ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 185 · folio 283a

དངོས་པོ་མེད་པ་མི་དམིགས་པ་མེད་པ་ཉིད་དེའི་རྟོགས་པར་བྱེད་པ་ཡིན་ནོ། །བརྗོད་པ་འབྲེལ་པ་མེད་པ་མིན། །ཞེས་བྱ་བ་ལ་སོགས་པ་བརྗོད་པ་ནི་དེ་བས་ན་ཞེས་བྱ་བའོ། །དོན་རྣམས་ཀྱི་འབྲེལ་པ་ཡོད་པ་ཉིད་ལ་བརྟགས་པའི་ཐ་དད་པ་ཡང་ཡོད་དོ་ཞེས་འབྲེལ་ཏོ། །ཐ་དད་པར་

འཛིན་པ་བློ་གང་ཡིན་པ་དེའི་ཡུལ་ཡང་བརྗོད་དུ་ཡོད་པ་ཉིད་དོ། །དེ་ལ་ཡང་ཞེས་བྱ་བ་ནི་རྒོལ་བ་དང་ཕྱིར་རྒོལ་བ་ཐ་དད་པར་འཛིན་པའོ། །སྔར་ཞེས་བྱ་བ་ནི་གཉིས་སུ་མེད་པར་སྟོན་པར་བྱེད་པའི་རྣམ་འགྲེལ་བཤད་པའི་སྐབས་སུའོ། །དེ་མེད་པར་ཞེས་བྱ་བ་ནི་ཐ་དད་པ་མེད་པར་སྒྲུབ་པ་ལའོ། །རང་གི་

སྣང་བ་ཉིད་ཅེས་བྱ་བ་ནི་བུམ་པ་ལ་སོགས་པ་ལའོ། །ཇི་ལྟར་གནོད་ཅེ་ན་དེ་ཡང་ཞེས་སྨྲས་ཏེ། རང་གི་སྣང་བ་ཉིད་དུ་རྟོགས་པར་བྱ་བའི་བུམ་པ་ལ་སོགས་པ་ཡང་ངོ་། །གལ་ཏེ་དོགས་པར་བྱེད་པ་རྣམས་ཀྱིས་རེ་ཞིག་དེ་ཉིད་རྟོགས་པ་མ་ཡིན་ནམ། དེ་ཇི་ལྟར་དེའི་ཚིག་ལས་ཀྱང་ཡིད་ཆེས་པ་མེད་

པར་ཇི་ལྟར་འགྱུར་སྙམ་ན་རྟོགས་པར་བྱེད་པ་རྣམས་ཞེས་བྱ་བའོ། །ཕྱོགས་གཅིག་ཏུ་ལྷུང་བས་ཞེས་བྱ་བ་ནི་དམིགས་པ་མེད་པའི་ཕྱོགས་ལྷུང་བས་སོ། །ཕན་ཚུན་འགལ་བ་ཞེས་བྱ་བ་ནི། དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པ་ཉིད་དེ། ཕན་ཚུན་འགལ་བའི་

དམིགས་པ་དང་བཅས་པའི་རྟོགས་པ་ཅན་ནོ། །དེ་དང་འགལ་ཞེས་བྱ་བ་ཚད་མས་གྲུབ་པས་དེ་དང་འགལ་བ་སྔར་གྱི་ཁས་བླངས་པ་གང་ཡིན་པ་སེལ་ཏོ་ཞེས་བྱ་བ་ཐ་དད་པའི་བློའོ། །ཕྱིན་ཅི་ལོག་ཏུ་སོང་བ་ཞེས་བྱ་བ་དེ་ལྟ་མ་ཡིན་པར་འགྱུར་བའོ། །ཅི་སྟེ་འགལ་བར་བྱ་བ་མ་ཡིན་ཞེ་ན། གལ་ཏེ་

ཞེས་སྨོས་སོ། །རྣམ་པ་ཅི་ཞིག་ལྟར་ཁས་བླངས་པའི་ཐ་དད་པས་ཚད་མས་ཡོངས་སུ་དག་པའི་ཐ་མི་དད་པ་ལ་གནོད་ཀྱི་ཚད་མའི་སྟོབས་ཀྱི་ཤུགས་ལས་འོངས་པའི་ཐ་མི་དད་པ་འདིས་ནི་སྔ་མ་ཐ་དད་པ་ལ་གནོད་པ་མ་ཡིན་ནོ་ཞེས་བྱ་བའི་མི་འཐད་པ་འདི་པས་བསྟོད་ནས་ཇི་ལྟར་བརྗོད། གང་ལ་ཞེས་བྱ་

བ་ལ་སོགས་པ་ནི་ཐམས་ཅད་ཀྱི་མཇུག་སྡུད་པའོ། །སློབ་དཔོན་དང་བདག་ཉིད་ཆོས་དང་ཆོས་མ་ཡིན་པ་རྟོགས་པ་གྲུབ་པ་མེད་ན་ཆོས་ལ་སོགས་པ་ཉེ་བར་སྟོན་པ་མི་འཐད་དོ། །དེ་སྒྲུབ་ཕྱིར་ན་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དེས་རྗེས་སུ་བསྒྲུབ་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ཉེ་བར་བསྟན་པ་གཞན་དུ་མི་

Vol. 185 · folio 283b

འཐད་པ་ཐ་དད་པ་ཁས་བླངས་པར་བསྒྲུབས་ནས། དངོས་པོ་ཉིད་དུ་བསྒྲུབ་པའི་དོན་བརྗོད་པ་ནི། གསལ་བར་ངེས་ཞེས་བྱ་བའོ། །དེ་མེད་པར་བསྒྲུབ་པ་ནི་ལུང་དང་འགལ་བར་འགྱུར་བ་ཡིན། ཕྱོགས་ལ་ཞེས་བྱ་བ་ནི་དམིགས་པ་མེད་པ་ཉིད་ལའོ། །ཐམས་ཅད་མེད་པའམ་ཞེས་བྱ་བ་ནི་དམིགས་

པ་ཉིད་ཀྱང་མེད་པར་འགྱུར་རོ། །སྒྲུབ་པར་བྱེད་པའི་བློ་ཕྱིན་ཅི་ལོག་ཡིན་ན་ནི། དེས་བསྒྲུབ་པར་བྱ་བ་དམིགས་པ་མེད་པ་ཉིད་ཀྱང་མེད་པར་འགྱུར་རོ། །ཅི་འདོད་པར་མ་ཚང་ལ་སོགས། །ཞེས་བྱ་བ་ནི་གལ་ཏེ་སྒྲུབ་པར་བྱེད་པ་བརྗོད། དེའི་ཚེ་བདེན་པར་བྱ་བའི་མ་ཚང་བ་མ་ཡིན་པ་དང་། ལྷག་

མ་ཡང་མ་ཡིན་པར་སྒྲུབ་པར་བྱེད་པར་འགྱུར་བ་ཞིག་ན་གང་གི་ཚེ་སྒྲུབ་པར་བྱེད་པའི་བློ་བརྫུན་པ་ཡིན་པ་དེའི་ཚེ་ཇི་ལྟར་སྦྱར་བྱ་ལ་རག་པར་འགྱུར་བར་རོ། །དེ་དག་ཅེས་བྱ་བ་ནི་ཤེས་པ་ཐམས་ཅད་ནི་དམིགས་པ་མེད་དོ་ཞེས་བྱ་བ་སྒྲུབ་པར་བྱེད་པའི་བློས་བསྐྱེད་པའི་ཤེས་པ་རྣམས་སོ། །མ་ངེས་

པ་ནི་ཤེས་པ་ཉིད་ཀྱི་གཏན་ཚིགས་སོ། །ཤེས་པའང་ཡིན་ལ་དམིགས་པ་མེད་པ་ཡང་མ་ཡིན་ཏེ། དཔེར་ན་སྒྲུབ་པར་བྱེད་པས་སྐྱེད་པའི་ཤེས་པ་བཞིན་ནོ་ཞེས་བྱ་བར་རོ། །སངས་རྒྱས་པའི་དོགས་པ་བསུ་བ་ནི་དེ་ལས་གཞན་པ་ཞེས་བྱ་བ་ནི། སྒྲུབ་པར་བྱེད་པས་ཤེས་བྱ་ལས་སྐྱེས་པ་

ལས་གཞན་དམ་བཅས་པ་ཡིན་ནོ་ཞེ་ན། ཕྱི་རོལ་པ་སུན་འབྱིན་པ་ནི་དེ་ལས་གཞན་པའི་ཞེས་བྱ་བ་སྒྲུབ་པར་བྱེད་པའི་ཤེས་བྱ་ལས་གཞན་ནོ་ཞེས་བྱ་བའི་རྟོགས་པ་གང་ཡིན་པ་དེ་ནི་བརྫུན་པ་ཡིན་ཏེ། སྒྲུབ་པར་བྱེད་པ་ལས་སྐྱེས་པའི་ཤེས་པ་ཁོ་ན་བདེན་པའི་ཕྱིར་དང་། གཞན་ནི་ཐམས་

ཅད་མི་བདེན་པའི་ཕྱིར་རོ། །ཡང་ཇི་ལྟར་ན་གཞན་སྙམ་པའི་ཤེས་པ་བརྫུན་ནོ་ཞེ་ན། ཕྱོགས་སོགས་ཞེས་གསུངས་སོ། །གང་གིས་དེ་བཞིན་ནོ་སྙམ་པའི་ཤེས་པ་ལ་ནི་ཕྱོགས་ལོག་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན་ཕྱོགས་པའི་ནང་དུ་མ་འདུས་ན་མ་

ཡིན་པའི་ཕྱིར་ཕྱོགས་ལ་སོགས་པའི་ནང་དུ་འདུས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་སྒྲུབ་པར་བྱེད་པས་བསྐྱེད་པའི་བློ་ཁོ་ན་ལ་ཕྱོགས་ཉིད་མེད་ཀྱི། དེ་ལས་གཞན་པའི་རྟོགས་པ་ཐམས་ཅད་ལ་ནི་ཕྱོགས་ཉིད་ཡོད་པ་ཡིན་ནོ། །དེ་ལྟ་ཡིན་དང་སྒྲུབ་པར་བྱེད་པའི་ཤེས་པ་ལ་འདི་

Vol. 185 · folio 284a

དག་གཞན་ཡིན་ནོ་སྙམ་པའི་ཤེས་པ་གང་ཡིན་པ་དེ་ཡང་ཕྱོགས་ཉིད་ཡིན་ཏེ། སྒྲུབ་པར་བྱེད་པས་སྐྱེད་པའི་བློ་ལས་གཞན་ཡིན་པའི་ཕྱིར་རོ། །གཞན་སྙམ་པའི་ཤེས་པའི་བརྫུན་པ་ཉིད་ཡིན་མོད། ཉེས་པ་ཅི་ཡོད་སྙམ་ན། དེ་ནི་ལོག་པར་ཞེས་གསུངས་སོ། །སྒྲུབ་

པར་བྱེད་པའི་ཤེས་པ་ལས་གཞན་པའི་ཤེས་པ་གང་ཡིན་པ་དེ་དག་དམིགས་པ་མེད་པ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་ན། གང་གི་ཚེ་གཞན་ཞེས་བྱ་བའི་ཤེས་པ་འཁྲུལ་པ་ཡིན་པ་དེའི་ཚེ་ཤེས་པ་དེས་ཡུལ་དུ་བྱས་པའི་གཞལ་བྱ་མེད་པའི་ཕྱིར་ན་གང་ཞིག་ཕྱོགས་ཉིད་ཡིན། དེ་ཉིད་བརྗོད་པ་ནི། དེ་

ཚེ་ཞེས་བྱ་བའོ། །གལ་ཏེ་སྒྲུབ་པར་བྱེད་པའི་ཤེས་པ་དང་གཞན་ནོ་སྙམ་པའི་ཤེས་པ་ལས་གཞན་ཕྱོགས་སུ་བྱེད་དོ་སྙམ་ན། ཇི་སྲིད་ཅི་སྲིད་ཅེས་སྨྲས་སོ། །སྒྲུབ་པར་བྱེད་པའི་ཤེས་པ་དང་། གཞན་སྙམ་པའི་ཤེས་པ་ལས་ཀྱང་གཞན་གང་ཡིན་པ་དེ་དག་ཕྱོགས་ཡིན་ནོ་ཞེས་བྱ་བ་གང་

གི་ཚེ་དམ་བཅས་པ་དེའི་ཚེ་ཕྱི་མ་གཞན་སྙམ་པའི་ཤེས་པ་ཕྱི་མ་ལོག་པ་ཡིན་པའི་ཕྱིར་དང་པོ་ལ་གནང་ངོ་། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི། རྗེས་སུ་དཔག་པས་ཞེས་བྱ་བའོ། །འགལ་བ་མི་འཁྲུལ་བ་ཉིད་སྟོན་པ་ནི་ཕྱི་རོལ་ཞེས་བྱ་བའོ། །འདི་ནི་རྗེས་སུ་དཔག་པ་ཡིན་པའི་

ཕྱིར་རྗེས་སུ་དཔག་པས་གསལ་བ་ཡང་ཡིན་མོད། དེ་ཡང་ཞེས་བྱ་བ་རྨི་ལམ་ལ་སོགས་པ་ལ་གནོད་པའི་བློ་ཡང་ལོག་པ་ཡིན་ནོ་ཞེས་གསུངས་རྒྱས་པ་སྨྲ་ན། དེའི་ཚེ་རྨི་ལམ་ལ་སོགས་པའི་ཤེས་པ་གནོད་པ་མ་ཡིན་ཏེ། དེ་ལ་གནོད་པར་བྱེད་པའི་ཤེས་པ་ལོག་པ་ཡིན་པའི་ཕྱིར་རོ། །རྨི་

ལམ་ལ་སོགས་པ་མེད་པ་ཡིན་ན། ཡང་ད་ནི་ཁྱེད་སངས་རྒྱས་པའི་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ཐམས་ཅད་ནི་དམིགས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ལ། དཔེར་ན་རྨི་ལམ་ལ་སོགས་པ་བཞིན་ནོ་ཞེས་ཆོས་མཐུན་པའི་དཔེ་མེད་པར་འགྱུར་རོ། །གནོད་པར་བྱེད་པ་གཞན་བརྗོད་པ་ནི་རྣམ་

ཤེས་ཞེས་བྱ་བའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཡོད་པ་ཡིན་དང་། ཐ་དད་པ་དང་སྐད་ཅིག་མ་ཉིད་ཀྱིས་ཤེས་པ་ཉིད་ཅེས་བྱ་བའི་གཏན་ཚིགས་མ་ངེས་པར་འགྱུར་རོ། །རྣམ་པར་ཤེས་པ་ཉིད་ལ་འགོག་པའི་བློ་རྣམས་ལོག་པ་གང་ཡིན་པ་དེ་རྟོགས་པར་ཁས་ལེན་ན་ཕྱོགས་ལ་

Vol. 185 · folio 284b

གནོད་པར་ཐལ་ལོ། །ལྟ་ཡིན་དང་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་འགའ་ཡང་མེད་ནའོ། །དེ་ཕྱིར་ཞེས་བྱ་བ་ནི་བཅིངས་པ་དང་ཐར་པ་མེད་པའི་ཕྱིར། ཐར་པའི་འབད་པ་ལ་བསྒོམ་པ་ལ་སོགས་པ་གང་ཡིན་པ་དེ་འབྲས་བུ་མེད་པར་ཁས་ལེན་ནོ་ཞེ་ན། ད་ནི་གྲུབ་པའི་མཐའ་སྨྲ་བས་དེ་ནི་ཞེས་

གསུངས་སོ། །འདོད་ཆགས་ཀྱི་སྒྲས་ནི་མི་འདོད་པ་གཟུང་ངོ་། །དེ་ནི་ཞེས་བྱ་བ་ནི་འཁོར་བའོ། །དངོས་པོ་གང་ལ་སྐྱེས་བུ་གང་གིས་དེ་ཉིད་ཀྱི་བློ་ཡོད་པ་དེ་ནི་དེ་ལ་འཇུག་གོ། །ཇི་ལྟར་འཇིག་རྟེན་ལ་འཇུག་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱང་གླང་པོའི་གཟིགས་ཚུལ་དུ་མཛད་ནས་དངོས་པོ་དེ་

དང་དེ་ཉེ་བར་སྟོན་པ་ཡིན་ནམ་ཅི་སྟེ་སྟོན་པ་ཁོ་ནའོ། །དེར་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པའི་དངོས་པོ་ལའོ། །དེས་དེའི་བསམ་པས་ཞེས་བྱ་བ་འཁོར་བའི་སྐྱེ་བོའོ་བསམ་པས་གསུངས་པའི་མདོ་སྡེ་དག་གིས་སོ། །འཇིག་རྟེན་ཀུན་གྱི་གྲགས་པས་ཀྱང་། །ཞེས་གང་བརྗོད་པ་དེ་ལ་

བརྗོད་པ་ནི། དེ་ལ་ནི་དེ་ཉིད་མ་རིག་པ་ལ་ནི་དམིགས་པ་ཐམས་ཅད་དང་བྲལ་བ་མ་བསྟན་ཏོ། །དེ་ལ་ནི་དེ་ཉིད་མ་རིག་པ་ལའོ། །དམིགས་པ་ཐམས་ཅད་མེད་ཀྱང་ངོ་། །སྐྱོན་མེད་པ་ཉིད་སྟོན་ན་ནི་དེའི་ཞེས་བྱ་བ་ནི་དམིགས་པ་མེད་པའི་སྒྲུབ་བྱེད་ཀྱི་རྗེས་སུ་དཔག་པ་ཉིད་དམིགས་པ་མེད་པས་དམིགས་

པ་མེད་པའི་རྗེས་སུ་དཔག་པ་དེ་ལས་དམིགས་པ་མེད་པ་ཉིད་དེ་མ་འགྲུབ་པོ་ཞེ་ན། འདི་ལ་བརྗོད་པ་ནི་སླུ་མེད་ཅེས་བྱ་བའོ། །དམིགས་པ་ཡོད་པ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ན། དེས་ན་སྒྲུབ་པར་བྱེད་པས་བསྐྱེད་པའི་ཤེས་པ་དེ་ནི་ཆོས་མཐུན་པ་ཅན་དཔེ་ཞེས་བྱ་བ་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ། །

དེ་ལྟར་ཡིན་དང་དེ་ལས་གཞན་པའི་དམ་བཅའ་བ་ལོག་པ་ཉིད་ཡིན་པར་འདོད་པ་ཁོ་ནའོ། །དེས་ན་ལོག་པ་ཞེས་བྱ་བ་ནི་གཞན་གྱིས་ཤེས་པའི་ལོག་པ་སྔོན་དུ་འགྲོ་བ་ཅན་གྱི་སྐྱོན་གྱིས་སོ། །ཇི་ལྟར་ན་ཐུག་པ་མེད་པར་མི་འགྱུར་སྙམ་ན། དེ་ལས་གཞན་པ་ཞེས་གསུངས་སོ། །མི་སླུ་བའི་ཤེས་པ་

ཡང་དམིགས་པ་མེད་པ་ཇི་ལྟར་ཡིན་སྙམ་ན། སླུ་བ་མེད་པ་ཞེས་གསུངས་སོ། །གལ་ཏེ་རྨི་ལམ་ལ་སོགས་པ་ལ་གནོད་པའི་བློ་དམིགས་པ་དང་བཅས་པ་ཉིད་ཡིན་ན། རྨི་ལམ་ལ་སོགས་པ་དང་དམིགས་པ་མེད་པར་བསྒྲུབ་པའི་སྐབས་ཀྱི་མཐུན་ཕྱོགས་ཉིད་དུ་འགྱུར་བ་གལ་ཏེ་གནོད་པའི་བློ་

Vol. 185 · folio 285a

དམིགས་པ་དང་བཅས་པ་ཡིན་ན་དེའི་ཚེ་དེ་ཉིད་ཀྱིས་མ་ངེས་སོ་སྙམ་ན་རྨི་སོགས་ཞེས་གསུངས་སོ། །རྨི་ལམ་ལ་སོགས་པ་ལ་གནོད་པར་བྱེད་པའི་བློ་བདེན་པ་ནི་རྨི་ལམ་ལ་སོགས་པར་མི་དམིགས་པས་བསྒྲུབས་པ་ཡིན་གྱི་གནོད་བྱེད་ཀྱི་དམིགས་པ་དང་བཅས་པ་ནི་མ་ཡིན་

ནོ། །དེས་བསྐྱེད་པ་ཞེས་བྱ་བ་ནི་རྨི་ལམ་ལ་སོགས་པ་ལ་གནོད་པའི་བློས་བསྐྱེད་པའོ། །རྣམ་ཤེས་ཡོད་པ་དང་ཐ་མི་དད་པ་དང་ཞེས་བྱ་བ་ལ་སོགས་པ་ལ་བརྗོད་པ་ནི་སྐད་ཅིག་ཅེས་བྱ་བའོ། །ཤེས་པ་སྐད་ཅིག་ཡིན་གྱི་ཕྱི་རོལ་ནི་མ་ཡིན་ནོ། །རྒྱུ་དེས་ན་ཕྱི་རོལ་དང་བཅས་པའི་དམིགས་པ་

དང་བཅས་པ་ཉིད་མ་གྲུབ་པོ། །ཕྱི་རོལ་གྱི་དམིགས་པ་མ་གྲུབ་པོ་ཞེས་དགོངས་པའོ། །གལ་ཏེ་ཁྱོད་ཀྱིས་དམིགས་པ་མེད་པ་ཉིད་ཀྱང་མི་འགྲུབ་པ་ཁོ་ན་སྟེ། སྐད་ཅིག་མའི་བློ་ནི་རྣམ་པར་ཤེས་པ་ལ་དམིགས་པའི་ཕྱིར་རོ་ཞེ་ན། གཞན་གྱི་ཕྱོགས་ཡིན་ནོ་ཞེས་གསུངས་ཏེ། དམིགས་པ་

གཞན་གྱིས་ནི་དམིགས་པ་དང་བཅས་པར་མི་འགྱུར་རོ་ཞེས་བྱ་བ་ནི་བདག་ཅག་གི་ཕྱོགས་ཡིན་ནོ། །གལ་ཏེ་རང་གི་ངོ་བོས་དམིགས་པ་དང་བཅས་པར་འགྱུར་ན། དེའི་ཚེ་འགྱུར་ལ་རག་སྟེ། རང་གི་རང་བཞིན་ནི་དམིགས་པར་འདོད་པའི་ཕྱིར་རོ། །དེ་ལྟ་བུས་ཞེས་བྱ་བ་ནི་བདག་ཅག་གི་ཕྱོགས་ཡིན་

ནོ། །རྣམ་པར་ཤེས་པའི་བདག་ཉིད་དུ་གྱུར་པས་དམིགས་པ་དང་བཅས་པ་ཉིད་དེའི་ཕྱིར་དམིགས་པ་དང་བཅས་པས་ནི་མ་ཡིན་ནོ། །དམིགས་པས་ཐ་དད་པར་ཞེས་བྱ་བ་ནི་འཛིན་པར་བྱེད་པ་ལས་གཞན་ནོ། །དེ་ནི་ཕྱི་རོལ་ཡིན་ནམ་ཤེས་པ་ཡིན་ཡང་རུང་སྟེ། ཁྱད་ཅི་ཡོད་ཅེས་བྱ་བ་ནི་གཞན་

གྱིས་བསམས་པའོ། །འདི་ལ་བརྗོད་པ་ནི་སྐད་ཅིག་ཉིད་ཀྱི་ཞེས་བྱ་བའོ། །དེ་རེ་ཞིག་རྗེས་སུ་དམིགས་པ་ནི་ཤེས་པ་གཞན་ནམ་ཕྱི་རོལ་གྱིས་ནི་དམིགས་པ་དང་བཅས་པ་མ་ཡིན་ཏེ། དེ་ནི་རང་དམིགས་པ་རྣམ་པ་དུ་མའི་སྒོ་ནས་གཞན་སེལ་བ་དང་བཅས་པར་བསམས་ཟིན་པའི་ཕྱིར་རོ། །གལ་ཏེ་རྗེས་

སུ་དཔག་པར་མི་སླུ་བར་བྱེད་པ་ཡིན་ནམ། ཅི་ལྟར་དམིགས་པ་མེད་སྙམ་ན། སླུ་བ་མེད་པ་ཞེས་གསུངས་སོ། །ཡང་ཇི་ལྟར་དེ་མངོན་སུམ་ཉིད་ཡིན་སྙམ་ན་དངོས་སུ་བྱས་ན་ཞེས་གསུངས་སོ། །རིག་པ་དེའི་བདག་ཏུ་གྱུར་པའི་སྐད་ཅིག་མ་ཉིད་གང་ཡིན་པ་དེ་ནི་གང་དེའི་བདག་ཏུ་གྱུར་པའི་རིག་པ་དེ་ལས་

Vol. 185 · folio 285b

གཞན་པའི་རིག་པས་གཟུང་བར་ནུས་པ་མ་ཡིན་ནོ། །ཅི་སྟེ་ཞེས་དོགས་པ་བསུ་ནས། དེའི་རང་བཞིན་ཞེས་གསུངས་སོ། །དེའི་རང་བཞིན་རིག་པར་བྱེད་པ་མ་ཡིན་པ་གཞན་གྱིས་ཀྱང་དེ་རིག་པར་འགྱུར་རོ་སྙམ་ན། རིག་པ་མེད་པས་ཞེས་གསུངས་སོ། །དོན་གསལ་བ་གཞན་དུ་མི་འཐད་པས་རིག་

པར་བྱེད་པ་ཐ་དད་པ་ཁས་ལེན་པ་ཡིན་ལ། གསལ་བ་ཡང་རང་ལས་འགྱུར་བ་ཉིད་དེ་ལྟར་ན་མཐོང་བ་ནི་རང་ཉིད་ཁོ་ན་གསལ་བར་ཁས་ལེན་པ་དེ་བཞིན་དུ་གསལ་བར་བྱེད་པ་ཐ་དད་པས་ཅི་ཞིག་བྱ་ཞེས་དགོངས་པའོ། །འོན་ཏེ་རང་བཞིན་ཅན་གྱི་མཚན་ཉིད་བདག་སྔོན་པོ་ལ་སོགས་པ་མྱོང་བར་

བྱེད་པ་ནི་ལྟ་བ་པོ་ཡིན་ནོ་ཞེ་ན། དེའི་ཚེ་བདག་དེའི་མཐོང་བྱེད་ག་ལས་འདོད། དེ་ལྟ་མ་ཡིན་ན་ཐུག་པ་མེད་པར་ཐལ་བའི་ཕྱིར། རང་རིག་པ་ཡིན་ཞེ་ན། དེ་ལྟར་ཞེས་སྨོས་ཏེ། རང་ཉིད་རིག་པར་བྱེད་པ་ནིའོ། །སྔོན་པོ་ལ་སོགས་པ་ཡང་རང་རིག་པར་བྱ་བའི་དོན་ཏོ། །གཉིས་ཀའི་རང་བཞིན་ཞེས་

བྱ་བ་ནི་རྫས་དང་རང་རིག་པའི་རང་བཞིན་ནོ། །རིག་བྱ་རིག་བྱེད་གང་ཡིན་པ་དེ་ནི་གཅིག་ཡིན་ཏེ། དེས་ན་རྟོགས་པའི་རང་བཞིན་དང་རྫས་ཀྱི་རང་བཞིན་གཉིས་སུ་གཅིག་ཏུ་འཐད་པ་ཡིན་ནོ། །དེས་ན་བདག་དང་སྔོན་པོ་ཡང་རིག་བྱ་རིག་བྱེད་ཀྱི་རང་བཞིན་ཉིད་ཀྱིས་གཅིག་ཏུ་འགྱུར་རོ། །གལ་ཏེ་

སྔོན་པོ་དང་སྔོན་པོར་རིག་པར་བྱེད་པ་དག་ནི་ཡུལ་ཐ་དད་པ་ཉིད་ཀྱིས་གཅིག་ཏུ་མི་འཐད་དོ་ཞེས་བརྗོད་པ་ནི། ཡུལ་ཐ་དད་པར་ཞེས་བྱ་བའོ། །གལ་ཏེ་ཡུལ་ཐ་དད་པས་གཅིག་མ་ཡིན་ན་དེའི་ཚེ་བདག་ཀྱང་རིག་པར་བྱེད་པ་དག་ཀྱང་རང་བཞིན་ཐ་དད་པས་ན་ཇི་ལྟར་གཅིག་ཡིན། དེ་ལྟ་ཞེས་བྱ་བ་ནི་

གལ་ཏེ་ཡུལ་ཐ་དད་པས་རང་བཞིན་ཐ་དད་པར་བྱེད་པ་ཡིན་པར་གྱུར་ནའོ། །དེའི་ཚེ་ཁྱབ་བྱེད་ནམ་མཁའ་ལ་སོགས་པར་རང་བཞིན་ཡིན་པར་བྱེད་པར་འགྱུར་རོ། །དེ་ལྟ་ཡིན་དང་བཅིངས་པ་དང་གྲོལ་བ་ལ་སོགས་རྣམས་གཞག་ཏུ་མ་ཡིན་ཞེས་བྱ་བ་ལོག་པར་བརྗོད་པ་ནི་བཅིངས་གྲོལ་ཞེས་བྱ་

བའོ། །འོ་ན་ཐར་པ་ལ་འབད་པ་མི་བྱའོ་སྙམ་ན། གལ་ཏེ་ཕྱི་རོལ་ལ་སོགས་པའི་རྣམ་པར་དབྱེ་བ་ནི་རེ་ཞིག་ཡོད་དོ་སྙམ་ན། ཕྱི་སོགས་ཞེས་གསུངས་སོ། །རྣམ་པར་རྟོག་པ་མེད་པའི་དབང་གིས་ཐ་སྙད་འདིར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །འདིར་ཞེས་བྱ་བ་ནི་ཤེས་པ་ཡོད་པ་ཉིད་

Vol. 185 · folio 286a

ལའོ། །མི་འཐད་ཅེས་བྱ་བ་ནི་རིགས་པར་ལྡན་ཞེས་བྱ་བའོ། །གལ་ཏེ་རྣམ་པ་གཞན་མེད་པས་རྣམ་པར་རྟོག་པ་ཙམ་མར་ཁས་ལེན་ན་ཐར་པ་ལགས་ཞེས་གསུངས་སོ། །དེ་བཞིན་དུ་ཚད་མ་ཡིན་པར་ཡང་ཁས་བླངས་དགོས་ཏེ། ཚད་མས་སྒྲུབ་པར་བྱེད་པ་མེད་པའི་ཕྱིར་རོ་

ཞེས་བྱ་བའི་དོན་ཏོ། །བག་ཆགས་དང་འབྲེལ་པར་འགྱུར་བའི་རང་བཞིན་གང་ལ་ཡོད་པའི་སྣང་བ་གང་ཡིན་པའོ། །མི་མངོན་པའི་ཞེས་བྱ་བ་ནི་རྣམ་པར་མ་དཔྱད་པའི་རང་བཞིན་ནོ། །འདི་ཡང་ཞེས་བྱ་བ་ནི་མི་སླུ་བ་དོན་དམ་པ་མ་ཡིན་པ་ཉིད་དོ། །དེ་དག་ལས་བཟློག་པ་ཞེས་བྱ་བ་ནི་ཉེ་བ་དང་

ཆོས་བསྟན་པ་དག་ལས་སོ། །འདི་དག་གྲུབ་པའི་ཞེས་བྱ་བ་ནི་གཞན་གྱིའོ། །འདི་ལ་བརྗོད་པ་ནི་འདི་ནི་ཞེས་བྱ་བའོ། །གལ་ཏེ་ཐམས་ཅད་ཀྱང་ལོག་པ་ཉིད་ཡིན་པའི་ཕྱིར་སངས་རྒྱས་པའི་ལྟ་བ་བཞིན་དུ་མུ་སྟེགས་པ་ལ་སོགས་པ་ཡང་ཅི་སྟེ་དད་པ་ལ་སོགས་པ་མི་བྱ་སྙམ་ན། སངས་རྒྱས་

ཞེས་གསུངས་སོ། །ཅིའི་ཕྱིར་གནོད་པར་བྱེད་པ་མེད་སྙམ་ན། དེ་ལྟར་ཞེས་གསུངས་སོ། །གལ་ཏེ་བག་ཆགས་ཡོད་པ་དེ་ལྟར་ན་ཡང་གནོད་པར་འགྱུར་རོ་ཞེ་ན། གནོད་བྱེད་བསྐྱེད་པའི་རྒྱུ་ནི་བག་ཆགས་དེ་ཉིད་ཡིན་ནོ། །དེ་ལྟ་མ་ཡིན་ན་ཡང་གེགས་བྱེད་པ་ཡང་དག་པའི་ཤེས་པ་མེད་ན་

འཁྲུལ་པར་ཇི་ལྟར་ཤེས་ཇི་ལྟར་རྩོད་པ་དང་ཕས་ཀྱི་རྒོལ་བ་རྟོགས་པར་བྱེད་པ་མི་འཐད་སྙམ་ན། གལ་ཏེ་དེ་ལ་ཞེས་གསུངས་སོ། །ཕ་རོལ་པོ་ལའོ། །ཅི་སྟེ་བག་ཆགས་སད་པ་མངོན་དུ་གྱུར་པ་མ་ཡིན་ན་དེའི་ཚེ་ཚིག་བརྒྱས་ཀྱང་རྟོགས་པ་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་དེ་ནི་མི་བདེན་ཏེ་

ཞེས་བྱ་བའོ། །དེ་ཡིས་ཞེས་བྱ་བ་ནི་རྣམ་པ་དེས་སོ། །བློའི་ཞེས་བྱ་བ་ནི་སད་པའི་བློའོ། །དེ་ཡིན་ན་ཞེས་བྱ་བ་ནི་བརྫུན་པ་ཉིད་ཡིན་ནའོ། །རྣམ་གཞག་ཅེས་བྱ་བ་ནི་འགའ་ཞིག་ནི་བདེན་ལ་འགའ་ཞིག་ནི་བརྫུན་ཞེས་བྱ་བར་མི་འགྱུར་ཏེ། ཐམས་ཅད་བརྫུན་པ་ཁོ་ནར་འགྱུར་རོ། །ཁྱེད་སངས་རྒྱས་

པ་ལ་སད་པ་དང་རྨི་ལམ་གྱི་རྣམ་ཤེས་དག་གི་དབྱེ་བ་ཡང་གང་གིས་བྱས། ཇི་ལྟར་གནོད་བྱེད་ཤེས་པ་ལ་ཞེས་བྱ་བར་ནི་ཇི་ལྟར་རྨི་ལམ་ལ་སོགས་པའི་ཤེས་པ་ལ་སེལ་བྱེད་དམིགས་པ་དེ་བཞིན་དུ་སད་པའི་ཤེས་པ་ལ་ནི་འགའ་ཡང་མ་དམིགས་སོ་ཞེས་བྱ་བའོ། །ཇི་ལྟར་འདི་སྤངས་པ་ཡིན་ཞེ་ན།

Vol. 185 · folio 286b

རྟོགས་པའམ་ཞེས་གསུངས་སོ། །དེ་ཁོ་ན་ལྟར་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་བག་ཆགས་སད་པ་ན། གཞན་དོན་དུ་གཉེར་བར་འགྱུར་བ་ངེས་པར་རྟོགས་ནས་དེའི་བག་ཆགས་སད་པའི་དོན་དུ་ཚིག་འཇུག་གོ། །དེས་ན། གལ་ཏེ་བློ་ནི་མི་བདེན་ན། །ཞེས་བྱ་བ་ལ་སོགས་པ་འདྲི་བ་ལ། དེ་ལྟ་བུའི་

བག་ཆགས་སད་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ལ་འོ་ན་ཞེས་དྲི་བའོ། །འདི་ལ་བརྗོད་པ་ནི་བག་ཆགས་ཞེས་བྱ་བའོ། །མི་བདེན་པའི་དོན་ནི་དམིགས་པ་མེད་པའོ། །ཇི་ལྟར་སླུ་བར་འགྱུར་སྙམ་ན། ཕྱིན་ཅི་ལོག་ཅེས་གསུངས་སོ། །འདི་ཙམ་དུ་ཞེས་བྱ་

བ་ནི་བག་ཆགས་དང་འབྲེལ་པ་ཞེས་བྱ་བ་ཙམ་དུ་བྱ་བའོ། །གལ་ཏེ་རྨི་ལམ་ལ་སོགས་པའི་ཤེས་པ་ནི་གནོད་བྱེད་ཀྱི་ཤེས་པའི་སྟོབས་ཀྱིས་མི་བདེན་པའི་དོན་ཉིད་མ་ཡིན་ནམ་སད་པའི་ཤེས་པ་ལ་ནི་གནོད་པར་བྱེད་པ་མ་ཡིན་ཏེ་དེས་ན་མི་བདེན་པའོ། །དོན་དུ་ཇི་ལྟར་འགྱུར་སྙམ་ན། གང་གིས་

ཞེས་གསུངས་སོ། །དེ་མེད་པས་ནི་གནོད་བྱེད་མེད་པས་སོ། །འདིར་གཞན་གྱིས་གལ་ཏེ་ཞེས་སྨྲས་སོ། །འདི་ནི་ཞེས་བྱ་བ་སད་པའི་ཤེས་པའོ། །གཞན་ནི་རྨི་ལམ་གྱི་ཤེས་པའོ། །ཇི་ལྟར་འདི་འཐད་སྙམ་ན་གཅིག་ལ་ཞེས་སྨྲས་སོ། །རང་གིས་དེར་མི་སླུ་བ་ཉིད་དུ་འགྱུར་བ་ཞེས་བྱ་བ་

ནི་ལྷག་མའོ། །ལན་ནི་དེ་ནི་ཞེས་བྱ་བའོ། །ཤེས་པ་ཐམས་ཅད་བག་ཆགས་དག་འབྲེལ་པ་ཡིན་ཡང་ངོ་། །ཇི་ལྟར་སྔོན་པོ་ལོག་པའི་དབྱེ་བ་དང་མྱུར་བ་དང་ཡུན་རིང་པོར་འཇིག་པར་འགྱུར་བ་དེ་བཞིན་དུ་མི་སླུ་བ་ལ་སོགས་པར་ཅིས་མི་འགྱུར་ཏེ་འགྱུར་བ་ཁོ་ནའོ། །གལ་ཏེ་བག་ཆགས་

དང་འབྲེལ་པར་ཁྱད་པར་མེད་པའི་ཕྱིར་སྔོན་པོ་ལ་སོགས་པའི་དབྱེ་བ་ཡང་མི་འཐད་དོ་སྙམ་ན། རྣམ་འགས་ཞེས་གསུངས་སོ། །དེ་བལྟའོ་ཞེ་ན། མི་ཉིད་དུ་ནི་ཞེས་བྱ་བའོ། །གཞན་ཡང་བྲམ་ཟེ་ཁྱེད་ཀྱི་ལྟར་ན་ཤེས་པ་ཐམས་ཅད་ནི་དམིགས་པ་དང་བཅས་པ་ཡིན་ནོ། །དེས་ན་ཇི་ལྟར་དོན་དང་

འབྲེལ་པ་ཉིད་དུ་མཚུངས་ན་ཡང་ཤེས་པ་ཀུན་མི་སླུ་བ་ཅན་མ་ཡིན་པ་དེ་བཞིན་དུ་འགའ་ཞིག་ནི་མི་སླུ་བ་ཡིན་ལ། གཞན་ནི་དེ་ལྟ་མ་ཡིན་པ་འདི་ནི་བཟློག་པ་དམིགས་པ་མེད་པ་ཉིད་དུ་མཚུངས་པ་ཉིད་ལ་ཡང་གློ་བུར་དུ་མི་སྲིད་པ་ཇི་སྟེ་སྲིད་པ་ཁོ་ནའོ། །འདིར་ཕ་རོལ་གྱིས་སྨྲས་པ་དོན་ལ་དམིགས་

Vol. 185 · folio 287a

པའི་རིམ་པ་རྣམས་ལ་ནི་བག་ཆགས་དང་འབྲེལ་པ་སྲིད་པ་མ་ཡིན་ཏེ། གང་གི་ཕྱིར་རིག་པ་ཐམས་ཅད་ནི་དོན་དུ་ལྷག་པར་ཞེན་པ་ཉིད་དུ་མཐོང་བ་ཡིན་ཞེ་ན། འདི་གསུངས་པ་ནི་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཤེས་པ་འགའ་ཞིག་ལ་གནོད་པར་བྱེད་པའི་ཤེས་པ་

ཡུལ་མེད་པར་འཛིན་པ་ཇི་ལྟར་ཏེ་མི་འགྲུབ་པ་ཁོ་ན་ཞེས་བྱ་བའི་དོན་འདི་ལ་གཞན་གྱིས་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྷའི་ཞེས་བྱ་བ་རྣམ་པ་དེས་ཡང་དོན་ཡོད་པ་མ་ཡིན་ཏེ། དེས་ན་མི་སླུ་བ་དང་བཅས་པ་མ་ཡིན་ནོ། །སྔོན་མཐོང་བའི་རྗེས་སུ་འབྲང་བའི་ཕྱིར་འགྱུར་

བ་ཡིན་ནོ་ཞེ་ན། དིའི་ཚེ་ཇི་ལྟར་བག་ཆགས་རྒྱུ་མ་ཡིན་པ་སྟེ་བག་ཆགས་ཉིད་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དཔེ་ལ་སྦྱར་ནས་དོན་ལ་ཡང་སྦྱོར་བར་བྱེད་པ་ནི་རིག་པ་འདི་ནི་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཐམས་ཅད་ཀྱིས་ངེས་པ་ཀུན་རྫོབ་ཀྱི་བདག་ཉིད་ཚད་མས་

མི་བྱེད་ན་དེའི་ཚེའོ། །གལ་ཏེ་ཕྱིན་ཅི་ལོག་ཏུ་སྣང་བ་དང་ལྡན་པ་ལས་འདི་ལྟར་སྣང་བ་ཡིན་ནོ་ཞེས་ངེས་པ་ཡང་འཇིག་རྟེན་པ་རྣམས་ལ་ཡོད་པ་མ་ཡིན་ནམ། དེས་ན་དེ་ཡང་ཚད་མར་འགྱུར་རོ་སྙམ་ན། འདིར་ཞེས་གསུངས་སོ། །གལ་ཏེ་ཕྱིན་ཅི་ལོག་ལ་སོགས་པར་རིག་པ་ཡིན་ན་

དེའི་ཚེ་རིག་པ་དེ་རིག་པ་སྔ་མ་དེ་ལས་བྱུང་བར་ཁས་བླངས་ཏེ། ཐག་པ་ལ་སྦྲུལ་གྱི་བློ་བཞིན་ནོ། །རིག་པ་འགའ་ཞིག་རིག་པ་སྔ་མའི་རྒྱུ་ཅན་ཡིན་མོད་སྙམ་ན། དེས་ན་ཞེས་གསུངས་སོ། །དེ་ལྟ་ཉིད་ཅེས་བྱ་བ་ནི་རིག་པ་སྔ་མའི་རྒྱུ་ཅན་དུའོ། །གཞན་གྱིས་གཞན་ལ་ཞེས་སྨྲས་ཏེ་འདས་

པའི་ཤེས་པ་ལའོ། །འདི་ལ་བརྗོད་པ་ནི་ཀུན་ལ་ཞེས་བྱ་བའོ། །གལ་ཏེ་དོན་ཡིན་ནོ་སྙམ་པའི་ངེས་པ་ནི་ཡོད་པ་ཡིན་ལ་ངེས་པ་དེའི་ཕྱིར་ན། དེ་ལྟ་མིན་ན་ཞེས་བྱ་བ་དོན་ཐོབ་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་བརྟག་པར་བྱ་བ་མ་ཡིན་ནོ་སྙམ་ན། དེ་ནི་མི་འཐད་དེ་ཕྱིའི་དོན་ཡིན་ནོ་སྙམ་

པས་ངེས་པ་དེ་འཇིག་རྟེན་མིན་པ་དངོས་པོ་སོགས་པའི་སྒྲས་ཕྱིན་ཅི་ལོག་ཏུ་སྣང་བ་ལ་སོགས་པ་ལ་ཡང་མི་འགྱུར་རམ་ཅི་སྟེ་ཡོད་པ་ཉིད་དོ། །དེས་ན་དེར་ཡང་དེ་ལྟར་ངེས་པ་ལས་དོན་ཐོབ་པ་ཡོད་པར་འགྱུར་རོ། །དེས་ན་ཚད་མས་བསྒྲུབ་པ་དོན་མོད་དོ་སྙམ་པའི་ངེས་པ་ལས་ནི་གང་དུ་ཡང་དོན་

Vol. 185 · folio 287b

ཐོབ་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །གལ་ཏེ་དོན་མེད་པར་ངེས་པ་ཡང་འཁྲུལ་པ་ཉིད་མ་ཡིན་ནམ། དེ་ལས་ཀྱང་དོན་མེད་པའི་ཐ་སྙད་དུ་ཇི་ལྟར་འགྱུར་སྙམ་ན། དོན་ལ་ཞེས་གསུངས་སོ། །དེའི་ཞེས་བྱ་བ་ནི་དོན་ལ་ཡང་འཇུག་པས་མ་ངེས་པ་ཉིད་མ་ཡིན་ནོ། །དོན་མོད་སྙམ་

པའི་ངེས་པ་ནི་དོན་ལ་མ་ཞུགས་པའི་ཕྱིར་གང་གིས་དེར་ཡང་དོན་མོད་དོ་སྙམ་པའི་ངེས་པ་འཇུག་པར་འགྱུར་བ་དོན་ནི་འགའ་ཡང་སྲིད་པ་མ་ཡིན་ནོ། །བག་ཆགས་ཀྱང་གཞི་ཅན་ཉིད་དུ་ཡོངས་སུ་ཤེས་པ་ཉིད་དོན་དུ་སྣང་བའི་གནོད་བྱེད་ཡིན་ཏེ། རྒྱུ་དེས་ན་སད་པའི་ཤེས་པ་ལ་ནི་གཉེན་པོ་

མི་སྲིད་པ་ཡོངས་སུ་མ་ཡིན་གྱི། འོན་ཀྱང་བག་ཆགས་ཀྱི་རྒྱུ་ཅན་དུ་ངེས་པ་ཞེས་བྱ་བ་གནོད་པར་བྱེད་པ་ཡོད་པ་ཁོ་ནའོ། །དེ་ཉིད་སྟོན་པ་ནི་ཤེས་པ་སྔོན་མཐོང་ཞེས་བྱ་བའོ། །སད་པའི་ཀ་སོགས་ཞེས་བྱ་བ་ནི་གཞན་གྱིས་སངས་རྒྱས་པའི་ལུགས་ཉེ་བར་བཀོད་པའོ། །དེའི་གནས་སྐབས་

ནི་རྣལ་འབྱོར་པའི་གནས་སྐབས་སོ། །གནོད་པ་འདི་ནི་ཞེས་བྱ་བ་ནི་སད་པའི་ཀ་བ་ལ་སོགས་པ་གནོད་པའོ། །དེ་ལྟར་སངས་རྒྱས་པའི་དོགས་པ་བསུ་ནས་གཞན་གྱི་སུན་འབྱིན་པ་བརྗོད་པ་གང་ཡིན་པ་དེ་ཉིད་སྟོན་པ་ནི། དེས་ནི་ཞེས་བྱ་བ་སྟེ་སངས་རྒྱས་པ་དེས་ནའོ། །རེ་ཞིག་སྐྱེ་བ་འདི་ལ་ནི་སད་

པའི་ཤེས་པ་ལ་གནོད་པར་བྱེད་པའི་ཤེས་པ་ཞེས་བྱ་བ་ལྷག་མའོ་ཞེས་བྱ་བ་གཞན་གྱིས་བརྗོད་པ་གང་ཡིན་པ་དེ་སྤང་བ་ཡིན་ནོ་ཞེས་སྔ་མ་དང་འབྲེལ་ཏོ། །ཇི་ལྟར་བསལ་སྙམ་དུ་དོགས་ན་འདི་ལྟར་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཁྱེད་ཀྱིས་ཞེས་བྱ་བ་སངས་རྒྱས་པས་གཉེན་པའོ། །

འདི་འདྲ་བའི་བློ་ཅན་གང་ཡིན་པ་དེ་དག་ཀྱང་གལ་ཏེ་རྣལ་འབྱོར་པ་ཡིན་ན། དེའི་ཚེ་མྱ་ངན་ལས་འདས་པས་བསླད་པ་ཡང་ཅི་སྟེ་རྣལ་འབྱོར་པ་མ་ཡིན་འདི་འདྲ་ལ་ཞེས་བྱ་བ་ནི་དམིགས་པ་མེད་པ་ཉིད་ལའོ། །ཁྱེད་ཀྱི་ལ་ནི་ཞེས་བྱ་བ་ནི་དམིགས་པ་དང་བཅས་པར་བསྒྲུབ་པ་རྣམས་ལའོ། །དེས་ན་

ཞེས་བྱ་བ་ལ་སོགས་པ་ནི་གནོད་པར་བྱ་བ་ཉིད་དུ་བསྒྲུབ་པའོ། །གང་ཡང་བློ་ཡིན་པ་དེ་ནི་གནོད་པར་བྱ་བ་ཡིན་ཏེ། དཔེར་ན་སྨིག་རྒྱུ་ལ་སོགས་པའི་བློ་བཞིན་ནོ། །ཀ་ལ་སོགས་པའི་བློ་རྣམ་པ་དེ་འདི་དབང་བློ་ཡིན་ནོ་ཞེས་སྦྱོར་བ་བལྟ་བར་བྱའོ། །འདོད་པ་ཉིད་ཅེས་བྱ་བ་ནི་གལ་ཏེ་གཉེན་པོ་དང་

Vol. 185 · folio 288a

བཅས་པ་རྣམས་སྒྲུབ་ན་དེའི་ཚེ་ནི་འདོད་པ་ཉིད་དེ་སྨིག་རྒྱུའི་བློ་ལ་སོགས་པ་རྣམས་ཀྱིས་གཉེན་པོ་དང་བཅས་པ་ཡིན་པའི་ཕྱིར་རོ། །ཀ་བ་ལ་སོགས་པའི་བློ་རྣམ་པ་དེའི་བདག་ཉིད་ཀྱིས་དེ་སྨིག་རྒྱུ་ལ་སོགས་པ་རང་བཞིན་གྱིས་གནོད་པར་བྱེད་པ་ཡིན་ན་ནི་འདོད་པ་ཉིད་དོ། །གཟུང་

བ་ཞེས་བྱ་བ་བུམ་པ་ལ་སོགས་པའི་མཚན་ཉིད་གཟུང་བས་ཀྱང་གནོད་པར་བྱ་བ་ཉིད་དུ་འདོད་པ་ཡིན་ནོ། །འདི་ལ་བརྗོད་པ་འདི་ནི་ཞེས་བྱ་བའོ། །དེ་ལྟར་ནི་གནོད་བྱེད་གནས་པ་མ་ཡིན་ཏེ། གང་གི་ཕྱིར་རྩ་བ་གཅོད་པར་བྱེད་པ་གནོད་བྱེད་དུ་བརྗོད་པར་འདོད་ཀྱི་སྨིག་རྒྱུའི་ཤེས་པ་ལ་སོགས་པ་

གཞན་ལ་ནི་མ་ཡིན་ནོ། །དེའི་ཕྱིར་ཅི་ལྟར་རུང་བར་ཞེས་བྱ་བ་སྨིག་རྒྱུ་ལ་སོགས་པའི་ཤེས་པས་ཀྱང་ཀ་བ་ལ་སོགས་པའི་ཤེས་པ་རྣམས་གཉེན་པོ་དང་བཅས་པར་བརྗོད་པ་འདི་ནི་རང་གིས་མི་ཤེས་པའི་གསལ་འདེབས་པ་ཡིན་ནོ། །གལ་ཏེ་གང་དང་བློ་ཡིན་པར་དེ་གནོད་པར་བྱ་བ་ཡིན།

དེའི་ཚེ་གནོད་པར་བྱེད་པའི་ཤེས་པ་ཉིད་གནོད་བྱ་ཡིན་ནམ་མ་ཡིན། གལ་ཏེ་ཡིན་ན་ཇི་ལྟར་དེས་གཞན་གནོད་དེ་མ་ཡིན་ན་དེའི་ཚེ་གནོད་བྱེད་དེས་མ་ངེས་ཏེ། བློ་ཡང་ཡིན་ལ་གནོད་བྱ་ཡང་མ་ཡིན་ཏེ་དཔེར་ན་གནོད་བྱེད་ཀྱི་བློ་བཞིན་ནོ་ཞེས་བྱ་བར་འགྱུར་རོ། །འོན་ཏེ་གནོད་བྱེད་ལས་གཞན་པའི་

བློ་གནོད་པར་བྱ་བ་ཡིན་ནོ་ཞེས་འདོད་ན་དེའི་ཚེ་ལས་གཞན་པའང་སྔ་མ་བཞིན་ཏེ། ཐུག་པ་མེད་པ་ལ་སོགས་པའི་ཉེས་པ་འགལ་བ་སུན་དབྱུང་ངོ་། །སངས་རྒྱས་པ་ལ་སོགས་པའི་ཤེས་པ་ལས་གཞན་པའི་ཤེས་པ་རྣམས་གཞན་ཉིད་དུ་སྒྲུབ་པར་བྱེད་པའི་ཤེས་པ་ཡང་བརྫུན་པ་ཉིད་དུ་འགྱུར་ཏེ།

འདི་ནི་འདོད་པ་ཡང་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་འདིར་ཡང་ཞེས་བྱ་བའོ། །རྨི་ལམ་ལ་སོགས་པ་ན་ཡོད་པ་ལོག་པའི་བློ་ལ་ལྟོས་ནས་གཉེན་པོ་ཉིད་དུ་འགྱུར་ཏེ། ཕྱིན་ཅི་ལོག་ཏུ་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་ནི་སྔ་མ་ཉིད་དུ་ཞེས་བྱ་བ་ལ་སོགས་པའོ། །ལོག་པ་ཉིད་

ཡིན་ཡང་བག་ཆགས་ཆེ་ཆུང་ཡོད་པ་ལས་བློ་ཐམས་ཅད་ཁྱད་པར་གྱི་རིམ་པའི་དངོས་པོ་ཡིན་ལ། དེ་ལས་གནོད་བྱ་གནོད་བྱེད་ཀྱི་དམིགས་པ་ཡིན་ནོ། །ཇི་ལྟར་ཅིའི་དངོས་པོ་དང་འབྲེལ་པའི་དབང་གིས་བློ་ཐམས་ཅད་ཕྱིན་ཅི་ལོག་པ་ཡིན་ཡང་གནོད་བྱ་གནོད་བྱེད་ཀྱི་དངོས་པོ་ཡིན་པ་བཞིན་ནོ། །

Vol. 185 · folio 288b

རྣལ་འབྱོར་པ་ཉིད་དང་འདོད་ཆགས་ལ་སོགས་པ་ཟད་པ་དག་གི་མཚན་མ་གང་ཡིན་པ་དེ་དང་ལྡན་པའི་བློའོ། །འདོད་ཆགས་པ་ལ་སོགས་པ་ཟད་པ་དང་རྣལ་འབྱོར་པ་གཉིད་ལོག་པའི་མཚན་མ་མཁྱེན་པ་སྟེ། རྟོགས་པའི་ཁྱད་པར་ཅི་སྟེ་བཅོམ་ལྡན་འདས་ལ་འདོད་པ་དེ་མ་ཐག་བཀག་

པའི་ཕྱིར་གཏན་ཚིགས་འགལ་བ་ཉིད་ཡིན་ནོ། །ཇི་ལྟར་རྨི་ལམ་ཀ་བ་ལ་སོགས་པའི་ཤེས་པས་གཉེན་པོ་དང་བཅས་པ་ལས་ལོག་པ་ཉིད་ཡིན་པ་དེ་བཞིན་དུ་ཀ་བ་ལ་སོགས་པའི་ཤེས་པ་ལོག་པ་ཡིན་ནོ། །ཀ་བའི་ཤེས་པའི་གཉེན་པོ་ཡང་དེ་བཞིན་གཤེགས་པའི་ཐུགས་ཡིན་ཏེ།

དེས་ན་དེ་ཡང་ལོག་པར་ཐལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ནི་གཏན་ཚིགས་མ་ལུས་པའི་ནུས་པ་སྟེ་མཐུ་གང་ཡིན་པ་འགོག་པ་མིན་ཏེ། འོན་ཀྱང་དེ་འདྲ་བ་དེ་ནི་གཏན་ཚིགས་ཐམས་ཅད་ལ་འགལ་བ་ཡིན་པར་འགྱུར་རོ། །ཁྱད་པར་གྱི་གཉེན་པོ་དང་བཅས་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བ་ནི།

ལོག་པའི་ཤེས་པའི་མཚན་ཉིད་ཀྱི་ཁྱད་པར་གྱི་གཉེན་པོ་ཉིད་ནི་སངས་རྒྱས་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ནི་ཡང་གཏན་ཚིགས་ཉིད་དུ་མི་འགྱུར་རོ་ཞེས་སྟོན་པའོ། །ནམ་ཀ་བའི་ཡོན་ཏན་ཉིད་ཀྱང་བསྟན་བཅོས་ཁས་བླངས་པའི་ཕྱིར་བསྒྲུབ་པར་བྱ་བ་ཁོ་ནའོ། །

དེས་གནོད་པའི་ཕྱིར་གཏན་ཚིགས་འགལ་བ་ཁོ་ནར་འགྱུར་རོ་སྙམ་ན། བསྟན་བཅོས་ཞེས་གསུངས་སོ། །རྗེས་སུ་དཔག་པས་གནོད་པ་སྟོན་པ་ནི་གལ་ཏེ་ཞེས་བྱ་བའོ། །བཟློག་པའི་སྒྲུབ་བྱེད་བརྗོད་པ་ནི་རྩོད་པའི་གཞིར་གྱུར་པའི་ཞེས་བྱ་བའོ། །མཐོང་བ་ཙམ་ཞེས་བྱ་བ་མཐུན་པའི་ཕྱོགས་ལ་

མཐོང་བ་ཙམ་གྱིས་སྒྲུབ་པར་བྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །དཔེ་ཡང་མི་འགྲིག་པར་བྱེད་པའི་དོན་དམ་པར་ཞེས་བྱ་བའོ། །འོན་ཏེ་ཀུན་རྫོབ་ཏུ་རྨི་ལམ་གནོད་པར་བྱེད་པའི་བློ་གནོད་བྱ་མ་ཡིན་པར་བརྗོད་ན། དེའི་ཚེ་ཀ་བ་ལ་སོགས་པའི་བློ་ཡང་ཀུན་རྫོབ་ཏུ་གནོད་བྱ་མ་ཡིན་

པ་ཉིད་དེ། དེ་ལ་འཆད་པ་ཅི་ཡང་མེད་དོ། །བློས་ཞེས་བྱ་བ་ནི་རྨི་ལམ་མཐོང་བའི་བློས་སོ། །རྨི་ལམ་ལ་སོགས་བཞིན་ཞེས་བྱ་བ་ནི་ཇི་ལྟར་རྨི་ལམ་གྱི་ཀ་བ་ལ་སོགས་པའི་ཤེས་པ་མི་གནོད་པ་དེ་བཞིན་དུ་རྨི་ལམ་གྱི་གནོད་པ་བྱེད་པའི་བློས་ཀྱང་རྨི་ལམ་གནོད་པར་མི་འགྱུར་ཏེ། མི་བདེན་པར་

Vol. 185 · folio 289a

ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་ནི་ཆེ་ཆུང་ཞེས་བྱ་བའོ། །བདེན་པའི་ཕྱིར་ཞེས་བྱ་བ་ནི་དམིགས་པ་དང་བཅས་པའི་ཕྱིར་རོ། །འོ་ན་ཇི་ལྟར་གནོད་སྙམ་ན། དེའི་གཞལ་བྱ་ཞེས་གསུངས་སོ། །དེ་ཞེས་བྱ་བ་ནི་དེའི་གཞལ་བྱ་མ་དམིགས་སོ། །དེ་ནི་ཞེས་བྱ་བ་ཕྱིན་

ཅི་ལོག་དམིགས་པའི་རང་བཞིན་ནོ། གང་གི་ཚེ་རིགས་པ་ལ་ཞེས་བྱ་བ་ནི་རྨི་ལམ་གྱི་བློ་ལའོ། །དེ་ལས་བཟློག་ཅེས་བྱ་བ་ནི་རྨི་ལམ་གྱི་ཤེས་པའི་དམིགས་པ་ལས་བཟློག་པའོ། །གཞན་ལ་ཞེས་བྱ་བ་ནི་རྨི་ལམ་གྱི་བློ་ལའོ། །སྒྲུབ་བྱེད་ཤེས་པ་ཉེས་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་དོན་ཏེ་དོགས་

པ་བསྒྲུབ་པ་ན་གལ་ཏེ་སད་པའི་བློ་རྣམས་ཀྱང་རྨི་ལམ་གྱི་བློ་དང་མཚུངས་པ་དེའི་ཚེ་ངེད་ལ་གནོད་བྱ་གནོད་བྱེད་ཀྱི་དངོས་པོས་ཅི་ཞིག་དོགས་ཏེ། འདིར་དྲན་བྱ་ཞེས་བྱ་བ་ནི་གནོད་བྱེད་ཉིད་བསྒྲུབ་པའི་གཏན་ཚིགས་བློ་ཉིད་ལ་དྲན་པར་བྱ་བ་ཡིན་ཏེ། སྔར་གྱི་སྒྲུབ་པར་བྱེད་པ་ཤེས་པ་ཉིད་དེའི་རྒྱན་དེ་ལ་

ཡང་ད་ལྟར་མདོར་བསྡུས་ཏེ་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱེད་སྔ་མ་འཆད་པ་ནི་རྟོགས་པར་བྱེད་པའི་ཞེས་བྱ་བ་ལ་སོགས་པའོ། །དམ་བཅས་པའི་དོན་གྱི་ཕྱོགས་གཅིག་ཡིན་པའི་རྒྱུས་ན། གཏན་ཚིགས་ཤེས་པ་ཉིད་ཐ་དད་པ་བརྗོད་པར་མི་ནུས་པའི་ཕྱིར་རོ། །འདི་ལྟར་ཤེས་པ་ཉིད་ནི་

ཆོས་ཅན་ཡིན་ལ་གཏན་ཚིགས་ཀྱང་དེ་ཉིད་ཡིན་ནོ། །གལ་ཏེ་ཞེས་སངས་རྒྱས་པ་དང་བྲམ་ཟེ་རྟག་ལའོ། །དེ་ལ་ཞེས་བྱ་བའོ། །འོན་ཏེ་འདྲ་བ་དང་ཤེས་པ་མ་ཡིན་པ་དག་ལས་ལྡོག་པ་ནི་རྟོགས་པ་ཐམས་ཅད་ལ་ཡོད་པས་དེ་ཉིད་སྤྱིར་འགྱུར་རོ་སྙམ་ན། འདྲ་དང་ཞེས་གསུངས་སོ། །གཉིས་

ཀ་ལ་ནི་སངས་རྒྱས་པ་དང་བྲམ་ཟེ་རྟག་ལའོ། །འདི་ལ་བརྗོད་པ་ནི་འདི་ནི་ཞེས་བྱ་བའོ། །དངོས་པོར་ནི་ཞེས་བྱ་བ་ནི་དོན་དམ་པར་རོ། །རྟོགས་པ་ཞེས་བྱ་བ་ནི་སྤྱི་འདིའི་དོན་ཅི་ཡིན་ཞེ་ན། དོན་བརྗོད་པ་ནི་ཉམས་སུ་མྱོང་བ་སྟེ་ཞེས་བྱ་བའི་ཤེས་པ་ཆོས་ཅན་ཡིན། དེ་བཞིན་དུ་རང་རྒྱུད་དམ་བདག་གི་

ཆོས་ཞིག་ཡིན་ཞེས་བྱ་བ་ལ་སོགས་པ་བརྗོད་པ་གང་ཡིན་པ་དེ་དྲན་པར་བྱེད་པ་ནི། ཁྱད་པར་ཅན་ནི་ཞེས་བྱ་བའོ། །འགལ་བ་ཉིད་ནི་དམིགས་པ་དང་བཅས་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་རོ། །དཔེ་རྨི་ལམ་བསྒྲུབ་བྱས་སྟོང་པ་ཉིད་ནི་ཐམས་ཅད་ཀྱང་དམིགས་པ་དང་བཅས་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་རང་

Vol. 185 · folio 289b

རིག་པ་ཉིད་འབྲས་བུ་ཡིན་ཞེ་ན། རྣམ་པར་ཤེས་པར་ཞེས་བྱ་བ་ལ་སོགས་པའོ། །འདིར་ཕྱིའི་དོན་སྨྲ་བས་བརྗོད་པའོ། །འབད་པ་འདི་ལ་ཞེས་བྱ་བ་ནི་དམིགས་པ་མེད་པར་བསྒྲུབ་པའི་མཚན་ཉིད་ལས་སོ། །ཇི་ལྟར་ཞེས་བྱ་བ་ནི་དམིགས་པ་དང་བཅས་པར་རོ། །དམིགས་པ་མེད་པ་ཉིད་དུ་

བསྒྲུབས་པས་འཇིག་རྟེན་གྱི་ཐ་སྙད་ཉིད་གཞན་དུ་བྱེད་པ་ཡིན་ནོ་ཞེ་ན། དམིགས་པ་ཞེས་བྱ་བའོ། །གལ་ཏེ་ཐ་སྙད་དེ་ལྟར་མི་འགྱུར་མོད། དེ་ལྟ་ན་ཡང་དམིགས་པ་མེད་པ་ཉིད་དུ་བསྒྲུབས་པ་ལ་འབྲས་བུ་གཞན་ཉིད་ཡོད་དོ་ཞེ་ན། ཐ་སྙད་ལས་ཞེས་སྨྲས་སོ། །དེའི་ཚེ་ཐ་སྙད་ཅི་ལྟར་ཞེས་བྱ་

བའི་རིག་བྱེད་སྐྱེས་བུས་བྱས་པ་ཉིད་དུ་ཡིན་པ་དེ་ལྟར་དེ་སྐྱེས་བུས་བྱས་པ་ཉིད་དུ་འགྱུར་མོད། རིག་བྱེད་སྐྱེས་བུས་མ་བྱས་པ་ཉིད་དུ་བསྒྲུབ་པའི་འཐད་པའི་ལམ་འབྲས་བུ་ཅི་ཡོད་དེ་ཅི་ཡང་ཡོད་པ་མ་ཡིན་ནོ། །འོན་ཏེ་གལ་ཏེ་སྐྱེས་བུས་མ་བྱས་པ་མ་ཡིན་ན། དེའི་ཚེ་མཆོད་སྦྱིན་ལ་སོགས་

པའི་ཐ་སྙད་མེད་པར་འགྱུར་རོ་ཞེ་ན། གང་གིས་ཞེས་གསུངས་སོ། །དེས་ན་ཞེས་བྱ་བ་ནི་སྐྱེས་བུས་བྱས་པ་མེད་ནའོ། །དེ་ཉིད་ཅེས་བྱ་བ་ནི་མཆོད་སྦྱིན་ལ་སོགས་པ་ལའོ། །རྣམ་པར་དཔྱད་པ་ཞེས་བྱ་བ་ནི། སྐྱེས་བུས་མ་བྱས་པ་ཉིད་དུ་ངེས་པས་སོ། །གཞན་དུ་ཡང་ཞེས་བྱ་བ་ནི་ཤེས་པ་

ཙམ་ཞེས་བྱ་བ་འདི་ལའོ། །ལན་འདི་ནི་གཞན་སངས་རྒྱས་པ་ལ་སངས་རྒྱས་པ་ལ་ཡང་མཚུངས་སོ། །དེ་ཉིད་བརྗོད་པ་ནི་སྐྱེས་བུས་མ་བྱས་པ་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་དགོས་པ་ཉིད་བརྗོད་དོ། །དེ་ཡང་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་ཟད་པའོ། །

དེ་ཉིད་དཔྱོད་པ་ཉིད་ནི་ཕྱི་རོལ་གྱི་ཞེས་བྱ་བའོ། །རྣམ་པར་དཔྱད་པའི་དོན་དུ་རེ་ཞིག་གཞན་གྱི་ཕྱོགས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་རྣམ་པ་ཅན་ཞེས་བྱ་བ་ནི་ཕྱི་རོལ་སྔོན་པོ་ལ་སོགས་པ་ལྟ་བུའི་རྣམ་པ་གང་ལ་ཡོད་པ་དེ་ནི་དེའི་རྣམ་པ་ཅན་ནོ། །ཡང་དེ་ཉིད་ཅེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་དོན་

ཏོ། །དེའི་ཚེ་རྣམ་པ་མེད་པ་དེ་ཉིད་ཐམས་ཅད་མཐོང་བ་ཡིན་མོད། རྣམ་པ་འགའ་ཞིག་བརྟགས་པས་དགོས་པ་ཅི་ཡོད། དེ་ངེས་པར་རྟོག་པའི་རྣམ་པ་ཞེས་བྱ་བ་འདི་ཉིད་ཀྱི་དོན་ནི་མཐོང་བའི་རྣམ་པ་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པའི་རྣམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་མངོན་པ་ཐམས་

Vol. 185 · folio 290a

ཅད་ནི་རྣམ་པ་མེད་པ་ཁོ་ནའོ་ཞེས་བྱ་བར་གྲུབ་པོ་ཞེ་ན། འདི་ལ་བརྗོད་པ་ནི་དེའི་ཚེ་ཞེས་བྱ་བའོ། །གཉིས་ཀ་ཡང་ཞེས་བྱ་བ་ནི་ཤེས་པ་དང་དོན་ཏོ། །འདི་ལ་བརྗོད་པ་ནི་དེ་ལྟ་ན་ཞེས་བྱ་བའོ། །ཕན་ཚུན་ཞེས་བྱ་བ་ནི་ཇི་ལྟར་ཤེས་པས་དོན་འཛིན་པ་དེ་བཞིན་དུ་དོན་གྱིས་ཀྱང་ཤེས་

པ་འཛིན་པར་འགྱུར་རོ། །དེ་ཉིད་ཅེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རྣམ་པའོ། །བློ་མེད་པར་ཞེས་བྱ་བ་ནི་དཔྱོད་པ་བས་འདོད་པའི་བློ་མེད་པར་རོ། །དེས་ན་ཇི་ལྟར་རྣམ་པ་གཞན་དུ་མི་འཐད་པས་སྔོན་པོ་ལ་སོགས་པ་ཕ་རོལ་དུ་ཁས་ལེན་པ་དེ་བཞིན་དུ་གསལ་བ་གཞན་དུ་མི་འཐད་པས་མདོ་སྡེ་པས་

བློ་ཡང་ཁས་བླང་བར་བྱའོ་ཞེས་དགོངས་པའོ། །འོན་ཏེ་བློ་མེད་པར་ལྐོག་ཏུ་མ་གྱུར་པ་ཉིད་དོ་སྙམ་ན། དེ་ལྟ་ཡིན་ན་ཕྱི་རོལ་གཞན་རྟོགས་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་ཕྱི་རོལ་མེད་པར་དེའི་རྣམ་པ་ཅན་གྱི་བློ་ཡང་མཐོང་བ་ཡིན་ཏེ། གཞན་དུ་མི་འཐད་པ་ནི་ཁས་བླང་བར་བྱའོ། །དེས་ན་དོན་

གཞན་ཅི་ཞིག་བྱ། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་སྣང་བ་ལས་ཕྱི་རོལ་དུ་གྱུར་པ་ཉིད་དེ་སྔོན་པོ་རྣམས་སྣང་བ་མེད་དོ། །སྔོན་པོ་སྣང་བ་ལས་ཐ་དད་པར་རྣམ་པར་གནས་པ་ལ་ནི་ཚད་མ་ཅི་ཡང་མེད་དེ། དེས་ན་ཞེས་བྱ་བ་ཚད་མ་མེད་པས་ན་སྣང་བ་ལས་ཐ་དད་པའི་སྔོན་པོ་ཁས་བླང་བར་མི་བྱའོ། །

འོན་ཏེ་ཞེས་བྱ་བ་ནི་དགོས་པའོ། །དེ་ནི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའོ། །འདི་ལ་བརྗོད་པ་ཤེས་པ་ཐ་དད་པ་ཡོད་པ་ཡིན། སྔོན་པོ་ལ་སོགས་པ་དེ་སྣང་བར་མི་འགྱུར་ཏེ། ཤེས་པ་སྔོན་པོ་ལ་སོགས་པ་གསལ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ག་ལས་ཤེ་ན། དེས་ནི་ཞེས་བྱ་བའོ། །

གལ་ཏེ་ཤེས་པ་ཐ་དད་པ་ཡིན་ན། སྔོན་པོ་ལྐོག་ཏུ་མ་གྱུར་པར་མི་འགྱུར་ཏེ། རང་གི་ངོ་བོས་ལྐོག་ཏུ་མ་གྱུར་པ་གང་ཡིན་པ་དེ་ལས་ལྐོག་ཏུ་མ་གྱུར་པ་ཉིད་གཞན་ནི་ཡོད་པ་མ་ཡིན་ཏེ། རང་གི་ངོ་བོས་ལྐོག་ཏུ་མ་གྱུར་པ་ཉིད་ལྐོག་ཏུ་མ་གྱུར་པ་ཡིན་ནོ་ཞེས་ཤེས་པ་ཐ་དད་པ་ལྐོག་ཏུ་མ་གྱུར་པར་ནི་

སྔོན་པོའི་རང་བཞིན་ལྐོག་ཏུ་མ་གྱུར་པ་ནི་མ་ཡིན་ནོ། །གལ་ཏེ་མིག་ལ་སོགས་པའི་སྔོན་དང་ཕྱིས་ཀྱང་དོན་ཡོད་པ་མ་ཡིན་ནམ། དེས་ན་ཇི་ལྟར་མིག་ལ་སོགས་པས་སྐྱེད་པ་ཡིན་ཞེ་ན། དོན་གྱི་ཞེས་གསུངས་སོ། །འོན་ཏེ་ཞེས་བྱ་བ་ནི་ཕ་རོལ་གྱིའོ། །འདི་ལ་གྲུབ་པའི་མཐའ་པས་བརྗོད་པ་ནི།

Vol. 185 · folio 290b

བློ་དང་ཞེས་བྱ་བའོ། །མིག་ལ་སོགས་པའི་སྔོན་རོལ་དུ་ཡོད་པར་ཅིའི་ཕྱིར་མི་རྟག་ཅེས་འབྲེལ་ཏོ། །དེ་བཞིན་ཉིད་དོ་ཞེས་བྱ་བ་ནི་མིག་ལ་སོགས་པའི་སྔར་ཡང་འཛིན་པའི་རྣམ་པ་ཡོད་པ་ཞེས་བྱ་བའོ། །འགལ་བ་ཉིད་སྟོན་པ་ནི་རྟོགས་པ་ཞེས་བྱ་བའོ། །གཟུང་བའི་རྣམ་པ་ལ་ཡང་དེ་བཞིན་དུ་འགལ་

བར་འགྱུར་རོ་སྙམ་ན། ཐ་དད་པའི་དོན་ནོ་ཞེས་སོ། །འདི་ལ་བརྗོད་པ་ནི་ཐ་དད་དོ་ཞེས་ཚད་མ་གང་གིས་རྟོགས། གལ་ཏེ་ལྐོག་ཏུ་མ་གྱུར་པ་ལས་ཕྱི་རོལ་དུ་འགྱུར་བའི་དོན་གྲུབ་ན། དེའི་ཚེ་མིག་ལ་སོགས་པ་ལས་དོན་སྔར་ཡོད་པར་ཡང་འགྱུར་བ་ཞིག་འོན་ཀྱང་ཕྱི་རོལ་དུ་གྱུར་པ་ཉིད་མ་གྲུབ་པོ་ཞེས་བྱ་

བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཕྱིའི་དངོས་པོ་ངེས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །འདིར་ཕ་རོལ་པོ་ཉིད་སངས་རྒྱས་པའི་ཕྱོགས་ཀྱི་དོགས་པ་བསུ་བ་ནི། གསལ་བའི་མིང་ཅན་ལྐོག་ཏུ་མ་གྱུར་པ་ཉིད་ཀྱང་ཅིའི་ཕྱིར་དེ་ལྟར་ཞེས་བྱ་བ་སྔར་ཡོད་པར་ཐེ་ཚོམ་མི་ཟ་ཞེས་བྱ་བའོ། །འདི་ལ་ཉེས་པ་

དེ་ཉིད་བརྗོད་པ་ནི། ལྐོག་ཏུ་མ་གྱུར་པར་ཞེས་བྱ་བའོ། །གལ་ཏེ་སྔར་ང་ལ་ལྐོག་ཏུ་མ་གྱུར་པ་ཉིད་ཡོད་ན་དེའི་ཚེ་ཡང་དངོས་པོ་ལྐོག་ཏུ་མ་གྱུར་པ་ཉིད་དུ་ཐལ་ལོ། །མིག་ལ་སོགས་པའི་སྔ་རོལ་དུ་དངོས་པོ་ལྐོག་ཏུ་མ་གྱུར་པ་ཉིད་དུ་ནི་སྲིད་པ་ཡང་མ་ཡིན་ནོ། །དེས་ན་ལྐོག་ཏུ་མ་གྱུར་པ་ནི་

ཡོད་པ་མ་ཡིན་ནོ་ཞེ་ན། འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ལྐོག་ཏུ་མ་གྱུར་པ་སྔར་མེད་དོ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་མ་འབྲེལ་ཏེ། སྐྱེས་བུ་གཞན་ལ་དོན་དེ་ལྐོག་ཏུ་མ་གྱུར་པར་འགྱུར་གྱི་ང་ལ་ནི་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །རྣམ་པ་ཐམས་ཅད་དུ་ལྐོག་ཏུ་

མ་གྱུར་པ་ཉིད་མེད་པར་ནི་རྟོགས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །དཔེ་ཉིད་འཆད་པར་ནི་གལ་ཏེ་ཞེས་བྱ་བའོ། །དེ་དང་ཐ་དད་ཕྱིར་ཞེས་བྱ་བ་ནི་ལྐོག་ཏུ་མ་གྱུར་པ་ལས་དོན་ཐ་དད་པ་མེད་པའི་ཕྱིར་རོ། །དེ་མེད་པས་ནི་ལྐོག་ཏུ་གྱུར་པ་མེད་པས་དོན་དེ་མེད་པར་འགྱུར་རོ། །དོན་དང་ལྐོག་ཏུ་མ་

གྱུར་པ་དག་ཐ་མི་དད་པ་ཉིད་དུ་མ་ངེས་སོ་ཞེ་ནའོ། །དེ་ལས་ཐ་དད་པའི་ཞེས་བྱ་བ་ནི་མེའི་རང་བཞིན་ལས་ཐ་དད་པའོ། །དེ་ལས་ཞེས་བྱ་བ་དང་རང་བཞིན་ལས་ཐ་དད་པར་མི་མཐོང་བའི་ཕྱིར་ཐ་དད་པར་མ་གྲུབ་པོ་ཞེ་ན། འདི་ལ་བརྗོད་པ་ནི་ཐམས་ཅད་ཅེས་བྱ་བ་སྟེ། ལྐོག་ཏུ་གྱུར་པ་ལས་ཐ་དད་པར་ཡང་

Vol. 185 · folio 291a

དོན་མ་མཐོང་བའི་ཕྱིར་ཐ་དད་པ་མི་འགྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་རེ་ཞིག་མངོན་སུམ་གྱིས་ལྐོག་ཏུ་མ་གྱུར་པ་ལས་ཐ་དད་པ་རྟོགས་པར་མི་ནུས་སོ་ཞེས་བསྟན་ནས་རྗེས་སུ་དཔག་པས་མི་རྟོགས་སོ་གསུངས་པ་ནི་རྗེས་སུ་ཞེས་བྱ་བའོ། །འདི་ལ་ཞེས་བྱ་བ་ནི་རྗེས་སུ་

དཔག་པ་ལའོ། །དེ་ལྟ་བུའི་ཞེས་བྱ་བ་ལྐོག་ཏུ་མ་གྱུར་པའི་རང་བཞིན་ཉིད་དོ། །དེ་དང་ཞེས་བྱ་བ་ལྐོག་ཏུ་མ་གྱུར་པ་དང་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་ནི། སྔར་རྟོགས་པ་ལས་ལྷག་པར་རྟོགས་པ་མེད་པའི་ཕྱིར་རོ། །གལ་ཏེ་ལྷག་པར་མ་བརྟགས་པ་ནི། ཇི་ལྟར་ཚད་མ་ཡིན་ཏེ་གཟུང་བ་ཟིན་པ་

འཛིན་པའི་ཕྱིར་རོ་ཞེ་ན་འདི་ལ་ནི་དེ་ལྟར་ཞེས་བྱ་བ་སྟེ། འཆད་པར་འགྱུར་བའི་ཚུལ་དུའོ། །དེའི་ཞེས་བྱ་བ་སྔར་རྟོགས་པའི་རང་བཞིན་ཉིད་དུའོ། །དེ་ཡང་ཞེས་བྱ་བ་ནི་སྔར་གྱི་མཐོང་བའོ། །ལྷག་པར་བརྟགས་པ་ནི་དུ་བ་འདི་ནི་ཐམས་ཅད་དུ་མེ་མེད་པར་མི་འབྱུང་ངོ་ཞེས་བྱ་བའི་རྣམ་པ་ཅན་ནོ། །མཐོང་

བ་དོན་དུ་གཉེར་བའི་སྐྱེས་བུ་ལ་འདི་ནི་མེ་ཡོད་དོ་ཞེས་སྟོན་པར་མི་འགྱུར་རོ། །གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་སྣང་བ་ཉིད་དུ་མ་རྟོགས་པར་ནི་དོན་གཉེར་བ་མ་ཡིན་ནོ། །སྔར་མཐོང་བའི་ཆུ་སྨིག་རྒྱུའི་ཡུལ་ལ་སྒྲོ་འདོགས་པ་བཞིན་ནོ། །གང་ལ་སྔར་གྱི་མེ་སྒྲོ་འདོགས་པར་བྱ་བ་ལ་གནས་པའི་མེ་

དེ་ནི་ལྐོག་ཏུ་གྱུར་པ་ཡིན་ནོ་ཞེས་འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རི་ལ་ཡོད་པའི་མེ་དེ་མ་རྟོགས་པའི་ཕྱིར་དེ་ཡོད་ཅེས་ཅི་ལྟར་རྟོགས། དེ་ཉིད་ཅེས་བྱ་བ་ནི་སྒྲོ་བཏགས་པར་བྱ་བའི་མེ་རང་བཞིན་ཉིད་དོ། །རང་གི་ངོ་བོས་རྟོགས་པ་གོ་ལྐོག་ཏུ་གྱུར་པ་ཇི་ལྟར་འཐད་སྙམ་ན། གཞན་གྱིས་ཞེས་

སྨྲས་སོ། །གང་གི་ཚེ་གཞན་གྱི་རྟོགས་པ་དེའི་ཚེ། དེས་རང་གི་ངོ་བོ་ཁོ་ན་རྟོགས་ཏེ། དེས་ན་མེ་འདི་ན་སྐྱེས་བུ་གཞན་ལ་ལྐོག་ཏུ་གྱུར་པ་ཉིད་ཡིན་ནོ། །དེས་རང་གི་ངོ་བོ་མ་རྟོགས་པའི་ཕྱིར། མ་རྟོགས་ཏེ་ཇི་ལྟར་ཡོད་པ་ཡིན་ན་ཞེས་གང་བརྗོད་པ་དེ་ནི་མ་འབྲེལ་

ཏེ། གཞན་གྱི་རང་གི་ངོ་བོར་རྟོགས་པ་ཡོད་པའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་ནི་དེ་ཉིད་ཅེས་བྱ་བའོ། །གང་གི་ཚེ་གཞན་གྱིས་རྟོགས་པ་དེའི་ཚེ་མེ་ལྐོག་ཏུ་མ་གྱུར་པ་ཁོ་ན་ཡིན་ལ་དེ་ཙམ་གྱིས་དེའི་ལྐོག་ཏུ་མ་གྱུར་པ་ཉིད་ལ་འཁྲུལ་པ་མེད་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་ཞེས་བྱ་བ་ལ་སོགས་

Vol. 185 · folio 291b

པ་ནི་སུན་འབྱིན་པ་གཞན་ཡིན་ནོ། །ལོག་པ་ཉིད་སྟོན་པ་ནི་དེ་ཕྱིར་ཞེས་བྱ་བ་སྟེ་བུམ་པ་ལ་སོགས་པའོ། །ཇི་ལྟར་འགྱུར་ཞེས་བྱ་བ་ནི་ཤེས་པ་ལས་ཐ་དད་པའི་དོན་གཞན་ཡོད་པར་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པའོ། །ལན་ནི་མིག་ཅེས་བྱ་བའོ། །སྐྲ་ལ་

སོགས་པར་སྣང་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་དོན་མེད་ཀྱང་མིག་ཙམ་ལས་འཁྲུལ་པར་འདོད་པའི་ཤེས་པ་རྣམས་ལ་སྐྲ་ལ་སོགས་པར་སྣང་བ་དེ་བཞིན་དུ་ཀ་བ་ལ་སོགས་པ་ཡང་ཡིན་ནོ། །གྲུབ་པའི་མཐའ་པས་ཉམས་སོ་ཞེས་བྱ་བ་ག་ལས་ཞེས་དྲིས་པ་ན་ཕ་རོལ་གྱི་སྒྲ་ཞེས་སྨྲས་སོ། །འདི་ལ་

ལན་དུ་སྔོན་པོ་ལ་སོགས་པར་སྣང་བ་ལས་མ་འཁྲུལ་བར་འདོད་པའི་ཤེས་པ་རྣམས་ཡང་མིག་ལ་སོགས་པ་ཉམས་པ་བརྟག་པར་བྱའོ་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པ་རང་བཞིན་གཅིག་ཏུའོ། །འདི་ཉིད་གསལ་འདེབས་པ་ནི་ཇི་ལྟར་ཞེས་བྱ་བའོ། །ཇི་ལྟར་མིག་བསྒྱུར་ན་སྐྲ་ལ་སོགས་པ་དེ་

བཞིན་དུ་སྔོན་པོ་ལ་སོགས་པར་འགྱུར་རམ་ཅི་གལ་ཏེ་མིག་གི་རྣམ་པར་ཤེས་པ་ལས་ཕྱི་རོལ་དུ་འདོད་ན་སྔོན་པོ་ལ་སོགས་པ་ཅི་སྟེ་མི་འདོད་དོ། །སྔོན་པོ་ལ་སོགས་པ་དང་མིག་ལ་ཕྱི་རོལ་གྱི་ཁྱད་པར་ཅི་ཡོད། འདི་ཉིད་གཞུང་འཛུགས་པ་ནི་ཇི་ལྟར་ཞེས་བྱ་བའོ། །མིག་དེ་ལས་གཞན་སྔོན་པོ་ལ་

སོགས་པ་རྒྱུ་ཡིན་ནོ། །ཤེས་པ་ཞེས་བྱ་བ་མྱོང་བ་ངེས་པ་སྟེ། ཡུལ་ངེས་པ་དང་རྣམ་པ་ངེས་ཏེ། མྱོང་བ་ངེས་པ་དེའི་ཕྱིར་ཕྱིའི་དོན་འགྲུབ་པོ་ཞེ་ན། འབྲས་བུ་ལྡོག་པ་སྟེ། འབྲས་བུ་ལྡོག་པ་དེའི་ཚེ་གྲུབ་པའི་དོན་དུ་མིག་ཉིད་བརྟག་པ་བླའོ། །གལ་ཏེ་མིག་ལ་སོགས་པ་ཡང་རྣམ་པར་ཤེས་པར་

སྨྲ་བ་རྣམས་ཀྱི་འདོད་པ་མ་ཡིན་ནམ། དེས་ན་དེ་ཡང་ཇི་ལྟར་རྟོགས་སྙམ་ན། དེ་ཡང་ཞེས་གསུངས་སོ། །འོ་ན་རྣམ་པར་ཤེས་པར་སྨྲ་བ་རྣམས་ཅི་ཞིག་འདོད་སྙམ་ན། དེ་མ་ཐག་པའི་ཞེས་གསུངས་སོ། །དེ་ཞེས་བྱ་བ་ནི་ལུས་བེམས་པོའོ། །དེར་ཞེས་བྱ་བ་ལུས་སུ་སྣང་བ་ཡོད་ན་སྔོན་པོ་ལ་

སོགས་པར་སྣང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཞེས་བྱ་བའོ། །ལུས་སུ་སྣང་བ་དང་ཞེས་བྱ་བ་ལ་སོགས་པ་ནི་སུན་འབྱིན་པ་གཞན་ཡིན་ནོ། །གལ་ཏེ་ཕྱིའི་དོན་མེད་ན་དེ་མ་ཐག་པའི་རྐྱེན་གྱི་ཁྱད་པར་ཙམ་ལས་ཇི་ལྟར་ཡུལ་ལ་སོགས་པ་ངེས་པར་འགྱུར་སྙམ་ན། འདི་ལྟར་ཞེས་གསུངས་སོ། །སད་

Vol. 185 · folio 292a

བྱེད་ངེས་པ་ཡིན་པའི་ཕྱིར་གྱི་དམིགས་པ་ངེས་པ་ལས་ནི་མ་ཡིན་ནོ། །ཡང་སད་པར་བྱེད་པ་དེ་ཡོད་པ་མ་ཡིན་ཡང་རྣམ་པར་རྟོག་པ་རྣམས་ངེས་པར་མཐོང་བ་དེ་བཞིན་དུ་དམིགས་པའམ་སད་པར་བྱེད་པ་མེད་པ་བཞིན་དུ་སྔོན་པོ་ལ་སོགས་པར་སྣང་བ་ངེས་པ་དང་འབྲེལ་པར་འགྱུར་བ་

ཡིན་ནོ། །དེ་དག་ལ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལའོ། །འཁྲུལ་པའི་ཕྱིར་ཞེས་བྱ་བ་ནི་དམིགས་པ་མེད་ཀྱང་འབྱུང་བའི་ཕྱིར་རོ། །གལ་ཏེ་དམིགས་པ་མེད་པ་དེ་ལྟར་ན་ཡང་རེ་ཞིག་སད་པར་བྱེད་པ་ནི་ཁས་བླང་བར་བྱ་བ་ཡིན་ལ། དེ་ཡང་ཕྱི་རོལ་ཉིད་ཡིན་པའི་ཕྱིར་ཕྱི་རོལ་ན་ངེས་པར་

སྣང་བ་སྐྱེ་བར་ཇི་ལྟར་འགྱུར་ཞེ་ན། ཕྱི་རོལ་ཉིད་ནི་ཞེས་གསུངས་སོ། །འདིའི་དཔེ་ནི་དཔེར་ན་ཞེས་བྱ་བའོ། །ཐམས་ཅད་མཐོང་བའི་ཕྱིར་དང་ཞེས་བྱ་བ་ནི་སྐྱེ་བ་གཞན་དུ་ཐམས་ཅད་མཐོང་བའི་ཕྱིར་ཐམས་ཅད་རྨི་ལམ་གྱི་གནས་སྐབས་སུ་སྣང་བར་འགྱུར་རོ། །དེའི་ཚེ་ཞེས་བྱ་བ་ནི་རྨི་ལམ་གྱི་

དུས་སུ་ནི་སྐྱེ་བ་གཞན་དུ་མཐོང་བ་མེད་པའི་ཕྱིར་རོ། །དེར་རམ་ཞེས་བྱ་བ་ཡུལ་ལོ། །དེའི་ཚེ་ཞེས་བྱ་བ་ནི་དུས་དེའི་ཚེའོ། །སྔོན་གྱི་དོན་ཉིད་ལས་ངེས་པ་ཡིན་པར་རྟོག་ན། ད་ནི་རེ་ཞིག་སྣང་བ་དོན་གྱིས་སྟོང་པར་འགྱུར་བ་ཡིན་ཏེ། དེས་ན་གང་གིས་སྔར་གྱི་སྣང་བ་ཉིད་ལས་ངེས་པ་འདིར་མི་འགྱུར་

བ་སྣང་བས་ཅི་ཞིག་བྱ་དེར་ནི་ཡུལ་དུའོ། །འོན་ཏེ་སྔར་སྣང་བ་ཉིད་ད་ལྟར་འདིར་ཡང་སྣང་བ་ཡིན་ནོ་སྙམ་ན། སྣང་བ་ནི་ཞེས་བྱ་བའོ། །ཅི་སྟེ་དེར་ཞེས་བྱ་བ་ནི་ཕྱིའི་དོན་དུ་སྨྲ་བ་ལའོ། །གྲུབ་པའི་མཐའ་སྨྲ་བས་དེར་ལྡན་ནོ་ཞེས་བྱ་བ་ག་ལས་ཞེས་དྲིས་པ་ལ། གཞན་ལན་འདེབས་པ་ནི་མི་སླུ་བའི་

ཞེས་བྱ་བའོ། །མི་སླུ་བ་ཡང་ཞེས་བྱ་བ་ནི་ལན་ནི་མི་སླུ་བའི་མཚན་ཉིད་ཀྱི་སྣང་བ་གང་ཡིན་པ་དེ་ཉིད་བརྒྱུད་པར་རིགས་ཀྱི་དོན་ནི་མི་འགྲུབ་བོ། །ཡང་ཅིའི་ཕྱིར་རྗེས་སུ་མི་འཇུག་སྙམ་ན། དེའི་གནས་སྐབས་དེ་འདྲ་བས་སོ། །འོན་ཏེ་དོན་བྱ་བ་སད་པའི་གནས་སྐབས་ན་དམིགས་པ་མེད་ན། ཇི་

ལྟར་དོན་མེད་སྙམ་ན། དོན་བྱེད་པ་ལ་ཞེས་གསུངས་སོ། །དེས་ན་སྔོན་པོ་དང་རྟོགས་པའི་རྣམ་པ་གཉིས་ལས་གཞན་དོན་རིག་པ་གང་ཡིན་པ་དེ་མེད་པའི་ཕྱིར་རོ། །འོ་ན་གང་འབྲས་བུ་ཡིན་སྙམ་ན། རྣམ་པ་གཉིས་ཞེས་གསུངས་སོ། །འདོད་པའམ་མི་འདོད་པ་དེའི་དངོས་པོར་མ་གྲུབ་པ་གང་

Vol. 185 · folio 292b

ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །རྣམ་པར་རིག་པ་དེ་ནི་འདོད་པ་དང་མི་འདོད་པ་དེ་ལྟར་མྱོང་བ་ཡིན་ནོ། །འོ་ན་རྣམ་པར་ཤེས་པ་སྨྲ་བ་ལ་ཡང་དོན་རིག་པ་ཉིད་འབྲས་བུ་ཡིན་གྱི། རང་རིག་པ་ནི་མ་ཡིན་ནོ་སྙམ་ན། དོན་རིག་པ་འབྲས་བུ་སྨྲས་པ་ན། རང་རིག་པའི་ཁོ་ན་བརྗོད་པ་ཡིན་ནོ་ཞེས་

སྟོན་པ་ནི། དེའི་ཚེ་བཟུང་བའི་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་བཟུང་བའི་རྣམ་པ་ཉིད་དོ། །མི་འདོད་པ་ཅན་གྱི་ཤེས་པས་ཀྱང་འདོད་པའི་དོན་གྱི་རིག་པ་ལ་འདོད་པའི་རྣམ་པ་ཙམ་གྱི་ཤེས་པས་ཀྱང་མི་འདོད་པ་ནི་དོན་རིག་ན། དེའི་ཚེ་དངོས་ཀྱི་འཇུག་པས་དོན་རིག་པར་འགྱུར་བ་ཡིན་ནོ། །

དེ་ལྟ་མ་ཡིན་ན་ནི་ཞེས་བྱ་བ་གང་གི་ཚེ་འདོད་པའི་རྣམ་པར་རིག་པ་ལས་མི་འདོད་པའི་དོན་རྣམ་པར་འཇོག་པ་ལས་བཟློག་པ་ཡིན་པ་དེའི་ཚེ་ནི་ཉེ་བར་བཏགས་ནས་རིག་པ་ཡིན་ནོ། །གལ་ཏེ་དོན་རང་གི་ངོ་བོས་རིག་པ་ཡིན་ན་དེའི་ཚེ་ཤེས་པའི་འདོད་པ་དང་མི་འདོད་པའི་རྣམ་པ་ལ་མི་སྣང་ན་ལྟོས་པ་ཁོ་

ནར་འདོད་པ་དང་མི་འདོད་པར་རིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོ་ཉིད་དོ། །རྟེན་པར་རང་གི་རིག་པ་ཁས་ལན་ན་ནི། ཕྱིའི་དོན་ཉིད་རྟེན་མེད་པར་ཅི་སྟེ་ཁས་མི་ལེན་གལ་ཏེ་ཕྱི་རོལ་མེད་ན་གང་ཞིག་རིག་ཅེས་དྲིས་པ་ན། གལ་ཏེ་རྟེན་པས་རང་གི་ངོ་བོ་རིག་པ་ཡིན་ནོ་

ཞེས་བྱ་བ་ལན་མ་ཡིན་དེའི་ཚེ་ཕ་རོལ་གྱིས་ཀྱང་ཇི་ལྟར་མེད་པའི་རང་རིག་པ་ཁས་ལེན་པ་དེ་བཞིན་དུ་མེད་པའི་ཕྱི་རོལ་རིག་པ་ཉིད་ཁས་བླང་བར་བྱའོ་ཞེས་བརྗོད་པར་ནུས་པ་ཁོ་ནའོ། །དེ་ཉིད་ཅེས་བྱ་བ་ནི་རང་རིག་པ་ཉིད་དོ། །མ་རིག་པ་ཉིད་བརྗོད་པ་ནི་རིག་པ་ཞེས་བྱ་བའོ། །འོན་ཏེ་དོན་གཅིག་མང་

པོས་རིག་པ་མ་ཡིན་ན། དེ་ཇི་ལྟར་རྣམ་པ་དུ་མར་ཐལ་སྙམ་ན། རྟོགས་པར་བྱེད་པས་གསུངས་སོ། །ཕྱི་རོལ་དུ་ལྟ་བ་རིག་པ་ཅན་དང་མདོ་སྡེ་པ་ལ་སོགས་པ་འདོད་པ་ཡིན་ནོ། །རང་བཞིན་དུ་མ་ཞེས་བྱ་བ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པར་མེད་པའོ། །དོན་ཐ་དད་པར་ཁས་བླངས་ཀྱང་

གཅིག་ལ་གཉིས་ཀྱིས་ཉམས་སུ་མྱོང་བར་མི་འགྱུར་རོ། །འོ་ན་ཇི་ལྟར་སྐྱེས་བུ་གཉིས་ཀྱིས་དོན་གཅིག་ལ་མྱོང་བར་འགྱུར་སྙམ་ན། གལ་ཏེ་རྣམ་པ་གཞན་ཡང་ཞེས་བྱ་བའོ། །དེ་ཉིད་དུ་ཞེས་བྱ་བ་ནི། སྐྱེས་བུ་གཅིག་ལ་སྣང་བའི་བདེ་བའི་རྣམ་པར་སྡུག་བསྔལ་ལ་སོགས་པའི་རྣམ་

Vol. 185 · folio 293a

པ་ཡང་ཞུགས་པར་སྣང་བ་ཡིན་ན་ནི། དེའི་ཚེ་དོན་གཅིག་ལ་གཉིས་ཀྱང་མྱོང་བར་འགྱུར་བ་ཡིན་ནོ། །གང་གི་ཚེ་གཅིག་གི་བདེ་བའི་རྣམ་པ་གང་ཡིན་པ་དེ་གཞན་ལས་སྣང་བ་མ་ཡིན་པ་དེའི་ཚེ་ནི་ཇི་ལྟར་དོན་གཅིག་ལ་གཉིས་ཀྱིས་མྱོང་བར་འགྲུབ་པར་འགྱུར་ན་

ཡང་དོན་ཐ་དད་པར་ཁས་ལེན་ན། རང་དང་གཞན་ལ་སྣང་བའི་རྣམ་པ་གཉིས་པོ་དག་སྐྱེས་བུ་གཅིག་ཉིད་ཀྱིས་ཉམས་སུ་མི་མྱོང་བར་མི་འགྱུར་ཏེ། འོན་ཀྱང་མྱོང་བ་ཁོ་ནར་འགྱུར་རོ། །འགྱུར་བ་ཡང་མ་ཡིན་ཏེ། གཅིག་གི་རྣམ་པ་གཅིག་ཁོ་ནར་རྟོགས་པའི་ཕྱིར་རོ། །ཡང་ཇི་ལྟར་ན་རེ་རེའི་མཐའ་

ཐུག་པར་མྱོང་བར་མི་འགྱུར་སྙམ་ན། ཐམས་ཅད་ཅེས་གསུངས་སོ། །རྣམ་པ་གཅིག་མཐོང་བ་ནི་ཟླ་བ་གཉིས་མཐོང་བའི་འདོད་པ་ཡིན་ཏེ། དཔེར་ན་ཟླ་བ་གཅིག་ཁོ་ན་ལ་རབ་རིབ་ཀྱིས་བསླད་པས་ཟླ་བ་གཉིས་ཀྱི་རྣམ་པར་རྟོག་པ་དེ་བཞིན་དུ་དངོས་པོ་གཉིས་ཀའི་རྣམ་པ་ཅན་ལ་མཐོང་བའི་དབང་གིས་

རྣམ་པ་གཅིག་ཏུ་རྟོགས་པ་ཡིན་ནོ། །དེས་ན་རབ་རིབ་ཀྱི་འདོད་པ་ནི་མཐོང་བ་ཡིན་ལ། ཟླ་བ་གཉིས་མཐོང་བའི་འདོད་པ་རྣམ་པ་གཅིག་ཏུ་མཐོང་བ་ཡིན། དོན་གྱི་དབང་གིས་ཞེས་བྱ་བ་དོན་ལ་རག་ལས་པ་ལས་རྟོགས་པ་མ་ཡིན་ཏེ་ཟླ་བ་གཉིས་བཞིན་ནོ། །དེ་འདྲ་བ་ཁས་ལེན་གྱི་འདི་ལྟར་ཅི་སྟེ་ཁས་

མི་ལེན་ཞེས་སྟོན་པ་ནི། མ་མཐོང་བ་གཉིས་ཀྱིས་ཞེས་བྱ་བའོ། །བཏུད་པའི་ཡུལ་ན་གནས་པའི་དོན་རྣམ་པ་དུ་མར་འགྱུར་བ་རྟོགས་པས་སྒྲིབ་པར་ཇི་ལྟར་ནུས་པར་བརྗོད་དགོས་སོ། །དེ་ཉིད་ཅེས་བྱ་བ་ནི་གོམས་པའི་དབང་ཉིད་དོ། །སློབ་དཔོན་གྱིས་ཞེས་བྱ་བ་ནི་ཕྱོགས་ཀྱི་གླང་པོས་སོ། །དེས་

ཞེས་བྱ་བ་ནི་དོན་གྱི་རྣམ་པ་སྣང་བས་སོ། །སྡུ་གུ་ལ་སོགས་པ་ཞེས་བྱ་བ་ནི་བདེ་བ་ལ་སོགས་པར་རོ་ཞེས་བྱ་བའི་བར་དུ་ཞེས་བྱ་བ་འདིས་ནི་འདིའི་མཐའ་ཐུག་པ་ནི་སློབ་དཔོན་གྱིས་གཞུང་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་དང་རྗེས་སུ་མཐུན་པར་ཞེས་བྱ་བ་ནི་འཛིན་པའི་རྣམ་པ་དང་རྗེས་སུ་མཐུན་པའོ། །

གལ་ཏེ་སྣང་བ་མ་ཡིན་མོད་དེ་ལྟ་ན་ཡང་མངོན་སུམ་གྱིས་རིག་པ་ཁོ་ནའོ་སྙམ་ན། གང་གི་ཕྱིར་ཞེས་བྱ་བའོ། །རེ་ཞིག་རྗེས་སུ་དཔག་པས་ནི་ལྐོག་ཏུ་གྱུར་པར་རིག་པ་ཡིན་ལ། དེའི་དོན་རིག་པ་ནི་འབྲས་བུར་འགྱུར་རོ་སྙམ་ན། མངོན་སུམ་གྱི་འབྲས་བུ་ཞེས་གསུངས་སོ། །དེའི་ཞེས་བྱ་བ་རིག་པའིའོ། །

Vol. 185 · folio 293b

བློ་ལ་གནས་དོན་ཞེས་བྱ་བ་ནི་རྣམ་པའོ། །དེའི་ཞེས་བྱ་བ་ནི་རྣམ་པའིའོ། །ཕ་རོལ་པོ་ཉིད་སངས་རྒྱས་པའི་དོགས་པ་བསུ་བ་ནི་དེ་དང་འདྲ་བའི་ཕྱིར་རོ་ཞེ་ན་ཞེས་བྱ་བའོ། །དེ་འདྲའོ་ཞེས་བྱ་བ་ནི་ཕ་རོལ་གྱིའོ། །དོན་རིག་པས་བག་ཆགས་ཁྱད་པར་ཅན་སྟོན་པ་ནི་བག་ཆགས་ནི་ཞེས་བྱ་བའོ། །དོན་

གྱི་ནུས་པ་ནི་རྣམ་པའོ། །ཡུལ་གཞན་དུ་མཐོང་བ་ཞེས་བྱ་བ་ནི་ཕ་རོལ་པོ་ཉིད་སངས་རྒྱས་པའི་དོགས་པ་བསུ་ནས་ལན་འདེབས་པ་ནི་གལ་ཏེ་ཞེས་བྱ་བའོ། །དུས་གང་གི་ཚེ་ཡུལ་གཞན་ན་དངོས་པོ་ཡོད་པ་དེར་སྣང་བ་ཡིན་གྱི། དོན་དང་བྲལ་བའི་དུས་སུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིས་

བསམས་པའོ། །འདི་ལ་བརྩད་པ་ནི་གལ་ཏེ་ཞེས་བྱ་བའོ། །སྣང་བའི་ཐབས་ཅི་ཡོད་གདོན་མི་ཟ་བར་འགའ་ཞིག་ན་ཡོད་དོ་ཞེས་སྣང་བ་ལས་ཀྱང་ཇི་ལྟར་རྟོགས་སྙམ་ན། དོན་མེད་ན་ཞེས་བྱ་བའོ། །དེ་ལྟ་ན་འོ་ན་ནམ་ཡང་མ་མཐོང་བ་གང་ཡིན་པ་དེ་ཇི་ལྟར་སྣང་། ཡོད་པ་ཙམ་གྱིས་སྣང་ན་ནི་

ཡོད་པ་ཐམས་ཅད་སྣང་བར་ཐལ་བའི་ཕྱིར་གདོན་མི་ཟ་བར་ཡུལ་དང་དུས་གཞན་དུ་མཐོང་བ་ཉིད་སྣང་བར་ཁས་བླངས་དགོས་ཏེ། དེས་མ་ཐོབ་པ་ནི་སྣང་བར་འཐད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་རིབ་དེ་ཉིད་ཡུལ་དང་དུས་གཞན་དུ་གནས་པའི་དོན་མཐོང་བའི་རྒྱུ་ཇི་ལྟར་ཡིན། འདི་

ཉིད་ཀྱིས་ཞེས་བྱ་བ་སྨིག་རྒྱུ་ལ་ཆུར་མཐོང་བ་ཉིད་ཀྱིས་ཡུལ་དང་དུས་གཞན་ན་གནས་པའི་དོན་གཞན་དུ་མཐོང་བར་མི་འགྱུར་རོ་ཞེས་བྱ་བའི་དོན་འཁྲུལ་པ་ཡིན་ནོ། །འདི་ལ་གཞན་གྱིས་བརྗོད་པ་ནི། དོན་དམ་པར་མཐོང་བ་ནི་སྣང་བ་མེད་དོ་ཞེས་བྱ་བ་འདི་ནི་སྨིག་རྒྱུ་ལ་ཆུར་ཤེས་པ་ཉིད་ཀྱིས་

འཁྲུལ་ཏེ། དེས་ན་དེ་སྐད་བརྗོད་པ་ནི་ང་ལ་ཡང་མཚུངས་སོ། །དེ་ཉིད་ཅེས་བྱ་བ་ནི་སྨིག་རྒྱུ་ལ་ཆུར་ཤེས་པ་དེ་ལ་སྣང་བའོ། །དོན་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་དངོས་པོ་དོན་བྱེད་པ་ཡིན་ན། དེ་ལ་ནི་དོན་བྱ་བ་འགའ་ཡང་དམིགས་པ་མ་ཡིན་པས་ཇི་ལྟར་དོན་ཡིན་ནོ་ཞེས་བྱ་བའོ། །ཐམས་

ཅད་ཅེས་བྱ་བ་ནི་ཀ་བ་ལ་སོགས་པ་ཡང་ངོ་། །འོན་ཏེ་ཀ་བ་ལ་སོགས་པ་ལ་ནི་དོན་བྱ་བ་ཐོབ་ཀྱི་སྨིག་རྒྱུ་ལ་ཆུར་ཤེས་པ་ལ་སོགས་པར་ནི་མ་ཡིན་ཏེ། དེས་ན་ཁྱད་ཡོད་པ་ཁོ་ནའོ། །དེའི་ཕྱིར་གཅིག་འཇིག་རྟེན་པ་མ་ཡིན་ན། ཐམས་ཅད་འཇིག་རྟེན་པ་མ་ཡིན་པར་ཇི་ལྟར་འགྱུར་སྙམ་ན།

Vol. 185 · folio 294a

མཐོང་བ་ལས་ཞེས་སྨོས་སོ། །དོན་བྱ་བ་ཡང་སྣང་བའི་རང་བཞིན་ཁོ་ན་ཡང་ཡིན་གྱི། དེ་ཡང་འཇིག་རྟེན་པ་མ་ཡིན་པ་ཡིན་ན་ཀ་བ་ལ་སོགས་པ་ཡང་དེའི་དབང་གིས་འཇིག་རྟེན་པ་ཉིད་དུ་ཇི་ལྟར་རྣམ་པར་གནས། ཐོབ་པའི་ཞེས་བྱ་བ་ནི། ཀ་བ་ལ་སོགས་པ་ལ་ཐོབ་

པའི་ཁྱད་པར་ཡོད་དོ་ཞེ་ན། འདི་ལ་བརྗོད་པ་ནི་དེ་ཡང་ཞེས་བྱ་བའོ། །ཐོབ་པའི་རང་བཞིན་ཡང་ངོ་། །འོན་ཏེ་ཀ་བ་ལ་སོགས་པ་ནི་གཞན་གྱིས་མཐོང་བ་ཟླ་བ་གཉིས་ལ་སོགས་པ་ནི་མ་ཡིན་པ་དེས་ན་ཁྱད་པར་ཡོད་པ་ཁོ་ནའོ་སྙམ་ན། གཞན་གྱིས་ཞེས་སྨོས་སོ། །ཀ་བ་ལ་སོགས་པ་ནི་གཞན་

གྱིས་མཐོང་བ་མ་ཡིན་ཏེ་རང་གི་ངོ་བོ་ཁོ་ན་མཐོང་བའི་ཕྱིར་རོ་ཞེས་སྔར་བསྟན་ཟིན་ཏོ། །ཐོབ་པའི་སུན་འབྱིན་པ་གཞན་ཡང་བརྗོད་པ་ནི་ཇི་ལྟར་ཞེས་བྱ་བའོ། །དད་པའི་དུས་ན་དང་པོའི་ཤེས་པ་ནི་ཀ་བ་ལ་སོགས་པའི་ཤེས་པའོ། །དེ་ཞེས་བྱ་བ་ཀ་བའོ། །འགའ་ཞིག་ཅེས་བྱ་བ་ནི་ཀ་བ་ལ་

སོགས་པ་ཐོབ་པའི་ཤེས་པའོ། །དེ་ལྟའི་དངོས་ཡིན་ལ་ཞེས་བྱ་བ་ནི་ཐོབ་པའི་རང་བཞིན་ཡིན་པ་ལའོ། །ཐམས་ཅད་མཚུངས་པ་ལ་ཉིད་དོ་ཞེས་བྱ་བ་ནི། ཇི་ལྟར་ཀ་བ་ལ་སོགས་པའི་ཤེས་པ་རང་ཉིད་ཁོ་ན་ཐོབ་པའི་རང་བཞིན་ཡིན་པ་དེ་བཞིན་དུ་ཀ་བ་ལ་སོགས་པ་དང་ཟླ་བ་གཉིས་ཀ་ཡང་

མི་བདེན་པར་འགྱུར་རོ། །ཤེས་ཏེ་ཞེས་བྱ་བ་ནི་ཀ་བ་ལ་སོགས་པའི་ཤེས་པའོ། །དེའི་ཤེས་པ་ཡང་ཞེས་བྱ་བ་ནི་རྒྱུ་དག་པར་འཛིན་པའི་ཤེས་པ་ཡང་ངོ་། །རྒྱུ་དེས་ན་ཀ་བ་ལ་སོགས་པའི་ཤེས་པ་དེ་དག་ཀྱང་དེ་ལྟར་ཞེས་བྱ་བ་བག་ཆགས་ལས་བྱུང་བ་ཞེས་བྱ་བར་བརྟག་པར་བྱའོ། །ཁྱོད་ལ་ཡང་

ཉེས་པ་འདི་ཡོད་དོ་ཞེ་ན། ཐོག་མ་མེད་པའི་ཞེས་གསུངས་སོ། །དེ་ལྟར་རྣམ་པར་ཤེས་པར་སྨྲ་བ་རྣམ་པར་གནས་པ་ན། དེ་ལ་ཉེ་བ་ལྟ་བུར་གང་ཅི་སྣང་བ་དེ་བསམས་པའི་དོན་དུ་ཕྱོགས་སྔ་མ་འགོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཐ་དད་པ་ཡིན་ན་གང་གིས་འཛིན་ཞེས་བྱ་བ་ནི་རང་གི་ངོ་བོ་ལས་

གཞན་རིག་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ནི་ཞེས་བྱ་བ་ནི་འབྲེལ་པའོ། །དེའི་ཞེན་པའི་དབང་གིས་ཞེས་བྱ་བ་ནི་དོན་དམ་པ་ནི་འབྲེལ་པར་འཛིན་པ་མདོ་སྡེ་ཞེས་བྱ་བ་འདི་བདག་ཅག་འདོད་པ་ཁོ་ནའོ། །ཐ་སྙད་དུ་ནི་སྔོན་ཉམས་སུ་མྱོང་བ་ཡང་དྲན་པ་འདི་སྐྱེས་སོ་ཞེས་ལྷག་པར་ཞེན་པ་ལས་རྒྱུ་དང་

Vol. 185 · folio 294b

འབྲས་བུ་རྣམ་པར་གནས་པ་ཡིན་ན་ཞེས་བྱ་བའི་དོན་ཏོ། །འདིར་བདག་གིས་མ་སྔོན་མཐོང་བར་འགྱུར་རོ། །འདི་ཉིད་ནི་དྲན་ནོ་ཞེས་བྱ་བའི་དོན་རྟོགས་པར་ཡོད་པ་ཡིན་ལ། དེ་ལ་གནོད་པར་བྱེད་པ་ཡང་ཡོད་པ་མ་ཡིན་ནོ། །ཕྱི་རོལ་གང་ལ་རྣམ་པར་ཤེས་པའི་འབྲས་བུ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །རྣམ་

པར་ཤེས་པ་ནི་སྔར་མཐོང་བའི་ཕྱིར་རྣམ་པར་ཤེས་པའི་འབྲས་བུ་ཅན་དུ་འཐད་པ་ཡིན་ནོ། །དེ་འབྲས་ཞེས་བྱ་བ་ནི་ཕྱི་རོལ་གྱི་འབྲས་བུ་ཉིད་དུ་འདོད་པ་ནི་གཞན་དུ་ཞེས་བྱ་བ་ཕྱི་རོལ་མེད་པར་སྐྱེ་བའི་ཕྱིར་རོ། །སྦྲང་བུའི་ཚོགས་ལ་དུ་བའི་བློ་དང་སྨིག་རྒྱུ་ལ་ནི་ཆུའི་བློ་བཞིན་ནོ། །ཕྱི་རོལ་གྱི་འབྲས་བུའི་ཕྱོགས་

ལ་ནི་དུ་བ་དང་ཆུ་མེད་པར་ཡང་དུ་བ་དང་ཆུའི་བློར་འགྱུར་བའི་ཕྱིར་འཁྲུལ་པར་འགྱུར་རོ། །ཕྱི་རོལ་ཞེས་མིང་ཙམ་བྱས་པར་འགྱུར་ཏེ། ཕྱི་རོལ་ནི་བག་ཆགས་ཀྱི་སྟོབས་ལས་འགྱུར་བ་མ་ཡིན་ནོ། །མིང་ཙམ་དེ་ཡང་འཇིག་རྟེན་པ་ཉིད་ཀྱིས་བྱས་པ་ཡིན་པས་སོ། །ཇི་ལྟར་རྨི་ལམ་མཐོང་བ་རྣམས་ཡུལ་

ཕྱོགས་གཅིག་ཉིད་ལ་སྣང་བ་སྣ་ཚོགས་པར་འགྱུར་ཏེ། དེར་ཕན་ཚུན་གཅིག་ལ་མཐོང་བ་ནི་ཡོད་པ་མ་ཡིན་ཏེ། རང་རང་གི་སྣང་བ་ཙམ་རིག་པའི་ཕྱིར་རོ། །དེ་ལྟ་ན་ཡང་བདག་ཅག་གིས་མཐོང་བའི་རྨི་ལམ་དེ་ནི་འདིས་ཀྱང་ཡིན་ནོ། །གཅིག་ཏུ་ལྷག་པར་ཞེན་པ་ཡང་ཡོད་པ་ཡིན་ནོ། །དེ་བཞིན་དུ་

སད་པའི་གནས་སྐབས་ཀྱང་ཡིན་པ་ཉིད་དོ། །བག་ཆགས་དང་འབྲེལ་པའི་རྨོངས་པའི་སེམས་ཀྱིས་གཡོ་བ་སྟེ། རྣམ་པར་གྱུར་པ་ཡིན་གྱི་གཙོ་བོ་ལ་སོགས་པ་འབའ་ཞིག་ཡོད་པ་ནི་མ་ཡིན་ནོ། །དེ་ལྟར་མིན་ན་སྟེ། གལ་ཏེ་བག་ཆགས་བྱེད་པ་པོ་མ་ཡིན་ན། དེའི་ཚེ་འདི་ལྟ་བུའི་འགྲོ་བའི་བྱེད་པ་པོ་

གང་ཡིན་པ་དེ་ཇི་ལྟར་རྟོགས་པ་མངོན་དུ་བྱེད་པ་ཡིན་ཏེ། འོན་ཀྱང་རྟོགས་པ་དང་མི་ལྡན་པ་ཁོ་ནར་འགྱུར་རོ། །རྟོགས་པ་དང་ལྡན་པའི་རྣམ་པ་ཇི་ལྟར་འདི་འདྲ་བ་བྱེད་པར་མི་འགྱུར་རོ། །འོན་ཏེ་དབང་ཕྱུག་འདི་ནི་ཉེ་བར་བསྟན་པ་ཉིད་བྱེད་པ་ཡིན་གྱི། ཅི་ཐོད་ཐོད་བྱེད་པ་ནི་མ་ཡིན་ནོ་སྙམ་ན། འདི་ནི་རང་དོན་སྐྱེ་

བ་ལ་ཞེས་བྱ་བའོ། །གང་ལ་སོགས་པའི་དོན་སྐྱེ་བ་དེ་ལ་ཉེ་བར་བསྟན་པར་བྱེད་པའོ། །གཞན་དུ་ཞེས་བྱ་བ་ནི་ཇི་སྲིད་ཅིག་རུང་རུང་མ་བྱས་པ་དེ་སྲིད་དུ་ལོགས་པར་བྱ་བ་མི་ནུས་སོ། །འདི་ལ་བརྗོད་པ་ནི་འདི་ཞེས་བྱ་བའོ། །ཕྱིའི་དོན་དུ་སྨྲ་བ་དེའི་བསམ་པ་མཐར་ཐུག་པར་བསྐྱལ་བའི་དོན་དུ་འདི་བརྩམས་པ་

Vol. 185 · folio 295a

ཡིན་ནོ། །ཡང་ཅིའི་ཕྱིར་འདི་བསྒྲུབ་པར་མི་ནུས་སྙམ་ན་ཤིན་ཏུ་ཞེས་བྱ་བའོ། །རྣམ་པར་དབྱེར་མེད་ཀྱང་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རང་བཞིན་དང་སྔོན་པོ་དང་སེར་པོ་ལ་སོགས་པའི་རྣམ་པར་རོ། །བསྟན་ཟིན་ཏོ་ཞེས་བྱ་བ་ནི་ཤེས་པ་ལ་སྔོ་སོགས་སྣ་ཚོགས་ཞེས་བྱ་བ་དེར་

རོ། །འོན་ཀྱང་རྟོགས་པ་ཉིད་དོ་ཞེས་བྱ་བ་ལྷག་པར་ཞེན་པ་ཉིད་དོ། །གཟུང་བ་ལ་སོགས་པ་བསལ་བ་ནི་མ་ཡིན་གྱི་འོན་ཀྱང་དེ་ནི་ལྷག་པར་ཞེན་པ་ཙམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཐ་སྙད་ལ་རྒྱུ་མཚན་ཅི་ཡོད་སྙམ་ན། ད་མེད་ཀྱང་ཞེས་གསུངས་སོ། །སྒྲོ་འདོགས་པའི་རྣམ་པ་བརྗོད་པ་

ནི་འདི་དེ་ལྟར་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་དངོས་པོའོ། །དེ་ཡང་སྟེ་གཞན་དེ་ཡང་ངོ་། །མ་ཡིན་ཏེ་ཞེས་བྱ་བ་ནི་དེ་འགོག་པའོ། །གལ་ཏེ་འབྲས་བུ་མཐོང་བས་རྟོགས་པ་ཡིན་ན། དེའི་ཚེ་རང་དང་གཞན་དག་གིས་མཐོང་བའི་ཀ་བ་ལ་སོགས་པ་དག་ཀྱང་གཅིག་ཉིད་དུ་རྟོགས་པར་མི་

འགྱུར་རོ། །ཅིའི་ཕྱིར་ཞེ་ན། དུ་བ་ལ་སོགས་པ་ཞེས་གསུངས་སོ། །འོན་ཏེ་རང་དང་གཞན་གྱིས་མཐོང་བ་དག་ཉིད་སྤུ་ལྡང་བ་ལ་སོགས་པ་ལ་གཅིག་ཏུ་རྟོགས་པ་ཡིན་ན། དེའི་ཚེ་རང་དང་གཞན་དག་གིས་མཐོང་བའི་ཀ་བ་ལ་སོགས་པ་དང་། ཀ་བ་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་

ཡིན་གྱི་གཞན་གྱིས་མཐོང་བར་བྱ་བ་ནི་མངོན་སུམ་མ་ཡིན་པའོ། །གཞན་གྱིས་མཐོང་བཞིན་ཞེས་བྱ་བ་ནི་ལན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཚད་མ་མེད་པ་ཉིད་ཀྱི་ཕྱིར་རོ། །གཞན་གྱིས་མཐོང་བ་ལ་ཐེ་ཚོམ་ཟའོ། །ཁྱད་པར་ཅན་སྔོན་པོའི་རང་བཞིན་དུ་མཐོང་བ་ལ་སེར་པོའི་རང་བཞིན་དུ་ཡང་

ཐེ་ཚོམ་ཟ་བར་འགྱུར་ན། ཐེ་ཚོམ་ཟ་བ་ཡང་མ་ཡིན་ཏེ། དེས་ན་ཇི་ལྟར་སེར་པོའི་རང་བཞིན་དང་འགལ་བ་སྔོན་པོའི་རང་བཞིན་དུ་དམིགས་པ་ན་སེར་པོའི་རང་བཞིན་ཉིད་སེལ་བར་བྱེད་པ་དེ་བཞིན་དུ་གཞན་གྱིས་དམིགས་པར་བྱ་བ་དང་འགལ་བ་རང་གིས་དམིགས་པར་བྱ་བ་ཉིད་དམིགས་པ་ན་གཞན་

གྱིས་དམིགས་པར་བྱ་བ་ཉིད་སེལ་བར་བྱེད་ཀྱི། ཐེ་ཚོམ་ཟ་བ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །ཕྱིས་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །རྣམ་པར་ཤེས་པ་ལྐོག་ཏུ་གྱུར་པའི་ཡུལ་ཅན་ནི་རྣམ་པ་ཐམས་ཅད་དུ་སྲིད་པ་མ་ཡིན་ནོ་ཞེས་སྟོན་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །མི་རིགས་པ་ཉིད་སྟོན་པ་ནི་གལ་

Vol. 185 · folio 295b

ཏེ་ཤེས་པ་དེར་ལྐོག་ཏུ་གྱུར་པར་འདོད་པའི་དམ་པའི་དོན་སྣང་ན། དེའི་ཚེ་འདིར་ལྐོག་ཏུ་གྱུར་པ་ཅི་ཞིག་ཡིན་ཏེ། འོན་ཀྱང་མངོན་སུམ་ཁོ་ནར་འགྱུར་རོ། །འོན་ཏེ་ཡང་སྣང་བ་མེད་པར་ལྐོག་ཏུ་གྱུར་པའི་དོན་ཞེས་བརྗོད་པ་དེའི་ཚེ་ཤེས་པ་དེས་མི་སྣང་བའི་དོན་རྟོགས་སོ་ཞེས་བྱ་བ་འདི་ནི་བདག་གི་ཚུལ་

བརྒྱད་པ་ཙམ་ཡིན་ནོ་ཞེས་དཔྱད་པའོ། །མི་སྣང་ན་ནི་མ་རྟོགས་པ་ཁོ་ནའོ་ཞེས་བྱ་བར་དགོངས་པའོ། །སྔར་གོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་སྐྱེ་བའི་དུས་ན། དེ་ལས་རྔ་མ་ཉིད་ཇི་ལྟར་རྟོགས། ཕ་རོལ་པོས་བརྗོད་པ་ནི་དེ་ཉིད་ཅེས་བྱ་བ་འབྱུང་བར་འགྱུར་བའི་དངོས་པོ་རྗེས་སུ་དཔག་པ་ཉིད་དོན་གྱི་

དངོས་ཡོད་མིན་པར་ཇི་ལྟར་ཞེ་ན། དེའི་ཚེ་འབྱུང་བར་འགྱུར་བའི་དངོས་པོའི་རྗེས་སུ་དཔག་པ་གང་ཡིན་པ་དེ་མེད་པའི་དུས་ན། འབྱུང་བའི་དངོས་པོ་ཇི་ལྟར་རྟོགས་པར་འགྱུར། དེའི་ཚེ་ནི་འབྱུང་བའི་དངོས་པོ་ཡོད་པ་མ་ཡིན་ནོ། །འོན་ཏེ་འབྱུང་བར་འགྱུར་བ་ལ་རྗེས་སུ་དཔག་པ་ཉིད་མི་འགྱུར་རོ་ཞེ་

ན། ཐམས་ཅད་དུ་ནི་ཞེས་སྨོས་སོ། །འདི་རྟོག་པ་ཞེས་བྱ་བ་ནི་གཅིག་ཉིད་དུའོ། །འདིར་ཕ་རོལ་གྱི་ལྐོག་ཏུ་གྱུར་ཞེས་སྨྲས་སོ། །འདི་ལ་ལན་ནི་དེ་ལྟ་ཉིད་དུ་ཞེས་བྱ་བའོ། །མཐོང་ཕྱིར་ཞེས་བྱ་བ་ལ་སོགས་པ་དོགས་པ་བསུ་ནས། དེ་ལྟར་ཞེས་ལན་འདེབས་ཏེ། སྔར་གྱི་དུས་སུ་ཡོད་པ་ཉིད་དོ། །

འོ་ན་ཇི་ལྟར་དེ་རྗེས་སུ་དཔོག་སྙམ་ན། དེ་བཞིན་དུ་ཞེས་བྱ་བ་སྟེ། བལྟ་བར་བྱ་བ་ཉིད་དུའོ། །ཡོད་ཅེས་ཇི་ལྟར་ཤེས་ཞེས་དྲིས་པ་འདི་ལ་གཞན་གྱིས་ཞེས་ལན་བརྗོད་པ་གང་ཡིན་པ་དེ་ཡང་མི་རུང་ངོ་། །དེ་ཡང་ཞེས་བྱ་བ་ནི་གཞན་ནོ། །ཕན་ཚུན་བསྟེན་པ་ཉིད་སྟོན་པ་ནི་གཞན་དང་ཐུན་མོང་བའི་ཡོད་

པ་ཉིད་འཛིན་པའོ། །འོན་ཏེ་ཉེས་པ་འདི་རྣམ་པར་ཤེས་པར་སྨྲ་བ་ལ་ཡོད་པ་ཉིད་དོ་སྙམ་ན། གཞན་དུའང་ཞེས་བྱ་བའོ། །རྟོགས་པ་འདི་ཞེས་བྱ་བ་ནི་རང་རང་གི་རང་བཞིན་རིག་པ་ཅན་ཞིག་ཡོད་ཀྱི་གཞན་དང་ཐུན་མོང་བར་ཞེན་པ་ནི་འཁྲུལ་པ་ཡིན་ནོ་ཞེས་བྱ་བའོ། །དེ་ཁོ་ན་བཞིན་ཞེས་བྱ་བ་ནི་

གཞན་གྱིས་རིག་པར་བྱེད་པ་ཉིད་དུའོ། །བཟློག་པ་ལ་ཡང་ཞེས་བྱ་བ་ནི་གཞན་གྱིས་རིག་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ཡང་ངོ་། །ཕྱོགས་གཉིས་ཞེས་བྱ་བ་ནི་བལྟ་བར་བྱ་བ་དང་། བྱ་བ་མ་ཡིན་པར་རོ། །གཞན་གྱིས་དེ་ལྟར་ཞེས་བྱ་བ་གླང་པོ་ལ་སོགས་པའི་རང་བཞིན་དུ་འཇིམ་དུམ་ལ་

Vol. 185 · folio 296a

སོགས་པ་མ་རྟོགས་པ་དེ་ལྟ་ན་ཡང་ངོ་། །ཕ་རོལ་ཉིད་དོགས་པ་བསུ་བར་བྱེད་པ་ནི་རྗེས་སུ་དཔག་པས་སོ་ཞེས་བྱ་བ་སྟེ། གཞན་གྱིས་མ་རྟོགས་སོ་ཞེས་རྗེས་སུ་དཔག་པས་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའོ། །བཟློག་པ་ཞེས་བྱ་བ་ནི་གཞན་གྱིས་རྟོགས་སོ་ཞེས་བྱ་བ་འདི་ལ་

ཡང་ངོ་། །ཡང་སངས་རྒྱས་པའི་དོགས་པ་བསུ་བ་ནི། བཟློག་པ་ལ་ཞེས་བྱ་བ་སྟེ། བདག་གིས་མཐོང་བ་གང་ཡང་ཡིན་པ་དེ་ཉིད་གཞན་གྱི་རིགས་སོ་ཞེས་བྱ་བ་འདི་ལའོ། །ཇི་ལྟར་ཞེས་བྱ་བ་ནི་ཕ་རོལ་པོའིའོ། །ད་ནི་གྲུབ་པའི་མཐའ་འཆའ་བ་ནི་གཅིག་ཉིད་དང་ཞེས་བྱ་བའོ། །གལ་ཏེ་རང་

དང་གཞན་གྱིས་མཐོང་བ་ཅིག་མ་ཡིན་ན། ཇི་ལྟར་གཞན་ཡང་སྤུ་ལྡང་བ་ལ་སོགས་པ་དེ་འདྲ་བ་ཉིད་དུ་འགྱུར་སྙམ་ན། འདྲ་བ་རྗེས་སུ་དཔག་པས་ཀྱང་ཞེས་གསུངས་སོ། །མ་མཐོང་བ་ཞེས་བྱ་བ་ནི་གླང་པོ་ལ་སོགས་པ་མ་མཐོང་བ་དང་རྗེས་སུ་མཐུན་པ་བདེ་བླག་ཏུ་གནས་པ་ལ་སོགས་པའོ། །གལ་

ཏེ་འདི་ཞེས་བྱ་བ་གླང་པོ་ལ་སོགས་པ་དོན་ཡིན་ལ། དེའི་ཚེ་གཞན་གྱིས་ཀྱང་མཐོང་བར་འགྱུར་རོ། །གཞན་པ་ཕྱིའི་དོན་དུ་སྨྲ་བས་ཁས་བླངས་པ་ཡིན་ཏེ། གཞན་གྱིས་མཐོང་བ་ཡང་མེད་དེ་དེས་ན་འདི་ནི་དོན་མ་ཡིན་ནོ། །དེ་དོན་དུ་གཉེར་བས་ཞེས་བྱ་བ་ནི་ཆེན་པོ་དོན་དུ་གཉེར་བ་ཉིད་ཀྱིས་ཉེ་བ་དང་རྒྱང་རིང་

པོ་ན་གནས་པ་དག་ཉེ་བར་འགྲོ་བ་ཐུན་མོང་བར་ཐལ་བར་འགྱུར་རོ་ཞེས་བྱ་བས་དེ་དོན་དུ་མ་ཡིན་ནོ། །གཞན་དུ་ཞེས་བྱ་བ་ནི་གཞན་གྱིས་མ་མཐོང་བ་ཉིད་ཅེས་རྗེས་སུ་དཔོག་པའོ། །ལྟ་བ་དེ་ཞེས་བྱ་བ་ནི་གཞན་གྱིས་ཀྱང་མཐོང་བ་ཡིན་ན་ཞེས་བྱ་བའི་མཚན་ཉིད་ཅན་ནོ། །ཡང་ན་ཞེས་བྱ་བ་ནི་རྣམ་པ་གཞན་གྱིས་རིག་

པར་བྱ་བ་ཉིད་འགོག་པའོ། །ཇི་ལྟར་རྗེས་སུ་སྣང་བཞིན་ཞེས་བྱ་བ་ནི་ཇི་ལྟར་ལྷག་པར་ཞེན་པ་བཞིན་ནོ། །དེ་ལྟར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་གསལ་བའི་ཕྱིར་རོ། །རིགས་པ་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུའོ། །ཐོབ་པ་ནི་འཛིན་པ་ལ་ཡང་ཡོད་པ་ཡིན་ནོ་ཞེས་བསམས་ནས་བཤད་པ་ནི་ཡང་ན་ཞེས་བྱ་

བའོ། །ལྷག་མ་ནི་ཞེས་བྱ་བ་དོན་གཞན་ནི་ལྷ་དབང་བློ་ལ་སོགས་པ་གཞན་དག་གིས་བཤད་པ་ཉིད་དོ། །གལ་ཏེ་གཟུང་བ་ལ་སོགས་པ་མེད་པ་མ་ཡིན་ན། འོ་ན་དེ་དག་ཅི་འདྲ་བ་ཡིན་ཞེ་ན། གལ་ཏེ་ཞེས་བྱ་བས་ཏེ་འོན་ཀྱང་ངོ་། །དེ་ནི་བདག་པོ་དེ་ཉིད་ལས་ཞེས་བྱ་བ་རང་བཞིན་ལས་ཞེས་ཉམས་པའོ། །དེ་དག་

Vol. 185 · folio 296b

ནི་གཟུང་བ་ལ་སོགས་པའོ། །སྣ་ཚོགས་སུ་ཞེས་བྱ་བ་གཟུང་བ་ལ་སོགས་པའི་རང་བཞིན་དུ་ཇི་ལྟར་སྣང་། གཟུང་བ་ལ་སོགས་པར་གསལ་བ་ཡང་ཕ་རོལ་གྱིས་ཁས་བླངས་པས་བརྗོད་པ་ཡིན་ནོ། །གལ་ཏེ་ཐ་དད་པ་སྣང་ཡང་བདག་གཅིག་ཡིན་ན། དེའི་ཚེ་གཞན་དུ་མངོན་པར་འདོད་པ་ལ་ཡང་དག་

པས་ཐ་དད་པ་ཉིད་ཡོད་པ་མ་ཡིན་ནོ། །དེ་ཞེས་བྱ་བ་ནི་ཐ་མི་དད་པའོ། །མི་སྣང་ཡང་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་རྣམ་པ་ནི་ཐ་དད་པ་ཁོ་ནར་སྣང་བར་ཇི་ལྟར་དེ་དག་ཐ་མི་དད་ཅེས་བསམ་པའོ། །གལ་ཏེ་ཞེས་བྱ་བ་ནི་སུན་འབྱིན་པ་གཞན་བརྗོད་པའོ། །ཐ་དད་པ་དེ་དག་ཅེས་བྱ་བ་ནི་གཟུང་བ་

ལ་སོགས་པའི་རྣམ་པའོ། །གསལ་བ་དང་ཞེས་བྱ་བ་ནི་བདག་དང་ལྷན་ཅིག་ཐ་མི་དད་པའོ། །བརྗོད་ཟིན་པའི་དོན་ཉིད་གསལ་འདེབས་པ་ནི། ཇི་ལྟར་བདག་གསལ་བ་དེ་བཞིན་དུ་རྣམ་པ་ཐམས་ཅད་ཀྱང་གསལ་བར་ཁས་ལེན་ན། བདག་བཞིན་དུ་ཡོད་ཡོད་པ་ཉིད་དུ་འགྱུར་རོ། །རྣམ་པ་

རྣམས་ཀྱང་མ་ཡིན་མོད་ཅི་སྐྱོན་སྙམ་ན། བཤད་པ་དེས་ན་མཐའ་དག་ཅེས་བྱ་བའོ། །བདག་གི་རང་བཞིན་དུ་གསལ་བའི་རང་བཞིན་ཡིན་ལ། རྣམ་པ་རྣམས་ཀྱང་གསལ་བའི་རང་བཞིན་དུ་ཡོད་པ་ཡིན་ན་དེ་དག་ཀྱང་བདག་ཏུ་འགྱུར་རོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི་འཁྲུལ་པ་ཡང་

ཞེས་བྱ་བའོ། །འོན་ཏེ་བདག་ཉིད་ལ་ཞེས་བརྗོད་དོ་སྙམ་ན། འཁྲུལ་པ་པས་བྱ་བ་གཞན་གྱིས་འཁྲུལ་པ་མེད་ན་ནི་ཞེས་བྱ་བ་ལ་སོགས་པ་བརྗོད་ལ། གས་པ་ནི་བཟློག་བྱ་ཉིད་དུ་ཞེས་བྱ་བ་ནི་ཐ་དད་པ་འདི་ནི་ཇི་སྲིད་དུ་མ་གྲུབ་པ་ཉིད་དེ་སྲིད་དུ་བཟློག་བྱ་ཉིད་དུ་མི་འགྲུབ་ལ། བཟློག་བྱ་ཉིད་དུ་གྲུབ་ན་ཡང་

འཁྲུལ་པ་ཉིད་དུ་མི་འགྲུབ་པས་ན་ཕན་ཚུན་བསྟེན་པ་ཡིན་ནོ། །དེ་བཞིན་དུ་ཇི་སྲིད་དུ་བཟློག་པར་བྱ་བ་ཉིད་དུ་མ་གྲུབ་པ་དེ་སྲིད་འཁྲུལ་པར་མི་འགྲུབ་ལ། བཟློག་པར་བྱ་བ་ཉིད་ཀྱང་ཇི་སྲིད་དུ་འཁྲུལ་པ་ཉིད་དུ་དེས་ན་བཟློག་པ་ལ་གལ་ཏེ་བཟློག་པའི་དོན་དུ་མི་འཇུག་པ་དེ་སྲིད་མི་འགྲུབ་ལ་ཞུགས་པ་ན་ཡང་

བཟློག་པར་བྱ་བ་ཉིད་ཡིན་པའི་ཕྱིར་འཁོར་ལོར་འགྱུར་རོ། །འོ་ན་དུ་མར་སྣང་བ་ཉིད་དོན་དམ་པ་ཡིན་ནོ་ཞེ་ན། མྱོང་བ་མ་ཡིན་པ་ནི་ཞེས་བྱ་བ་གསུངས་སོ། །དེ་ནི་ཞེས་བྱ་བ་ནི་དུ་མ་ནིའོ། །དེའི་ཞེས་བྱ་བ་ནི་གཅིག་གི་ནང་དུ་འདུས་པའི་ཕྱིར་ཐ་དད་པ་ཡང་རྟོགས་པ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་དེའི་ནང་དུ་

Vol. 185 · folio 297a

ཞེས་བྱ་བའོ། །གང་གི་ཕྱིར་སྣ་ཚོགས་ཀྱི་རྣམ་པ་གཅིག་ཅེས་བྱ་བ་ཉིད་ཀྱིས་ངག་ཡོངས་སུ་རྫོགས་པ་ཡིན་ན། །དུ་མ་ནི་མེད་པ་ཉིད་དོ་ཞེས་བྱ་བ་ནི་འདི་ཉིད་དགག་པ་དང་འབྲེལ་གྱི་སྔ་མ་ནི་མ་ཡིན་ནོ། །འདི་ན་ནི་མཐའ་དག་གཉིས་མེད་པ་ཁོ་ན་སྟེ། ཐ་དད་པ་ནི་སྣང་བ་མ་ཡིན་ནོ་ཞེས་བརྗོད་པ་

མ་ཡིན་ནོ། །དེ་ལ་མ་ཡིན་པ་ཞེས་བྱ་བ་ནི་ཐ་མི་དད་པའི་རང་བཞིན་ནོ། །འདིས་ནི་ཐ་དད་པ་མ་ཡིན་ལ། ཐ་མི་དད་པ་ཡང་མ་ཡིན་ཏེ། གསལ་བ་ཙམ་མི་བདེན་པ་ཡིན་ནོ་ཞེས་བསྟན་ཏོ། །འོན་ཏེ་གོམས་པ་འདི་ནི་བཟློག་པར་མི་ནུས་པའི་ཕྱིར་བདེན་པ་ཁོ་ནའོ་ཞེ་ན། གོམས་པར་བྱེད་པ་ཞེས་

གསུངས་སོ། །གལ་ཏེ་ཞེས་བྱ་བའི་རྩོད་པ་ལ་འདོད་པ་ནི་ནང་གི་རྒྱུ་ཙམ་ཞིག་ཅེས་བྱ་བའོ། །ཤེས་པ་ཐམས་ཅད་ཁྱབ་པས་སོ། །རྨི་ལམ་ལ་སོགས་པར་ནི་བག་ཆགས་ལས་མ་གཏོགས་པ་ནང་གི་རྒྱུ་ཡོད་པ་མ་ཡིན་ནོ། །གང་གི་ཞེས་བྱ་བ་གཞན་གྱིའོ། །དེ་དང་ཞེས་བྱ་བ་དང་པོ་མཐོང་བ་དང་

མཚུངས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པར་མཐོང་ན་ཞེས་བྱ་བ་ནི་དང་པོ་མཐོང་བ་མེད་པར་འཁྲུལ་པ་ནའོ། །དེའི་ཚེ་འཁྲུལ་པ་ཐམས་ཅད་མཐུན་པ་མཐོང་བ་ལས་ཇི་ལྟར་ཡིན་ཏེ། ཆོས་མཐུན་པ་མཐོང་བ་མེད་ཀྱང་སྲིད་པའི་ཕྱིར་རོ་ཞེ་ན། འདི་འགོག་པ་ནི་མ་ཡིན་ཞེས་བྱ་བའོ། །རང་གི་བདག་

ཉིད་ལ་ཞེས་བྱ་བ་ནི་བཞིན་གཅིག་ལའོ། །ཐ་དད་པ་མ་ཡིན་དུ་ཆུག་མོད་ཅེས་བྱ་བ་ནི་ཚད་མ་དང་གཞལ་བྱ་དང་འབྲས་བུ་རྟོགས་པ་པོ་རྣམས་སོ། །ཡང་ཇི་ལྟར་སྔོན་པོ་ལ་སོགས་རིགས་པ་ཡང་བདེ་བ་ལ་སོགས་པ་ལྟར་རྣམ་པར་གཞག་ཅེ་ན། སྔོན་པོའི་རྣམ་པའམ་ཞེས་བྱ་བའོ། །དེ་ཞེས་བྱ་བ་

བདེ་བ་ལ་སོགས་པའོ། །འདི་ལ་གྲུབ་པའི་མཐའ་པས་བརྗོད་པ་ནི། བདེ་བ་ལ་སོགས་པ་ལ་ཇི་ལྟར་འཛིན་པ་རྣམས་བདག་ཉིད་དུ་གྱུར་པ་ཡིན། འདི་ལ་གཞན་གྱི་ལན་ནི་རང་ཉིད་ཅེས་བྱ་བའོ། །གྲུབ་པའི་མཐའ་པས་འདྲི་བ་ནི་གསལ་བའི་ཞེས་བྱ་བའོ། །གཞན་ལན་འདེབས་པ་ནི་ལྐོག་ཏུ་ཞེས་

བྱ་བའོ། །འདི་ལ་གསུངས་པ་ནི་གལ་ཏེ་དེ་ལྟ་ན་ཞེས་བྱ་བའོ། །གལ་ཏེ་སྔོན་པོ་ལ་སོགས་པ་ནི་གཞན་གྱི་སྟོབས་ཁོ་ནས་ལྐོག་ཏུ་མ་གྱུར་པ་ཡིན་རང་གི་ངོ་བོས་ནི་དེ་དག་ལྐོག་ཏུ་མ་གྱུར་པ་མ་ཡིན་ནོ་ཞེས་སྟོན་པ་ནི་གལ་ཏེ་ཞེས་བྱ་བའོ། །མིག་འཇུག་ཀྱང་སྔོན་པོ་ལྐོག་ཏུ་མ་གྱུར་པར་མི་བྱེད་ལ་མིག་

Vol. 185 · folio 297b

མ་ཞུགས་ཀྱང་སྔོན་པོ་ལྐོག་ཏུ་མ་གྱུར་པ་སྲིད་པ་ཡིན་ནོ་ཞེས་བྱ་བ་དེ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །གལ་ཏེ་ཡུལ་དེ་མི་སྣང་ན་དེའི་ཚེ་ལྐོག་ཏུ་མ་གྱུར་པ་ཁོ་ནའོ་ཞེས་བརྗོད་པ་ནི། གལ་ཏེ་ཡུལ་དེ་མི་སྣང་ན་དེ་ལྟ་ན་ཡང་ལྐོག་ཏུ་མ་གྱུར་པ་ཁོ་ནའོ་སྙམ་ན་གལ་ཏེ་ཞེས་བྱ་བའོ། །མིག་ལ་

སོགས་པ་ལས་བྱུང་བར་མངོན་པར་འདོད་པ་གང་ཡིན་པ་དེའིའོ། །གཞན་དུ་སྣང་བ་བག་ཆགས་ཀྱི་རྒྱུ་ཅན་ཡིན་ན་དེའི་ཚེ་གཞན་དུ་སྣང་བར་འདོད་པའི་སྣང་བ་ལ་ལྟོས་ཏེ། རང་གི་ངོ་བོར་སྣང་བ་གཞན་དུ་གྱུར་པ་ཡིན་ཏེ་ཡང་བག་ཆགས་ཀྱི་རྒྱུ་ཅན་དུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྣང་བ་ཉིད་

ལས་ཤེས་སོ་སྙམ་ན་སྣང་བ་ཚད་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་སྣང་བར་འཁྲུལ་པ་ཡིན་ཏེ་དངོས་པོ་གཞན་དུ་གནས་པ་ལ་རྣམ་པ་གཞན་དུ་འགྱུར་ན། དེའི་ཚེ་བརྟེན་པ་གང་ལས་ཡིན་ཏེ། འགའ་ལས་ཀྱང་མ་ཡིན་ནོ། །རང་གི་ངོ་བོས་སྣང་བར་འདོད་པ་ལས་གཞན་པའི་སྣང་བ་མིག་ལ་

སོགས་པ་ཉེས་པའི་རྒྱུས་སྐྱེད་པར་འདོད་པ་སྟེ་དེ་བཞིན་ནོ། །གལ་ཏེ་ཤེས་པ་མེ་ལོང་ལྟར་ཤིན་ཏུ་གསལ་བ་ཡིན་ན། དེའི་ཉེ་བར་གཞག་པ་ཉེ་བར་གནས་པའི་གཟུགས་བརྙན་འཇོག་པའི་ཕྱིར་ན་མིག་ལ་སོགས་པ་སྣང་བར་ཐལ་ན་དེ་ནི་སྣང་བར་མཐོང་བ་ཡང་མེད་དེ་དེས་ན་མེ་ལོང་ལྟར་སྣང་

བ་མ་ཡིན་ནོ། །ཐལ་བ་ཉིད་བསྟན་པར་བྱེད་པ་ནི་མེ་ལོང་ལ་ནི་ཞེས་བྱ་བའོ། །ཅི་མེ་ལོང་སྣང་བའི་རྒྱུ་ཡིན་པ་དེ་བཞིན་དུ་མིག་ལ་སོགས་པ་ཡང་ཡིན་ནོ་ཞེས་བརྒྱ་ལམ་སངས་རྒྱས་ཁས་ལེན་པ་དེ་ལ་སྨྲས་པ་ནི་མེ་ལོང་ལ་སོགས་བཞིན་དུ་ཞེས་བྱ་བའོ། །དེར་བཤད་པའི་རྣམ་པ་ཆེན་པོ་མ་

ཡིན་པར་མཐོང་བར་འགྱུར་ཏེ། ཆེན་པོ་མ་ཡིན་པ་ཉིད་དུ་སྣང་མོད་ཅི་སྐྱོན་ཞེ་ན། དེས་ན་ཞེས་གསུངས་སོ། །རེ་ཞིག་ཁ་དོག་ནི་ངེས་པར་འགྱུར་རོ་སྙམ་ན་ལིང་ཏོག་ཅེས་སྨོས་སོ། །གང་གི་ཚེ་ལིང་ཏོག་དང་རབ་རིབ་ལ་སོགས་པས་མིག་རྣམ་པ་གཞན་དུ་གྱུར་པ་དེའི་ཚེ་དེར་ཤར་བའི་མདོག་ཀྱང་

རྣམ་པ་གཞན་དུ་འགྱུར་བ་ཡིན་ནོ། །དེས་ན་དེའི་སྒོ་ནས་ཡུལ་དེའི་མདོག་ཅན་དུ་ཇི་ལྟར་ངེས་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མིག་གི་འོད་ཟེར་མིག་འབྲས་ནས་འཐོན་ནས་ཆེན་པོ་ལ་སོགས་པའི་གཟུགས་ལ་ཞུགས་པ་ནི་ཆེན་པོ་ལ་སོགས་པ་རང་གི་རང་བཞིན་དུ་འཛིན་པར་བྱེད་པ་ཡིན་ནོ། །

Vol. 185 · folio 298a

གསལ་བར་བྱེད་པས་ན་སྒྲོན་མ་སྟེ་མིག་གི་སྣང་བའོ། །དེ་དང་འབྲེལ་པ་ལས་གལ་ཏེ་ངོ་བོ་ཁྱད་པར་ཅན་སྐྱེ་ན། དེའི་ཚེ་སྒྲོན་མ་དང་འབྲེལ་པའི་གཟུགས་ཀྱི་རང་བཞིན་རིག་པར་མི་འགྱུར་རོ། །འོན་ཏེ་སྒྲོན་མ་དང་འབྲེལ་པའི་གཟུགས་ལ་སོགས་པ་ལ་ཡང་འཛིན་པར་བྱེད་པ་

གཞན་འདོད་ན་དེའང་ཐུག་པ་མེད་དེ། དེ་ཡང་བཤད་ཟིན་པའི་ཉེས་པ་ཡོད་པའི་ཕྱིར་རོ། །འོན་ཏེ་གཟུགས་ཀྱི་རང་བཞིན་རིག་པ་ཡོད་པ་ན་དེའི་ཚེ་འོད་ཟེར་དེ་དག་འཛིན་པར་བྱེད་པ་ཡིན་ཏེ། མ་ཡིན་པ་ཉིད་དོ། །དེས་ན་སྐྱེས་པ་ཙམ་ལས་ཞེས་བརྗོད་པར་བྱ་བ་ཡིན་ནོ། །དེ་ལྟ་ན་ཡང་ཤེས་པ་ཐམས་ཅད་

ཀྱི་རྣམ་པ་ཅན་དུ་ཐལ་བར་འགྱུར་རོ། །རྒྱུ་ཉིད་ཀྱི་ཡུལ་ཡིན་ན་ཉེས་སྙམ་ན་རྒྱུ་ཉིད་ཀྱིས་གསུངས་སོ། །དེའི་རྣམ་པ་ཙམ་གྱིས་ཡུལ་ཡིན་ན་ཡང་ཉེས་པ་བརྗོད་པ་ནི་དེའི་རྣམ་པ་ཉིད་ཀྱིས་ཞེས་བྱ་བའོ། །གཉི་ག་ལ་ཞེས་བྱ་བ་ནི་དེའི་སྐྱེད་བྱེད་དང་རྣམ་པར་འཇོག་པར་བྱེད་པ་ལའོ། །མྱོང་བ་ཉིད་

དམ་ཞེས་བྱ་བར་རང་རིག་པ་དང་། དེ་ལྟ་མ་ཡིན་པར་རང་རིག་པ་མ་ཡིན་ན་ཡང་ངོ་། །རྟོགས་པ་དང་གཞན་པའི་གནས་སྐབས་མི་རུང་བ་ཉིད་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གྲངས་ཅན་གྱི་ལྟ་བ་ལ་ནི་རྣམ་པ་དང་ལྡན་པ་བློ་ཡིན་ནོ། །དེས་ན་གལ་ཏེ་བློའི་རང་བཞིན་རྟོགས་ན་དེའི་ཚེ་སེམས་ཡོད་པ་

གཞན་གྱིས་ཅི་བྱ། དོན་མེད་པའི་ཕྱི་རོལ་ཞེས་བྱ་བ་ནི་བློའི་རང་བཞིན་རྟོགས་པ་ཉིད་ལས་དོན་གནས་གྲུབ་པའི་ཕྱིར་རོ། །འོན་ཏེ་བློའི་རང་བཞིན་མ་རྟོགས་ན། དེའི་ཚེ་ཡང་རྟོགས་པའི་རང་བཞིན་གྱིས་ཡུལ་རྣམ་པར་འཇོག་པར་མི་ནུས་ཏེ་རྣམ་པ་དང་བྲལ་བའི་ཕྱིར་རོ། །འོན་ཏེ་མ་རྟོགས་པའི་བློ་ཉིད་

ཀྱིས་ཡུལ་རྣམ་པར་འཇོག་པར་བྱེད་ཅེ་ན་མ་རྟོགས་པ་ནི་ཞེས་བྱ་བ་གསུངས་སོ། །རྟོགས་པ་ཞེས་བྱ་བ་རྣམ་པར་གཞག་པའི་ཡུལ་ཞེས་བྱ་བ་རྒྱུ་མ་ཡིན་ནོ། །བློ་ནི་ཤེས་པར་བྱེད་པ་ཡིན་ན་རང་ཉིད་མ་ཤེས་པར་ཇི་ལྟར་ཡུལ་ཤེས་པར་བྱེད་པར་འགྱུར། གལ་ཏེ་བློའི་རང་བཞིན་རྟོགས་སོ་ཞེ་ན་ནི་དེ་ཉིད་

དེའི་རང་བཞིན་རྟོགས་པ་ཡིན་ཏེ། སེམས་པ་ཡོད་པ་གཞན་གྱིས་ཅི་བྱ་བ་སྙམ་དུ་དགོངས་པའོ། །དེ་ལྟ་ན་ཚད་མ་དང་འབྲས་བུ་དག་གཅིག་ཏུ་ཇི་ལྟར་འཐད་སྙམ་ན་བྱ་བ་གཞན་དང་ཞེས་གསུངས་སོ། །དེ་ཉིད་ཅེས་བྱ་བ་ནི་ཤེས་པའི་རྣམ་པའོ། །ད་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པས་བཤད་པར་བྱ་བ་

Vol. 185 · folio 298b

སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་ཉེ་བར་དགོད་པའོ། །དེ་དང་ཁྱད་པར་མེད་པར་ཞེས་བྱ་བ་ནི་ཡུལ་གྱི་ཤེས་པ་དང་ཁྱད་པར་མེད་པར་རོ། །འདི་ཉིད་འཆད་པ་ནི་ཡུལ་གྱི་ཤེས་པ་ཞེས་བྱ་བའོ། །འོན་ཏེ་དྲན་པས་ཡུལ་དུ་བྱས་པའི་སྣང་བ་འདི་ནི་དོན་ཉིད་ཡིན་ནོ་སྙམ་ན་དོན་དང་སྣང་བ་གཅིག་པ་ཉིད་ཡིན་

ནའོ། །དེ་ཉིད་ལ་དེ་ནི་འདི་ལྟ་བུར་གྱུར་པའི་སྣང་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་གྱི་ངེས་པ་དང་། དེ་ལྟ་བུའི་རྣམ་པ་ཅན་གྱི་མ་ངེས་པའོ། །ཆ་གཉིས་དང་ཞེས་བྱ་བ་ནི་ཕྲ་མོ་དང་ཕྲ་མོ་མ་ཡིན་པའི་མཚན་ཉིད་དོ། །འདིའི་ལམ་ནི་འདི་ནི་ཕྱིས་ཞེས་བྱ་བའོ། །འོ་ན་ཤེས་པ་ཡོད་པར་ཇི་ལྟར་

འགྲུབ་སྙམ་ན་དེ་ལ་ཞེས་གསུངས་སོ། །ཇི་ལྟར་དོན་ཤེས་པ་སྟེ་གསལ་བའི་མཆོག་ཏུ་གྱུར་ན། དོན་གྱིས་གོ་བས་ཤེས་པ་ཡོངས་སུ་རྟོགས་པ་དེ་བཞིན་དུ་དྲན་པ་གཞན་དུ་མི་འཐད་པར་ཏེ། དྲན་པར་དོན་གསལ་བ་གཞན་དུ་མི་འཐད་པས་ཀྱང་དྲན་པ་རྟོགས་པ་ཡིན་ནོ། །ཤེས་པ་རིག་པ་མ་ཡིན་ལ།

ཤེས་པ་དེ་ལ་ཚུལ་གཉིས་ཀྱང་ཡོད་ན་ནི་མ་ཡིན་ཏེ། རྣམ་པ་གཉིས་ཀ་མྱོང་བ་མེད་པའི་ཕྱིར་རོ། །འོ་ན་རྗེས་སུ་དཔག་པས་བསྒྲུབ་པོ་སྙམ་ན། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །ཞེས་གསུངས་སོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི་གཏན་ཚིགས་དཔེ་ལ་ཞེས་བྱ་བའོ། །བྲམ་ཟེ་དག་

ཅེས་བྱ་བ་བརྗོད་པ་དེ་ནི་མི་རིགས་སོ་ཞེས་འབྲེལ་ཏོ། །སྐྲ་ཤད་ལ་སོགས་པ་ནི་ཤེས་པ་ལའོ། །དུང་དཀར་པོ་ལ་སེར་པོར་ཤེས་པའོ། །དེ་ལ་ཡང་ཁྱེད་ཀྱིས་དམ་བཅས་པ་ཉིད་མངོན་སུམ་གྱི་གནོད་པ་ཡིན་ནོ་ཞེས་སྟོན་པ་ནི་དེ་ལ་ཞེས་བྱ་བའོ། །ངེས་པ་ཞེས་བྱ་བ་ནི་དྲན་པའོ། །ངེས་པའི་རྣམ་པ་ཉིད་

བརྗོད་པ་ནི། དེ་དེ་ལྟ་བུར་སྣང་ངོ་ཞེས་བྱ་བའོ། །འོན་ཏེ་ཡུལ་ཤེས་པའི་ཤེས་པ་རང་བཞིན་ཅི་འདྲ་བ་ཞིག་སྙམ་ན་ཡུལ་ཤེས་པ་ལ་ཞེས་སྨྲས་སོ། །རྒྱུ་ཉིད་ཀྱིས་ཞེས་བྱ་བ་ནི་ཡུལ་ཤེས་པའི་ཤེས་པ་རྒྱུ་ཡིན་པས་སོ། །ཉམས་མྱོང་བ་ཡང་དེ་ལྟ་བུར་ཞེས་བྱ་བ་དོན་གྱི་རྣམ་པར་འགྱུར་རོ། །དེ་ཡང་

ཞེས་བྱ་བ་ནི་དོན་ཤེས་པའི་ཤེས་པ་དྲན་པའི་མཚན་ཉིད་ལ་སྣང་བའོ། །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་ནི་གསལ་བར་རོ། །དེ་ལྟར་སྣང་ངོ་ཞེས་བྱ་བ་ནི་མི་གསལ་བར་རོ། །གལ་ཏེ་དྲན་པ་ལ་སྣང་བ་འདི་དོན་ཡིན་ན་དེའི་ཚེ་སྐྱེས་བུ་གཞན་གྱིས་ཀྱང་རྟོགས་པར་འགྱུར་རོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི་

Vol. 185 · folio 299a

བདག་ལ་རྟག་ཏུ་ཞེས་བྱ་བའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་བདག་ལ་འབྲེལ་བ་ཉིད་ནའོ། །བདག་ལ་འབྲེལ་པའི་བདེ་བ་ལ་སོགས་པ་ནི་བརྗོད་ཀྱང་གཞན་གྱིས་རྟོགས་པ་མ་ཡིན་ནོ། །དེ་ལྟར་མ་ཡིན་པར་ཡང་ཞེས་བྱ་བ་ནི་མ་བརྗོད་ཀྱང་ངོ་། །གཞན་ཉིད་དོ་ཞེས་བྱ་བ་ནི་བདག་གི་དྲན་

པ་ལས་གཞན་ནོ། །འདི་ནི་གཅིག་གོ་ཞེས་བྱ་བ་ནི་འདིས་རྟོགས་པ་གང་ཡིན་པ་ཉིད་ངས་རྟོགས་སོ་ཞེས་རྣམ་པ་དེ་ལྟར་རྟོགས་པ་ནི་སྐྱེས་བུ་དེ་གཉིས་ལ་མི་འགྱུར་ཏེ། དོན་དེ་ནི་སོ་སོར་བདག་ཉིད་ཐ་དད་པའི་ཕྱིར་རོ། །ཅིའི་ཕྱིར་མཚམས་སྦྱོར་བར་མི་འགྱུར་སྙམ་ན། སེམས་དེ་གཉིས་ནི་ཞེས་གསུངས་

སོ། །འདིར་ཞེས་བྱ་བ་ནི་འཆད་པ་པོ་དང་ཉན་པ་པོའི་སེམས་དག་ལའོ། །གཞན་ལ་གནས་པ་ཡང་ཞེས་བྱ་བ་ནི་གཞན་གྱིས་མ་བརྗོད་ཀྱང་འདྲ་བ་དང་དངོས་པོར་གྱུར་པ་ཡོད་པས་ན། རང་གི་རྟོགས་པའི་རྗེས་སུ་འབྲངས་ནས་རྒྱུན་གཞན་ལ་ཡང་རྟོགས་པར་འགྱུར་རོ། །འདི་ཉིད་འཆད་པ་ནི་གལ་

ཏེ་བདག་གིས་ཀྱང་ཞེས་བྱ་བའོ། །མི་བདེན་པ་བརྗོད་པའི་དུས་ན་ཉན་པའི་བློ་དོན་དང་བྲལ་བ་ཡིན་མོད། དེ་ལས་ཅིར་འགྱུར་སྙམ་ན་ཇི་ལྟར་ཞེས་བྱ་བའོ། །མི་བདེན་པ་བརྗོད་པའི་དུས་ན་ནི་སྨྲ་བ་པོའི་སེམས་ལ་དེ་འདྲ་བའི་དོན་སྣང་བ་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་ཉན་པ་པོས་སྨྲ་བ་པོ་ལ་དེ་འདྲ་བའི་

སྣང་བ་ཡོད་དོ་ཞེས་པར་བྱེད་དོ། །རྣམ་པ་གང་གིས་ཤེས་པ་གཉིས་སྔོན་པོ་ཉམས་སུ་མྱོང་བའི་ཆ་གཉིས་ལ་དམིགས་སྙམ་ན། སྔོན་པོར་སྣང་བ་ཞེས་བྱ་བ་ནི་དོན་གྱི་རྣམ་པ་འཆད་དེ་ཆ་གཅིག་གོ། །ཤེས་པ་ཞེས་བྱ་བ་ནི་རྟོགས་པའི་བདག་ཉིད་དེ་ཆ་གཉིས་པའོ། །གཞན་དག་གིས་ཞེས་བྱ་བ་ནི་བྲམ་

ཟེ་ལ་སོགས་པས་སོ། །ཇི་ལྟར་ཞེས་བྱ་བ་ནི་སྔོན་པོའི་ཤེས་པའོ། །འབའ་ཞིག་པར་ཞེས་བྱ་བ་ནི་དོན་གྱི་རྣམ་པ་དང་བྲལ་བར་རོ། །དོན་གྱིས་གོ་བས་བརྟགས་པ་དེ་ལྟར་ནི་རྗེས་སུ་འབྲང་བ་སུ་ཡང་མེད་དོ། །དེ་ལྟར་རྗེས་སུ་འབྲང་བ་ལྟ་རེ་ཞིག་གཞག་སྟེ། དོན་གྱིས་གོ་བས་ཡང་མི་སྲིད་དོ་ཞེས་

གསུངས་པ་ནི་དོན་གྱིས་གོ་བ་ནི་ཞེས་བྱ་བའོ། །འོན་ཏེ་དོན་གྱིས་གོ་བས་བློ་ཐ་དད་པར་རྗེས་སུ་དཔོག་པ་དེའི་ཉེས་པ་ཅི་ཡོད་སྙམ་ན་དོན་གྱིས་གོ་བས་ཞེས་སྨྲས་སོ། །ཡང་ཇི་ལྟར་དེ་ངེས་པར་བྱ་བ་མ་ཡིན་སྙམ་ན། གང་གི་ཕྱིར་རྟོགས་པར་བྱེད་པར་ནུས་པ་མ་ཡིན་པའི་ཕྱིར་རོ། །དེ་ཉིད་བརྗོད་པ་ནི་གཟུགས་ལ་

Vol. 185 · folio 299b

སོགས་པར་ཞེས་བྱ་བའོ། །རྐྱེན་ཐ་དད་པས་ཞེས་བྱ་བ་རྟོགས་པ་ཞེས་བྱ་བ་འདི་ལ་ནི། གྷ་ཉའི་རྐྱེན་ཡིན་ལ་བློ་ཞེས་བྱ་བ་ལ་ནི་ཀྚི་ནའི་རྐྱེན་ཡིན་ནོ། །འདི་ཉིད་སྡུད་པ་ནི་ཀྚི་ངང་ནི་ཞེས་བྱ་བའོ། །དོན་ཐ་དད་པ་ཡིན་ན་ནི་གྷ་ཉའི་རྐྱེན་གྱི་མཐའ་ཅན་རྟོགས་པ་དེས། ཀྚི་ནའི་རྐྱེན་གྱི་མཐའ་ཅན་གྱི་བློ་འཆད་

པ་སྟེ་བློ་ནི་རྟོགས་པའོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པར་ཇི་ལྟར་འགྱུར། འོ་ན་སྔོན་པོའི་བློ་ཞེས་ཐ་དད་པར་ཇི་ལྟར་སྟོན་སྙམ་ན། སྔོན་པོ་ལ་སོགས་པ་དེ་ཉིད་ཅེས་བྱ་བའོ། །དེའི་རྣམ་པ་ཉིད་རྗེས་སུ་རྟོག་པ་ཞེས་བྱ་བ་ནི་སྔོན་པོའི་རྣམ་པ་ཉིད་ཀྱི་རྗེས་སུ་འབྲང་བའོ། །ཕྱི་མའི་ཤེས་པས་ཞེས་བྱ་བ་

ནི་སྔོན་པོའི་ཤེས་པའི་དེ་མ་ཐག་ཏུ་བྱུང་བ་འདི་ནི་སྔོན་པོའི་རྣམ་པ་ཡིན་ནོ་ཞེས་བྱ་བའི་རྣམ་པར་རྟོག་པས་སོ། །ཐ་དད་པར་ཞེས་བྱ་བ་ནི་རྟོགས་པའི་བཟོས་སྤྲུས་པས་སོ། །དེ་ལྟར་ན་ཚད་མས་གྲུབ་པར་གྱུར་པ་གང་ཡིན་པ་དེ་ལ་བརྟེན་ནས། གཞན་ཚད་མས་མ་གྲུབ་པ་འགོག་པར་འགྱུར་

བ་ཡིན་ནོ། །འདི་ཉིད་སྦྱོར་བར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །འོན་ཏེ་དེ་ནི་ཚད་མས་གྲུབ་པ་ལ་བརྟེན་ནས་བློ་ཉིད་དགག་པར་བྱའོ་སྙམ་ན་དེ་ལ་རེ་ཞིག་ཅེས་བྱ་བའོ། །ཅི་སྟེ་བློར་སྨྲ་བས་ཀྱང་དོན་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་བློ་ཉིད་རབ་ཏུ་མི་འགྲུབ་པར་འགྱུར་རོ་སྙམ་ན། བློ་དང་ལྡན་

པས་ནི་ཞེས་བྱ་བ་སྟེ། རྣམ་པར་ཤེས་པར་སྨྲ་བས་ནིའོ། །གལ་ཏེ་ཇི་ལྟར་བློ་རང་རིག་པས་གྲུབ་པར་ཁས་བླངས་ནས་དོན་ཡོངས་སུ་འདོར་བ་དེ་བཞིན་དུ་དོན་ཡང་རང་རིག་པར་ཁས་བླངས་ནས་བློ་དོར་བར་བྱའོ་སྙམ་ན། འོན་ཏེ་སྔོན་པོ་ལ་སོགས་པའི་རྣམ་པ་ལས་ཐ་དད་པའི་བློ་མེད་དོ་ཞེ་ན་ནི་དེ་

ཡོད་པར་ཇི་ལྟར་འགྱུར་སྙམ་ན་འདི་ལ་བརྗོད་པ་ནི་ཇི་ལྟར་སྐད་ཅིག་ཅེས་གསུངས་སོ། །བློ་གཞན་དྲན་པ་དེ་ལྟར་སྔོན་པོ་ལ་སོགས་པའི་རྣམ་པར་རོ། །དེས་ན་ཞེས་བྱ་བ་ནི་བློ་གཞན་གྱིས་སོ། །སྔོན་པོའི་རྣམ་པར་ཤེས་པ་སྔ་མ་དེ་ཉིད་དྲན་པ་ལ་གནས་པར་ཚད་མར་གང་ལས་ངེས་པར་བྱ་ཞེ་ན།

འདི་ལ་བརྗོད་པ་ནི་དེ་བཞིན་ཉིད་དུ་ཞེས་བྱ་བའོ། དེ་ལྟར་རྟོགས་ཀྱང་གལ་ཏེ་དེ་ལྟར་ཐ་སྙད་མི་བྱེད་ན་ནི་དེའི་ཚེ་ཐམས་ཅད་འཇིག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོ་ན་འདི་ལྟར་དེ་ལ་དོན་གྱི་རྣམ་པ་ཡང་སྣང་བ་ཇི་ལྟར་ཡིན་སྙམ་ན་དེ་ལ་ཤེས་པ་ནི་ཞེས་གསུངས་སོ། །དེ་དང་འབྲེལ་བ་ནི་དོན་དང་འབྲེལ་པའོ། །

Vol. 185 · folio 300a

རྒྱུ་དེས་ན་ཞེས་བྱ་བ་ཤེས་པའི་ཡུལ་དེའོ། །གཞན་དུ་ཞེས་བྱ་བ་ནི་དོན་མེད་པའོ། །དེ་ལྟར་ནི་དོན་དང་བཅས་པར་རོ། །གལ་ཏེ་དེ་ལྟར་ན་ཡང་དོན་ཐ་དད་པ་ཉིད་དྲན་པར་འགྱུར་མོད་ཤེས་པ་སྔ་མའི་བདག་ཉིད་དུ་གྱུར་པར་གོ་དྲན་སྙམ་ན་དེས་དེ་ལ་ཞེས་བྱ་བ་སྟེ། དོན་ལ་རྒྱུ་

དེས་ན་དེའི་རྣམ་པ་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ཉིད་ལ་སྟོབས་ཞེས་བརྗོད་པ་ཡིན་ལ། དེ་ཡང་འཁྲུལ་ནས་འགྱུར་བ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་དོན་གྱི་རྣམ་པ་ཉིད་དུ་རྟོགས་པར་འགྱུར་རོ། །གཉིས་ལ་ཡང་ཞེས་བྱ་བ་སྣང་བ་དང་ཡིད་ལ་བྱེད་པ་ལ་ཡང་ངོ་། །གང་གི་ཕྱིར་དེ་ལྟ་བུའི་ཉེས་པ་

ཡོད་པ་དེས་ན་དེ་ནི་མི་རུང་ངོ་། །འོན་ཏེ་གཟུགས་མེད་པར་སྣང་བ་གཟུང་བར་མི་ནུས་པས་ན་སྣང་བ་གཟུགས་སུ་འགྱུར་རོ། །རྣམ་པར་ཤེས་པ་ནི་གཞན་དུ་ཡང་འཛིན་པ་ཡིན་ནོ་སྙམ་ན། ཇི་ལྟར་གཟུགས་ཞེས་གསུངས་སོ། །འབྲས་བུ་ཉིད་ཀྱིས་དེ་ལྟར་རྟོགས་ན་ཡང་ཞེས་བྱ་བ་ནི་རྣམ་པར་

ཤེས་པ་འབྲས་བུ་ཡིན་པའི་ཕྱིར་དེ་དྲན་ན་རྒྱུ་གཟུགས་ཀྱང་དྲན་པ་ཡིན་ནོ་ཞེས་ཁས་ལེན་ནའོ། །ཡང་ཇི་ལྟར་ན་ངེས་པ་འདིར་མི་འགྱུར་སྙམ་ན་དོན་དེ་ནང་དུ་ཞེས་གསུངས་སོ། །དང་པོ་ཞེས་བྱ་བ་ནི་དོན་འཛིན་པའོ། །གཉི་གའི་རང་བཞིན་མ་ཡིན་ཏེ་ཞེས་བྱ་བ་ནི་འདི་ཉིད་གསལ་བར་བྱེད་པ་ནི་འཛིན་

པའི་རྣམ་པ་འབའ་ཞིག་ཅེས་བྱ་བའོ། །གཉིས་པ་ཡང་ཞེས་བྱ་བ་ནི་དོན་གྱིས་ཤེས་པ་ལ་འཛིན་པར་བྱེད་པ་ལ་ཡང་ངོ་། །ངེས་པར་འཛིན་པའི་སེམས་ཀྱིས་ཞེས་བྱ་བ་དེ་ཉིད་གསལ་བར་བྱེད་པ་ནི་གཉིས་པ་ཞེས་བྱ་བ་སྟེ། ཤེས་པ་གཉིས་པ་ལ་ངེས་པར་འཛིན་པ་དྲན་པའི་མཚན་ཉིད་ཀྱི་

སེམས་དེ་དེས་སོ། །དེ་ཡང་ཞེས་བྱ་བ་ནི་གཉིས་པ་ཡང་ངོ་། །རང་བཞིན་གཅིག་པ་ཉིད་ལ་ཞེས་བྱ་བ་འདི་ཉིད་ཀྱིས་དོན་བརྗོད་པ་ནི་འཛིན་པའི་རྣམ་པར་ཞེས་བྱ་བའོ། །གཉིས་པ་ཞེས་བྱ་བ་ནི་དོན་ཤེས་པ་དྲན་པའོ། །བློ་སྔ་མ་ཞེས་བྱ་བ་ནི་དོན་འཛིན་པའོ། །རྣམ་པར་ཤེས་པ་སྔ་མ་དོན་གྱི་རྣམ་པ་

ཅན་དུ་སྦྱོར་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་ལྡོག་པའི་སྒོ་ནས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་དོན་གྱིས་ཤེས་པ་དོན་རྣམ་པ་ཅན་དུ་མ་གྱུར་ན་དེའི་ཚེ་བློ་སྔ་མ་འབའ་ཞིག་ཀྱང་དམིགས་པར་འགྱུར་རོ། །འཛིན་པ་ལ་ཡང་ཐེ་ཚོམ་ཟ་བ་ཡིན་ཏེ་གཟུང་བ་མ་དྲན་ན་ནི་འཛིན་པར་བྱེད་པ་མ་ཡིན་ནོ། །ཕྱེད་ཕྱི་

Vol. 185 · folio 300b

མ་འཆད་པ་ནི་འཛིན་ཕྱིར་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་གཟུང་བའི་བྱ་བ་དང་བྲལ་བ་ཉིད་འཛིན་པར་བྱེད་པ་དེའི་རང་བཞིན་ཡིན་པ་སྟེ། གཟུང་བ་ཉེ་བ་ན་གཞན་ཉིད་དུ་ཞེས་བྱ་བ་གཟུང་བའི་བྱེད་པ་དང་ལྡན་པའི་རང་བཞིན་དུ་ནི་གྱུར་པ་མ་ཡིན་ནོ། །རྒྱུ་དེས་ན་འཛིན་པར་བྱེད་པ་མ་ཡིན་པའི་རང་བཞིན་གཞན་

དུ་དྲན་པར་གྱུར་པ་དེ་ནི་དེ་ལྟ་བུར་གྱུར་པ་ཉིད་ཅེས་བྱ་བ་འཛིན་པར་བྱེད་པ་མ་ཡིན་པའི་རང་བཞིན་དུ་དྲན་པར་བྱ་བ་དེ་ཇི་ལྟར་འཛིན་པར་བྱེད་པ་ཡིན། དེ་སྣང་བ་ཉིད་ཅེས་བྱ་བ་ནི་གཟུང་བ་སྣང་བ་ཉིད་དོ། །འདིའི་ཞེས་བྱ་བ་ནི་འཛིན་པར་བྱེད་པའོ། །གཟུགས་ལ་སོགས་པའི་བདག་ཉིད་དང་འཛིན་པར་བྱེད་པ་

གཅིག་ཉིད་དོ། །དེ་སྐད་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་སོ། །དེ་ནི་ཞེས་བྱ་བ་ནི་ཤེས་པ་སྔ་མ་སྔ་མའོ། །ཡུལ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པ་དང་བྲལ་བའི་ཕྱིར་རོ། །འདི་ཉིད་གཞུང་འཛུགས་པ་ནི་གང་གི་ཕྱིར་ཞེས་བྱ་བའོ། །དེ་ལས་ཏེ་ཤེས་པ་དང་པོ་ལས་བྱུང་བའོ། །དེའི་

ཞེས་བྱ་བ་ཤེས་པ་སྔ་མའི་དོན་གྱི་རྣམ་པ་དང་རིག་པའི་རྣམ་པ་གང་ཡིན་པའོ། །ཤེས་པའི་ཤེས་པ་དྲན་པའི་མཚན་ཉིད་ཅན་སྐྱེས་པར་གྱུར་པ་ན། དེའི་ཞེས་བྱ་བ་ཤེས་པ་སྔ་མའི་རྣམ་པ་དང་ལྡན་པར་འགྱུར་བ་ཡིན་ཏེ། དཔེར་ན་ཐག་རིང་པོའི་ཤིང་ལས་སྐྱེས་པའི་ཤེས་པ་ཤིང་གི་རྣམ་པ་དང་

ལྡན་པར་འགྱུར་བ་ཡིན་ནོ། །དེ་གནས་པ་ཉིད་ཅེས་བྱ་བ་ནི་དོན་གནས་པ་ཉིད་ཤེས་པ་དེའི་རང་བཞིན་ནོ། །བདེ་བ་ལ་སོགས་པའི་རང་བཞིན་དུ་ཤེས་པ་ངེས་པར་རྟོག་པ་ཡིན་ནོ་སྙམ་ན། བདེ་བ་ལ་སོགས་པའི་ཞེས་སྨོས་སོ། །བདེ་བ་ལ་སོགས་པའི་ཞེས་བྱ་བ་ནི་འཆད་པའོ། །ཁྱེད་ལ་ཞེས་བྱ་བ་ནི་རིགས་

པ་ཅན་ལ་སོགས་པ་ལའོ། །འོན་ཏེ་བདེ་བ་ལ་སོགས་པ་ཡུལ་ཡིན་ཡང་རྣམ་པར་ཤེས་པ་ནི་དེ་དག་ལས་ཐ་དད་མ་ཡིན་གྱི། འོན་ཀྱང་དེ་དག་ཉིད་ཡིན་ནོ་སྙམ་ན་ཇི་ལྟར་ཞེས་བྱ་བའོ། །གཉིས་ཀ་ཡང་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་དང་སྔོན་པོ་ལ་སོགས་པའོ། །འོན་ཏེ་བདེ་བ་ལ་སོགས་པ་ཁོ་ན་སྔོན་

པོ་ལ་སོགས་པའི་འཛིན་པར་བྱེད་པ་ཡིན་ནོ། །དེས་ན་སྔོན་པོ་ལ་སོགས་པ་ལས་ཐ་དད་པར་ཤེས་པ་རྟོག་པ་ཁོ་ནའོ་སྙམ་ན། བདེ་བ་ལ་སོགས་པ་ནི་ཞེས་བྱ་བའོ། །དེ་མེད་ཀྱང་ཞེས་བྱ་བ་ནི་བདེ་བ་ལ་སོགས་པ་མེད་ཀྱང་རང་གི་ངོ་བོའི་ཁྱད་པར་ཞེས་བྱ་བ་གསལ་བའི་རང་བཞིན་གྱིས་བྱས་པ་ཉིད་དོ། །དེ་

Vol. 185 · folio 301a

མེད་པར་ཏེ་གསལ་བའི་རང་བཞིན་མེད་པར་འཛིན་པར་བྱེད་པ་མེད་པའི་ཕྱིར་རོ། །སྔོན་པོ་ལ་སོགས་པ་ནི་ཞེ་ལྐོག་ཏུ་མ་གྱུར་པ་ཉིད་གསལ་བའི་རང་བཞིན་མེད་པར་སྔོན་པོ་ལ་སོགས་པའི་འཛིན་པར་བྱེད་པ་དམིགས་པ་མེད་ཀྱི་འོན་ཀྱང་སྔོན་པོ་ལ་སོགས་པའི་འཛིན་པའི་བྱེད་པ་ནི་གསལ་

བའི་རང་བཞིན་ཁོ་ན་ཡིན་ནོ། །དེ་ཡང་བདག་ཉིད་དུ་གྱུར་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །ཕྱི་རོལ་གྱི་ཟླ་བ་ཉིད་ལ་ཟླ་བ་བདག་གཉིས་སུ་མཐོང་བ་ཉིད་ཀྱིས་ཐ་དད་པར་མཐོང་བར་འགྱུར་བ་དེ་བཞིན་དུ་རྣམ་པར་ཤེས་པ་བདག་ཉིད་ལ་ཡང་ཡུལ་གྱི་རྣམ་པ་དང་རྟོགས་པའི་རྣམ་པ་གཉིས་

སུ་རྣམ་པར་ཤེས་པ་རང་བཞིན་གཅིག་ཉིད་ལ་མཐོང་བ་ཡིན་ལ། ཡུལ་གྱི་རྣམ་པ་དང་རྟོགས་པའི་བདག་ཉིད་ཀྱང་ཐ་དད་ཁོ་ནར་སྣང་བ་ཡིན་ནོ་ཞེས་འགའ་ཞིག་འཆད་པ་སུན་དབྱུང་བའི་དོན་དུ་ཕྱོགས་སྔ་མ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ཞེས་བྱ་བ་རྣམ་པར་ཤེས་པའི་བདག་ཉིད་ལ་ནི་ཇི་

ལྟར་ཐ་དད་པར་མཐོང་རང་བཞིན་དེ་ཉིད་ནི་གཞན་དུ་འགྱུར་བ་མ་ཡིན། འདི་ཉིད་འཆད་པ་ནི་ཇི་ལྟར་ཞེས་བྱ་བའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་ཤེས་པས་སོ། །གཞན་གྱི་ངོ་བོར་ཞེས་བྱ་བ་ནི་རང་བཞིན་ཐ་དད་པར་རོ། །དེ་ཞེས་བྱ་བ་རང་བཞིན་ལ་མ་རྟོགས་པར་ཐལ་བའི་ཕྱིར་རོ། །ཡུལ་གཅིག་ལ་ཡང་

ཐ་དད་པར་མཐོང་བར་རིགས་ཏེ་ཞེས་ཕ་རོལ་གྱིས་བརྗོད་པ་གང་ཡིན་པ་དེ་རེ་ཞིག་སུན་འབྱིན་པ་ནི་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འདི་ལྟར་ཞེས་བྱ་བ་ནི་གཞན་གྱི་རང་ཉིད་ཀྱིས་རང་བཞིན་ཅི་འདྲ་བ་དེས་ཀྱང་གཞན་རྟོགས་པར་མི་ནུས་ན། གཞན་གྱིས་ལྟ་བ་གཞན་རྟོགས་པར་ནུས་རེ་སྐན། དེས་ན་

ཡུལ་གཅིག་ལ་ཡང་ཐ་དད་པར་མཐོང་བ་ཞེས་བྱ་བ་ནི་སྔར་ཟླ་བ་གཅིག་ཡིན་ནོ། །ལྷག་མ་ནི་ཁས་ལེན་པ་ཉིད་དོ། །འོ་ན་རྣམ་འགྲེལ་འདིའི་དོན་ཅི་སྙམ་ན། དེས་ན་དོན་འདི་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་ཐ་དད་པ་མི་རྟོགས་ན་ཅི་ཞིག་རྟོགས་ཤེ་ན་གལ་ཏེ་ཞེས་བྱ་བའོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་

སྔར་ཟླ་བ་གཅིག་མཐོང་བར་འགྱུར་རོ་ཞེས་བྱ་བའོ། །ཟླ་བ་གཉིས་པ་ནི་དེ་ལྟ་ཁོ་ན་མཐོང་ངོ་ཞེས་བྱ་བ་ནི་ལྡོག་པའོ། །དེས་ན་འདི་གཉིས་ཐ་དད་དོ་ཞེས་བྱ་བ་ནི་རྟོགས་པ་ཡིན་ནོ། །དེ་ལྟ་ན་འོ་ན་ཞེས་དོགས་པ་བསུ་བ་ནས་གྲུབ་པའི་མཐའ་བྱེད་པ་ནི་དེ་ནི་དེ་བཞིན་ཏེ་ཞེས་བྱ་བའོ། །ཐ་དད་པའི་རྒྱུ་ཞེས་བྱ་

Vol. 185 · folio 301b

བ་ནི་ཐ་དད་པའི་ཐ་སྙད་ཀྱི་རྒྱུའོ། །སྔོན་པོ་དང་སེར་པོ་དག་ནི་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་གཅིག་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ཁས་བླངས་པ་ཙམ་ཡིན་ནོ། །གང་གིས་འགལ་བ་ཆོས་གནས་པར་འགྱུར། འདི་ལ་འགལ་བ་གང་ཞིག་ཡོད་སྙམ་ན། འདི་ལ་འགལ་བ་ཡང་ཞེས་བྱ་བའོ། །རྣམ་

པ་གཞན་བརྗོད་པ་ནི་ཐ་དད་པར་ནི་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཞེས་བྱ་བ་ནི་ཐ་དད་པ་དང་ཉེ་བར་སྦྱར་བའོ། །གཞན་ལ་ཞེས་བྱ་བ་ནི་སངས་རྒྱས་པ་ལའོ། །ཡང་ཇི་ལྟར་ན་འདི་མིང་ཙམ་ཡིན་སྙམ་ན། གལ་ཏེ་དེ་ལ་ཞེས་བྱ་བའོ། །འོ་ན་ཇི་ལྟར་ཞེས་དོགས་པ་བསུ་བ་ནས་

བརྗོད་པ་ནི་དེའི་ཚེ་ཞེས་བྱའོ། །སེར་པོ་དང་མི་འབྲལ་བའི་སྔོན་པོ་གང་ཡིན་པ་དེ་ཉིད་ཁྱེར་ལ་ཤོག་ཅེས་བརྗོད་པ་ནི་སྔོན་པོ་ཙམ་ཞིག་ཁྱེར་ནས་འོངས་པར་མཐོང་གི་སེར་པོ་ནི་མ་ཡིན་ནོ་ཞེས་བརྩད་པ་ལ། ལན་ལྡོག་པ་ནི་བྲལ་བ་མེད་པའི་སྔོན་པོ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ཡང་སྔོན་པོ་དང་

སེར་པོ་ཐ་དད་པའི་ཐ་སྙད་མཐོང་བ་ཇི་ལྟར་བསྒྲུབ་སྙམ་ན། ཐ་དད་པའི་ཐ་སྙད་ནི་ཞེས་བྱ་བའོ། །འོན་ཏེ་ཞེས་ཤེས་པ་གཞན་གྱིས་དོན་མཐོང་བ་ཡིན་ནོ་སྙམ་ན། འདི་ལ་བརྗོད་པ་ནི་དེ་ཞེས་སྨོས་ཏེ་དོན་དེའོ། །དེར་སྔོན་པོའི་རྣམ་པ་ཁོ་ན་དོན་ཡིན་པར་འགྱུར་རོ་སྙམ་ན། དེ་ཞེས་གསུངས་སོ། །སྔོན་པོའི་

རྣམ་པ་ཡང་ངོ་། །གཞན་དུ་ནི་ཞེས་བྱ་བ་ནི་ཀ་བ་དང་བཅས་པར་འདོད་པར་རོ། །རྒྱུར་གྱུར་པ་ཕྱིའི་དངོས་པོ་འགའ་ཞིག་མ་ཚང་བས་གཞན་ཀ་བས་སྟོང་པར་ཀ་བའི་རྣམ་པ་ཅན་གྱི་ཤེས་པ་མི་འབྱུང་བའོ། །གལ་ཏེ་དེ་ལྟ་ན་ཡང་ཞེས་བྱ་བ་ནི་ཁྱད་པར་དང་བྲལ་བ་མཐོང་བའི་ཤེས་པ་དང་གཅིག་ཉིད་ཡིན་པས་ཇི་

ལྟར་དོན་བསྒྲུབ་པར་འགྱུར་ཞེ་ན། ཕྱི་རོལ་གྱིས་ཞེས་སྨོས་སོ། །དེ་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བའི་དོན་ཏོ། །གཞན་ཞེས་བྱ་བ་ནི་དེ་མ་ཐག་པ་ལས་ཐ་དད་པའོ། །འོ་ན་ཇི་ལྟར་སྔར་གཏན་མཐོང་བ་མེད་པའི་དོན་རྟོགས་པར་བྱེད་སྙམ་ན། རྟེན་གཞན་མེད་པར་ཞེས་སྨོས་སོ། །གཞན་དུ་ནི་

མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་སྔོན་མ་མཐོང་བའི་དོན་ཡོངས་སུ་རྟོགས་པའོ། །དེ་ཉིད་ཀྱིས་ནི་ཞེས་བྱ་བ་ནི་གོང་བུའི་རྣམ་པར་སྣང་བའི་ཤེས་པ་ནི་སྐྱེད་པར་བྱེད་པའི་ཤེས་པ་མཐོང་བ་མ་ཡིན་ཏེ། གོང་བུའི་རྣམ་པ་དེ་ནི་ཤེས་པའི་རྣམ་པ་ཡིན་པའི་ཕྱིར་ཇི་ལྟར་ཕྱི་རོལ་མཐོང་བ་ཡིན་ཏེ། སྐྱེས་བུ་

Vol. 185 · folio 302a

གཞན་གྱིས་གོང་བུའི་རྣམ་པར་སྣང་བའི་ཤིང་གི་རྣམ་པ་སྐྱེད་པར་བྱེད་པའི་ཤིང་མཐོང་ངོ་ཞེ་ན། འདི་ལ་དཔྱད་ཟིན་ཏེ། དེས་ཀྱང་ཅི་ལྟར་མཐོང་སྟེ། དེ་ཡང་རང་གི་རྣམ་པ་ཙམ་རིག་པའི་ཕྱིར་རོ་ཞེས་བྱ་བ་དེར་རོ། །གལ་ཏེ་ཡང་དེ་ཙམ་གྱིས་རྟོགས་པ་ཡིན་མོད་ཀྱི་དེ་ལྟར་ན་ཡང་

ཉེས་པ་གཞན་བརྗོད་པའི་དོན་དུ་ཕ་རོལ་ཉེ་བར་འགོད་པ་ནི་དེ་ཉིད་ཀྱིས་ཞེས་བྱ་བ་ནི། གང་ལ་གོང་བུའི་རྣམ་པ་ཅན་གྱི་ཤིང་དུ་སྣང་བ་བསྐྱེད་པ་དེ་ཉིད་ཀྱིས་ཕྱིས་ཤིང་མཐོང་ངོ་ཞེ་ན། འདི་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཕྱིས་མཐོང་བ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆུག་ཀྱང་གི་སྒྲའི་དོན་

ཏོ། །ཕྱིས་ཉིད་འགྱུར་མོད་སྔར་གོང་བུའི་རྣམ་པ་ཅན་གྱི་ཤིང་མཐོང་བའི་དུས་སུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དམིགས་པ་ཞེས་བྱ་བའོ། །གཞན་ཡང་དུས་ཕྱིས་འབྱུང་བའི་ཤིང་དུ་རྟོགས་པ་དེ་ཡང་ཤེས་པའི་རྣམ་པ་ཉིད་ཡིན་གྱི་དོན་གྱི་ནི་མ་ཡིན་ནོ། །དེས་ན་མ་འདྲེས་པའི་ཡན་ལག་ཅན་གྱི་

ཤིང་རྟོགས་པ་དེར་ཡང་ངོ་། །ངེས་པའི་རྒྱུ་ཞེས་བྱ་བ་ནི་སྔོན་པོ་དང་སེར་པོའི་རྣམ་པའི་རྒྱུའོ། །འོ་ན་ཇི་ལྟར་ཕྱི་རོལ་གྱི་གཞལ་བྱ་ཡང་རྗེས་སུ་དཔག་པར་ནུས་ཤེ་ན། གལ་ཏེ་ཞེས་བྱ་བའོ། །རྟོག་པ་ལ་ནི་ཕྱི་རོལ་གྱི་གཞལ་བྱ་ཁས་ལེན་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཕྱི་རོལ་གྱི་དོན་

མེད་པར་གྱུར་ན། རྒྱུ་དང་འབྲས་བུ་ཉིད་ནི་ཤེས་པ་ཡིན་པར་འགྱུར་རོ། །ཤེས་པ་དེ་དག་ལ་ཡང་རིགས་པ་འདི་ནི་སྔར་འགྱུར་དགོས་ལ། འདི་ནི་ཕྱིས་ཁོ་ནའོ་ཞེས་བྱ་བ་རྣམ་པ་ཉིད་ཡིན་གྱི་དོན་གྱི་ནི་མ་ཡིན་ནོ། །དེས་ན་མ་འདྲེས་པའི་ཡན་ལག་ཅན་གྱི་ཤིང་རྟོགས་པ་དེར་ཡང་ངོ་། །ངེས་པའི་རྒྱུ་ཞེས་

བྱ་བ་ནི་སྔོན་པོ་དང་སེར་པོའི་རྣམ་པའི་རྒྱུའོ། །འོ་ན་ཇི་ལྟར་ཕྱི་རོལ་གྱི་གཞལ་བྱ་ཡང་རྗེས་སུ་དཔག་པར་ནུས་ཤེ་ན། རྟོག་པ་ལ་ནི་ཕྱི་རོལ་གྱི་གཞལ་བྱ་ཁས་ལེན་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཕྱི་རོལ་གྱི་དོན་མེད་པར་འགྱུར་ན། རྒྱུ་དང་འབྲས་བུ་ཉིད་ནི་ཤེས་པ་མ་ཡིན་པར་

འགྱུར་རོ། །ཤེས་པ་དེ་དག་ལ་ཡང་རིགས་པ་འདི་ནི་སྔར་འགྱུར་དགོས་ལ། འདི་ནི་ཕྱིས་ཁོ་ནའི་ཞེས་བྱ་བ་རྣམ་པ་དེ་ལྟ་བུའི་མཚན་ཉིད་ཅན་གྱི་ངེས་པ་གང་ཡིན་པ་དེ་མེད་པའི་ཕྱིར། འབྲས་བུ་མེད་ཅིང་རྒྱུ་ཡང་མེད་དོ། །ངེས་པ་མེད་པ་ཉིད་སྟོན་པ་ནི། འདི་ལྟར་ཞེས་

Vol. 185 · folio 302b

བྱ་བའོ། །དེ་ལས་ནི་སོ་སོར་སྣང་བ་ལས་སོ། །སེར་པོར་སྣང་བ་ལས་མ་གཏོགས་པར་ཞེས་བྱ་བ་ནི། སྔོན་པོར་སྣང་བ་ནི་རྣམ་པར་ཤེས་པ་དང་བྲལ་བའི་སྔོན་པོར་སྣང་བ་ཉིད་སེར་པོར་ཤེས་པ་དེའི་རྒྱུ་ཡིན་པར་འགྱུར་རོ། །ཡང་ཇི་ལྟར་དེ་སེར་པོར་སྣང་བ་དང་

བྲལ་སྙམ་ན་སེར་པོ་མེད་པས་ཞེས་བྱ་བའོ། །གལ་ཏེ་དེའི་ཚེ་སེར་པོ་ཡོད་པ་ཡིན་ན་ནི་དེ་དང་ལྷན་ཅིག་པའི་སྔོན་པོའི་ཤེས་པ་ཉིད་སེར་པོའི་ཤེས་པའི་རྒྱུར་འགྱུར་བ་ཡིན་ནོ། །འོ་ན་ཚུལ་འདིས་སྔོན་པོར་སྣང་བ་ཉིད་སེར་པོར་ཤེས་པའི་རྒྱུར་གྱུར་ལ་རག་གོ་སྙམ་ན། དེ་ལ་ཡང་ངེས་པ་ཞེས་གསུངས་སོ། །

ཅིའི་ཕྱིར་ངེས་པ་མེད་སྙམ་ན། གང་གི་ཕྱིར་སེར་པོར་སྣང་བའི་རྣམ་པར་ཤེས་པ་དེ་ལས་ཀྱང་སྔོན་པོར་སྣང་བར་འགྱུར་བའི་ཕྱིར་རོ། །ཕྱིའི་དོན་གྱི་ཕྱོགས་ལ་ཡང་ཉེས་པ་འདིར་ཇི་ལྟར་མི་འགྱུར་སྙམ་ན། དེར་ཞེས་བྱ་བ་ནི། སེར་པོའི་ཤེས་པའི་དེ་མ་ཐག་པ་སྔོན་པོའི་ཤེས་པའི་

དེ་མ་ཐག་པ་ལའོ། །གལ་ཏེ་དེ་ལྟ་ན་ཡང་སེར་པོ་ལ་སོགས་པའི་མཚུངས་པ་དེ་མ་ཐག་པའི་རྐྱེན་གཅིག་ཁོ་ན་ལས་སྔོན་པོ་དང་སེར་པོའི་རྣམ་པར་ཤེས་པ་འབྱུང་བར་ཇི་ལྟར་འགྱུར་སྙམ་ན། མཚུངས་པ་དེ་མ་ཐག་པའི་ཞེས་སྨོས་སོ། །མྱ་ངན་གྱི་ཡུལ་ལ་གནས་པའི་རྡོ་རྗེའི་དུམ་

བུ་ལ་སོགས་པ་ཆུང་ངུ་ལས་ཀྱང་ངོ་། །བཟློག་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མྱུ་གུ་ལ་སོགས་པ་སྐྱེ་བ་ནིའོ། །དེ་ལས་ཀྱང་ཞེས་བྱ་བ་ནི་མྱུ་གུར་སྣང་བ་ལའོ། །གང་ལ་དུ་བ་ཡོད་པ་དེ་ན་གདོན་མི་ཟ་བར་གཞན་གྱི་མེར་སྣང་བ་ཡོད་པ་ནི་མ་ཡིན་ནོ་ངེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། གང་ན་དུ་

བར་སྣང་བ་ཡོད་པ་དེར་གདོན་མི་ཟ་བར་འགྱུར་རང་གི་མེར་སྣང་བ་ཡོད་པར་འགྱུར་རོ་ཞེས་བྱ་བ་ངེས་པ་ཡོད་པ་མ་ཡིན་ཏེ། འབྲེལ་པ་ལ་སོགས་མི་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་བློ་ཉིད་ལ་བརྟེན་ནས་དེ་ལྟར་རྣམ་པར་གཞག་པར་བྱའི་གཞན་དུ་ནི་མ་ཡིན་ཞེ་ན། གང་གི་ཞེ་ན་སྣང་བ་ཉིད་དགོས་ཀྱི་

མི་སྣང་བའི་དོན་ནི་མ་ཡིན་ཏེ། དེས་ན་སྣང་བ་ཉིད་ལ་བརྟེན་ནས་རྣམ་པར་འཇོག་པ་ནི་རིགས་པ་དང་ལྡན་པ་ཡིན་ནོ། །འོན་ཏེ་གལ་ཏེ་དོན་མེད་ན་དེའི་ཚེ་སྣང་བ་ཉིད་ཡོད་པར་མི་འགྱུར་རོ། །དེས་ན་སྣང་བ་ཁས་བླང་བའི་དོན་དུ་ཡང་གདོན་མི་ཟ་བར་དོན་ཁས་བླང་བར་བྱའོ། །འདི་ལྟར་ཞེས་

Vol. 185 · folio 303a

གསུངས་སོ། །སྣང་བ་མེད་པར་ཡང་དོན་འགྱུར་བ་ཉིད་དོ། །དེས་ན་སྣང་བ་དང་བྲལ་བའི་དོན་ཉིད་ཁས་བླང་བར་བྱའོ་སྙམ་ན། སྣང་བ་མེད་ན་ཞེས་གསུངས་སོ། །སྣང་བ་དང་བྲལ་བའི་ཕྱི་རོལ་ནི་ཁས་བླང་བར་མི་ནུས་པ་ཁོ་ནའི་ཞེས་བྱ་བའི་དོན་ཏོ། །ས་བོན་དུ་སྣང་བ་དང་

བྲལ་བའི་མྱུ་གུ་འབའ་ཞིག་སྣང་བར་འགྱུར་ན་མྱུ་གུར་སྣང་བ་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །མྱུ་གུར་སྣང་བའི་རྒྱུ་མེད་པ་ས་བོན་དུ་སྣང་བ་མེད་ཀྱང་དེ་ཡོད་པའི་ཕྱིར་རོ། །ཕ་རོལ་པོ་ཉིད་སངས་རྒྱས་པའི་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །མྱུ་གུར་སྣང་བ་དེ་ན་སྐྱེས་བུ་གཞན་གྱི་ས་བོན་དུ་

སྣང་བ་ཡོད་པས་ནའོ། །འདི་ཕྱི་རོལ་པོ་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་གདོན་མི་ཟ་བར་གཞན་གྱི་སྣང་བ་ཡོད་དོ་ཞེས་བྱ་བའི་ངེས་པ་གང་ཡིན་པ་མེད་པའི་ཕྱིར་རོ་ཞེ་ན། འདི་ལ་གྲུབ་པའི་མཐའ་པས་དེ་ཡང་མཚུངས་སོ་ཞེས་གསུངས་སོ། །ལན་བཏབ་ཟིན་ཏོ་ཞེས་བྱ་བ་ནི་ཕྱིས་

ཉིད་ཡོད་མོད། སྔར་གོ་ཡོད་པར་ཇི་ལྟར་འགྲུབ་ཅེས་བྱ་བ་དེར་རོ། །འབྲས་བུ་གྲུབ་པ་མྱུ་གུ་ལས་མི་སྣང་བ་ཡང་ས་བོན་ཡོད་པར་ཤེས་སོ། །འདི་ལ་ཞེས་བྱ་བ་ནི་སྣང་བ་ས་བོན་ལ་སོགས་པ་ཡང་ཁྱད་པར་འཛིན་པའི་དུས་སུ་མཐོང་བ་ཉིད་ཡིན་ནོ་ཞེ་ན་འདི་འགོག་པ་ནི་འོ་ན་ཞེས་བྱ་བའོ། །གལ་

ཏེ་ཕྱི་རོལ་ནི་དོན་དམ་པ་ཁོ་ན་ཡོད་པ་ཡིན་གྱི་སྒྲོ་བཏགས་པ་ཙམ་དུ་ནི་མ་ཡིན་ནོ་སྙམ་ན། རྗེས་སུ་དཔག་པའི་དུས་སུ་སྨོས་སོ། །གཞན་ཞེས་བྱ་བ་ནི་དུ་བ་སྐྱེད་པ་ལས་སོ། །དོན་ཡང་གཞན་ཉིད་དེ་སྐད་ཅིག་ཡིན་པའི་ཕྱིར་རོ། །གང་གིས་དུ་བ་བསྐྱེད་པ་ཉིད་ནི་དེ་ཚེ་ཡོད་པ་མ་ཡིན་ནོ། །དེ་ཡང་

ནི་ཕྱི་ལ་ཡང་ངོ་། །ཇི་ལྟར་ངས་མཐོང་བའི་ཟླ་བ་གཉིས་པོ་གང་ཡིན་པ་དེ་ཉིད་འདིས་ཀྱང་ཡིན་ནོ་ཞེས་དོན་དམ་པར་ཐ་དད་པར་ཡང་ཐ་སྙད་དུ་འགྱུར་བ་དེ་བཞིན་དུ་བདག་གིས་དུ་བ་ལས་དཔག་པའི་མེར་སྣང་བ་གང་ཡིན་པ་དེ་ཉིད་འདིས་ཀྱང་རྟོགས་སོ་ཞེས་གཞན་ལ་ཡང་ཞེས་བྱ་བ་སྣང་བ་གཅིག་ཉིད་

ལ་ཡང་ཐ་སྙད་དུ་འགྱུར་རོ། །ཕྱི་ནས་ཉིད་ནི་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་ཉིད་དུའོ། །རྟོགས་པར་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཚེ་རྟོགས་པར་འགྱུར་བའོ། །དེ་ལྟ་ན་ཡང་རྗེས་དཔག་དུས་སུ་སྔར་མ་རྟོགས་པ་ན་དོན་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་རྟོགས་པར་འགྱུར་རོ། །དེས་ན་རྗེས་སུ་དཔག་པ་

Vol. 185 · folio 303b

ལས་འགའ་ཞིག་འཇུག་པར་ཇི་ལྟར་འགྱུར་ཏེ། མ་རྟོགས་པར་རང་བཞིན་འགའ་ཡང་མེད་པའི་ཕྱིར་རོ། །སྔར་ཉིད་ཅེས་བྱ་བ་ནི་རྗེས་སུ་དཔག་པའི་དུས་ཉིད་དུའོ། །འོན་ཏེ་མེ་ཉིད་གཞན་གྱི་རང་བཞིན་དུ་རྟོགས་པ་དེས་ན་ཡོད་པ་ཡིན་སྙམ་ན། གཞན་གྱི་ངོ་བོས་ཞེས་གསུངས་སོ། །དེས་ཞེས་

བྱ་བ་ནི་ཕ་རོལ་གྱི་སེམས་སོ། །འདིར་གཞན་གྱིས་སྨྲས་པ་ནི་དེ་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་རྗེས་སུ་དཔག་པའི་དུས་ན་དོན་མེད་ཀྱི་འོན་ཀྱང་འཇུག་པའི་དེ་མ་ཐག་ཡོད་ན་དེའི་ཚེ་ཕྱིས་འཇུག་པའི་དུས་སུ་དོན་དམ་པར་འཆད་པ་སྟེ། སྔར་གྱི་དུས་སུ་གནས་པའི་སྐད་ཅིག་གཞན་གྱིས་མ་

བསྐྱེད་པར་ཇི་ལྟར་མིན་ཞེ་ན། འདི་ལ་བརྗོད་པ་ནི་དེ་མེད་པར་ཞེས་བྱའོ། །གང་གི་ཚེ་མེད་པར་གྱུར་པ་དེའི་ཚེ་སྔར་མེད་པའི་མེ་དེ་མེད་པ་ཉིད་རྣམ་པར་ཆད་པར་ཇི་ལྟར་འགྱུར། དེས་ན་ཇི་ལྟར་དངོས་པོ་མེད་པ་རྣམ་པར་ཆད་པ་ཉིད་དུ་འགྱུར་བ་དེ་བཞིན་དུ་དངོས་པོ་ཡང་འགྱུར་བས་སྐྱོན་ཅི་ཡོད་ཅེས་

བྱ་བའི་དོན་ཏོ། །གང་གི་ཚེ་རྣམ་པར་ཆད་པར་ཇི་ལྟར་ཡོད་ཅེས་འདོན་པ་དེའི་ཚེ་ནི་འདི་རྩོད་པ་སྨྲ་བའི་ཚིག་ཉིད་དེ། སྔར་ཡོད་པའི་མེ་དེ་མེད་པར་རྣམ་པར་ཆད་པའི་མེ་དེ་ཡོད་པར་ཇི་ལྟར་འགྱུར་ཞེས་བྱ་བའི་དོན་ཏོ། །འདི་ལ་གྲུབ་པའི་མཐའ་པས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །སྔར་གྱི་མེར་

སྣང་བ་དེ་ཁོ་ནས་མེར་སྣང་བ་དེ་བསྐྱེད་ལ། བར་དུ་མི་ཆད་པའི་རྒྱུ་བག་ཆགས་ཡོད་པ་ཡིན་ནོ། །འདི་ལ་ཕ་རོལ་གྱིས་དེ་ལྟ་ཡིན་ཡང་ཞེས་སྨྲས་སོ། །ལན་ནི་དོན་ལ་ཡང་ཞེས་བྱའོ། །ཞུགས་པའི་དེ་མ་ཐག་པའི་མཐོང་བའི་མེ་ནི་རྗེས་སུ་དཔག་པའི་དུས་ན་ཡོད་པའི་མ་མཐོང་བ་དང་གཅིག་

ཡིན་པར་རྟོགས་པར་ནུས་པ་མ་ཡིན་ནོ། །དེར་གནས་པ་ཞེས་བྱ་བ་རིགས་མི་མཐུན་པའི་སྣང་བ་དེར་གནས་པ་བཞིན་དུའོ། །འདི་གཉིས་ལ་ཞེས་བྱ་བ་ནི་ཕྱི་རོལ་དང་རྣམ་པར་ཤེས་པར་སྨྲ་བ་དག་ལའོ། །མེར་སྣང་བ་ལ་མེའི་བག་ཆགས་རྟོགས་པ་ཡིན་ནོ་ཞེས་བརྗོད་ནས་དུ་བར་སྣང་བ་ལ་

ཡང་བརྗོད་པ་ནི་དུ་བར་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ཇི་ལྟར་ཕྱི་རོལ་རྒྱུ་ཉིད་དུ་མི་འཐད་དེ་དེ་ནི་བསྟན་ཟིན་ཏོ། །དེ་ཉིད་ཅེས་བྱ་བ་དུ་བར་སྣང་བ་ཉིད་དུ་བ་ཡིན་ནོ། །དེ་ལྟ་ཡིན་དང་དེ་ཉིད་ཅེས་བྱ་བར་སྔར་བཤད་པ་ཉིད་ཅེས་རྒྱུ་དང་འབྲས་བུ་ཡིན་ནོ། །དེའི་བྱ་བ་དུ་བའི་བག་ཆགས་སད་པ་དང་རྗེས་སུ་

Vol. 185 · folio 304a

མཐུན་པ་ཉིད་ཅེས་སོ། །དུ་བ་ཡང་ཞེས་བྱ་བ་ནི་དུ་བ་ཡང་མེར་སྣང་བའི་བག་ཆགས་སད་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དུ་བ་རྒྱུ་ཉིད་ཡིན་ན་ཡང་དུ་བ་དེ་ལས་འབྲས་བུ་མེ་ངེས་པར་རྟོགས་པ་ག་ལ་ཡོད་ཅེ་ན། བག་ཆགས་དེ་ཡང་ཞེས་བྱ་བ་ནི་མེར་སྣང་བ་སྐྱེད་པར་བྱེད་པའོ། །

ཚད་མ་ཡིན་ནོ་ཞེས་བྱ་བ་ནི་དུ་བར་སྣང་བའོ། །དུ་བ་དེས་ཚོགས་པ་གཅིག་ལ་རག་ལས་པ་ཞེས་བྱ་བ་ནི་དུ་བ་དང་ལྷན་ཅིག་མེར་སྣང་བ་ཚོགས་པ་ཡིན་པ་དེས་ན་འཐོབ་པ་ཡིན་ནོ། །ལྐོག་ཏུ་གྱུར་པ་དང་མ་གྱུར་པ་ནི་གཅིག་ཡིན་ཏེ། དེས་ན་གང་གིས་དུ་བ་བསྐྱེད་པ་དེ་ཉིད་ཐོབ་པ་ཡིན་གྱི་ཚོགས་

པ་གཅིག་ལ་རག་ལུས་པ་ནི་མ་ཡིན་ནོ་ཞེས་བསམས་པའོ། །བག་ཆགས་ཀྱི་དབང་ཞེས་བྱ་བ་ནི་ལྷག་པར་ཞེན་པའི་དབང་གིས་སོ། །ཕྱི་རོལ་ལ་མི་སླུ་བ་དང་མཐོང་བ་ནི་ཡོད་པ་མ་ཡིན་ནོ། །རྨི་ལམ་ན་ཡང་སྲིད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ནི་འཇིག་རྟེན་གྱི་སྨྲ་ལུགས་ཡིན་ནོ། །འདི་ལྟར་ཞེས་

བྱ་བ་ལ་སོགས་པས་ནི་ཐམས་ཅད་དུ་འབྱུང་བར་འགྱུར་བ་ཡུལ་ཅན་ཉིད་ཚད་མ་མ་ཡིན་ལ་དེ་ཡང་ཕྱི་རོལ་ལ་སྲིད་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནའོ། །དེ་བཞིན་ཞེས་བྱ་བ་ནི་རྣམ་པ་དེས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་འབྱུང་བར་འགྱུར་བའི་དོན་རྟོགས་པ་མེད་ནའོ། །གལ་ཏེ་འབྱུང་

བར་འགྱུར་བ་དང་ད་ལྟར་བདག་གཅིག་ཏུ་ལྷག་པར་སྒྲོ་བཏགས་ནས་ཞུགས་པ་ན་འབྱུང་བར་འགྱུར་བའི་ཡུལ་ཅན་དུ་ཇི་ལྟར་འགྱུར་ཏེ། ད་ལྟར་བ་ཡང་སྒྲོ་བཏགས་པའི་ཕྱིར་རོ་ཞེ་ན། རིག་པ་ནི་ཐོབ་པས་ཞེས་བྱ་བའོ། །ཡིན་མོད་དེས་ཅིར་འགྱུར་སྙམ་ན། དེས་ན་ཞེས་སྨོས་སོ། །བཟློག་པ་ཡིན་པའི་

ཕྱིར་ཞེས་བྱ་བ་ནི་ཐོབ་པའི་ཕྱིར་རོ། །ཤེས་པའི་དུས་ན་ཡོད་པ་མ་ཡིན་པ་དེས་ན་ཇི་ལྟར་ཤེས་པ་སྐྱེད་པར་བྱེད་པ་ཡིན་ཞེས་བྲམ་ཟེས་སྨྲས་པ་གང་ཡིན་པ་དེ་གསལ་བ་ཡིན་ནོ། །ཇི་ལྟར་གསལ་བ་སྙམ་ན་འབྱུང་བར་འགྱུར་བ་ཞེས་བྱ་བའོ། །མངོན་སུམ་ལ་སོགས་པ་ནི་འབྱུང་བར་འགྱུར་བའི་

དོན་ལ་ལྟོས་ནས་ཐ་སྙད་ཀྱི་རྒྱུ་མཚན་མ་ཡིན་ཏེ། ཡོད་པ་དམིགས་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ཡང་སྤངས་པ་ཡིན་ནོ། །འབྱུང་བར་འགྱུར་བའི་མེར་སྣང་བ་དང་ལྷན་ཅིག་ཉིད་དུའོ། །དེའི་ངོ་བོར་ཞེས་བྱ་བ་ནི་མེའི་ངོ་བོར་སྣང་བ་ལའོ། །སྣང་བ་མཚམས་སྦྱོར་ལྡན་ཞེས་བྱ་བ་ནི་རྒྱུན་དུ་

Vol. 185 · folio 304b

འཇུག་ཅེས་བྱ་བའི་དོན་ཏོ། །དེའི་ཚེ་དེ་རྨི་ལམ་གྱི་བདེན་པ་ཉིད་མ་ཡིན་ཡང་ཞེས་བྱ་བ་ནི་རྨི་ལམ་གྱི་བདེན་པ་ཡིན་ཡང་དེ་འདྲ་བའི་བདེ་བ་རྒྱུན་གྱིས་སྐྱེ་བ་ཡིན་ན། ཁྱོད་ལ་ཆད་པ་ཅི་ཡོད་ཐར་པ་འདོད་པ་དེ་དག་གི་ཆོས་ལ་འཇུག་པ་གང་ཡིན་པ་དེ་ན་འཁོར་བ་དེའི་བཟློག་པ་ཐོབ་པའི་དོན་དུ་ཡིན་ནོ། །

ཆོས་ལ་འདོད་པ་ཡང་མངོན་པར་འདོད་པ་འགའ་ཞིག་གིས་འཇུག་པ་ནི་མ་ཡིན་ནོ། །འདིར་གལ་ཏེ་ཞེས་བྱ་བས་དོགས་པ་བསུ་བའོ། །བག་ཆགས་ཀྱང་གང་ཡང་རུང་བས་སྣང་བའི་རྒྱུ་ནི་མ་ཡིན་གྱི་འོན་ཀྱང་རིགས་མཐུན་པ་ཡིན་ནོ། །སྟོན་པ་ནི་དེ་ཡང་ཞེས་བྱ་བར་མེར་སྣང་བའོ། །དེའི་བག་

ཆགས་ནི་དུ་བའི་བག་ཆགས་སོ། །སྔར་བྱུང་བ་རང་བཞིན་གང་གིས་ངོ་བོར་སྣང་བས་རབ་ཏུ་སྦྱར་བའི་བག་ཆགས་འདུ་བྱེད་ཅེས་བྱ་བར་གྲགས་པ་དེ་ནི་དེའི་ངོ་བོར་སྣང་བའི་རྒྱུ་ཡིན་གྱི། རང་བཞིན་གཞན་དུ་སྣང་བ་ནི་མ་ཡིན་ནོ། །དེ་ནི་ཞེས་བྱ་བ་དུ་བར་སྣང་བའོ། །བག་ཆགས་གཞན་གྱིས་བསྐྱེད་

པར་བྱ་བ་དུ་བར་སྣང་བ་ཞེས་བྱ་བ་གང་ཡིན་པ་དེས་ནི་སྐྱེད་བྱེད་མ་ཡིན་པ་གཞན་མེའི་བག་ཆགས་ཞེས་བྱ་བ་གོ་བར་བྱེད་པ་མ་ཡིན་ནོ། །ཡང་ཅི་ལྟར་ན་དུས་མཚུངས་པ་ཉིད་ཡིན་ཞེ་ན། མ་འོངས་པ་ནི་ཞེས་སྨོས་པས་སོ། །སྐད་ཅིག་འདི་ལ་ཞེས་བྱ་བ་དང་ད་ལྟར་སྐད་ཅིག་ཏུ་གོའམ་ཅི་སྟེ་མ་

ཡིན་པ་ཉིད་དུའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་འདི་ལྟའི་དུས་ཉིད་དུའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །འདི་ལ་གྲུབ་པའི་མཐའ་པ་འདྲ་བ་ནི་ཇི་ལྟར་ཚད་མ་ཡིན་ཞེས་བྱ་བའོ། །འདིར་གཞན་གྱིས་དོན་སྟོན་པའི་ཕྱིར་ཞེས་སྨོས་སོ། །ལན་ནི་བསྟན་པས་ཀྱང་ཞེས་བྱ་བའོ། །

དེས་ཀྱང་ཞེས་བྱ་བ་ནི་ད་ལྟར་བས་སོ། །འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །འདི་ཡང་ཞེས་བྱ་བ་ནི་ད་ལྟར་བའོ། །རྒྱུ་ད་ལྟར་ཡོད་པའི་སྐད་ཅིག་ལ་འབྲས་བུ་མ་འོངས་པའི་སྐད་ཅིག་ཉེ་བར་བཏགས་པའི་ཕྱིར་རོ། །འདི་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེས་ཞེས་བྱ་བ་

བག་ཆགས་ཀྱིས་སོ། །དོན་ལ་ཡང་ཞེས་བྱ་བ་ནི་ཕྱི་རོལ་ལ་ཡང་མཚུངས་ཏེ། ད་ལྟའི་སྐད་ཅིག་ནི་དོན་བྱ་བ་མི་བྱེད་པའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་ད་ལྟར་བའོ། །བག་ཆགས་ལ་ཡང་ཞེས་བྱ་བ་ནི། བག་ཆགས་ཀྱི་འབྲས་བུ་འབྱུང་བར་འགྱུར་བའི་མེར་སྣང་བའི་དོན་བྱེད་པ་ཡིན་པའི་ཕྱིར་བག་

Vol. 185 · folio 305a

ཆགས་ལ་ཡང་དེ་བྱེད་པར་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་གྱིས་ཞེས་བྱ་བ་ནི་ཕྱོགས་ཀྱི་གླང་པོས་སོ། །གང་གི་ཕྱིར་རྣམ་པར་ཤེས་པར་སྨྲ་བ་ཉིད་རིགས་ཀྱི་ཕྱི་རོལ་དུ་སྨྲ་བ་ནི་རིགས་པ་མ་ཡིན་པའི་ཕྱིར་རོ། །ཕྱིའི་དོན་ཁོ་ན་ལ་ཚུལ་གཉིས་ཡིན་ནོ་ཞེས་བྱ་

བ་ཇི་ལྟར་ཞེ་ན། ཐ་དད་པ་དག་ལ་ནི་ཞེས་གསུངས་སོ། །དེ་ཉིད་ཅེས་བྱ་བ་ནི་འཛིན་པར་བྱེད་པའོ། །འདིས་ནི་འཛིན་པའི་རྣམ་པར་རྗེས་སུ་འགྲོ་བ་བརྗོད་དོ། །ད་ནི་གཟུང་བ་ལ་བརྗོད་པ་ནི། སྔོན་པོ་དེ་ཉིད་ཅེས་བྱ་བའོ། །སྔར་སེར་པོ་འཛིན་པའི་དུས་སུ་མཐོང་བའི་འཛིན་པའི་རྣམ་པ་གང་ཡིན་པ་དེ་ཉིད་

སྔོན་པོ་འཛིན་པའི་དུས་ན་ཡང་ཡིན་ལ། དེ་བཞིན་དུ་སྡུག་བསྔལ་གྱི་རྣམ་པས་གཟུང་བའི་དངོས་པོ་ལ་སོགས་པ་གང་ཡིན་པ་དེ་ཉིད་བདེ་བའི་རྣམ་པས་འཛིན་པ་ཡིན་ནོ་ཞེས་བྱ་བ་ནི་ཤེས་པ་འདི་ཡང་མངོན་སུམ་ཡིན་ནམ་འོན་ཏེ་རྗེས་སུ་དཔག་པ་ཡིན་ཞེས་རྣམ་པར་རྟོགས་པའོ། །རྣམ་པ་གཞན་ཡང་

ཞེས་བྱ་བ་ནི་དགག་པའི་རང་བཞིན་ལས་རྣམ་པ་གཞན་དུ་གསལ་བ་དང་། མི་གསལ་བ་ལ་སོགས་པའི་རང་བཞིན་དུའོ། །འོན་ཏེ་དག་པའི་རང་བཞིན་གཅིག་ཉིད་རྣམ་པ་སྣ་ཚོགས་པར་འགྱུར་བ་ཡིན་ནོ་ཞེ་ན། ཇི་ལྟར་ཞེས་གསུངས་སོ། །འོན་ཏེ་དོན་ཡང་རྣམ་པ་སྣ་ཚོགས་པ་ཁོ་ནའོ་སྙམ་ན། དོན་

ནི་མ་ཡིན་ཏེ་ཞེས་གསུངས་སོ། །དཔེར་ན་ཤེས་པ་ཟླ་བའི་རྣམ་པ་ཉིད་དུ་ཁས་བླངས་པ་ལ། རབ་རིབ་ལ་སོགས་པའི་སྟོབས་ཀྱིས་གཉིས་ཀྱི་རྣམ་པར་ཡང་འགྱུར་བ་བཞིན་ནོ། །གང་གི་ཚེ་དོན་གྱི་རྣམ་པ་ཉིད་མ་ཡིན་པ་དེའི་ཚེ་ནི་རྣམ་པ་གཞན་ཉིད་ལྷག་པར་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་

ཏོ། །དོན་དམ་པར་མར་མེའི་རང་བཞིན་དེ་འདྲ་བར་སྐྱེས་པ་ཡིན་ཏེ། དེས་ན་དེ་ལྟར་མཐོང་བ་ཡིན་གྱི་དེའི་ཤེས་པའི་རྣམ་པ་ནི་མ་ཡིན་ནོ་ཞེ་ན་དེའི་ཚེ་ཞེས་གསུངས་སོ། །ཡང་ན་དེ་ཡང་ཞེས་བྱ་བ་རབ་རིབ་ཀྱིས་མིག་གི་ནུས་པར་བྱས་པ་ཡང་ངོ་། །དེའི་ཞེས་བྱ་བ་ནི་མིག་གི་ནུས་པའོ། །ནུས་པ་ཉམས་

པར་བརྟགས་པའི་རྒྱུ་མཚན་གྱི་འབྲས་བུ་དེ་ཡང་བདེན་པ་མཐོང་བའམ་མི་བདེན་པ་མཐོང་བ་ཡིན་ནོ། །གལ་ཏེ་བདེན་པ་མཐོང་བ་ཡིན་ན་དེའི་ཚེ་བདེན་པ་མཐོང་ཞིང་ཉམས་པར་བརྟག་པར་བྱ་བ་ནི་མི་བདེན་པ་མཐོང་བ་ལ་ནི་ཤིན་ཏུ་བརྟག་པར་འགྱུར་རོ། །དེས་ནམ་ཉམས་པ་ཞེས་བྱ་བ་མེད་པར་འགྱུར་

Vol. 185 · folio 305b

རོ། །འོན་ཏེ་དེ་འདྲ་བའི་མར་མེའི་ཡོད་པ་ཡིན་ཡང་གཞན་གྱིས་བལྟར་མེད་པ་ཡིན་ལ་དེ་མཐོང་བས་དབང་པོ་ཉམས་པ་ཡིན་ནོ་སྙམ། དེ་ལྟ་ཡིན་ན་ཞེས་གསུངས་སོ། །དེ་ལྟར་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་འདི་གཞན་གྱིས་བལྟར་མེད་པའི་མར་མེ་མཐོང་བ་ཡིན་ཡང་བུམ་པ་ལ་སོགས་པ་གསལ་བར་མི་

མཐོང་བ་ཡིན་ཏེ། དེས་ན་འདི་ཡང་དག་པའི་མར་མེའི་མཐོང་བ་ཅན་ཡིན་ནོ། །ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པ་ལའོ། །སྤོང་བ་མཐོང་ཡང་གང་གིས་གཅིག་ནི་ཡང་དག་པ་མཐོང་ལ་གཞན་ནི་ཡང་དག་པ་མ་ཡིན་པ་མཐོང་བར་འགྱུར་བ་ཁྱད་པར་གཞན་

གང་ཞིག་ཅེས་བྱ་བའི་དོན་ཏོ། །གལ་ཏེ་ཡོད་པ་ཡིན་ན་འོ་ན་མར་མེ་དེ་ཇི་ལྟར་གཞན་གྱིས་མི་མཐོང་སྙམ་དུ་དོགས་པ་བསུ་ནས་མཐོང་བ་མི་འཐད་པ་ཞེས་སྨོས་སོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་རབ་རིབ་ལ་སོགས་པས་བསྐྱེད་པ་ཡིན་ཡང་ངོ་། །གཞན་ནི་ཞེས་བྱ་བ་མར་མེའིའོ། །ཤེས་པ་གཞན་དུ་

ཡུལ་སྣང་བར་ཁས་ལེན་པས་ནའོ། །མི་རུང་བ་བརྗོད་པ་ནི་གང་དུ་ཞེས་བྱ་བ་དང་། གང་དུ་ཡུལ་རང་གི་ངོ་བོས་སྣང་བའི་རྣམ་པར་ཤེས་པ་ལ་སྣང་བ་ཡིན་ན་ཐུབ་པ་མེད་དོ། །འོན་ཏེ་ཤེས་པ་གང་ལ་ཡུལ་སྣང་བ་དེ་ལས་གཞན་ལ་སྣང་བ་མ་ཡིན་ནོ་སྙམ་ན། རང་སྣང་བ་ཞེས་གསུངས་སོ། །འོན་ཏེ་

མར་མེའི་དཀྱིལ་འཁོར་གྱི་རང་བཞིན་གྱིས་ཡུལ་དུ་ཤེས་པ་སྣང་བ་ཡིན་ལ། ཤེས་པ་ལ་ཡུལ་སྣང་བ་ཡིན་ནོ་ཞེ་ན། གལ་ཏེ་ཞེས་གསུངས་སོ། །དེ་ལྟ་བུ་ལ་སོགས་པའི་གནོད་པ་བྱེད་པ་ཡོད་པ་དེ་བས་ནའོ། །དེའི་རང་བཞིན་གྱི་ཞེས་བྱ་བ་ནི་ཤེས་པ་དང་འདྲ་བ་ཡུལ་ཡིན་གྱི་སྣང་བ་ཙམ་ནི་མ་

ཡིན་ནོ། །གལ་ཏེ་རྨ་བྱའི་མདོངས་ཀྱི་རྣམ་པ་ཅན་མར་མེའི་དཀྱིལ་འཁོར་ལ་ཡང་དེ་ཁོ་ན་བཞིན་དུ་ནུས་པ་བརྟག་པར་བྱ་བ་ཡིན་ནོ་སྙམ་ན། རྨ་བྱའི་ཞེས་བྱ་བའོ། །ཀ་བ་ལ་སོགས་པ་ཡང་ཤེས་པ་ལས་ཐ་དད་པར་ཇི་ལྟར་འགྲུབ་སྙམ་ན། ཀ་བ་ཞེས་སྨོས་སོ། །སོགས་པའི་སྒྲས་ནི་མེ་ལ་སོགས་པའི་

འདིར་ཡང་ཞེས་བྱ་བ་ནི་རྨ་བྱའི་མདོངས་ཀྱི་རྣམ་པ་ལའོ། །དེ་དག་ལ་ཞེས་བྱ་བ་ནི་རབ་རིབ་ཀྱིས་བསླད་པ་གཞན་རྣམས་ཡང་འཁྲུལ་པ་ཉིད་མཚུངས་པའི་ཕྱིར་རོ། །འོན་ཏེ་དེ་དག་ན་བདེན་པ་ཁོ་ན་མཐོང་བ་ཡིན་པས་ཇི་ལྟར་དེ་དག་འཁྲུལ་པ་ཡིན་སྙམ་ན། འཁྲུལ་པ་ཞེས་བྱ་བའོ། །གཉིས་ཀ་ཡང་ཞེས་བྱ་

Vol. 185 · folio 306a

བ་ནི་རྨ་བྱའི་མདོངས་ཀྱི་རྣམ་པ་ཉམས་སུ་མྱོང་བའི་སྐྱེས་བུ་གཉིས་གང་ལ་ཡང་ངོ་། །འཁྲུལ་པ་ཉིད་དུ་འདོད་པའི་སྐྱེས་བུས་དམིགས་པའི་མེ་དེ་ནིའོ། །ས་གཞིའི་ཚིག་པ་མ་མཐོང་བ་ཡང་དོན་ཉིད་ལས་མི་ཉམས་སོ་ཞེས་བྱ་བ་ནི། གཞན་གྱི་ཞེས་ཁོངས་སུ་འདི་འགོག་པ་ནི་མ་ཡིན་

ཞེས་བྱ་བའོ། །མེ་ཡང་ཡིན་ལ་སྲེག་པར་བྱེད་པ་ནི་མ་ཡིན་ནོ་ཞེས་དེ་ལྟར་རྟོགས་པ་འགའ་ཡང་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་པ་ལ་ཞེས་བྱ་བ་ནི་ཕྱི་རོལ་མ་ཡིན་པ་ལའོ། །དེ་ལྟར་ཞེས་བྱ་བ་ནི་ཕྱི་རོལ་དུའོ། །ཕ་རོལ་གྱི་འཇིག་རྟེན་གྱི་ཐ་སྙད་ཅེས་སྨྲས་སོ། །གལ་ཏེ་འཇིག་རྟེན་གྱི་ཐ་སྙད་

ལ་མི་ལྟོས་ན་དེའི་ཚེ་དོན་བྱ་བ་མེད་པས་ཇི་ལྟར་མི་བདེ་བར་འགྱུར་ཞེས་མནོས་པའོ། །དོན་ཉིད་ཀྱང་ཞེས་པ་ནི་མྱོང་བ་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་ཏེ། དེ་ལྟར་མ་ཡིན་ན་དོན་ཡང་ཁས་བླང་བར་མི་འཐད་པའི་ཕྱིར་རོ། །མྱོང་བའི་དངོས་པོ་ཁས་ལེན་ན་ཡང་ཐམས་ཅད་རང་རིག་པ་ཉིད་ཡིན་

ཏེ་གཞན་མི་འཐད་པའི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་མུན་ཁུང་ནའོ། །འདི་ལ་བརྗོད་པ་ནི་ཚོགས་པ་གཅིག་པ་ཞེས་བྱ་བའོ། །དེ་ལྟ་ན་མ་ཡིན་ནོ་ཞེས་བྱ་བ་ནི། མུན་པའི་གནས་སྐབས་ན་བུམ་པ་གནས་པ་མ་ཡིན་ནོ། །དེ་ལྟ་བུ་ཉིད་ཅེས་བྱ་བ་ནི་མར་མེའི་དཀྱིལ་འཁོར་ཚོགས་པ་ཁོ་ན་རྒྱུ་ཡིན་

ནོ་སྙམ་ན། འདི་ལ་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །སྔོན་པོ་ལ་སོགས་པ་ནི་སེར་པོ་ལ་སོགས་པ་ལྟོས་པ་ཉིད་འཛིན་པ་མ་ཡིན་ཏེ། འབའ་ཞིག་ཀྱང་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་དཀྱིལ་འཁོར་ཡང་མར་མེ་མེད་པར་འཛིན་པར་འགྱུར་རོ། །གཞན་གྱིས་དེ་ལྟར་ན་ཞེས་སྨྲས་སོ། །

རེ་ཞིག་གང་གི་ཚེ་སྔོན་པོ་དང་སེར་པོ་དག་དུས་གཅིག་ཉིད་དུ་གཟུང་བ་དེའི་ཚེ་གཉིས་ཀའི་བྱེད་པ་བརྟག་པར་བྱ་བ་དེ་བཞིན་དུ་འདིར་ཡང་མར་མེའི་དཀྱིལ་འཁོར་གཉིས་ཀའི་བྱེད་པ་བརྟག་པར་བྱ་བ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་མར་མེ་ཙམ་གྱིས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་དཀྱིལ་

འཁོར་ཉིད་དོ། །དེ་ལྟ་ན་ཡང་ཤེས་པའི་ཚོགས་པ་བསྐྱེད་པས་ནི་དེ་ནི་ཤེས་པ་ཁོ་ནའོ། །མིག་དང་གཟུགས་ཉིད་དུ་མངོན་པར་འདོད་པ་དེ་ལས་མ་གཏོགས་པའི་ཤེས་པ་ནི་མེད་དོ། །དེ་ཉིད་གཞུང་འཛུགས་པ་ནི་འོན་ཀྱང་ཞེས་བྱ་བའོ། །བཟློག་པ་བརྗོད་པ་ནི་འདི་ནི་ཞེས་བྱ་བ་སྟེ། གསལ་བ་དང་

Vol. 185 · folio 306b

མི་གསལ་བའི་རང་བཞིན་དང་འབྲེལ་པ་ནི་མཐོང་བ་ཡང་ཡིན་ནོ། །འོན་ཏེ་ཕྱི་རོལ་སྣང་ཡང་ཐ་དད་པར་འགྱུར་བས་འདི་ལ་ཅི་བྱར་ཡོད་སྙམ་ན། ངེས་པ་དང་ལྡན་པའི་ཞེས་བྱ་བའོ། །དེའི་རང་བཞིན་ཞེས་བྱ་བ་ཕྱི་རོལ་གྱི་རང་བཞིན་ཐ་དད་པར་ཐལ་བའི་ཕྱིར་རོ། །མཚན་ཉིད་ནི་དེ་ཡིན་པའི་ཕྱིར་རོ། །

ཞེས་བྱ་བ་ནི་སྣང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དོན་ཐ་དད་པ་ཉིད་དུ་འགྱུར་མོད་ཅི་ཉེས་སྙམ་ན། དོན་ཐ་དད་པ་ཡིན་ན་ཡང་ཞེས་གསུངས་སོ། །གསལ་དེ་རང་ཉིད་ཀྱི་རང་བཞིན་དུ་ཞེས་བྱ་བ་མི་གསལ་བ་ཡིན་ཞེ་ན། བརྗོད་པ་ཇི་ལྟར་ཞེས་བྱ་བ་སྨོས་ཏེ། དེ་ལྟར་གསལ་བའི་རང་བཞིན་དུ་ཇི་ལྟར་

འགྱུར། གསལ་བ་དང་མི་གསལ་བ་དག་ནི་ཐ་དད་པའི་ཕྱིར་རོ། །དེའི་ངོ་བོར་ཞེས་བྱ་བ་ནི་མི་གསལ་བ་ཡང་གསལ་བ་དེའི་ངོ་བོར་རྟོགས་པའི་ཕྱིར་དེ་ཞེས་བྱ་བ་དེའི་རང་བཞིན་དུ་རྟོགས་པ་དེ་གསལ་བ་དང་མི་གསལ་བ་དེ་རང་བཞིན་ཐ་དད་པ་ལས་ཇི་ལྟར་བདེན་པར་འགྱུར་ཏེ། འོན་ཀྱང་འཁྲུལ་པ་ཁོ་ནར་

འགྱུར་རོ། །འདི་ཉིད་བརྗོད་པ་ནི་གསལ་བ་དང་མི་གསལ་བ་དག་མེད་པར་རྟོགས་པར་འགྱུར་བ་ཡིན་ནོ། །རྟོགས་པ་ཉིད་ཐ་དད་པར་འགྱུར་ཏེ་དོན་ནི་མ་ཡིན་ནོ། །འོན་ཏེ་རྟོགས་པ་དང་མ་རྟོགས་པ་དག་ལ་ཐ་དད་པ་མེད་དོ་ཞེ་ན། བཤད་པ་གཟུང་བའི་རང་བཞིན་ཐ་མི་དད་པ་ཡིན་ནའོ། །མཐོང་བའི་བྱེ་བྲག་

ནི་ཤེས་པའི་བྱེ་བྲག་གོ། །ཅི་དོན་གྱི་རང་བཞིན་སྣང་བ་ཡིན་ནམ་འོན་ཏེ་མ་ཡིན་ཞེས་བྱ་བའི་རྣམ་པར་རྟོག་པ་གང་ཡིན་པ་དེ་གཉིས་ལས་མ་འདས་པའི་ཕྱིར་རོ། །དེ་ཞེས་བྱ་བ་སྣང་བ་བཞིན་ནོ། །ཐ་དད་པ་ཞེས་བྱ་བ་ནི་གསལ་བ་དང་མི་གསལ་བའི་རང་བཞིན་ནོ། །དེ་དང་བྲལ་བར་ཞེས་བྱ་བ་ནི་ཡན་ལག་

ཕྲ་མོ་དང་བྲལ་བར་ཟིན་པའོ། །གཞན་དུ་ནི་ཞེས་བྱ་བ་དང་བཅས་པར་འཛིན་པ་ན་ནི། གཞན་དུ་ཞེས་བྱ་བ་ཡོངས་སུ་གསལ་བའི་རྣམ་པར་གྱུར་པའོ། །གང་གི་ཚེ་སྔོན་པོ་མེད་པར་གཟུང་བ་དེའི་ཚེ་ཅི་སྔོན་པོ་དེ་མི་གསལ་བ་ཞེས་བྱ་བར་བརྗོད་དམ། དེས་ན་ཡན་ལག་ཕྲ་མོ་གཞན་མ་བཟུང་ཡང་ཡན་

ལག་ཅན་དེའི་རང་བཞིན་ནི་འཛིན་པ་ཉིད་དོ། །དེས་ན་གསལ་བ་ཁོ་ནར་འཛིན་པར་འགྱུར་རོ། །དུ་མ་ཉིད་ཡིན་ན་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་རང་བཞིན་ཡིན་ནའོ། །ཡན་ལག་ཕྲ་མོ་གཟུང་བ་དེ་དག་ལས་གཞན་པའི་ཡན་ལག་མི་འཛིན་པའི་ཕྱིར་མི་གསལ་བར་འགྱུར་རོ་ཞེས་བྱའོ། །གལ་ཏེ་རང་བཞིན་

Vol. 185 · folio 307a

ཡིན་ན་དེའི་ཚེ་དེ་ལས་གཞན་པ་མ་ཞུགས་མོད་དེ་ལྟ་ན་ཡང་དེའི་རང་བཞིན་ནི་དེ་ཉིད་དེ། དེ་གསལ་བ་ཡིན་པས་ཇི་ལྟར་མི་གསལ་བ་ཡིན། སེར་པོ་ལ་སོགས་པ་གཟུང་བ་ན། སྔོན་པོ་བཞིན་དུ་འགྱུར་བ་ནི་མ་ཡིན་ནོ། །འོན་ཏེ་ཕྱི་དོན་དེ་ལས་ཡོངས་སུ་མི་གསལ་བ་ཉིད་དེ་

སྐྱེ་བ་ཡིན་ན་འདི་ལ་བརྗོད་པ་ནི་འོ་ན་ནི་ཞེས་པའོ། །ཡོངས་སུ་མི་གསལ་བར་སྣང་བ་དེ་གཞན་གྱིས་མ་མཐོང་ན་ནི་མི་གསལ་བར་རྟོགས་པ་ཉིད་ཡིན་ཏེ་དོན་ནི་མ་ཡིན་ཏེ། དུང་ཡུལ་གནས་པས་མི་ཤེས་ཏེ། རང་བཞིན་ཤེས་པ་ཉིད་ཅེས་བྱ་བའི་ཚུལ་གྱིས་སོ། །འཇིག་རྟེན་གྱི་ཐ་སྙད་ཀྱང་དེ་ཁོ་ན་

ལྟར་ཡིན་ནོ་ཞེས་བརྗོད་པ་ནི་འདི་ལྟར་ཞེས་བྱའོ། །ཉེ་བར་བཏགས་པ་ཉིད་བརྗོད་པ་ནི་མི་གསལ་བའི་ཞེས་བྱ་བའོ། །མི་གསལ་བ་དང་ལྡན་པ་མཐོང་བ་གང་ཡིན་པ་དེ་དང་འབྲེལ་པ་ལས་ཏེ། རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པ་ལས་སོ། །མཐོང་བ་ལ་ཞེས་བྱ་བ་ཤེས་པ་ལ་ནི་གང་

གིས་དེ་ཡང་མི་གསལ་བ་ཞེས་བརྗོད་པར་བྱ་བ་མི་གསལ་བའི་མཚན་ཉིད་ཀྱི་འབྲས་བུ་གཞན་ཡོད་པ་མ་ཡིན་ནོ། །འོན་ཏེ་མི་གསལ་བའི་དོན་དང་འབྲེལ་པ་ལས་སོ་ཞེས་བརྗོད་ན། འདི་ལ་བརྗོད་པའི་དོན་ནི་ཞེས་བྱ་བ་སྟེ། དོན་ནི་མཐོང་བ་དེའི་འབྲས་བུ་མ་ཡིན་ནོ། །འོན་ཏེ་ཡང་གལ་ཏེ་མི་

གསལ་བའི་དོན་འབྲས་བུ་མ་ཡིན་མོད་དེ་ལྟ་ན་ཡང་རེ་ཞིག་འབྲེལ་པ་ཙམ་ཞིག་ནི་ཡོད་པ་ཡིན་པས་དེ་ཉིད་ལས་མཐོང་བ་འདི་ལ་མི་གསལ་བར་བརྗོད་དོ་སྙམ་ན། གལ་ཏེ་མཐོང་བ་ལ་མི་གསལ་བའོ་ཞེས་དེ་བཞིན་དུ་བརྗོད་པ་ནི་འབྲེལ་པ་ལས་ཡིན་ན། དེའི་ཚེ་མཐོང་བ་དེ་ལ་སྔོན་པོ་ལ་

སོགས་པ་ཡང་བརྗོད་པར་བྱའོ། །དེ་སྟེ་བརྗོད་དོ་ཞེ་ན་ངའི་ཞེས་གསུངས་སོ། །དེའི་ཕྱིར་མཐོང་བ་མི་གསལ་བ་ཁོ་ན་ཡིན་གྱི་ཉེ་བར་བཏགས་པས་ཐ་སྙད་འདིར་འགྱུར་བ་ནི་ཡིན་ནོ། །འོན་ཏེ་བློ་མི་གསལ་བ་ཞེས་བྱ་བའི་ཐ་སྙད་ནི་འཁྲུལ་པ་ཁོ་ན་ཡིན་ནོ་སྙམ་ན། རྒྱུ་མེད་པར་ནི་ཞེས་གསུངས་སོ། །

གཞན་དུ་ཞེས་བྱ་བ་ནི་འཁྲུལ་པ་ཉིད་དུའོ། །སྐབས་ཉིད་ཉེ་བར་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །བློའི་རང་བཞིན་འདི་ཉིད་ཐ་དད་པས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བློའི་རང་བཞིན་ཉིད་རང་གི་ངོ་བོའི་རྣམ་པ་ཐ་དད་པ་ནི་མ་ཡིན་ནོ། །རྣམ་པ་འདི་ཞེས་བྱ་བ་ནི་མི་གསལ་བའོ། །གོ་དྷ་དང་རི་བོང་གི་ཚུལ་ཞེས་བྱ་

Vol. 185 · folio 307b

བ་ནི་ཇི་ལྟར་རི་བོང་ལུས་ཆེ་བ་དེ་བཞིན་དུ་གོ་དྷའི་མཇུག་མ་ཡང་ངོ་། །ཤིན་ཏུ་གསལ་བར་འགྱུར་རོ་ཞེས་བྱ་བ་ནི་རང་གི་སྣ་ལ་སོགས་པར་རོ། །དོན་གཞན་ཡིན་ལ་སྒྲིབ་པ་ཡང་གཞན་ཡིན་ཏེ། དེས་སྐྱེས་ཟིན་པའི་དོན་དེ་དག་གི་སྣང་བ་གཅད་པ་དེས་ན་མཐོང་ངོ་ཞེས་སེམས་རྩོད་པ་འདི་ལ་འཆད་

པར་འགྱུར་བའི་བར་ཏི་ཀས་བཏབ་པའི་ལན་གང་ཡིན་པ་དེ་བརྗོད་པ་ནི་དེ་ལྟ་ཡིན་ན་ཞེས་བྱ་བ་ལ་སོགས་པའོ། །དེའི་ཞེས་བྱ་བའི་དོན་གཞན་དེའི་སྣང་བ་གང་ཡིན་པ་དེ་བསྒྲིབས་པའི་ཕྱིར་རོ། །མ་ཡིན་ཏེ་ཞེས་བྱ་བ་ལ་གལ་ཏེ་སྒྲིབ་པ་དེ་ཉེ་བར་གནས་པའི་དོན་གྱིས་རྒྱབ་ཏུ་གནས་པ་ཡིན་ནོ། །དེའི་

ཚེ་ཀ་བ་ལ་སོགས་པ་ཡུལ་ཐ་དད་པར་མཐོང་བར་འགྱུར་རོ། །དེ་ནི་ཞེས་བྱ་བ་ཡུལ་གཅིག་ཏུ་རྟོགས་པ་ནི་འཁྲུལ་བ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་དོན་ཞེས་བྱ་སྟེ། དོན་གྱི་དེ་ཁོ་ན་ཉིད་མཐོང་བའི་ལྟ་བ་གང་ལ་ཡོད་པ་རིག་པ་ཅན་ལ་སོགས་པ་རྣམས་ཀྱི་ལྟར་ན་འཁྲུལ་པ་ག་ལ་སྲིད་གཞན་

གྱི་ཡུལ་ལ་ཞེས་སྨྲས་ཏེ། དངོས་པོའི་རང་བཞིན་གྱིས་སྣང་བའི་མཚན་ཉིད་ཀྱིས་འཁྲུལ་པ་ནི་སྲིད་པ་མ་ཡིན་ནོ་ཞེས་ཕ་རོལ་པོས་བསམས་པའོ། །ཡུལ་གཅིག་ན་མེད་པའི་དངོས་པོ་ཡང་གལ་ཏེ་དེར་མཐོང་ན་དེའི་ཚེ་དུས་གཅིག་ན་མེད་པའི་དངོས་པོ་ཇི་ལྟ་ཇི་ལྟར་མཐོང་བ་དང་འབྲེལ་པ་མ་ཡིན་ཏེ།

མཐོང་བ་ཉིད་དུ་འགྱུར་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དུས་དེས་མེད་པ་ཡང་མཐོང་ན་འདི་ལ་བརྗོད་པ་ནི་ཐམས་ཅད་དོན་ཐམས་ཅད་མཐོང་བ་ཞེས་བྱ་བར་འགྱུར་ཏེ། འདས་པ་དང་མ་འོངས་པ་མེད་པ་དག་ཀྱང་མཐོང་བའི་ཕྱིར་རོ། །ཐམས་ཅད་ཐམས་ཅད་མཐོང་བ་ཉིད་ཡིན་པ་དེ་ལྟར་ཡང་མེད་དོ། །

འདི་དག་ཅེས་བྱ་བ་ནི་མེད་པ་ཡང་འགའ་ཞིག་མཐོང་གི་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བའོ། །མ་མཐོང་བ་དེ་ཉིད་ལས་ཐམས་ཅད་མཐོང་བ་སྐྱེ་བར་འགྱུར་རོ་ཞེས་གཞན་གྱིས་ཀྱང་གཞུང་གཟུགས་པར་འགྱུར་རོ། །དེས་ན་འགའ་ཡང་སུན་དབྱུང་བའམ་བསྒྲུབ་པར་མི་ནུས་པར་འགྱུར་རོ་ཞེས་བསམས་

པའོ་ཞེས་བཤད་པ་ནི་ཞེས་བྱ་བ་ནི་སུན་འབྱིན་པ་འདི་ཉིད་བརྗོད་པ་ནི་ཞེས་བྱ་བའོ། །གཞན་གྱིས་ཏེ་གསལ་བར་མཐོང་བ་གང་ཡིན་པ་དེ་བསྒྲིབས་པའི་ཕྱིར་རོ། །ཐག་རིང་པོ་ནས་དངོས་པོ་གསལ་བ་མ་མཐོང་བ་གང་ཡིན་པ་དང་། མི་གསལ་བ་གཞན་མཐོང་བ་གང་ཡིན་པ་དེ་ལ་མ་མཐོང་བས་བྱས་པ་

Vol. 185 · folio 308a

ཉིད་ཇི་ལྟར་འདིར་ཡང་ཞེས་བྱ་བ་དོན་དང་དོན་མ་ཡིན་པ་དང་བྲལ་བ་ཡང་ངོ་། །ལན་བཏབ་ཟིན་པ་ཉིད་དྲན་པར་བྱེད་པ་ནི་ལོག་པར་བརྗོད་པ་ཡང་ཞེས་བྱ་བའོ། །མེད་པ་ཉིད་ཇི་ལྟར་སྙམ་ན་རྒྱུ་ཞེས་སྨོས་སོ། །འོན་ཏེ་སྐྱེས་པ་བྱེད་པ་ལ་མ་ཡིན་དུས་མཚུངས་པ་ཉིད་འཛིན་པ་ཡིན་

ནོ་སྙམ་ན་འགྲེལ་པ་མེད་པ་ཞེས་གསུངས་སོ། །ཡང་ན་གཟུང་བ་ཉིད་རང་གི་རྒྱུས་སོ་སོར་ངེས་པ་དེ་འདྲ་བར་བསྐྱེད་པ་ཡིན་ཏེ། གང་གི་དེ་ཉིད་ཀྱིས་འཛིན་གྱི་གཞན་གྱིས་མ་ཡིན་པར་འགྱུར་རོ། །ཡང་ན་གཉིས་ཀ་ཡང་ངེས་པར་བསྐྱེད་པ་ཡིན་ཏེ། དེས་ན་ཐམས་ཅད་འཛིན་པར་ཐལ་བ་ཡིན་

ནོ། །དེ་དག་ལས་ཞེས་བྱ་བ་ནི་ཡུལ་དང་ཤེས་པ་དག་ལའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པའི་དངོས་པོ་ཙམ་གྱིས་སོ། །གཟུང་བ་དང་འཛིན་པའི་རྒྱུ་ལས་བྱུང་བ་ཡིན་ན་ཅི་ཞེས་བྱ་བའོ། །ཤེས་པ་གཉིས་ནི་དུས་མཉམ་པར་ཡོད་པ་ཡིན་ནོ་ཞེ་ན་གཉིས་ཞེས་གསུངས་སོ། །

དུས་མཉམ་པ་ན་ཡོད་པའི་འཛིན་པའི་བྱེད་པ་གཅིག་པོ་དེ་ནི་དེ་ལས་གཞན་པའི་འཛིན་པར་བྱེད་པ་དང་དུས་མཚུངས་པ་ཡིན་ལ། དེ་བཞིན་དེ་ཡང་གཞན་དང་མིན་པས་ཐུག་པ་མེད་དོ། །དེའི་ཚེ་ཞེས་བྱ་བ་ནི་ཤེས་པ་འཛིན་པའི་དུས་ནའོ། །གནོད་པར་བྱེད་པ་གཞན་ཡང་བརྗོད་པ་ནི་དང་

པོ་ཞེས་བྱ་བའོ། །དེའི་རང་བཞིན་ནི་སྔར་གཟུང་བར་བྱ་བ་མ་ཡིན་པའི་རང་བཞིན་ནོ། །དངོས་པོ་དེ་ནི་སྔར་ཡང་གཟུང་བའི་རང་བཞིན་ཉིད་དོ། །དེས་ན་གཟུང་བ་ནི་སྔར་གྱི་རང་བཞིན་ཉིད་རྟོགས་སོ་སྙམ་ན་འདི་ལ་བརྗོད་པ་ནི་སྔར་ཡང་ཞེས་བྱ་བ་སྟེ། གཟུང་བའི་རང་བཞིན་ནི་སྔར་ཡང་མེད་

པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྔར་ཡང་གཟུང་བ་ཡིན་མོད་ཅི་སྐྱོན་སྙམ་ན། འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་གཟུང་བའི་རྣམ་པ་དུས་མཉམ་པར་སྣང་བའོ། །དེའི་གཟུང་བའི་རྣམ་པ་དེ་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །ཤེས་པའི་ཚོགས་ལས་སྐྱེས་པའི་ཕྱིར་རོ་

ཞེས་དོགས་སོ། །དེ་ལྟ་བུ་ཡང་ཞེས་བྱ་བ་ཤེས་པ་ཚོགས་པ་སྐྱེད་པ་ཡང་དོན་ཡིན་ན་དེའི་ཚེ་འཛིན་པར་བྱེད་པ་ཡང་དོན་ཡིན་པར་འགྱུར་རོ། །གཞན་དུ་གྱུར་པ་ཞེས་བྱ་བ་ནི་སྔར་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་ནི་སྔར་ཡོད་པ་ནི་ཞེས་བྱ་བ་སྟེ། སྔར་ཡོད་པ་ནི་གཟུང་བར་ནུས་པ་མ་

Vol. 185 · folio 308b

ཡིན་ནོ། །རྟོག་གོ་ཞེ་ན་རྟོག་པ་ཡིན་ནོ་ཞེས་གསུངས་སོ། །གཞན་གྱི་ལྟ་བ་ལ་ཞེས་བྱ་བ་ནི་མོད་སྡེ་པའི་ལྟ་བ་ལའོ། །དེའི་རྣམ་པར་ནི་དོན་གྱི་རྣམ་པར་རོ། །གལ་ཏེ་དེ་མེད་ན་ཇི་ལྟར་སྣང་སྙམ་ན་རང་མ་ཞེས་བྱ་བའོ། །གལ་ཏེ་རྗེས་སུ་དཔག་པ་ལས་དོན་རྟོགས་པ་ཡིན་ན་འོ་ན་ཇི་ལྟར་མེད་སྙམ་ན་དོན་

དམ་པར་ནི་ཞེས་སྨོས་སོ། །དུས་མཚུངས་པར་འབྱུང་བ་ཉིད་ཀྱི་འཛིན་པར་འགྱུར་རོ་སྙམ་ན། ལྷན་ཅིག་སྐྱེས་པའི་ཞེས་གསུངས་སོ། །དེས་ཕན་བཏགས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་དོན་དེས་ཤེས་པ་ལ་ཕན་བཏགས་པ་མེད་པའི་ཕྱིར་རོ། །དེས་ཞེས་

བྱ་བ་ནི། དེའི་རྣམ་པ་ཅན་དུ་སྟེ། སྐྱེས་པའི་ཤེས་པས་སོ། །དེ་ཞེས་བྱ་བར་དུས་མཚུངས་པར་བྱུང་བ་དེ་ལྟར་དེ་དང་པོར་རིག་ན་ཡང་དེའི་དབང་ཙམ་གྱིས་ཞེས་བྱ་བ་བྱེ་བྲག་པ་དེའི་དབང་ཙམ་གྱིས་ཡིན་ནོ། །ཤུགས་ཀྱིས་ཞེས་བྱ་བ་ནི་རྣམ་པ་གཞན་དུ་ན་རིག་པ་མི་འཐད་པས་སོ། །དེའི་

རྣམ་པ་ཞེས་བྱ་བ་དོན་གྱི་རང་བཞིན་མཐའ་དག་རང་གིས་བདག་གིར་བྱེད་འཛིན་པར་བྱེད་མངོན་དུ་བྱེད་པའོ། །དེའི་རྣམ་པ་མཐའ་དག་རང་གིས་བདག་གིར་བྱེད་པ་ཡང་དེ་ཡིན་ལ། མྱོང་བ་ཡིན་པ་སྟེ་རྣམ་པ་དེ་ལྟ་བུའི་ཤེས་པས་སོ། །འོ་ན་དོན་འདི་དུས་ཁྱབ་པ་འཛིན་པ་མ་ཡིན་ཏེ། དེའི་ཚེ་དུས་

གཅིག་དང་འབྲེལ་པར་འཛིན་པའི་ཕྱིར་དུས་གཅིག་གི་ཚེ་འཛིན་པས་ཇི་ལྟར་རྟག་པ་ཡིན། ཤེས་པ་དེ་ལྟ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་པ་ནི་སྐད་ཅིག་མ་ཉིད་ཀྱིས་སྔ་མ་དང་ཕྱི་མའི་རང་བཞིན་ཉིད་མ་ཡིན་པའི་ཕྱིར་རོ། །གཞན་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་གཞན་ལ་རག་ལས་པའོ། །

རྒྱུ་ཉེ་བར་བསྒྲུབས་པས་ཉེ་བར་གནས་པར་བྱས་པའི་མིག་ལ་སོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །དེ་རྣམ་པར་མ་ཆད་པས་ཞེས་བྱ་བ་ནི་མིག་ལ་སོགས་པ་རྣམ་པར་མ་ཆད་པས་སོ། །རྣམ་པར་ཆད་པ་མེད་པར་ཚད་མ་སྐྱེ་བ་ནི་མ་ཡིན་གྱི་འོན་ཀྱང་རྣམ་པར་ཆད་པ་ཉིད་ལ་ཚད་མ་ཡོད་པ་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་གྱིས་ཀྱང་ནི་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱང་ངོ་། །དེ་བཤད་པ་ཞེས་བྱ་བ་འདི་ནི་ཚད་མ་ཀུན་ལས་བཏུས་པའི་འགྲེལ་པའི་གཞུང་ཡིན་ནོ། །གལ་ཏེ་འདིར་ཡང་ཡུལ་གྱི་རྣམ་པ་རྗོད་པར་བྱེད་པ་མེད་དོ་སྙམ་ན་དེར་ཡང་ཞེས་གསུངས་སོ། །འདིར་ཡུལ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words