པོ་ལ་སོགས་པའི་ཚོགས། བདག་མེད་ལ་བདག་ཉིད་དུ་

བཟུང་ན་སྤོང་བར་སྤྲོ་བ་ཉིད་མེད་དེ། དེས་ན་དེ་དེ་ལ་འདི་ནི་བདག་མ་ཡིན་ནོ་ཞེས་བདག་མ་ཡིན་པ་ཉིད་དུ་ཉེ་བར་སྟོན་པ་མ་ཡིན་ནོ། །བདག་མེད་པར་ལྟ་བ་ཉིད་ཐར་པའི་རྒྱུ་ཡིན་པའི་ཕྱིར་རོ། །བདག་ཐ་དད་པར་ཤེས་པ་ནི་མ་ཡིན་ཏེ། དེ་ལས་ཟློག་པའི་ཕྱིར་རོ། །གང་གིས་ཁྱད་པར་མཐོང་བ་ནི་ཞེན་པ་

བཟློག་པ་ལས་ཐར་བར་འགྱུར་ན། གཅིག་ཏུ་མཐོང་བས་ནི་ཞེན་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། བདག་ལ་ཆགས་པ་དེ་ཞེས་བྱ་བའོ། །དམིགས་པ་ལོངས་སྤྱོད་ཀྱི་ནང་གི་ཡན་ལག་དབང་པོ་ལ་སོགས་པ་ཉེ་བར་གནས་པའི་སྒྲུབ་བྱེད་དག་ལའོ། །ཐ་དད་པ་མཐོང་བ་ནི་མི་རྟག་པ་ཉིད་མཐོང་

བའོ། །དབང་པོ་ལ་སོགས་པ་མི་རྟག་པ་ཉིད་ཡིན་ཡང་། བདག་གི་རང་བཞིན་ལས་ཐ་དད་པར་རྟོགས་པར་ཇི་ལྟར་འགྱུར་སྙམ་ན། རྗེས་སུ་འགྲོ་བ་དང་ཞེས་གསུངས་སོ། །འདི་ཉིད་གསལ་བར་བྱེད་པ་ནི་བདག་གི་ཞེས་བྱ་བའོ། །བདེ་བ་ལ་སོགས་པ་ཞེས་སོགས་པའི་སྒྲས་ནི་དབང་པོ་ལ་

Vol. 184 · folio 245a

སོགས་པའོ། །ལྡོག་པ་ནི་གཙོ་བོ་ཡོངས་སུ་གྱུར་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་རང་བཞིན་དང་སྐྱེས་བུ་ཐ་དད་པ་ཉིད་དོ། །དེ་ལྟ་ཡིན་ན་ཐར་པ་མེད་དོ་ཞེས་བྱ་བ་ནི། རྣམ་པར་དབྱེ་བའི་ངེས་པ་མེད་ན། ཐ་དད་པའི་ཉེ་བར་བསྟན་པ་ཚད་

མས་འཐད་པ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་སྐྱེ་བོ་རྣམས་ལ་ཐ་དད་པའི་བློ་ཡོད་པ་ཉིད་ཡིན་པའི་ཕྱིར་ན། དེ་ཉེ་བར་བསྟན་པར་མི་རིགས་སོ། །དེ་བསྒོམས་པས་ནི་དངོས་སུ་རྣམ་པར་དབྱེ་བ་མཐོང་བར་ཡང་མི་འཐད་དོ་ཞེས་བརྗོད་པ་ནི་བདེ་བ་དོན་དུ་གཉེར་བ་ཞེས་བྱ་

བ་སྟེ། བདག་ལ་ཞེན་པར་དོན་དུ་གཉེར་བའོ། །ཅིའི་ཕྱིར་གུས་པ་མེད་སྙམ་ན། བདེ་བ་ལ་སོགས་པ་དང་ཞེས་གསུངས་སོ། །དེའི་ཕྱིར་གཅིག་ཉིད་མཐོང་བས་ཀྱང་ཞེས་བྱ་བ་ལ་སོགས་པ་འཆད་པས་ཀྱང་། བདག་ནི་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །

སྔར་གཅིག་ཀྱང་སྤྲོ་བའི་དུས་ན་གཙོ་བོ་དང་གཅིག་པར་སློབ་པ་ཡིན་ནོ་སྙམ་དུ་བསམས་པའོ། །ཕྱེད་དང་པོ་འཆད་པ་ནི་གཙོ་བོའི་ནང་དུ་ཞེས་བྱ་བའོ། །ཡུལ་ཉིད་ཀྱི་གཙོ་བོ་ནང་དུ་ཞུགས་པ་ཡོད་པ་ཉིད་དོ་ཞེས་བརྗོད་པ་ནི། གལ་ཏེ་ཡུལ་ཉིད་ཅེས་བྱ་བའོ། །བློ་མེད་པར་ཡང་ཞེས་བྱ་བ་ནི་སྤྲོས་པ་ལས་སྔར་རོ། །ཕྱེད་ཕྱི་མ་

འཆད་པ་ནི་སྐྱེས་བུ་རྣམས་ཀྱི་ཞེས་བྱ་བའོ། །བློ་དང་འདོད་པ་དག་ནི་གཙོ་བོ་ལས་མ་ཡིན་གྱི། འོན་ཀྱང་ཐོག་མ་མེད་པའི་བག་ཆགས་ལས་ཡིན་ནོ། །དེས་ན་ཕན་ཚུན་བསྟེན་པའི་ཉེས་པ་མེད་དོ་སྙམ་དུ་དོགས་པ་ལ། གལ་ཏེ་དེ་ལྟ་ན་བདེ་བ་དང་སྡུག་བསྔལ་དག་ཀྱང་དེ་ལྟར་འགྱུར་བའི་ཕྱིར་གཙོ་བོ་སྤྲོས་

པའི་རྒྱུ་མ་ཡིན་ནོ་ཞེས་བརྗོད་པ་ནི་ཐོག་མེད་བག་ཆགས་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་བདག་གིས་བག་ཆགས་ཀྱང་བདག་ལས་ཐ་དད་པའམ་ཐ་མི་དད་པ་ཞིག་ཏུ་འགྱུར་ན། ཐ་དད་པའི་ཕྱོགས་ལ་བརྗོད་པ་ནི་གཙོ་བོའི་ཞེས་བྱ་བའོ། །ཐ་དད་པའི་ཕྱོགས་ལ་བརྗོད་པ་ནི་

དེའི་ཕྱིར་ཞེས་བྱ་བའོ། །དེ་ནི་བག་ཆགས་སོ། །ཞེ་སྡང་ཡང་འདོད་ཆགས་དང་འབྲེལ་པ་སྒྲུབ་པར་བྱེད་པའི་ཕྱིར་ཉེས་པ་མ་ཡིན་ནོ་སྙམ་ན། ཆགས་བྲལ་མ་ཡིན་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། དེ་ཚེ་ཡང་ཞེས་གསུངས་སོ། །ད་ལྟར་བའི་བདེ་བའི་དུས་སུ་ཡང་ངོ་། །

Vol. 184 · folio 245b

སྐབས་གཞན་ནི་བདེ་བའི་སྒྲུབ་བྱེད་དེ་དེ་ཚོལ་བའི་ཕྱིར་རོ། །ཞེ་སྡང་སྐྱེད་པས་དབང་དུ་བྱས་པའི་འགལ་བའི་རྒྱུད་ལ། གནས་སྐབས་གཞན་ཚོལ་པས་འདོད་ཆགས་འབྱུང་བར་ཇི་ལྟར་འགྱུར་སྙམ་ན། ཞེ་སྡང་ནི་སྡུག་བསྔལ་གྱི་རྒྱུ་ཅན་ཡིན་ཏེ། སྐྱེད་བྱེད་ཅན་ཡིན་ཏེ།

དེ་ཡིན་པའི་ཕྱིར་རོ། །དེ་ནི་ཞེ་སྡང་ངོ་། །དེ་ཙམ་དུ་སྟེ། སྡུག་བསྔལ་བསྒོམ་པ་ཙམ་དུ་གནས་ཏེ། རྣམ་པར་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལོག་ན་ནི་འགལ་བ་མེད་པའི་ཕྱིར་འདོད་ཆགས་འབྱུང་བ་ཁོ་ནའི་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་གང་ཕྱིར་གྱི་དོན་

ཏོ། །དོན་དམ་པ་ནི་འཆད་པར་འགྱུར་བའོ། །ཞེ་སྡང་སྡུག་བསྔལ་རྒྱུ་ཅན་ཕྱིར། །ཞེས་བྱ་བ་བཤད་པའི་ཕྱིར། ཕྱོགས་སྔ་མ་འགོད་པ་ནི། ཞེ་སྡང་གཏན་དུ་ཞེས་བྱ་བའོ། །སྡང་བ་ཉིད་དུ་ག་ལ་འགྱུར་ཏེ་མི་འགྱུར་བའོ། །འདོད་ཆགས་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་འདི་

སྡུག་བསྔལ་དང་ཞེ་སྡང་དང་རྗེས་སུ་འབྲེལ་པའི་ཕྱིར་འདི་ནི་ཐར་པ་ཉིད་མ་ཡིན་ཏེ། དེ་ནི་སྡུག་བསྔལ་གཏན་ལྡོག་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བཤད་པ་ནི་སྡུད་དང་སྡང་བས་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་འགྲེལ་འཇུག་པའོ། །ཐར་པ་ནི་སྐྱེ་བའི་རང་བཞིན་

ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་བརྗོད་པ་ནི་འཁོར་བ་ལས་ཡིད་མ་བྱུང་བའི་ཞེས་བྱ་སྟེ། ཐར་པའི་མཚན་ཉིད་ཀྱི་དོན་དང་ལྡན་པ་ནི་མི་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཅིར་འགྱུར་སྙམ་ན། སྡུག་བསྔལ་གྱིས་གདུངས་ཞེས་བྱ་བའོ། །དེས་ན་ཁྱེད་ཀྱིས་རྣལ་འབྱོར་པ་ཡང་

སྡུག་བསྔལ་གྱིས་ཟིལ་གྱིས་ནོན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་གལ་ཏེ་སྡུག་བསྔལ་ལ་ཆགས་པ་འདོད་ཆགས་དང་བྲལ་བ་མ་ཡིན་ལ་དེའི་སྒྲུབ་པར་བྱེད་པ་ཡང་མ་ཡིན་ན། དེ་ཅི་ཡིན་སྙམ་ན། བླང་དང་ཞེས་བྱ་བའོ། །བདག་མེད་པར་མཐོང་བས་དེ་ལ་ཕན་འདོགས་པ་མེད་པའི་ཕྱིར་ནི་ལེན་པ་

མེད་ལ། གནོད་པར་བྱེད་པ་མེད་པས་ན་འདོར་བ་མེད་པ་ནི་སྙམ་སྙོམ་ཅན་འདོད་ཆགས་དང་བྲལ་བ་ཡིན་ནོ། །གལ་ཏེ་གནས་སྐབས་འདི་གོམས་པས་དེའི་བདག་ཏུ་གྱུར་པ་ཐར་པར་འདོད་པ་མ་ཡིན་ནམ། འདིས་ཕན་འདོགས་པར་མ་མཐོང་ན་གོམས་པར་ཇི་ལྟར་བྱེད་ཅེ་ན། ཅི་ལྟར་གོམས་པར་མི་བྱེད།

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words