ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ
Sanskrit title (Tibetan script, as in the text) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 185 · folio 53a
རྟོགས་པར་བྱེད་པའི་ཁྱབ་བྱེད་ནི་དེ་ཙམ་ལས་མི་འབྱུང་བ་ཡིན་ལ། དེ་དང་འགལ་བ་ནི་དེ་ཙམ་ལས་བྱུང་བ་ཉིད་ཡིན་ཏེ། དེས་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་མ་གྲུབ་པར་དོགས་པ་བསུ་བ་ནི། བ་ལང་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །འོ་ན་
མི་སྐྱེ་བ་ཇི་ལྟར་ཡིན་ཞེ་ན། བག་ཆགས་སད་བྱེད་དེ་མིན་པས། །ཞེས་བྱ་བ་སྟེ། རྟ་དེ་མིན་པས་སོ། །ཕྱེད་ཕྱི་མ་འཆད་པ་ནི་རྟ་དེ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་རྟ་དེ་མི་ཕྱེད་པ་སྙམ་ན། དེ་ཉིད་ལ་ཞེས་བྱ་བ་སྟེ། ནོག་ལ་སོགས་པ་དང་ལྡན་པ་ཉིད་ལས་སོ། །ཕྱེད་སྔ་མ་འཆད་པ་ནི་བ་ལང་ཉིད་མེད་པ་
ལས་ནི་ཞེས་བྱ་བ་སྟེ། དེ་ལ་བ་ལང་ཉིད་ཀྱི་བློ་ཞེས་འབྲེལ་ཏོ། །འོ་ན་དེ་ལ་བ་ལང་གི་བློ་མེད་པ་ཅིའི་ཕྱིར་ཞེ་ན། འོན་ཀྱང་ཞེས་བྱ་བའོ། །བ་ལང་གི་ཚོགས་ལ་ཡང་གོང་བུ་བཞིན་དུ་རྟ་ལ་སོགས་པ་དང་མི་མཐུན་པ་རྗེས་སུ་འགྲོ་བའི་རང་བཞིན་ནི་མཐོང་བ་ལ་སྣང་བ་མ་ཡིན་ནོ་ཞེས་བཤད་པ་ནི། གང་གིས་
ཞེས་བྱ་བ་སྟེ་རྟོགས་པ་ཉིད་ཀྱིས་སོ། །དེ་ཡོད་དམ་ཞེས་བྱ་བ་ནི་བ་ལང་གི་ཚོགས་ལའོ། །མ་ཡིན་ཞེས་བྱ་བ་ནི་རྟ་ལ་སོགས་པ་ལ་སྟེ། དེ་ལྟར་རྣམ་པར་གཞག་པའི་བྱ་བའོ། །གང་གི་ཕྱིར་དེ་ལྟར་རྟོགས་པ་ལས་སྔ་ཕྱིར་ཡོད་པ་ཉིད་མ་ཡིན་པ་དེའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་ཡང་
མ་གྲུབ་པར་དོགས་པ་བསུ་བའོ། །དོན་དམ་པ་ནི་དངོས་པོའོ། །ཕན་ཚུན་ཞེས་བྱ་བ་ནི་ལན་ནོ། །ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་ནི་རྣམ་པར་རྟོག་པའི་བློ་ཕན་ཚུན་ལྡོག་པ་ཡིན་གྱི་གསལ་བ་ནི་རང་གི་རྒྱུའི་སྟོབས་ལས་ཕན་ཚུན་ལྡོག་པར་སྐྱེ་བ་ཡིན་ནོ། །དེས་ན་གྲུབ་པ་ཉེ་བར་འཇུག་པའི་
ཕྱིར་ཅི་ཞིག་བྱ། གལ་ཏེ་རྟོགས་པར་བྱ་བ་ཡོད་པ་ལ་བློ་མི་ལྡོག་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་འོན་ཀྱང་རྟོགས་པར་བྱ་བའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བརྗོད་པ་གལ་ཏེ་ཞེས་བྱ་བའོ། །བསལ་བར་བྱ་བས་ན་བསལ་བ་སྟེ་སྤྱིའོ། །གལ་ཏེ་དེ་མེད་
ཀྱང་མི་འགྱུར་གྱི། འོན་ཀྱང་དེ་ཡོད་པ་ཉིད་ན་དེ་ཡོད་པ་ཡིན་ན་ནི། དེའི་ཚེ་ནུས་པ་མེད་པར་མི་འགྱུར་རོ། །གལ་ཏེ་ཐམས་ཅད་ལ་བློ་ཡོད་ན་རྟོགས་པར་བྱ་བ་ཡང་ཐམས་ཅད་ནི་ཡོད་པར་འགྱུར་རོ་ཞེས་དོགས་པ་བསུ་བ་ནི་དེ་ནི་སྤྱི་ནི་ཞེས་བྱ་བའོ། །རབ་རིབ་ཅན་གྱིས་ཞེས་བྱ་བ་ནི་ལན་ནོ། །དེ་ལྟ་བུ་
Vol. 185 · folio 53b
ཁོ་ནར་ནི་ཁྱབ་པ་ཉིད་དུའོ། །སྤྱི་དེ་ལ་ཡང་གཞན་གྱིས་མཐོང་བའི་ཕྱིར་ཁྱབ་པར་བྱེད་པ་མ་ཡིན་པ་ཞེས་བྱ་བའི་སྐྱོན་དུ་འགྱུར་རོ། །དེ་ཡོད་པ་ནི་འབད་རྩོལ་ལ་སོགས་པ་ཡོད་ནའོ། །རབ་རིབ་ཅན་གྱིས་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་རབ་རིབ་ཉམས་པའི་རྒྱུ་ཡིན་པའི་ཕྱིར་ན་དེ་ཁོ་ན་མ་ཡིན་པ་
དམིགས་པར་བྱེད་པ་ཉིད་ཡིན་པ་དེ་བཞིན་དུ་ཕྱིན་ཅི་ལོག་གི་འདུ་བྱེད་སད་པ་ཡང་ནང་གི་བྱེད་པ་ཉམས་པའི་རྒྱུ་ཡིན་པའི་ཕྱིར་ན་དེ་ཁོ་ན་མ་ཡིན་པ་དམིགས་པར་བྱེད་པ་ཡིན་ནོ་ཞེས་གསུངས་པ་ནི་གཞན་ཡང་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་སྡུད་པའོ། །དོགས་པ་ལྷག་པ་བསུ་བ་ནི། དོན་བྱ་བ་
གྲུབ་པ་ཞེས་བྱ་བའོ། །སྒྲ་ལ་སོགས་པ་ལ་དོན་བྱ་བ་གྲུབ་པ་མེད་པས་ན། མི་བདེན་པའི་ཕྱིར་དབང་པོ་ཉམས་པར་གྲུབ་པ་དེས་ན་ཕན་ཚུན་བསྟེན་པའི་ཉེས་པ་མེད་དོ་ཞེ་ན། ལན་དུ་འདི་ནི་བརྗོད་མ་ཐག་པའི་སྤྱི་ལ་ཡང་མཚུངས་ཏེ། དོན་བྱ་བ་མེད་པས་མི་བདེན་པ་ཡིན་ལ། དེ་ལས་ནི་སྤྱིའི་
འཛིན་པའི་ཤེས་པ་ཉམས་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེས་ན་ཞེས་བྱ་བའི་དོན་བརྗོད་པ་ནི། ཤེས་པ་ཙམ་ལ་ཡང་ཞེས་བྱ་བའོ། །དེས་ཞེས་བྱ་བ་ནི་སྤྱིའི་བློ་ནང་གི་བྱེད་པ་ལས་བྱུང་བར་བསྟན་པས་སོ། །རྩོལ་བ་ནི་དྲན་པའི་ནུས་པའོ། །སོགས་པའི་སྒྲས་ནི་མ་འོངས་པ་ལ་སོགས་པས་
བསྡུའོ། །དེ་དག་ཉིད་ནང་གི་ཡན་ལག་སྟེ། ཉེ་བར་གནས་པའི་རྒྱུ་ཡིན་ནོ། །དེ་དག་རྗེས་སུ་འཇུག་པ་ནི་རྗེས་སུ་བྱེད་པ་སྟེ། དེའི་ཕྱིར་ན་བློ་ནང་གི་བྱེད་པ་ལས་བྱུང་བར་བཤད་པ་ཡིན་ནོ། །སྤྱི་ནི་འདོགས་པ་ཉིད་ཀྱིའོ། །གྲངས་སོགས་ཞེས་བྱ་བ་ནི་སོགས་པའི་སྒྲས་བཤད་པ་འདི་ལའོ་ཞེས་བྱ་བ་
ལ་སོགས་པའི། གལ་ཏེ་རྣམ་པར་དབྱེ་བ་མེད་པའི་རྫས་ཁོ་ན་སྣང་བ་མ་ཡིན་ནམ། རྡུལ་ཕྲ་རབ་རྣམས་ནི་སོ་སོར་དབང་པོ་ལས་འདས་པས་ན། ཚོགས་པ་རྣམས་ཀྱང་དབང་པོ་ལས་འདས་པའི་ཕྱིར་རོ། །དེས་ན་གཅིག་ཏུ་མངོན་པར་ཞེན་པའི་རྫས་ཀྱི་བློ་སྣང་གི་བྱེད་པ་ཙམ་ལ་རག་ལས་པ་ཇི་
ལྟར་ཡིན་སྙམ་དུ་དོགས་པ་བསུ་བ་ནི། ནང་བྱེད་པ་ཙམ་ལ་རག་ལས་པར་བསྟན་པའི་དོན་དུ་གཟུགས་ཅན་མ་ཡིན་པ་ལ་སོགས་པའི་རང་བཞིན་ཅན་སྣང་བ་ཉིད་དུ་ཁས་བླངས་པའི་རྫས་ལ་ནི་མ་དམིགས་པས་གནོད་དོ་ཞེས་བརྗོད་ན་ནི། འདི་ལྟར་ཞེས་བྱ་བའོ། །གཟུགས་མེད་པ་ལ་སོགས་པའི་
Vol. 185 · folio 54a
རང་བཞིན་ནི། རྣམ་པར་རྟོག་པ་དང་བཅས་པ་འམ། རྟོག་པ་མེད་པའི་མངོན་སུམ་ལ་སྣང་བ་མེད་དེ། གསལ་བ་དང་། མི་གསལ་བ་ཉིད་དུ་གཟུགས་ལ་སོགས་པ་ཁོ་ན་སྣང་བའི་ཕྱིར་རོ། །དེས་ན་ཡན་ལག་ཅན་ནི་སྲིད་པ་མ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་ནི་སོ་སོར་
དབང་པོ་ལས་འདས་པ་ཡིན་ཡང་། ཚོགས་པ་རྣམས་ཕན་ཚུན་ཕན་འདོགས་པས་མངོན་སུམ་ཉིད་དུ་འགྱུར་བའི་ཕྱིར་དབང་པོ་ལས་འདས་པ་མ་ཡིན་ནོ། །ཇི་ལྟར་རབ་རིབ་ཅན་ལ་སྐྲ་གཅིག་ལ་མངོན་སུམ་མ་ཡིན་ཡང་། མང་པོ་རྣམས་ནི་ཕན་ཚུན་ཕན་འདོགས་པས་མངོན་སུམ་མ་ཡིན་ནོ། །
རབ་རིབ་མེད་པ་ལ་སྐྲ་རེ་རེ་མངོན་སུམ་དུ་འགྱུར་བ་ནི་རབ་རིབ་ཅན་ལ་ཕན་པ་མ་ཡིན་ནོ། །ཕན་པ་ཡིན་ལ་ཡང་ཕྲ་རབ་རྣམས་ཀྱི་རྣལ་འབྱོར་གྱི། མངོན་སུམ་ཡིན་པ་ཉིད་ཀྱང་བདག་ཅག་ལ་སོགས་པ་ཉེ་བར་མཁོ་བར་འགྱུར་རོ། །དེ་བས་ན་རབ་རིབ་ཅན་གྱིས་སྐྲ་ཤད་མངོན་སུམ་ཉིད་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་
རབ་རྣམས་མངོན་སུམ་ཉིད་ཡིན་པ་མི་འགལ་ལོ། །འདི་སྐད་དུ་ཡང་འགལ་བ་ཡང་ཅི་ཡོད་ཅེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །དེས་ན་བུམ་པའི་བདག་ཉིད་ཀྱི་རྫས་ལ། བུམ་པའི་བློ་རྗེས་སུ་འགྲོ་བ་དང་ལྡོག་པ་མ་ཡིན་ཏེ། དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །ནང་གི་བྱེད་པ་ཙམ་ལ་རག་ལས་
པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡན་ལག་ཅན་མ་ཡིན་ན་ཇི་ལྟར་དམིགས་ཤེ་ན། མིག་ལ་སོགས་པའི་བློས་ནི། ཞེས་གསུངས་སོ། །གལ་ཏེ་གཟུགས་ལ་སོགས་ལ་བུམ་པ་དང་སྣམ་བུ་གཉིས་ལ་ཁྱད་པར་མེད་པའི་ཕྱིར། གཅིག་ཁོ་ན་ལ་བུམ་པའི་བློ་ཇི་ལྟར་འགྱུར་སྙམ་ན། རང་གི་རྒྱུའི་མཐུ་
ལས་ཡུལ་དེ་དང་དེར་ཁྱབ་པས་མི་འདྲ་བ་ཉིད་དུ་སྐྱེས་པའི་གཟུགས་ལ་སོགས་པ་ཁྱད་པར་ཅན་གྱི་དོན་བྱ་བ་བྱེད་པ། བརྡའི་ཁྱད་པར་གྱི་ཡུལ་དུ་གྱུར་པ་འགའ་ཞིག་ཁོ་ན་དེའི་བག་ཆགས་སད་པའི་རྒྱུར་འགྱུར་བས། དེའི་སྒྲས་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན། བརྗོད་པ་ནི་དེས་ན་ཞེས་བྱ་བའོ། །འོན་
ཏེ་མིག་ལ་སོགས་པའི་བློ་ནི་གཟུགས་ཙམ་ལ་མ་ཡིན་གྱི། མཐོང་བ་ཉིད་ལ་རེག་གོ་སྙམ་པའི་རྣམ་པར་རྟོག་པ་ནི་མཐོང་བ་ལས་བྱུང་བ་ཡིན་གྱི། རང་རྒྱུད་ནི་མ་ཡིན་ནོ། །མཐོང་བ་ཡང་གཟུགས་ལ་སོགས་པ་དག་ལས་ཐ་དད་པའམ། ཐ་མི་དད་པའི་རྫས་ལ་ཡིན། ཐ་དད་པ་དང་མི་དད་པའི་རྫས་
Vol. 185 · folio 54b
མ་མཐོང་བར་འབྱུང་བའི་རྣམ་པར་རྟོག་པའི་བག་ཆགས་ཙམ་ལས་བྱུང་བ་ཡིན་ནོ་ཞེས་རྟོག་པ་ཡིན་ནོ་ཞེས་བྱ་བའོ། །གཞན་མིན་པའམ་ཞེས་བྱ་བ་ནི་ཐ་མི་དད་པའོ། །དང་པོ་ལ་བརྗོད་པ་ནི་གཞན་མ་ཡིན་པར་ཞེས་བྱ་བའོ། །འདི་ལ་གཟུགས་ཡོད་པ་ན་གཟུགས་ལྡན་ནོ། །བཟློག་པར་འཛིན་པ་
ཞེས་བྱ་བ་འདི་ལ་བརྗོད་པ་ནི་གཞན་དུ་ཞེས་བྱ་བའོ། །རྣམ་པ་གཉིས་སུ་ཞེས་བྱ་བ་ནི་བཟློག་པ་བརྗོད་པའོ། །གལ་ཏེ་བག་ཆགས་ཙམ་ལས་བྱུང་བའི་རྣམ་པར་རྟོག་པས་ཀྱང་ཕྱི་རོལ་རྣམ་པར་འཇོག་པ་མ་ཡིན་ནམ་སྙམ་ན་ཡང་ཐ་དད་པ་དང་། མི་དད་པ་རིག་པ་མེད་པ་ཉིད་བལྟར་རུང་བ་མེད་པར་རིག་པར་
བྱེད་པ་ཡིན་ནོ་ཞེས་བྱ་བ་ལན་ཡིན་པར་ལྟའོ། །གལ་ཏེ་བྱ་བའམ་རྣམ་པར་རྟོག་པའི་ཕྱི་རོལ་རྟོགས་པར་བྱེད་པ་ཡང་རང་རྒྱུད་ཁོ་ན་ཡིན་ཏེ། གནོད་པ་མེད་པའི་ཕྱིར་རོ། །རྒྱུ་ནི་དེ་གཞན་དུ་མི་འཐད་པས་བག་ཆགས་ཀྱི་རང་བཞིན་ནམ་གཞན་ཡང་རུང་སྟེ། ཅི་ཡང་རུང་བ་ཞིག་ཡིན་པར་འགྱུར་རོ་ཞེས་
དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །འཁྲུལ་པ་མེད་པ་ཡིན་ཞེས་བྱ་བ་ནི་གནོད་པ་མེད་པའོ། །བུམ་པའོ་སྙམ་པའི་རྣམ་པར་རྟོག་པས་ནི་བུམ་པ་གཟུགས་ལ་སོགས་པ་ལས་ཐ་དད་པར་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྡ་ཐུན་མོང་མ་ཡིན་པས་བྱས་པ། བརྡ་ཇི་ལྟ་བ་བཞིན་བརྗོད་
པ་དང་། རྟོག་པ་དག་ཏུ་འགྱུར་བའི་ཕྱིར་དེ་ལས་དངོས་པོ་ཐ་དད་པ་མི་འགྲུབ་པོ་ཞེས་ལན་འདེབས་པ་ནི། དེ་ཡང་མི་བདེན་ཏེ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་བརྡ་ཐ་སྙད་པས་སོ། །དེ་བཞིན་ནི་ཐ་དད་པར་རོ། །གཞན་དུ་ཞེས་བྱ་བ་ནི་རང་གི་དོན་གྱི་རྗེས་སུ་དཔག་པར་རོ། །གལ་ཏེ་གང་ལ་གཟུགས་ཡོད་
པ་དེ་ཉིད་ལ་རེག་བྱ་ཡོད་དེ་ཞེས་བྱ་བ་ནི་བརྡ་ཙམ་ལས་འབྱུང་བ་མ་ཡིན་གྱི་འོན་ཀྱང་དངོས་པོ་དེ་ལྟར་གྱུར་པ་ལས་ཡིན་ནོ་ཞེས་བྱ་བར་དོགས་པ་ནི་ཅི་སྟེ་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་བུའི་དངོས་པོ་མེད་ཀྱང་དེ་ལྟ་བུའི་སྒྲས་བརྗོད་པ་ནི། དམག་ལ་སོགས་པ་དག་ལ་མཐོང་བ་མ་ཡིན་ནོ་ཞེས་ལན་འདེབས་པ་
ནི། ཚོགས་པ་གཅིག་ལ་ཞེས་བྱ་བའོ། །ཚོགས་པ་གཅིག་ལ་རག་ལུས་པ་དང་། འབྲས་བུ་གཅིག་ལ་སྦྱོར་བས་ན་གཟུགས་ལ་སོགས་པ་ཚོགས་པ་གཅིག་ཏུ་རབ་ཏུ་བརྟགས་པ་ཡིན་ལ། དེ་ལས་ནི་གང་ལ་དེ་ལ་ཞེས་རྟོག་པ་ཡིན་གྱི་ཡན་ལག་ཅན་ཡོད་པ་ནི་མ་ཡིན་ནོ། །གང་གིས་དེ་སྐད་
Vol. 185 · folio 55a
བརྗོད་པ་ན་ཡན་ལག་ཅན་མེད་པ་དེ་ལྟར་ཐ་སྙད་དུ་བྱེད་པ་འགའ་ཞིག་ཏུ་མཐོང་ངམ་ཅི་སྙམ་ན། དམག་གང་ལ་ཞེས་བྱ་བའོ། །འོན་ཏེ་ཡང་གླང་པོ་ལ་སོགས་པ་ལ་ནི་དམག་གམ་ནགས་མང་པོ་ཉིད་ཡོད་པ་ཡིན་ནོ། །དེས་ན་གང་ཡང་དེ་ལ་ཞེས་བྱ་བར་བརྗོད་པ་ཡིན་ནོ་སྙམ་ན་
སྐྱེས་བུ་ལ་སོགས་པ་ཞེས་གསུངས་སོ། །དམག་ལ་སོགས་པ་ཐ་དད་པ་ཡོད་ཀྱང་ཐ་སྙད་འདི་རྫས་ལ་མི་འཁྲུལ་བ་ནི་མ་ཡིན་ཏེ། དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །དེས་ན་དེ་ལས་ཇི་ལྟར་གྲུབ། གཅིག་ཙམ་སྒྲུབ་པར་བྱེད་པ་ཡང་མ་ཡིན་ཏེ། མི་དམིགས་པས་གནོད་པ་ལ་རིགས་མི་སྲིད་པའི་ཕྱིར་རོ། །
དེའི་ཕྱིར་ཐམས་ཅད་དུ་སྒྲ་ལས་བྱུང་བའི་རྟོག་པ་ནི། བརྟགས་པའི་ཡུལ་ཅན་ཡིན་གྱི། དངོས་པོའི་དེ་ཁོ་ན་ལ་ལྟོས་པ་ནི་མ་ཡིན་ཏེ། ཇི་ལྟར་བརྟགས་པ་མི་འཐད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཡན་ལག་ཅན་ཐ་དད་པ་མེད་ན། དེ་ལྟ་ན་ནི་འོ་ན། ཐ་དད་པ་མེད་པའི་ལུས་སུ་
གྱུར་པ་སྟེ་དང་པོ་འོག་གི་ཐ་དད་ཀྱང་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་གཅིག་ཉིད་དུ་འགྱུར་བ་ཡོད་པ་ཡིན་ནོ་ཞེས་བྱ་བ་ཡང་འདིས་ཉེ་བར་མཚོན་པ་ཡིན་ནོ། །གལ་ཏེ་ཡན་ལག་ཅན་ཡན་ལག་ཉིད་ཡིན་ན། དེའི་ཚེ་ཡན་ལག་ཅན་གྱི་ཡན་ལག་ཅེས་ཐ་དད་པའི་ཐ་སྙད་ཇི་ལྟར་འགྱུར་སྙམ་ན། དེའི་ཡན་
ལག་ནི་ཞེས་གསུངས་ཏེ། གྲུབ་པ་དང་བདེ་བ་གཅིག་པ་དང་འབྲེལ་པར་གྱུར་པའི་ཡན་ལག་ཅན་དེའིའོ། །ཡན་ལག་ནི་ཕན་ཚུན་ལྡོག་པའི་གཟུགས་ལ་སོགས་པའོ། །དེ་ལྟར་ན་ཐ་དད་པར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པའི་རྟོག་པ་དེ་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །མཐོང་བ་གང་ཡིན་པ་དེ་
ལ་རག་གོ་སྙམ་པའི་རྟོག་པ་ནི་གཟུགས་ལ་སོགས་པ་རྣམས་ཀྱིས་གྲུབ་པ་དང་བདེ་བ་གཅིག་པ་ཉིད་རྗེས་སུ་འབྲེལ་པའི་རང་བཞིན་ཡུལ་དུ་བྱེད་པའི་རྗེས་སུ་འགྲོ་བའི་རྟོགས་པའོ། །གཟུགས་སོ་སྙམ་པ་ལ་སོགས་པའི་རྟོགས་པས་ནི། ལྡོག་པའི་གཟུགས་ཡུལ་དུ་བྱེད་པའི་ཕྱིར་ལྡོག་པའི་རྣམ་པར་
ལྡོག་པའོ། །གཟུགས་ལ་སོགས་པ་རྣམས་ལ་མི་འབྲལ་བའི་རང་བཞིན་རྫས་ཡིན་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་འོན་ཀྱང་། ཡུལ་ཐ་མི་དད་པར་ཡང་ཞེས་བྱ་བའོ། །གྲུབ་པ་དང་བདེ་བ་གཅིག་པ་ཉིད་གཅིག་རྟོགས་ན་རྟོགས་པའམ། རྣམ་པ་གཞན་དུ་རྟོགས་པར་ཁས་བླང་བར་བྱ་བ་ཡིན་ནོ། །
Vol. 185 · folio 55b
དེ་ལྟ་མ་ཡིན་ན་ནི་བརྟགས་པ་ཁོ་ནར་འགྱུར་རོ། །གཟུགས་ལ་སོགས་པ་ནི་དེ་ལྟ་མ་ཡིན་ཏེ། རྟོགས་པ་ཐ་དད་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །རང་བཞིན་ཐ་དད་མེད་གྱུར་ན། །ཞེས་བྱ་བ་ནི་གྲུབ་པ་དང་བདེ་བ་གཅིག་པ་ནི་ཐ་དད་པར་རྟོགས་པའི་མཚན་ཉིད་ཡིན་ནོ། །
གཟུགས་སོགས་དབྱེ་བ་ཞེས་བྱ་བ་ནི་གྲུབ་པ་དང་བདེ་བ་ཐ་དད་པ། བརྡ་ཐ་དད་པའི་རྟོགས་པའི་མཚན་ཉིད་དོ། །དེ་ཉིད་བརྗོད་པ་ནི་སྣང་བ་ཐ་དད་པར་ཐལ་བའི་ཕྱིར་རོ་ཞེས་བྱ་བའོ། །གལ་ཏེ་བུམ་པ་ཞེས་རྟོགས་པ་ནི་གྲུབ་པ་ནི་བདེ་བ་མི་འཐད་པ་ཡིན་ཏེ། རྟོགས་པ་གཅིག་པ་ཅན་ཡིན་པའི་ཕྱིར་རོ། །
གཟུགས་དང་རོ་ལ་སོགས་པ་ཐ་དད་པར་རྟོགས་པ་ནི་ཁྱད་པར་ཐ་དད་པས་བྱས་པའི་འཁྲུལ་པ་ཁོ་ན་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །འོ་ན་ཇི་ལྟར་ཐ་དད་པར་རྟོགས་སྙམ་ན། དབང་པོ་ཐ་དད་པས་ཞེས་གསུངས་སོ། །ཐ་དད་པ་ལྟ་བུའམ་ཐ་དད་པ་དང་ལྡན་པར་རྟོགས་པའོ། །
འདི་ཉིད་བརྗོད་པ་མིག་གི་དབང་པོ་ཞེས་བྱ་བའོ། །མངོན་སུམ་ནི་ཐ་དད་པར་འཛིན་པ་ཡིན་ལ། རྣམ་པར་རྟོག་པས་ཐ་མི་དད་པར་འཛིན་པ་ཡིན་ཏེ། དེས་ན་སྟོབས་ཆུང་བས་སྟོབས་དང་ལྡན་པ་ལ་གནོད་པར་འགྱུར་ཞེས་ལན་འདེབས་པ་ནི། འཛིན་པའི་དབྱེ་བས་ཞེས་བྱ་བའོ། །གཞན་དུ་ཞེས་
བྱ་བ་ནི་ཐ་དད་པ་དང་ལྡན་པར་རོ། །གཅིག་ཉིད་དོ་ཞེས་བྱ་བའི་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཚད་མ་མེད་ཅེ་ན་གཅིག་ཉིད་དོ་སྙམ་པའི་རྣམ་པར་རྟོག་པའི་ཤེས་པ་ནི་ཐ་དད་པར་མཐོང་བས་གནོད་པའི་ཕྱིར་འཁྲུལ་པ་ཁོ་ནའོ་ཞེས་བརྗོད་པ་ནི་གཅིག་ཉིད་ནི་ཞེས་བྱ་བའོ། །གཞན་དུ་
འཛིན་པ་མེད་པར་ཞེས་བྱ་བ་ནི་ཐ་མི་དད་པར་འཛིན་པའོ། །དེ་ཉིད་ཅེས་བྱ་བ་ནི་ཐ་དད་པར་འཛིན་པ་ཉིད་གཅིག་ལ་མི་འཁྲུལ་པ་ཡིན་ཏེ། དེ་ནི་དེ་ལྟར་ནི་མངོན་སུམ་གྱིས་མཐོང་བའི་རང་བཞིན་དུའོ། །ཐ་མི་དད་པར་རྟོགས་པ་མེད་ན་ནི་དེ་རྟོགས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་ཐ་དད་པར་ཞེས་བྱ་བའོ། །
མི་འབྲལ་བ་དང་ཡུལ་གཅིག་པ་ཉིད་དེ་ལྟ་མ་ཡིན་པར་མི་འཐད་པས་ཐ་མི་དད་པར་དོགས་པ་བསུ་བ་ནི། ཅི་སྟེ་ཡང་ཞེས་བྱ་བའོ། །ཡུལ་མེད་པའི་ཕྱིར་ཡུལ་གཅིག་པ་ཉིད་མ་གྲུབ་པོ་ཞེས་ལན་བརྗོད་པ་ནི་དེ་ནི་རྟོགས་པར་བླ་སྟེ་ཞེས་བྱ་བའོ། །འོ་ན་ཡུལ་ཅན་ཉིད་ཐ་མི་དད་དོ་སྙམ་ན།
Vol. 185 · folio 56a
གཟུགས་ལ་སོགས་པ་ཡུལ་ཅན་ཡང་སྣང་བ་ཐ་དད་པའི་ཕྱིར་གང་ལས་ཐ་མི་དད་པ་ཡིན་ཏེ། མ་ཡིན་པ་ཁོ་ནའོ། །རྐང་པ་གཉིས་པ་འབྲེལ་པ་ནི། །ཡུལ་ཞེས་བྱ་བའོ། །དེ་ལས་གཞན་དུ་སྣང་མེད་ཕྱིར། །ཞེས་བྱ་བའི་གཏན་ཚིགས་ཀྱི་ཚིག་ནི་འདིར་ཡང་སྦྲེལ་
བར་བྱའོ། །གཞན་ཡང་གཟུགས་ལ་སོགས་པ་དག་ལས་གཞན་པའི་ཡུལ་ནི་སྣང་བ་ཐ་དད་པ་ཉིད་ལས་ཡིན་ལ་སྣང་བ་ཐ་དད་པར་ནི་གཟུགས་ལ་སོགས་པ་རྣམས་ལ་ཡོད་པའི་ཕྱིར། ཇི་ལྟར་ཕན་ཚུན་ཐ་མི་དད། །ཅེས་བརྗོད་པ་ནི། དེ་དག་ལས་ཞེས་བྱ་བ་སྟེ་ཡུལ་དེའོ། །འོན་ཏེ་ཡུལ་
གཟུགས་ལ་སོགས་པ་ལས་ཐ་དད་པ་ནི་ཡུལ་གཞན་ཐ་དད་པར་ནི་ཞེས་བྱ་བའོ། །ཡུལ་བཞིན་ཐ་དད་པས་ནི་གཟུགས་ལ་སོགས་པ་ལས་ཡུལ་ཐ་དད་པར་འགྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཐུག་པ་མེད་པར་ཞེས་གསུངས་སོ། །ཡུལ་གཟུགས་ལ་སོགས་པ་ཐ་དད་པ་
ཡུལ་གཞན་ཐ་དད་པ་ལས་ཡིན་ལ། དེ་ཡང་ཡུལ་གཞན་ཐ་དད་པས་ཐ་དད་པ་ཡིན་ལ། དེ་བཞིན་གཞན་ཡང་ཡིན་པའི་ཕྱིར་ཐུག་པ་མེད་པས་ཡུལ་ཐ་དད་པ་ནི་མི་རྟོགས་པ་ཉིད་དུ་འགྱུར་རོ། །འོན་ཏེ་རང་གི་ངོ་བོ་ཁོ་ནས་དེ་དག་ལས་ཡུལ་ཐ་དད་པ་ཡིན་ནོ་ཞེ་ན། གལ་ཏེ་ཐུག་པ་མེད་པར་འགྱུར་
བའི་ཕྱིར་རོ། །གཞན་གྱི་ཐ་དད་པ་བྱེད་པ་མ་ཡིན་ན་རང་གི་ངོ་བོ་ཡང་ཇི་ལྟར་ཡིན་སྙམ་ན། སྣང་བའི་གཟུགས་ལས་ཞེས་བྱ་བའོ། །འོན་ཏེ་གཟུགས་ལ་སོགས་པའི་སྣང་བ་ཐ་མི་དད་པའི་ཕྱིར་ཇི་ལྟར་ཐ་དད་པ་སྙམ་ན། སྣང་བ་ཡང་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། གཟུགས་ཞེས་
གསུངས་སོ། །གཟུགས་སྣང་བ་ན་རོ་ནང་དུ་འདུ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནང་དུ་འདུ་ན་མྱོང་བས་གནོད་པ་གཞན་ནས་སུན་འབྱིན་པ་གཞན་ཡང་བརྗོད་པ་ནི། དབང་པོ་གཞན་ཞེས་བྱ་བའོ། །གཟུགས་དང་རོ་དག་ཐ་མི་དད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་སྦྱར་རོ། །ཐ་མི་དད་པ་མ་
གྲུབ་པར་དོགས་པ་བསུ་བ་ནི། དབང་པོ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བའོ། །ཐ་མི་དད་པ་ནི་གཞན་ཐ་དད་པས་ཐ་དད་པར་སྣང་བ་མ་ཡིན་ནོ་ཞེས་ལན་བརྗོད་པ་ནི། དེ་ནི་མི་བདེན་ཏེ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ནི་ཞེས་བྱ་བ་ནི་ཐ་མི་དད་པ་དབང་པོ་ཐ་དད་པས་ཐ་དད་པ་ཡིན་ནོ། །འདིས་ནི་གཅིག་སྣང་
Vol. 185 · folio 56b
བ་ན་གཞན་སྣང་བ་ནང་དུ་འདུས་པའི་མཚན་ཉིད་མི་འབྲལ་བ་ཡིན་པ་ཡང་གསལ་བ་ཡིན་ནོ། །བཟློག་པ་ནི་ཚོགས་པ་གཅིག་ལ་རག་ལས་པས་ཀྱང་ཐ་དད་པ་ཡིན་ཏེ། དེས་ན་ཐ་མི་དད་པ་སྒྲུབ་པར་ནི་མི་ནུས་སོ་ཞེས་བྱ་བ་ནི་དགོངས་པའོ། །གཟུགས་ལ་སོགས་པ་ཙམ་ཞེས་བྱ་བ་ནི་རྟོགས་པ་ཐ་
དད་པ་ཅན་ནོ། །དངོས་པོ་གཅིག་ཡིན་ན་ནི་དབང་པོ་ལས་བྱུང་བའི་བློ་ཐམས་ཅད་ཚད་མ་མ་ཡིན་པར་འགྱུར་རོ་ཞེས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གཞན་དུ་གྱུར་ཞེས་བྱ་བ་ནི་གཅིག་གོ། །རྣམ་པ་གཞན་དུ་ནི་ཐ་དད་པར་རོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། འཁྲུལ་པ་ཉིད་དུ་འགྱུར་རོ་ཞེས་
སྦྱར་རོ། །ཚད་མ་མ་ཡིན་པར་ཐལ་བའོ་ཞེས་བྱ་བའི་དོན་ཏོ། མ་འཁྲུལ་པ་ཉིད་ནི་ཚད་མའོ། །དབང་པོའི་ཁྱད་པར་ཉིད་ལས་ཏེ་ཞེས་བྱ་བ་ནི་དོན་གྱི་ཁྱད་པར་ལས་མ་ཡིན་པའོ། །སྣང་བ་རྣམ་པ་དེ་ལྟ་བུ་ནི་རེག་བྱ་ལ་སོགས་པར་སྣང་བ་ཐ་དད་པའོ། །དེ་ལྟར་ཞེས་བྱ་བ་ནི་མི་བླུ་བའོ། །མི་བླུ་བ་མ་
གྲུབ་པས་སོ། །དབང་པོ་ཐ་དད་པ་ཉིད་ལས་སྣང་བ་ཐ་དད་པ་ཡིན་ན་ནི། དེ་ལས་ཐ་དད་པའི་དོན་མེད་པ་ཉིད་དོ་ཞེས་ཐལ་བར་བརྗོད་པ་ནི། མི་བླུ་བ་འམ་ཞེས་བྱ་བ་འམ། ཇི་ལྟར་འདི་གཞན་གང་དུ་བྱ་བ་ཡིན་སྙམ་ན། དོན་མེད་པར་ཞེས་གསུངས་སོ། །ཅི་སྟེ་དེ་ལྟ་མ་ཡིན་ཞེ་ན། དེ་ནི་ཞེས་
གསུངས་སོ། །ཡན་ལག་ཅན་ནོ། །གང་གི་ཕྱིར་དེ་ལྟར་དོན་མེད་པར་ཐལ་བ་དེའི་ཕྱིར་རོ། །གཅིག་མེད་པ་དེའི་ཕྱིར་ཇི་ལྟར་རྫས་མེད་པས་ན། དེའི་བློ་ནང་གི་བྱེད་པ་ལ་རག་ལས་པ་ཡིན་ནོ་ཞེས་བསྒྲུབས་ནས། འདོགས་པའི་བློ་ཡང་དེ་མེད་པའི་ཕྱིར་དེ་བཞིན་ནོ། །སྟོན་པ་ནི་འདོགས་པར་
རྟོགས་པ་ཡང་ཞེས་བྱ་བའོ། །ནང་གི་བྱེད་པ་ཉིད་ལས་ཞེས་ངེས་པར་བཟུང་བས་ཐོབ་པས་ལྡོག་པར་བརྗོད་པ་ནི། ཡུན་གྱི་སྟོབས་ཀྱི་ཞེས་བྱ་བའོ། །ནང་གི་བྱེད་པ་ཉིད་ལས་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན་སྙམ་ན། རྟོགས་པ་སྒྲོ་འདོགས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ནང་གི་བྱེད་པ་
ལས་བྱུང་བ་ཡིན་ན་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ལ་འགྱུར་བ་ཞིག་ན་དེ་ལྟ་ཡང་མ་ཡིན་ནོ། །དེས་ན་རྫས་ཀྱི་སྟོབས་ཀྱིས་འབྱུང་བ་ཡིན་ནོ་སྙམ་ན། དེ་ཚོགས་འབའ་ཞིག་ལ་ཞེས་སྦྱར་རོ། །ལག་པ་ལ་སོགས་པའི་སྐད་ཅིག་གིས་ཚོགས་པ་ཉིད་ལ་བྱུང་བ་ཡིན་ཏེ། །དེའི་བག་ཆགས་
Vol. 185 · folio 57a
ནི་དེ་ཉིད་ཀྱིས་སད་པའི་ཕྱིར་རོ། །གཞན་དུ་མ་ཡིན་ནོ་ཞེས་དགོངས་པའོ། །ཡང་ཅིའི་ཕྱིར་དེ་ལ་འདུས་པའི་བྱ་བ་རྒྱུ་མཚན་མ་ཡིན་གྱི་འོན་ཀྱང་ཚོགས་པ་ཉིད་ཡིན་སྙམ་ན་ལག་པ་ལ་སོགས་པའི་སྐད་ཅིག་གིས་གསུངས་སོ། །དེ་ལས་མ་རྟོགས་པར་བྱ་བའི་སྐད་ཅིག་མ་
རྣམས་མ་དམིགས་པའི་ཕྱིར་རོ། །རྒྱུ་དེའི་ཕྱིར་ན་ཚོགས་པ་ཁོ་ན་རྒྱུ་ཡིན་པས་དེ་ཁོ་ན་ལས་འགྱུར་བ་ཡིན་ནོ། །འདོགས་པའི་སྤྱི་བཟློག་པའི་དོན་དུ་གཞན་གྱི་འདོད་པ་སློང་བར་བྱེད་པ་ནི་གལ་ཏེ་འདོགས་པའི་བྱ་བ་དེའི་ཡུལ་མ་ཡིན་ན། དེ་ལྟ་ན་འོ་ན་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་
པའོ། །གསལ་བས་གསལ་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་རང་གི་གསལ་བས་གསལ་བར་བྱ་བའི་ཕྱིར་རོ། །འདི་ཉིད་སྐབས་ལ་ཉེ་བར་སྦྱོར་བར་བྱེད་པ་ནི་ལས་ཀྱི་སྤྱི་ནི་ཞེས་བྱ་བའོ། །དེ་ལྟ་ཡིན་མོད་སྙམ་དུ་དོགས་པ་བསུ་ནས་མི་དམིགས་པའི་ཕྱིར་ན་ལས་ཀྱི་སྤྱི་མེད་དོ་ཞེས་བརྗོད་པ་ནི། ལག་
པ་ལ་སོགས་པའི་སྐད་ཅིག་གིས་གསལ་བ་དེ་ལ་ནི་བརྟེན་པའམ་ཞེས་བྱ་བ་སྨོས་སོ། །དེ་ལྟ་མ་ཡིན་པའི་ཞེས་བྱ་བ་ནི་བརྟེན་པ་མ་ཡིན་པའོ། །བར་གྱི་གསལ་བ་མེད་པའི་ཕྱིར་ན། དེ་གཞན་གྱི་གསལ་བར་བྱ་བར་འགྱུར་རོ་ཞེ་ན། གསལ་བ་གཞན་གྱིས་ཀྱང་ཞེས་གསུངས་སོ། །རིགས་འགའ་
ཞིག་ནི་གསལ་བས་གསལ་བ་གཞན་གྱིས་ཀྱང་གསལ་བར་འགྱུར་རོ་སྙམ་ན་ནི་འོན་ཏེ་ཞེས་བྱ་བའོ། །གསལ་བར་བྱ་བ་མ་ཡིན་པ་ཉིད་གསལ་བར་བྱེད་པ་ནི་འདོགས་པ་ཉིད་ཅེས་བྱ་བའོ། །ཅིའི་ཕྱིར་སྙམ་ན་སྐད་ཅིག་དང་པོ་ཉིད་ལ་ཞེས་གསུངས་སོ། །དུས་ཐ་དད་པ་དུ་མས་གསལ་བར་བྱེད་དོ་སྙམ་
པ་ནི་འོན་ཏེ་ཞེས་བྱ་བའོ། །ཕྱོགས་འདི་ཡང་བརྡ་སྤྲོད་པ་པ་རྣམས་ཀྱི་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བརྡ་སྤྲོད་པ་བས་ཞེས་བྱ་བའོ། །གལ་ཏེ་ཇི་སྐད་བརྗོད་པའི་སྐྱོན་ཡོད་པའི་ཕྱིར་ན། རིགས་རེ་རེ་གསལ་བ་མིན་ན་ལན་ནི་ཚོགས་ལས་གསལ་བར་བྱ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྣམ་པ་གཞན་
མེད་པའི་ཕྱིར་རོ་ཞེས་གསུངས་སོ། །གང་གིས་ཅིག་ཅར་མ་ཡིན་པ་རྣམས་ཀྱིས་གསལ་བར་འགྱུར་བ་འདས་པ་ནི་གསལ་བར་བྱེད་པ་མ་ཡིན་ཏེ་རང་ཤེས་པས་གཞན་གྱི་བློའི་རྒྱུ་ཉིད་མི་སྲིད་པའི་ཕྱིར་རོ། །དེ་ན་རྣམ་པ་གཉིས་ལས་རྣམ་པ་གཞན་ནི་མི་སྲིད་པ་མ་ཡིན་ནོ། །དེ་ལ་སྐད་ཅིག་རེ་རེས་
Vol. 185 · folio 57b
གསལ་བར་བྱེད་པ་ཉིད་ནི་གསལ་མ་ཐག་པ་ཡིན་ནོ། །ཅིག་ཅར་ཚོགས་པ་ཡང་མི་སྲིད་དེ། དེས་ན་དེ་གསལ་བར་བྱ་བ་ཉིད་ཀྱང་མ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །གལ་ཏེ་གོམས་པ་ལས་ནོར་བུ་དང་དངུལ་ལ་སོགས་པ་གསལ་བ་དེ་བཞིན་དུ་སྐད་ཅིག་གཅིག་གིས་གསལ་བར་བྱེད་པ་ཡིན་ནོ་
སྙམ་པ་ནི་དོགས་པ་ལས་ཞེས་བྱ་བའོ། །ནོར་བུ་དང་དངུལ་ལ་སོགས་པའི་དངོས་པོ་སྣང་བ་ནི། གོམས་པ་ལས་དེ་ལྟར་གསལ་བར་འགྱུར་རོ་ཞེས་རིགས་ཀྱི། འདོགས་པ་ལ་སོགས་པར་ནི་མ་ཡིན་ཏེ། བཏགས་པ་ཡིན་པའི་ཕྱིར་ཞེས་བཏབ་པ་ནི་འོག་ན་ནི་ཞེས་བྱ་བའོ། །ཤེས་པ་དེ་ཞེས་བྱ་བ་
ནི་འདོགས་པའི་ཤེས་པའོ། །གྲངས་ལ་སོགས་པའི་རྟོགས་པ་རྣམས་ཀྱང་དམིགས་པ་མེད་པ་ཉིད་དུ་སྟོན་པའོ། །དེ་བཞིན་དུ་ཞེས་བྱ་བའོ། །གལ་ཏེ་གང་གིས་དེའི་རྟོགས་པ་རྣམས་དམིགས་པ་མེད་པ་ཉིད་དུ་འགྲུབ་པ་ལྡན་པ་ལ་སོགས་པ་རྣམས་ཇི་ལྟར་མེད་པ་ཡིན་སྙམ་ན་དེ་སྐད་དུ་ཡང་ཞེས་
བྱ་བའོ། །དེའི་ཕྱིར་སྤྱི་ལ་སོགས་པ་ལས་དོན་བྱ་བ་ཡོད་པ་མ་ཡིན་ཏེ། དེས་ན་མཚན་ཉིད་ཧ་ཅང་ཁྱབ་པའི་ཉེས་པ་མེད་དོ། །དེའི་ཕྱིར་དོན་བྱེད་ནུས་པ་ནི་རང་གི་མཚན་ཉིད་དོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །ད་ནི་དོན་ཞེས་བྱ་བའི་ཁྱད་པར་དང་བྲལ་བའི་ནུས་པ་མེད་པ་སྤྱིའི་མཚན་ཉིད་ཧ་ཅང་ཁྱབ་
པ་ཡིན་ཏེ། དོན་མེད་པ་ལ་ཡོད་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །དོན་ཉིད་ནུས་པའི་རང་བཞིན་དུ་སྣང་བ་ནི་རང་གི་མཚན་ཉིད་ཡིན་ལ། ནུས་པ་མེད་པའི་རང་བཞིན་དུ་སྣང་བ་ནི་སྤྱི་ཡིན་ནོ་ཞེས་ཁྱད་པར་དུ་བྱེད་པས་ཉེས་པ་མེད་དོ་ཞེས་བརྗོད་པ་ནི། སྐྲ་ཤད་ལ་སོགས་ཞེས་
བྱ་བའོ། །རབ་རིབ་ཅན་གྱིས་མཐོང་བའོ། །འདི་དོན་གྱི་མཚན་ཉིད་ནི་མ་ཡིན་གྱི། འོན་ཀྱང་ཐ་དད་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་ནི་དོན་གྱི་ཐ་དད་པའི་མཚན་ཉིད་ཡིན་པའི་ཕྱིར་ན་དངོས་པོ་མེད་པ་ལ་མི་འགྱུར་ཏེ། དོན་མ་ཡིན་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནས་བཤད་
པ་ནི་ཤེས་བྱར་གསུངས་སོ། །མེད་པ་ཡང་ཤེས་བྱ་ཉིད་ཡིན་ཏེ། གཞན་ཡོད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་ཚད་མས་ཡོངས་སུ་བཅད་པ་ཉིད་ཡིན་ལ། དོགས་པ་མེད་པར་འགྲོ་བའི་དོན་ཡིན་པའི་ཕྱིར་དོན་ཀྱང་ཡིན་ནོ། །དེས་ན་དོན་མེད་པར་མངོན་པར་ཞེན་པ་ཡིན་པའི་ཕྱིར་ན་དོན་
Vol. 185 · folio 58a
མ་ཡིན་ནོ་ཞེས་བྱ་བ་ནི་ཉེས་པ་མེད་དོ། །གལ་ཏེ་སྐྲ་ལ་སོགས་པ་སྤྱི་མ་ཡིན་ན་འོ་ན་དེ་དག་སྤྱི་ཡིན་སྙམ་ན་སྤྱིའི་རང་བཞིན་བཤད་པ་ནི། དོན་ཉིད་ཅེས་གསུངས་སོ། །རང་གི་མཚན་ཉིད་ཀྱི་བདག་ཉིད་ཇི་ལྟར་སྤྱི་ཡིན་སྙམ་ན། སྤྱིའི་རང་བཞིན་དུ་རྟོགས་པ་ན་ཞེས་སྦྱར་རོ། །གལ་ཏེ་
དོན་ཡིན་ན། ཇི་ལྟར་མེད་པའི་དོན་གྱི་རང་བཞིན་དུ་སྨྲ་ཞེས་བྱ་བའི་དོགས་པ་བསུ་བ་ནི། གལ་ཏེ་འདི་ཞེས་བྱ་བའོ། །ནུས་པ་མེད་པར་སྣང་བ་ཉིད་བཤད་པ་ནི་དངོས་སུ་ཞེས་བྱ་བའོ། །ཤེས་པའི་མཚན་ཉིད་ཀྱི་དོན་བྱེད་པ་དངོས་སུ་མི་ནུས་པ་དེ་ནི་སྤྱི་དང་ནུས་མེད་ཉིད་ཅེས་སྦྱར་རོ། །དོན་ཉིད་བརྗོད་
པ་ནི་བརྒྱུད་པ་ཡིས་ནི་ཞེས་བྱ་བའོ། །བརྒྱུད་པས་ནུས་པ་གང་ཡིན་པ་དེ་ནི་དོན་དང་ནུས་པ་ཞེས་བརྗོད་པ་ཡིན་ནོ་ཞེས་སྦྱར་རོ། །གལ་ཏེ་ཕྱི་རོལ་གྱི་དོན་དེ་ལྟ་ཡིན་མོད། རྣམ་པར་རྟོག་པ་ལ་སྣང་བའི་སྤྱིའི་ཇི་ལྟར་དོན་དུ་བརྗོད་སྙམ་ན་སྤྱིའི་ཞེས་གསུངས་སོ། །འདི་ནི་ཞེས་བྱ་བ་ནི་རྣམ་པར་རྟོག་
པ་ལ་སྣང་བའི་སྤྱིའོ། །ཉེ་བར་འདོགས་པའི་རྒྱུ་མཚན་བརྗོད་པ་ནི་བརྒྱུད་ནས་ཞེས་བྱ་བའོ། །ནུས་པའི་རང་བཞིན་དུ་སྣང་བའི་དོན་དེ་འབྲས་བུ་ག་ལ་ཡོད་པ་དེའི་དངོས་པོ་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་དོན་གྱི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །དགོས་པ་ནི་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ལ་
ཐབས་གཞན་མེད་པར་བསྟན་པའི་ཆེད་དུའོ། །གལ་ཏེ་རྣམ་པར་རྟོག་པ་རྣམ་པའི་སྤྱིའི་དོན་གྱིས་བྱས་པའམ། དོན་གྱིས་འབྲས་བུ་ཅན་ཡིན་ན་འོ་ན་ཇི་ལྟར་ཞེས་བྱ་བའོ། །འོན་ཏེ་འདི་ཡང་དོན་ཀྱང་བྱས་པའམ་དེའི་འབྲས་བུ་ཡིན་ན་དེ་ཇི་ལྟར་སྤྱི་མ་ཡིན་པ་སྙམ་ན། ཆུ་ཀླུང་གི་ཞེས་སྨྲས་སོ། །
གང་གི་ཕྱིར་ཆུ་ཀླུང་གི་འགྲམ་ན་ཞེས་བྱ་བ་ལ་སོགས་པའི་ངག་གི་ཡུལ་རྣམ་པར་རྟོག་པའི་རྣམ་པ་གང་ཡིན་པ་དེ་ནི་བརྒྱུད་པས་ཀྱང་དོན་བྱ་བ་མ་ཡིན་ཏེ། དེས་ན་འདི་ནི་སྤྱི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ངེད་ཀྱི་འདོད་པ་ཉིད་ཡིན་ནོ་ཞེས་ལན་འདེབས་པ་ནི་དེ་སྤྱི་མེད་མོད་ཅེས་བྱ་བའོ། །གལ་ཏེ་
སྒྲ་སྤྱིའི་ཡུལ་ཅན་ཡིན་ཡང་ཚད་མར་མི་འགྱུར་བ་ཅི་སྟེ་སྙམ་ན། འདི་ལྟར་ཞེས་གསུངས་སོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ་སྒྲ་ཚད་མར་འགྱུར་རོ་ཞེས་སྦྱར་རོ། །སྒྲ་སྤྱིའི་ཡུལ་ཅན་ཡིན་ན་ནི་ཚད་མ་མ་ཡིན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྒྲའི་ཡུལ་སྤྱི་མ་ཡིན་ནི་འོ་ན་ཇི་ལྟར་ཞེས་
Vol. 185 · folio 58b
བྱ་བའོ། །བརྗོད་ཅེས་བྱ་བ་ནི། སྒྲ་ཡི་ཡུལ་དང་ཡུལ་ཡིན་ཕྱིར། །ཞེས་བྱ་བ་འདིས་སོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་བདག་ཉིད་ཅན་སྒྲ་འགའ་ཞིག་གི་ཡུལ་ནི་སྤྱི་ཡིན་ཏེ། དོན་གྱི་འབྲས་བུ་ཡོད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ནི་མ་ཡིན་ཏེ་དེ་མེད་པའི་ཕྱིར་རོ་ཞེས་ལན་
བརྗོད་པ་ནི། སྤྱི་ཁོ་ན་ཞེས་བྱ་བའོ། །གལ་ཏེ་སྒྲའི་ཡུལ་ཡང་འགའ་ཞིག་སྤྱི་མ་ཡིན་ན། འོ་ན་ཇི་ལྟར་ཡུལ་ཉིད་དུ་བསྟན་ཅེ་ན། སྒྲའི་ཡུལ་ཉིད་ཀྱིས་ནི་རྗེས་སུ་འགྲོ་བ་རྣམ་པ་ཉིད་མཚོན་པ་ཡིན་ནོ་ཞེས་གསུངས་སོ། །གང་གིས་འགལ་བར་འགྱུར་བ་སྤྱི་ནི་མ་ཡིན་ནོ་ཞེས་
བྱ་བར་དོགས་པའོ། །ཡུལ་མིན་ཞེས་བྱ་བ་རང་གི་མཚན་ཉིད་ལ་ཡང་། ཧ་ཅང་ཐལ་བ་སྤང་བའི་དོན་དུ་དོན་ཁྱད་པར་ཡིན་ནོ་ཞེས་བཤད་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །གལ་ཏེ་རང་གི་མཚན་ཉིད་སྒྲའི་ཡུལ་མ་ཡིན་པ་འགའ་ཞིག་རང་གི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་
འདི་ལྟར་སྙམ་ན་འདི་ཡང་ཞེས་བྱ་བའོ། །ཚད་མའི་ཡུལ་མ་ཡིན་པ་ཡང་སྒྲའི་ཡུལ་མ་ཡིན་པ་ཡང་མ་ཡིན་པས། སྤྱི་འམ་རང་གི་མཚན་ཉིད་མ་ཡིན་ཏེ། ཚད་མའི་ཡུལ་གྱི་དབྱེ་བས་དེའི་དབྱེ་བ་བསྟན་པའི་སྐབས་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི། སྒྲའི་ཡུལ་མ་ཡིན་ཞེས་བྱ་བ་
སྨོས་སོ། །གལ་ཏེ་ཚད་མ་མ་ཡིན་ཡང་དེའི་ཡུལ་རང་གི་མཚན་ཉིད་ཅི་སྟེ་མ་ཡིན་དོགས་ན་འདི་ལྟར་ཞེས་གསུངས་སོ། །དེ་ཐ་དད་པ་ནི་ཚད་མ་ཐ་དད་པའོ། །དེའི་ཕྱིར་ཚད་མ་དེ་ཡུལ་ཉིད་ཐ་དད་པར་རོ། །དེས་ན་ཞེས་བྱ་བ་ནི་ཚད་མའི་ཡུལ་ཐ་དད་པར་བསྟན་པར་བྱ་བ་ཡིན་པས་ནའོ། །
སྐྲ་ཤད་ལ་སོགས་པའི་ཚད་མའི་ཡུལ་མ་ཡིན་པ་ཡུལ་ཉིད་དུ་སྟེ། སྤྱི་དང་རང་གི་མཚན་ཉིད་དུའོ། །ཕྱེད་ཕྱི་མ་བཤད་པའི་དོན་དུ་ཕྱོགས་སྔ་མ་འགོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་ཁོང་ནས་ཕྱུང་ལ། དངོས་པོ་མེད་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །འོན་
ཏེ་དངོས་པོ་མེད་པ་ནི་ཚད་མའི་ཡུལ་མ་ཡིན་པ་ཉིད་དོ་སྙམ་ན། དེ་ནི་ཞེས་སྨོས་སོ། །དངོས་པོ་མེད་པ་སྤྱི་ཉིད་དུ་ཡང་བསྒྲུབ་པ་ནི། སྤྱིའི་ངོ་བོ་ཡང་ཡིན་ཏེ་ཞེས་བྱ་བའོ། །ཤེས་བྱ་ཉིད་གསལ་བར་བྱེད་པ་ནི། དངོས་པོ་མེད་པ་ཡང་ཞེས་བྱ་བའོ། །འགའ་ཞིག་གི་ཞེས་
Vol. 185 · folio 59a
བྱ་བ་ནི་ས་ཕྱོགས་ལ་སོགས་པས་སོ། །འདི་ནི་རང་གི་འདོད་པ་ཙམ་ཡིན་ནོ་ཞེ་ན། བཤད་པ་གཞན་གྱི་དངོས་པོ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ཡང་ཇི་ལྟར་དོན་ཉིད་ཡིན་ཞེ་ན། དེ་ཡང་ཞེས་བྱ་བའོ། །བཤད་པ་གཞན་གསུངས་པ་ནི་ཡང་ན་ཞེས་གསུངས་སོ། །གལ་
ཏེ་གང་གིས་ཚད་མར་གཅད་པར་བྱ་བ་ཉིད་འགྱུར་བ་དེ་ཇི་ལྟར་དོན་ཉིད་ཡིན་སྙམ་ན། དགོས་པ་ཡོད་པའི་ཕྱིར་ཞེས་གསུངས་སོ། །དེ་ཉིད་སྟོན་པ་ནི་དངོས་པོ་མེད་ཀྱང་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་དགོས་པ་དང་ལྡན་པས་ནའོ། །དེ་ལ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལའོ། །གལ་ཏེ་དོན་ཡིན་ན་ཇི་ལྟར་དངོས་
པོའི་ཐ་སྙད་དུ་མི་འགྱུར་སྙམ་ན་རང་གི་ངོ་བོས་ཞེས་གསུངས་སོ། །སྐྲ་ཤད་ལ་སོགས་པ་ཡང་དེ་བཞིན་དུ་འགྱུར་རོ་ཞེ་ན། སྐྲ་ལ་སོགས་པ་ནི་ཞེས་གསུངས་སོ། །དོན་མ་ཡིན་པ་སྟེ་ཞེས་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན་འཁྲུལ་པའི་ཞེས་གསུངས་སོ། །གལ་ཏེ་སྒྲ་ལ་སོགས་པ་ཡང་ཞེས་བྱ་བ་ནི་
དགོས་པ་དང་ལྡན་པའི་ཕྱིར་དོན་ཡིན་ནོ་ཞེས་འབྲེལ་ཏོ། །ཇི་ལྟར་དེ་ལ་དགོས་པ་ཡོད་སྙམ་ན། གང་གི་ཕྱིར་ཞེས་གསུངས་སོ། །འདི་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་ཡུལ་ངེས་པ་མེད་པ་སྟེ། དེས་ནི་སྒྲུབ་པར་བྱེད་པའི་རང་བཞིན་བརྗོད་པ་ཡིན་ནོ། །མི་བདེན་ནོ་ཞེས་བྱ་བ་ལ་སོགས་པ་ནི་བསྒྲུབ་
པར་བྱ་བ་གཉིས་བསྟན་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་དངོས་པོ་མེད་པ་འགའ་ཞིག་ཏུ་ནི་མ་ཟད་ཀྱི། སྐྲ་ཤད་ལ་སོགས་པ་ཡང་ངོ་། །དེའི་ཕྱིར་ཞེས་བྱ་བ་ནི་དགོས་པ་དང་ལྡན་པའི་ཕྱིར་རོ། །རྩོད་པ་སྨྲ་བ་ཉིད་ཀྱིས་མི་བདེན་པ་ཉིད་དུ་ཡོངས་སུ་དམ་བཅས་པའི་ཕྱིར་དེ་དག་ཀྱང་སྤྱིའི་རང་བཞིན་ཁོ་ན་
ཡིན་ནོ་ཞེས་བྱ་བའི་དོགས་པ་བསུ་ནས། དེ་ལྟ་ཡིན་ན་གསལ་བར་སྣང་བ་ཉིད་དུ་མི་འགྱུར་རོ་ཞེས་བརྗོད་པ་ནི་ཅི་སྟེ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་མི་བདེན་པར་ཡོངས་སུ་བཅད་པའོ། །དེ་ལྟ་ན་ནི་ཞེས་བྱ་བ་ནི་སྤྱིའི་རང་བཞིན་ཉིད་ནའོ། །གལ་ཏེ་སྐྲ་ཤད་ལ་སོགས་པ་དང་སྤྱིར་ཤེས་པའི་ཡུལ་
ཡིན་ན་སྔོན་པོ་ལ་སོགས་པ་བཞིན་དུ་གསལ་བར་སྣང་བ་ཇི་ལྟར་ཞེས་བྱ་བའི་དོན་ཏོ། །གསལ་བ་ཡང་སྤྱི་མ་ཡིན་ནོ་ཞེས་བརྗོད་པ་ནི། གསལ་བར་སྣང་བ་ཉིད་ཀྱིས་ཞེས་བྱ་བའོ། །དེས་ན་སྐྲ་ལ་སོགས་པའི་ཤེས་པ་ཡུལ་མེད་པར་མི་འགྱུར་རོ་ཞེ་ན། དེ་དག་གི་ཡང་ཞེས་གསུངས་ཏེ་
Vol. 185 · folio 59b
སྐྲ་ཤད་ལ་སོགས་པའི་ཡང་ངོ་། །ད་ལྟའི་དངོས་ནི་མི་བདེན་པར་ཡོངས་སུ་བཅད་པའོ། །སྤྱིའི་རང་བཞིན་ནི་བཀག་པ་མེད་པའི་ཕྱིར་རོ། །འདིས་ནི་ཚད་མའི་ཡུལ་ཉིད་དུ་འགྱུར་རོ་ཞེས་ལན་གྱིས་ཐལ་བར་བསྒྲུབས་པས་འདོད་པ་ཉིད་དོ་ཞེས་བསྟན་ཏོ། །གསལ་བར་སྣང་བ་ཉིད་དུ་མི་འགྱུར་
རོ་ཞེས་བྱ་བའི་རྩོད་པ་གསལ་བ་ནི་ཤེས་པའི་ངོ་བོས་ཞེས་གསུངས་སོ། །ད་ནི་མི་བདེན་པའི་ཡུལ་ཅན་སྤྱིའི་རྟོགས་པ་གང་ཞིག་ཡིན་སྙམ་དུ་དོགས་ན། །སྐྲ་སོགས་ཞེས་བྱ་བ་གསུངས་སོ། །སྐྲ་སོགས་ཞེས་བྱ་བའི་རྟགས་ཐོགས་སུ་མ་ཡིན་ནོ་ཞེས་བྱ་བ་འཐོབ་སྟེ། དེ་གང་གི་
ཡང་དེ་ལྟའི་དངོས་ཞེས་བྱ་བའི་སྐབས་ཡིན་པའི་ཕྱིར་རོ། །འདིས་ནི་རང་གི་མཚན་ཉིད་པས་ཞེས་བྱ་བའི་མཐར་ཐུག་པའི་རྩོད་པ་བསལ་བ་ཡིན་ནོ། །འོ་ན་དོན་མེད་གང་ཡིན་སྙམ་ན་སྐྲར་སྣང་ཞེས་གསུངས་སོ། །ཕྱིའི་དོན་གྱི་དོན་མེད་པ་ཡིན་ནོ། །ཤེས་པ་གང་ཞིག་སྐྲ་ཤད་ཀྱི་རང་བཞིན་དུ་སྣང་བ་
དེ་ནི། ཕྱི་རོལ་གྱི་ཡུལ་ཅན་ཉིད་དུ་ཁས་བླངས་པ་མེད་པས་ན། གནོད་བྱེད་ཀྱི་ཚད་མའི་ཡུལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྲར་སྣང་བ་རང་གི་ངོ་བོས་འགོག་པ་མ་ཡིན་ནོ་ཞེས་བཤད་པ་ནི། གལ་ཏེ་ཞེས་བྱ་བའོ། །སྐྲ་ཤད་ལ་སོགས་པ་ནི་ཡོད་པ་དང་། མེད་པ་དག་གིས་སྤྱིའི་རང་བཞིན་
དུ་སྣང་བ་དེ་ནི། ཕྱི་རོལ་ཉིད་ཀྱི་སྒོ་ནས་བརྗོད་པ་ནི་མི་བདེན་པས་ཞེས་བྱ་བའི་དོན་གཅིག་ཡིན་ཞེ་ན་ཞེས་བྱ་བའོ། །དེས་ཞེས་བྱ་བ་ནི་ཤེས་པ་གཞན་ནམ། སྐྱེས་བུ་གཞན་དེས་དམིགས་པར་རུང་བ་ཉིད་མེད་པར་ཡོངས་སུ་བཅད་པས་སྐྲ་ལ་སོགས་པ་དངོས་པོ་མེད་པར་ནི་དགག་པ་ལ་ལྟོས་ནས་
གཞལ་བྱ་ཉིད་ཡིན་ཏེ། ས་ཕྱོགས་བཞིན་ནོ། །གང་ཞིག་ཡུལ་ངེས་པ་མེད་པ་དེ་ནི་མི་བདེན་པ་ཡིན་ནོ། །དཔེར་ན་སྔོན་མཐོང་བའི་སྐྲ་ཤད་ལ་སོགས་པ་བཞིན་ནོ། །སྐྲ་ཤད་ལ་སོགས་པ་འདི་ཡང་ཡུལ་མ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པ་སྟེ། ཡུལ་མ་ངེས་པར་དམིགས་
པ་ནི་ཡོད་པ་ཉིད་མི་དམིགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྐྲ་ཤད་ལ་སོགས་པ་མེད་པ་སྤྱིའི་རང་བཞིན་དུ་བཤད་ནས་ཡོད་པའི་སྒོ་ནས་ཀྱང་བརྗོད་པ་ནི་ཡང་གང་གི་ཚེ་ཞེས་བྱ་བའོ། །གང་ཞིག་འདི་ལྟ་བུར་གྱུར་པ་དེའི་ཚེ་སྐྲ་གཞན་དང་འདྲ་བ་ཡིན་ཏེ། དཔེར་ན་སྔོན་མཐོང་བའི་སྐྲ་ནི་ཚོགས་རྣམ་
Vol. 185 · folio 60a
པ་དེ་ལྟ་བུ་གཞན་དང་འདྲ་བཞིན་ནོ། །འདི་ཡང་འདི་ལྟ་བུར་གཞན་དང་འདྲ་བཞིན་ནོ། །འདི་ཡང་འདི་ལྟ་བུར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་སྤྱིའི་རང་བཞིན་ཉིད་ཡིན་ན་འོ་ན་ཇི་ལྟར་ཞེས་བྱ་བའོ། །ཤེས་པའི་རང་བཞིན་གྱི་ཞེས་བྱ་བ་
ནི་རྩ་བ་ལས་འདེབས་པའོ། །འདིར་གཞན་གྱི་དེ་ལྟ་ན་ནི་ཞེས་སྨྲས་སོ། །དེ་ལྟ་ན་ཡང་སྤྱི་མ་ཡིན་ནོ་སྙམ་དུ་བསམས་པས་སོ། །ལན་ནི་འགྱུར་བ་ཁོ་ན་ཞེས་བྱ་བའོ། །གལ་ཏེ་མངོན་སུམ་གྱི་ཡུལ་ཉིད་ཡིན་ན་ཇི་ལྟར་སྤྱིའི་རང་བཞིན་ཉིད་ཡིན་ཞེས་བྱ་བ་ནི་དྲི་བའོ། །ལན་ནི་རྣམ་པར་རྟོག་པའི་ཞེས་བྱ་
བ་སྟེ་མངོན་སུམ་རྗེས་ལས་བྱུང་བའོ། །སྔར་གྱི་རྗེས་སུ་དཔག་པ་ལ་ལྟོས་ནས་སྤྱིའི་རང་བཞིན་དུ་བརྗོད་པ་ཡིན་ལ། དེ་ལྟ་ནི་མངོན་སུམ་གྱི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པའི་ཤེས་པ་ལ་ལྟོས་ནས་ཡིན་ནོ། །རྣམ་པར་རྟོག་པའི་ཡུལ་དེ་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །རྣམ་པར་རྟོག་པ་
མེད་པས་ཡོངས་སུ་བཅད་པ་ཉིད་དུ་ཅིའི་ཕྱིར་མི་འདོད་སྙམ་ན། སྔ་མ་དང་ཕྱི་མའི་རང་བཞིན་ལས་ཞེས་གསུངས་སོ། །དེས་ནི་སྔ་མ་དང་ཕྱི་མས་སོ། །གལ་ཏེ་སྐྲ་ལ་སོགས་པ་ཞེས་བྱ་བའི་བློ་སྤྱིའི་ཡུལ་ཅན་ཡིན་ན། དེ་ཡུལ་མེད་པ་གང་ཡིན་ཞེ་ན། བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །
དབང་པོའི་ཤེས་པ་ཞེས་བྱ་བ་ནི་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དོན་མེད་པ་ཞེས་བྱ་བ་ནི། ཕྱིའི་དོན་མེད་པའི་ཕྱིར་རོ། །གལ་ཏེ་མངོན་སུམ་ཡིན་ན་ཇི་ལྟར་དོན་མེད་པ་ཡིན་སྙམ་དུ་དོགས་ན། བསམས་པ་ནི་ཞེས་གསུངས་སོ། །རྗེས་སུ་དཔག་པ་ཞེས་བྱ་བ་ནི།
མངོན་སུམ་ལས་ཕྱིས་འཇལ་བའོ། །རང་རིག་པ་དབང་པོ་ལ་བརྟེན་ནས་སྐྱེ་བའི་ཕྱིར་ན། དེའི་ཤེས་པ་ལས་གཞན་པའི་རང་རིག་པ་མེད་དོ་སྙམ་དུ་དོགས་པ་བསུ་བ་ནི། དེ་ཉིད་ཅེས་བྱ་བའོ། །དོན་ལ་དེ་ནི་ཞེས་བྱ་བ་ནི་ལན་ནོ། །དེ་མེད་པར་ཡང་ནི་དངོས་པོ་མེད་པར་ཡང་ངོ་། །གང་གི་ཕྱིར་གསལ་
བར་སྣང་བ་དང་། ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ནི། ཕྱི་རོལ་ལ་ལྟོས་པ་ཁོ་ན་ཡིན་གྱི། རང་རིག་པ་མ་ཡིན་པའི་གཏན་ཚིགས་དེའི་ཕྱིར་མི་གསལ་བ་ཐམས་ཅད་ཅེས་བྱ་བའོ། །གསལ་བར་སྣང་བ་ཉིད་དབང་པོའི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རྗེས་སུ་བྱེད་པ་ནི་མ་ཡིན་ཏེ། དེ་མེད་ཀྱང་ཡོད་
Vol. 185 · folio 60b
པའི་ཕྱིར་རོ་ཞེས་བརྗོད་པ་ནི། རྨི་ལམ་གྱི་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་གསལ་བར་སྣང་བ་ཉིད་ཀྱིས་དབང་པོའི་ཤེས་པ་ནི་མ་ཡིན་གྱི། འོན་ཀྱང་མི་འཁྲུལ་པས་ན་དོན་གྱི་ཡུལ་ཉིད་ཀྱིས་ཡིན་པ་དེས་ན་དབང་པོ་ཞེས་བྱ་བའོ། །དེ་མེད་ན་ནི་དོན་ལ་འཇུག་པ་མེད་ནའོ། །གང་གི་ཕྱིར་སྐྲ་ཐོབ་པ་མེད་
པ་དེའི་ཕྱིར་དོན་ལ་ལྟོས་ནས་ཡིན་གྱི། རང་གི་རྣམ་པ་ལ་ལྟོས་ནས་ནི་མ་ཡིན་ནོ། །འགལ་ལོ་ཞེས་བྱ་བ་ནི་སྤྱིའི་རང་གི་མཚན་ཉིད་དང་གསལ་བར་སྣང་བ་ཉིད་ཡོངས་སུ་སྤངས་ནས་གནས་པའི་ཕྱིར་རོ། །སྤྱི་ནི་དོན་ཉིད་ཡིན་པར་ཐལ་བར་འགྱུར་ཏེ། དེ་ཡང་ཤེས་པའི་རང་བཞིན་དུ་ཁས་བླངས་པའི་ཕྱིར་རོ་ཞེ་ན་
དེ་ལྟར་འདོད་ཕྱིར་ཞེས་བྱ་བ་ནི་ཤེས་པའི་རང་བཞིན་གྱི་དོན་ཉིད་དང་གསལ་བར་སྣང་བ་ཉིད་དུ་འདོད་པའི་ཕྱིར་དེར་ཐལ་བ་ནི་ཉེས་པ་མ་ཡིན་ནོ། །འོ་ན་དེ་ལྟར་དེ་སྤྱི་ཡིན་ཞེ་ན། དོན་གྱི་ངོ་བོ་ཉིད་ཀྱིས་ཏེ། ངེས་པར་བརྟག་པར་བྱ་བ་ཉིད་ཀྱིས་སོ། །སྤྱི་ནི་རྣམ་པར་རྟོག་པ་སྣང་བའོ། །གང་གི་ཕྱིར་རྣམ་པ་
ཕྱི་རོལ་དུ་ངེས་པར་བརྟག་པར་བྱ་བ་ཡིན་པ་དེའི་ཕྱིར་དེའི་སྤྱི་ཡིན་ནོ། །ཤེས་པའི་རང་བཞིན་རང་རིག་པའི་ཡུལ་ནི་གསལ་བ་ཡིན་པས་དེ་ལྟར་ནི་སྤྱི་མ་ཡིན་ནོ། །སྤྱི་ནི་དོན་རྣམས་ཀྱི་མཚུངས་པའི་ངོ་བོ་ཡིན་པས་ན་དོན་ལ་བརྟེན་པ་ཉིད་དུ་རྟོག་པ་ཡིན་ལ། དེ་ལྟར་ནི་གསལ་བ་མ་ཡིན་ནོ། །འདིས་ནི་ཤེས་པའི་
རང་བཞིན་ཉིད་ཕྱིའི་དོན་གྱི་དངོས་པོར་ཅི་སྟེ་མི་འདོད་ཅེས་བྱ་བ་གསལ་བ་ཡིན་ནོ། །གལ་ཏེ་ཤེས་པའི་རང་བཞིན་ལ་ནི་གསལ་བ་ཉིད་ཡོད་པ་མ་ཡིན་ནོ། །དེས་ན་ཅི་སྟེ་དེ་ལྟར་འདོད་ཅེས་དོགས་ན། ཤེས་པ་ནི་རང་བཞིན་ཉིད་ཀྱིས་ནི་ཞེས་གསུངས་སོ། །འོན་ཏེ་དེའི་གསལ་བར་སྣང་བ་ནི། གཞན་འདྲ་བ་
ཡིན་པས་དེ་མེད་པའི་ཕྱིར། དེ་ལྟར་ཇི་ལྟར་འགྱུར་སྙམ་ན། དེའི་གསལ་བར་སྣང་བ་ཉིད་ནི་ཞེས་བྱ་བའོ། །གལ་ཏེ་ཤེས་པའི་རང་བཞིན་མི་གསལ་བ་ཉིད་དུ་མི་འཐད་ན། འོ་ན་མི་གསལ་བར་སྣང་བ་ཅི་ཡིན་ཞེ་ན། དོན་ནི་ཞེས་གསུངས་པའོ། །སྤྱིའི་ཤེས་པ་ལའོ། །ཅིའི་ཕྱིར་ཞེ་ན། གཞན་ལ་
ལྟོས་ནས་ཞེས་བྱ་བ་ནི་དབང་པོའི་རྣམ་པར་ཤེས་པ་ལའོ། །ཤེས་པའི་རྣམ་པ་ལ་ནི་དེ་ལྟར་མི་འགྱུར་རོ་ཞེས་བརྗོད་པ་ནི་ཤེས་པའི་རྣམ་པ་ནི་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་རྣམ་པ་གཞན་མེད་པའི་ཕྱིར་རོ། །འོན་ཏེ་སྤྱིའི་ཤེས་པ་ལ་དོན་གྱི་རྣམ་པ་ཐམས་ཅད་ཀྱང་སྣང་བ་ཡིན་ཏེ། དེས་ན་ཇི་ལྟར་
Vol. 185 · folio 61a
དམིགས་པ་སྙམ་དུ་དོགས་ན། དོན་གྱི་རང་བཞིན་ནོ་ཞེས་བྱ་བ་བློ་རང་བཞིན་ནི་དབང་པོའི་རྣམ་པར་ཤེས་པ་ལ་སྣང་བ་བཞིན་ནོ། །གཞན་ཞེས་བྱ་བ་ནི། སྤྱིའི་ཤེས་པ་ལ་སྣང་བའི་རང་བཞིན་ལས་སོ། །དེ་མི་སྣང་བར་ཞེས་བྱ་བ་ནི། རང་བཞིན་མི་སྣང་བའོ། །གལ་ཏེ་ཤེས་
པའི་རང་བཞིན་གྱིས་རང་གི་མཚན་ཉིད་ཡིན་ན། འོ་ན་ཇི་ལྟར་ཤེས་པའི་རང་བཞིན་དེའོ། །ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ནི་ལན་ནོ། །འདི་ཉིད་རང་གི་ཚིག་གིས་འཆད་པ་ནི། དཔྱད་པས་ན་ཞེས་བྱ་བའོ། །དེ་ཉིད་ཀྱིས་ནི་གཉི་ག་ཡང་འགྲུབ་པོ་ཞེས་བརྗོད་པ་ནི། དོན་དུ་ངེས་པར་ཞེས་བྱ་བའོ། །གལ་ཏེ་
དེ་ལ་དོན་སྣང་བའི་ཕྱིར། ཇི་ལྟར་གཉི་གའི་རང་བཞིན་ཡིན་ཞེ་ན། དེ་ཡང་ཞེས་གསུངས་སོ། །སྤྱིའི་ཤེས་པ་ལའོ། །གལ་ཏེ་དོན་དུ་ངེས་པར་བརྟགས་པ་ཡིན་ཡང་འདི་ཅིའི་རྣམ་པར་ཇི་ལྟར་འགྱུར་སྙམ་དུ་དོགས་པ་བསུ་ནས་འདི་ལྟར་ཞེས་གསུངས་སོ། །རྩྭ་ལས་བྱུང་བ་དང་ལོ་མ་ལས་བྱུང་བ་
ལ་སོགས་པ་ཐམས་ཅད་ལ་མེ་མེ་ཞེས་རྣམ་པར་རྟོག་པའི་རྣམ་པ་ལ་སྒྲོ་བཏགས་པ་དེ་དག་གིས་མཚུངས་པ་ཉིད་དུ། ལྷག་པར་ཞེན་པ་དེའི་སྤྱིའི་རྣམ་པ་ཉིད་ཡིན་ནོ། །སྒྲུབ་པའི་རང་བཞིན་སྤྱིའི་རྣམ་པ་བརྗོད་ནས། ལྡོག་པའི་རང་བཞིན་བསྟན་པའི་ཕྱིར་བཤད་པ། དོན་དེ་དག་གི་རིགས་མི་
མཐུན་པ་ལས་ལྡོག་པ་གང་ཡིན་པ་དེ་ལ་བརྟེན་པའོ། །ཤེས་པའི་བརྟེན་པ་ནི་རྣམ་པ་གཉིས་ཏེ། དེ་ལས་སྐྱེས་པ་དང་དེ་ལ་འཇུག་པའོ། །དེས་ན་ལྡོག་པ་དང་འབྲེལ་པའི་ཕྱིར་དང་ལྡོག་པའི་རང་བཞིན་ཉིད་ཀྱིས་སྤྱིའི་རྣམ་པ་ཡིན་ནོ། །རྣོ་བ་དང་ཞེས་བྱ་བ་ནི་རྣམ་པར་འབྲེལ་པའོ། །ཙནྡན་ལ་
སོགས་པ་སེང་གེའི་ལ་སོགས་པ་གང་ལ་ཡོད་པ་དེ་ལ་མིག་ཤེས་པ་ངོ་བོ་མཚུངས་པ་ཉིད་དོ། །ཇི་ལྟར་ངོ་བོ་མཚུངས་པ་ཉིད་དུ་རྣམ་པར་གཞག་སྙམ་ན། སྣང་བ་དང་ཞེས་སྨོས་སོ། །ཤེས་པའི་རང་བཞིན་དེ་ཐམས་ཅད་ལ་ཐུན་མོང་གི་རང་བཞིན་ཉིད་དུ་རྟོགས་པའི་ཕྱིར་རོ། །དེ་མ་བཟུང་ན་ཇི་ལྟར་དེ་ཐམས་
ཅད་ཀྱི་ཡུལ་ཅན་དུ་ཇི་ལྟར་བརྗོད་སྙམ་ན། གཅིག་ཉིད་དུ་ལྷག་པར་ཞེན་པས་ཞེས་གསུངས་སོ། །འདི་ཉིད་ཇི་ལྟར་སྙམ་ན་སྣང་བ་དང་ཞེས་བྱ་བའོ། །གལ་ཏེ་ཤེས་པའི་རང་ལ་དོན་དུ་ལྷག་པར་ཞེན་ཀྱང་སྤྱི་ཇི་ལྟར་ཡིན་ཏེ། གཞན་གྱིས་ཁས་བླངས་པའི་སྤྱིའི་མཚན་ཉིད་མེད་པའི་ཕྱིར་རོ་སྙམ་ན། དེས་བརྗོད་
Vol. 185 · folio 61b
པའི་སྤྱིའི་མཚན་ཉིད་ནི་འདི་ཁོ་ན་ལ་ཡོད་པ་ཡིན་ནོ་ཞེས་བཤད་པ་ནི་འདི་ལྟར་ཞེས་བྱ་བའོ། །འདི་ལས་ཅི་ཞིག་འགྲུབ་པར་འགྱུར་སྙམ་ན། དེའང་ཤེས་པའི་རྣམ་པ་ཉིད་ཅེས་བྱ་བ་སྨོས་ཏེ། མཚུངས་པ་རྣམས་ཀྱི་ངོ་བོ་སྤྱི་དེའོ། །ཇི་ལྟར་དེ་གསལ་བ་རྣམས་ཀྱི་ཡིན་སྙམ་ན། གསལ་བའི་ངོ་བོར་ཞེས་སྨོས་
ཏེ། སྤྱིའི་རྣམ་པ་ཅན་དུ་གྱུར་པའི་ཤེས་པའི་རྣམ་པ་ཁྱད་པར་ཅན་ནི་སྤྱིའི་ངོ་བོ་ཡིན་ཏེ་ཞེས་འབྲེལ་ཏོ། །གལ་ཏེ་རྣམ་པའི་ཁྱད་པར་ཤེས་པ་ནི་བདག་ཉིད་ཡིན་པས་ན། འདི་སྤྱིའི་རྣམ་པ་ཇི་ལྟར་ཡིན་ཞེ་ན། ཁྲ་བོ་ལ་སོགས་པ་ཞེས་སྨོས་སོ། །དེ་དེ་ལ་གནས་པ་ཉིད་ཇི་ལྟར་ཡིན་ཞེ་ན། ཀུན་རྫོབ་ཏུ་ལྷག་པར་
ཞེན་པ་གང་ཡིན་པ་དེས་སོ། །གལ་ཏེ་དེར་ལྷག་པར་ཞེན་པའི་རྒྱུ་མཚན་ཉིད་ཅི་ཡིན་སྙམ་ན། དེ་ལ་ཞེས་སྨོས་ཏེ་དོན་ལའོ། །དེ་ལས་ནི་དོན་ལས་སོ། །དངོས་སུ་སྐྱེས་ནས་རྣམ་པར་རྟོག་པར་འགྱུར་རོ་སྙམ་ན་བག་ཆགས་ཀྱི་ཞེས་གསུངས་སོ། །དེ་ལྟར་སྣང་བ་དང་རྣམ་པར་བརྟག་པར་བྱ་བ་གཅིག་ཏུ་བྱས་
ནས་སྒྲུབ་པའི་རང་བཞིན་ཉིད་སྤྱིར་བརྗོད་པ་ཡིན་ནོ། །ལྡོག་པའི་རང་བཞིན་གྱི་སྤྱི་སྟོན་པ་ནི་དེ་ནི་ཞེས་བྱ་བའོ། །ཤེས་པའི་རྣམ་པ་དེ་ནིའོ། །གལ་ཏེ་དོན་གྱི་རང་བཞིན་ལ་མ་རེག་པའི་ཕྱིར་ན་ཇི་ལྟར་དེ་དང་དེ་དག་གི་ལྡོག་པ་ལ་བརྟེན་ནས་སྐྱེ་སྙམ་ན། དེ་ནི་བརྒྱུད་པས་ཞེས་གསུངས་སོ། །དེ་ལ་སྐྱེ་བའི་མཚན་
ཉིད་བརྟེན་པར་བཤད་ནས། དེ་ལ་འཇུག་པ་བཤད་པ་ནི། ལྡོག་པའི་དོན་རྣམས་ལ་ཞེས་གསུངས་སོ། །འཇུག་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ནི་ལྷག་པར་ཞེན་པ་ལས་སྤྱིའི་རང་བཞིན་ནོ་ཞེས་བྱ་བར་འབྲེལ་ཏོ། །གལ་ཏེ་ཕྱོགས་འདི་ལ་ཇི་ལྟར་ལྡོག་པ་ཅི་ཡིན་སྙམ་ན་ལྡོག་པ་ཉིད་ནི་ཞེས་གསུངས་
སོ། །གལ་ཏེ་དེ་ལྟ་ན་ཡང་རྣམ་པར་རྟོག་པའི་རྣམ་པ་ལྡོག་པའི་རང་བཞིན་གྱི་སྤྱིར་ཇི་ལྟར་འགྱུར་ཞེ་ན། ལྡོག་པ་དང་འབྲེལ་པས་ཞེས་གསུངས་ཏེ། རང་བཞིན་གཉིས་ཀྱིས་སོ། །ལྡོག་པས་བསྐྱེད་པའི་རྣམ་པ་ནི་ལྡོག་པ་ཉིད་དུ་ངེས་པ་ཡིན་ཏེ། དེས་ན་ལྡོག་པའི་བདག་ཉིད་ཅེས་བྱའོ། །གལ་ཏེ་ཤེས་པ་
ཉིད་རང་བཞིན་དེ་གསལ་བ་ལས་སྐྱེ་བ་དང་། གསལ་བའི་རང་བཞིན་དུ་ལྷག་པར་ཞེན་པ་ཡིན་ན་ཁྱད་པར་མཚོན་པ་མེད་པའི་གསལ་བ་ཉིད་སྤྱིར་འགྱུར་གྱི། ཤེས་པའི་རང་བཞིན་གཞན་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། ཇི་ལྟར་རྣམ་པ་སྤྱི་ཡིན་ཞེས་བྱ་བ་ཡིན་ནོ། །ཇི་ལྟར་ཁས་བླང་བར་བྱ་
Vol. 185 · folio 62a
སྙམ་ན། མཚོན་ཟིན་པ་ཤེས་པའི་རྣམ་པའམ། སྤྱིས་མཚོན་པ་ཉིད་དེས་སོ། །རྣམ་པ་ཙམ་གྱིས་མཐར་ཐུག་པས་ནི་ཁས་བླང་བར་བྱ་བ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། འཇུག་པར་བྱེད་པ་ཉིད་མ་ཡིན་པར་ཞེས་སྨྲས་སོ། །འོ་ན་ཅི་ཙམ་གྱིས་མཐར་ཐུག་པ་
ཡིན་ན། ཉེས་པ་ལ་བརྟེན་པ་ཡིན་ནོ་སྙམ་ན། སྤྱི་འབའ་ཞིག་ཅེས་སྨྲས་སོ། །རྣམ་པ་བཞིན་དུ་ལྕེ་ཡང་དོན་བྱེད་པ་དང་བྲལ་བའི་ཕྱིར་རོ་ཞེས་བསམས་པའོ། །གང་གི་ཕྱིར་དེ་ལྟར་དེའི་མཐར་ཐུག་པ་མ་ཡིན་པ་དེའི་ཕྱིར་ཤེས་པའི་རང་བཞིན་གྱི་དོན་སྤྱི་གང་ལ་ཡོད་པ་དེར་སྨྲ་བ་རྣམས་ཀྱིའོ། །ཤེས་
པའི་རང་བཞིན་དུ་སྨྲ་བ་ནི་སངས་རྒྱས་པ་ཡིན་ལ། དོན་གྱི་རང་བཞིན་དུ་སྨྲ་བ་ནི་རིགས་པ་ཅན་ལ་སོགས་པ་ཡིན་པའི་ཕྱིར་རོ། །སྤྱི་འབའ་ཞིག་ཏུ་མ་ཟད་ཀྱི་ཤེས་པའི་རྣམ་པ་དེ་ལས་ཀྱང་ངོ་། །འོན་ཏེ་ཕྱིས་གསལ་བ་རྗེས་སུ་དཔོག་པ་དེ་ན་དེ་ཡུལ་མ་ཡིན་ན་སྙམ་ན། དེ་ལ་ཕྱིས་ཀྱང་ཞེས་སྨྲས་ཏེ།
ཤེས་པའི་རྣམ་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི། རིགས་པ་ཅན་ལ་སོགས་པས་འདོད་པའི་སྤྱིས་ཀྱང་ངོ་། །དེ་གང་ལ་སྙམ་ན་དེ་ལ་ཡང་ཞེས་སྨོས་ཏེ། རྗེས་སུ་དཔག་པ་ལ་ཡང་ངོ་། །འདི་ནི་ཁས་བླངས་ནས་བརྗོད་པར་ཟད་ཀྱི། འདི་ནི་ཡོད་པ་ཡང་མ་ཡིན་ནོ་ཞེས་གསུངས་པ་ནི། སྤྱི་བརྒྱུད་པ་ཞེས་
སྨྲས་སོ། །ཅི་སྟེ་བརྒྱུད་པ་མ་ཡིན་སྙམ་ན། ཐུག་པ་མེད་པའི་ཉེས་པ་བརྗོད་པ་ནི་སྤྱི་ལས་ཞེས་བྱ་བའོ། །གང་གི་ཕྱིར་སྤྱི་དང་ཤེས་པའི་རྣམ་པ་དག་ལས་གསལ་བ་རྗེས་སུ་དཔོག་པ་ནི་འཐད་པ་དེའི་ཕྱིར་མཐར་ཡང་ཞེས་བྱ་བའོ། །གལ་ཏེ་རྗེས་སུ་དཔག་པ་གསལ་བའི་ཡུལ་ཅན་ཉིད་དུ་སངས་རྒྱས་
པས་ཀྱང་ཁས་བླངས་པ་ཉིད་མ་ཡིན་ནམ་དེས་ན་ཇི་ལྟར་དེ་ཡང་མ་ཡིན་ནོ་ཞེས་སྤོང་སྙམ་ན། བདེན་ཏེ་འོན་ཀྱང་ཀུན་རྫོབ་ཏུ་དེའི་ཡུལ་ཅན་ཉིད་བརྗོད་པ་གང་ཡིན་པ་དེ་ནི་འདིས་སྤོང་བ་མ་ཡིན་གྱི། འོན་ཀྱང་དངོས་པོའི་འཇུག་པ་གཞན་གྱིས་ཁས་བླངས་པས་ཏེ་སྤོང་བ་ཡིན་ཏེ། འདི་གང་ལས་སྙམ་ན། འདི་
ལྟར་ཤེས་པའི་རང་བཞིན་དངོས་མིན་དེ་བྱེད་པར་བཟུང་བའི་རང་བཞིན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བརྗོད་བྱ་ཉིད་ཕྱིར་ཏེ་དོན་དང་དབང་པོ་ལ་སོགས་པ་མེད་ཀྱང་། སྒྲ་ལས་བྱུང་བ་ལ་སྣང་བའི་ཕྱིར་རོ། །དབང་པོ་ལ་སོགས་པ་མེད་ཀྱང་སྒྲ་ལས་བྱུང་བ་ནི་དངོས་པོ་ཉིད་ཡིན་ནོ་སྙམ་ན། དེའི་ཚེ་དབང་པོའི་
Vol. 185 · folio 62b
ཚོགས་འབྲས་བུ་དང་བཅས་པར་མི་འགྱུར་རོ། །དེ་བཞིན་དུ་སྒྲ་ཐོས་པ་ན་ངོ་བོ་ཉིད་ཀྱི་དོན་གོ་བར་འགྱུར་གྱི། བརྡར་བྱས་པ་ནི་མ་ཡིན་ནོ། །དེས་ན་རྟོགས་པ་ནི་ཅི་ཡང་མ་ཡིན་ནོ། །གལ་ཏེ་ཉེས་པ་འདི་བདག་ཅག་ལ་ནི་མེད་དེ་དངོས་པོའི་རང་བཞིན་མི་བརྗོད་པའི་ཕྱིར་རོ། །སྒྲ་ནི་སྒྲའི་གཟུགས་བརྙན་ཞེས་
བྱ་བའི་མིང་ལ་འཇུག་པ་ཡིན་ནོ། །མིང་ནི་མཚན་མ་ལ་དེས་ནི་དོན་གོ་བར་བྱེད་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི་མིང་སོགས་ཞེས་སྨོས་སོ། །སོགས་པའི་སྒྲས་ནི་དོན་གྱི་གཟུགས་བརྙན་གྱི་མཚན་མ་བརྗོད་པ་ཡིན་ནོ། །འདི་ནི་ཟད་པར་སྒོམ་པ་ལ་སོགས་པར་གསལ་བ་ཡིན་ནོ། །གལ་ཏེ་དོན་བརྗོད་བྱ་བ་
མ་ཡིན་གྱི། འོན་ཀྱང་མིང་དང་མཚན་མ་ཡིན་ན། དེའི་ཚེ་དོན་ལ་མི་འཇུག་པ་ཉིད་དུ་མི་འགྱུར་རོ། །བུམ་པ་བརྗོད་པ་ན་སྣམ་བུ་ལ་འཇུག་པ་ནི་མ་ཡིན་ནོ། །འོན་ཏེ་དེ་དང་འབྲེལ་པ་ཅན་བརྗོད་ན་དེར་མི་འཇུག་པ་ཇི་ལྟར་ཞེ་ན། འབྲེལ་པ་དང་མ་འབྲེལ་པ་བརྗོད་ན་ཉེས་པ་སོ་ན་འདུག་གོ་ཞེས་བརྗོད་པ་ནི།
འཆད་པ་པོ་དང་ཉན་པ་པོ། །ཞེས་གསུངས་སོ། །འབྲེལ་པ་མེད་པ་ཅན་ཞེས་བྱ་བ་ནི་གསུམ་ཀ་དང་མ་འབྲེལ་པའོ། །བརྗོད་བྱ་ཡིན་པར་རྟོགས་ཀྱང་དོན་དེ་མ་རྟོགས་ན་མི་འཇུག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཟུགས་ལ་སོགས་པ་ཉིད་ནི་སྤྱི་མ་ཡིན་ཏེ། དངོས་པོ་མ་ཡིན་ནོ། །ཅིའི་ཕྱིར་
ཞེ་ན། སྤྱིའི་ཤེས་པ་རྟོགས་པ་སྟེ། བརྗོད་བྱ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །བརྗོད་བྱ་ཡིན་ཡང་དངོས་པོ་མ་ཡིན་པར་ཇི་ལྟར་འགྱུར་ཞེ་ན། གཟུགས་ལ་སོགས་པས་ཞེས་གསུངས་སོ། །གལ་ཏེ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཉིས་པ་སེལ་བའོ། །གསལ་བ་ཞེས་བྱ་བ་གཟུགས་ལ་སོགས་
པའི་གསལ་བའོ། །དེ་ཡང་ཞེས་བྱ་བ་ནི་དབང་པོ་ལས་བྱུང་བའི་བདེ་བ་དང་། བཟློག་པ་བརྗོད་པ་ནི་དེ་ལྟར་ནི་མ་ཡིན་ནོ་ཞེས་བྱ་བ་སྟེ། འབྲས་བུ་མེད་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་དང་བཅས་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་གསལ་བའི་རང་བཞིན་མ་རྟོགས་པས་སོ། །འདིས་ནི་
ཕྱོགས་དང་པོ་ཡང་གསལ་བ་ཡིན་ནོ། །མིང་སོགས་པ་ཞེས་བྱ་བ་བཤད་པའི་ཕྱིར་ཕྱོགས་སྔ་མ་འགོད་པ་ནི་དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །མི་ལྡན་པ་ནི་མིང་དང་མཚན་མའི་མཚན་ཉིད་དོ། །འབྲེལ་མེད་ཅེས་བྱ་བ་ནི་གསུམ་ཀ་དང་མ་འབྲེལ་པའོ། །དེ་ལ་མིང་ལ་སོགས་པ་མ་འབྲེལ་པ་དང་
Vol. 185 · folio 63a
དོན་དང་འབྲེལ་པ་ལ་ནི་འབྲེལ་པ་མེད་ན་ཡང་འཇུག་པ་མི་འཇུག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པར་བརྗོད་པར་མི་འགྱུར་རོ། །འཆད་པ་པོ་དང་ཉན་པ་པོ་འབྲེལ་པ་ལ་བརྗོད་པ་ནི་འཆད་པ་པོ་ལ་སོགས་པ་དང་ཞེས་བྱ་བའོ། །འོན་ཏེ་མ་རྟོགས་པ་ལ་ཡང་
འཇུག་པ་སྐྱོན་ཅི་ཡོད་སྙམ་ན། མ་རྟོགས་པ་ལ་ཡང་ཞེས་བྱ་བའོ། །གང་ལ་འཇུག་པ་དེ་རྟོགས་པ་དོན་མེད་པར་ཐལ་བའི་ཕྱིར་ནི་མ་རྟོགས་པ་ལ་འཇུག་པ་འདི་ནི། རིགས་པ་མ་ཡིན་ནོ། །ཙི་ཏྲ་ཨངྒ་དང་། སྣ་ཚོགས་བརྩོན་འགྲུས་གཉིས་ལས་གཅིག་བརྗོད་པས་གཞན་ལ་འཇུག་པ་དེར་ནི་འཁྲུལ་
པ་ཡིན་ཏེ། འཁྲུལ་པས་འཇུག་པའི་རྒྱུ་ཡིན་གྱི། མཚན་མ་དང་དོན་དག་ལས་དེ་ལྟར་རྟོགས་པ་འདིར་ནི་མ་འཁྲུལ་པ་ཡིན་ནོ། གང་ལ་མ་རྟོགས་པའི་དོན་ལ་འཇུག་པར་འགྱུར། འཁྲུལ་ན་ཅི་སྐྱོན་སྙམ་ན་འཁྲུལ་ན་ཞེས་གསུངས་སོ། །དེ་ལྟར་གྱུར་ན་ཞེས་བྱ་བ་ནི་དམིགས་པ་མེད་པ་ཉིད་དུ་འགྱུར་
ནའོ། །དམིགས་པ་མེད་པར་འགྱུར་བའི་སྐྱོན་སྤངས་པའི་དོན་དུ་མིང་དང་མཚན་མ་གཞན་དང་གཞན་རྟོགས་ན་ནི་ཐུག་པ་མེད་དོ་ཞེས་བརྗོད་པ་ནི་དེ་ལ་ཡང་ཞེས་གསུངས་ཏེ། དམིགས་པ་མེད་པའི་ཉེས་པ་བཀལ་བ་གང་ཡིན་པ་ལའོ། །ཐུག་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་དེ་ལ་ཡང་རང་གི་ངོ་
བོས་བཟུང་བ་མེད་པའི་ཕྱིར་མིང་དང་མཚན་མ་གཞན་བརྟག་པར་བྱ་བ་ཡིན་ལ། དེ་བཞིན་དུ་ཡང་གཞན་དང་གཞན་ནི་བརྟག་པར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་མིང་དང་མཚན་མར་སྣང་བའི་རྟོགས་པ་ནི་འཁྲུལ་པ་མ་ཡིན་པ་དེས་ན་ཇི་ལྟར་དེས་དོན་ལ་འཇུག་པར་འགྱུར། དཔེ་ཡང་བསྒྲུབ་བྱའི་ཕྱོགས་
སུ་བསླན་པ་ན་དེའི་སྟོབས་ཀྱིས་ཀྱང་འདི་འགྲུབ་པ་མ་ཡིན་ནོ་ཞེས་གསུངས་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །ཡུལ་དུ་འགྱུར་བའི་མཚན་མ་དག་ལ་གཅིག་བརྗོད་པ་འཁྲུལ་པས་གཞན་རྟོགས་པ་ལ་ནི་མིང་ལ་སོགས་པ་ཉིད་སྣང་བ་ཡིན་གྱི་དོན་སྣང་བ་ནི་མ་ཡིན་ཏེ། དབང་པོའི་ཚོགས་འབྲས་བུ་མེད་པར་
ཐལ་བའི་ཕྱིར་རོ། །མ་གྲུབ་པ་ཉིད་བརྗོད་པ་ནི་དེ་ཡང་ཞེས་བྱ་བ་སྟེ་དཔེ་ལའོ། །དེ་རྟོགས་པ་ཉིད་ཀྱིས་ནི་མིང་ལ་སོགས་པ་རྟོགས་པ་ཉིད་ཀྱིས་སོ། །དེ་ལྟར་ན་རེ་ཞིག་དོན་ལ་མི་འཇུག་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཁས་བླངས་ནས་ཀྱང་སུན་འབྱིན་པ་བརྗོད་པ་ནི། གལ་ཏེ་དོན་ལ་ཞེས་བྱ་བའོ། །སྐྲ་
Vol. 185 · folio 63b
ལས་མི་རྟོགས་པ་ནི་དོན་གྱི་གཟུགས་བརྙན་ཡིན་པའི་ཕྱིར་དོན་དུ་འཁྲུལ་པར་འགྱུར་ཞིང་དེ་ལས་ནི་དོན་ལ་འཇུག་པ་ཡིན་ནོ། །དེ་བཞིན་ཟད་པར་བསྒོམས་པ་ལ་སོགས་པར་མཚན་མ་རྟོགས་པ་ན་སའོ་ཞེས་ལྷག་པར་ཞེན་པ་ལས་འཇུག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དུས་ཀུན་དུ་འཁྲུག་པ་ལས་འཇུག་པར་
མི་འགྱུར་རོ། །གང་མིང་ལ་འཇུག་པར་མཐོང་བས་འཇུག་པར་མི་འགྱུར་རོ། །མཐོང་ན་ནི་ལོང་བ་དང་ལྐུགས་པར་འགྱུར་བས་སྐྲའི་ཐ་སྙད་ཉམས་པར་འགྱུར་རོ། །འོན་ཏེ་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ལས་དེ་ལྷག་པར་ཞེན་པ་ཉིད་དེ། ཤེས་པ་ཡིན་ནོ་ཞེས་གཞན་གྱི་ལུགས་ཁས་ལེན་ནོ་ཞེ་ན།
ཡུལ་ལ་འཁྲུལ་འགྱུར་ཞེས་གསུངས་སོ། །ཡུལ་སྨོས་པ་ནི་ཉེ་བར་མཚོན་པའི་ཕྱིར་རང་བཞིན་ལ་འཁྲུལ་པ་ཡང་བཟུང་ངོ་། །འཁྲུལ་པར་མི་འདོད་ཀྱང་འཁྲུལ་པར་ཐལ་ལོ་ཞེས་བྱ་བའི་དོན་ཏོ། །ཡུལ་འཁྲུལ་པ་ཡང་ཡོད་པ་ཡིན་ལ། དེ་ཡང་ཁྱེད་ཀྱི་ལྟར་ན་མིང་ལ་སོགས་པ་ཡུལ་ལ་མི་གནས་པའི་ཕྱིར་
ན་མི་འགྱུར་རོ་ཞེས་བཤད་པ། ལྡོག་པའི་སྒོ་ནས་བཤད་དོ། །རྗེས་སུ་འགྲོ་བའི་སྒོ་ནས་ནི་མིན་ཞེས་བྱ་བ་དགག་པའི་སྒྲ་དང་མ་འབྲེལ་པའི་ཕྱིར་རོ། །བཤད་པ་སྔ་མ་ལྟར་ཡིན་ནོ། །ཤེས་པའི་རྣམ་པ་ཡིན་ན་ནི་དེ་བག་ཆགས་ཀྱི་རྒྱུ་ལས་བྱུང་བའི་འཁྲུལ་པ་ཉིད་ཡིན་ནོ་ཞེས་བརྗོད་པ་ནི་ཤེས་པ་ལ་ཞེས་
བྱ་བའོ། །ཅིའི་ཕྱིར་ཞེ་ན། རྣམ་པ་དེ་འདྲའི་བློ་སྐྱེ་བའི་ཕྱིར་རོ། །རང་གི་རྣམ་པ་ལ་དོན་དུ་ལྷག་པར་ཞེན་པའི་བློ་ཉིད་བག་ཆགས་ལས་བྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མིང་གི་བློ་ཉིད་ནི་དེ་ལྟར་འཛིན་པས་འཇུག་པ་ཡིན་ནོ་ཞེས་བྱ་བ་མི་རིགས་ཏེ། ཁས་མི་ལེན་པའི་ཕྱིར་རོ་ཞེས་བརྗོད་པ་ནི་
གཞན་ལ་ཞེས་བྱ་བ་སྟེ། མིང་དང་མཚན་ཉིད་ལྟ་བ་ལའོ། །དེ་ཞེས་བྱ་བ་ནི་རྣམ་པ་དང་བཅས་པའི་རྣམ་པར་ཤེས་པ་སྨྲ་བ་ལ་བརྗོད་པ་གང་ཡིན་པ་དེ་མེད་དོ། །ཅིའི་ཕྱིར་ཞེ་ན། ཕྱི་རོལ་གྱི་དོན་དུ་སྣང་བའི་བློ་ཁས་ལེན་པ་མེད་པའི་ཕྱིར་རོ། །ཤེས་པ་ཕྱི་རོལ་གྱི་རྣམ་པ་ཅན་དུ་ཁས་ལེན་ན་ཡང་།
རྣམ་པར་ཤེས་པ་དང་ཕྱི་རོལ་གྱི་དོན་ལས་ཐ་དད་པའི་མིང་ནི་ཚད་ཅན་མིན་ཏེ། ཚད་མ་ཡོད་པ་མ་ཡིན་ནོ། །དེ་སྐྱེད་པའི་ཁྱད་པར་མ་གྲུབ་པའི་ཕྱིར་ལྡོག་པའི་རྗེས་སུ་དཔག་པ་གྲུབ་པ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ནི་འདྲ་བར་ཁས་བླངས་ནས་བརྗོད་པ་ཡིན་གྱི། གང་གིས་དེ་རྟོགས་པས་
Vol. 185 · folio 64a
དེ་ལ་འཇུག་པར་འགྱུར་བ་མིང་ནི་དོན་དང་ཚུལ་འདྲ་བ་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། ལུས་ཅན་དང་ལུས་ཅན་མ་ཡིན་པ་ཞེས་གསུངས་སོ། །ལུས་ཅན་དང་ལུས་ཅན་མ་ཡིན་པ་ནི་དབྱིབས་ཅན་དང་དབྱིབས་ཅན་མ་ཡིན་པའོ། །དེ་ཡོད་ན་ནི་འདྲ་བ་ཡོད་ནའོ། །ཡུལ་འདི་
ཉིད་དུ་ཞེས་བྱ་བ་ནི་འཁྲུལ་པའི་རྣམ་པར་བརྗོད་པ་ཡིན་ནོ། །འོན་ཏེ་མིང་དང་མཚན་མ་དོན་གྱི་ཡུལ་དང་ཚུལ་འདྲ་བའི་ཕྱིར་ན་འཁྲུལ་པ་ཡིན་ནོ་སྙམ་ན་དེ་དང་ཞེས་གསུངས་སོ། །དེ་ཞེས་བྱ་བ་ནི་མིང་དང་མཚན་མ་དང་མཚུངས་པ་དང་འཇུག་པའི་ཡུལ་གྱི་དོན་གྱི་ཡུལ་དག་ནི་ཚུལ་འདྲ་བ་མ་ཡིན་ནོ། །
ལུས་ཅན་དང་ལུས་ཅན་མ་ཡིན་པ་དག་འདྲ་བ་མེད་པའི་ཕྱིར་རོ་ཞེས་བརྗོད་པའི་ཕྱིར་རོ། །ཚུལ་འདྲ་བ་མེད་ཀྱང་འཁྲུལ་པ་ལས་དེ་རྟོགས་པར་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །དོན་འབའ་ཞིག་ཏུ་ནི་མ་ཟད་ཀྱི་ཡུལ་དེ་ཡང་ངོ་། །དེ་ལྟ་ན་ནི་ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་ཡུལ་མ་རྟོགས་ཀྱང་མ་
རྟོགས་པ་ལས་དེ་དང་འབྲེལ་པའི་གཟུགས་ལ་སོགས་པ་ལ་འཇུག་པ་ཡིན་ནོ་ཞེ་ན། ཡུལ་མེད་པའི་ཞེས་གསུངས་སོ། །ཇི་ལྟར་ཡུལ་མེད་པའི་སེམས་དང་སེམས་ལས་འབྱུང་བ་རྟོགས་པ་ལས་དེ་དང་འབྲེལ་པའི་གཟུགས་ལ་སོགས་པ་མི་འཇུག་པ་དེ་བཞིན་དུ་ཡུལ་མེད་པའི་མིང་དང་མཚན་མ་རྟོགས་
པས་ཀྱང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་མིང་དང་མཚན་མ་ལ་གཞན་ཞེས་བྱ་བ་འཇུག་པའི་ཡུལ་དོན་གྱི་རང་བཞིན་དུའོ། །ཅིའི་ཕྱིར་དེ་ལྟར་མི་རྟོགས་སྙམ་ན་བུམ་པ་ནི་ཞེས་བྱ་བའོ། །དོན་དེའིའོ། །དོན་ནི་མིང་དང་མཚན་མ་ལའོ། །འོ་ན་ཞེས་བྱ་བ་ལན་ནོ། །གང་ལྷག་པར་ཞེས་བྱ་བ་ནི་སུན་
འབྱིན་པ་གཞན་དེ་མིང་དང་མཚན་མ་གང་ངོ་། །གལ་ཏེ་གཞན་ལ་ལྷག་པར་ཞེན་པ་ལས་ཀྱང་འཇུག་པ་མཐོང་བ་ཡིན་ནོ་སྙམ་པར་དོགས་པ་བསུ་བ་ནི། ཉ་ཕྱིས་ལ་ཞེས་བྱའོ། །ཉ་ཕྱིས་ཀྱང་ཞེས་བྱ་བ་ནི་ལན་ནོ། །དེས་ན་ཞེས་བྱ་བ་ནི་གང་དུ་དངུལ་དུ་ལྷག་པར་ཞེན་པ་ནའོ། །མིང་དང་མཚན་མའི་ཞེན་པ་
ལས་ཡང་དེ་ལྷར་འཇུག་པ་ཡིན་ནོ་སྙམ་ན་མིང་དང་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། ཡུལ་ཡོངས་སུ་འཛིན་ན་ཞེས་གསུངས་སོ། །ཡུལ་ནི་མི་གནས་པར་ཡང་ཁས་བླངས་པ་ཡིན་ཞེས་དགོངས་པའོ། །ཡུལ་ན་མི་གནས་པ་ཉིད་དུ་དོགས་པ་བསུ་བ་ནི་དེ་ནི་ཞེས་བྱ་བའོ། །དོན་གང་ལ་ཡང་དེ་ལྟར་འཇུག་
Vol. 185 · folio 64b
པ་ཡིན་ནོ་སྙམ་ན་མིང་དང་ཞེས་གསུངས་སོ། །ཡུལ་ནི་མི་གནས་པར་ཡང་ཁས་བླངས་པ་ཡིན། མིང་དང་མཚན་མའི་ནི་མ་ཡིན་ནོ། །དེས་ན་ཡུལ་ན་མི་གནས་པ་ཉིད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། རྣམ་པར་དབྱེ་བ་མེད་པའི་ཕྱིར་རོ། །འདི་ལྟར་དོན་ནི་མིང་དང་མཚན་མ་ཉིད་དུ་དོགས་ཀྱི། དོན་
ལས་ཐ་དད་པར་རྟོགས་པ་ནི་མེད་དོ། །དེས་ན་དོན་གྱི་ཡུལ་ཉིད་མིང་དང་མཚན་མའི་ཡུལ་ཡིན་པས་ཡུལ་ལ་མི་གནས་པ་མ་ཡིན་ནོ། །ཡུལ་ལ་མི་གནས་པ་དེས་གནས་པའི་དོགས་པ་བསུ་བ་ནི་ཉ་ཕྱིས་ཀྱི་ཞེས་བྱ་བའོ། །དེ་བཞིན་དུ་ནི་དངུལ་བཞིན་དུའོ། །འདིར་ཡང་ནི་མིང་དང་མཚན་མ་ལའོ། །ཡུལ་
མེད་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་སྔར་ནི་ལྷག་པར་ཞེན་པར་བྱས་པའི་དངུལ་སྐྲ་ཤད་བཞིན་ཡུལ་དེར་མངོན་སུམ་གྱིས་གཟུང་བའི་ཕྱིར་ཡུལ་དང་བཅས་པར་བརྗོད་པ་ཡིན་ལ། ད་ནི་བཏང་སྙོམས་སུ་གཞག་ནས་དེ་མེད་པའི་ཕྱིར་ན། །ཡུལ་མེད་ཀྱང་མིང་དང་མཚན་མའི་དེ་ལྟ་མ་ཡིན་ནོ་ཞེས་
བསྟན་པའི་ཕྱིར་རོ། །འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ལྷག་པར་ཞེན་པར་བྱས་པའི་དངུལ་ནི་ཕྱི་རོལ་ན་མེད་པའི་ཕྱིར་ཡུལ་མེད་པ་ཡིན་གྱི་ཞེས་བྱ་བའོ། །ཡུལ་མེད་པའི་ཕྱིར་འདོན་པ་ནི་མ་ཡིན་ནོ། །དོན་ལ་ཡང་དངུལ་གྱི་ཡུལ་མེད་པ་ཡིན་ནོ་ཞེས་འབྲེལ་པར་བྱ་བའོ། །
ཅིའི་ཕྱིར་ཞེ་ན། སྤྱོད་པའི་ཡུལ་མེད་པའི་ཕྱིར་ནའོ་ཞེས་བྱ་བ་ནི་ཁྱབ་པ་བརྗོད་པའི་ཚིག་གོ། །དེས་ན་གང་མེད་པ་དེ་ནི་ཡུལ་མེད་པ་ཡིན་ཏེ། དཔེར་ན་སྐྲ་ཤད་ལ་སོགས་པ་བཞིན་ནོ། །ལྷག་པར་ཞེན་པར་བྱས་པའི་དངུལ་ཡང་མེད་པ་ཡིན་ནོ་ཞེས་བྱ་བ་ནི་ཚད་མ་འདོད་དོ། །མིང་དང་མཚན་མ་དོན་
ལས་ལྷག་པར་ཞེན་པར་བྱས་པ་ནི་ཡུལ་མེད་པ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ། །འདི་ནི་ལྷག་པར་མེད་པ་དེ་ནི་ཡུལ་མེད་པ་ཡིན་ཏེ། དཔེར་ན་སྐྲ་ཤད་ལ་སོགས་པ་འདི་ནི་འཐད་པ་མ་ཡིན་ནོ་ཞེས་གསུངས་པ་ནི་དངུལ་ནི་ཞེས་པའོ། །གང་གི་ཕྱིར་ཡུལ་ཡོངས་སུ་འཛིན་ན་ཡུལ་ན་མི་གནས་པར་
མི་འགྱུར་བ་དེ་བས་ན་མིང་དང་མཚན་མའི་ཡུལ་འཛིན་པ་མ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་མིང་དང་མཚན་མའི་ཡུལ་མི་འཛིན་པའི་ཕྱིར་དང་སྒྲོ་འདོགས་པ་མི་འཐད་པའི་ཕྱིར་རོ། །འོན་ཏེ་ཡང་མིང་ལ་སོགས་པའི་འཛིན་པ་སྒྲའི་རྟོགས་པས་ནི་ཉེ་བར་བཏགས་ནས་དོན་འཛིན་པ་ཡིན་ནོ། །དེས་
Vol. 185 · folio 65a
ན་འཇུག་པའི་ཡུལ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས་བྲམ་ཟེ་ཞེས་གསུངས་སོ། །ཇི་ལྟར་བྲམ་ཟེའི་ཁྱེའུ་ལ་ཉེ་བར་བཏགས་པའི་མིང་རྟོགས་པར་བྱེད་པ་མིང་བཏགས་པས་བཟུང་བ་དེ་བཞིན་དུ་དོན་ནི་སྒྲ་ལས་བྱུང་བའི་རྟོགས་པ་འཁྲུལ་པས་འཛིན་པ་ནི་མ་ཡིན་ཏེ། དེས་
ན་མིང་དང་མཚན་མ་འཛིན་པ་ནི་ཉེ་བར་བཏགས་ནས་དོན་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་མིང་དང་མཚན་མ་འཛིན་པ་ཡིན་ཡང་ཤིན་ཏུ་གོམས་པའི་ཕྱིར་ན་དོན་ལ་འཁྲུལ་པ་མ་ཡིན་ནོ་ཞེས་དོགས་པ་ནི་ཤིན་ཏུ་ཞེས་བྱ་བའོ། །གང་ལས་ཞེས་བྱ་བ་ནི་ལན་ནོ། །ཤིན་ཏུ་གོམས་པ་ལས་མ་
འཁྲུལ་པའི་རང་བཞིན་དུ་འགྱུར་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚད་མ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །འདི་ཉིད་འཆད་པ་ནི་ཚད་མས་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་བསྒོམ་པའི་ཡུལ་ཉིད་དུའོ། །གཞན་དུ་ནི་ཞེས་བྱ་བ་ནི་མ་རྟོགས་པར་རོ། །མིང་དང་མཚན་མ་ཡང་ཚད་མའི་ཡུལ་
མ་ཡིན་པའི་ཕྱིར་ན་གོམས་པའི་ཡུལ་མ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །ཐ་སྙད་དུ་གཞན་དུ་མི་འཐད་པ་ཉིད་ལས་དེ་སྒྲུབ་པའི་ཚད་མ་གྲུབ་པོ་ཞེས་དོགས་པ་བསུ་བ་ནི་གཞན་དུ་ནི་ཐ་སྙད་ཅེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །དེ་ལྟ་མ་ཡིན་ན་ཡང་ཞེས་བྱ་བ་ནི། མིང་དང་མཚན་མ་མེད་
ཀྱང་ངོ་། །འཆད་པར་འགྱུར་རོ་ཞེས་བྱ་བ་ནི། ཇི་སྲིད་རང་གི་ངོ་བོ་ལ་ཞེས་བྱ་བ་ལ་སོགས་པས་སོ། །ཤེས་པ་ལ་མཚུངས་མིན་ཞེས་བྱ་བ་དེ་བཤད་པའི་ཕྱིར་དོགས་པ་བསུ་བ་ནི་གང་གིས་ཞེས་བྱ་བའོ། །ཤེས་པ་ལ་ཞེས་བྱ་བ་ནི་བཤད་པར་བྱ་བ་དགོད་པའོ། །གལ་ཏེ་མིང་དང་མཚན་མ་བཞིན་དུ་
འདིར་ཡང་སུན་འབྱིན་པར་མཚུངས་སོ་ཞེ་ན། བག་ཆགས་ཀྱི་སྟོབས་ཀྱིས་ཞེས་བྱ་བའོ། །འདི་ག་ལས་སྙམ་ན་འདི་ལྟར་ཞེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་ནི་མིང་དང་མཚན་མས་སོ། །མིང་དང་མཚན་མ་རྟོགས་པ་ནི་ཐ་སྙད་ཀྱི་ཡན་ལག་མ་ཡིན་ལ་རྟོགས་པ་ནི་ཤེས་པ་ཁོ་ན་ཡིན་ནོ་ཞེས་བསྟན་
པའི་དོན་དུ་མིང་དང་མཚན་མ་ཞེས་བྱ་བའོ། །རྣམ་པར་རྟོག་པ་དང་པོ་བསལ་བའི་དོན་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །མ་རྟོགས་པ་ནི་ཐ་སྙད་ཀྱི་ཡན་ལག་ཉིད་མ་ཡིན་ནོ་ཞེས་བྱ་བ་དེ་ཙམ་གྱིས་སུན་ཕྱུང་བ་ཡིན་ནོ་སྙམ་དུ་དགོངས་པའོ། །ཇི་ལྟར་དོན་ཉིད་དུ་མ་རྟོགས་སྙམ་ན་རང་གི་ངོ་བོས་ཞེས་
Vol. 185 · folio 65b
གསུངས་སོ། །དེ་མ་ཡིན་ཏེ་ཞེས་བྱ་བ་ནི་མིང་དང་མཚན་མ་མ་ཡིན་པའོ། །གང་གི་ཕྱིར་དངོས་པོ་ལ་གཞན་གྱི་རྣམ་པ་ཉིད་དུ་ལྷག་པར་ཞེན་པ་མ་ཡིན་པ་དེའི་ཕྱིར་རོ། །མིང་དང་མཚན་མ་ནི་ཞེས་བྱ་བ་ནི་རྣམ་པར་རྟོག་པས་རྟོགས་པ་མི་གསལ་བའི་རྣམ་པ་ཅན་ནོ། །འདི་ནི་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །
ཅིའི་ཕྱིར་ཞེ་ན། དེ་ན་གསུངས་ཏེ་རྣམ་པར་རྟོག་པས་རྟོགས་པའི་མིང་ལ་སོགས་པ་ལའོ། །མིང་དང་མཚན་མ་ལ་ཡང་ཞེས་བྱ་བ་ནི། །དོན་གྱི་རྣམ་པ་ཞེས་བྱ་བ་ནི་རྗེས་སུ་འཇུག་གོ། །ཅིའི་ཕྱིར་ཞེ་ན། དོན་གྱི་རྣམ་པར་རྟོག་པས་མི་འཐད་པའི་ཕྱིར་ཏེ་རང་གི་ངོ་བོ་ཙམ་འཛིན་པར་བྱེད་པ་ཡིན་པའི་
ཕྱིར་རོ། །དོན་གྱི་རྣམ་པ་ཉིད་ཁས་ལེན་པ་ལ་ཡང་སུན་འབྱིན་པ་བརྗོད་པར་འགྱུར་རོ། །ཤེས་པ་ཉིད་ཀྱིས་ཞེས་བྱ་བ་ནི་དོན་གྱི་མ་ཡིན་ལ་མིང་ལ་སོགས་པའི་ཡང་མ་ཡིན་པའོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །བར་གྱི་ཤ་ལྷག་པ་ཞེས་བྱ་བ་ནི་རྣམ་པ་མེད་པ་དང་། དེ་དག་གི་བར་ན་གནས་ཞེས་
བྱ་བའི་དོན་ཏོ། །གཞན་ལ་མེད་མིན་ཏེ་ཞེས་བྱ་བའི་རྩ་བ་བཤད་པར་འགྱུར་རོ་ཤེས་པ་དོན་གྱི་རྣམ་པ་ཅན་ཉིད་ཞེས་བྱ་བར་ནི་འཐད་པ་ཡིན་ཏེ། རང་རིག་པའི་ཚད་མས་རྟོགས་པའི་ཕྱིར་རོ་ཞེས་བརྗོད་པ་ནི་ཞེས་བྱ་བ་སྟེ། སྒྲ་ལས་བྱུང་བའོ། །གང་གིས་དབང་པོའི་ཚོགས་འབྲས་བུ་མེད་པར་
འགྱུར་བ་དེའི་དོན་གྱི་རྣམ་པ་ཉིད་ནི་དངོས་པོར་འགྱུར་བ་མ་ཡིན་ནོ། །འོན་ཀྱང་དོན་ལ་བརྒྱུད་ནས་སྐྱེད་པའི་ཤེས་པ་ནི་འཁྲུལ་པ་དོན་གྱི་རྣམ་པ་ཅན་དུ་འགྱུར་རོ་ཞེས་བྱ་བར་རིགས་པ་ཡིན་ཏེ་ཚད་མས་གྲུབ་པའི་ཕྱིར་རོ། །མིང་དང་མཚན་མ་ཡང་དོན་གྱི་རྣམ་པ་ཅན་དུ་འགྲུབ་པོ་སྙམ་ན་བཤད་པ། རྣམ་
པར་རྟོག་པས་རྟོགས་པའི་མིང་དང་མཚན་མ་འཁྲུལ་པས་ན་དོན་གྱི་རྣམ་པ་ཅན་ཡིན་ནོ་ཞེས་བྱ་བ་འདི་དག་ལས་གྲུབ་པ་ཡིན་གྱི་མིང་དང་མཚན་མ་ལས་ནི་དོན་གྱི་རྣམ་པ་ཉིད་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་སྙམ་དུ་དོགས་ན། བློ་ནི་ཁས་ལེན་མེད་ཕྱིར་ཞེས་ལན་རྩ་བར་གསལ་ལོ། །གང་གི་
རང་བཞིན་མྱོང་མིན་པ། །དེ་ནི་དེ་ཡི་རིག་བྱེད་མིན། །ཞེས་བྱ་བ་དགོས་པའོ། །རྣམ་པ་མེད་པའི་ཕྱོགས་ལ་ཡང་འཛིན་པར་བྱེད་པ་དེ་ཉིད་ཁས་བླངས་ནས་རང་ཉིད་ལན་འདེབས་པ་ནི་དེ་དོན་གྱི་ཞེས་བྱ་བའོ། །མིང་དང་མཚན་མའི་ཚད་མ་ནི་རྣམ་པར་རྟོག་པའི་ཤེས་པ་ཡིན་ན་དེ་ཇི་ལྟར་
Vol. 185 · folio 66a
གནས་པའི་རང་བཞིན་འཛིན་པར་བྱེད་པ་ཡིན་ན། ཇི་ལྟར་དོན་གྱི་རྣམ་པ་ཉིད་དུ་འཛིན་ན། གང་གིས་ཤེས་པའི་དོན་ཉིད་ཀྱིས་རྣམ་པ་བཞིན་དུ་འཁྲུལ་བར་རྟོགས་པར་འགྱུར། དེས་ན་མིང་དང་མཚན་མའི་དོན་གྱི་རྣམ་པ་ཅན་ཡིན་པ་ལ་ནི་ཚད་མ་ཅི་ཡང་ཡོད་པ་མ་ཡིན་ནོ། །
གལ་ཏེ་དོན་གྱི་རྣམ་པ་མིང་དང་མཚན་མ་ལས་ཐ་དད་པ་ཡིན་ན་ནི་ཚད་མ་མེད་པར་འགྱུར་གྱི། ཐ་དད་པ་མ་ཡིན་ན་ནི་མི་འགྱུར་རོ་ཞེས་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །འོ་ན་ནི་ཞེས་བྱ་བ་ནི་ལན་ནོ། །རྣམ་པར་རྟོག་པས་རྟོགས་པ་དེའི་དོན་དང་ལྡན་པར་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །རྣམ་པར་
རྟོག་པས་རྟོགས་པའི་རྣམ་པ་མིང་དང་མཚན་མ་ཞེས་བྱ་བ་དེ་ནི་དོན་བྱ་བ་བྱེད་པ་མ་ཡིན་པས་ནའོ། །བས་ན་ཞེས་བྱ་བ་ནི་དེ་ཕྱིར་རོ། །དེ་ཡང་མི་རིགས་པ་སྟེ་ཞེས་བྱ་བ་ནི་ལན་ནོ། །དོན་བྱ་བ་བྱེད་པ་ཉིད་དུ་སྒྲོ་བཏགས་པ་ལས་འཇུག་པར་དོགས་པ་བསུ་བ་ནི། ལྷག་པར་སྒྲོ་བཏགས་པ་ལས་ཞེས་བྱ་
བའོ། །བཤད་ཟིན་ཏོ་ཞེས་བྱ་བ་ནི་རྣམ་པ་དེ་ནི་ཞེས་པ་ཉིད་ཀྱིས་ཞེས་བྱ་བས་སོ། །དེ་ལྟ་མ་ཡིན་པ་ཞེས་པས་ནི་ཤེས་པའི་རྣམ་པ་ལ་སྒྲོ་བཏགས་པར་ཁས་ལེན་ནའོ། །མིང་དང་མཚན་མ་ལ་དོན་བྱ་བ་བྱེད་པ་སྒྲོ་བཏགས་པར་འགྱུར་ལ། དེས་མིང་དང་མཚན་མ་དེ་ལ་ཡང་མིང་དང་མཚན་མ་གཞན་
བཏགས་དགོས་སོ། །དེ་བཞིན་དུ་དེ་ལ་ཡང་གཞན་ཡིན་པས་ཐུག་པ་མེད་དོ། །དེ་བས་ན་ཤེས་པའི་རྣམ་པ་ཉིད་ལ་ལྷག་པར་སྒྲོ་འདོགས་པར་འཐད་པ་ཡིན་ནོ། །ཁས་ལེན་ན་ཡང་ཚད་ཅན་མིན། །ཞེས་བྱ་བ་འཆད་པ་ནི། དེ་ལ་ཡང་ཞེས་བྱ་བ་མིང་དང་མཚན་མར་སྣང་བ་ལ་ཡང་ཤེས་པའི་རྣམ་པ་ལ་
ཕྱི་རོལ་དུ་འཁྲུལ་པ་བཞིན་དུ་འཁྲུལ་པ་ཉིད་དུ་འདོད་ན་ནི་མིང་དང་མཚན་མ་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །འཁྲུལ་པའི་ཤེས་པ་ཉིད་ལ་དེ་འགྲུབ་པོ་ཞེ་ན། བཤད་པ་འཁྲུལ་པའི་ཤེས་པས་བྱ་བའོ། །ལྷག་མ་བཤད་པའི་ཕྱིར་དོགས་པ་བསུ་བ་ནི། རྣམ་པ་དེ་ཉིད་ཅེས་བྱ་སྟེ། སྔོན་པོ་ལ་སོགས་པའི་
རྣམ་པ་མི་གསལ་བའོ། །དོན་ནི་མིང་དང་མཚན་མའོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །གལ་ཏེ་དེ་ལྟ་ན་ཤེས་པའི་རྣམ་པ་བཞིན་དུ་མིང་དང་མཚན་མ་ལ་སྒྲོ་བཏགས་པ་ཡང་དོན་ལ་འཇུག་པར་བྱེད་པ་ཉིད་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནས་ཤེས་པའི་དོན་གྱི་རྣམ་པ་ཅན་དུ་ཁས་ལེན་
Vol. 185 · folio 66b
ན་ནི་ཞེས་གསུངས་སོ། །དོན་གྱི་རྣམ་པ་ཉིད་ལ་སྒྲོ་བཏགས་པ་ཡིན་པར་རིགས་ཏེ་ཤེས་པའི་བདག་ཉིད་ཡིན་པས་མ་མཐོང་བའི་ཕྱིར་རོ། །མིང་དང་མཚན་མ་ལ་ནི་མ་ཡིན་ཏེ། དེའི་བདག་ཉིད་མ་ཡིན་པས་ན་མ་མཐོང་བའི་ཕྱིར་རོ། །བདག་ཉིད་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་དེའི་རྣམ་པར་ཤེས་པ་
ཁ་སྐོང་ངོ་། །གལ་ཏེ་ཤེས་པ་ཐམས་ཅད་ནི་རྣམ་པ་མེད་པ་དང་དོན་དང་ལྡན་པ་ཡང་ཡིན་ནོ། །དེ་ན་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ཡང་དོན་ཁོ་ན་ལྟར་ཁས་བླང་བར་བྱ་བ་ཡིན་ནོ། །དེས་རྣམ་པ་དེ་ལྟ་བུར་འཁྲུལ་པའི་བློ་སྐྱེས་པ་ཉིད་ཀྱིས་འཇུག་པ་ཡིན་ནོ་ཞེས་ཇི་ལྟར་བརྗོད་ཅེས་དོགས་པ་བསུ་
བ་ནི། ཤེས་པ་ཐམས་ཅད་ནི་རྣམ་པ་མེད་པ་ཁོ་ན་ཡིན་པ་དེ་ཕྱི་རོལ་སྣང་བ་ཡིན་ནོ་ཞེས་བྱ་བ་འདི་གང་ལས་རྟོགས་སྙམ་ན། རྣམ་པ་འདི་ནི་ཞེས་གསུངས་སོ། །ཤེས་པ་ཐམས་ཅད་ཡུལ་ནི་ཐ་དད་པ་ཅན་ཁོ་ན་ཡིན་པའི་ཕྱིར་ན་མ་འཁྲུལ་པ་དང་རྣམ་པ་མེད་པར་སེམས་བློ་ཤེས་པ་ཐམས་ཅད་ནི་དོན་དང་
ལྡན་པར་མི་འཐད་དེ་རྨི་ལམ་ལ་སོགས་པར་ཕྱི་རོལ་མེད་པར་ཤེས་པ་མཐོང་བའི་ཕྱིར་རོ། །རྨི་ལམ་དུ་ཡང་མིང་ལ་སོགས་པ་མི་ལྡན་པའི་འདུ་བྱེད་ལ་བརྟེན་ནས་མཐོང་བ་ཡིན་ནོ་སྙམ་ན། འདུ་བྱེད་ལས་ཀྱང་མིན་ཞེས་གསུངས་སོ། །ཅིའི་ཕྱིར་འདུ་བྱེད་ལས་དམིགས་པ་མ་ཡིན་ཞེ་ན། འགལ་བ་
དམིགས་པའི་ཕྱིར་རོ་ཞེས་བརྗོད་པ་ནི་སྔོན་པོ་ལ་སོགས་པར་ཞེས་གསུངས་སོ། །རྨི་ལམ་དུ་རྨིས་པ་ནི་སྔོན་པོ་ལ་སོགས་པ་ཉིད་ཀྱང་མ་ཡིན་ཏེ། ཐོགས་མེད་ཕྱིར་ན་སྟེ། རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་མ་ཡིན་པའི་ཕྱིར་རོ། །བར་མ་དོའི་གཟུགས་བཞིན་དུ་ཐོགས་པ་མེད་པ་ཉིད་ཡིན་ནོ་
སྙམ་ན། དེ་ཤེས་ཡིན་ཞེས་གསུངས་སོ། །གཞན་གྱི་སེམས་བཞིན་དུ་ལྷའི་མིག་གིས་བལྟ་བར་བྱ་བ་ཡིན་ཡང་ཐུན་མོང་མ་ཡིན་པའི་ཕྱིར་ན། བར་མ་དོར་ཡང་ཤེས་པ་ཁོ་ན་ཡིན་ནོ། །དེ་ལྟ་ན་ཡང་གཟུང་བ་ཡིན་ཡང་ཕྱི་རོལ་དུ་མ་གྲུབ་པོ། །སྔོན་པོ་ལ་སོགས་པའི་རང་བཞིན་ཅན་གྱི་མི་
ལ་སོགས་པ་ཡང་ཤེས་པ་ཁོ་ན་ཡིན་ཏེ། ཐུན་མོང་མ་ཡིན་པའི་ཕྱིར་དང་གཟུང་བ་ཉིད་དུ་མ་དམིགས་པའི་ཕྱིར་རོ་ཞེས་བརྗོད་པ་ནི། དེས་ནི་མིང་སོགས་ཞེས་བྱའོ། །དེ་ལྟ་ཡིན་ནོ་ཞེས་བྱ་བ་ནི། མདུན་ན་གནས་པའི་རྣམ་པར་དབྱེ་བར་མྱོང་བ་ཙམ་གྱི་དོན་དང་ལྡན་པ་ཡིན་ནའོ། །འཁྲུལ་པ་དང་ཞེས་བྱ་བ་
Vol. 185 · folio 67a
ནི་སུན་འབྱིན་པའོ། །དམིགས་པ་དང་བཅས་པ་ཡིན་ན་ཡང་ཞེས་བྱ་བ་རྣམ་པར་དབྱེ་བ་ཡོད་པར་དོགས་པ་བསུ་བའོ། །ཐམས་ཅད་དམིགས་པ་མེད་པ་ལ་ཡང་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བར་འགྱུར་རོ་ཞེས་ལན་བརྗོད་པ་ནི། དེ་ལྟ་ན་འོ་ན་ཞེས་བྱ་བའོ། །
ཅི་ཐམས་ཅད་དམིགས་པ་དང་བཅས་པ་ཡིན་ནམ་འོན་ཏེ་དམིགས་པ་མེད་པ་ཡིན་ཞེས་བྱ་བ་འདི་ལ་ལན་གང་ཡིན་ཞེས་དོགས་པ་ལ་ལན་དུ་དམིགས་པ་མེད་པ་ཉིད་དོ་ཞེས་གསུངས་སོ། །འདི་ཉིད་དེ་ཁོ་ན་ཡིན་པར་ཇི་ལྟར་འགྱུར་སྙམ་དུ་དོགས་པ། འདི་ལྟར་དམིགས་པ་དང་བཅས་པར་ནི་མི་འཐད་དོ་ཞེས་འབྲེལ་
ཏོ། །ཇི་ལྟར་ཞེ་ན་རྨི་ལམ་ལ་སོགས་པ་དག་ན་ཞེས་གསུངས་སོ། །གང་གི་ཕྱིར་མདུན་ན་གནས་པར་འཛིན་པ་ནི་མ་ངེས་པ་ཡིན་པའི་ཕྱིར་དམིགས་པ་དང་བཅས་པར་སྒྲུབ་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སད་པའི་གནས་སྐབས་ན་དམིགས་པ་དང་བཅས་པ་ཉིད་དམིགས་པའི་ཕྱིར་གཞན་
དུ་ཡང་དེ་ལྟར་ཅི་སྟེ་མི་འདོད་པ་ཞེས་དོགས་པ་བསུ་ནས་བཟློག་པར་ཞེས་བྱ་བའོ། །དམིགས་པ་དང་བཅས་པ་ཉིད་མ་གྲུབ་པའི་ཕྱིར་ཏེ། གཟུང་བར་བྱ་བ་མ་དམིགས་པའི་ཕྱིར་རོ། །འདི་ཉིད་གསུངས་པ་ནི་དམིགས་པ་དང་བཅས་པ་ཉིད་ནི་ཞེས་བྱ་བའོ། །གར་ཡང་ཞེས་བྱ་བ་ནི་སད་པའི་གནས་སྐབས་
སུ་ཡང་ངོ་། །དེས་ན་དམིགས་པ་དང་བཅས་པ་ཉིད་མི་འཐད་པས་དམིགས་པ་མེད་པ་ཉིད་དེ་ཁོ་ན་ཡིན་ནོ། །སད་པའི་གནས་སྐབས་ཞེས་བྱ་བ་ནི་དམིགས་པ་དང་བཅས་པ་གྲུབ་པའི་དོགས་པ་བསུ་བའོ། །འོ་ན་ཞེས་བྱ་བ་ནི་ཁས་བླངས་པ་བརྗོད་པ་ནས་ལན་འདེབས་པའོ། །འོ་ན་ཞེས་བྱ་བ་ནི་ཤེས་པ་
དམིགས་པ་མེད་པ་ཡིན་པ་དེའི་ཕྱིར་ཤེས་པ་ནི་མ་ཡིན་ནོ། །གཞན་དུ་ཞེས་བྱ་བ་ཕྱི་རོལ་མེད་པར་ཡང་མཐོང་བའི་ཕྱིར་རོ། །འདུ་བྱེད་ལས་ཀྱང་མིན་ཞེས་བྱ་བ་བཤད་པའི་ཕྱིར་ན་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པའི་རྣམ་པ་ཉིད་མིང་དང་མཚན་མ་ཡིན་ནོ་ཞེ་ན་མིང་དང་
མཚན་མ་ལ་ནི་ཞེས་གསུངས་ཏེ། སྔོན་པོ་ལ་སོགས་པའི་རྣམ་པ་མེད་པའི་ཕྱིར། ཐོགས་མེད་ཕྱིར་ན་སྔོ་སོགས་མིན། །ཞེས་བྱ་བ་འཆད་པ་ནི་དེར་ཞེས་བྱ་བ་སྟེ། རྨི་ལམ་གྱི་ཤེས་པ་ལའོ། །སྔོན་པོ་ལ་སོགས་པ་ཉིད་ཅེས་བྱ་བ་ནི། བདེན་པའི་སྔོན་པོ་ལ་སོགས་པའོ། །ཅིའི་ཕྱིར་མི་འབད་ཅེ་
Vol. 185 · folio 67b
ན་རྣམ་པ་དེ་ནི་ཞེས་གསུངས་ཏེ། རྨི་ལམ་དུ་མཐོང་བའི་སྔོན་པོ་ལ་སོགས་པའི་རྣམ་པ་ནི་བདེན་པའི་སྔོན་པོ་ལ་སོགས་པ་དང་མི་མཐུན་པའི་ཕྱིར་རོ། །མི་མཐུན་པ་ཉིད་སྟོན་པ་ནི། བཟློག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཐོགས་པ་མེད་པ་ཉིད་ཡོད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་ལ་ཡང་ཞེས་བྱ་
བ་སྟེ། རྣམ་པ་དེས་སོ། །རེག་པར་ཞེས་བྱ་བ་ནི་བཅད་པར་རོ། །དེ་ཉིད་དུ་བདེན་པའི་གླང་པོའི་ཁྱུ་ཡོད་པས་ན་དེ་མཐོང་བ་ཡིན་ནོ་སྙམ་ན། གང་གིས་ཞེས་གསུངས་སོ། །འོ་ན་ཕྱི་རོལ་ན་འདུག་པ་མཐོང་བ་ཡིན་ནོ་སྙམ་ན། བཅད་པའི་ནང་ནས་ཞེས་གསུངས་སོ། །གང་གི་ཕྱི་རོལ་ན་འདུག་པ་
མཐོང་བར་འགྱུར་བ་སྒོ་བཅད་པའི་ནང་ནས་སྐྱེས་བུ་ཕྱིར་འགྲོ་བ་ནི་ནུས་པ་མ་ཡིན་ནོ། །དེས་ན་རྨི་ལམ་དུ་མཐོང་བ་ནི་ཕྱི་རོལ་དང་མི་མཐུན་པ་ཉིད་ཡིན་ནོ། །ཕྱིའི་འབྲས་བུ་མ་མཐོང་བའི་ཕྱིར་ཡང་དེ་དང་མི་འདྲ་བ་ཉིད་དུ་བརྗོད་པ་ནི་གླང་པོའི་ཁྱུའི་འབྲས་བུ་ཞེས་བྱ་བའོ། །འོན་ཏེ་ཇི་ལྟར་ཤིང་བཅད་པ་ལ་
སོགས་པ་མེད་པ་དེ་ལྟར་དེའི་རང་བཞིན་ནོ་ཞེ་ན། མེའི་འབྲས་བུ་ཞེས་གསུངས་སོ། །གླང་པོའི་ཁྱུའི་རང་བཞིན་དེ་འདྲ་བ་ཡིན་ཡང་མེའི་རང་བཞིན་ནི་དེ་འདྲ་བ་མ་ཡིན་ཏེ། སྲེད་པར་མི་ནུས་པ་ནི་མེ་མ་ཡིན་པའི་ཕྱིར་རོ། །དེས་ན་གལ་ཏེ་རྨི་ལམ་དུ་རྟོགས་པའི་མེ་བདེན་པ་ཉིད་ཡིན་ན་དེའི་འབྲས་བུ་ཚིག་
པ་ལ་སོགས་པས་སད་པའི་གནས་སྐབས་སུ་ཡང་མཐོང་བར་འགྱུར་རོ། །དེ་ལྟར་ཡང་མ་ཡིན་ཏེ་དེས་ན་རྨི་ལམ་དུ་མཐོང་བ་ནི་བདེན་པའི་སྔོན་པོ་ལ་སོགས་པ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ནོ། །རྨི་ལམ་དུ་མཐོང་བ་མི་མཐུན་པ་ཡིན་ཡང་ཕྱི་རོལ་ཉིད་དུ་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །
དེ་ལྟར་ཡིན་ན་ཞེས་བྱ་བ་ནི་ལན་ཏེ། ཕྱི་རོལ་ཉིད་ཡིན་ནའོ། །ཤེས་པ་ལས་ཐ་མི་དད་པ་ནི་ཐམས་ཅད་ཀྱིས་མི་མཐོང་བར་འཐད་ཀྱི་ཐ་དད་ན་གོ་ཇི་ལྟར་དེས་ན་སད་པ་ཐམས་ཅད་དང་གཞན་གྱིས་ཀྱང་མཐོང་བར་འགྱུར་རོ། །གཞན་གྱིས་དེ་ལ་ཞེས་སྨྲས་ཏེ། སད་པ་དེ་ལ་དེ་འདྲ་བའི་ཚོགས་པ་མེད་
པའི་ཕྱིར་མ་མཐོང་བ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཡིན་ནོ། །གང་ཞིག་མ་ཚང་བ་མཐོང་བའི་ཚོགས་པ་དེ་གང་ཡིན་ཞེ་ན། གཉིད་ཚོགས་པ་ཅན་ཞེས་བྱ་བའོ། །གྲུབ་པའི་མཐའ་སྨྲ་བས་གལ་ཏེ་ཞེས་གསུངས་སོ། །ཐལ་བ་ལས་བཟློག་པ་ནི་དེ་ལྟར་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་
Vol. 185 · folio 68a
སྙམ་ན་ཡུལ་དེ་ཉིད་དུ་ཞེས་གསུངས་སོ། །གང་དུ་གཉིད་ལོག་པ་གཅིག་གིས་གླང་པོ་མཐོང་བའི་ཡུལ་དེ་ཉིད་དུ་གཞན་གྱིས་ནི་རི་ཁོ་ན་མཐོང་སྟེ་དེས་ན་དེ་ནི་མཐོང་བར་བྱེད་པ་མ་ཡིན་ནོ། །འོ་ན་བག་ཆགས་ཡོངས་སུ་སྨིན་པ་འཛིན་པའི་རྒྱུ་ཡིན་ལ། དེ་ཡང་མཚུངས་པ་
མ་ཡིན་ནོ། །དེས་ན་ཐམས་ཅད་ཀྱིས་ཐམས་ཅད་མཐོང་བ་མ་ཡིན་ནོ་ཞེས་གཞན་དག་གིས་སྨྲས་པ་ནི། རྣམ་པ་གཞན་དུ་མཐོང་བ་ནི་ཞེས་བྱ་བའོ། །འདི་ལྟར་ཞེས་བྱ་བ་ནི་དེ་ཉིད་གཞུང་འཛུགས་པའོ། །འདུ་བྱེད་ཅེས་བྱ་བ་ནི་གྲུབ་པའི་མཐའོ་དེས་ན་ཞེས་བྱ་བ་ནི་གཞན་མེད་པས་ནའོ། །དེ་ལས་
ཞེས་བྱ་བ་ནི་འདུ་བྱེད་པ་ལས་སོ། །ཅིའི་ཕྱིར་སྙམ་དུ་དོགས་ན། མིག་གི་རྣམ་པར་ཤེས་པ་བཞིན་དུ་ཤེས་པ་འདུ་བྱེད་ལས་སྐྱེས་ཀྱང་རང་ལ་བརྟེན་པའི་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་འཛིན་པར་འགྱུར་རོ་ཞེས་བརྗོད་པ་ནི་མིག་ལ་སོགས་པའི་ཞེས་བྱ་བའོ། །འགའ་ཞིག་ཅེས་བྱ་བ་ནི་ཕྱི་རོལ་གྱི་
དངོས་པོའོ། །རྣམ་པ་དང་བཅས་པའི་ཁྱད་པར་ཡོད་ན་ནི་ཐམས་ཅད་འཛིན་པ་མ་ཡིན་ནོ་ཞེས་དགོངས་པའོ། །གང་གི་ཕྱིར་ཐོགས་པ་མེད་པའི་གཟུགས་སྐྱེས་པ་ཡིན་ན། ཉེ་བ་མཐའ་དག་གིས་འཛིན་པར་འགྱུར་བ་ལས་རྣམ་པར་ཕྱེ་ནས་ཀྱང་འཛིན་པ་ཡིན་ཏེ། དེའི་ཕྱིར་རྨི་ལམ་དུ་ནི་ཐོགས་པ་
དང་བཅས་པའམ། ཐོགས་པ་མེད་པའི་ཕྱི་རོལ་གྱི་སྔོན་པོ་ལ་སོགས་པ་ནི་འགའ་ཡང་སྐྱེས་པ་མེད་དོ། །དེའི་ཕྱིར་ཞེས་བྱ་བ་འདི་ཉིད་ཀྱི་དོན་བཤད་པ་ནི་རྣམ་པ་ཐ་དད་པར་འཛིན་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ཉིད་འོ་ན་ཇི་ལྟར་ཐ་དད་པ་ཡིན་སྙམ་ན། སྔོན་མཐོང་ན་འདུ་བྱེད་པའི་སྟོབས་ཀྱིས་
རྣམ་པར་དབྱེ་བ་ཡོད་པར་འགྱུར་རོ་ཞེས་བརྗོད་པ་ནི་སྔོན་གྱི་རང་བཞིན་ཞེས་བྱ་བའོ། །ཇི་ལྟ་ཞེ་ན། སྔོན་མཐོང་བ་གང་གིས་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་སྔོན་པོ་ལ་སོགས་པའོ། །གཞན་གྱིས་ཞེས་བྱ་བ་ནི་སྔོན་མ་མཐོང་བས་སོ། །གལ་ཏེ་སྔོན་གྱི་རང་བཞིན་མཐོང་བ་ན་རྣམ་པར་ཕྱེ་ནས་
མཐོང་བ་འཐད་པ་ཡིན་ནའོ། །ན་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ཉིད་གསལ་བར་བྱེད་པ་ནི་སྔོན་གྱིའོ་ཞེས་བྱ་བའོ། །དེའི་དུས་སུ་ནི་ད་ལྟར་གྱི་དུས་སུའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །དངོས་པོ་དེའི་འདུས་པའི་ཞེས་བྱ་བ་ནི་སྐབས་ཡིན་ནོ། །ཅིའི་ཕྱིར་ཞེ་ན་མེད་པའི་ཕྱིར་རོ་ཞེས་བྱ་བ་སྟེ། རྨི་
Vol. 185 · folio 68b
ལམ་དུ་ནི་ཤི་བ་ཡང་མཐོང་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་དོགས་པ་བསུ་བ་སྟེ། དེའི་དུས་ན་མེད་པ་ཉིད་ཀྱི་ཕྱིར་རོ། །གཅིག་སྣང་བ་ལ་ལོག་པར་འདོད་དམ་ཡང་ན་སྣང་བ་ལ་ལོག་པར་འདོད། རེ་ཞིག་རྣམ་པར་རྟོག་པ་གཉིས་པ་སེལ་བ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་ཕྱིན་ཅི་མ་ལོག་ཏུ་མངོན་པར་
འདོད་པ་དེ་ལ་ཕྱིན་ཅི་ལོག་ཉིད་ཅེས་བྱ་བའི་ཆོས་སུ་གྱུར་པ། ཕྱིན་ཅི་ལོག་ཡོད་མིན། གལ་ཏེ་ཞེས་བྱ་བ་ནི་རྣམ་པར་འབྲེལ་པའོ། །སྣང་བ་འང་ཡིན་ལ་ལོག་པའང་ཡིན་ནོ་ཞེས་བྱ་བ་ནི་མ་འབྲེལ་ལོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སྣང་བ་ཡིན་ཡང་རྨི་ལམ་དུ་མཐོང་བ་ཕྱིན་ཅི་ལོག་ཉིད་ཡིན་ནོ་ཞེ་ན། ཐམས་ཅད་
ཅེས་གསུངས་ཏེ་ཐམས་ཅད་ཅེས་བྱ་བ་ནི་སད་པས་མཐོང་བའི་བདེན་པའི་སྔོན་པོ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཉིད་དུའོ། །དེ་ལྟར་འཛིན་པར་ཁས་ལེན་པ་མིན་པ་ན་ནི་ཕྱིན་ཅི་ལོག་ཉིད་མེད་པའི་ཕྱིན་ཅི་མ་ལོག་པ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་བཤད་པ། དེ་དག་ཀྱང་ཞེས་བྱ་བ་སྟེ། སད་
པས་མཐོང་བ་དག་ཀྱང་ཕྱིན་ཅི་ལོག་གི་རང་བཞིན་དུ་སྣང་བ་ཡིན་ནོ་ཞེ་ན། གལ་ཏེ་རྨི་ལམ་དང་གཞན་པ་མཐོང་བ་ཐམས་ཅད་སྣང་བ་སྟེ་ཤེས་པ་ཡིན་པའི་ཕྱིར་ལོག་པ་ཡིན་ན་འོ་ན་ནི་ལོག་པ་ཉིད་དུ་འདོད་པའི་ལོག་པ་ཉིད་གང་གང་ལ་ལྟོས་ནས་ནི་ལོག་པ་ཉིད་དུ་རྣམ་པར་འཇོག་པ་མ་ཡིན་ནོ་ཞེས་བཤད་པ་ནི།
འཁྲུལ་པ་ཉིད་ལ་ཞེས་བྱ་བའོ། །དེ་བཞིན་དུ་དངོས་པོའི་ཕྱིན་ཅི་ལོག་པ་ཡང་ཕྱིན་ཅི་ལོག་གཞན་ལ་ལྟོས་པ་མ་ཡིན་ནོ། །དེས་ན་ཐམས་ཅད་རང་བཞིན་གཅིག་ཁོ་ནར་འགྱུར་གྱི། རྣམ་པར་དབྱེ་བར་ནི་མི་འགྱུར་རོ། །གཞན་ལ་ནི་རྨི་ལམ་དུ་མཐོང་བ་ལའོ། །དེ་ནི་དང་པོ་གསལ་བའི་ཕྱིར་ཅི་སྟེ་ཞེས་
གསུངས་སོ། །གཞན་དག་སྣང་བ་ཁོ་ན་ཕྱིན་ཅི་ལོག་པ་ཡིན་གྱི་དོན་ནི་མ་ཡིན་ཏེ། མཐོང་བ་མེད་པའི་ཕྱིར་ཞེས་སྟོན་པས་ཕྱིན་ཅི་ལོག་ཏུ་སྣང་བ་ཉིད་དུ་གཞུང་འཛུགས་པ་ནི་སྣང་བ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་གང་ཡིན་སྙམ་ན་ཕྱིན་ཅི་ལོག་ཅེས་བྱ་བ་སྟེ། དོན་རྣམ་པ་གཞན་དུ་གྱུར་པ་གཞན་
དུ་འཛིན་པར་བྱེད་པ་གང་ཡིན་པའོ། །འོ་ན་དོན་ཀྱང་ཕྱིན་ཅི་ལོག་ཉིད་ཡིན་ནོ་ཞེ་ན། གང་གིས་ཞེས་གསུངས་སོ། །སྣང་བའི་རང་བཞིན་གང་གིས་དོན་གཞན་ཡང་དེ་ལྟར་ཕྱིན་ཅི་ལོག་ཉིད་དུ་རྟོགས་པར་འགྱུར་བ་སྣང་བའི་རང་བཞིན་དུ་གྱུར་པའི་ཕྱིན་ཅི་ལོག་གཞན་གང་ཡིན་པ་དེ་ནི་གཞན་དོན་གྱི་ཡིན་
Vol. 185 · folio 69a
ནོ། །ཅིའི་ཕྱིར་ཞེ་ན་ཐ་དད་པའི་དོན་ལས་ཐ་དད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐའ་ནི་དོན་གྱི་རང་བཞིན་མེད་པར་མཐོང་བའི་ཕྱིར་རྟོགས་པ་དམིགས་པ་མེད་པ་ཉིད་ཡིན་གྱི། ཕྱིན་ཅི་ལོག་གཞན་སྣང་བ་ནི་མ་ཡིན་ནོ་ཞེས་བཤད་པ་ནི་དེ་ལྟ་ན་ནི་
འོ་ན་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རྣམ་པར་རོ། །དམིགས་པ་མེད་པའི་གཞུང་འཛུགས་པ་ནི་འདི་ལྟར་ཞེས་བྱ་བའོ། །དེར་ཞེས་བྱ་བ་ནི་རྨི་ལམ་གྱི་དུས་སུའོ། །ཇི་ལྟར་དེ་དོན་དུ་མཐོང་ཞེ་ན། འདུ་བྱེད་ལས་ནི་ཞེས་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་མཐོང་བའི་སྔོན་པོ་ལ་
སོགས་པའི་རྣམ་པར་རོ། །གང་གི་ཕྱིར་ཡོད་པ་མ་ཡིན་པ་ནི་མཐོང་བ་དེའི་ཕྱིར་ན། དེའི་ཚེ་ན་དེ་ལྟར་སྐྱེས་པའི་ཤེས་རབ་ཁོ་ན་རང་རིག་པ་ཡིན་གྱི་དོན་ནི་མ་ཡིན་ནོ། །ཡུལ་གཞན་ན་ཡུལ་གཞན་དུ་མཐོང་ཞེས་བྱ་བ་འདི་ནི་ཁས་བླངས་པ་ཙམ་དུ་ཟད་དེ་དངོས་པོ་ལ་ནི་ཇི་ལྟར་དུས་གཞན་ན་ཡོད་པ་དུས་
གཞན་དུ་མཐོང་བ་མེད་པ་དེ་བཞིན་དུ་ཡུལ་གཞན་ན་ཡོད་པ་ཡང་ཡུལ་གཞན་དུ་མི་མཐོང་ངོ་། །དེ་ནི་ཞེས་བྱ་བའི་དོན་ཏོ། །དེས་ན་ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པ་ཉིད་དོ་ཞེས་བྱ་བའི་ཁྱབ་པ་གང་ལ་ཡོད་པ་བསལ་ཟིན་པའི་ཕྱོགས་ཀྱང་རྗེས་སུ་བརྗོད་ནས་ལྷག་པ་བརྗོད་པའི་དོན་དུ་བཤད་ཟིན་
པའི་སྐྱོན་ཉིད་ཟློས་པ་ནི་གལ་ཏེ་དུས་གཞན་ཡང་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་རྩོད་པ་སྨྲ་བའོ། །ཅིའི་ཕྱིར་ཞེ་ན། དེ་ལ་ཞེས་སྨོས་ཏེ་ཀ་བ་ལ་སོགས་པ་མཐོང་བ་དེའོ། རེ་ཞིག་གནོད་བྱེད་མ་སྐྱེས་པ་ཙམ་ནི་གནོད་མེད་མ་ཡིན་ཏེ། ཧ་ཅང་ཐལ་བའི་ཕྱིར་རོ། །འོན་ཀྱང་གནོད་བྱེད་པ་
ལས་གཞན་ཤེས་པ་ཁོ་ན་ཡིན་ནོ་ཞེས་ལན་འདེབས་པ་ནི་གནོད་བྱེད་མེད་པ་ཉིད་ཀྱང་ཞེས་བྱ་བའོ། །གང་གིས་ཕྱིན་ཅི་ལོག་ཏུ་སྣང་བར་འགྱུར་བ་གང་ཡང་རུང་བ་ནི་གནོད་བྱེད་མེད་པ་མ་ཡིན་གྱི། འོན་ཀྱང་ཐོབ་པའི་ཤེས་པའི་རང་བཞིན་ནོ་ཞེས་དོགས་པ་བསུ་བ་ནི་དོན་ཐོབ་པའི་ཕྱིར་རོ་ཞེས་བྱ་བའོ། །འདི་ལ་
ཡང་ཉེས་པ་ཉིད་ཡོད་དོ་ཞེས་བརྗོད་པ་ནི། དོན་ཐོབ་པ་ཡང་ཞེས་བྱ་བའོ། །ཧ་ཅང་ཐལ་བ་སྤོང་བའི་དོགས་པ་བསུ་བ་ནི་དོན་ཡོད་པ་ལ་ཞེས་བྱ་བའོ། །ཀ་བ་ལ་སོགས་པ་མཐོང་བ་ན་ཡོད་པའི་ཕྱིར་ཕྱིན་ཅི་ལོག་ཏུ་སྣང་བ་མ་ཡིན་ནོ་ཞེ་ན་ལན་དུ་དོན་མཐོང་བ་ཉིད་ལ་ཞེས་བྱ་བའོ། །གང་གིས་ཕྱིན་ཅི་ལོག་ཏུ་
Vol. 185 · folio 69b
སྣང་བར་འགྱུར་བ་རྨི་ལམ་མཐོང་བ་ལ་ཡང་དོན་མཐོང་བ་ཡོད་པའི་ཕྱིར་ཇི་ལྟར་མེད། ཐོབ་པ་མེད་པའི་རྒྱུ་མཚན་གྱི་དོགས་པ་བསུ་བ་ནི་དེའི་ཚེ་ཞེས་བྱ་བ་སྟེ། རྨི་ལམ་གྱི་ཚེ། རིགས་པ་མེད་པ་ལ་ཡང་འདི་ཉིད་རྒྱུ་མཚན་ཡིན་ནོ་ཞེས་ལན་བརྗོད་པ་ནི་མེད་ན་ཞེས་བྱ་བའོ། །རིགས་པ་ལ་མེད་པ་མི་འགྲུབ་
པོ་ཞེས་དོགས་པ་བསུ་བ་ནི་གཞན་གྱི་ཚེ་ཞེས་བྱ་བ་ནི་ལན་ནོ། །མི་འཐོབ་པའི་རྒྱུ་མཚན་གྱི་ཁྱད་པར་ཅན་གྱི་ཚེ་ཉིད་ཅེས་བྱ་བ་ལ་སོགས་པས་ཉེ་བར་བཀོད་ནས་བཟློག་པ་ནི་འོ་ན་ཇི་ལྟར་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་དུས་གཞན་གྱིའོ། །དུས་གཞན་པ་ཡང་མཐོང་བ་དང་འཐོབ་པར་ཡང་ཅི་སྟེ་མི་
འགྱུར་བ་ཞེས་བརྗོད་པ་ནི་ཐོབ་པ་ཡང་ཞེས་བྱ་བའོ། །ཐོབ་པར་མི་ནུས་ན་ལྟ་བར་ཡང་ནུས་པ་ཇི་ལྟར་འགྱུར། མྱོང་བ་ནི་དོར་བར་མི་ནུས་སོ་ཞེས་དོགས་པ་བསུ་བ་ནི་མཐོང་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །ཅི་ཞིག་ཅེས་བྱ་བ་ནི་ལན་ནོ། །ཅི་ཞེས་བྱ་བ་ནི་ཤེས་པ་ཙམ་མམ། ཐ་དད་པ་ཡིན་ཞེས་བྱ་
བར་རོ། །གཞན་གྱིས་མངོན་པར་འདོད་པ་ཐ་དད་པ་ངེས་པ་ལ་ངོ་ཤེས་པའི་ཚད་མར་ངོས་ཤེས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་བཀོད་ནས་མ་ཡིན་པའི་ཕྱིར་ཏེ་ཞེས་འགོག་པའོ། །ཅིའི་ཕྱིར་ཞེ་ན། རྨི་ལམ་དུ་སྐྱེ་བ་གཞན་དུ་མཐོང་བ་ངོ་ཤེས་པ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །སྐྱེ་བ་གཞན་
དུ་མཐོང་བ་ནི་རྨི་ལམ་དུ་མཐོང་ངོ་། །ཤེས་པ་མ་ཡིན་ཏེ། དེས་ན་ངོ་ཤེས་པ་མེད་པས་སྔོན་གྱི་ཡུལ་ཅན་གྱི་རང་བཞིན་མ་ཡིན་པའི་ཕྱིར་ན་རྨི་ལམ་གྱི་ཤེས་པ་འགའ་ཞིག་དམིགས་པ་མེད་པ་ཡིན་པའི་ཕྱིར། ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཁྱབ་པ་ཇི་ལྟར་ཡིན། གལ་ཏེ་
ངོ་ཤེས་པ་གཞན་དང་འདྲ་བའི་ཕྱིར་སྐྱེ་བ་གཞན་དུ་མཐོང་བ་ལས་ཡང་སྔར་མཐོང་བ་ཉིད་རྗེས་སུ་དཔོག་པ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་ངོ་ཤེས་པར་འགྱུར་བ་གཞན་དང་ཞེས་བྱ་བའོ། །གལ་ཏེ་འདིར་ཡང་ངོ་ཤེས་པ་ཉིད་ལས་སྔོན་མཐོང་བ་ཉིད་འགྲུབ་པ་ན་རྗེས་སུ་དཔག་པས་ཅི་ཞིག་བྱ་ཞེས་དོགས་པ་
བསུ་བ་ནས་དྲི་ཟའི་གྲོང་ཁྱེར་ཞེས་སྨྲས་སོ། །ཇི་ལྟར་མེད་སྙམ་ན་དེ་ལ་ནི་ཞེས་སྨྲས་ཏེ། དྲི་ཟའི་གྲོང་ཁྱེར་ལ་སོགས་པ་དག་ལའོ། །དེ་ལྟ་ཡིན་ན་ནི་ཞེས་བྱ་བ་ནི་ལན་ནོ། །བདེན་པའི་བུམ་པ་ལ་སོགས་པ་སྔར་མཐོང་བ་ཉིད་དེ་གང་གི་ཕྱིར་ངོ་ཤེས་པར་འགྱུར་བ་དང་འདྲ་བས་ན་ངོས་ཤེས་པར་བྱ་བ་
Vol. 185 · folio 70a
ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་ཐམས་ཅད་ཀྱང་ལོག་པར་སྣང་བ་ཁོ་ནར་འགྱུར་རོ། །འདི་ནི་ཞེས་བྱ་བ་ནི་ཤེས་པ་ཐམས་ཅད་ལོག་པར་སྣང་བར་ཐལ་བས་སོ། །དྲན་པ་ཉམས་པ་ཡང་ཞེས་བྱ་བ་ནི་ལོག་པར་སྣང་བ་འབའ་ཞིག་ཏུ་མ་ཟད་པའོ། །དྲན་
པ་ཉམས་པས་ནི་ཉ་ཕྱིས་ལ་འདི་དངུལ་ལོ་ཞེས་ཤེས་པར་འགྱུར་རོ། །འདི་ལྟར་ཤེས་པ་དེས་ནི་ཚོང་ཁང་ན་གནས་པའི་དངུལ་ཉིད་ལ་ཡུལ་གཞན་ན་གནས་དྲན་པ་ཡིན་ཏེ་དེས་ནི་ཤེས་པ་དེས་ན་དྲན་པ་ཉམས་པ་ཡིན་ལ། དེ་ཡང་གལ་ཏེ་ཡུལ་གཞན་ན་ཡོད་པའི་དངུལ་ལ་སོགས་པ་ཉིད་ཤེས་པ་གཞན་ལ་
སྣང་བ་ཡིན་པ་ནི་བདེན་པའི་བུམ་པ་ལ་སོགས་པ་ཡང་དེ་བཞིན་དུ་སྣང་བ་ཡིན་པར་འགྱུར་རོ་ཞེས་གསལ་བ་ཡིན་ནོ། །འདི་ཉིད་ཀྱིས་བཤད་པ་ཡིན་ཏེ་ཞེས་བྱ་བ་ལ་ཐུན་མོང་མ་ཡིན་པ་ཉིད་དང་བཟུང་བ་ཉིད་མ་དམིགས་པ་ཉིད་ཀྱིས་སོ། །ཇི་ལྟར་འདི་ཉིད་ཀྱིས་གསལ་སྙམ་ན། འདི་ལྟར་ཞེས་བྱ་བའོ། །
གང་ཡིན་ཞེས་བྱ་བ་ནི་གང་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་དག་ལ་འཇིག་རྟེན་པ་མ་ཡིན་པའི་རང་བཞིན་དྲིས་སོ་སྙམ་དུ་བསམས་ནས། དེའི་རང་བཞིན་སྨྲ་བ་ཉིད་ནི་གཞན་གྱིས་ཞེས་བྱ་བའོ། །ལན་ནི་འདིར་བརྗོད་པ་ཞེས་བྱ་བའོ། །དེས་ནི་ཞེས་བྱ་བ་སྟེ་འཇིག་རྟེན་མ་ཡིན་པའི་བློ་དེ་ནི་དོན་ཉིད་ཡིན་
གྱི་ཤེས་པ་ནི་མ་ཡིན་ནོ་ཞེས་ཕྱོགས་སྔ་མ་འགོག་པ་ནི་བཟུང་བ་ཉིད་དུ་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ལན་ཏེ་འཇིག་རྟེན་པ་མ་ཡིན་པར་འདོད་པ་ལའོ། །འདི་ག་ལས་ཞེས་དོགས་པ་ལ་རང་གི་ངོ་བོར་ཞེས་སྨོས་སོ། །འཐད་པ་བརྗོད་པ་ནི་དོན་དེ་ནི་ཞེས་བྱ་བའོ། །གང་གི་ཕྱིར་དེ་མ་དམིགས་པས་ནི་དོན་དེ་
ནི་རང་གི་ངོ་བོ་ཁོ་ནར་འཛིན་པ་ཡིན་གྱི་གཟུང་བ་ཉིད་དུ་ནི་མ་ཡིན་པ་དེའི་ཕྱིར་རང་གི་ངོ་བོ་ཁོ་ནར་འཛིན་པའོ། །གཟུང་བར་བྱ་བ་ཉིད་ཀྱིས་དོན་ཡིན་པར་དོགས་པ་བསུ་ནས་ཟློག་པར་བྱེད་པ་ནི་གཟུང་བར་བྱ་བ་ཉིད་ཀྱིས་ཞེས་བྱ་བའོ། །དེ་ཉིད་ནི་སྣང་བའོ། །གཟུང་བ་པོ་རྣམས་པ་ཉིད་ཀྱིས་དོན་ཉེ་བར་མཚོན་པ་
ཡིན་ནོ་ཞེས་བྱ་བའི་རྩོད་པ་བཀོད་ནས་སེལ་བ་ནི་ཇི་ལྟར་ཞེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་ནི་གཟུང་བའི་རྣམ་པས་སོ། །གཞན་ཞེས་བྱ་བ་ནི་གཟུང་བའི་རྣམ་པ་ལས་ཐ་དད་པའོ། །མཐོང་བས་མ་རྟོགས་པའི་དོན་ཡང་རྣམ་པར་རྟོག་པས་རྗེས་སུ་རྟོགས་པར་བྱེད་པ་ཡིན་ནོ་ཞེས་དོགས་པ་བསུ་
Vol. 185 · folio 70b
བ་ནི་དོན་ཞེས་བྱ་བའོ། །ཤེས་པ་འདི་ནི་རྨི་ལམ་དུ་མཐོང་བ་ལས་མེད་དོ་ཞེས་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེའི་ཕྱིར་དེ་ནི་ཤེས་པ་ཁོ་ན་ཡིན་ནོ། །འོ་ན་དེ་ནི་སྔོན་པོ་ལ་སོགས་པའི་རང་བཞིན་ཅན་མིང་དང་མཚན་མ་ཡིན་ནོ་སྙམ་ན། འདིས་ནི་ཞེས་གསུངས་སོ། །ཐུན་མོང་མ་ཡིན་པ་ཉིད་དང་།
གཟུང་བ་མ་དམིགས་པ་ཉིད་དུ་བསྟན་པས་སོ། །གཞན་ཡང་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རྣམ་འགྲེལ་གྱི་ཕྱེད་དང་པོའི་དོན་བརྗོད་པའོ། །མིག་ལ་སོགས་པའི་བློ་གང་ཡིན་པ་འདི་ཉིད་དེ་འདོད་པའི་དོན་གང་ཡིན་པ་དེ་དང་ལྡན་པར་རྒྱུ་མཚན་གང་གིས་འདོད། གཟུང་བ་ཉིད་དུ་སྣང་བས་ནི་མ་ཡིན་ཏེ།
རྨི་ལམ་ལ་སོགས་པ་དང་ཐུན་མོང་ཡིན་པའི་ཕྱིར་རོ། །གནོད་བྱེད་མེད་པ་ཡང་སླུ་བ་མེད་པའོ། །མི་སླུ་བ་ཁོ་ན་ཡིན་ལ། དེ་ཡང་ཐོབ་པའི་མཐར་ཐུག་པ་ཡིན་ནོ་ཞེས་བརྗོད་པ་ནི་གལ་ཏེ་དོན་ནུས་ཞེས་བྱ་བའོ། །གཞན་ལ་ནི་རྨི་ལམ་དང་སྤྱི་ལ་སོགས་པའི་ཤེས་པའོ། །དོན་མེད་པ་ཅན་ཐོས་པ་ནི་རྒྱུ་
མཚན་མེད་པའི་ཕྱིར་རོ། །གཞན་ཞེས་བྱ་བ་ལ་སོགས་པས་བཤད་པ་དེ་ཉིད། དེ་ཉིད་རྣམ་འགྲེལ་འཆད་པར་བྱེད་པ་ན་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །འདི་ལ་ཞེས་བྱ་བ་འདི་དོན་གྱིས་བསྐྱེད་པ་ཉིད་དུ་རྣམ་པར་གཞག་པའོ། །འོན་ཏེ་གང་གིས་དེ་ལྟར་རྣམ་པར་འཇོག་པ། མིག་ལ་སོགས་
པའི་ཤེས་པ་ལ་ཁྱད་པར་ཡོད་པ་ཁོ་ནའོ་སྙམ་དུ་དོགས་ན་སྣང་བ་ཉིད་དུ་ཞེས་གསུངས་སོ། །རྗེས་སུ་འགྲོ་བ་དང་ཞེས་བྱ་བ་ནི་ཁྱད་པར་ཡོད་པར་དོགས་པ་བསུ་བའོ། །ཇི་ལྟར་མཐོང་ཞེ་ན། འདི་ལྟར་ཞེས་བྱ་བའོ། །སྔར་ནི་ཐོབ་པ་ལས་སོ། །རང་དང་གཞན་གཉིས་ཀས་ཀྱང་མངོན་སུམ་གྱིས་ནི་མཐོང་
བ་མ་ཡིན་ནོ་ཞེས་བརྗོད་པ་ནི་རང་ཉིད་ཀྱིས་ཞེས་བྱ་བའོ། །རྣམ་པ་དེ་ལྟ་བུའི་སྣང་བ་ལྡོག་པའི་སྟོབས་ལས་བྱུང་བའི་རྗེས་སུ་དཔག་པས་སོ། །མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི། བཤད་པའི་ཁྱད་པར་གྱི་དོན་དང་ལྡན་པ་ཡིན་ཡང་རྨི་ལམ་གྱི་ཤེས་པ་ནི་དོན་མེད་པ་ཡིན་ཏེ། གལ་ཏེ་དེ་ལྟ་ན་ནི་
ཞེས་བྱ་བའོ། །དམིགས་པ་དང་བཅས་པ་ལ་སོགས་པའི་རྣམ་པར་དབྱེ་བ་འདི་ནི་ཐ་སྙད་པ་དང་འདའ་བར་བྱ་བ་མ་ཡིན་པ་ཡང་ཡིན་ནོ་ཞེས་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །འདི་ལ་ནི་དོན་མེད་པ་ལ་ཞེས་བྱ་བ་ནི་རྨི་ལམ་གྱི་ཤེས་པ་ལ་སྟེ་དོན་བྱ་བ་མེད་པའི་ཕྱིར་རོ། །འོན་ཏེ་ཡང་གཞན་གྱི་ལྟར་ན་ཤེས་
Vol. 185 · folio 71a
པ་ཐམས་ཅད་དམིགས་པ་དང་བཅས་པ་ཡིན་པའི་ཕྱིར་ཁྱད་པར་རྟོགས་པ་མེད་དོ་སྙམ་ན། འདི་ལྟར་ཞེས་གསུངས་སོ། །འདི་ལ་ནི་རྨི་ལམ་གྱི་ཤེས་པ་ལའོ། །རྨི་ལམ་དུ་མཐོང་བ་འདི་བག་ཆགས་ཞེས་སྔོན་གོམས་པའི་མཐུ་ལས་གང་གིས་བདག་ལ་འདི་ལྟར་སྣང་བར་འགྱུར་
བ་ཡིན་ནོ་སྙོམ་པའི་བློར་འགྱུར་གྱི། སད་པའི་རྟོག་པ་ལ་ནི་དེ་སྙམ་དུ་སེམས་པའི་བློར་མི་འགྱུར་ཏེ། དེས་ན་གཞན་གྱི་ལྟར་ན་ཡང་རྣམ་པར་དབྱེ་བ་རྟོགས་པ་ཡོད་པ་ཁོ་ན་ཡིན་ནོ། །བློ་གང་ཞིག་ཡོད་པ་ལས་འདིར་དམིགས་པ་དང་བཅས་པ་ཉིད་དུ་འདོད་པ་དེ་ནི་མེད་དོ་ཞེས་བརྗོད་པ་ནི་སྔོན་མཐོང་བ་དེ་བདག་
གིས་མཐོང་ངོ་ཞེས་བྱ་བའི་བློ་ཞེས་བྱ་བ་ནི་སྐབས་ཀྱི་ཡིན་ནོ། །བདག་གིས་དྲན་ནོ་ཞེས་བྱ་བའམ། དོན་འདི་ནི་འཇིག་རྟེན་པ་མ་ཡིན་ནོ་ཞེས་བྱ་བ་ནི་བློ་ནི་མ་ཡིན་ནོ། །འོན་ཏེ་དེ་ལྟ་བུའི་བློ་མེད་ཀྱང་གནོད་པར་བྱེད་པས་འཇིག་རྟེན་པ་མ་ཡིན་པ་ཉིད་དུ་རྟོགས་པ་ཡིན་ནོ་སྙམ་ན། གནོད་པར་བྱེད་པ་གང་གིས་ཞེས་
བྱ་བའོ། །འོན་ཏེ་དོན་མེད་པ་ཉིད་དུ་ཐལ་བའི་ཕྱིར་འཇིག་རྟེན་པ་ཉིད་དུ་ནི་ཞེས་བྱ་བའོ། །དེ་ལྟར་ཁས་ལེན་ན་ཡང་མི་འདོད་པ་ཐོག་ཏུ་བབ་པོ་ཞེས་བརྗོད་པ་ནི་དེ་ལ་ཞེས་བྱ་བ་སྟེ། གནོད་པར་བྱེད་པ་ལའོ། །ཁྱེད་ནི་ཕྱིན་ཅི་ལོག་ཏུ་སྣང་བར་སྨྲ་བ་ཡང་མ་ཡིན་ཏེ། འཇིག་རྟེན་པ་མ་ཡིན་པར་སྨྲ་བ་ཁས་བླངས་
པའི་ཕྱིར་རོ། །གལ་ཏེ་ཡང་གནོད་པ་བྱེད་པ་ལ། །ཕྱིན་ཅི་ལོག་གི་སྣང་བར་ཁས་ལེན་ན་གནོད་པར་བྱ་བ་ཡང་དེ་ལྟར་ཅི་སྟེ་ཁས་མི་ལེན་ན། དེ་ཡང་སྔར་བསལ་ཟིན་པ་ཡིན་ནོ་ཞེས་དགོངས་པའོ། །དེ་ཉིད་ཀྱི་ཕྱིར་ཕྱིན་ཅི་ལོག་སྣང་བ་ལས་ལོག་པར་དོགས་པ་བསུ་བ་ནི་དེ་ཡང་ཞེས་བྱ་བའོ། །རྨི་ལམ་གྱི་ཤེས་པ་
འབའ་ཞིག་འཇིག་རྟེན་པ་ཡིན་པར་ནི་མ་ཟད་ཀྱི། འཇིག་རྟེན་པ་ཡིན་པ་ལས་འཇིག་རྟེན་པ་ཉིད་རྟོགས་པ་གནོད་བྱེད་གང་ཡིན་པ་དེ་ཡང་འཇིག་རྟེན་པ་མ་ཡིན་པ་ཉིད་དོ། །དེས་ན་ཕྱིན་ཅི་ལོག་ཏུ་སྣང་བ་ནི་མ་ཡིན་ནོ་ཞེ་ན། ལན་ནི་མ་ཡིན་ཏེ་ཞེས་བྱ་བ་སྟེ། དེ་ཡང་འཇིག་རྟེན་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།
ཐུག་པ་མེད་པར་ཞེས་བྱ་བའོ། །ཇི་ལྟར་གནོད་པ་བྱེད་པས་འཇིག་རྟེན་པ་མ་ཡིན་པ་ལ་འཇིག་རྟེན་པ་ཉིད་དུ་རྟོགས་པ་དེ་བཞིན་དུ། གནོད་པར་བྱེད་པ་ཡང་གནོད་པར་བྱེད་པ་གཞན་གྱིས་དེ་ལྟ་བུ་ཉིད་དུ་རྟོགས་པ་ནི་དེ་དང་འདྲ་བར་འགྱུར་རོ། །དེ་བཞིན་དུ་གནོད་པ་གཞན་ཡང་ཡིན་པས་ཐུག་པ་མེད་པར་
Vol. 185 · folio 71b
འགྱུར་རོ། །མཐར་ཐུག་པར་ཁས་ལེན་པ་ནི་གཅིག་ཀྱང་འཇིག་རྟེན་པ་ཉིད་དུ་མི་འགྲུབ་པོ་ཞེས་དགོངས་པའོ། །དེ་བས་ན་གནོད་པར་བྱེད་པས་འཇིག་རྟེན་པ་མ་ཡིན་པ་ཉིད་དུ་རྟོགས་པ་ནི་དོན་དུ་མོས་པ་མེད་པའི་ཕྱིར་དོན་མེད་པ་ཉིད་དུ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བ་ཉིད་ལེགས་པ་ཡིན་ནོ། །ཅི་སྟེ་ཡང་གནོད་པར་
བྱེད་པས་ནི་འཇིག་རྟེན་པ་མ་ཡིན་པ་ཉིད་དུ་རྟོགས་པ་མ་ཡིན་ན་གང་གིས་དོན་མེད་པ་ཉིད་དུ་འགྱུར། འོན་ཀྱང་ཐུན་མོང་མ་ཡིན་པ་ཉིད་དུ་ཡིན་ནོ་བ་ནི་ཅི་སྟེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། འདི་ཞེས་བྱ་བ་སྟེ། གང་གི་ཕྱིར་རྟོགས་པ་ནི་མེད་དོ་ཞེས་འབྲེལ་ཏེ། རྟོགས་པའི་རྣམ་པ་བརྗོད་པ་ནི་འདི་གཞན་གྱིས་རྟོགས་
སོ་སྙམ་པ་ཞེས་བྱ་བ་སྟེ། རྨི་ལམ་གྱི་ཤེས་པ་འདིའོ། །དོན་ལ་ནི་ཐུན་མོང་མ་ཡིན་པར་རྟོགས་པ་ཡོད་པ་ཡིན་ཏེ། དེ་ལས་བཟློག་པ་སྒྲུབ་པར་རྗེས་སུ་དཔག་པ་ཡོད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་དོན་གྱི་ཡུལ་ལ་ནི་སྤུ་ལངས་པ་ལ་སོགས་པའི་རྟོག་པ་ཅན་གྱི་རྗེས་སུ་དཔག་པས་ཐུན་མོང་པ་ཉིད་དུ་རྟོགས་པ་ཡིན་
ནོ། །གང་གི་ཚེ་ཞེ་ན། ཤེས་པ་ཡོད་པ་ནའོ། །སྤུ་ལྡང་བ་ལ་སོགས་པ་གང་ཡིན་པ་དེས་ན་དེའི་དོན་ཅན་གྱི་ཤེས་པ་ཡོད་པ་ན་དེ་ནི་དེ་ཤེས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་རྨི་ལམ་གྱི་ཤེས་པ་ཡང་དམིགས་པ་མེད་པར་མི་འགྲུབ་པོ་ཞེས་ལན་བརྗོད་པ་ནི་དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །
གཞན་གྱི་གནོད་བྱེད་ཀྱི་སྒོ་ནས་དོན་མ་ཡིན་པར་རྟོགས་པར་འགྱུར་རོ་ཞེས་འབྲེལ་ཏོ། །རྣམ་པ་གང་གིས་ཤེ་ན། འདི་ལ་ནི་མེད་ཀྱི་ཞེས་སྨོས་སོ། །ཁྱེད་ཀྱི་ཞེས་བྱ་བ་ནི་རྨི་ལམ་མཐོང་བའིའོ། །འདི་ལ་ཡང་དོན་བཤད་པ་ནི་འདི་ནི་རྟོགས་པ་ཉིད་ཡིན་ནོ་ཞེས་བྱ་བར་རོ་ཞེས་བྱ་བ་ཡིན་ནོ། །བསམ་པ་ནི་འདི་
ཡིན་ཏེ། གལ་ཏེ་འདི་གཞན་གྱིས་མ་རྟོགས་སོ་ཞེས་རྟོགས་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ཉིད་ཡིན་ན་དེའི་ཚེ་གནོད་པར་བྱེད་པ་ལས་དོན་མེད་དོ་ཞེས་རྟོགས་པ་ལས་དོན་མ་ཡིན་པར་ཡང་འགྱུར་རོ་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པ་ཡིན་ནོ་ཞེས་ཁྱབ་པ་གྲུབ་
པ་དེའི་ཕྱིར་རོ། །མིང་དང་མཚན་མ་འཆད་པ་པོ་དང་ཉན་པ་པོ་འབྲེལ་པར་ཁས་ལེན་ན་མིང་ལ་སོགས་པ་སྣང་བ་གང་ཡིན་པ་དེར་དམིགས་པ་དང་བཅས་པར་ནི་རིགས་པ་མ་ཡིན་ཏེ། སྒྲུབ་པར་བྱེད་པ་མེད་པའི་ཕྱིར་དང་གནོད་པར་བྱེད་པ་གཟུང་བ་དམིགས་པ་མེད་པ་ཉིད་ཀྱང་ཡོད་པའི་ཕྱིར་རོ། །འབྲེལ་པ་
Vol. 185 · folio 72a
ཡོད་ཀྱང་བརྗོད་པ་ན་འཇུག་པར་མི་འགྱུར་ན་འབྲེལ་པ་མེད་པ་སྨོས་སུ་ཅི་ཡོད་ཅེས་བཤད་པ་ནི་འབྲེལ་པ་མེད་ན་ཡང་ཞེས་བྱ་བའོ། །གལ་ཏེ་དོན་དང་ཞེས་བྱ་བ་ལ་སོགས་པ་དོན་དང་འབྲེལ་པར་དོགས་པ་བསུ་ནས་འདས་པ་དང་ཞེས་བྱ་བ་ལ་སོགས་པ་སྐྱོན་བརྗོད་པའོ། །དོན་དང་འབྲེལ་
པ་ཞེས་བྱ་བ་ནི་དོན་ཞིག་ན་ཞིག་པ་ཡིན་པ་དེས་དེ་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་འཇུག་པ་ཁོ་ན་སྟེ་ཞེས་བྱ་བ་ནི་སྐྱེས་བུ་དང་སྒྲའོ། །འདི་ཉིད་བཤད་པ་ནི་གང་ལ་དོན་དང་ཞེས་བྱ་བའོ། །འབའ་ཞིག་ནི་མིང་དང་མཚན་མའོ། །གལ་ཏེ་འདས་པ་ལ་སོགས་པའི་དོན་མེད་ཀྱང་མིང་དང་མཚན་མ་
ཡོད་པའི་ཕྱིར་ན་ཇི་ལྟར་མི་འཇུག་པར་འགྱུར་ཞེ་ན། གལ་ཏེ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། དོན་དེ་རང་གི་མཚན་ཉིད་ཀྱི་རྣམ་པ་སྒྲ་ལས་སྣང་བ་དེ་མེད་པའི་ཕྱིར་རོ། །འོན་ཏེ་རྣམ་པ་མེད་ཀྱང་དེ་ལ་འཇུག་གོ་སྙམ་ན། གཞན་རྟོག་པས་ཞེས་གསུངས་སོ། །འོན་ཏེ་དེའི་རང་བཞིན་དུ་སྒྲོ་བཏགས་ནས་དེར་
འཇུག་པ་ཡིན་ནོ་སྙམ་ནས་ལྷག་མ་ནི་ཞེས་གསུངས་ཏེ། དེའི་རང་བཞིན་དུ་ལྷག་པར་ཞེན་པས་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དོན་དང་འབྲེལ་པ་ཞེས་བྱ་བ་དོན་ཞིག་ནས་འཇིག་པ་ཡིན་ཏེ། མི་རྟག་པའི་ཕྱིར་རོ། །སྤྱི་ནི་མ་ཡིན་ཏེ་རྟག་པའི་ཕྱིར་རོ་ཞེས་དོགས་པ་ནི་སྒྲའི་སྤྱི་ནི་ཞེས་བྱ་བའོ། །མིང་དང་
མཚན་མ་བརྗོད་པ་ལ་ཐལ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མཚུངས་པ་རྣམས་ཀྱི་ངོ་བོ་ཉིད་ནི་ངོ་བོ་ཅན་ལ་ལྟོས་པའི་ཕྱིར་ན་དེ་འཛིན་པ་ཉིད་དོ། །དེས་ན་དེ་འཛིན་པ་ལས་བརྗོད་པའི་ཉེས་པ་ཉིད་དུ་འགྱུར་རོ་ཞེས་ལན་བརྗོད་པ་ནི། དེ་མིན་ཞེས་བྱ་བའོ། །ཅི་སྟེ་མཚུངས་པ་རྣམས་ཀྱང་ངོ་བོ་ཞེས་བྱ་བའི་ནི་
བཤད་པ་ཙམ་ཡིན་གྱི། དངོས་པོ་ལ་ནི་ཡོད་པའི་སྤྱི་རང་གི་ངོ་བོ་ཡོད་པ་ཉིད་གསལ་བ་རྣམས་ལ་འཇུག་པ་ཡིན་གྱི་དེའི་རང་བཞིན་དོན་ལ་ལྟོས་པ་ནི་མ་ཡིན་ནོ་སྙམ་དུ་དོགས་ན། འཛིན་པ་ཡང་ཞེས་བྱ་བའོ། །ནམ་མཁའ་བཞིན་དུ་རང་རྒྱུད་པར་གཟུང་ཡང་གསལ་བ་དེ་དག་གི་སྤྱི་མ་ཡིན་ཏེ་གསལ་བྱེད་དེ་དག་
གིས་གསལ་བ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་ཅི་སྐྱོན་སྙམ་ན། དེས་ན་ཞེས་གསུངས་ཏེ་གསལ་བ་ལ་ལྟོས་པ་མེད་པ་ཉིད་ནའོ། །གསལ་བ་ཡོད་པ་དང་མེད་པའི་དུས་དེ་གཉི་གར་དམིགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གསལ་བ་ལ་མི་ལྟོས་པའི་ཕྱིར་འབའ་ཞིག་ཏུ་ནི་
Vol. 185 · folio 72b
མ་ཟད་དེ་རྟག་པའི་ཕྱིར་ཡང་རྟག་པར་དམིགས་པར་འགྱུར་རོ། །འོན་ཏེ་ཡང་ཇི་ལྟར་ནམ་མཁའ་རྟག་པ་ཡང་མིག་ལ་སོགས་པ་ལ་ལྟོས་ནས་མངོན་སུམ་དུ་གྱུར་པ་དེ་བཞིན་དུ་སྤྱི་ཡང་གསལ་བ་འབྲེལ་པས་མངོན་པར་གསལ་བ་ལ་ལྟོས་ནས་མངོན་སུམ་དུ་འགྱུར་རོ་སྙམ་པ་ནི། གལ་ཏེ་ཡང་གསལ་བ་སྟེ་
ཁྱད་པར་ལས་སྤྱི་མངོན་སུམ་ལ་གསལ་བར་འགྱུར་བ་ཡིན་ཏེ། གསལ་བ་གསལ་བ་ཉིད་སྤྱི་མངོན་སུམ་དུ་གྱུར་པའི་རྒྱུ་མཚན་ནོ་ཞེས་བྱ་བ་ཡིན་གྱི། གསལ་བའི་ཐད་ནས་མངོན་སུམ་དུ་གསལ་བ་ཡིན་ནོ་ཞེས་བྱ་བ་ནི་འཐད་པར་དཀའ་སྟེ། མངོན་སུམ་དང་གསལ་བ་དག་ཁྱད་མེད་པའི་ཕྱིར་རོ། །གལ་ཏེ་
སྤྱིའམ་ནམ་མཁའ་མངོན་སུམ་གྱི་རང་བཞིན་ཡིན་ན་ནི་གསལ་བར་བྱེད་པ་ལ་ལྟོས་པ་མ་ཡིན་ཏེ་དོན་མེད་པའི་ཕྱིར་རོ། །དེའི་རང་བཞིན་གསལ་བར་བྱེད་པ་ལ་ལྟོས་པ་མ་ཡིན་ཏེ། ཁྱད་པར་དུ་བྱར་མེད་པའི་ཕྱིར་རོ་ཞེས་ལན་འདེབས་པ་ནི་བདག་ལ་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་གསལ་བར་མཐར་ཐུག་
པའི་རང་བཞིན་དུའོ། །ཅིའི་ཕྱིར་འདས་པ་ལ་སོགས་པའི་རང་བཞིན་དུ་རྟོགས་པར་མི་འགྱུར་ཞེ་ན། སྤྱི་ནི་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་སྟེ་བརྗོད་པ་ནི་གལ་ཏེ་སྤྱི་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་གསལ་བ་དང་ལྡན་པས་དེ་ལྟར་ལྷག་པར་ཞེན་པ་ཡིན་ནའོ། །དེ་ལྟར་
གྱུར་པ་ལ་རག་གོ་ཞེ་ན་གསལ་བ་ཞེས་གསུངས་སོ། །དེ་མེད་ཀྱང་དེའི་སྒོ་ནས་དེ་ལྟར་རྟོགས་པར་མི་འགྱུར་བའི་ཕྱིར་ཞེ་ན། གང་གི་ཕྱིར་འདས་པ་ལ་སོགས་པ་དེའི་རང་བཞིན་ཡུལ་དུ་བྱས་པ་གང་ལ་ཡོད་པའི་ཁྲ་བོ་ལ་སོགས་པ་དེ་ནི་གཞན་སྤྱི་ལ་སོགས་པ་དེའི་རང་བཞིན་དེས་ཉེ་བར་རྒྱུ་བ་ཉིད་དུ་འཛིན་པར་མི་
ནུས་སོ། །དེས་ན་དེ་མེད་པ་ནི་དེའི་སྒོ་ནས་རྟོགས་པ་མ་ཡིན་ནོ། །འཛིན་ན་ཡང་ཞེས་བྱ་བ་འཆད་པ་ནི་ཅི་སྟེ་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་གསལ་བའི་རང་བཞིན་གྱིའོ། །དེ་གང་ལས་ཤེ་ན་དེ་མེད་པར་ཞེས་བྱ་བའོ། །གསལ་བ་ཤེས་པ་མེད་པར་རོ། །ཅིའི་ཕྱིར་དེས་གསལ་བར་བྱེད་པ་མ་ཡིན་སྙམ་
དུ་དོགས་ན། དེའི་རང་བཞིན་ནི་གསལ་བར་བྱེད་པའི་རང་བཞིན་ལ་ལྟོས་པས་དེ་མེད་ན་མི་འགྱུར་རོ་ཞེས་བསྟན་པའི་དོན་དུ་གསལ་བའི་རང་བཞིན་བརྗོད་པ་ནི། སྒྲོན་མ་ལ་སོགས་པའི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་གསལ་བས་གསལ་བར་བྱ་བ་མ་ཡིན་པས་སོ། །འདི་ཉིད་གསལ་བར་བྱེད་
Vol. 185 · folio 73a
པ་ནི་གསལ་བས་སྟོང་པའི་ཞེས་བྱ་བའོ། །དཔེར་ན་ཞེས་བྱ་བ་ནི་དཔེར་འགོད་པའོ། །གལ་ཏེ་ཡང་། གསལ་ལས་མངོན་སུམ་ལ་གསལ་ཡིན། །ཞེས་བྱ་བ་འཆད་པ་ནི་འོན་ཏེ་ཞེས་བྱ་བའོ། །སྐྱོན་མེད་དོ་ཞེས་བྱ་བ་ནི་རྟག་ཏུ་དམིགས་པའི་མཚན་ཉིད་དོ། །འདི་ལ་རེ་
ཞིག་རང་ཉིད་ཀྱིས་རང་དཔེ་མི་མཐུན་པར་བྱེད་པ་ནི་དེ་ནི་མི་རིགས་ཏེ་ཞེས་བྱ་བའོ། །དེ་ཉིད་ནི་སྤྱིའོ། །ཅིའི་ཕྱིར་དཔེ་མ་ཡིན་ཞེ་ན། སྤྱི་ནི་ཞེས་བྱ་བ་གསུངས་སོ། །ཅིའི་ཕྱིར་ཕྱོགས་ཉིད་དཔེ་མ་ཡིན་སྙམ་ན། ཕྱོགས་ཉིད་ནི་ཞེས་གསུངས་སོ། །གསལ་བ་དང་མ་འབྲེལ་ན་གསལ་བ་ཉིད་ལ་རྟོགས་
པར་ཇི་ལྟར་འགྱུར་ཏེ། གཞན་དུ་ཡང་རྟོགས་པར་འགྱུར་རོ་ཞེས་བྱ་བ་ནི་རྩོད་པའི་ཡུལ་ཡིན་ནོ། །དེ་ལྟ་ན་ནི་བསྒྲུབ་བྱ་དང་སྒྲུབ་བྱེད་མ་གྲུབ་པ་ལ་སོགས་པ་དག་དཔེ་མ་ཡིན་པར་འགྱུར་རོ་ཞེས་བརྗོད་པ་ནི་དཔེའི་སྐྱོན་མེད་པར་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་སྤྱི་དཔེ་མ་ཡིན་པ་དེས་ནའོ། །
དེ་ལ་ནི་སྤྱི་ལའོ། །མངོན་སུམ་གྱི་རྟོགས་པས་ཞེས་བྱ་བ་ནི་གསལ་བའི་ཡུལ་དུ་ཞེས་ཁ་བསྐངས་ཏེ། ཐམས་ཅད་དུ་སྒྲ་ཁོ་ན་ལས་སྤྱི་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་གྱིས་གཟུང་ན་བརྡ་མེད་པའི་ཕྱིར་སྒྲ་ལས་རྟོགས་པར་མི་འགྱུར་ཏེ། དེས་ན་མངོན་སུམ་གྱིས་འཛིན་པ་
ཡིན་ནོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །སྒྲ་ཉིད་ལས་འབྲེལ་པ་འཛིན་ན་ནི་ཐུག་པ་མེད་པར་འགྱུར་རོ་སྙམ་དུ་བསམས་པའོ། །མངོན་སུམ་གྱིས་རྟོགས་པ་ཉིད་ནི་སྒྲ་ལས་རྟོགས་པ་མ་ཡིན་ཏེ་ཐ་དད་པའི་ཕྱིར་རོ། །དེས་ན་དེ་ལྟར་དེ་མངོན་སུམ་གྱིས་འཛིན་ཞེས་ལན་གདབ་པའི་ཕྱིར་རྣམ་
པར་རྟོག་པར་བྱེད་པ་ནི་སྤྱི་ཞེས་བྱ་བའོ། །དང་པོ་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཉིད་ནི་སྒྲ་རྟོགས་པ་གང་ཡིན་པའོ། །ཤེས་པ་ལ་ལྟོས་ཏེ་བརྗོད་ནས་དོན་ལ་ལྟོས་ནས་བརྗོད་པ་ནི་རང་བཞིན་ཉིད་ཀྱིས་ཞེས་བྱ་བ་སྟེ། སྒྲས་ཉེ་བར་བསྟན་པས་སོ། །འོན་ཏེ་ཞེས་བྱ་བ་ནི་གཉིས་པ་ལ་བརྗོད་
པའོ། །དེ་ལ་ནི་མངོན་སུམ་གྱིས་མཐོང་བ་ལའོ། །གཞན་དུ་ཞེས་བྱ་བ་ནི་བརྡའི་ཡུལ་མ་ཡིན་པ་སྟེ། རྣམ་པ་མི་གསལ་བར་རོ། །འོན་ཏེ་དེ་ཉིད་སྒྲ་ལས་དེ་ལྟར་སྣང་བ་ཡིན་ནོ་སྙམ་ན། སྒྲའི་ཤེས་པ་ལ་ཡང་ཞེས་བྱ་བའོ། །མངོན་སུམ་གྱིས་རྟོགས་པའི་རང་བཞིན་ཁོ་ནར་ཞེས་བྱ་བ་ནི་རང་
Vol. 185 · folio 73b
བཞིན་གྱིས་མ་ཡིན་ཏེ། གཅིག་ལ་རང་བཞིན་གཉིས་མི་སྲིད་པའི་ཕྱིར་རོ། །འོ་ན་རང་བཞིན་གཅིག་ཉིད་ཀྱང་ཤེས་པ་གཞན་ལ་རྣམ་པ་གཞན་དུ་སྣང་བ་ཡིན་ནོ་སྙམ་ན། སྒྲའི་རང་བཞིན་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། སྤྱི་ནི་ཞེས་གསུངས་སོ། །དེའི་རང་བཞིན་ཉིད་མངོན་སུམ་གྱིས་རྟོགས་
པའི་རང་བཞིན་ནོ། །དེས་ན་ཤེས་པ་གཞན་ལ་རྣམ་པ་གཞན་དུ་སྣང་བ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །ཐལ་བ་འདི་འབའ་ཞིག་ཏུ་ཡང་མ་ཟད་དེ། ཐམས་ཅད་ཚེ་ཡང་སྣང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །ཅི་མི་དམིགས་པར་བྱ་བའི་རང་བཞིན་ལ་རྣམ་པ་
གཞན་དུ་འགྱུར་བ་མ་ཡིན་ནོ། །གཞན་གྱིས་རྣམ་པ་གཞན་དུ་བྱེད་ན་ནི་མི་རྟག་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྔོན་པོ་ལ་སོགས་པའི་རང་བཞིན་མཚན་ཉིད་དམིགས་པ་ན་སྐྱེ་བོ་ལ་ཐོགས་པ་མེད་པའི་བག་ཆགས་ཀྱིས་བསྐྱེད་པ་སྔོན་པོ་ལ་སོགས་པ་མི་གསལ་བར་སྣང་བའི་ཤེས་པ་སྐྱེ་ལ་དེའི་
སྣང་བ་ལ་ཕྱི་རོལ་ཉིད་དུ་ལྷག་པར་ཞེན་པས། དེ་ལ་མངོན་པར་རྟོགས་པས་ཅི་ཞིག་བྱ་ཞེས་གསུངས་པ་ནི། དེ་ལའང་ཞེས་བྱ་བ་སྟེ། སྤྱིའི་རྣམ་པར་ཤེས་པ་ལ་སྒྲ་ལས་བྱུང་བ་ལས་སུ་གྱུར་པའོ། །རྗེས་འབྲེལ་ནི་རྗེས་སུ་ཞུགས་པ་སྟེ། སྔོན་པོ་ལ་སོགས་པའི་རྣམ་པའི་ཆ་མི་གསལ་བའོ། །གང་
གིས་སྤྲུལ་ཞེས་བྱ་བ་ནི་སྤྱིས་མ་ཡིན་ལ། བསལ་བས་ཀྱང་མ་ཡིན་པ་སྟེ། གཉི་ག་ལ་ཡང་དེ་འདྲ་བའི་རྣམ་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱང་སྤྱི་མ་ཡིན་ཏེ། དེ་ནི་རྣམ་པ་མེད་པ་ཡིན་པའི་ཕྱིར་རོ། །རྣམ་འགྲེལ་དང་པོ་ནི་མ་བཀྲལ་ཏེ་གསལ་བའི་ཕྱིར་རོ། །གཉིས་པ་འཆད་པ་ནི་གསལ་ཏེ་སྒྲ་ལས་ཞེས་
བྱ་བའོ། །དེའི་ཚེ་སྤྱིའི་རྣམ་པ་འབའ་ཞིག་ཏུ་སྟེ་གསལ་བའི་རང་བཞིན་དང་འབྲེལ་པར་རོ། །གསལ་བ་ལས་ཡིན་པར་སྲིད་པའི་དོགས་པ་བསུ་ནས་སེལ་བ་ནི་གསལ་བ་ལས་ཞེས་བྱ་བའོ། །གང་ལས་ཞེས་བྱ་བ་ནི་གསལ་བའི་རྣམ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་བསྐྱེད་པའི་ཕྱིར་ཏེ་
དེའི་ཡིན་ནོ་ཞེ་ན་གསལ་བས་བསྐྱེད་པའི་ཕྱིར་རོ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། སྤྱི་མེད་པར་ཞེས་གསུངས་སོ། །ཇི་ལྟ་ཞེ་ན། དེ་ལས་ཐ་དད་པར་ཞེས་གསུངས་ཏེ། སྔོན་པོ་ལ་སོགས་པའི་རྣམ་པ་ལས་ཐ་དད་པར་རོ། །རྗེས་སུ་སོང་བའི་རྣམ་པ་ནི་སྣང་བ་ཉིད་ཡིན་ལ། སྤྱི་ཡང་
Vol. 185 · folio 74a
དེ་ཉིད་ཡིན་ནོ་སྙམ་ན་རྗེས་སུ་སོང་བའི་ཞེས་གསུངས་སོ། །སྔོན་པོ་ལ་སོགས་པའི་རྣམ་པ་མི་གསལ་བའི་སྤྱིའི་རྣམ་པ་ཉིད་འདོད་ན་ཡང་དོན་དེ་རྣམས་ཀྱིས་མི་འགྱུར་རོ་ཞེས་བརྗོད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །སྒྲ་ལས་སྔོན་པོ་ལ་སོགས་པའི་རྣམ་པ་གནས་པའི་སྤྱི་དང་དོན་
གཉིས་ཀ་རྟོགས་པའི་ཕྱིར་ཏེ་དོན་རྣམས་ཀྱིས་སྤྱི་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི། གཉི་ག་ཡང་ཞེས་བྱ་བའོ། །ལན་ནི་དབང་པོས་གཟུང་བར་བྱ་བ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའོ། །སྒྲ་ལས་བྱུང་བ་ཁོ་ནས་གཉི་ག་རྟོགས་ན་དབང་པོ་དོན་མེད་པའི་ཕྱིར་དབང་པོས་གཟུང་བ་ཉིད་དུ་མི་འགྱུར་རོ། །འོན་
ཏེ་སྒྲ་ལས་འབྱུང་བས་མི་གཉི་ག་འཛིན་ལ་དབང་པོས་ནི་ཁྱད་པར་ཙམ་འཛིན་པ་དེས་ན་དབང་པོ་འབྲས་བུ་དང་བཅས་པ་ཡིན་ནོ། །བརྗོད་པ་ནི་དབང་པོ་ཞེས་བྱ་བའོ། །དབང་པོའི་གཟུང་བ་ཞེས་བྱ་བ་ནི་ཁྱད་པར་ཙམ་ཞེས་བྱ་བ་ལྷག་མ་ཡིན་ནོ། །འདི་ཇི་ལྟར་མི་རིགས་སྙམ་ན། སྤྱི་དབང་པོས་མ་བཟུང་ན་བརྡ་
མེད་པར་འགྱུར་བའི་ཕྱིར་ཏེ། སྒྲས་རིགས་པ་མ་ཡིན་ནོ་ཞེས་བརྗོད། ལན་བརྗོད་པ་ནི་སྒྲ་ལ་ལྟོས་པ་མ་ཡིན་ནོ། །གལ་ཏེ་སྒྲ་ལས་རྟོགས་པ་ཡོད་པ་ཉིད་མ་ཡིན་ནམ། དེས་ན་མི་འགྱུར་རོ་ཞེས་ཇི་སྟེ་བརྗོད་ཅེ་ན། གང་གི་ཕྱིར་སྒྲ་ལས་ནི་མངོན་སུམ་གྱིས་གཟུང་བའི་སྤྱི་ཡོད་དོ་ཞེས་རྟོགས་པས་ནི་མེད་དོ། །
ཅིའི་ཕྱིར་དེ་ལྟ་བུ་རྟོགས་པ་མེད་སྙམ་ན། ཡིད་ཆེས་པ་ཞེས་གསུངས་སོ། །ཇི་ལྟར་མངོན་སུམ་ལས་བ་ལང་འདི་ནི་བ་ལང་ངོ་ཞེས་ཡིད་ཆེས་པ་སྐྱེ་བ་དེ་བཞིན་དུ་སྒྲ་ལས་ནི་ཡིད་ཆེས་པ་མེད་པའི་ཕྱིར་རོ། །ཡང་ན་མ་ཡིན་ཏེ་ཞེས་བྱ་བ་ནི་རྩོད་པ་དགག་པའོ། །གསལ་བ་བཞིན་དུ་སྤྱི་ཡང་དབང་པོས་
གཟུང་བར་བྱ་བ་ཉིད་དུ་འགྱུར་རོ། །འོན་ཏེ་དབང་པོས་གསལ་བ་རྟོགས་པ་ན་སྤྱི་མི་འཛིན་པ་ཉིད་དོ་ཞེ་ན། དབང་པོས་ཞེས་བྱ་བའོ། །དབང་པོས་བཟུང་བ་ཞེས་བྱ་བ་ལ་སྤྱི་ཞེས་བྱ་བ་ནི་ལྷག་མའོ། །ལྷག་མ་ནི་བཤད་པ་སྔ་མ་དང་མཐུན་ནོ། །འདི་ལས་ཀྱང་དེ་ལྟར་རྟོགས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་
སྣང་བ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བའོ། །དེའི་ཕྱིར་སྤྱི་སྒྲ་ལས་ནི་རྟོགས་པ་མ་ཡིན་ནོ། །གང་གི་ཕྱིར་སྒྲ་ལས་བྱུང་བའི་ཤེས་པ་ལ་སྔོན་པོ་ལ་སོགས་པའི་རྣམ་པའི་ཆ་འབའ་ཞིག་སྣང་ལ་གཞན་ནི་འགའ་ཡང་མ་ཡིན་པ་དེའི་ཕྱིར་རོ། །དེས་ན་དབང་པོ་དོན་མེད་པ་ནི་སོ་ན་འདུག་གོ་ཞེས་ཐལ་བའི་
Vol. 185 · folio 74b
དོན་ཉེ་བར་སྡུད་པ་ནི་དེས་ན་གསལ་བ་ཉིད་ཅེས་བྱ་བའོ། །སྔོན་པོ་ལ་སོགས་པའི་རང་བཞིན་སྤྱིར་སྨྲ་བ་ཉིད། གསལ་བ་དང་མི་གསལ་བ་སྔོན་པོ་ལ་སོགས་པའི་རྣམ་པར་དབྱེ་བ་དབང་པོ་དང་སྒྲ་ལས་སྐྱེས་པའི་ཤེས་པ་དག་གི་ཡུལ་རྣམ་པར་འཇོག་པའི་ཕྱིར་ན་དབང་པོ་དོན་མེད་པར་འགྱུར་རོ་ཞེས་བརྗོད་པ་ནི་
གལ་ཏེ་ཞེས་བྱ་བའོ། །མངོན་སུམ་ཤེས་དོན་ཉིད་ཕྱིར་ན། །ཞེས་བྱ་བའོ། །གསལ་བའི་ཤེས་པའི་དོན་ཡིན་པའི་ཕྱིར་རོ། །འདི་ལ་ལན་ནི་དེ་དངོས་ཤེས་པ་ལ་སོགས་པའོ། །སྒྲ་དང་གཟུགས་དང་རོ་ལ་སོགས་པ་དངོས་པོ་གཅིག་ལས་གསལ་བ་དང་མི་གསལ་བ་ག་ལས་ཡིན་ཏེ། མངོན་སུམ་གྱིས་རྟོགས་པ་
རྣམ་པར་མཚུངས་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་སྒྲ་ལས་བྱུང་བ་ལ་ཡོད་པའི་ཕྱིར་དབང་པོ་རྣམས་འབྲས་བུ་མེད་པར་འགྱུར་བ་མངོན་སུམ་ཉིད་དེ། ཅི་འདྲ་བ་ཞིག་ཡིན་ཞེ་ན། མངོན་སུམ་ཉིད་ནི་ཞེས་གསུངས་སོ། །དེ་ཡོད་ན་ཞེས་བྱ་བ་ནི་སྒྲ་ལས་འབྱུང་བའོ། །གཞན་དག་རྣམ་པ་གཞན་
དུ་མངོན་སུམ་གྱི་མཚན་ཉིད་བརྗོད་པ་ནི། མདུན་ན་གནས་པ་ཉིད་དུ་ཞེས་བྱ་བའོ། །དེ་ལྟ་བུའི་རྟོགས་པ་ནི་སྒྲ་ལས་འགྱུར་བ་མ་ཡིན་པས་ན་དབང་པོ་རྣམས་དོན་མེད་པར་མི་འགྱུར་རོ་ཞེས་བསམས་པའོ། །མ་ཡིན་པ་སྟེ་ཞེས་བྱ་བ་ནི་འགོག་པའོ། །ཅིའི་ཕྱིར་ཞེ་ན། སྒྲ་ནི་རྣམ་པ་གཞན་དུ་ཞེས་
སྨོས་ཏེ། མདུན་ན་མི་གནས་པ་ཉིད་དོ། །མཚན་ཉིད་འདི་ལ་ནི་མ་ཁྱབ་པའི་ཉེས་པ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་དོན་གྱི་རང་གི་ངོ་བོ་རྟོགས་པ་ཁོ་ན་ཞེས་བརྗོད་པ་དེ་ཉིད་རྣམ་པ་གཞན་མི་སྲིད་པ་ཉིད་ཀྱིས་ཚིག་གཞན་གྱི་སྒོ་ནས་དོགས་པ་བསུ་བ་ནི། བདག་ཉིད་ཐམས་ཅད་ཅེས་བྱ་བའོ། །དེ་ལྟ་ན་
ཡང་སྔ་མ་བཞིན་དུ་དབང་པོ་འབྲས་བུ་མེད་པར་འགྱུར་རོ་ཞེས་ལན་འདེབས་པ་ནི་སྒྲ་ལས་ཀྱང་ཞེས་བྱ་བའོ། །དེ་ཉིད་ནི་དབང་པོ་ལས་རྟོགས་པ་གང་ཡིན་པ་ཉིད་དེ་དེ་ཉིད་ལ་ནི་དབང་པོས་རྟོགས་པར་བྱ་བ་ལའོ། །དེས་ན་དབང་པོ་རྣམས་དོན་མེད་པར་འགྱུར་རོ་ཞེས་བྱ་བར་འདི་གནས་པའོ། །གལ་ཏེ་སྒྲ་
ཡོངས་སུ་ཚིམ་པར་བྱེད་པ་མ་ཡིན་གྱི། དབང་པོས་དེ་བྱེད་པའི་ཕྱིར་དོན་མེད་པ་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་ཡོངས་སུ་ཚིམ་པའི་དོན་གྱི་ཕྱིར་དབང་པོ་རྣམས་དོན་མེད་པ་མ་ཡིན་ནོ་ཞེ་ན། ཡོངས་སུ་ཚིམ་པའི་སྒྲ་ཉིད་ལས་དེར་འགྱུར་བའི་ཕྱིར་ན། དེ་དག་དོན་མེད་པ་ཁོ་ནའོ་ཞེས་ལན་འདེབས་པ་ནི་
Vol. 185 · folio 75a
མ་ཡིན་ཏེ་ཞེས་བྱ་བའོ། །སྲིད་པའི་ཕྱིར་ཞེས་བྱ་བ་ནི་ད་ལྟ་བ་དང་ཉེ་བས་ད་ལྟར་གྱུར་པ་དང་འདྲ་བ་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །དངོས་པོའི་རང་བཞིན་གསལ་བ་གཅིག་པུ་ཉིད་ཡིན་མོད། དེ་ནི་ཉེ་བ་དང་ད་ལྟར་བ་ཉིད་མངོན་སུམ་གྱི་ཡུལ་ཏེ། དེ་ལ་སྒྲ་སྦྱོར་བ་ནི་དོན་མེད་
པས་ནི་གཞན་དུ་སྦྱོར་བ་ཡིན་ནོ་ཞེས་བརྗོད་པ་ནི་དེ་ལྟ་ན་ཡང་ཞེས་བྱ་བའོ། །ཅིའི་ཕྱིར་གཉིས་པོ་ཡོངས་སུ་ཚིམ་པའི་རྒྱུ་མ་ཡིན་ཞེ་ན། བལྟར་མི་སྣང་བ་ཞེས་བྱ་བར་སྦྱར་རོ། །དེས་ན་ཞེས་བྱ་བ་ནི་ཡོངས་སུ་ཚིམ་པར་བྱེད་པ་ཉིད་ཀྱིས་སོ། །སྣང་བ་མེད་པ་ཉིད་འདས་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །རང་གི་ངོ་བོ་མཐོང་བ་ཉིད་ལས་མ་མཆོད་པ་དང་། ཡོངས་སུ་ཚིམ་པར་བྱེད་པ་ཉིད་དུ་གྲུབ་པོ་ཞེས་བརྗོད་པ་ནི་མིག་ལ་སོགས་པས་ཞེས་བྱ་བའོ། །རང་གི་ངོ་བོས་མཐོང་བ་དེ་ཡང་སྒྲ་ལས་རྟོགས་པ་འདས་པ་ལ་སོགས་པ་ལ་ཡང་ཡོད་དོ། །དེས་ན་དེ་དག་མཆོད་པ་དང་ཡོངས་སུ་ཚིམ་
པར་བྱེད་པ་ཉིད་དུ་ཇི་ལྟར་མི་འགྱུར་སྙམ་དུ་དོགས་པའོ། །ཇི་སྐད་དུ། མཆོད་པ་ཡོངས་སུ་ཚིམ་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པ་དེ་ཡང་མི་འཐད་དོ་ཞེས་བརྗོད་པ་ནི་གླུའི་སྒྲ་ནི་ཞེས་བྱ་བའོ། །སྒྲུབ་པར་མི་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་སྒྲུབ་པར་བྱེད་པ་ཉིད་དོ། །དེ་བཞིན་དུ་འདས་པ་ལ་སོག་
པ་ལ་ཡང་རང་གི་ངོ་བོ་རྟོགས་པ་ནི་སྒྲུབ་པར་བྱེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྒྲ་མ་ཆོད་པ་ཉིད་དུ་དོགས་པ་བསུ་བ་ནི་ཆུ་རླབས་ཀྱི་ཚུལ་དུ་ཞེས་བྱ་བའོ། །འོངས་པ་མ་དམིགས་པས་གནོད་དོ་ཞེས་ལན་འདེབས་པ་ནི་ཉེ་བར་ལེན་པ་ཞེས་བྱ་བའོ། །ཉེ་བར་ལེན་པ་ནི་སྒྲ་འཛིན་པའོ། །དེ་ནི་
ཞེས་བྱ་བ་ནི་སྒྲའོ། །ཚད་མས་མ་རྟོགས་པའི་ཕྱིར་འོངས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་འོང་བར་རྟོགས་ན་ནི་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བརྗོད་པ་ནི་ཧ་ཅང་ཐལ་བར་འགྱུར་ཞེས་བྱ་བའོ། །གལ་ཏེ་སྒྲ་དབང་པོའི་ཡུལ་དུ་ཐག་རིང་པོར་རྟོགས་པ་རྣམས་ཀྱང་འོང་བར་འགྱུར་རོ་ཞེས་
ཧ་ཅང་ཐལ་བར་འགྱུར་རོ། །འདི་ཉིད་རྣམ་པར་འགྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ་ཡུལ་རྒྱང་རིང་པོ་ནི་སྒྲའོ། །ཕྲད་པ་དེའི་ཚེ་གཟུགས་ལ་སོགས་པ་ཡང་ཞེས་བྱ་བ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་ལུས་ལ་གནས་པ་རྣམས་དང་ཕྲད་པས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ནའོ། །འོན་ཏེ་མི་སླུ་བ་མེད་
Vol. 185 · folio 75b
པའི་ཕྱིར་ན་འདས་པ་ལ་སོགས་པ་ཉིད་ཡོད་པ་ཉིད་མ་ཡིན་ནོ་སྙམ་དུ་དོགས་ན་མི་སླུ་བ་ཡང་ཞེས་བྱ་བའོ། །དབང་པོ་ལས་རྟོགས་པ་ཡོད་པ་ཡིན་གྱི་སྒྲ་ལས་རྟོགས་པ་ནི་མ་ཡིན་སྙམ་དུ་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །རྩོད་པ་རྗེས་སུ་བརྗོད་ནས་ལན་འདེབས་པ་ནི་གལ་ཏེ་ཞེས་བྱ་བ་ནི་སྐྲ་ཤད་ལ་
སོགས་པ་ཡང་དབང་པོས་རྟོགས་པར་བྱ་བ་ཉིད་ཀྱིས་ཡོད་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དབང་པོ་ཉམས་པའི་ཕྱིར་སྦྲང་བུ་ལ་སོགས་པ་ཡོད་པ་མ་ཡིན་ན། དེའི་ཚེ་ཉམས་པ་དེ་ཚད་མ་གང་གིས་ངེས། གལ་ཏེ་དེ་ལྟ་མ་ཡིན་པར་རྟོགས་པའི་ཕྱིར་ན་དབང་པོ་རྣམས་ཉམས་པའི་
རྟོགས་པ་ལ་ནི་སྦྲང་བུ་ལ་སོགས་པ་མེད་པ་ཡིན་ན་དེ་ལྟར་འོ་ན་ཞེས་བྱ་བ་ལ་སོགས་པ་ལན་ཡིན་ནོ། །གང་གི་ཕྱིར་དེ་ལྟར་དབང་པོ་ལས་རྟོགས་པས་ཡོད་པ་ཉིད་མ་ཡིན་པ་དེའི་ཕྱིར་རོ། །དེ་དངོས་གཅིག་ཕྱིར་ཞེས་བྱ་བ་དེའི་དོན་ཉེ་བར་སྡུད་པ་ནི་སྒྲ་དང་དབང་པོའི་ཞེས་བྱ་བའོ། །འདི་ཕྱིར་ཡང་ཞེས་བྱ་བ་ནི་
འཆད་པའི་ཚུལ་ལས་སོ། །གསལ་བའི་ངོ་ཐ་དད་དུ་སྟེ་ཕན་ཚུན་ལྡོག་པར་རོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིས་ཀྱང་ཁས་བླངས་པ་ཉིད་དུ་སྟོན་པའོ། །གྲུབ་པ་སྟེ་རང་རང་གི་རྒྱུ་ལ་སྐྱེས་པ་ན་དེའི་ཚེ་འདི་རིགས་ལྡན་ཉིད་ཀྱི་རིགས་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་ཏེ་གཞན་ལ་བརྟེན་ནོ། །དེ་ལྟ་
མ་ཡིན་ན་ནི་གཞན་ལ་བརྟེན་མེད་དེ་གཞན་དང་མ་འདྲེས་པའམ་གཞན་ལ་མི་ལྟོས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཁྲ་བོ་ལ་སོགས་པ་ལ་ནི་སེར་སྐྱ་ལ་སོགས་པ་མ་མཐོང་ངོ་། །ཐ་དད་པ་གཞན་ལ་བརྟེན་པ་ཡང་འབྲས་བུ་ཉིད་ཡིན་ལ། དེ་ན་རྒྱུ་ལ་སོགས་པ་ལ་ཕན་ཚུན་ཡོད་པ་མ་ཡིན་ན་གང་ལས་འབྲས་བུ་ཉིད་
ཀྱི་ལྟོས་པར་འགྱུར། རང་གི་རྒྱུ་ལ་ལྟོས་ནས་འབྲས་བུ་ཉིད་ཡོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་གྲུབ་པ་ནི་ལྟོས་པ་མ་ཡིན་ཏེ། གཞན་ལ་རག་ལས་པའི་ཕྱིར་རོ་ཞེས་གསུངས་པ་ནི། གྲུབ་ཕྱིར་ཞེས་བྱ་བ་སྟེ་སྐྱེས་ཟིན་པའི་ཕྱིར་རོ། །འབྲས་བུ་ཡང་གཞན་ལ་རག་ལས་པ་མ་ཡིན་ཏེ་དེས་ན་ལྟོས་པ་
མེད་པ་ཡིན་ནོ། །མ་གྲུབ་པ་ན་བསྐྱེད་པར་བྱ་བ་འབའ་ཞིག་ཏུ་ཟད་ཀྱི་ལྟོས་པ་ནི་མ་ཡིན་ཏེ་རང་ཉིད་མེད་པའི་ཕྱིར་རོ། །སེར་སྐྱ་ལ་སོགས་པ་འབྲས་བུ་མ་ཡིན་པ་ནི་གྲུབ་པའམ་མ་གྲུབ་པ་ལ་ལྟོས་པས་ཀྱང་མ་ཡིན་ཏེ། དེ་ལ་ལྟོས་ནས་ཀྱང་འབྲས་བུ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བརྗོད་པ་ནི། འབྲས་
Vol. 185 · folio 76a
མིན་ཇི་ལྟར་ཞེས་གསུངས་ཏེ། གཉི་ག་ལྟར་ཡང་ངོ་། །ཅི་ཞིག་ཅེས་བྱ་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་དེའི་འབྲས་བུ་ཡིན་ནོ་ཞེས་རང་གི་རྒྱུ་དང་འབྲེལ་པར་རྟོགས་པ་མ་ཡིན་ནམ། དེ་བཞིན་དུ་འབྲས་བུ་མ་ཡིན་ཡང་དེ་ཉིད་འདི་ཡིན་ནོ་ཞེ་ན། རང་གི་རྒྱུ་ཞེས་
གསུངས་སོ། །རྒྱུ་དང་འབྲེལ་བར་བྱེད་པ་ནི་རྟོགས་པ་འབའ་ཞིག་གིས་ཡིན་གྱི། མངོན་སུམ་གྱིས་ནི་མ་ཡིན་ཏེ། དེ་ལས་བཟློག་པར་དམིགས་པའི་ཕྱིར་རོ། །གསལ་བའི་རང་བཞིན་ལས་གཞན་ཡིན་ཡང་གསལ་བའི་རང་བཞིན་དེས་འབྲེལ་པ་མེད་པར་གྲུབ་བོ། །གང་གི་ཕྱིར་ཐ་དད་པ་དང་ཅིག་ཤོས་
ཀྱི་རྣམ་པར་རྟོག་པ་མི་སྲིད་པ་དེའི་ཕྱིར་རིགས་ནི་རང་བཞིན་མེད་པ་ཉིད་དོ། །གང་ཞིག་ཐ་དད་པ་དང་གཞན་དུ་མེད་པ་དེ་ནི་དངོས་པོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་རྣམ་པར་འབྲེལ་པ་ནི་རིགས་དང་ལྡན་པའམ་ཞེས་བྱ་བའོ། །ཁས་བླངས་པ་དང་པོ་ཟློག་པར་བྱེད་པ་ནི་དེ་རེ་ཞིག་ཅེས་བྱ་བའོ། །
གཉིས་པ་ནི། གཞན་ཉིད་ཡིན་ན་དེ་འབྲེལ་མེད། །ཅེས་བྱ་བ་རྣམ་པར་འབྲེལ་པ་ན་བཟློག་པར་འགྱུར་རོ། །བཤད་པ་མཛད་པ་ཡང་གལ་ཏེ་ཐ་དད་གྲུབ་ཅེ་ན་ཞེས་བྱ་བ་དང་། འབྲས་བུ་མིན་ཇི་ལྟར་ཡང་། ཅི་ཞིག་བྱ་བ་ཅི་ཞེས་བྱ་བ་དང་སྦྱར་ནས་ཐ་དད་པའི་ཕྱོགས་ལ་ལྟོས་ནས་འཆད་པ་ཡིན་ན། གཞན་
ཉིད་ཡིན་ན་དེ་འབྲེལ་མེད། །ཅེས་བྱ་བ་འདི་དོན་གང་ཞིག་གསལ་བའི་ངོ་བོ་ཐ་དད་དུ་གལ་ཏེ་གྲུབ་ན་ཞེས་བྱ་བ་འདི་གསལ་བའི་ཡུལ་ཅན་ཉིད་དུ་འཆད་པ་ནི་དེ་བཞིན་དུ་ཁྲ་བོ་ལ་སོགས་པ་ཞེས་བྱ་བའོ། །གཉི་ག་ལྟར་ཡང་ལྟོས་པ་དང་བཅས་པ་ཉིད་དུ་རྟོགས་པའི་རྣམ་པ་བརྗོད་པ་ནི། འདི་ནི་དེ་དང་མཚུངས་
སོ་ཞེས་བྱ་བའོ། །འབྲས་བུ་མིན་ཇི་ལྟར་ཡང་ཅི་ཞིག་བྱ་བ་འདི་ཡང་གསལ་བའི་ཡུལ་ཅན་དུ་བརྗོད་པ་ནི། ཤེས་ལྡན་ཅི་ལྡོག་པ་ལ་མ་ཡིན་ནམ་ཞེས་བྱ་བ་སྟེ། འབྲས་བུ་མ་ཡིན་པ་གསལ་བའི་རང་བཞིན་ལས་རིགས་གཞན་ཡིན་ནོ་ཞེ་ན། གསལ་བ་ལས་གཞན་དང་དེ་ལས་སྤྱི་ཐ་དད་ཡིན་ཞེས་གསུངས་
ཏེ། སྤྱི་གཞན་ཉིད་ཡིན་ནའོ། །གསལ་བ་ལས་གསལ་བ་གཞན་དང་ཞེས་བྱ་བ་ནི་མ་འབྲེལ་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱེད་པ་ནི། འབྲེལ་པ་མེད་པར་ཞེས་བྱ་བའོ། །འོ་ན་ནི་བ་ལང་ཉིད་གསལ་བ་ལ་སོགས་པའི་སྤྱིར་མི་འགྱུར་ཏེ། རི་བོང་གི་རྭ་བཞིན་དུ་དངོས་པོ་མེད་པས་ཉེ་བ་མེད་པའི་ཕྱིར་རོ། །
Vol. 185 · folio 76b
གལ་ཏེ་འགྱུར་ན་ནི་རི་བོང་གི་རྭ་ཡང་འགྱུར་རོ་ཞེས་འོ་ན་ནི་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་ནས། མེད་པར་རིགས་སུ་ཐལ་མི་འགྱུར། །ཞེས་གསུངས་སོ། །ཅིའི་ཕྱིར་རི་བོང་གི་རྭ་དང་ཁྲ་བོ་ལ་སོགས་པ་དེ་གཉིས་ལ་ལྟོས་པ་མེད་པའི་ཕྱིར་རོ། །དངོས་པོ་མེད་པ་ཡང་སྤྱིར་འགྱུར་རོ་ཞེས་དེ་
སྐད་བརྗོད་པ་སྟེ། ཅི་ཡང་གི་གསལ་བ་ལ་ལྟོས་ནས་སམ། གསལ་བ་གཞན་ལ་ལྟོས་ནས་རང་གི་གསལ་བ་ལ་ལྟོས་ནས་ནི་སྐྱོན་མེད་དོ་ཞེས་གསུངས་པ་ནི་རི་བོང་གི་རྭ་རི་བོང་གི་རྭ་ཞེས་བྱ་བའོ། །གཞན་གྱི་གསལ་བའི་ཞེས་བྱ་བ་ལ་སོགས་པ་ཕྱོགས་གཉིས་པའི་དོགས་པ་བསུ་ནས། བརྗོད་པ་ནི་ཅི་
དངོས་པོར་སྨྲ་བ་ལ་ཡང་ཞེས་བྱ་བའོ། །གཞན་དག་མ་ཡིན་པའི་རྒྱུ་མཚན་བརྗོད་པ་ནི། ལྟོས་པ་མེད་པའི་ཕྱིར་ཞེས་བྱ་བའོ། །དེ་ནི་བ་ལང་ཉིད་དེ་དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའོ། །འོ་ན་ཇི་ལྟར་རྣམ་པར་རྟོག་པས་ཡོངས་སུ་བརྒྱུད་པའི་བ་ལང་ཉིད་དེའི་སྤྱིའི་རང་བཞིན་ཉིད་ཡིན་ཞེ་ན།
བཤད་པ་བ་ལང་ནི་ལྟོས་པའི་མཚན་ཉིད་ཀྱིས་འབྲེལ་པར་འགྱུར་བ་ཡིན་ནོ་ཞེས་འབྲེལ་ཏོ། །དེས་ནི་དངོས་པོ་མེད་བཞིན་དུ་སྐྱོན་ཡོད་པ་མ་ཡིན་ནོ། །ཇི་ལྟར་འབྲེལ་ཞེ་ན། གཏན་ཚིགས་གཉིས་གསུངས་ཏེ། བརྟེན་ནས་ཞེས་བྱ་བ་ནི་ཁྲ་བོ་ལ་སོགས་པ་ལ་བརྟེན་ནས་སོ། །དེ་ལ་ཞེས་བྱ་བ་ནི་ཁྲ་བོ་ལ་
སོགས་པ་ལའོ། །ཅི་སྟེ་ཡང་རང་བཞིན་གང་ཞིག་རྣམ་པར་རྟོག་པ་ལ་སྣང་བའི་རང་བཞིན་དེ་ནི་ཐ་དད་པའམ་ཐ་མི་དད་པ་ཡིན་ཡང་སླ་སྟེ། ཁྲ་བོ་ལ་སོགས་པ་རྣམས་ལ་ཡོད་པ་ཉིད་ཡིན་ཏེ་དེ་ལྟ་མ་ཡིན་ན་རྣམ་པ་དེ་ལྟ་བུའི་བློར་ཇི་ལྟར་འགྱུར་ཞེས་དོགས་ནས་བཤད་པ། སྤྱི་དེའི་རང་བཞིན་ནི་ཁྲ་བོ་ལ་སོགས་
པ་དེ་རྣམས་ལ་འབྲེལ་པ་ཐ་དད་པ་ཡོད་པ་མ་ཡིན་ལ། ཐ་མི་དད་པར་ཡང་མ་ཡིན་མོད་ཀྱི་འོན་ཀྱང་ཐ་དད་པ་དང་ཐ་མི་དད་པ་དེའི་རང་བཞིན་མེད་ཀྱང་རང་བཞིན་དང་ལྡན་པ་དེ་ལྟར་འགྱུར་བ་ཡིན་ནོ། །གང་གི་ཕྱིར་རིགས་གསལ་བའི་རང་བཞིན་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་དེའི་ཕྱིར་
ངོ་བོ་མེད་པ་ཡིན་ནོ། །གལ་ཏེ་ངོ་བོ་མེད་པ་ཡིན་ན་དེའི་ཚེ་དངོས་པོ་ལ་ཉེ་བ་མེད་པའི་ཕྱིར། ཁྲ་བོ་ལ་སོགས་པ་དེ་དང་འབྲེལ་པ་འདོད་པ་ཙམ་ལས་བྱུང་བས་རྟོགས་པ་ཙམ་གྱིས་བཀོད་པར་འགྱུར་ལ། དེ་ལྟ་ན་ཡང་རི་བོང་གི་རྭ་དང་ཡང་འབྲེལ་པར་འགྱུར་རོ་ཞེས་དོགས་པ་བསུ་ནས་ཁྱད་པར་བརྗོད་པ་ནི།
Vol. 185 · folio 77a
ངོ་བོ་ལ་བརྟེན་ན་ཞེས་བྱ་བའོ། །བྱི་བ་དང་ཕྱུགས་ལ་སོགས་པ་ཡང་ཁྲ་བོ་མཐོང་ནས་ཁུ་ཡུ་མཐོང་བ་ན་དེ་ཉིད་ནི་འདི་ཡིན་ནོ་ཞེས་དེ་ཉིད་དུ་མངོན་པར་རློམ་གྱི། ངང་པ་ལ་སོགས་པ་ན་ནི་མ་ཡིན་ནོ། །རི་བོང་གི་རྭ་ནི་དོན་མཐོང་བ་ལས་བྱུང་བའི་རྣམ་པར་རྟོག་པས་ཉེ་བར་བསྟན་པ་ཡང་མ་
ཡིན་ནོ། །དོན་མཐོང་བ་ལས་བྱུང་བའི་རྣམ་པར་རྟོག་པས་ཉེ་བར་བཀོད་པའི་རིགས་དེ་ཉིད་བརྡ་ཡོད་ན་སྒྲ་རྣམས་ཀྱིས་བརྗོད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དོན་མཐོང་བ་ལས་བྱུང་བའི་རྣམ་པར་རྟོག་པས་བྱ་བའི་ཡུལ་ཅན་གྱི་སྒྲ་རྣམས་བརྒྱུད་ནས་དོན་གྱི་ཡུལ་ཅན་དུ་གྱུར་པ་ཡིན་ནོ་ཞེས་བརྗོད་པ་ནི་རིགས་དེའི་ཁྱད་
པར་དུ་གྱུར་པའི་གསལ་བ་གང་ཡིན་དེ་ལ་འཇུག་དོན་ཏེ། དགོས་པ་གང་དག་ལས་ཡོད་པའི་སྒྲ་དེ་རྣམས་ཀྱིས་རབ་ཏུ་བསྟན་པ་ཡིན་ནོ། །རྟོགས་པ་ཡང་ཡུལ་མཚུངས་པའི་སྒྲ་རྣམས་ཅི་ལྟར་གསལ་བའི་ཡུལ་ཅན་དུ་འགྱུར་ཞེ་ན། གང་གི་ཕྱིར་རྟོགས་པ་ཡང་ལྷག་པར་ཞེན་པས་དེའི་ཡུལ་ཅན་ཡིན་ཏེ། དེས་ན་
རྟོགས་པ་དང་ཡུལ་མཚུངས་པ་ཡིན་ཡང་གསལ་བའི་ཡུལ་ཅན་ཁོ་ནའོ། །ཁ་ཅིག་ནི་ངོ་བོ་ཕན་ཚུན་ཁྱད་པར་ཅན་དུ་གྱུར་ལ། བརྒྱུད་ནས་བརྟེན་ནས་རྟག་པ་ཞེས་བྱ་བ་བཀོད་པ་ཡིན་ནོ། །ཁྱད་པར་ཡང་ཡིན་ལ་རིགས་ཀྱང་ཡིན་ལ་སྟེ་རྣམ་པར་བཅད་པས་སོ། །དེ་ལ་འཇུག་པ་ནི་རྟོགས་པར་
བྱེད་པ་གང་ཡིན་པའི་སྒྲ་རྣམས་ཀྱིས་ཞེས་འཆད་དོ། །གལ་ཏེ་ངོ་བོ་མེད་པ་ཡིན་ན་ནི་ཅི་ལྟར་ངོ་བོ་དང་ལྡན་པ་ལྟ་བུར་རྟོགས་ཤེ་ན། འོན་ཀྱང་ཞེས་གསུངས་སོ། །འདིར་ཞེས་བྱ་བ་ནི་རྟོགས་པས་ཡོངས་སུ་བསྒྱུར་བའི་རིགས་ལའོ། །གལ་ཏེ་གཞན་རྟོགས་པས་གཞན་ལ་ཅི་ལྟར་འཇུག་སྙམ་ན། དེ་ལས་སྐྱེས་
པ་དེ་ཉིད་ཀྱི་ཕྱིར་ཞེས་གསུངས་སོ། །རིགས་དེ་རྟོགས་པ་ན་ཞེས་བྱ་བ་ནི་རང་བཞིན་དང་ལྡན་པའི་རིགས་རྟོགས་པར་འགྱུར་ནའོ། །གང་གི་ཕྱིར་དེ་རྟོགས་ན་ཁྱད་པར་རྣམས་ལ་འཇུག་པ་དེས་ནའོ། །དེ་ཉིད་རྣམ་པར་རྟོག་པས་ཡོངས་སུ་བསྒྱུར་བ་ཉིད་ལའོ། །རྣམ་པར་གཅད་པར་བྱ་བ་བརྗོད་པ་ནི་གཞན་
ཞེས་བྱ་བའོ། །རིགས་ངོ་བོའི་རྣམ་པ་དང་ལྡན་པ་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ནི་ངོ་བོ་མཐོང་བའི་ཕྱིར་རོ། །གསལ་བ་དང་ལྷན་ཅིག་གཅིག་ཏུ་ལྷག་པར་ཞེན་པ་ག་ལས་ཡིན། མ་ཡིན་པ་ཉིད་དེ་གཅིག་ཉིད་མ་མཐོང་བའི་ཕྱིར་རོ། །གལ་ཏེ་གཅིག་ཉིད་བཞིན་དུ་ངོ་བོ་ཡང་མ་མཐོང་བ་མ་ཡིན་ནམ། དེས་
Vol. 185 · folio 77b
ན་ཇི་ལྟར་ངོ་བོའི་རྣམ་པ་ཉིད་ཡིན་ཞེ་ན། ངོ་བོ་ཉིད་ནི་ཞེས་གསུངས་སོ། །འོ་ན་གཅིག་ཉིད་ཀྱང་ཅི་སྟེ་མ་མཐོང་ཞེ་ན་མ་མཐོང་བར་ཞེས་སྨྲས་སོ། །གསལ་བ་དང་སྣང་བའི་རྣམ་པ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐའ་ནི་མ་མཐོང་ཡང་འདི་ནི་འཐད་དོ་ཞེས་བརྗོད་པ་ནི། དེ་ལ་ཞེས་བྱ་བའོ། །
རྣམ་པར་རྟོག་པ་སྣང་བའི་རིགས་དེ་ལ་ངོ་བོར་སྣང་བ་ཡང་སྟེ། མི་གསལ་བའི་རང་བཞིན་གྱི་རྣམ་པ་ཉིད་དམ། དོན་ལ་དེ་ཉིད་དུ་འཛིན་པ་ཞེས་བྱ་བ། གསལ་བ་ཉིད་དང་ལྷན་ཅིག་ཉིད་དུ་འཛིན་པའོ། །གལ་ཏེ་དེའི་རང་བཞིན་མ་གྲུབ་ན་འདི་འདྲ་བའི་འཁྲུལ་པར་ཇི་ལྟར་འགྱུར་ཞེ་ན། དུས་ཐོག་མ་ཡོད་པ་མ་
ཡིན་པ་ཅན་གྱི་མཐོང་བ་གང་ཡིན་པ་དེ་གོམས་པ་སྤྲུལ་པའོ། །དེ་ཁོ་ན་ཉིད་མཐོང་བ་ཉིད་ཀྱིས་ཞེས་བྱ་བ་ནི་ཐ་མི་དད་པ་མཐོང་བ་ཉིད་ཀྱིས་སོ། །དེའི་ངོ་བོར་ནི་ཐ་མི་དད་པའི་རང་བཞིན་དུ་སྒྲོ་འདོགས་པའོ། །འོ་ན་དེ་ཅི་ལྟར་འགྱུར་སྙམ་ན་འཁྲུལ་པ་གཅིག་ནས་ཞེས་གསུངས་སོ། །དོན་དེ་ཉིད་དུ་འཛིན་པ་བྱ་བ་
བཤད་ནས་ལྷག་མ་འཆད་པ་ནི་མི་གསལ་བར་ཞེས་བྱ་བའོ། །འདི་ལ་ཡང་ཞེས་བྱ་བ་ནི་མི་གསལ་བར་སྣང་བ་ལ་ཡང་ངོ་། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རོ། །དེའི་རང་བཞིན་གཅིག་ཉིད་དུ་མི་གསལ་བ་དག་གི་རང་བཞིན་ནོ། །དེ་ལྟར་སྤྱིར་དངོས་པོར་འགྱུར་བ་གསལ་ནས་རྣམ་པར་རྟོག་པའི་རྣམ་པ་ལ་
དོན་གྱི་རང་བཞིན་ཉིད་ཀྱིས་སྤྱིར་རྣམ་པར་གཞག་སྟེ། ད་ནི་གཞན་ལས་ལྡོག་པའི་རང་བཞིན། བརྗོད་པའི་རང་བཞིན་པ་ནི་ཡང་ན་ཞེས་བྱ་བའོ། །གཞན་རིགས་མི་མཐུན་པ་རྣམས་ལ་རྟོགས་པ་སྟེ། ལྡོག་པར་བྱེད་པ་ཉིད་ཀྱི་མཚན་ཉིད་དེ་ངོ་བོ་ཉིད་གང་ལ་ཡོད་པར་གཞན་ལྡོག་པར་བྱེད་པའི་བདག་ཉིད་ཀྱི་
དངོས་པོ་དེ་ཉིད་སྤྱི་ཡིན་ལ། སྒྲ་ཡང་དེའི་མཐར་ཐུག་པ་ཡིན་ཏེ། དེ་སྤྱི་ཐ་དད་པར་སྨྲ་བ་བཞིན་དུ་བུམ་པ་ཡོད་པ་ཞེས་བྱ་བ་ནི། འདི་བཞི་མཐུན་པ་མ་ཡིན་པ་ཡིན་ནོ། །དེ་ལ་ངོ་བོ་ཡང་ཅུང་ཟད་ཡོད་པ་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །གལ་ཏེ་གཞན་ལས་ལྡོག་
པ་ཡང་གཞན་ལས་ལོག་པའི་བདག་ཉིད་ཀྱི་དངོས་པོ་ཉིད་མ་ཡིན་ནམ། ཇི་ལྟར་ངོ་བོ་མེད་སྙམ་ན་གཞན་ལ་ལྡོག་པའི་མཚན་ཉིད་ཀྱི་ཞེས་གསུངས་སོ། །རང་བཞིན་ཞེས་ལྟ་བ་ནི། ཐུན་མོང་མ་ཡིན་པའོ། །གལ་ཏེ་ལྟ་ན་ཡིན་མོད། དེ་ལྟ་ན་ཡང་དེ་ནི་སྒྲས་ཤེས་པར་བྱེད་པ་མ་ཡིན་ཏེ། དེས་
Vol. 185 · folio 78a
ན་དེ་བརྟགས་པས་ཅི་ཞིག་བྱ་སྙམ་ན། རིགས་མི་མཐུན་པ་དེ་ལས་ཞེས་གསུངས་སོ། །རིགས་མི་མཐུན་པ་དེ་ལས་ལྡོག་པ་གང་ཡིན་པ་དེ་ཡང་འཇུག་པ་མེད་པ་སྟེ། སྒྲུབ་པ་མེད་པ་ཁོ་ན་ཡིན་ཏེ། ཐུན་མོང་མ་ཡིན་པའི་རང་བཞིན་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
འཇུག་པར་ཡང་ཞེས་བྱ་བ་ནི་སྒྲུབ་པར་ཡང་ངོ་། །དེ་ལྟ་ན་ཞེས་བྱ་བ་ནི་ཁྱེར་ཏེ་མི་འོང་བ་བཀག་པ་ལས་སོ། །རང་ཉིད་ཅེས་བྱ་བ་ནི་སྒྲའི་བྱེད་པ་མེད་པར་རོ། །ཁྱེར་ནས་འོང་བ་ནི་ཁྱེར་ནས་འོང་བར་རོ། །བུམ་པ་མ་ཡིན་པ་དེ་འགོག་པ་ནི་བུམ་པ་ཞེས་བྱ་བའོ། །དགག་པ་ལ་ནི་གཞན་ལོག་པའི་མཚན་
ཉིད་ལའོ་ཞེས་བྱ་བ་ནི་རྟོགས་པའི་སྤྱོད་ཡུལ་དུའོ། །དེ་ཡང་ནི་ཁྱེར་ནས་འོང་བའོ། །བུམ་པ་མ་ཡིན་པ་དེ་འགོག་པ་ནི་བུམ་པ་ཞེས་བྱ་བའོ། །དགག་པ་ལ་ནི་ཞེས་བྱ་བ་ནི་གཞན་ལས་ལྡོག་པའི་མཚན་ཉིད་ལའོ། །གལ་ཏེ་བ་ལང་མ་ཡིན་ཐེ་ཚོམ་ཟ་བ་ན་བ་ལང་མ་ཡིན་པར་ཐལ་བ་ཡིན་པས། དེར་བ་ལང་ཞེས་
བྱ་བ་བ་ལང་མ་ཡིན་པ་ལས་ལྡོག་པར་བྱེད་པར་འགྱུར་གྱི། གཞན་དག་ཏུ་ནི་དང་པོ་ཉིད་བ་ལང་ཞེས་སྦྱར་བ་ན། བ་ལང་ཉིད་སྒྲུབ་པའི་རང་བཞིན་དུ་རྟོགས་པར་འགྱུར་བ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་སྒྲ་དང་པོའི་ཞེས་བྱ་བའོ། །དག་ལ་ནི་བྱ་བའི་ཚིག་གཙོ་བོ་ཡིན་ཏེ། ལས་སུ་བྱ་བ་ཉེ་བར་སྟོན་
པའི་ཕྱིར་རོ་ཞེས་བརྗོད་པ་ནི་དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་མིན་པར་ནི་ལེན་པར་མི་བྱེད་པའོ། །དེ་ནི་ཞེས་བྱ་བ་ནི་ལེན་པར་མི་བྱེད་པའོ། །འགོག་པ་ནི་ཁྱེར་ལ་ཤོག་ཅིག་ཅེས་བྱ་བའོ། །འདིར་ཐལ་བ་ཡིན་ཞེས་བྱ་བ་ཉིད་བརྗོད་པ་ནི། དེ་ལ་ཐལ་བ་གཞན་ཅི་ཡོད་ཅེས་བྱ་བའོ། །དེ་ནི་ཐལ་བ་ལའོ། །
ཁྱེར་ནས་མི་འོང་བ་འགོག་པའི་ཁྱེར་ནས་འོང་བ་དང་པོ་སྨོས་པ་ན། དེ་ནི་བ་ལང་མ་ཡིན་པ་ཡང་ཐལ་བ་བ་གླང་ཞེས་སྦྱར་བ་ཡིན་ནོ། །དེས་ན་ཡང་ནག་པོ་མ་ཡིན་པ་ཐལ་བ་ནག་པོ་ཞེས་སྦྱོར་བ་ཡིན་ཏེ། དེས་ན་གཞན་སེལ་བ་ཁོ་ན་སྒྲའི་དོན་ཡིན་ཞེས་བྱ་བའི་དོན་ཏོ། །མ་ཡིན་པ་དགག་པ་ཁོ་ན་ཡིན་པར་མེད་པའི་
རང་བཞིན་ནི་མ་ཡིན་ཏེ། དེ་ལས་གཞན་པའི་དོན་ནི་དེ་མེད་པའི་ཕྱིར་རོ། །ཡོད་པ་ཡང་སྤྱི་ལ་བརྗོད་པའི་སྐྱོན་བཞི་མཐུན་པ་ལ་སོགས་པ་མེད་པ་ཉིད་དུ་འགྱུར་རོ། །མ་ཡིན་པ་ཡང་སྒྲུབ་པ་ཁོ་ན་ཡིན་ནོ་ཞེས་རྩོད་པ་བརྗོད་པ་ནི་གལ་ཏེ་དེ་བཀག་པ་ནི་ཞེས་བྱ་བ་དེ་རིགས་མི་མཐུན་པ་དེའོ། །གཞན་ནི་ཐུན་མོང་མ་
Vol. 185 · folio 78b
ཡིན་པའི་རང་བཞིན་ནོ། །དེ་ལ་ཞེས་བྱ་བ་དགག་པའོ། །བདེན་ཏེ་མ་ཡིན་པ་ཡང་རིགས་མི་མཐུན་པ་བཟློག་པའི་བདག་ཉིད་ཁོ་ན་ཡིན་གྱི། གཞན་ཐུན་མོངས་ཡིན་པའི་རང་བཞིན་དུ་ནི་མ་ཡིན་ནོ། །དེས་ན་མེད་པ་དགག་པའི་རང་བཞིན་དུ་བརྗོད་པ་ཡིན་གྱི། དངོས་པོ་ལས་ཐ་དད་པའི་ཕྱིར་རམ་ཐུན་མོང་
མ་ཡིན་པའི་རང་བཞིན་རྟོགས་པས་ནི་མ་ཡིན་ནོ་ཞེས་ལན་བརྗོད་པ་ནི། འདིར་ནི་འདི་སྐད་ཅེས་བྱ་བའོ། །བཀག་པ་ན་ཞེས་བྱ་བ་ནི་རིགས་མི་མཐུན་པ་འགོག་པར་བྱེད་པ་ནའོ། །གཞན་གྱིས་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་རང་བཞིན་རྟོགས་པའོ། །གང་གི་ཕྱིར་ཐུན་མོང་མ་ཡིན་པ་དེ་ལ་སྒྲའི་བྱེད་པ་མེད་
པ་ཡིན་ནོ། །གལ་ཏེ་ཡང་ཐུན་མོང་མ་ཡིན་པའི་རང་བཞིན་སྒྲ་ལས་རྟོགས་པ་མ་ཡིན་ལ་འོན་ཀྱང་ལྡོག་པའི་བདག་ཉིད་ཀྱི་དེ་ཉིད་རྟོགས་པ་དེས་ན་འཇུག་པར་འགྱུར་བ་ཉིད་དོ་ཞེས་བརྗོད་པ་ནི་རང་གིས་ཞེས་གསུངས་སོ། །རྟོགས་པ་ནི་འཇུག་པའོ། །གལ་ཏེ་གཞན་ལ་མེད་པར་རྟོགས་པ་ན་གཞན་ཡོད་པ་མི་
རྟོག་པ་ལ་སོགས་པ་མེད་པ་ཉིད་ལ་གཞན་ལ་གླང་ཡོད་པ་ཉིད་དང་ཡིན་པར་ཇི་ལྟར་འགྱུར། འདི་ལྟར་ཐུན་མོང་མ་ཡིན་པའི་རང་བཞིན་གྱིས་སྟོང་པ་ལྡོག་པའི་རང་བཞིན་ཡང་དངོས་པོ་མང་བ་ཙམ་ཡིན་ནོ་ཞེས་བརྗོད་པ་ནི་གཞན་ཡོད་པ་ཞེས་བྱ་བའོ། །གཞན་རྟོགས་ན་སྟེ་ཡུལ་གཞན་རྟོགས་པ་འདིར་གང་
ལས་གཞན་ཡིན་པ་དེ་མེད་པའི་རྟོགས་པ་སྐྱེ་བའི་ཕྱིར་ན་གཞན་ལྡོག་པའི་བདག་ཉིད་ཀྱིས་རང་གི་མཚན་ཉིད་ཁོ་ན་རྟོགས་པའི་ཡུལ་འགྱུར་བ་ཡིན་ནོ། །གལ་ཏེ་རང་གི་མཚན་ཉིད་རང་གི་ངོ་བོ་ཉིད་ཀྱིས་ནི་རྣམ་པར་རྟོག་པ་ལ་མི་སྣང་བ་མ་ཡིན་ནམ། མི་སྣང་མོད་འོན་ཀྱང་རྣམ་པར་བརྟག་པར་བྱར་ནི་འགྱུར་
བ་ཡིན་ནོ་ཞེས་བརྗོད་པ་ནི་རྟོག་པའི་རང་བཞིན་གྱིས་ཞེས་བྱ་བའོ། །དེ་སྐད་བཤད་པ་ནི་ཞེས་བྱ་བ་ནི་གཞན་ཡོད་པ་ཉིད་གཞན་མེད་པ་ཡིན་ནོ་ཞེས་བྱ་བར་རོ། །གལ་ཏེ་ཇི་ལྟར་རྟོགས་པས་གཞན་ལ་ལྡོག་པ་རྟོག་པ་དེ་བཞིན་དུ་དེའི་ཐུན་མོང་མ་ཡིན་པ་ལྡོག་པ་ཡང་ཡིན་ནོ། །དེས་ན་ཇི་ལྟར་རང་གི་མཚན་ཉིད་
རྣམ་པར་བརྟག་པར་བྱ་བ་ཡིན་ཞེས་དོགས་ན། ཇི་ལྟར་དེ་ལས་གཞན་མེད་པར་རྟོགས་པ་དེ་བཞིན་དུ་དེའི་ཐུན་མོང་བ་རང་གི་མཚན་ཉིད་མེད་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་རང་གི་བློ་ཉིད་གཞན་དེས་དབེན་པར་ཉམས་སུ་མྱོང་བ་དག་མེད་དོ་ཞེས་རྟོགས་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པར་ལྡོག་པར་རྟོགས་པ་ནི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words