ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 183 · folio 227a

དེ་ལ་སྒྲ་ནི་ཚད་མ་ཉིད་ཡིན་ཏེ། འབྲས་བུ་ཡིན་ཡང་དེ་ལ་ནུས་པ་ཐོགས་པ་མེད་པའི་ཕྱིར་ཏེ། ཤེས་པ་མ་སྐྱེས་པ་ན་ཚད་མའི་ཡུལ་སྤྱོད་པ་མེད་པའི་ཕྱིར་རོ། །གང་གི་ཚེ་དེ་ལ་ཚད་མ་ཡིན་ཞེ་ན། གང་གི་ཚེ་རང་ཉིད་ཅེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་ཡིད་

ལས་སྐྱེས་པ་ལ་སོགས་པ་འཆད་པ་པོ་ལས་དོན་རྟོགས་པ་ཞེས་འབྲེལ་ཏེ། དེའི་ཚེ་ནི་འཆད་པ་པོའི་འདོད་པའི་ཡུལ་གྱི་དོན་གང་ཡིན་ལ་སྒྲ་ཚད་མ་ཡིན་ཏེ། འབྲས་བུ་ཡིན་པའི་ཕྱིར་རོ། །གཉི་ག་ལ་ཡང་། དོན་གྱི་དེ་ཉིད་རྒྱུ་ཅན་མིན། །ཞེས་བྱ་བ་རྣམ་འགྲེལ་ལས་བརྗོད་པ་ནི་གཙོར་

བྱ་བའི་དོན་ཏོ། །ཕྱོགས་གཉི་ག་ལ་ཡང་རྣམ་པར་རྟོག་པ་ལ་གནས་པའི་དོན་ཉིད་སྒྲ་ལས་བྱུང་བའི་རྟོག་པའི་ཡུལ་ཡིན་ནོ། །བྱེད་པ་པོ་མེད་པའི་ཕྱིར་ན་རིག་བྱེད་ལ་ཉེ་བར་སྟོན་པ་མེད་པའི་ཕྱིར། ཅི་དོན་འདི་ཉིད་ཡིན་ནམ། འོན་ཏེ་གཞན་འགའ་ཞིག་གམ། འོན་ཏེ་ཅི་ཡང་མེད་ཅེས་

ངེས་པར་མི་ནུས་པའི་ཕྱིར་སྒྲ་དོན་དེ་ཉིད་ཀྱི་རྒྱུ་མཚན་ཅན་ཚད་མ་ག་ལ་ཡིན། སྨྲ་བ་པོའི་བྱེད་པ་ཞེས་བྱ་བ་འདི་ལ་གནས་པའི་སྨྲ་བ་པོའི་སྒྲ་འགྲེལ་པ་ནི། འཆད་པ་པོ་ཉིད་ཅེས་བྱ་བའོ། །གལ་ཏེ་སྒྲ་ལས་བྱུང་བ་རྣམ་པར་རྟོག་པ་བློ་ལ་ཕྱིའི་དོན་ཉིད་སྣང་བ་ཡིན་ཏེ། ཕྱི་རོལ་ཉིད་དུ་ལྷག་པར་ཞེན་

པའི་ཕྱིར་རོ་ཞེ་ན། དོན་གང་བློ་ལ་སྣང་བ་དེ་ཉིད་ནི་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་ཕྱི་རོལ་ཉིད་དུ་ལྷག་པར་ཞེན་པའི་ཕྱིར་ན་དོན་གང་བློ་ལ་གསལ་བ་དེ་ཉིད་དོན་ཡིན་ན་དེའི་ཚེ་མངོན་པར་འདོད་པའི་དོན་མཐའ་དག་ཅེས་བྱ་བ་ལ་རྟོགས་པར་སླའོ། །དོན་དེ་ཞེས་བྱ་བ་ལ་སོགས་

པ་ནི་གཞན་གྱི་སྟེ། རྣམ་པར་རྟོག་པ་ལ་གནས་པ་དེའོ། །མངོན་པར་འདོད་པ་མཐའ་དག་གྲུབ་པ་དེ་ལྟར་མ་ཡིན་ནོ། །འོ་ན་དེ་ཞེས་བྱ་བ་ལ་སོགས་པ་ནི་སུན་འབྱིན་པ་སྟེ། མཐོ་རིས་ལ་སོགས་པའི་མཚན་ཉིད་ཀྱི་དོན་དེའོ། །དེའི་ཚེ་ཞེས་བྱ་བ་ནི་རང་ཉིད་དམ། འཆད་པ་པོ་ལ་རྟོགས་

པའི་དུས་སུའོ། །མཐོ་རིས་ལ་སོགས་པའི་མཚན་ཉིད་ཀྱི་དོན་དེ་ལྟར་རྟོགས་པ་མ་ཡིན་ནོ། །འོན་ཏེ་རྣམ་པར་རྟོག་པ་ལ་གནས་པའི་དོན་རྟོགས་པ་ཉིད་མཐོ་རིས་ལ་སོགས་པའི་དོན་ངེས་པ་ཡིན་ནོ་ཞེ་ན། གཞན་རྟོགས་ན་ཞེས་སྨོས་སོ། །འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་

Vol. 183 · folio 227b

ལ་གནས་པའི་དོན་ནི་ལས་བྱུང་བ་མ་ཡིན་ལ་དེའི་བདག་ཉིད་ཀྱང་མ་ཡིན་ཏེ། མཐོ་རིས་ལ་སོགས་པ་ནི་འབྱུང་བར་འགྱུར་བ་ཉིད་ཡིན་པའི་ཕྱིར་རོ། །དོན་གང་ཞེས་བྱ་བ་ལ་རྣམ་པར་གནས་པའོ། །ཡང་རྣམ་པ་གཞན་གྱིས་རྣམ་འགྲེལ་ལ་འཇུག་པར་བྱ་བའི་ཕྱིར་སུན་འབྱིན་པ་དགོད་པ་

ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །མཐོ་རིས་འདོད་པས་ནི་མེ་ལ་སྦྱིན་སྲེག་གིས་མཆོད་སྦྱིན་བྱའོ་ཞེས་ཐོས་པ་ན་བདག་ཉིད་མེ་ལ་སྦྱིན་སྲེག་གིས་ངེས་པར་སྦྱར་རོ་སྙམ་པར་འགྱུར་རོ། །གྲུབ་པའི་མཐའ་སྨྲ་བས་ངེས་སྦྱོར་སྨྲ་བ་ལ་དྲིས་པ་ནི་ངེས་པར་སྦྱོར་བ་འདི་ཞེས་བྱ་བ་ཡིན་ནོ། །

གཞན་གྱི་ལན་དུ་ངེས་པའི་སྒྲ་ནི་མ་ལུས་པའི་དོན་ཡིན་ལ་ཞེས་བྱའོ། །འདིར་ཏྲེ་ལོ་ཙ་ནས་གལ་ཏེ་ངེས་པའི་ཚིག་ལ་གདོན་མི་ཟ་བར་བརྟེན་པར་བྱ་བ་ཡིན། འདིས་སྦྱར་བར་བྱ་བ་སྦྱོར་བའི་ཕྱིར་ངེས་སྦྱོར་ཞེས་བྱ་བ་ལ་ཅི་སྟེ་མི་རྟེན་ཞེས་གང་སྨྲས་པ་དེ་ནི་མ་འབྲེལ་ཏེ། གནས་རབ་དག་གིས་ངེས་

པའི་སྒྲ་དེ་བཞིན་ཁོ་ནར་བྱས་པའི་ཕྱིར་ན་བཤད་པ་མཛད་པས་ཀྱང་དེ་ཁོ་ན་ལྟར་བཀོད་པའི་ཕྱིར་རོ། །གལ་ཏེ་མི་སྦྱོར་བ་ཅུང་ཟད་ཀྱང་མེད་པ་ཉིད་ཅིའི་ཕྱིར་ཞེ་ན་གདོན་མི་ཟ་བར་སྦྱར་བ་ཉིད་ཀྱིས་ནི་ཞེས་སོ། །གལ་ཏེ་གདོན་མི་ཟ་བར་བྱ་བ་ཉིད་མ་གྲུབ་པ་མ་ཡིན་ནམ། སངས་རྒྱས་པ་ལ་སོགས་

པ་དག་ནི་མེ་ལས་སྦྱིན་སྲེག་གི་ངག་ཐོས་ཀྱང་མཆོད་སྦྱིན་ལ་སོགས་པ་མཐོ་རིས་ལ་སོགས་པ་བསྒྲུབ་པ་ལ་མི་འཇུག་གོ་ཞེས་དོགས་ན། ངེས་པར་སྦྱོར་བའི་ཚད་མ་ཅན་ནི་ཞེས་སྨོས་སོ། །ངེས་པར་སྦྱོར་བ་ཉིད་ཚད་མའམ། གང་ཞིག་ངེས་པར་སྦྱོར་བ་ལ་ཚད་མ་ཡིན་པའི་མེ་ལ་སྦྱིན་སྲེག་

ལ་སོགས་པའི་ངག་དེས་ཐ་སྙད་དུ་བྱེད་པའི་ཕྱིར་ན། ངེས་པར་སྦྱོར་བའི་ཚད་མ་ཅན་ནོ། །གལ་ཏེ་ངེས་སྦྱོར་ངག་གི་དོན་དུ་གནས་པ་ལ་འཆད་པ་པོའི་བྱེད་པ་ཡུལ་ཞེས་བྱ་བ་ལ་སོགས་པའི་ལན་ཅི་ལྟར་འབྲེལ་ཞེ་ན། དོན་འདི་ཡིན་ཏེ་ཞེས་སྨོས་སོ། །འདིར་འདི་སྙམ་དུ་བསམས་པ་ཡིན་ཏེ།

རེ་ཞིག་སྒྲ་ལས་ངེས་པར་སྦྱར་བ་རྟོགས་པ་བརྡ་ཙམ་གྱི་རྗེས་སུ་འགྲོ་བ་ནི་མ་ཡིན་ཏེ། ཁས་མ་བླངས་པའི་ཕྱིར་དང་རང་རང་གི་བརྡའི་དབང་གིས་རང་གི་སྣང་བ་ཙམ་རྟོགས་པར་ཐལ་བའི་ཕྱིར་རོ། །དེས་ན་སྒྲ་རྣམས་ངོ་བོ་ཉིད་ཀྱིས་དོན་སྒྲུབ་ཅིང་དོན་སྟོན་པར་བྱེད་པར་ཁས་ལེན་ན། འཆད་པ་པོ་

Vol. 183 · folio 228a

རྣམས་ངེས་པར་སྦྱོར་བ་ལ་སོགས་པའི་དོན་ཐ་དད་པར་བརྗོད་པར་མི་འགྱུར་ཏེ། སྨྲ་བར་མི་འགྱུར་གྱི། མངོན་སུམ་བཞིན་དུ་དེ་དག་ལ་དེ་ཁོ་ན་རྟོགས་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །བརྗོད་པའི་དོན་དེ་དག་ཀྱང་གང་ཞེ་ན་སྨོས་སོ། །ངེས་པར་སྦྱར་བ་ནི་ལིང་ངའི་དོན་ཏེ།

བསྒོམ་པ་ལ་སོགས་པ་དང་མི་མཐུན་པ་བསྒྲུབ་པར་བྱ་བའི་རང་བཞིན་བདག་སྒྲུབ་པའི་དོན་དུ་སྐྱེས་བུ་འཇུག་པར་བྱེད་པའོ། །སྒོམ་པ་ནི་སྒྲ་དང་དོན་གྱི་བྱེད་པས་རྣམ་པ་གཉིས་སུ་འཆད་པར་འགྱུར་རོ། །ཁམས་དོན་ནི་བྱ་བའོ། །སྒྲུབ་པ་ནི་སྒོམ་པ་དང་ངེས་པར་སྦྱོར་བ་དང་། ཁམས་ཀྱི་དོན་

རྣམས་ཀྱི་ཕན་ཚུན་འབྲེལ་པ་འབྲེལ་པའམ། འབྲས་བུ་དང་འབྲེལ་པའོ་ཞེས་འཆད་པར་འགྱུར་རོ་ཞེས་ཀྱི་སྒྲ་ནི་ཡོངས་སུ་རྫོགས་པའོ། །འཁྲུལ་འཁོར་ལ་གནས་པ་ལ་སོགས་པ་འཆད་པར་འགྱུར་བ་ནི་ངེས་སྦྱོར་གྱི་དབྱེ་བ་ཁོ་ནའོ། །ཡང་ན། ངེས་པར་སྦྱོར་དང་བསྒོམ་པ་དང་། །ཁམས་

དོན་བསྒྲུབ་དང་འཁྲུལ་འཁོར་ལ། །གནས་པ་ལ་སོགས་བརྗོད་པ་རྣམས། །ངོ་བོས་དོན་སྒྲུབ་བྱེད་མི་འགྱུར། །ཞེས་བྱ་བ་སྟེ། ངེས་པར་སྦྱོར་བ་ལ་སོགས་པར་བརྗོད་པ་དེ་དག་ངོ་བོ་ཉིད་ཀྱི་མཐོ་རིས་ཀྱི་དོན་སྒྲུབ་པའི་རྒྱུར་མི་འགྱུར་ཏེ། དེ་དག་དང་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་ལྷག་

མ་ཡིན་ནོ། །དེ་ལ་གལ་ཏེ་ངོ་བོ་ཉིད་ཀྱིས་སྒྲ་རྣམས་དོན་སྒྲུབ་པའི་ནུས་པ་ཡོད་ན། དེའི་ཚེ་བཤད་པ་མི་མཐུན་པའི་གོ་སྐབས་ཡོད་པ་མ་ཡིན་ནོ། །བཤད་པ་ཐ་དད་པ་ཡང་ཡོད་པ་ཡིན་ནོ་ཞེས་སྟོན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །གང་གང་ལ་སྣང་བ་དེ་དག་གི་དོན་ཡིན་ཏེ་ཞེས་བྱ་བ་

འདིས་ནི་འཆད་པ་པོའི་བྱེད་པའི་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གི་དོན་བརྗོད་དོ། །ཅི་ལྟ་བ་བཞིན་སྣང་བ་ཞེས་བྱ་བ་ནི་དེ་ཁོ་ན་ཅི་ལྟ་བ་བཞིན་མ་ཡིན་པའོ། །དེ་ཉིད་གསལ་བར་བྱེད་པ་ནི། དོན་གྱི་དེ་ཉིད་ནི་ཞེས་བྱ་བའོ། །ཕན་ཚུན་འགལ་བའི་བཤད་པ་མི་མཐུན་པ་དག་ནི། ངག་

གཅིག་ལ་དེ་ཁོ་ན་ཡིན་པར་མི་འགྱུར་རོ། །གལ་ཏེ་དུ་བ་བཞིན་དུ་སྒྲ་ཡང་སོ་སོར་ངེས་པའི་དོན་སྟོན་པར་བྱེད་པ་ཉིད་མ་ཡིན་ནམ། དེས་ན་དེ་སྐད་དུ་ཅི་སྟེ་བརྗོད་ཅེ་ན། སྒྲ་དེ་ནི་ཞེས་སྨོས་སོ། །མི་མཐུན་པར་ཞེས་པ་ནི་མི་མཐུན་ཙམ་དུ་ཡང་མི་འགྱུར་ན། འཛུར་བ་ལྟ་ཅི་སྨོས། འབྲས་

Vol. 183 · folio 228b

བུ་བརྗོད་པ་ནི་དོན་གྱི་དེ་ཉིད་ཀྱི་ཞེས་བྱ་བ་སྟེ། བརྗོད་པར་བྱ་བའི་དོན་གྱི་དེ་ཉིད་ཀྱི་གནས་ལུགས་ནི། དོན་འདི་ཁོ་ན་ཡིན་གྱི་གཞན་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་ངེས་པ་སྦྱོར་བ་ནི་ངོ་བོ་ཉིད་ཀྱིས་ངག་གི་དོན་དུ་གྱུར་པ་མ་ཡིན་ནོ་ཞེས་

བསྟན་པའི་དོན་དུ་ངོ་བོ་ཉིད་དུ་གྱུར་པ་དང་འགལ་བའི་ངོ་བོ་ཉིད་མ་ཡིན་པ་ཉིད་ཀྱིས་ཁྱབ་པར་རང་རང་ལ་སྣང་བའི་དོན་རྣམ་འགྲེལ་གྱིས་བསྟན་པ་ནི་ལན་དུ་རིགས་པ་ཁོ་ནའོ། །གལ་ཏེ་བརྡ་དང་ལྡན་པའི་འབྲེལ་པ་ལས་དོན་རྟོགས་པ་ཡིན་ལ། བརྡ་ཡང་མ་ངེས་པའི་རང་བཞིན་ཅན་ཉིད་

ཀྱིས་ན་སྐྱེས་བུ་རྣམས་ཀྱིས་ངག་གི་ཁྱད་པར་ཐ་དད་པས་ཐ་དད་མ་ཡིན་ནམ། དེས་ན་དེ་ལ་ལྟོས་ནས་རྟོགས་པ་ཡང་གཅིག་ཏུ་བདེན་པའི་དོན་དུ་ངེས་པར་འགྱུར་རོ། །དེས་ན་ཐལ་བ་དང་དེ་ལས་བཟློག་པ་གཉིས་མ་ངེས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་འབྲེལ་པ་ལྷན་ཅིག་སྐྱེས་པ་ཡིན་ཡང་ཅུང་ཟད་

མི་བྱེད་དེ། སྐྱེས་བུའི་བསམ་པའི་དབང་གིས་གཞན་དུ་ཡང་རྟོགས་པ་སྲིད་པའི་ཕྱིར་རོ། །དེས་ན་བདེན་པའི་དོན་ལ་ཡིད་ཆེས་པ་མེད་དོ། །རིགས་པ་ཉིད་ཡིད་ཆེས་པའི་རྒྱུ་ཡིན་ནོ་ཞེ་ན། འོ་ན་དོན་འདིའི་ཚད་མ་གཞན་ལས་བསྟན་པར་བྱ་བ་ཡིན་པས། རིག་བྱེད་དུ་སྨྲས་པས་ཆོག་གོ། །དེ་ལྟར་

སྐབས་ཀྱིས་ཉེ་བར་བཀོད་པ་ངེས་པར་སྦྱོར་བ་ལ་སོགས་པའི་དོན་སྤྱིའི་ཉེས་པ་བཟློག་ནས་སོ་སོར་ཡང་གསལ་བར་འདོད་པས། རེ་ཞིག་ངེས་སྦྱོར་སུན་འབྱིན་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །རིག་བྱེད་ཀྱིས་བདག་ཉིད་ངེས་པར་སྦྱར་བར་བསམས་པ་ནི་མཆོད་སྦྱིན་ལ་སོགས་པ་ལ་

འཇུག་པ་ན་འཇུག་བྱེད་ཡིན་པའི་ཕྱིར་རིག་བྱེད་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་ལ་འདི་བསམ་པར་བྱ་བ་ཡིན་ནོ། །ཅི་ངེས་སྦྱོར་ཙམ་ལས་འཇུག་གམ། འོན་ཏེ་མ་ཞུགས་པ་ལ་ཉམ་ང་བ་མཐོང་བ་ལས་ཡང་ན་འཇུག་པ་ལ་འབྲས་བུ་ཁྱད་པར་ཅན་མཐོང་བ་ལས་ཞེས་ཕྱོགས་གསུམ་མོ། །དེ་ལ་དང་པོ་

ལ་ནི་ངེས་པར་སྦྱོར་བ་བྱེད་པའི་རིག་བྱེད་དེ་ལས་ལྟ་བ་གཞན་ལས་གནས་པ་ཐམས་ཅད་ཀྱང་འཇུག་པར་ཐལ་བར་འགྱུར་རོ། །དེ་དངོས་ཡིན་ཕྱིར་ཞེས་བྱ་བ་ནི་ངེས་པར་སྦྱོར་བ་བྱེད་པའི་རང་བཞིན་ཡིན་པས་སོ། །ནམ་མཁའ་གཅིག་ལ་གོ་སྐབས་འབྱེད་པར་བྱེད་པའི་རང་བཞིན་ཡིན་ལ།

Vol. 183 · folio 229a

གཞན་ལ་མ་ཡིན་པ་ནི་མི་སྲིད་དོ། །གཞན་དུ་ཞེས་བྱ་བ་ནི་སྦྱོར་བར་བྱེད་པ་མ་ཡིན་པར་རོ། །རྟོགས་ན་ནི་ཞེས་བྱ་བ་ནི་སྐབས་ཀྱིས་ལྟ་བ་གཞན་དུ་གནས་པ་རྣམས་ཀྱིས་སོ། །ལྟ་བ་གཞན་ལ་གནས་པ་དང་། རིག་བྱེད་དུ་སྨྲ་བ་དག་གོ་རིམས་བཞིན་དུ་ཕྱིན་ཅི་

ལོག་པ་དང་མ་ལོག་པའི་རྣམ་པར་གཞག་པ་གང་ཡིན་པ། གཅིག་ཉིད་ཕྱིན་ཅི་ལོག་ཡིན་ནོ་ཞེས་བྱ་བའི་ངེས་པ་དེ་སུས་བྱེད་དེ། སུས་ཀྱང་བྱ་བར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །ངེས་པ་མེད་པ་ཉིད་གསལ་བར་བྱེད་པ་ནི། གལ་ཏེ་ཕྱིན་ཅི་ལོག་པས་ན་ཞེས་བྱ་སྟེ། ལྟ་བ་གཞན་དུ་གནས་

པ་མི་འཇུག་ན་ཞེས་བྱ་བ་ནི་ལྷག་མའོ། །འཇུག་པ་ལ་ཡང་ཞེས་བྱ་བ་ནི་རིག་བྱེད་ཚད་མར་སྨྲ་བ་ལ་ཡང་ངོ་། །འདི་ཞེས་བྱ་བ་ལྟ་བ་གཞན་དུ་གནས་པའོ། །གཞན་ཡང་ཞེས་བྱ་བ་དཔྱོད་པ་པ་ཡང་དེའི་ཕྱོགས་སུ་ལྟུང་བས་ཏེ། རིག་བྱེད་ཀྱི་ཕྱོགས་སུ་ལྟུང་བས་སོ། །དེ་ལྟར་

ངེས་སྦྱོར་གྱིས་འཇུག་པར་ཁས་བླངས་ནས་སུན་ཕྱུང་བ་བརྗོད་དོ། །ད་ནི་ངེས་སྦྱོར་གྱིས་ཀྱང་མི་འཇུག་གོ་ཞེས་སྟོན་པ་ནི། བདག་ངེས་པར་སྦྱོར་རོ་སྙམ་པ་ཙམ་ཞེས་བྱ་བ་ཡིན་ནོ། །གཉིས་པ་ལ་བརྗོད་པ་ནི། མངའ་བདག་གཏུམ་པོས་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་རིག་

བྱེད་ཀྱི་ངེས་སྦྱོར་གྱིས་དེ་ལྟ་བུ་ཉིད་དུ་འཇུག་མོད་སྙམ་ན། ཚད་མ་གཞན་ལས་ཞེས་སྨོས་སོ། །ངེས་སྦྱོར་དེས་མི་འཇུག་ན་གཞན་གྱི་ཚེ་ལོག་པར་ལྷུང་བ་ཚད་མས་མཐོང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིར་ནི་ཞེས་བྱ་བའི་རིག་བྱེད་ཀྱི་ངེས་སྦྱོར་ལས་མི་འཇུག་པ་ལའོ། །ཚད་མ་གཞན་ནི་ལོག་པར་ལྟུང་

བའི་སྒྲུབ་བྱེད་དོ། །དེ་ལྟར་ན་ནི་ཞེས་བྱ་བ་ནི་གཞན་གྱི་དོགས་པའོ། །གལ་ཏེ་མ་ཞུགས་ན་ལོག་པར་ལྟུང་བའི་སྒྲུབ་བྱེད་ཀྱི་ཚད་མ་གཞན་མེད་པས་མི་འཇུག་ན། དེའི་ཚེ་ངེས་པར་སྦྱོར་བ་དོན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་མ་ཞུགས་ན་ཉམ་ང་བ་མཐོང་ངམ་མ་མཐོང་ཡང་རུང་སྟེ། དེ་

ལྟ་ན་གདོན་མི་ཟ་བར་འཇུག་པར་འགྱུར་རོ་ཞེས་བྱ་བ་ནི་གཞན་གྱི་བསམ་པ་ཡིན་ནོ། །དེ་ལྟ་ཡིན་ན་རིག་བྱེད་ཉིད་ནན་གྱིས་འཇུག་བྱེད་ཡིན་པར་གནས་པ་ན། དེ་ལས་ནི་ཐམས་ཅད་ཐལ་བར་འགྱུར་རོ་ཞེས་ལན་སྔར་བརྗོད་པ་ཉིད་དོ། །འོན་ཀྱང་ལན་གྱི་ཚུལ་གྱིས་གཞན་ལ་བཞད་གད་བྱེད་པ་ནི་མེད་མོད་

Vol. 183 · folio 229b

སྐྱོན་ཅི་ཡོད་ཅེས་བྱ་བ་སྟེ། ཚད་མའི་སྟོབས་ཀྱིས་འོངས་པའི་དོན་མེད་པ་ལ་དེ་ལྟར་ཁས་བླངས་པ་ལས་མ་གཏོགས་པ་ཅི་ཡང་བྱར་མེད་དོ་སྙམ་དུ་བསམས་པའོ། །དེ་ལྟར་ཡང་། །སྐྱེས་བུས་བྱས་པ་རྣམས་ལ་ནི། །ཉེས་པ་ཡོད་མེད་རྟོགས་པའི་རིགས། །ཞེས་བྱ་བ་ལ་སོགས་པ་ཁྱོད་

ཀྱི་ལུགས་ཡིན་ནོ། །དེས་ན་འདི་ནི་རང་གསད་པའི་ཕྱིར་གཤེད་བྱེད་སློང་བ་ཡིན་ནོ་ཞེས་བཞད་གད་དུ་བྱེད་པའོ། །གཞན་དག་དོགས་པར་བྱེད་པ་ནི་སྐྱེས་བུས་མ་བྱས་པ་ལ་ཡང་ཞེས་བྱ་བ་སྟེ། དོན་མེད་ན་སྐྱེས་བུས་མ་བྱས་པ་ཉིད་དུ་མི་འགྱུར་རོ་སྙམ་དུ་བསམས་པའོ། །ལན་ནི་

འདི་ལ་ཚད་མ་ཅི་ཡང་མེད་དོ་ཞེས་བྱ་བའོ། །སྐྱེས་བུས་མ་བྱས་པ་ལ་དོན་མེད་པ་མི་འཐད་དོ་ཞེས་བྱ་བ་འདི་ལའོ། །དེ་ལྟར་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི། དོན་དང་མི་ལྡན་པ་མ་མཐོང་བའི་ཕྱིར་ཏེ། འགལ་བ་ཚད་མས་མ་ངེས་པའི་ཕྱིར་རོ། །སྐྱེས་བུས་མ་བྱས་པ་གཞན་ནི་མེད་ལ།

ཡོད་ཀྱང་དོན་མེད་པ་མ་ཡིན་པས་ཁྱབ་པ་མ་གྲུབ་པོ། །ངེས་སྦྱོར་ཙམ་ལ་འཇུག་ན་སྒྲ་གཞན་སྨོས་པ་དོན་མེད་དོ་ཞེས་སྟོན་པ་ནི། གལ་ཏེ་ཞེས་བྱ་བའོ། །དོན་མེད་པ་ནི་དོགས་པ་མེད་པའོ། །ཅིའི་ཕྱིར་ཞེ་ན། སྦྱིན་སྲེག་གི་ཞེས་བྱ་བ་ལ་སོགས་པའོ། །དོགས་པ་གསུམ་པ་ལ་ལན་

སྨྲས་པ་ནི། འོ་ན་ནི་འབྲས་བུ་ཉིད་ཅེས་བྱ་བ་ལ་སོགས་པའོ། །ངེས་པར་སྦྱོར་བས་ཅི་བྱ་ཞེས་བྱ་བ་ནི། སྦྱིན་སྲེག་གྱིས་ཤིག་ཅེས་བྱ་བ་ལ་སོགས་པས་སོ། །རིག་བྱེད་དོན་མེད་པ་ཅན་ཡིན་ཡང་མི་རིགས་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི་མ་འབྲེལ་པ་ཉིད་བཞིན་དུ་དོན་མེད་པ་ལ་ཡང་

མི་རིགས་པ་ཡོད་པ་མ་ཡིན་གྱི། འོན་ཀྱང་རིགས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཡང་ཆོས་ཀྱི་སྒོ་ནས་བརྟགས་ཏེ། སུན་འབྱིན་པ་བརྗོད་པ་ངེས་པར་སྦྱར་བ་ནི་སྐྱེས་བུའོ། །ཡུལ་ནི་མཆོད་སྦྱིན་ནོ། །ངེས་སྦྱོར་བྱེད་པོ་ནི་སྒྲ་སྟེ་འདི་རྣམས་གང་རུང་གི་ཞེས་བྱ་བའི་ལྷག་མའོ། །དེའི་ཚེ་ཐམས་

ཅད་ལ་ཞེས་བྱ་བ་ངེས་པར་སྦྱར་བྱ་ལ་སོགས་པ་གང་རུང་གི་ཆོས་ལའོ། །བཤད་པའི་སྒོ་ནས་གསལ་བར་བྱེད་པ་ནི། ངེས་པར་སྦྱོར་བ་སྣམ་བུ་ལ་སོགས་པའི་དོན་བཞིན་ཞེས་བྱ་བའོ། །གལ་ཏེ་མཆོད་སྦྱིན་གྱི་བྱ་བ་ལས་དང་བཅས་པ་ཡིན་པའི་ཕྱིར། བྱེད་པ་པོ་དང་ལས་ཀྱི་ཆོས་སུ་

Vol. 183 · folio 230a

རྣམ་པར་རྟོག་པ་གཉིས་རིགས་ཀྱི། ཡུལ་གྱི་ཆོས་རྣམ་པར་རྟོག་པའོ། །ཅི་ལྟར་ཞེ་ན་བདེན་ཏེ་ཉེ་བའི་ཁྱད་པར་ཡོད་པའི་ཕྱིར་རོ། །གལ་ཏེ་གཞན་དག་ངེས་སྦྱར་ནི། མཆོད་སྦྱིན་ལ་སོགས་པ་ཡུལ་ཉིད་ཀྱི་ཆོས་འགའ་ཞིག་ཡིན་ནོ་ཞེས་སྨྲ་ན་དེའི་ཚེ་

རྣམ་པར་རྟོག་པ་གཉིས་སུན་ཕྱུང་ཡང་དོགས་པ་མི་ལྡོག་པ་དེས་ན་རྣམ་པར་རྟོག་པ་གསུམ་པ་ཡིན་ཏེ། རྣམ་པར་རྟོག་པ་ཐམས་ཅད་ནི་དངོས་པོ་ཅི་ལྟ་བ་བཞིན་མ་ཡིན་ནོ། །ངེས་པར་སྦྱར་བྱ་ལ་སོགས་པ་ཁོ་ནའི་ཆོས་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན་ཞེ་ན། དེ་ལ་འདི་ནི་ཞེས་བྱ་བ་ལ་

སོགས་པའོ། །དེ་ལ་རེ་ཞིག་ངེས་སྦྱོར་ངེས་པར་སྦྱར་བྱའི་ཆོས་ཡིན་པ་སུན་འབྱིན་པ་ནི། དེ་ནི་སྦྱར་བྱའི་ཆོས་ཡིན་ནོ་ཞེས་བྱའོ། །རྗེས་སུ་བསྒྲུབ་བྱའི་རང་བཞིན་གྱིས་ངེས་སྦྱོར་ཉིད་ཡིན་ནོ། །གྲུབ་པ་ནི་ངེས་པར་སྦྱར་བྱ་མ་ཡིན་པས་ངེས་པར་སྦྱར་བྱ་སྐྱེས་བུ་བཞིན་དུ་དེའི་ཆོས་ཀྱང་གྲུབ་པའི་

ཕྱིར་ན་རྗེས་སུ་བསྒྲུབ་བྱ་ཉིད་དུ་ག་ལས་འགྱུར། དེ་ཉིད་གཉིས་སུ་རྣམ་པར་བརྟགས་ནས་སུན་འབྱིན་པར་བྱེད་པ་ནི། རྗེས་སུ་སྒྲུབ་པས་ངེས་པར་སྦྱར་བྱ་དེ་ལའོ། །བྱ་བའི་ཁྱད་པར་ཞེས་བྱ་བ་ནི་འདུས་བྱས་པའི་ཁྱད་པར་ཏེ། ཡོད་པ་ལ་ཆོས་གཞན་སྒྲུབ་ན་ཞེས་བྱ་བའི་དོན་ཏོ། །

ཡོངས་སུ་གྲུབ་ཟིན་པ་ལ་ཞེས་བྱ་བ་ནི་བདག་ཉིད་ཐམས་ཅད་ཀྱིས་སྐྱེས་པ་ལའོ། །བྱ་བ་འདུ་བྱེད་གཞན་གྱིས་བྱེད་ན་དོན་གཞན་ཉིད་དུ་འགྱུར་རོ། །རྣམ་པར་རྟོག་པ་གཉིས་པ་ཟློག་པར་བྱེད་པ་ནི། རང་གི་ངོ་བོ་སྒྲུབ་པ་ནི་ཞེས་བྱ་བའོ། །འགལ་བ་ནི་ཉམས་པའོ། །གལ་ཏེ་སྒྲུབ་པ་

ལ་རང་བཞིན་གཞན་བྱེད་ན་ཅི་འགལ་ཞེ་ན། གྲུབ་ཟིན་པ་ལ་མ་གྲུབ་པ་གཞན་ནི་ཞེས་སྨོས་སོ། །ཅིའི་ཕྱིར་གྲུབ་པ་ལ་མ་གྲུབ་པའི་རང་བཞིན་མི་རུང་སྟེ་ཞེ་ན། གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་དེའི་རང་བཞིན་ཡིན་ཏེ་ཞེས་བྱ་བ་འདི་ནི་དེ་ཁོ་ན་དེའི་རང་བཞིན་ཡིན་ནོ་ཞེས་

ངེས་པར་གཟུང་བ་གཙོར་བྱེད་པའི་དེས་ན་དེའི་རང་བཞིན་ཞེས་བྱ་བ་ནི། དེའི་རང་བཞིན་དུ་དམིགས་པས་ཁྱབ་པོ་ཞེས་བརྗོད་པ་ཡིན་ནོ། །དེས་ན་གྲུབ་པ་ལ་མ་གྲུབ་པའི་རང་བཞིན་དུ་དམིགས་པ་ཉིད་ཟློག་པ་ན་དེའི་རང་བཞིན་ཡིན་པ་སེལ་བ་ཡིན་ནོ། །མ་གྲུབ་པར་དོགས་པར་བྱེད་པ་ནི།

Vol. 183 · folio 230b

ཕྱིས་དམིགས་པར་འགྱུར་རོ་ཞེས་བྱ་བའོ། །འདི་སྙམ་དུ་བསམས་པ་ཡིན་ཏེ། གང་ཞིག་གང་གི་རང་བཞིན་དུ་ནམ་ཡང་མ་དམིགས་པ་དེ་དེའི་རང་བཞིན་མ་ཡིན་མོད། གྲུབ་པ་ནི་མ་གྲུབ་པའི་རང་བཞིན་དུ་ཕྱིས་དམིགས་པར་འགྱུར་རོ་ཞེས་བྱ་བར་རོ། །དེའི་ཞེས་བྱ་བ་གྲུབ་པའི་རང་

བཞིན་གྱི་ངོ་བོར་རོ། །ཕྱིས་དམིགས་ནུས་པ་མ་ཡིན་ཏེ་ཞེས་བྱ་བ་ནི། མ་གྲུབ་པར་འདོད་པ་སྟེ། དེའི་ཚེ་གྲུབ་ཟིན་པ་འདས་པའི་ཕྱིར་རོ། །ཕྱིས་ཀྱི་དུས་ལ་ལྟོས་ནས་ད་ལྟ་བར་ནི་མ་གྲུབ་པར་འདོད་པ་མངོན་སུམ་གྱི་བློ་འཛིན་མོད་ཀྱི། འདས་པའི་རང་བཞིན་དང་གཅིག་པ་ཉིད་དུ་ནི་མ་

ཡིན་ནོ། །དེ་བཞིན་དུ་ད་ལྟ་བར་འཛིན་པས་ཀྱང་འབྱུང་བ་དང་ལྷན་ཅིག་མི་འཛིན་ཏོ། །འདི་ག་ལས་ཤེ་ན་མངོན་སུམ་ད་ལྟའི་རང་བཞིན་ནི་ཞེས་བྱ་བ་ལ་སོགས་པའོ། །ད་ལྟའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འགྲེལ་པའོ། །སྔ་མ་དང་ཕྱི་མའི་རང་བཞིན་ཞེས་བྱ་བ་ནི་

འདས་པ་དང་མ་འོངས་པའི་སྐད་ཅིག་མར་གྱུར་པའོ། །གང་གི་ཕྱིར་སྔ་མ་དང་ཕྱི་མའི་རང་བཞིན་མཐོང་བ་མི་ནུས་པ་དེས་ན། དབང་པོ་ལས་སྐྱེས་ཤེས་པ་ནི་སྔ་མ་དང་ཕྱི་མ་དང་ལྷན་ཅིག་གཅིག་ཏུ་རིག་པ་མ་ཡིན་ལ། ཕྱི་མ་འདས་པ་དང་ལྷན་ཅིག་ཏུ་རིག་པ་ཡང་མ་ཡིན་ནོ་ཞེས་སྦྱར་

རོ། །ཅིའི་ཕྱིར་མངོན་སུམ་གྱིས་གཅིག་ཏུ་མི་རིག་ཅེ་ན། དབང་པོའི་རྗེས་སུ་འབྲང་བའི་ཕྱིར་ན་ཞེས་གསུངས་ཏེ། འབྱུང་བ་དང་འབྱུང་བ་དག་ལ་དབང་པོ་མི་འཇུག་པའི་ཕྱིར། དབང་པོའི་རྗེས་སུ་འབྲངས་པ་མ་ཡིན་ནོ། །དེས་ན་དེ་དག་གིས་མངོན་སུམ་གཅིག་ཏུ་འཛིན་པ་མ་

ཡིན་ནོ། །དབང་པོའི་བྱེད་པ་མེད་པར་ནི་འདས་པ་ལ་སོགས་པ་མངོན་སུམ་དུ་འགྱུར་བ་མ་ཡིན་ཏེ། ད་ལྟར་བ་དང་འབྲེལ་པ་ནི། །མིག་སོགས་དག་གིས་འཛིན་པ་ཡིན། །ཞེས་བྱ་བ་གཞན་གྱི་ཡང་གྲུབ་མཐའ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །ཕྱོགས་

གཉིས་པ་སྤོང་བ་ནི། ངེས་སྦྱོར་ཡུལ་གྱི་ཆོས་ཡིན་ན་ཡང་ཞེས་སྦྱར་རོ། །དེ་ཅི་ལྟར་ཞེས་བྱ་བ་ནི་ངེས་སྦྱོར་དེ་དེ་ལྟར་ཞེས་བྱ་བ་འདིའི་འགྲེལ་པ་ནི་རྗེས་སུ་སྒྲུབ་པའི་ཡུལ་ཉིད་དུ་ཞེས་བྱ་བའོ། །སྒྲ་རྣམས་ཀྱི་རྗེས་སུ་བསྒྲུབ་བྱའི་རང་བཞིན་དུ་མི་སྟོན་པ་འདི་ནི་དོན་དམ་པར་ཡིན་ཏེ་ལྷག་པར་ཞེན་

Vol. 183 · folio 231a

པས་དེ་བསྟན་པ་ནི། དམིགས་པ་མེད་པ་ཁོ་ནའོ་ཞེས་བྱ་བར་དགོངས་པའོ། །མཐའ་གཅིག་ཏུ་ངེས་པའི་ཕྱོགས་ཉིད་ལ་ཉེས་པ་འདིར་འགྱུར་བ་ཡིན་ནོ་སྙམ་པས། གཞན་དག་སྨྲ་བ་ནི་རང་བཞིན་འགའ་ནི་ཞེས་བྱ་བའོ། །ངེས་སྦྱོར་ནི་རྗེས་སུ་བསྒྲུབ་

བྱའི་རང་བཞིན་དུ་རྟོགས་པ་ཡིན་ཞིང་དེ་ལ་ཡོད་པ་རྟོགས་པའི་རང་བཞིན་ཙམ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ་དངོས་པོ་ཆ་མེད་པ་ལ་དུམ་བུར་རྟོགས་པ་མི་འཐད་པའི་ཕྱིར་ཞེས་བྱ་བ་ལན་གཞན་ནས་སུན་འབྱིན་པ་གཞན་བརྗོད་པ་ནི། དེ་ནི་མ་ཡིན་ཏེ་ཞེས་སྨོས་སོ། །ངོ་བོ་ཞེས་བྱ་བ་སྤྱིར་

བསྟན་པ་ནི་ངེས་སྦྱོར་གྱི་མཐར་ཐུག་པ་ཡིན་ནོ། །ངོ་བོ་དེས་ངེས་སྦྱོར་མ་ཡིན་ནོ། །གང་གིས་དེ་ནི་ཡོད་མིན་པ། །ཞེས་བྱ་བ་ནི་ཕྱོགས་གཉིས་པ་སྟེ། ཉེས་པ་སྔ་མ་ལས་མི་འགྲེལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །སུན་འབྱིན་པ་གཞན་བརྗོད་པར་འདོད་པས། རང་ཉིད་ཀྱིས་གཞན་གྱི་

སྨྲ་བ་གསལ་བར་བྱེད་པ་སྨྲས་པ་ནི། དེ་ཡི་རྟོགས་བཞིན་ཉིད་གྲུབ་ཅིང་། །ཞེས་བྱ་བ་ལ་སོགས་པའོ། །དེའི་ཞེས་བྱ་བ་ནི་ངེས་སྦྱོར་གྱིའོ། །སུན་འབྱིན་པར་བྱེད་པ་ནི། དེ་ཡི་རང་གི་ངོ་བོ་ནི། །ཞེས་བྱ་བའོ། །ངེས་སྦྱོར་དེའི་རང་བཞིན་རྗེས་སུ་བསྒྲུབ་པར་བྱ་བ་ཉིད་ཡིན་ནོ། །གཞན་

དུ་ཞེས་བྱ་བ་ནི་རྗེས་སུ་བསྒྲུབ་བྱའི་རང་བཞིན་ཉིད་མ་ཡིན་ན། ངེས་སྦྱོར་ཉིད་དུ་མི་འགྱུར་རོ། །འདི་ཉིད་གསལ་བར་བྱེད་པ་ནི། །རྟོགས་བཞིན་པ་ཉིད་ཙམ་ཞིག་ནི། །ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་ངེས་སྦྱོར་རོ། །དེ་ལྟ་མིན་ན་མིན་ཞེས་བྱ་བ་ནི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་

ཏོ། །རྗེས་སུ་བསྒྲུབ་བྱ་ཉིད་ངེས་སྦྱོར་གྱི་བསྒྲུབ་བྱ་བྱེད་པ་ཡིན་ནོ་ཞེས་བསྟན་ནས་ཡང་དེ་ཉིད་བསྟན་པར་བྱ་བའི་ཕྱིར་གལ་ཏེ་ཞེས་སོ། །དེ་ལ་ཞེས་བྱ་བ་ནི་ཡུལ་ལའོ། །རྗེས་སུ་སྒྲུབ་པར་སྣང་བ་ཡིན་གྱི་ཞེས་བྱ་བ་ནི། ངེས་སྦྱོར་གྱི་མཚན་ཉིད་དོ། །གཞན་མིན་ཞེས་བྱ་བ་རྗེས་

སུ་བསྒྲུབ་བྱ་མ་ཡིན་པ་ཉིད་དོ། །དོན་འདི་ཡིན་ཏེ། རྗེས་སུ་བསྒྲུབ་བྱ་ཉིད་ནི་མ་འབྲེལ་པ་རྣམ་པར་བཅད་པ་ཙམ་གྱིས་དོན་འགྲུབ་པར་འགྱུར་བ་མ་ཡིན་གྱི། འོན་ཀྱང་གཞན་དང་ལྡན་པ་རྣམ་པར་གཅོད་པས་སོ། །དེ་ལྟ་མ་ཡིན་ན་རྗེས་སུ་བསྒྲུབ་བྱ་མ་ཡིན་པ་ཉིད་ཀྱི་རྗེས་སུ་འབྲངས་

Vol. 183 · folio 231b

ནས། རྗེས་སུ་བསྒྲུབ་བྱ་མ་ཡིན་པར་ཡང་འགྱུར་རོ། །དེས་ན་ངེས་སྦྱོར་ནི་ཡུལ་གྱི་ཆོས་མ་ཡིན་ནོ། །སྤྱི་རིག་པ་ལ་མ་ཡིན་ནོ་ཞེས་བྱ་བ་འདིས་ནི་འཐད་པ་བརྗོད་པའི་དོན་དུ་རྟོགས་བཞིན་པ་ཉིད་ཙམ་ཞིག་ནི་ཞེས་བྱ་བ་སྔར་བཤད་པ་ཉིད་དྲན་པར་བྱེད་པ་ཡིན་ནོ། །དེ་ཉིད་བཤད་པ་ནི་སྤྱི་

རིག་ཡིན་ན་དེ་ལ་ནི་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་སྤྱི་རིག་ཡིན་ཞེས་བྱ་བ་དང་གཞི་མཐུན་པའི་བདུན་པའོ། །གང་གི་ཕྱིར་མཆོད་སྦྱིན་ལ་སོགས་པ་རྗེས་སུ་བསྒྲུབ་པར་བྱ་བའི་དོན་རིག་པ་མ་ཡིན་པས་ཞེས་བྱ་བ་ནི་ལྷག་མའོ། །དེར་སྨྲ་བའི་ངེས་སྦྱོར་ནི་ཞེས་བྱ་བ་ལ་སོགས་པ་ནི་མཇུག་

སྡུད་པའོ། །འདི་ཡང་དེའི་ཕྱིར་ཞེས་བལྟ་བར་བྱའོ། །དེར་སྨྲ་བའི་ཞེས་བྱ་བ་ནི་ངེས་སྦྱོར་ངག་གི་དོན་དུ་སྨྲ་བའི་འདོད་པ་ལ་ངེས་སྦྱོར་ངག་གི་དོན་ཡིན་པ་དེར་མི་འགྱུར་ཏེ། འགྱུར་བར་འོས་པ་མ་ཡིན་ནོ། །འདི་སྤང་བའི་དོན་དུ་གལ་ཏེ་ཞེས་སྨོས་སོ། །གང་འདིའི་དོན་ནི་འདི་ཡིན་

གྱི་འདི་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་རྟོགས་པར་ཡོད་པ་དང་མེད་པ་ངེས་པར་བྱེད་པ་ཉིད་ལ། རྟོགས་པ་དེ་ཡང་ཡོད་པ་ཡིན་ནོ་སྙམ་དུ་བསམས་པའོ། །ངེས་པར་སྦྱོར་བ་ལ་སོགས་པའི་རྟོགས་པ་གསུམ་གྱིས་ཕྱེ་བའི་ངེས་སྦྱོར་གྱི་རྟོགས་པ་ནི། གཅིག་ཀྱང་འགོད་པ་ཡིན་ནོ་ཞེས་བྱ་བ་ནི་

བསྡུས་པའི་དོན་ཏོ། །ཅིའི་ཕྱིར་སྐྱེས་བུ་ངེས་པར་སྦྱོར་བ་པོར་མི་འདོད་ཅེས་དོགས་པ་ན། གཞན་གྱིས་སྨྲས་པ་ནི། རིག་བྱེད་ཀྱི་སྐྱེས་བུ་ལ་ཚད་མ་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །རིག་བྱེད་བྱེད་པའི་སྐྱེས་བུ་གང་ཡིན་དེ་ལ་ཚད་མ་མེད་པའི་ཕྱིར་རོ། །དེ་ནི་མི་བདེན་ཏེ་ཞེས་བྱ་བ་ལ་

སོགས་པ་ནི་ལན་སྨྲས་པ་སྟེ། གཅིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་མ་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་གལ་ཏེ་ངེས་པར་སྦྱར་བར་བྱ་བ་དང་། ངེས་པར་སྦྱོར་བར་བྱེད་པ་པོ་དག་གི་རྟོགས་པ་ཡོད་དུ་ཆུག་ལ་དེ་ལྟ་ན་ཡང་ཡུལ་མཆོད་སྦྱིན་གྱི་རྟོགས་པ་ཡོད་པ་མ་

ཡིན་ཏེ། དེའི་ཚེ་མེད་པའི་ཕྱིར་རོ། །རེ་ཞིག་རྟོགས་པ་ནི་ཡོད་པ་ཉིད་དོ་ཞེ་ན། གལ་ཏེ་གང་ཞིག་རྟོགས་པར་བྱ་བ་ཉིད་དུ་འདོད་པ་མེད་ན། དེར་རང་གི་རང་བཞིན་རིག་པ་ཡིན། རིག་པ་ཡོད་དོ་ཞེ་ན་ནི་རང་གི་ངོ་བོ་སུས་འགོག་ཅེས་བརྗོད་པ་ནི། གང་ཞིག་རང་གི་ངོ་བོ་ཡིས། །ཞེས་བྱ་བ་

Vol. 183 · folio 232a

ལ་སོགས་པའོ། །དེའི་རང་བཞིན་ལ་མ་རེག་པའི་རིག་པས་ཀྱང་གལ་ཏེ་རིག་པ་ཡིན་ན་ནི། ཐམས་ཅད་ཀྱིས་ཐམས་ཅད་རིག་པར་འགྱུར་སྙམ་དུ་བསམས་པའོ། །དེའི་རང་བཞིན་མངོན་སུམ་དུ་བྱེད་པ་ཁོ་ན་དེ་རིག་པ་ཡིན་ནོ་ཞེས་བཤད་པ་ནི། རང་གི་ངོ་བོ་མེད་པ་ལ་

ཞེས་བྱ་བ་ལ་སོགས་པའོ། །དེ་ཡང་མེད་ལ་རང་གི་རང་བཞིན་རིག་པར་འགྱུར་མོད་འདི་ལ་ཡོད་ཅེ་ན། དམིགས་པར་བྱེད་པ་དང་དམིགས་པར་བྱ་བའི་རང་བཞིན་བརྗོད་ནས། ཡོད་པ་བསྒྲུབ་པར་དམིགས་པ་ཡོད་པ་ངེས་པར་བརྗོད་དོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར།

དམིགས་པ་ཞེས་བྱ་བ་ནི་ཡོད་པ་བརྗོད་པ་ཡིན་ལ། དེ་ཡང་མེད་པའི་ཕྱིར་ན་འགལ་ལོ། །གང་གིས་དམིགས་པ་ཤེས་པ་ཡིན་པ་དེའི་ཚེ་ཡང་ཡོད་པ་ཞེས་བྱ་བ་ཡོད་པའི་ཐ་སྙད་ལ་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཟླ་བ་གཉིས་ཀྱིས་འཁྲུལ་པ་མ་ཡིན་ཏེ། དེར་གང་ཞིག་དམིགས་པ་

དམིགས་པ་རང་གི་རྣམ་པ་དེ་ནི་ཡོད་པ་ཁོ་ན་ཡིན་ལ། གང་ཞིག་དེ་མེད་པའི་ཕྱི་རོལ་གྱི་ཟླ་བ་གཉིས་པོ་དེ་ནི་དགག་པར་མི་བྱ་བའི་ཕྱིར་རོ། །འགོག་ན་ཡང་གཞལ་བྱ་མེད་ཀྱང་ཚད་མར་འགྱུར་བས་ཚད་མ་ལ་གུས་པ་ཐག་རིང་དུ་སྤངས་པ་ཉིད་དོ། །འཇིག་རྟེན་ནི་དཔྱོད་པ་དང་བྲལ་བའི་

ཕྱིར་ན་སྣང་བཞིན་པ་ཉིད་ལ་རྟག་པར་བསམས་ནས། གང་ཞིག་སྣང་བ་དེ་ཉིད་མེད་དོ་ཞེས་འཁྲུལ་པ་འབའ་ཞིག་ཟད་ལ་འཁྲུལ་པ་རྣམ་པར་གཞག་པ་ཡང་དེ་ལ་ལྟོས་པ་ཉིད་དོ། །དེའི་ཕྱིར་དམིགས་པ་ཉིད་ཡོད་པ་ཡིན་པའི་ཕྱིར། དམིགས་པ་ཙམ་ཉིད་ཀྱིས་ཡོད་པའི་ཐ་སྙད་དུ་འགྱུར་གྱི་གཞན་ལ་

ལྟོས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རང་གི་ངོ་བོ་དངོས་སུ་རྟོགས་པར་ཁས་བླངས་ན་འདི་འགལ་བ་ཡིན་ན་འདི་ནི་རྟོགས་པ་ཙམ་ཡིན་ཏེ། རང་གི་ངོ་བོ་མངོན་དུ་མ་བྱས་པར་རང་གི་ངོ་བོར་ཞེན་པ་ཡིན་པའི་ཕྱིར་འགལ་བ་ག་ལས་འགྱུར་ཞེས་བྱ་བའི་དོགས་པ་ཙམ་ལ་

བརྟེན་ནས་མདུན་གྱི་རྩོད་པ་ལ་འཇུག་པའི་བསམ་པས་དམིགས་པ་ཙམ་གྱིས་ཞེས་གསུངས་སོ། །ཡོད་ཅེས་བྱ་བར་རྟོགས་པ་མ་ཡིན་ཞེས་བྱ་བ་ཡོད་ཅེས་བྱ་བར་ངེས་པ་ཡིན་པའོ། །དཔེར་ན་རྟོགས་པ་ཙམ་ཡིན་པའི་ཕྱིར་འགལ་བ་མེད་པ་དེ་བཞིན་དུ་རྟོགས་པ་ཙམ་ཡིན་པ་ཉིད་ཀྱི་ཕྱིར་

Vol. 183 · folio 232b

ཡུལ་གྱི་ཆོས་ཅན་ཡོད་པ་ཉེ་བར་བརྗོད་པ་མ་ཡིན་ན་དེའི་ཆོས་ངེས་སྦྱོར་ལྟ་སྨོས་ཀྱང་ཅི་དགོས་དེས་ན་རྟོགས་པ་དམིགས་པ་མེད་པ་ཉིད་མི་སྤོང་ངོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྟོགས་པ་ཙམ་གྱིས་ཀྱང་ཡོད། ངེས་པར་བྱེད་མོད་ཅིར་འགྱུར་ཞེ་ན། ལུང་རྣམས་ལ་ནི་ཞེས་གསུངས་སོ། །

གལ་ཏེ་རྟོགས་སོ་ཅོག་གིས་དོན་གནས་ན་དེའི་ཚེ་ལུང་ལ་བརྟེན་ནས་ཆོས་ཅན་གཅིག་ཁོ་ན་ལ་ཕན་ཚུན་འགལ་བ་དེ་ཁོ་ན་ལ་མངོན་པར་ཞེན་པའི་བློ་སྣ་ཚོགས་སུ་མི་འགྱུར་ཏེ། གཅིག་ལ་འགལ་བ་དེ་ཁོ་ན་དུ་མ་ཉེ་བར་འཇོག་པ་མི་འཐད་པའི་ཕྱིར། བློ་གཅིག་པོ་འགའ་ཞིག་ལུས་པར་

འགྱུར་རོ། །དེ་ཁོ་ན་སྣ་ཚོགས་སུ་མངོན་པར་ཞེན་པ་ལུང་ལ་བརྟེན་པའི་བློ་ཡང་ཡོད་པ་ཡིན་ནོ། །དེའི་ཕྱིར་རྟོགས་སོ་ཅོག་གིས་དོན་གནས་པ་མ་ཡིན་ནོ། །རྒྱུའི་དྲི་མས་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པའོ། །རྒྱུ་བྱེད་པ་པོའི་ཉེས་པ་ཆགས་པ་ལ་སོགས་པ་དེས་སྦགས་པ་ནི་

སྐྱེས་བུའི་ལུང་ངོ་། །དེ་ལས་བཟློག་པ་རིག་བྱེད་ལས་གཏོགས་པ་ནི་དོན་གྱི་གཞན་དབང་ཉིད་དོ་ཞེས་བྱ་བའི་དོན་ཏོ། །མིན་ཞེས་བྱ་བ་ནི་དགག་པ་པོའི་གཏན་ཚིགས་བརྗོད་པ་ནི། འཇིག་རྟེན་རྗེས་འབྲངས་ཞེས་བྱ་བ་ལ་སོགས་པའོ། ཅི་ལྟར་ན་རིག་བྱེད་ལས་འཇིག་རྟེན་གྱི་རྗེས་སུ་

འབྲངས་པ་ཁོ་ནས་རྟོགས་ཤེ་ན། སྒྲ་དོན་འཇིག་རྟེན་ན་སྲིད་ཕྱིར། །ཞེས་སྨོས་སོ། །སྒྲ་དང་དོན་དག་གནས་ལས་ལྷུང་བར་འདོད་པ་ནི་འགའ་ན་ཡང་མེད་དོ། །དེ་དག་འཇིག་རྟེན་ན་སྲིད་པ་ཡང་ཅི་ལྟར་ཞེ་ན། འཇིག་རྟེན་མཆོད་སྦྱིན་ལ་སོགས་པ་དམིགས་པས་སོ། །མཆོད་སྦྱིན་

ལ་སོགས་པའི་སྒྲ་ནི་རྗོད་བྱེད་དང་མར་བླུགས་པ་ལ་སོགས་པ་བརྗོད་པར་བྱ་བ་ནི། འཇིག་རྟེན་ཉིད་ན་དམིགས་པ་ཡིན་ནོ། །དེས་ན་འཇིག་རྟེན་གྱི་ཐ་སྙད་སྔོན་མཐོང་བའི་རྗེས་སུ་འབྲངས་པ་ཉིད་ཀྱིས་སྒྲ་དོན་ཕྱིས་གནས་པ་ཡིན་ནོ། །དེ་ལས་སྐབས་ལ་ཅིར་འགྱུར་ཞེ་ན།

སྔོན་མཐོང་ཞེས་སྨོས་སོ། །དཔེར་ན་འཇིག་རྟེན་པའི་སྒྲ་ལས་རྟོགས་པ་དོན་སྒྲུབ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་རིག་བྱེད་པའི་སྒྲ་ལས་ཀྱང་། འདོད་ཆགས་ལས་བསླད་པའི་འཇིག་རྟེན་གྱི་རྗེས་སུ་འབྲངས་ནས་བློ་སྐྱེ་བ་ན་དོན་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འཇིག་རྟེན་ལ་མ་ལྟོས་ན་ནི་

Vol. 183 · folio 233a

རིག་བྱེད་ལས་རྟོགས་པ་མི་སྲིད་པའི་ཕྱིར་མི་སྲིད་པའི་མཚན་ཉིད་ཁོ་ན་ཚད་མ་ཡིན་པར་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །སྔར་ཤིན་ཏུ་ཆེར་གོམས་པའི་བག་ཆགས་ཀྱི་དབང་དུ་བྱས་པའི་ཡིད་ཅན་དག་བློ་གཞན་དུ་འགྱུར་བར་མཐོང་ངོ་ཞེས་སྟོན་པ་ནི་

འདོད་དང་ཞེས་བྱ་བའོ། །འདོད་པའི་འབྲས་བུ་བསྒྲུབ་པར་མཐོང་བ་མེད་དོ། །ཡང་ན། བློ་སྔོན་རྗེས་སུ་འབྲང་བ་ནི། །མཐོང་བ་འདོད་པའི་སྒྲུབ་བྱེད་མིན། །སྦྱར་བར་བྱའོ། །རྣམ་པ་གཞན་ཡང་བརྗོད་པ་ནི་ངག་དང་ཚིག་དོན་བྱ་བའོ། །ངག་དང་ཚིག་དོན་ཉེ་བར་བསླད་པ་ནི་དོན་

གཞན་ལ་གྲགས་པ་དོན་གཞན་ལ་སྦྱོར་བ་ཡིན་ནོ། །དེ་ལ་དུས་ཐ་དད་པར་གོའི་སྒྲའི་དོན་དགུ་ལ་གྲགས་པ་ཡིན་ལ། ད་ལྟ་ནི་མདའ་ལ་ཡང་མཐོང་ངོ་། །ཡུལ་ཐ་དད་པར་ནི་ཀ་ལི་དང་མ་རི་ལ་སོགས་པའི་སྒྲ་རྩོད་པའི་དུས་ལ་སོགས་པ་ལ་གྲགས་པ་གཞན་དུ་མི་སྨྱོ་བ་ལ་སོགས་པ་

ལ་མཐོང་ངོ་། །ཚིག་བསླད་ན་ནི་ངག་བསླད་པ་ནི་ཡང་རྙེད་པར་སླ་སྟེ། དེ་ནི་དེ་ཚོགས་པ་ཡིན་པའི་ཕྱིར་རོ། །ཅི་ལྟར་འཇིག་རྟེན་གྱི་རྗེས་སུ་འབྲངས་ནས་མཆོད་སྦྱིན་ལ་སོགས་པའི་དོན་མར་གྱི་སྲེག་བླུགས་ལ་སོགས་པ་ལ་བརྟགས་པ་དེ་བཞིན་དུ་སྔར་དོན་གཞན་ལ་གྲགས་པ་ཉིད་ད་

ལྟར་དོན་འདི་བརྗོད་པ་ཡིན་ནོ་ཞེས་ཅིའི་ཕྱིར་མི་རྟོགས། འདིར་གཞན་གྱིས་སྨྲས་པ་ནི་རིག་བྱེད་དེ་ལ་རྨོངས་པ་ལ་སོགས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ལ་སོགས་པ་བསམས་པའི་ཉེས་པ་འགའ་ཡང་མེད་དེ། བྱེད་པ་པོའི་མེད་པའི་ཕྱིར་རོ། །སྒྲ་གང་ལས་བྱེད་པ་པོ་སྲིད་པ་དེ་ལ་ནི་ཕྱིན་ཅི་ལོག་ལ་

སོགས་པ་བསམ་པ་ཉེས་པ་ཡོད་པ་ཡིན་ནོ། །དེས་ན་མི་འདོད་པའི་དོན་ལ་འཇུག་པར་དོགས་པས་ཚད་མ་མ་ཡིན་ནོ། །རིག་བྱེད་ལ་ནི་དེ་མེད་པའི་ཕྱིར་ཚད་མ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་དུ་ཡང་ཞེས་བྱ་བ་སྨོས་སོ། །རིག་བྱེད་ཀྱི་ཡུལ་ལ་མ་རྟོགས་པ་ཞེས་བྱ་བ་ཕྱིན་ཅི་

མ་ལོག་པའི་དོན་རྟོགས་པ་མེད་པ་ཉིད་ཀྱིས་སྐྱོན་འགའ་ཞིག་ཇི་ལྟར་འདོད་པ་མ་ཡིན་ཏེ། འོན་ཀྱང་ཐམས་ཅད་འདོད་པ་ཁོ་ནའོ། །དཔེར་ན་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྐྱེས་བུའི་ཆོས་གཞན་དུ་འཇུག་པའི་རྒྱུ་ཡིན་པ་དེ་བཞིན་དུ་སྐྱེས་བུའི་ཆོས་ཡང་དག་པར་རྟོགས་པ་ཡང་ཕྱིན་ཅི་

Vol. 183 · folio 233b

མ་ལོག་པར་བརྗོད་པའི་རྒྱུ་ཡིན་ནོ། །དེས་ན་གལ་ཏེ་རྣམ་པ་ཐམས་ཅད་དུ་སྐྱེས་བུ་ལོག་ན་དེའི་ཚེ་བདེན་པའི་དོན་ཉིད་མ་ཡིན་ལ་ལོག་པའི་དོན་ཡང་མ་ཡིན་གྱི། འོན་ཀྱང་རིག་བྱེད་དོན་མེད་པ་ཁོ་ནར་འགྱུར་རོ། །དེས་ན་འདོད་ཆགས་ལ་སོགས་པས་བསླད་པའི་ཡིད་ལ་སྐྱེས་བུ་ལ་སོགས་

པས་བྱས་པའི་བརྡ་ཙམ་གྱིས་རྗེས་སུ་འགྲོ་བ་དོན་དུ་སྣང་བ་ནི། རྩྭའི་མཐོ་ཡོར་ལ་སོགས་པ་བཞིན་དུ་རིག་བྱེད་ཀྱི་ངག་ལ་ཚད་མར་འཇོག་པར་བྱེད་པ་མ་ཡིན་ནོ། །དེས་ན་རིག་བྱེད་ཀྱི་ངག་ཐོས་པ་ན་དོན་དུ་སྣང་བ་ནི། རྩྭའི་མཐོ་ཡོར་ལ་སོགས་པ་བཞིན་དུ་འདོད་ཆགས་ལ་སོགས་པས་ཉེ་བར་

བསླད་པས་བྱས་པའི་བརྡ་ཙམ་གྱི་རྗེས་སུ་འགྲོ་བ་ནི་ཚད་མར་འགྱུར་བ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །སྐྱེས་བུས་བྱས་པ་བཞིན་དུ་སྐྱེས་བུས་མ་བྱས་པ་ཡང་བསམ་པའི་ཉེས་པས་དངོས་པོ་དང་། འབྲེལ་ཉམས་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེས་སྟོན་པ་ནི། འཇིག་རྟེན་བསམ་པའི་

ཉེས་པའི་ས། །ཞེས་བྱ་བའོ། །བསམ་པའི་ཉེས་པས་སྒྲ་ཚད་མ་མ་ཡིན་ནོ། །འཇིག་རྟེན་ན་གང་བརྗོད་པ་དེ་ནི་དངོས་པོ་དང་འབྲེལ་པ་ཉམས་པའི་ཕྱིར་ཡིན་ལ། དངོས་པོའི་འབྲེལ་པ་ཉམས་པ་འདི་ནི་རིག་བྱེད་ལ་ཡང་མཚུངས་པའི་ཕྱིར། ཅི་ལྟར་རིག་བྱེད་ཚད་མ་ཡིན། གལ་ཏེ་

མེ་ལ་དུ་བ་བཞིན་དུ་སྒྲ་དང་དོན་དག་གི་འབྲེལ་པ་དངོས་པོ་ཉིད་ཡིན་ན། དེའི་ཚེ་སྐྱེས་བུའི་འདོད་པས་མི་འཇུག་པའི་ཕྱིར་སྒྲ་ཐམས་ཅད་ཚད་མར་འགྱུར་རོ། །འོན་ཏེ་འདོད་པ་ལ་རག་ལས་པ་ཉིད་བཟློག་ཏུ་མེད་ན་འོ་ན་ནི་འབྲེལ་པ་དངོས་པོ་པ་མ་ཡིན་པའི་ཕྱིར་སྐྱེས་བུས་བྱས་པ་དང་། མ་བྱས་པ་དག་ལ་ཁྱད་

པར་ཅི་ཡོད་སྙམ་དུ་བསམས་པའོ། །གལ་ཏེ་འཇིག་རྟེན་ཉིད་ཀྱི་ངག་དང་ཚིག་དོན་བསླད་པར་མཐོང་བ་མ་ཡིན་ནམ། དེ་ཇི་ལྟར་དེའི་རྗེས་སུ་འབྲངས་ནས་རིག་བྱེད་ལ་ཡང་བསླད་པ་སྲིད་དོ་ཞེས་བརྗོད་ཅེས་དོགས་ན། ངག་དང་ཚིག་དོན་འཇིག་རྟེན་ན། །ཞེས་སྨོས་སོ། །ངག་དང་ཚིག་ཏུ་གྱུར་པའི་སྒྲ་

གང་དག་ལ་དོན་བསླད་པ་མཐོང་བའི་སྒྲ་དེ་ཉིད་རིག་བྱེད་ལ་ཡང་ཡིན་ན། རིག་བྱེད་ལ་ཡང་ཇི་ལྟར་བསླད་པ་མི་སྲིད། དེ་ལྟར་རིག་བྱེད་སྐྱེས་བུས་མ་བྱས་པ་ཡིན་ཡང་བསླད་པ་སྲིད་པས་བསད་པའི་ཚད་མ་ཉིད་ཡང་རྣམ་པ་གཞན་གྱིས་གསོ་བའི་ཕྱིར། གཞན་དག་གིས་སྨྲས་པ་ནི་རིག་བྱེད་

Vol. 183 · folio 234a

རང་ཉིད་ལས་ཞེས་བྱ་བའོ། །རང་ཉིད་མི་འཇུག་པའི་ཕྱིར་ཞེས་བྱ་བ་ནི། མཆོད་སྦྱིན་ལ་སོགས་པ་སྐྱེས་བུའི་དོན་བྱེད་པ་ལ་མི་ལྟོས་པར་རང་ཉིད་འཇུག་པ་མ་ཡིན་ལ། སྐྱེས་བུ་ཡང་རང་ཉིད་མཆོད་སྦྱིན་ལ་སོགས་པ་རྟོགས་པར་ཅི་ལྟར་ནུས། མི་སླུ་བ་

དང་འབྲེལ་པའི་དོན་ཅན་གྱི་རིག་བྱེད་ཀྱིས་བསྐུལ་ན་ནི་མཆོད་སྦྱིན་ལ་སོགས་པ་ལ་འཇུག་པར་འགྱུར་རོ། །དེས་ན་རིག་བྱེད་ཚད་མ་ཡིན་ནོ་ཞེས་རིགས་སོ་ཞེ་ན། ལན་འདི་ནི་ལུང་ཐམས་ཅད་ལ་ཞེས་བྱ་བའོ། །འདིར་རིག་བྱེད་ལ་ཚད་མའི་རྒྱུ་མཚན་ལྷན་ཅིག་ཡོད་ཅེས་བྱ་བའི་ཐ་ཚིག་

གོ། །འདི་ཉིད་གཞུང་འཛུགས་པ་ནི་ལུང་ཐམས་ཅད་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །ལུས་རྣམས་ལ་སོ་སོར་ངེས་པའི་དོན་གང་ཡིན་པ་དེ་དག་གིས་ནང་གི་རྣམ་པར་དབྱེ་བ་ཁྱད་པར་མཆོད་སྦྱིན་དང་། རྣལ་འབྱོར་དང་། ལྷག་པར་གནས་པ་ལ་སོགས་པའོ། །སྐྱེས་བུ་

ཙམ་གྱིས་ཞེས་བྱ་བ་ནི། གང་གི་ཚེ་ཤིན་ཏུ་དབང་པོ་ལས་འདས་པ་མཐོང་བ་ཡིན་ན་དེའི་ཚེ་ནུས་མོད་ཀྱི་འོན་ཀྱང་རིག་བྱེད་ཀྱང་དེ་ལྟར་ཐལ་བས་ན། སྐྱེས་བུས་མ་བྱས་པར་ཁས་ལེན་པ་ལེགས་པ་མ་ཡིན་ནོ། །ཕྱོགས་གཞན་བཤད་པ་ནི་ཡང་ན་ཞེས་བྱ་བའོ། །དྲན་པར་བྱེད་པ་ཞེས་བྱ་

བ་ནི་དེའི་ཡུལ་ཅན་གྱི་ཡིད་ལ་བྱེད་པ་འཇུག་པའོ། །འདི་ལྟར་བསམ་པ་ཡིན་ཏེ། མཆོད་སྦྱིན་ལ་སོགས་པ་སྒྲུབ་པར་བྱེད་པ་དང་། མཐོ་རིས་ལ་སོགས་པ་བསྒྲུབ་པར་བྱ་བ་གཉིས་འདིར་ཐོབ་པ་ཡིན་ནོ། །དེ་ལ་འདི་ལྟར་མཆོད་སྦྱིན་བྱའོ་ཞེས་དགོད་པ་ཙམ་ལ་ནི་ཐལ་བ་ཡང་ནུས་པ་

ཉམས་པ་མེད་དོ། །དེའི་བྱེད་པའི་འབྲས་བུ་མཐོ་རིས་ཡིན་ནོ་ཞེས་བྱ་བར་ངེས་ན་ནི་མི་ནུས་པར་འགྱུར་རོ། །དེའི་འབྲས་བུར་བརྗོད་པ་ནི་དགག་པར་ཡང་མི་ནུས་སོ། །དེས་ན་རྨོངས་པས་སམ། བསླུ་བའི་བསམ་པས་བརྗོད་པར་སླ་ཞིང་། མི་སླུ་བ་ལ་ངེས་པའི་ཕྱིར་ཚད་མ་མ་

ཡིན་པ་ཡང་སླའོ། །མཆོད་སྦྱིན་ལ་སོགས་པའི་དོན་བྱ་བའི་བདག་ཉིད་མཚུངས་པ་དེའི་ཀུན་གྱིས་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་དབང་པོ་ལས་འདས་པ་མཐོང་བར་བྱེད་པའམ། ཕྱོགས་གཞན་ལ་ནི། སྤྱོད་པའི་རང་བཞིན་ཅན་སེམས་མ་ཡེངས་པར་བྱེད་པ་དེ་རིག་བྱེད་ལ་ཡང་མི་མཚུངས་

Vol. 183 · folio 234b

སམ་སྟེ། མཚུངས་པ་ཁོ་ནའོ། །དེས་རིག་བྱེད་དང་རིག་བྱེད་མ་ཡིན་པ་དག་ཚད་མ་མ་ཡིན་པར་མཚུངས་པ་ཁོ་ནའོ་སྙམ་དུ་བསམས་པའོ། །འདི་ལ་གཞན་གྱི་དོགས་པ་ནི། །དམ་པས་བརྩི་བ་མིན་ཞེ་ན། །ཞེས་བྱ་བ་སྟེ། སྐབས་ཀྱིས་རིག་བྱེད་ལས་གཞན་པའི་ལུང་དག་ལའོ། །དེས་

ན་དམ་པས་བརྩི་བའི་རིག་བྱེད་ཁོ་ན་ཚད་མ་ཡིན་ནོ། །གལ་ཏེ་ལུང་དེ་དག་ཀྱང་དམ་པ་ཉིད་ཀྱིས་བརྩི་བ་མ་ཡིན་ནམ་ཞེ་ན། དེ་ལྟ་མ་ཡིན་ཏེ། ཚད་མར་གྱུར་པའི་རིག་བྱེད་ལ་བརྩི་བའི་བྲམ་ཟེ་ཉིད་དམ་པ་ཡིན་ནོ་ཞེ་ན། ལན་དུ་དེ་ལྟ་ཡིན་ན་ཕན་ཚུན་བརྟེན་པར་འགྱུར་བ་ཡིན་ནོ། །འདི་ཉིད་

གསལ་བར་བྱེད་པ་ནི། །དམ་པ་རིག་བྱེད་དོན་སྤྱོད་ལས། །ཞེས་བྱ་བ་ལ་སོགས་པའོ། །དེའི་ཞེས་བྱ་བ་རིག་བྱེད་ཀྱིའོ། །དེས་སྤྱོད་ལས་ཞེས་བྱ་བ་ནི་དམ་པས་སྤྱོད་པ་ལས་སོ། །འོན་ཏེ་རིག་བྱེད་དུ་གྱུར་པའི་ཚད་མ་ལས་ཞེས་ཁྱད་པར་དུ་བྱེད་ན་སྐྱོན་འདིར་འགྱུར་གྱི། འོན་ཀྱང་དམ་པ་ནི་

བྲམ་ཟེ་ཙམ་ཡིན་ནོ་ཞེ་ན། དེ་ལྟ་ན་འོ་ན་བྲམ་ཟེ་མ་ཡིན་པ་ཁོ་ན་དམ་པ་ཡིན་ནོ་ཞེས་བརྗོད་ན། ཁ་ཡོན་པོར་མི་འགྲོའོ་སྙམ་དུ་བསམས་ནས། དམ་པས་བརྩི་བར་ཡང་མཚུངས་སོ་ཞེས་སྟོན་པ་ནི། གཞན་ཡང་ཞེས་བྱ་བའོ། །རིག་བྱེད་ལས་གཞན་པའི་ལུང་ནི་ལུང་གཞན་ཏེ། དེ་དང་

འབྲེལ་པ་དེ་ལ་མངོན་པར་ཞེན་པ་གང་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །གཞན་གྱིས་སྨྲས་པ། མི་འགྱུར་བ་ནི་ཉིད་ཅེ་ན། །ཞེས་བྱ་བ་སྟེ། བྲམ་ཟེ་ཉིད་དུ་ཞེས་བྱ་བ་ནི་ལྷག་མའོ། །དེ་ག་ལས་ཤེ་ན། བཤད་པ་བྲམ་ཟེ་དེ་དག་ནི་སྡིག་ལ་ཞེས་བྱ་བ་ལྟ་བ་གཞན་ལ་མི་དགའ་བས་

སོ། །ལན་དུ་སྡིག་དང་ཞེས་བྱ་བ་ལ་སོགས་པའོ། །འདི་ནི་སྡིག་པའི་ལྟ་བ་ཡིན་ལ་འདི་ནི་གཞན་ཡིན་ནོ་ཞེས་ངེས་པ་ལ་ཚད་མ་ནི་འགའ་ཡང་མེད་དེ། །དེ་ཉིད་ཀྱི་དོན་དུ་དཔྱོད་པ་ལ་འཇུག་པའི་ཕྱིར་རོ། །ལྟ་བ་ཉིད་སྡིག་པ་མ་ཡིན་མོད་གང་ལས་ལུང་གཞན་ལ་ཡང་བྲམ་ཟེ་བརྩི་བར་འགྱུར་

བ་ལྟ་བ་གཞན་ལ་འཇུག་ན་སྐྱེས་བུ་ཉིད་སྡིག་པ་ཡིན་པའི་ཕྱིར་བྲམ་ཟེ་ཡིན་ནོ་ཞེ་ན། འདིར་ཡང་གལ་ཏེ་ལྟ་བའི་སྐྱོན་གྱིས་སྡིག་པ་མ་ཡིན་ན། དེའི་བྲམ་ཟེ་མ་ཡིན་པའི་ཉེས་པས་སྡིག་པ་ཡིན་ནོ་ཞེས་བྱ་བར་འགྱུར་བས། སླར་ཕན་ཚུན་བསྟེན་པར་འགྱུར་རོ་ཞེས་སྟོན་པ་ནི། བྲམ་ཟེ་མིན་

Vol. 183 · folio 235a

པས་སྡིག་བདག་ཉིད། །སྡིག་བདག་ཡིན་ཕྱིར་བྲམ་ཟེ་མིན། །ཞེས་བྱ་བའོ། །དེ་ལྟར་རེ་ཞིག་མ་དཔྱད་ན་དགའ་བའི་བྲམ་ཟེ་ཉིད་ཁས་བླངས་ནས་སུན་འབྱིན་པ་བརྗོད་དོ། །ད་ནི་གང་ལས་སུས་འགོག་ཅེས་བརྗོད་པ་ནི། གང་ཞིག་རང་གི་ངོ་བོ་ཡིས། །

ཞེས་བྱ་བ་ལ་སོགས་པའོ། །དེའི་རང་བཞིན་ལས་མ་རེག་པའི་རིག་པས་ཀྱང་གལ་ཏེ་རིག་པ་མ་ཡིན་ན་ནི་ཐམས་ཅད་ཀྱིས་ཐམས་ཅད་རིག་པར་འགྱུར་རོ་སྙམ་དུ་བསམས་པའོ། །དེའི་རང་བཞིན་མངོན་སུམ་དུ་བྱེད་པ་ཁོ་ན་དེ་རིག་པ་ཡིན་ནོ་ཞེས་བཤད་པ་ནི། རང་གི་ངོ་བོ་

མེད་པ་ལ། །ཞེས་བྱ་བ་ལ། དེ་དག་དམ་པ་ཡིན་པས། དེ་དག་གིས་བརྩིས་པའི་རིག་བྱེད་ཚད་མར་འགྱུར་བ་བྲམ་ཟེ་དེ་ཉིད་རྣམ་པར་དཔྱོད་ན་མི་གནས་སོ་ཞེས་སྟོན་པ་ནི་གཞན་ཡང་ཞེས་བྱའོ། །བྲམ་ཟེ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རྒྱལ་རིགས་ལ་

སོགས་པའོ། །བྱ་བ་ནི་འདོད་པ་ལ་སོགས་པའོ། །སོགས་པའི་སྒྲས་ནི་བྲམ་ཟེར་སྒྲུབ་པའི་འདུ་བྱེད་པ་སྒྲུབ་པ་ལ་སོགས་པའོ། །འགྲེལ་པ་ནུས་པ་ཁྱད་པར་དུ་འཕགས་པ་དང་ལྡན་པ་ཞེས་བྱ་བ་འདིར་ཡང་འདུ་བྱེད་ལས་རྟོགས་པར་བྱ་སྟེ། རིགས་ངེས་པ་དང་བྲལ་བའི་ལེགས་པར་

བྱེད་པའང་མེད་པ་ཉིད་ཅེས་འཆད་པར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཅེས་བྱ་བ་ནི་གང་ཞིག་བྲམ་ཟེ་ཡིན་པར་མངོན་པར་འདོད་པ་དེ་ཉིད་དོ། །དེ་ཉིད་གསལ་བར་བྱེད་པ་ནི། །ཁུ་ཡུ་ལ་སོགས་པའི་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་མངོན་སུམ་དོན་ལ་ཞེས་

བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་ཉེ་བར་བསྟན་པ་ཚད་མར་མི་རུང་ཞེ་ན། ཉེ་བར་བསྟན་པ་འཇིག་རྟེན་ན། །ཞེས་སྨོས་སོ། །གཞན་དུའང་ཞེས་བྱ་བ་ནི་དོན་དམ་པར་ཡང་ངོ་། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འགྲེལ་པའོ། །དེ་ལྟ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་གཞན་

གྱི་ཉེ་བར་བསྟན་པ་ཆེན་པོ་ཡིན་ན། དེའི་ཚེ་ཉེ་བར་བསྟན་པ་ལས་ཐེ་ཚོམ་དུ་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཞན་གྱིའོ། །ཉེ་བར་བསྟན་པ་མངོན་སུམ་ལ་ལྟོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །སྔར་ནི་མངོན་སུམ་གཙོ་བོ་ཡིན་ལ་ཉེ་བར་བསྟན་པ་ནི་གྲོགས་

Vol. 183 · folio 235b

ཡིན་ནོ། །ད་ལྟར་ནི་བཟློག་པ་ཡིན་ནོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་ཉེ་བར་བསྟན་པ་ལ་མི་ལྟོས་པར་མངོན་སུམ་བྲམ་ཟེ་ལ་སོགས་པའི་མཚན་ཉིད་ཀྱི་དོན་སྒྲུབ་པར་བྱེད་པ་ཡིན་ན། དེའི་ཚེ་ཉེ་བར་བསྟན་པ་བདེན་པ་ཉིད་དུ་སྒྲུབ་པར་ནུས་པར་འགྱུར་རོ། །དེ་ལྟ་

མིན་ན་མིན་ཞེས་བྱ་བ་ནི་གལ་ཏེ་མ་ལྟོས་པར་དོན་སྒྲུབ་མི་ནུས་ན་དེའི་ཚེ་ཉེ་བར་བསྟན་པ་བདེན་པ་ཉིད་དུ་སྒྲུབ་པ་ཡང་མི་ནུས་པ་ཁོ་ནའོ། །གཞན་དུ་མིན་ཞེས་བྱ་བ་འདི་ཉིད་རྣམ་པར་འགྲེལ་པ་ནི། གང་གི་ཚེ་ཞེས་བྱ་བ་ལ་སོགས་པའོ། །དེ་འདྲ་བ་ཉིད་དོ་ཞེས་བྱ་བ་ནི་ནུས་པ་མེད་པ་ཉིད་

དོ། །གཞན་དོགས་པར་བྱེད་པ་ནི་ཚོགས་པས་ཞེས་བྱ་བ་སྟེ་གཉི་གས་སོ། །ལན་དུ་དེ་ནི་མེད་དེ་ཞེས་བྱ་བ་ལ་སོགས་པའོ། །འདིར་ཡང་ནི་ཞེས་བྱ་བ་ནི་མངོན་སུམ་དང་ཉེ་བར་བསྟན་པ་ཚོགས་པ་ལའོ། །གལ་ཏེ་འབྲས་བུ་མཐོང་བ་ལས་ཀྱང་ཚོགས་པ་ཡིན་ནོ་ཞེས་ངེས་པར་མི་ནུས་

པ་མ་ཡིན་ནམ། དེས་ན་ཅི་ལྟར་ཐམས་ཅད་འབྲས་བུ་མཐོང་བ་ལས་ཚོགས་པ་ཡིན་ནོ་ཞེས་སྨོས། རྟོགས་ཞེས་བརྗོད་ཅེ་ན་བུམ་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་དུ་ནི་ཞེས་བྱ་བ་ནི་ནས་ཀྱི་མྱུ་གུ་ལའོ། །ཅིའི་ཕྱིར་ཞེ་ན། དེར་ནི་ཞེས་བྱ་བ་ལ་སོགས་

པའོ། །དེ་ཉིད་ཡིན་པ་ནི་ཚོགས་པ་ཉིད་ཡིན་པར་མཐོང་བའི་ཕྱིར་རོ། །འོ་ན་མངོན་སུམ་དང་ཉེ་བར་བསྟན་པ་ཚོགས་པ་ལ་ཡང་འབྲས་བུ་ཡོད་པ་ཁོ་ནའོ་ཞེས་དོགས་པ་ལ་ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི། འདིར་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་མྱུ་གུ་ལ་སོགས་

པ་བཞིན་དུའོ། །གལ་ཏེ་ཡིད་ཆེས་པས་བརྗོད་པ་ན། འདི་ནི་བྲམ་ཟེའོ་ཞེས་བྱ་བ་ངེས་པར་འགྱུར་བ་མ་ཡིན་ནམ། འདིར་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ཅི་སྟེ་བརྗོད་ཅེ་ན། དེ་ལྟར་མ་ཡིན་ཏེ་ངེས་པ་མེད་པའི་ཕྱིར་ཏེ། སྤྱོད་པའི་ངང་ཚུལ་ཅན་ལ་ཐེ་ཚོམ་ཡང་མི་འཐད་པའི་

ཕྱིར་རོ། །ས་བོན་ལ་སོགས་པའི་ཚོགས་པ་ཡོད་ན་ནི། ཐེ་ཚོམ་སྟོང་བྱུང་ཡང་མྱུ་གུ་སྐྱེ་བ་ཉམས་པ་ནི་མེད་དོ། །ངེས་པར་སྣང་བ་གང་ཡིན་པ་དེ་ཡང་ཉེ་བར་བསྟན་པ་ལ་ཡིད་ཆེས་པས་སྐྱེད་པ་ཉིད་དོ། །མངོན་སུམ་གྱི་བྱེད་པ་ནི་ཆོས་ཅན་གྱི་རང་བཞིན་ལ་མངོན་དུ་ཕྱོགས་པ་

Vol. 183 · folio 236a

ཙམ་ལ་ཡིན་གྱི། རིགས་ངེས་པ་དང་རྗེས་སུ་མཐུན་པའི་ཁྱད་པར་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཉེ་བར་བསྟན་པ་མི་བདེན་པར་དོགས་པ་ལ་མངོན་སུམ་ནི་ཅུང་ཟད་ཀྱང་བྱེད་པ་མ་ཡིན་ནོ། །གང་དུ་རིགས་ངེས་པ་དང་རྗེས་སུ་མཐུན་པའི་ཁྱད་པར་ལ་

མངོན་སུམ་འཇུག་པ་དེར་ཉེ་བར་བསྟན་པ་མི་བདེན་པར་དོགས་ཀྱང་རིགས་ངེས་པར་འགྱུར་བ་ཉིད་དོ་ཞེས་སྟོན་པ་ནི། གང་གི་ཚེ་གསེར་ལ་སོགས་པ་ཞེས་བྱ་བའོ། །མངོན་སུམ་དུ་མཐོང་བས་ཞེས་བྱ་བ་ནི་མངོན་སུམ་གྱིས་བསྲེག་པ་ལ་སོགས་པས་དག་པར་མཐོང་བས་སོ། །

རིགས་ཀྱིས་ཉེ་བར་བསྟན་པ་ལ་ཡང་དེ་བཞིན་ཁོ་ནར་འགྱུར་རོ་ཞེ་ན། དེ་བཞིན་དུ་རིགས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །མངོན་སུམ་ཁྱད་པར་ཇི་ལྟ་བུ་ཞིག་གིས་ཤེ་ན། བདེན་པའི་རིགས་ཀྱིས་རང་བཞིན་གྱིས་འཛིན་པའི་རྣམ་པ་ཅན་གྱིས་སོ། །གལ་ཏེ་གསེར་ལ་ཡང་བསྲེགས་

པས་དག་པ་ལ་སོགས་པ་མ་རྟོགས་པའི་རིགས་ལ་དམིགས་པ་མ་ཡིན་ནམ་ཞེ་ན། གསེར་ལ་སོགས་པ་ལ་ནི་ཞེས་གསུངས་སོ། །རང་བཞིན་གྱི་ཁྱད་པར་ནི་བསྲེགས་པས་དག་པ་ལ་སོགས་པ་གསེར་དུ་རྣམ་པར་གཞག་པ་དང་རྗེས་སུ་མཐུན་པའོ། །དེས་ན་དེ་བཟུང་བ་ཉིད་

ཀྱིས་རིགས་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐབས་སུ་བབ་པ་ལ་ཡང་དེ་བཞིན་དུ་འགྱུར་རོ་ཞེ་ན། འདིར་ནི་ཞེས་སྨོས་ཏེ། བྲམ་ཟེ་ལ་སོགས་པའི་གོང་བུ་ལའོ། །འདི་ལྟ་བུར་གྱུར་པ་ཉིད་ནི་ཞེས་བྱ་བ་ནི་བསྲེགས་པས་དག་པ་ལ་སོགས་པ་ལྟར། དམངས་རིགས་ལ་སོགས་པ་

དང་ཐུན་མོང་མ་ཡིན་པའི་ཆོས་ལྟ་བར་མི་ནུས་པའི་ཕྱིར་རོ། །རྐང་པ་བརྐྱང་བ་ནི་ཐབས་མི་ཚོལ་བ་སྟེ། དེ་ཙམ་སྐྱབས་མ་ཡིན་ནོ། །འོ་ན་ཁ་དོག་དང་དབྱིབས་ལ་སོགས་པ་ཐུན་མོང་བ་དང་ལྡན་པ་གཞན་ཡང་བྲམ་ཟེར་འགྱུར་མོད། འདི་ཙམ་གྱིས་ངེད་ཀྱི་བྲམ་ཟེར་ཉམས་པ་

མེད་དོ་ཞེ་ན། དོན་དམ་པའི་ཞེས་སྨོས་ཏེ། གང་གི་ཚེ་བྲམ་ཟེ་མ་ཡིན་པ་ལས་རྣམ་པར་བཅད་པའི་བྲམ་ཟེ་གནས་པ་མེད་པ་དེའི་ཚེ། བྲམ་ཟེ་ལ་བྱིན་པ་འབྲས་བུ་ཆེའོ་ཞེས་བརྗོད་པ་ནི། འཇིག་རྟེན་ཕ་རོལ་དོན་དུ་གཉེར་བ་ལ་འཁྲུལ་བར་འགྱུར་རོ། །ཇི་ལྟར་བྲམ་ཟེ་དོན་དམ་པ་མ་

Vol. 183 · folio 236b

ཡིན་པ་དེ་བཞིན་དུ་འཇིག་རྟེན་ཕ་རོལ་ཡང་འགྱུར་རོ་སྙམ་དུ་བསམས་པའོ། །གལ་ཏེ་དེ་ལྟ་ན་གསེར་བྱིན་པ་འབྲས་བུ་ཆེའོ་ཞེས་བྱ་བ་ཡང་འཁྲུལ་པར་འགྱུར་ཏེ། གསེར་གྱི་རིགས་ཀྱང་བརྟག་མི་བཟོད་པའི་ཕྱིར་རོ་ཞེས་ཟེར་བའི་རྐང་པ་བཀྲུས་མ་ཐག་པ་ལ་གསེར་ནི་ཞེས་སྨོས་སོ། །

རིགས་སོ་སོར་ངེས་པ་རྟོགས་པ་མེད་པར་མཚུངས་ཀྱང་ཐུན་མོང་མ་ཡིན་པའི་ཆོས་དམིགས་པ་དང་མ་དམིགས་པས་བྱས་པ་ངག་མཐུན་པ་དང་མི་མཐུན་པས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་རིགས་ངེས་པ་ལ་ཉེ་བར་བསྟན་པ་མི་བདེན་པར་དོགས་པ་ན། མངོན་སུམ་ནུས་པ་

ཡོད་པ་མ་ཡིན་པའི་ཕྱིར་ཚོགས་པར་སྨྲ་བ་ལེགས་པ་མ་ཡིན་ནོ། །འདིའི་ཕྱིར་ཡང་མངོན་སུམ་ནུས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། གཞན་ཡང་ཞེས་བྱ་བའོ། །དེར་ཞེས་བྱ་བ་བྲམ་ཟེར་དོགས་ནའོ། །རིགས་ཀྱི་ཉེ་བར་བསྟན་པ་གཞན་ནི་སྔར་ཞུགས་པའོ། །ཐབས་གཞན་ནི་

མེད་དོ་ཞེས་བྱ་བ་སྤྱིར་འགོག་ཀྱང་མངོན་སུམ་འགོག་པར་ལྷུར་ལེན་པའོ། །གལ་ཏེ་མངོན་སུམ་ནུས་པ་ཡིན་ན་ནི་རིགས་ལ་སོགས་པ་རྟོགས་པ་དོན་མེད་དོ་སྙམ་དུ་དགོངས་པའོ། །འདི་ནི་ཉེ་བར་བསྟན་པ་ཙམ་ཡང་ནུས་པ་མེད་དོ་ཞེས་བསྟན་པ་ཡིན་ཏེ། དེའི་ཚེ་ཡང་དོགས་

པ་སྔོན་དུ་སོང་བའི་རིགས་ལ་སོགས་པ་བརྟགས་པ་དོན་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བྱ་བའི་ཕྱོགས་སུན་དབྱུང་བའི་ཕྱིར་རྩོད་པ་སློང་བ་ནི། འོན་ཏེ་ཞེས་བྱ་བ་ལ་སོགས་པའོ། །བྲམ་ཟེ་ལ་སོགས་པའི་རིགས་ཀྱི་མཚན་ཉིད་གྲུབ་པ་ཡིན་ན། འདོན་པ་དང་འདོན་དུ་འཇུག་

པ་ལ་སོགས་པའི་མཚན་ཉིད་ཀྱི་བྱ་བ་བྱེད་པ་ཡིན་ན། བྲམ་ཟེ་ལ་སོགས་པ་ནི་ཅི་ལྟར་ཡང་ཚད་མའི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ནོ། །བྱ་བ་ལས་ནི་བྲམ་ཟེ་ལ་སོགས་པའི་མཚན་ཉིད་དུ་འགྱུར་བ་མ་ཡིན་ཏེ། དེ་ལྟ་ཡིན་ན་ནི་ཐམས་ཅད་བྲམ་ཟེ་ཉིད་དུ་ཐལ་བའི་ཕྱིར་རོ། །

འདུ་བྱེད་པའི་ཕྱོགས་ཀྱང་སུན་འབྱིན་པ་ནི། རིགས་ངེས་བྲལ་བའི་ཞེས་བྱ་བའོ། །རིགས་ངེས་བྱེད་པ་མེད་པ་སྟེ། བྱ་བ་ལས་ངེས་པ་དང་བྲལ་བ་ཞེས་བཤད་ཟིན་ཏོ། །ཡང་ཅིའི་ཕྱིར་བྱ་བ་དང་འདུས་བྱས་ལ་སོགས་པ་ལས། བྲམ་ཟེ་ཉིད་ལ་སོགས་པ་མ་ཡིན་ཞེ་ན། རིགས་

Vol. 183 · folio 237a

ངེས་པ་དང་བྲལ་བའི་ཞེས་སྨོས་སོ། །རིག་བྱེད་འདོན་པ་དང་བསྟན་བཅོས་ལ་སོགས་པ་ཉན་པའོ། །ཐ་མ་བྱེད་པ་དང་འདུ་བྱེད་པའི་ཕྱོགས་དག་ཀྱང་རིགས་དཔྱད་པར་སུན་ཕྱུང་བ་ཡིན་ཏེ། རིགས་ལ་བརྟེན་པ་ཉིད་ཀྱིས་སུན་ཕྱུང་བའི་ཕྱིར་རོ། །ཡང་

ཚོགས་པར་སྨྲ་བ་རྣམས་ལ་གཞན་གྱི་སྒོ་ནས་གསལ་བའི་བཤད་པ་ལ། གཞན་ཡང་། །གལ་ཏེ་མངོན་སུམ་ཡན་འགར་བས། །རིགས་ནི་རྟོགས་པ་ཉིད་གྱུར་ན། །ཚིག་ལས་ནི་དེ་མི་རྟོགས་པ་ཡང་འགལ་བ་མེད་པ་མིན་པར་འགྱུར་ཏེ། འགལ་བ་ཡོད་པར་འགྱུར་རོ། །རེ་

ཞིག་དང་པོར་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་ལ་འཇུག་པའོ། །ལྷུར་བྱ་བའི་དོན་འདི་ཡིན། གཉིས་པོ་སོ་སོར་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་ན་ཚོགས་པར་གཞག་པ་ཡིན་ནོ། །འདིར་ནི་དེ་ལྟར་རྗེས་སུ་འགྲོ་བ་དང་

ལྡོག་པར་ངེས་པ་མེད་དོ། །ཉེ་བར་བསྟན་པ་ནི་མངོན་སུམ་གཅིག་པུའི་སྐྱབས་ཅན་ཡིན་པའི་ཕྱིར་མངོན་སུམ་གྱི་ཕུང་པོ་ཉིད་ལ་བརྟེན་པར་འགྱུར་ན། གང་གི་ཚེ་མངོན་སུམ་ནུས་པ་མེད་པ་དེའི་ཚེ་ཉེ་བར་བསྟན་པ་ལས་ལོགས་སུ་སྐྱེས་བུའི་བྱེད་པ་མེད་པས་ནི་དོན་གྲུབ་

པ་གང་ཡིན་ཡང་ཅི་ལྟར་ཉེ་བར་བསྟན་པ་གཅིག་པུའི་སྐྱབས་ཅན་ཡིན་ནོ་ཞེ་ན། བརྗོད་པ་དེ་ཡང་ཞེས་སྨོས་སོ། །དམིགས་པ་ནི་ཉམས་སུ་མྱོང་བའོ། །ཅིའི་ཕྱིར་ཞེ་ན། མ་ཤེས་པར་ཞེས་སྨོས་ཏེ། སྐྱེས་བུའི་ཚིག་ནི་ངེས་པ་སྐྱེད་པར་བྱེད་པ་མ་ཡིན་ནོ་ཞེས་སྦྱར་རོ། །

ཁྱད་པར་ཅི་འདྲ་བའི་སྐྱེས་བུ་གཅིག་ཅེ་ན། མ་ཤེས་པ་ཞུགས་ལ་སྟེ། མྱོང་བ་མེད་པར་ཞུགས་པས་སོ། །གལ་ཏེ་སྔར་རིགས་ལ་ཉམས་སུ་མྱོང་བ་ཞུགས་ན་འོ་ན་དེ་ཉིད་ལ་རིགས་ངེས་ལ་རག་མོད་ཡུ་བུ་ལ་སོགས་པས་ཅི་བྱ་ཞེས་བཤད་པ་ནི། ཅི་ལྟར་ཞེས་བྱ་བའོ། །དེའི་

ཕྱིར་ཉེ་བར་བསྟན་པ་ནི་མངོན་སུམ་གཅིག་པུ་སྐྱབས་སུ་གྱུར་པར་གྲུབ་པོ། །མངོན་སུམ་ནི་ནམ་ཡང་རིགས་ལ་ཞུགས་པ་མེད་ཀྱི་འོན་ཀྱང་རུས་དང་བྱ་བ་ལ་སོགས་པ་ཁོ་ན་ལ་ཞུགས་པ་ཡིན་ནོ། །ཡོངས་སུ་ཤེས་པ་ནི་མྱོང་བའོ། །གལ་ཏེ་བྱ་བ་དང་འདུ་བྱེད་ལ་སོགས་

Vol. 183 · folio 237b

པ་ལ་མངོན་སུམ་འཇུག་པར་རིགས་པ་ཡིན་གྱི་རུས་ལ་ནི་ཡོངས་སུ་ཤེས་པ་ཙམ་ཉིད་དུ་ཟད་དོ་ཞེ་ན། བདེན་ཏེ་དེ་ཉིད་ཀྱི་ཕྱིར་ཡོངས་སུ་ཤེས་པ་འམ་དམིགས་པ་ཞེས་སྤྱིར་བསྟན་པ་ཡིན་ནོ། །གཞན་གྱིས་སྨྲས་པ། རུས་དང་འདུ་བྱེད་ལ་སོགས་པ་དེ་ཉིད་རིགས་ཡིན་ནོ་

ཞེ་ན་ཞེས་བྱ་བའོ། །དེས་ན་རིགས་ནི་མངོན་སུམ་གྱིས་གྲུབ་པ་ཁོ་ནའོ་སྙམ་དུ་བསམས་པའོ། །ལན་བཏབ་ཟིན་ཏོ་ཞེས་བྱ་བ་ནི་བྱ་བ་དང་འདུ་བྱེད་པའི་ཆ་ལ་ལྟོས་ནས་སོ། །དེ་ལ་བྱ་བ་ལ་ལྟོས་ནས་ནི་དངོས་སུ་ལན་དྲན་པར་བྱས་པ་ཡིན་ལ། འདུ་བྱེད་པ་ལ་ལྟོས་ནས་ནི་དེ་

ཉིད་ཉེ་བར་མཚོན་པར་བྱེད་པ་ཡིན་ནོ། །དེ་ཉིད་ནི་ཞེས་བྱ་བ་ནི་བྱ་བ་ཉིད་དོ། །ད་ནི་རིགས་ཀྱི་དེ་མ་ཐག་ཏུ་བརྗོད་པ་རུས་ཀྱི་ཕྱོགས་ཀྱི་ལྷག་མ་བཀོད་ནས་སུན་འབྱིན་པར་བྱེད་པ་ནི། འོན་ཏེ་ཞེས་བྱ་བ་ལ་སོགས་པའོ། །གཞན་གྱི་ཧ་ཅང་ཐལ་བའི་ལན་དོགས་པ་ནི། བར་དུ་རིགས་ཐ་

དད་ཅེ་ན་ཞེས་བྱ་བའོ། །ལན་ནི་རྒྱུ་མཚན་མེད་པར་ཞེས་བྱ་བའོ། །གཞན་རྒྱུ་མཚན་མེད་པའི་ལན་ནི་བར་དུ་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་ཐ་དད་ཕྱིར་ཞེས་བྱ་བ་ནི་སྤྱོད་པ་ཐ་དད་པའི་ཕྱིར་རོ། །ལན་དུ་རུས་ཀྱི་ཞེས་བྱ་བ་ནི་ཚངས་པ་ལས་སྐྱེས་པའི་མཚན་ཉིད་ཀྱིས་སོ། །

གལ་ཏེ་ཚངས་པའི་ལུས་གཅིག་ལས་བྱུང་ན་དེའི་ཚེ་རིགས་ཀྱིས་དབྱེ་བ་མེད་པར་འགྱུར་བ་མ་ཡིན་ནམ། གང་གི་ཚེ་འོད་སྲུངས་ལ་སོགས་པའི་རུས་དག་ཐ་དད་པ་ཐོག་མ་མེད་པ་ཉིད་ཡིན་པ་དེའི་ཚེ། དེའི་དབྱེ་བ་ཉིད་ལས་རིགས་ཐ་དད་པ་གྲུབ་ན་རིགས་ཀྱི་དབྱེ་བ་ཐ་དད་པ་མེད་

པར་ཅི་ལྟར་འགྱུར་ཞེས་བསམས་ནས་གཞན་དག་སྨྲ་བ་ནི། འོན་ཏེ་ཞེས་བྱ་བའོ། །ལན་དུ་ཚད་མ་འཇུག་པ་མེད་པའི་ཕྱིར་ཞེས་བྱ་བའོ། །ཅི་བྲམ་ཟེ་ལ་སོགས་པའི་རིགས་ཐ་དད་པ་འདི་རུས་ཐ་དད་པ་ཁོ་ན་ལས་སམ། འོན་ཏེ་བྱ་བ་སྣ་ཚོགས་པ་ལས་ཞེས་འདི་ལ་ཚད་མ་

མེད་དོ། །འོན་ཏེ་མཆོད་སྦྱིན་ལ་སོགས་པའི་བྱ་བ་བརྒྱུད་པ་མཐོང་བའི་ཕྱིར་ཐོག་མ་མེད་པ་ཡིན་ནོ་སྙམ་ན། ལན་དུ། དེ་ནི་ཡོངས་སུ་མ་ཤེས་ཕྱིར། །བྱ་བ་བྱ་མིན་ཉིད་དུ་ཐལ། །ཞེས་སྨོས་ཏེ། ཐོག་མ་མེད་པའི་མཚན་ཉིད་ཅན་རུས་ཡོངས་སུ་ཤེས་པ་མེད་པའི་

Vol. 183 · folio 238a

ཕྱིར་རོ། །བྱ་མིན་ཉིད་ནི་དམན་པ་སྟེ། །བྲམ་ཟེ་ཉིད་ལ་སོགས་པའི་ཐ་སྙད་ཀྱི་ཡན་ལག་ཏུ་མི་འགྱུར་ཏེ། ཚད་མ་མེད་པས་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ལྟར་རེ་ཞིག་རྣམ་པར་མ་ཆད་པ་ཉིད་གླང་པོ་ཆེའི་ལྟ་སྟངས་ཀྱིས་བཏང་སྙོམས་སུ་བཞག་ནས་

བྱ་བ་དང་ཐོག་མ་མེད་པ་ཉིད་ལ་ཐེ་ཚོམ་ཟ་བར་བརྗོད་པ་ཡིན་ནོ། །ད་ནི་མ་ཆད་པ་ཡང་ཤེས་པར་མི་ནུས་སོ་ཞེས་སྟོན་པ་ནི་རུས་ནི་ཞེས་བྱ་བའོ། །འདི་ཉིད་གསལ་བར་བྱེད་པ་ནི། །རུས་ཀྱི་དངོས་པོ་འགའ་ཡང་ནི། །ཞེས་བྱ་བའོ། །བྲམ་ཟེ་མོ་དང་རྒྱལ་རིགས་ལས་

སྐྱེས་པ་ནི་སུ་ཏའོ། །བྲམ་ཟེ་མོ་དང་རྗེའུ་རིགས་ལས་སྐྱེས་པ་ནི་མརྐ་ཏ་ཞེས་བྱ་བ་སྟེ་གཏིང་རིངས་སོ། །བྲམ་ཟེ་མོ་དང་དམངས་རིགས་ལས་སྐྱེས་པ་ནི་གཏུམ་པོ་ཞེས་བྱ་བ་ནི་དེ་དག་གི་གཙུག་ལག་གོ། །དེས་ན་རྣམ་པར་མ་ཆད་པར་ནི་མ་ངེས་པ་ཁོ་ནའོ། །དེ་ལ་གང་དུ་

འཁྲུལ་པར་ངེས་པ་དེ་ཉིད་དུ་སུ་ཏ་ལ་སོགས་པར་བཞག་པ་ཡིན་ལ། གང་དུ་ཤིན་ཏུ་སྦས་པས་འཁྲུལ་པ་ཡོད་ཀྱང་མི་ཤེས་པ་དེར་ནི་བྲམ་ཟེའི་ཐ་སྙད་ཡིན་ནོ། །དེ་དག་ཅེས་བྱ་བ་ནི་འཁྲུལ་པའོ། །དེ་ཤེས་པས་ཞེས་བྱ་བ་ནི་དེ་ཤེས་པ་ལ་འབད་པ་དང་ལྡན་པ་དག་གིས་སོ། །གཞན་

ཡང་བྲམ་ཟེའི་རིགས་གྲུབ་པའི་དོན་དུ་རུས་ཉེ་བར་བཀོད་པ་ཡིན་ན་འདི་ཉིད་ནི་འཁྲུལ་པ་ཆེན་པོ་ཡིན་ནོ་ཞེས་སྟོན་པ་ནི། དང་པོ་བྲམ་ཟེ་གནས་གྱུར་ན། །ཞེས་བྱ་བའོ། །དེའི་རུས་ནི་བྲམ་ཟེའི་རུས་སོ། །བྲམ་ཟེའི་རུས་ནི་བྲམ་ཟེ་བརྒྱུད་པ་ལས་སྐྱེས་པ་ཡིན་ན་མི་གནས་ན་ཅི་

ལྟར་རུས་ཡིན། དེས་ན་བྲམ་ཟེ་ཉིད་ངེས་ན་དེའི་རིགས་ངེས་ལ། དེའི་རུས་ངེས་ན་ཡང་བྲམ་ཟེ་ཉིད་ངེས་པ་ཕན་ཚུན་བརྟེན་པ་འཕངས་པ་ཡིན་ནོ། །འདི་ནི་དམུས་ལོང་བརྒྱུད་པ་ཉིད། །ཅེས་བྱ་བ་ནི་བཞད་གད་དུ་བྱེད་པ་སྟེ། རིགས་ཀྱི་མཚན་ཉིད་མི་གནས་པའི་ཕྱིར་ན་ཐ་སྙད་

བྱེད་པ་པོ་རྣམས་ཀྱིས་འདི་ནི་བྲམ་ཟེའི་རིགས་འདི་ནི་བྲམ་ཟེའི་རིགས་ཞེས་བྱ་བའི་ཐ་སྙད་འདི་ནི་དམུས་ལོང་ཁོ་ན་སྟེ། ངེས་པའི་མིག་མེད་པའི་ཕྱིར་རོ། །ད་ནི་སོགས་པའི་སྒྲས་བསྡུས་པ་ནུས་པའི་ཕྱོགས་བཀོད་ནས་སུན་འབྱིན་པ་ནི། འོན་ཏེ་ཞེས་བྱ་བ་ལ་སོགས་པའོ། །

Vol. 183 · folio 238b

འགའ་ལའང་ཞེས་བྱ་བ་ནི་བྲམ་ཟེ་ལ་སོགས་པ་ལའོ། །གཞན་གྱིས་གལ་ཏེ་ཞེས་སྨོས་སོ། །ལན་དུ་ཀུན་ལ་ཞེས་བྱ་བ་སྟེ། སྔོན་གྱི་དུས་སུ་བྲམ་ཟེ་དང་། །བྲམ་ཟེ་མ་ཡིན་པ་གཉིས་ལ་ཐོས་པའི་ཕྱིར་བརྗོད་པ་དོན་མེད་དོ། །ཐམས་ཅད་དུ་སོང་བའི་ཁྱད་

པར་གསལ་བར་བྱ་བ་ནི། ལུང་ཀུན་ལས་ནི་ཞེས་བྱ་བ་ལ་སོགས་པའོ། །འོ་ན་ཕྲ་བ་དང་རྒྱང་རིང་པོ་ལ་སོགས་པ་བཞིན་དུ་རིག་བྱེད་ཁོ་ནས་བྲམ་ཟེ་རྟོག་པར་བྱེད་དོ་ཞེ་ན། གསལ་བ་ཞེས་བྱ་བ་ལ་སོགས་པའོ། །གསལ་བ་ལ་ཅི་མ་ཐ་ར་འདི་བྲམ་ཟེ་ཡིན་ནམ། འོན་ཏེ་

མ་ཡིན་ཞེས་ཐེ་ཚོམ་ཟོས་པ་ན་འདི་ལ་ནི་རིག་བྱེད་ནི་སྒྲུབ་བྱེད་མ་ཡིན་ནོ། །བྲམ་ཟེ་གསད་པར་མི་བྱའོ་ཞེས་བྱ་བའི་ཚིག་གང་ཡིན་པ་དེ་ནི་ཉེ་བར་མི་མཁོ་བ་ཉིད་དོ། །དེ་ལ་གསལ་བའི་ཕྱོགས་བསམ་པར་མི་རིག་པའི་ཕྱིར་འགྲེལ་པ་ནི། རིག་བྱེད་དུ་ཞེས་བྱ་བ་ལ་སོགས་

པའོ། །ཐམས་ཅད་ཀྱི་ཚེ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཀཽ་ཏི་ལ་སོགས་པའི་གསལ་བར་མི་རྟག་པའི་ཕྱིར་རོ། །གལ་ཏེ་རིག་བྱེད་ཀྱང་དེ་དང་འདྲ་བ་ཉིད་ཡིན་ན་ཅི་སྐྱོན་ཞེ་ན། རིག་བྱེད་ནི་རྟག་པས་གཏན་དུ་ཡོད་པའི་ཕྱིར་རོ། །གལ་ཏེ་རྟག་པས་མི་རྟག་པའི་བརྗོད་ན་ཅི་འགལ་ཞེ་ན།

དོན་མེད་པའི་དུས་ན་ཞེས་བྱ་བའོ། །དོན་དང་ལྡན་པ་ཉམས་པ་ཉིད་གསལ་བ་ཡིན་ན་ནི་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱིས་སྨྲས་པ་ནི། གང་གི་ཚེ་དོན་འབྱུང་བར་འགྱུར་བ་དེའི་ཚེ་དེ་ལྟར་རིག་བྱེད་དོན་དང་ལྡན་པར་འགྱུར་རོ་ཞེ་ན། འདི་ལ་ལན་འདེབས་པ་ནི། དོན་མེད་པའི་རིག་

བྱེད་ཅེས་བྱ་བ་ལའོ། །དེ་ལ་ཞེས་བྱ་བ་ནི་ཕྱིས་འབྱུང་བའི་དོན་ལའོ། །ཁྱད་པར་ཞེས་བྱ་བ་ནི་བྱ་བ་ཡོད་པ་དང་མེད་པའི་མཚན་ཉིད་དོ། །དེའི་རང་བཞིན་བྱ་བ་ནི་དོན་ཡོད་པ་དང་། མེད་པའི་དུས་ན་རིག་བྱེད་ཁྱད་པར་མེད་པའི་རང་བཞིན་ཡིན་ནོ། །དེའི་ཚེ་རྣམ་པར་དབྱེ་བ་སྟེ། དོན་དང་ལྡན་པ་ཉིད་ཀྱི་

མཚན་ཉིད་འདི་རིག་བྱེད་པ་རྟོགས་པར་འགྱུར། དེའི་ཕྱིར་རིག་བྱེད་ཀྱི་ཉེ་བར་བསྟན་པ་ནི་དོན་དང་ལྡན་པ་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །དེས་ན་རིག་བྱེད་ཀྱི་ཚིག་ནི་གསལ་བ་བྲམ་ཟེ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །དེས་ན་ཞེས་བྱ་བ་ལ་སོགས་པ་ནི་མཇུག་སྡུད་པའོ། །གཉི་ག་

Vol. 183 · folio 239a

ཞེས་བྱ་བ་ནི་མངོན་སུམ་དང་ཉེ་བར་བསྟན་པ་དག་གོ། །དེས་ཞེས་བྱ་བ་ནི་བྲམ་ཟེ་ལ་སོགས་པའོ། །གང་གི་ཕྱིར་དོན་དམ་པར་བྲམ་ཟེ་མ་གྲུབ་པའི་རྒྱུ་དེས་ནའོ། །གལ་ཏེ་ཐ་སྙད་དུ་གྲུབ་པའི་བྲམ་ཟེ་རིག་བྱེད་ཀྱི་དོན་བྱ་བའི་ཚུལ་བྱེད་པ་ཡིན་པ་དེས་ན་ཐ་

སྙད་ལ་མི་སླུ་བའི་ཕྱིར་རིག་བྱེད་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོགས་པ་མཇུག་བསྡུ་བའི་སྒོ་ནས་སྤོང་བ་ནི། དེའི་ཕྱིར་བྲམ་ཟེ་མ་ཡིན་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་བྲམ་ཟེ་ལ་ཡང་ཐ་སྙད་དུ་གྲུབ་པ་མ་ཡིན་ནོ། །འགའ་ཞིག་གི་ལ་ཞེས་བྱ་བ་ནི་བྲམ་ཟེའི་འོ། །གང་གི་ཕྱིར་དེ་ལྟར་རིག་བྱེད་ཚད་མ་

མ་ཡིན་པའི་ཕྱིར་དེ་ཡོངས་སུ་མ་བརྟགས་པ་ཚད་མས་མ་ངེས་པའི་རིག་བྱེད་དོ། །དེ་ལྟར་ངེས་སྦྱོར་སྐྱེས་བུ་དང་། མཆོད་སྦྱིན་དག་གི་ཆོས་ཡིན་པ་བསལ་ནས། ངེས་སྦྱོར་ངེས་པར་སྦྱོར་བར་བྱེད་པའི་ཆོས་ཡིན་པ་བཀོད་ནས་སུན་འབྱིན་པ་ནི། འོན་ཏེ་ཞེས་བྱ་བ་ལ་སོགས་པའོ། །ངེས་སྦྱོར་

བྱེད་པ་པོ་ནི་རིག་བྱེད་དོ། །ཡང་རྟག་པའི་ཕྱིར་ཁྱད་པར་དུ་བྱར་མེད་པ་མ་ཡིན་པས་དེའི་ཆོས་ཀྱང་རྟག་པར་འགྱུར་རོ། །དེ་ལྟ་ཡིན་ནོ་ཞེས་བྱ་བ་ནི་སྒྲུབ་པ་སྒྲུབ་ནའོ། །ཚད་མ་དོན་མེད་པར་འགྱུར་རོ་ཞེས་བྱ་བ་ནི་རིག་བྱེད་ནི་ངེས་པར་སྦྱོར་བ་རྟོགས་པར་བྱེད་པའི་སྒོ་ནས་

མངོན་པར་འདོད་པའི་སྒྲུབ་བྱེད་ལ་སྐྱེས་བུ་འཇུག་པར་བྱེད་པས་ཚད་མ་ཡིན་ནོ། །གལ་ཏེ་རང་གི་ལུས་ཉིད་ལ་རིག་བྱེད་ཀྱི་རྗེས་སུ་སྒྲུབ་པ་གཞན་དང་གཞན་རྒྱུན་མི་འཆད་པ་ཡིན་ན། དེའི་ཚེ་ཕྱི་རོལ་ལ་འཇུག་པ་ཉིད་མ་ཡིན་པའི་ཕྱིར་ཚད་མར་ཁས་བླངས་པ་དོན་མེད་དོ་སྙམ་དུ་

དགོངས་པའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་དག་འཇུག་པར་བྱེད་པ་ཉིད་དུ་སྒྲུབ་པས་རིག་བྱེད་དོན་དང་ལྡན་པ་ཉིད་ཀྱིས་ཚད་མར་གཞུང་འཛུགས་པར་བྱེད་པའོ། །དོན་འདི་ཡིན་ཏེ། ངེས་པར་སྦྱོར་བར་བྱེད་པ་པོའི་ཆོས་ཡིན་ཡང་། གལ་ཏེ་གཞན་ལ་མི་

ལྟོས་པར་དེ་ཙམ་གྱི་རང་བཞིན་དུ་འགྱུར་ན་ནི་དེའི་ཚེ། གལ་ཏེ་གྲུབ་ཀྱང་བསྒྲུབ་བྱ་ན། །ཞེས་བྱ་བའི་ཉེས་པར་འགྱུར་བ་ཞིག་ན། འོན་ཀྱང་ངེས་པར་སྦྱར་བྱ་དང་ཡུལ་ལ་ལྟོས་ནས། ངེས་པར་སྦྱོར་བ་དེ་ལྟ་བུ་ཉིད་དུ་འགྱུར་བ་ཡིན་ནོ། །ངེས་པར་སྦྱར་བྱ་དང་ཡུལ་ལ་ལྟོས་

Vol. 183 · folio 239b

པ་ཉིད་སྟོན་པར་བྱེད་པ་ནི། ངེས་པར་སྦྱར་བྱ་དང་བྲལ་བའི་ཞེས་བྱ་བ་ལ་སོགས་པའོ། །འཐད་པ་བརྗོད་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །འདིའི་ཡུལ་འདི་ལ་ཞེས་བྱ་བས་ནི་བྱེད་པ་པོ་དང་འབྲེལ་པའི་ཕྱིར་ན། བླ་ལྷག་ཏུ་གྱུར་པར་དེ་གཉིས་ལ་ལྟོས་པ་བྱ་བ་

ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ཡང་ཇི་ལྟར་གཉི་ག་ལ་གདོན་མི་ཟ་བར་ལྟོས་དགོས་ཤེ་ན། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་མེད་ན་སྐུལ་བྱེད་དུ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ངེས་པར་སྦྱར་བྱ་ཉིད་དུ་མངོན་པར་འདོད་པའི་མཐོ་

རིས་འདོད་པ་ཡང་། གདོན་མི་ཟ་བར་བདག་ཉིད་ངེས་པར་སྦྱར་བྱ་ཉིད་དུ་རྟོགས་པར་འགྱུར་ཏེ། བསྐུལ་བྱ་མེད་ན་ཡང་བསྐུལ་བ་མི་འཐད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །དེ་ལྟར་གསུམ་པོ་རྣམས་ཀྱི་ཕན་ཚུན་ལྟོས་པའི་མཚན་ཉིད་འབྲེལ་པ་ཡིན་མོད། གྲུབ་པའི་

ཕྱིར་རྗེས་སུ་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདིར་འདི་ལན་དུ་ཅི་ལྟར་ཆེ་སྙམ་ན། དེ་ལྟ་བུའི་ངེས་པ་སྦྱོར་བ་དེ་ཡང་སྨོས་སོ། །གསུམ་པོ་རྣམས་ཀྱི་ཕན་ཚུན་ལྟོས་པས་གཞག་གོ། །གལ་ཏེ་འབྲེལ་པ་ཡིན་ན། འོ་ན་གང་ཞིག་གལ་ཏེ་ལྟོས་བྱ་བསྒྲུབ་པར་བྱ་བ་ལ་ཡང་སྐྱེས་

བུ་འཇུག །ཅི་ལྟར་འཕེན་ཅེ་ན། རང་གི་བྱ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་འཇུག་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་ཡིན་ནོ་ཞེ་ན། སུན་འབྱིན་པར་བྱེད་པས་འཁྲུལ་པ་དང་ཐེ་ཚོམ་ཟ་བ་དག་ཀྱང་ཐལ་བར་འགྱུར་བའི་ཕྱིར་འཇུག་པར་བྱེད་པ་ཙམ་ནི་ཚད་མ་མ་ཡིན་གྱི།

འོན་ཀྱང་དངོས་པོའི་རང་བཞིན་རྟོགས་པར་བྱེད་པ་ལས་ཡིན་ན། དེ་ཡང་ཡོད་པ་མ་ཡིན་ནོ་སྙམ་དུ་བསམས་ནས། དེ་ལྟ་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁམས་ཀྱི་དོན་ནི་བྱ་བ་སྟེ། མཆོད་སྦྱིན་བྱེད་པ་ལ་སོགས་པའི་ཡུལ་ཅན་ནོ། །ངེས་པར་སྦྱོར་བ་ནི་ངེས་པར་

སྦྱོར་བཞིན་པའི་སྐྱེས་བུའི་རང་བཞིན་ནོ། །སྒོམ་བྱེད་ནི་སྐུལ་བར་བྱེད་པ་པོ་སྒྲའི་བྱེད་པའོ། །དེ་དག་གིས་ཕན་ཚུན་འབྲེལ་པའི་མཚན་ཉིད་ཀྱི་འབྲེལ་པ་ནི་རིག་བྱེད་ཀྱི་ས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ངེས་སྦྱོར་སྨྲ་བ་རྣམས་ཀྱང་ངེས་སྦྱོར་དུ་རྣམ་པར་གནས་པར་འགྱུར་རོ་

Vol. 183 · folio 240a

ཞེས་བྱ་བའི་དོན་ཏོ། །རྟོགས་པའི་དུས་ན་ཞེས་བྱ་བ་ནི་ངག་གི་དོན་རྟོགས་པའི་དུས་ནའོ། །མེད་པས་ཞེས་བྱ་བ་ནི་འབྲེལ་པ་ཅན་གྱི་ཡུལ་གཅིག་མེད་ཀྱང་མེད་པའི་ཕྱིར་རོ། །དེའི་འབྲེལ་པ་ནི་ངེས་སྦྱོར་དུ་ཁས་མི་ལེན་གྱི། འོན་ཀྱང་རང་གྲུབ་པར་བྱ་བའི་དོན་

དུ་ངེས་པར་སྦྱོར་བར་བྱེད་པའི་དོན་གཞན་ཁོ་ན་ཞིག་ངེས་སྦྱོར་དུ་སྨྲ་བའོ། །འབྲེལ་པ་ངེས་སྦྱོར་ཡིན་ནོ་ཞེས་བྱ་བ་ནི་ཁྱེད་ཀྱིས་ཉེ་བར་བཏགས་པ་འབའ་ཞིག་ཏུ་ཟད་དོ་སྙམ་དུ་དོགས་ན། ཁམས་ཀྱི་དོན་ལ་སོགས་པ་ཞེས་སྨོས་སོ། །འོ་ན་ཁམས་ཀྱི་དོན་ལ་སོགས་པ་གནས་པའི་འབྲེལ་

པ་ཉིད་དོན་ཡིན་པར་འགྱུར་མོད། དེ་ཅིའི་ཕྱིར་དམིགས་པ་མེད་པ་ཉིད་དུ་འགྱུར་ཞེ་ན། རིམ་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྒྲ་བྱེད་པས་ནི་སྐྱེས་བུའི་བྱེད་པ་སྐྱེད། སྐྱེས་བུ་བྱེད་པས་ནི་མཆོད་སྦྱིན་ལ་སོགས་པ་བསྐྱེད་པའི་ཕྱིར་ན། རིམ་པ་དང་ལྡན་པ་རྒྱུ་དང་འབྲས་བུའི་

དངོས་པོར་གྱུར་པ་སྒྲའི་བྱེད་པ་ལ་སོགས་པ་མ་རྟོགས་པའི་འབྲེལ་པ་སྣང་བ་ག་ལ་ཡོད། སྔར་ནི་འབྲེལ་པ་ཅན་གཅིག་མེད་པའི་ཕྱིར་ཞེས་བརྗོད་པ་ཡིན་ལ། ད་ལྟར་ནི་འབྲེལ་པ་ཅན་ཐམས་ཅད་ཡོད་ཀྱང་ཞེས་བྱ་བ་ནི་ཁྱད་པར་རོ། །གལ་ཏེ་འབྲེལ་པ་ཅན་གཅིག་མེད་ཀྱང་འབྲེལ་

པ་མེད་པ་རང་གི་ངོ་བོ་སྣང་བར་འགྱུར་བ་མ་ཡིན་ནམ། དེས་ན་ཅི་ལྟར་འབྲེལ་པ་ངག་གི་དོན་ཡིན་ན་དམིགས་པ་མེད་པར་ཐལ་བར་འགྱུར་ཞེས་དོགས་པ་ལ། རང་གི་ངོ་བོར་སྣང་བ་ནི་ཡོད་པའི་ཡུལ་ཅན་སྣང་བའི་ཕྱིར་དང་ཞེས་སྨོས་སོ། །དེ་ལྟ་ན་ནི་འོ་ན་འབྲེལ་པ་ཉིད་འབྲེལ་ཅན་གྱི་

རང་བཞིན་དུ་སྣང་བ་ཡིན་ནོ་ཞེས་དོགས་ན། གཞན་གྱི་ངོ་བོར་ཞེས་སྨོས་ཏེ། འབྲེལ་པ་ཅན་གྱི་ངོ་བོར་སྣང་བ་ནི། འབྲེལ་པ་དེ་སྣང་བ་མ་ཡིན་པའི་ཕྱིར་རོ། །འདི་ག་ལས་ཤེ་ན། གཞན་ནི་གཞན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་སྙམ་དུ་དགོངས་

པའོ། །དེ་ལྟ་ཡིན་དང་ལྷག་པར་ཞེན་པར་བྱས་པས་མེད་པའི་ངེས་སྦྱོར་ལ་ལྟོས་ནས། རིག་བྱེད་ཀྱི་མཉན་པ་ནི་དམིགས་པ་མེད་པ་ཁོ་ན་ཡིན་ལ། སྣང་བ་ལ་ལྟོས་ནས་ནི་གཞན་སེལ་བའི་ཡུལ་ཅན་ཉིད་དོ། །དམིགས་པ་མེད་པ་ཉིད་གཞུང་འཛུགས་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་

Vol. 183 · folio 240b

པའོ། །མཆོད་སྦྱིན་ལ་སོགས་གྱིས་ཤིག་ཅེས་བྱ་བས་ནི་སྒྲུབ་པའི་རང་བཞིན་མཆོད་སྦྱིན་ལ་སོགས་པའི་རྣམ་པ་དེ་མ་ཡིན་པ་ལས་ལྡོག་པར་སྣང་བ་དང་། མཆོད་སྦྱིན་བྱེད་པ་པོ་ཡང་འབྱུང་བར་འགྱུར་བའི་ཕྱིར་དངོས་པོ་མེད་པ་ལྷག་པར་ཞེན་པ་ཡིན་པར་བསྟན་ཏོ། །དེས་ན་

མཉན་པར་བྱ་བའི་གཞན་སེལ་བའི་ཡུལ་ཅན་དང་། དམིགས་མེད་པ་ཞེས་སྒྲུབ་པོ་དེ་བཞིན་དུ་གཞན་སེལ་བའི་ཡུལ་ཅན་གཞན་ལ་ཡང་གཞན་སེལ་བ་ཉིད་དུ་རིག་པར་བྱའོ། །རྟོགས་པའི་དུས་ན་ཞེས་བྱ་བ་ནི་ངག་གི་དོན་རྟོགས་པའི་དུས་ནའོ། །དེ་ཞེས་བྱ་བ་ནི་བྱེད་པ་པོ་ཉིད་དོ། །

སེལ་བའི་ཡུལ་ཅན་དུ་སྒྲུབ་པར་བྱེད་པའི་རྣམ་པ་གཞན་ཡང་བཤད་པ་ནི། སྒྲས་ནི་ཞེས་བྱ་བའོ། །སྒྲས་ནི་རྟོགས་པར་ནུས་པ་ཡང་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅི་ཞིག་ཅེ་ན་སྔར་མ་རྟོགས་པའོ། །དེ་ལྟ་བུའི་དངོས་པོར་ཞེས་བྱ་བ་ནི། མཆོད་སྦྱིན་ལ་སོགས་པ་བྱེད་པ་རྟེན་དུ་ཉིད་

དུའོ། །གཞན་ནི་ཞེས་བྱ་བ་ནི་སྔར་མི་དམིགས་པའོ། །དེ་ལྟར་བྱེད་པ་པོ་ཉིད་རྟོགས་མོད། དེ་ལྟ་ན་ཡང་འདི་དམིགས་པ་མེད་པར་ཅི་ལྟར་འགྱུར་ཞེ་ན། སྔོན་གྱི་རྗེས་སུ་འབྲངས་ནས་ཞེས་སྨོས་སོ། །གཞན་སེལ་བའི་ཡུལ་ཅན་ཞེས་བྱ་བ་ནི་སྤྱིའི་ཡུལ་ཅན་ཉིད་ཉེ་བར་མཚོན་པར་

བྱེད་པ་སྟེ། དངོས་པོ་མེད་པའི་ཡུལ་ཅན་ཉིད་དོ། །དེ་ལྟ་ཡིན་ན་སྔར་བྱ་བ་དང་ལྡན་པར་མངོན་སུམ་གྱིས་རྟོགས་པ་ནི། དངོས་པོ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་བྱ་བ་དང་ལྡན་པ་རྟོགས་སོ་ཞེས་ཅི་ལྟར་བརྗོད་ཅེས་དོགས་ན། མངོན་སུམ་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །

བྱ་བ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་བྱེད་པ་པོ་ཉིད་དུ་རྟོགས་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་རྟོགས་པ་མ་ཡིན་ཞེ་ན། སྔོན་དང་ཕྱི་མ་ལས་ཞེས་བྱ་བ་སྨོས་སོ། །བྱེད་པ་པོ་ནི་འབྲས་བུ་བསམས་ཤིང་ཕན་འདོགས་པར་བྱེད་པ་རྣམས་བསོགས་ནས་སྒྲུབ་པར་བྱེད་པ་ལ་བྱེད་པ་པོ་ཞེས་བརྗོད་

པ་ཡིན་ལ། སྔ་མ་དང་ཕྱི་མར་གྱུར་པ་ཆ་ཤས་དང་ལྡན་པའི་བྱ་བ་ཡང་སྐད་ཅིག་གཅིག་ལ་རྫོགས་པར་བྱ་བ་མ་ཡིན་ན། མངོན་སུམ་ནི་སྐད་ཅིག་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་བྱ་བ་དང་ལྡན་པར་རྟོགས་སོ་ཞེས་བརྗོད་ཅེ་ན། ཐ་སྙད་པའི་ཞེས་བྱ་བ་སྨོས་སོ། །

Vol. 183 · folio 241a

ཐ་སྙད་པའི་མངོན་སུམ་ནི་རྣམ་པར་རྟོག་པ་ལ་ལྟོས་ནས་གཅིག་ཏུ་བྱེད་པས་འཇུག་པ་ཡིན་ལ། དེ་ལ་ལྟོས་ནས་ཀྱང་བྱ་བ་དང་ལྡན་པར་རྟོགས་སོ་ཞེས་བརྗོད་པ་ཡིན་ནོ། །ཐམས་ཅད་དུ་ཞེས་བྱ་བ་ནི། གལ་ཏེ་གཞན་གྱི་ལུགས་ཀྱིས་བྱེད་པ་

དངོས་པོ་ཡིན་པའམ། ཡང་ན་རིགས་པས་ཐ་སྙད་ཉིད་ཡང་རུང་ཞེས་བྱ་བའོ། །ཅི་སྟེ་ཡང་ཞེས་བྱ་བ་ནི་གཞན་གྱིའོ། །གང་གིས་སྦྱོར་བར་བྱེད་པ་ཉིད་ཡིན་པས་མེད་པ་རྗོད་པར་བྱེད་པའི་མཉན་པ་དམིགས་པ་མེད་པ་ཉིད་དུ་འགྱུར་བ་བྱེད་པ་པོ་ཉིད་དུ་བསྐུལ་བར་བྱ་བ་ནི་

མ་ཡིན་ཏེ། བྱེད་པ་པོ་སྦྱར་བར་བྱ་བ་ནི་མ་ཡིན་ནོ། །མི་བྱེད་པ་ནི་བྱེད་པ་པོར་འགྱུར་བ་མ་ཡིན་གྱི་ཞེས་བྱ་བ་ནི་བྱེད་པ་པོ་ཉིད་ཡོད་པ་མ་ཡིན་པར་བརྗོད་པ་ཡིན་ནོ། །དབང་དུ་བྱ་བའི་མཚན་ཉིད་རུང་བ་ཉིད་ནི་དེ་ལ་ཡོད་པ་ཁོ་ན་ཡིན་ལ། དེ་ཉིད་ཀྱང་ངེས་སྦྱོར་དུ་སྨྲའོ་སྙམ་དུ་བསམས་

པའོ། །ལན་ནི་དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །མཆོད་སྦྱིན་ལ་སོགས་པའི་བསྒྲུབ་པར་བྱ་བའི་ཡུལ་འགའ་ཞིག་ལ་རུང་བར་བྱ་བ་ཡིན་ནོ། །ཡུལ་མེད་པར་ནི་དེ་འགྱུར་བ་མ་ཡིན་ནོ། །འོན་ཏེ་ཡུལ་མེད་པའི་ཕྱིར་རུང་བ་ཉིད་མེད་ཀྱང་མཆོད་སྦྱིན་གྱིས་ཞེས་བརྗོད་པ་ལས་རྟོགས་པར་

འགྱུར་བ་ཁོ་ནའོ། །དེས་ན་མཉན་པ་དམིགས་པ་མེད་པར་ཅི་ལྟར་འགྱུར་ཞེ་ན། ཡུལ་ནི་དབང་པོ་ལས་འདས་ན་ཞེས་སྨོས་ཏེ། ཡུལ་མ་རྟོགས་ན་དེའི་ཁྱད་པར་ཅན་རུང་བ་ཉིད་མི་རྟོགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་མཉན་པ་དམིགས་པ་མེད་པ་ཁོ་ནའོ་སྙམ་དུ་དགོངས་པའོ། །

ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི་རུང་བ་ཉིད་ཀྱི་ཡུལ་ཞེས་སྨོས་ཏེ། རུང་བ་ཉིད་ཀྱི་ཡུལ་རང་གི་བྱ་བ་ཅན་ནོ། །མཆོད་སྦྱིན་ལ་སོགས་པ་རང་གི་བྱ་བ་ཡོད་པ་དེ་ནི་རང་གི་བྱ་བ་ཅན་ནོ། །བྱེད་པ་པོ་བཞིན་དུ་རུང་བ་ཉིད་འདིར་ཡང་སྟེ། ཅི་ལྟར་བྱེད་པ་པོ་ཉིད་མེད་པ་དེ་བཞིན་དུ་དེའི་ཡུལ་གྱི་ཁྱད་

པར་ཅན་རུང་བ་ཉིད་ཀྱང་མེད་པར་འགྱུར་རོ། །རྣམ་དཔྱོད་ལ་ནི་དཔྱོད་རྣམས་ཏེ། གནས་རྣམས་ཀྱིས་སོ། །འདི་ནི་བསྟིང་ཆང་ངོ་།། །།ད་ནི་དཔྱོད་པ་པ་གནའ་མ་རྣམས་ཀྱི་ལུགས་ལ་བརྟེན་ནས། ཡང་སུན་དབྱུང་བའི་ཕྱིར་རྣམ་པར་རྟོག་པ་མེད་པ་ནི། གཞན་དག་བྱ་བ་དག་པ་

Vol. 183 · folio 241b

ཡི། །རང་བཞིན་ངེས་སྦྱོར་བརྗོད་དམ་ཅི། །ཞེས་བྱ་བ་ནི། རྣམ་པར་རྟོག་པ་གཅིག་ཡིན་ཏེ། གང་གི་ཕྱིར་གཞན་གནའ་རབས་དག་གིས་བརྗོད་པ་ཡིན་ནོ། །འདིའི་བཤད་པ་ནི། གང་གི་ཕྱིར་ངེས་སྦྱོར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་མོ། །དེ་ལ་སྦྱིན་

སྲེག་གྱིས་ཤིག་ཅེས་བྱ་བས་ནི་ལིང་ངའི་དོན་དང་རང་གྲུབ་པའི་དོན་དུ་སྐུལ་བ་འཕངས་པས་ངེས་པར་སྦྱོར་བ་དང་། རྗེས་སུ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་ན། བྱ་བའི་རང་བཞིན་ཡང་རྟོགས་པར་བྱེད་ལ། དེ་ཡང་དག་པ་ཡིན་ཏེ། ཁྱད་པར་དང་བྲལ་བ་ཡིན་ནོ། །དེས་ན་བྱ་བ་དག་

པའི་རང་བཞིན་ངེས་སྦྱོར་ཡིན་ནོ། །གལ་ཏེ་བྱ་བ་ལ་སོགས་པའི་ཁྱད་པར་ཡང་རྟོགས་པ་མ་ཡིན་ནམ་ཞེ་ན། དེའི་ཁྱད་པར་གང་ཡིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་མཐོ་རིས་འདོད་པས་སྦྱིན་སྲེག་གྱིས་ཤིག་ཅེས་བྱ་བས་ཁམས་ཀྱི་དོན་ལ་སོགས་པ་

རྟོགས་ཀྱང་། ལིང་ངའི་དོན་དུ་རྟོགས་པ་ནི་མ་ཡིན་ཏེ། དེས་ན་ལིང་ངའི་དོན་ནི་དེ་ཉིད་ཡིན་ནོ། །ཁམས་ཀྱི་དོན་དང་མཐོ་རིས་འདོད་པའི་ཁྱད་པར་ཐ་དད་པ་གཉིས་ལ་ལྟོས་པས་དག་པ་ཉིད་ཉམས་པ་མ་ཡིན་མོད། རང་གི་ངོ་བོར་གྱུར་པའི་སྐུལ་བྱེད་ཉིད་ལ་ལྟོས་ནས་གོ་ཅི་སྟེ་མི་ཉམས་

ཤེ་ན། འདིར་ནི་ཞེས་སྨོས་སོ། །དོན་གྱི་ཤུགས་ཀྱིས་འོངས་པ་དེ་ནི་རྐྱེན་གྱི་དོན་མ་ཡིན་ནོ། །རྣམ་པར་རྟོག་པ་གཉིས་པ་ནི་ཡན་གར་བསྐུལ་བའམ་ཞེས་བྱ་བ་སྟེ། ངེས་སྦྱོར་དུ་བརྗོད་དམ་ཅི་ཞེས་བྱ་བ་ལ་ལྟོས་པར་བྱའོ། །འདིའི་བཤད་པ་ནི་བསྐུལ་བ་དག་པ་ཞེས་བྱ་བ་ལ་སོགས་

པའོ། །ལུགས་རྣམས་ལ་ཐ་དད་པ་ཙམ་ཞིག་བསམ་པར་བྱའི་བརྟག་པར་ནི་མི་བྱ་སྟེ། ཐམས་ཅད་སུན་འབྱིན་པའི་ཕྱིར་རོ། །བྱ་བ་དང་འབྲེལ་པའམ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་གཞན་ནོ། །འོན་ཏེ་ཟློག་པ་ཡིན་ཞེས་བྱ་བ་ནི། བསྐུལ་བ་དང་འབྲེལ་པའི་བྱ་བའོ། །

འདིའི་བཤད་པ་ནི་འདི་ནི་ངའི་བྱ་བ་བྱེད་པ་ཞེས་བྱ་བ་ལ་སོགས་པའོ། །སྔ་མའི་བཤད་པ་ནི། འདིར་ནི་འགར་ཡང་བྱ་མེད་པར། །ཞེས་བྱ་བ་ལ་སོགས་པའོ། །འདོད་པའི་གོ་རིམས་ནི་འདི་ཡིན་ལ། མདོར་བསྟན་པ་ནི་ཚིགས་སུ་བཅད་པའི་ངོར་གོ་རིམས་བསྣོར་བར་བལྟ་བར་བྱའོ། །

Vol. 183 · folio 242a

གཙོ་ཕྱིར་བྱ་བའི་རང་བཞིན་ན་ནི། །ངེས་སྦྱོར་ཡིན་པར་འདོད་དམ་ཅི། །ཞེས་བྱ་བ་ནི། རྣམ་པར་རྟོག་པ་ལྔ་པའོ། །འདིའི་བཤད་པ་ནི། བྱ་བ་བསྐུལ་བའི་ཡུལ་ཡིན་གྱི་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་རང་ཉིད་སྐུལ་བྱེད་མིན། །ཞེས་

བྱ་བ་ནི། མ་གྲུབ་པའི་ཕྱིར་རོ། །དེ་ནི་བསྒྲུབ་པར་བྱ་བ་ཉིད་ཀྱིས་གཙོར་གྱུར་པ་ཡིན་པ་དེས་ན་གཞལ་བྱ་དེ་ཉིད་ལ་ཚད་མ་སྐུལ་བར་བྱེད་མཁན་གྱི་བྱེད་པ་སྐུལ་བྱེད་ཉིད་ཉེ་བར་བཏགས་པ་ཡིན་ནོ། །དེས་ན་འདིས་ངེས་པར་སྦྱོར་བས་ན་དེ་ཉིད་ངེས་སྦྱོར་ཡིན་ནོ། །དེ་གཙོ་ཡིན་

ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་རྟོག་པ་དྲུག་པའོ། །སྐུལ་བྱེད་དེ་སྐུལ་བར་བྱེད་པ་པོ་ཡང་ངེས་སྦྱོར་ཡིན་པར་ཞེས་སྦྱར་རོ། །དེ་གཙོ་ཡིན་ཕྱིར་ཞེས་བྱ་བ་ནི། བརྟགས་པ་མ་ཡིན་པའི་ཕྱིར་རོ། །འདི་ནི་རྟོགས་སླ་བའི་ཕྱིར་རྣམ་པར་མ་བཀྲོལ་ལོ། །བྱ་བ་དང་བསྐུལ་

བའི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བདུན་པའོ། །འདིའི་འགྲེལ་པ་ནི། བྱ་བ་མེད་པའི་སྐུལ་བ་འམ། །སྐུལ་མེད་བྱ་བ་འགའ་ཡང་ནི། །ཞེས་བྱ་བ་ལ་སོགས་པའོ། །སྐུལ་བ་སྐུལ་བར་བྱེད་པ་མིན། །ཞེས་བྱ་བ་ནི། སྐུལ་བར་བྱེད་པ་བྱ་བ་ཆོས་ཅན་གྱི་ཡོན་ཏན་སྐུལ་བར་བྱེད་པ་

ཉིད་ཆོས་སྐུལ་བྱེད་ལ་ཉེ་བར་བཏགས་པ་ཡིན་ཏེ། དེ་དང་འབྲེལ་ན། འདིའི་སྐུལ་བར་བྱེད་པ་ཉིད་མི་འཐད་པའི་ཕྱིར་རོ། །བྱ་བ་ཡང་སྐུལ་བ་མེད་པར་རང་གྲུབ་པར་བྱ་བའི་དོན་དུ་སྐུལ་བར་བྱེད་པ་ཉིད་ཡིན་པར་མི་འགྱུར་རོ། །དེས་ན་དེ་དག་གི་སྦྱོར་བ་སྟེ། ཕན་ཚུན་འབྲེལ་

པས་ངེས་སྦྱོར་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ངེས་པ་སྦྱོར་ཚོགས་པའམ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་བརྒྱད་པའོ། །འདིའི་འགྲེལ་པ་ནི། གཉིས་པ་འདི་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་གཉིས་ལས་གཞན་གང་ཡིན་པའམ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དགུ་པའོ། །

ཆ་ཤས་གཉིས་ལ་གནས་པ་ནི་གཉི་ག་སྟེ་ཆ་ཤས་དང་འབྲེལ་པས་ན་གཉིས་ཏེ་ཚོགས་པའོ། །གཉི་ག་འདི་ལ་ཡོད་པ་ཞེས་བྱ་བས་ཚོགས་པ་དང་འབྲེལ་པའི་ཕྱིར་བྱ་བ་དང་བསྐུལ་བ་ནི་གཉི་གར་བརྗོད་དོ། །དེ་གཉིས་ལས་གཞན་བྱ་བ་དང་བསྐུལ་བའི་རང་བཞིན་མ་ཡིན་པ་ངེས་

Vol. 183 · folio 242b

སྦྱོར་གྱི་སྒྲས་བརྗོད་པར་བྱ་བ་གཞན་དུ་འགྱུར་བ་ཡིན་ནོ། །དེ་ཉིད་འཆད་པ་ནི་གང་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །ཚངས་པ་ཞེས་བྱ་བ་གཉིས་མེད་པ་སེམས་པའི་རང་བཞིན་ནི་མན་ངག་ལས་ཞེས་རིག་བྱེད་ལས་རྟོགས་ཏེ། འདི་ཐམས་ཅད་ནི་ཚངས་པའོ་ཞེས་བརྗོད་

པའི་ཕྱིར་རོ། །གཅིག་ཅེས་བྱ་བ་ནི་ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པས་ན་ཁྱབ་པ་ཡིན་ནོ། །གྲུབ་པ་ནི་གནས་པ་སྟེ། རྟག་ཏུ་ཞེས་བྱ་བ་དང་འབྲེལ་པས་ན། རྟག་པ་ཞེས་བྱ་བའི་དོན་ཏོ། །སྐབས་ཀྱིས་ན་གང་ཕྱིར་ངེས་སྦྱོར་དུ་འདོད་ཅེས་བྱ་བ་ཡིན་པ་དེས་ན་

གྲུབ་པའི་ཕྱིར་དེ་བྱ་བ་མ་ཡིན་ནོ། །བྱ་བ་ཉིད་ནི་རང་གྲུབ་པའི་དོན་དུ་སྐུལ་བ་ཡིན་ཏེ། དེས་ན་སྐུལ་བ་ཉིད་ཀྱང་མེད་དོ། །དེས་ན་གཉི་ག་ལས་གྲོལ་བའི་ངེས་སྦྱོར་དག་གི་དོན་ཡིན་ནོ། །འཁྲུལ་འཁོར་ལ་གནས་སོགས་ཞེས་གང་བཤད་པ་དེ་ལས་དང་པོ་པ་སྟོན་པ་ནི།

དེ་བཞིན་འཁྲུལ་འཁོར་ལ་གནས་པའམ་ཞེས་བྱ་བའོ། །འདིའི་བཤད་པ་ནི། གང་འགའ་ཞེས་བྱ་བ་ལ་སོགས་པའོ། །གང་དུ་ཞེས་བྱ་བ་ནི་མཐོ་རིས་ལའོ། །དེར་ཞེས་བྱ་བ་དེའི་རྒྱུ་མཚན་གྱིས་ཏེ། སྦྱིན་སྲེག་གྱིས་ཤིག་ཅེས་བྱ་བའི་ངེས་སྦྱོར་ཡོད་ནའོ། །ཡུལ་

ནི་འདོད་པའི་ཡུལ་མཐོ་རིས་ཏེ་དེ་ལ་གནས་པའོ། །བདག་འདི་མཆོད་སྦྱིན་པ་དང་ལྡན་པ་ན་ངེས་པར་མཐོ་རིས་ཐོབ་བོ་ཞེས་བསམས་ནས་འཇུག་པ་ཡིན་ནོ། །དེ་ལྟར་ཡུལ་དང་དེ་ལ་གནས་པ་ལོངས་སྤྱད་པར་བྱ་བ་དང་། ལོངས་སྤྱོད་པར་བྱེད་པ་དག་གིས་འབྲེལ་པར་ངེས་

སྦྱོར་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་དེ་སྤྱད་བྱའི་རང་བཞིན་ནམ་ཞེས་བྱ་བ་གཉིས་པ་འཆད་པར་བྱེད་པ་ནི། འདི་ནི་ང་ཡིས་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞིའོ་ངའི་ཞེས་བྱ་བ་འདིའི་ལྷུར་བྱ་བ་སྟོན་པ་ནི། ང་ཡི་ཞེས་ནི་རྣམ་ཤེས་པ། །ཞེས་བྱ་བའོ། །མེ་ཏོག་གི་

ཕྲེང་བ་དང་ཙན་དན་ལ་སོགས་པ་ལྟར་རུང་བ་ཙམ་གྱིས་ནི་ལོངས་སྤྱད་པར་བྱ་བ་མི་འདོད་ཀྱི་ལོངས་སྤྱོད་པ་པོས་ཟིན་པ་ཉིད་དོ། །དེ་ལྟར་ནི་འབྲེལ་པ་ངེས་སྦྱོར་ཡིན་ལ། འདིར་ནི་དེ་འདྲ་བའི་ལོངས་སྤྱད་པར་བྱ་བ་ཉིད་ཡིན་པས་ཐ་དད་དོ། །ལོངས་སྤྱོད་པར་བྱེད་པ་དེ་ཡང་ལོངས་

Vol. 183 · folio 243a

སྤྱད་པར་བྱ་བའི་བདག་པོའི་རང་བཞིན་དུ་འདོད་པ་ཡིན་ཏེ། བ་ལང་བཞིན་དུ་བདེ་བའི་བདག་པོ་ནི་ཡིན་ནོ་ཞེས་སྟོན་པ་ནི། བདག་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པའོ། །ལོངས་སྤྱོད་པར་བྱ་བ་དེའང་གལ་ཏེ་ལོངས་སྤྱད་པ་པོའི་བསྒྲུབ་པར་བྱ་བ་

ཡིན་ན། དེའི་ཚེ་ངེས་སྦྱོར་དུ་རྣམ་པར་གཞག་པ་རིགས་པ་ཡིན་ནོ་ཞེས་བྱ་བའི་བསམ་པས། གང་གི་ཞེས་བྱ་བ་ལ་སོགས་པའོ། །སྤྱིར་བསྒྲུབ་བྱའི་རང་བཞིན་ཉིད་དུ་ཉེ་བར་མཚོན་པའི་རང་བཞིན་གང་གིས་དེའི་ཞེས་རྟོགས་པ་དེ་ཡང་ཞེས་བྱ་བ་ནི་ལྷག་མའོ། །དེའི་བསྒྲུབ་

བྱའི་རང་བཞིན་གྱིས་ཞེས་བྱ་བ་ནི་ལོངས་སྤྱོད་པ་པོ་བསྒྲུབ་པར་བྱ་བའི་རང་བཞིན་གྱིས་སོ། །ཡང་ཅིའི་ཕྱིར་བསྒྲུབ་བྱའི་རང་བཞིན་གྱིས་བདག་ཉིད་ཀྱི་ལོངས་སྤྱད་པར་བྱ་བ་ངེས་སྦྱོར་ཡིན་ནོ་ཞེས་བརྗོད་ཅེ་ན། གྲུབ་པའི་ལོངས་སྤྱོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །

དེ་ཙམ་གྱིས་ནི་ཞེས་བྱ་བ་གྲུབ་པའི་རང་བཞིན་ཙམ་གྱིས་སོ། །འོ་ན་ཅི་ལྟར་ལོངས་སྤྱད་པར་བྱ་བ་ངེས་སྦྱོར་ཡིན་ཞེ་ན། ལོངས་སྤྱོད་བསྒྲུབ་བྱ་ཉིད་ཀྱིས་ན། །ཞེས་སྨོས་སོ། །ཡང་ན་ངེས་སྦྱོར་སྐྱེས་བུའམ་བྱ་བ་གསུམ་པ་བཤད་པ་ནི། འདི་ན་ངའི་འབྲས་བུ་ཞེས་བྱ་བ་ལ་སོགས་

ཚིགས་སུ་བཅད་པ་གཉིས་སོ། །དེ་ཉིད་ཅེས་བྱ་བ་ནི་འབྲས་བུའི་ཁྱད་པར་ཅན་གྱི་སྐྱེས་བུ་ཉིད་དོ། །དེ་ལྟར་ངེས་སྦྱོར་ངག་གི་དོན་དུ་རྣམ་པར་བརྟགས་ནས། ཕྱོགས་ཐམས་ཅད་ལ་ཡང་དབྱེ་བ་རྣམ་པ་བརྒྱད་བརྟག་པར་བྱའོ་ཞེས་སྟོན་པ་ནི། ངག་གི་དོན་ཞེས་བྱ་བ་ལ་

སོགས་པའོ། །དབྱེ་བ་བརྒྱད་པོ་དེ་དག་གསལ་བར་བྱེད་པ་ནི། ངེས་པར་སྦྱོར་བ་ཚད་མའམ་ཞེས་བྱ་བ་ལ་སོགས་པའོ། །འདིར་བརྗོད་པ་ཞེས་བྱ་བ་ནི་སུན་འབྱིན་པར་རྩོམ་པའོ། །དེ་ལ་དང་པོའི་དགུ་པོ་རྣམས་ལས་ཞེས་བྱ་བ་དག་པའི་རྣམ་པར་རྟོག་པ་སུན་འབྱིན་པ་ནི་བྱ་

བ་བསྐུལ་བ་དང་། བྲལ་བ་ཞེས་བྱ་བ་ལ་སོགས་པའོ། །ངེས་སྦྱོར་ནི་ངེས་སྦྱོར་དུ་མངོན་པར་འདོད་པའོ། །ངེས་སྦྱོར་འོན་ཏེ་ངེས་པར་སྦྱོར་བ་ལ་སོགས་པ་དང་བྲལ་བ་ཡང་ངེས་སྦྱོར་ཞེས་བརྗོད་ན། དེའི་ཚེ་སུ་ཡང་འགོག་གོ་ཞེས་བཤད་པ་ན། གང་གི་ཚེ་ཞེས་བྱ་བ་ལ་སོགས་པའོ། །གལ་

Vol. 183 · folio 243b

ཏེ་ངེས་པར་སྦྱར་བྱ་ལ་སོགས་པ་མ་རྟོགས་ཀྱང་། བྱ་བ་ཅི་སྟེ་ངེས་སྦྱོར་དུ་མ་རྟོགས་ཤེ་ན། གང་དུ་རྟོགས་ཞེས་བྱ་བ་ལ་སོགས་པའོ། །དེ་ཞེས་བྱ་བ་ནི་བྱ་བའོ། །སྐྱེས་བུའི་རྟགས་ནི་ངེས་པར་སྦྱོར་བའི་སྒྲ་ཉེ་བའི་ཕྱིར་རོ། །གྲུབ་དང་འདས་སོགས་པ་བཞིན་ཞེས་བྱ་བ་ནི། རི་རབ་

ཡོད་དོ་ཞེས་སམ་དཔལ་ཧར་ཤ་དེ་བ་བྱུང་བར་གྱུར་ཏོ་ཞེས་བྱ་བ་བཞིན་ནོ། །གང་གིས་ངེས་སྦྱོར་དུ་འགྱུར་བ། དེ་ལྟར་གྱུར་པའི་བྱ་བ་ཡང་སྐྱེས་བུ་དང་ལྡན་པར་ཅི་ལྟར་འགྱུར་ཞེ་ན། འཇིག་རྟེན་གཏོགས་པའི་ཞེས་བྱ་བ་ལ་སོགས་པའོ། །སྐབས་ཀྱིས་རང་གྲུབ་པར་བྱ་བའི་

དོན་དུ་སྐུལ་བའི་བྱ་བའི་རང་བཞིན་ཡིན་ནོ་ཞེས་ཤེས་པར་བྱའོ། །བྱ་བ་ཡང་མཆོད་སྦྱིན་ནམ། མཐོ་རིས་སོ། །གང་གི་ཕྱིར་ངེས་སྦྱོར་ངེས་པར་སྦྱར་བར་བྱ་བའི་ཆོས་ཡིན་པ་དེའི་ཕྱིར་སྐྱེས་བུ་དང་བཅས་པའི་བྱ་བ་ངེས་སྦྱོར་ཡིན་ཏེ། ཆོས་ཅན་འབྲས་བུས་ཆོས་ངེས་པར་སྦྱོར་བར་

བྱེད་པ་བསྟན་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་མཆོད་སྦྱིན་ལ་སོགས་པའི་ཆོས་བཞིན་དུ་ངེས་པར་སྦྱོར་བར་བྱེད་པ་པོ་རིག་བྱེད་ཀྱི་ཆོས་ཀྱང་ངེས་སྦྱོར་ཡིན་པར་འགྱུར་ཏེ་བྱ་བ་ཡིན་པ་ཡིན་པའི་ཕྱིར་རོ་ཞེས་དོགས་པར་བྱེད་པ་ནི་དེ་ཉིད་ཅེས་བྱ་བ་ལ་སོགས་སྨོས་ཏེ། ངེས་པར་སྦྱོར་བར་བྱེད་པ་

པོའི་རིག་བྱེད་ཀྱི་ཆོས་བྱ་བ་སྟེ། བསྒྲུབ་བྱ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ལན་གྲུབ་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །ངེས་པར་སྦྱོར་བར་བྱེད་པ་པོ་རིག་བྱེད་བཞིན་དུ་དེའི་ཆོས་ཀྱང་སྒྲུབ་པའི་ཕྱིར་བསྒྲུབ་བྱ་མ་ཡིན་པ་དེས་ན་འདི་ཇི་ལྟར་ངེས་སྦྱོར་ཡིན་སྙམ་དུ་དགོངས་པའོ། །གལ་ཏེ་ངེས་

པར་སྦྱོར་བར་བྱེད་པ་པོ་སྒྲའི་ཆོས་ངེས་སྦྱོར་མ་ཡིན་ན། འོ་ན་བསྒྲུབ་བྱ་ཡིན་པའི་ཕྱིར་བྱ་བ་ཉིད་ངེས་སྦྱོར་ཡིན་པར་འགྱུར་རོ་ཞེས་སྟོན་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །འདི་ཞེས་བྱ་བ་ནི་མཆོད་སྦྱིན་ལ་སོགས་པའོ། །གལ་ཏེ་ཡུལ་སྐུལ་བྱེད་མ་ཡིན་པ་མ་ཡིན་ནམ། དེས་

ན་ཅི་ལྟར་དེའི་ཆོས་ངེས་སྦྱོར་ཡིན་ཞེས་དོགས་པ་ན། ཕ་རོལ་པོ་ཉིད་ཀྱིས་སྨྲས་པ་ནི། ཡུལ་ལ་དེ་ནི་ཉེར་བཏགས་པས། །ཞེས་བྱ་བ་སྟེ། སྐུལ་བྱེད་ཀྱི་རང་བཞིན་སྒྲ་ལ་གནས་པའི་ངེས་སྦྱོར་དེ་ནི། ཡུལ་སྦྱར་བ་ལ་ཉེ་བར་བཏགས་པའི་ཕྱིར་དེ་ཉིད་དུ་ཞེས་བྱ་བ་ངེས་སྦྱོར་ཉིད་དུ་རབ་

Vol. 183 · folio 244a

ཏུ་བསྙད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར། བྱ་བ་ངེས་པར་སྦྱོར་བ་ཡིན་ནོ་ཞེ་ན། འདི་ལ་ལན་དེ་ནི་མ་གྲུབ་པ་ཡིན་ན་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་མ་གྲུབ་པར་ཉེ་བར་བཏགས་ནས་སྐུལ་བྱེད་ཀྱི་རང་བཞིན་ཉིད་དུ་ཇི་ལྟར་འགྱུར།

འགའ་ཞིག་གྲུབ་ན་མ་གྲུབ་པའི་ཆོས་འདོགས་པ་ཡིན་ནོ་བྱ་བ་ནི་མ་གྲུབ་པ་ཡིན་ནོ། །དེས་ན་སྐུལ་བྱེད་ཉིད་དུ་ཉེ་བར་བཏགས་པ་མི་ནུས་སོ། །དེས་ན་ཇི་ལྟར་ཉེ་བར་བཏགས་ནས་བྱ་བ་ངེས་སྦྱོར་ཡིན་པར་འགྱུར། གལ་ཏེ་ཉེ་བར་བསྟན་ནས་བྱ་བ་ངེས་སྦྱོར་མ་ཡིན་ན།

འོ་ན་བསྒྲུབ་བྱ་ཉིད་དུ་རྟོགས་པ་ལས་འགྱུར་རོ་ཞེས་དོགས་པ་བསུ་ནས་སུན་འབྱིན་པ་ནི། གལ་ཏེ་འདི་ཡི་བསྒྲུབ་བྱར་ནི། །ཞེས་བྱ་བའོ། །འདིའི་ཞེས་བྱ་བ་ནི་བྱ་བའོ། །གྲུབ་པ་དང་མ་གྲུབ་པ་ཕན་ཚུན་འགལ་བ་དག་བྱ་བ་གཅིག་ཉིད་ལའོ། །རྣམ་པ་གཞན་གྱི་སྒོ་ནས་ཀྱང་

རྟོགས་པ་སྐུལ་བྱེད་ཡིན་པ་སུན་དབྱུང་བའི་ཕྱིར། གལ་ཏེ་བསྒྲུབ་བྱའི་ཞེས་བྱ་བ་ལ་སོགས་པའོ། །དེའི་ཞེས་བྱ་བ་ནི་བྱ་བའིའོ། །ངེས་སྦྱོར་གྱི་ངེས་སྦྱོར་ཉིད་ནི་དེ་ཁོ་ན་མ་ཡིན་པར་འགྱུར་རོ་ཞེས་སྦྱོར་ཏེ། རྟོགས་པའི་ངེས་སྦྱོར་ཉིད་ཀྱང་དེ་མ་ཐག་ཏུ་སུན་དབྱུང་བར་བྱའོ་ཞེས་

བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་བྱ་བ་དག་པ་ནི་ངེས་སྦྱོར་མ་ཡིན་ནོ། །གལ་ཏེ་དེ་ལྟར་བྱ་བ་དག་པའི་ཕྱོགས་གཅིག་ཏུ་བསམས་པས། གཞན་ཇི་ལྟར་སྤོང་བར་འགྱུར་ཞེ་ན། འདི་ལ་བཤད་པ་ཕྱོགས་གཅིག་བསལ་བ་ཉིད་ཀྱིས་ན། གང་གིས་གཞན་དག་ཀྱང་བསལ་བ་གྲུབ་པར་འགྱུར་བ།

དེ་འདྲ་བའི་ཚིག་གཞན་ཀྱང་བྱས་པ་ཡིན་ནོ། །འདི་ལྟར་དང་པོའི་ཚིགས་སུ་བཅད་པ་གཉིས་ཀྱིས་བྱ་བ་དག་པའི་ཕྱོགས་སེལ་བ་ནི་གསལ་བ་ཁོ་ནའོ། །ཚིགས་སུ་བཅད་པ་གསུམ་པས་ནི། སྐུལ་བ་དག་པ་དང་བྱ་བ་དང་འབྲེལ་པའི་སྐུལ་བ་དང་། སྐུལ་བ་དང་འབྲེལ་པའི་བྱ་བ་དང་། འབྲེལ་

པ་དང་ཚོགས་པའི་ཕྱོགས་རྣམས་སྤངས་ཏེ། ཐམས་ཅད་དུ་བྱ་བ་དང་ལྡན་པའི་སྐྱེས་བུ་མ་རྟོགས་པ་ཐུན་མོང་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡང་གཞན་དག་ཏུ་ཡང་འདི་སྐད་བརྗོད་པ་ནུས་པ་དེ་ལྟ་ན་ཡང་དེ་དག་ཏུ་ནི་སོ་སོ་རང་རང་སུན་འབྱིན་པར་འགྱུར་བས་སྐྱོན་མེད་དོ། །ཚིགས་སུ་བཅད་པ་

Vol. 183 · folio 244b

བཞི་པས་ནི། གཉིས་གའི་རང་བཞིན་ལས་ངེས་པར་གྲོལ་བར་སྨྲ་བ་དགུ་པ་བསལ་བ་ཡིན་ནོ། །འོན་ཀྱང་ཕྱོགས་འདི་ལ་ཆོས་ངེས་པར་སྦྱོར་བས། ཆོས་ཅན་བསྟན་པའི་ཕྱིར། མཆོད་སྦྱིན་ནམ་མཐོ་རིས་ངེས་སྦྱོར་དུ་འདོད་པ་དེའི་ཚེ་ཚངས་པའི་རང་བཞིན་ཇི་ལྟར་ངེས་སྦྱོར་ཡིན་ཞེས་

རྩོད་པ་འདི་ལ། རྐང་པ་བཀྲུས་མ་ཐག་ཏུ་བའི་ལན་ཚངས་པ་དེ་ཉིད་བྱ་བ་ཡིན་ནོ་ཞེས་བྱ་བ་དོགས་པར་བྱས་ནས། ཚིགས་སུ་བཅད་པ་ལྷག་མས་སུན་འབྱིན་པ་ཡིན་ནོ། །དེ་ལྟ་ན་ཡང་ཚངས་པའི་རྣམ་པར་རྟོག་པ་སྨྲས་པ་ཉིད་ཀྱིས་དེ་སྐད་བརྗོད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །

གལ་ཏེ་འཇིག་རྟེན་མངོན་པར་འདོད་པའི་ངེས་སྦྱོར་ནི་ངེས་པར་སྦྱར་བྱའི་ཆོས་མ་ཡིན་ནམ་འདི་ལྟར་ངེས་པར་སྦྱོར་བ་ཅན་ཞེས་བྱ་བ་ནི། ངེས་པར་སྦྱོར་བ་པོ་བརྗོད་ཀྱི་བདག་པོ་ནི་མ་ཡིན་ནོ་ཞེ་ན། བདེན་ཏེ། གལ་ཏེ་འདི་གྲགས་པ་ཡིན་པ་དེ་ལྟ་ན་ཡང་བྱ་བ་བྱེད་པ་པོ་ལ་མི་འཁྲུལ་པའི་ཕྱིར་

ན། ངེས་པར་སྦྱོར་བ་པོའི་བྱེད་པ་ཡང་རྟོགས་པ་དང་ལྡན་པའི་འཇིག་རྟེན་འདོད་པ་ཉིད་དོ། །དེས་ན་གཏན་མི་ལྡན་པ་རྣམ་པར་བཅད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་ངེས་པར་སྦྱོར་བ་འདི་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞིས་ནི་ལྔ་པ་དང་དྲུག་པ་དག་བསལ་བ་

སྟེ། དེ་ལ་ཚིགས་སུ་བཅད་པ་དང་པོས་ནི་རྣམ་པར་རྟོག་པ་ལྔ་པའི་ཚུལ་རྗེས་སུ་བརྗོད་པའོ། །གཉིས་པའི་ཕྱེད་ཀྱིས་ནི་སུན་འབྱིན་པའོ། །བཤད་པ་ནི་སྔ་མ་བཞིན་ནོ། །འདིས་ནི་རྣམ་པར་རྟོག་པ་དྲུག་པ་ཡང་བསལ་བ་ཡིན་ཏེ། སྐུལ་བྱེད་བྱེད་པར་བསྟན་པའི་ཕྱིར་རོ། །འདིར་དོགས་

པ་དང་ལན་ནི་རྟོགས་པར་སླའོ། །གལ་ཏེ་དངོས་སུ་རྟོགས་པ་མེད་པ་དེ་ལྟ་ན་ཡང་ངའི་བསྒྲུབ་པར་བྱ་བ་ཡིན་ནོ་སྙམ་པའི་རྣམ་པར་རྟོག་པ་ཡོད་པས་ན། དེ་ཉིད་སྐུལ་བར་བྱེད་པ་ཡིན་པར་འགྱུར་རོ། །དེས་ན་གཙོ་བོ་ཡིན་པའི་ཕྱིར་སྐུལ་བ་ཉིད་ངེས་སྦྱོར་ཡིན་ནོ་ཞེས་དོགས་པ་བསུ་

ནས། ཚིགས་སུ་བཅད་པ་གཞན་གྱིས་ལན་བཏབ་པ་ནི་རྟོགས་པར་སླའོ། །གཉིས་ཀྱི་དང་པོ་བཞི་པ་ཡིས། །དགུ་པ་དེ་ནས་བཞི་རྣམས་ཀྱིས། །ལྔ་པ་དང་ནི་དྲུག་པ་བསལ། །གཞན་པ་དག་ནི་གསུམ་པས་བཟློག །ཅེས་བྱ་བ་ནི་བསྡུ་བའོ། །འཁྲུལ་འཁོར་ལ་གནས་སོགས་མི་

Vol. 183 · folio 245a

འགྱུར། །ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བའི་སུན་འབྱིན་བསྟན་པའི་དོན་དུ། ངེས་སྦྱོར་རྟོགས་པ་ཉིད་ཡིན་འགྱུར། །ཞེས་བྱ་བའི་ཚིག་གིས་ཀྱང་། ཚད་མའི་རང་བཞིན་བསམ་པ་འཕངས་པའི་ཕྱིར་ན། ཐ་མའི་རྣམ་པར་རྟོག་པ་བརྒྱད་པོ་

སུན་འབྱིན་པ་སྟོན་པར་བྱེད་པ་ནི། གལ་ཏེ་ངེས་སྦྱོར་ཞེས་བྱ་བ་ལ་སོགས་པའི་སྐྱེས་བུའི་དོན་ལ་མཁོ་བའི་ངེས་སྦྱོར་ནི་གདོན་མི་ཟ་བར་ཚད་མའམ་གཞལ་བྱ་གཅིག་གི་ཁོངས་སུ་འདུ་དགོས་སོ། །དེ་ལ་གལ་ཏེ་ངེས་སྦྱོར་དག་གི་དོན་ཡིན་ན། དེའི་ཚེ་དམ་བཅས་པ་ཙམ་གྱིས་ངེས་

སྦྱོར་གྱི་ཚད་མའི་སྐྱབས་བཙལ་དགོས་ན། དེ་ལ་མངོན་སུམ་དང་རྗེས་སུ་དཔག་པ་ནི་ནུས་པ་མེད་དེ་མཆོད་སྦྱིན་གྱིས་ཤིག་ཅེས་བྱ་བ་ནི་མ་འོངས་པའི་དོན་སྟོན་པ་ཙམ་དུ་དམིགས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་སྒྲ་ལས་བྱུང་བ་ཡང་ཚད་མ་མ་ཡིན་ཏེ། དངོས་པོའི་རང་བཞིན་མི་སྣང་བའི་

ཕྱིར་རོ། །སྣང་ན་ནི་ད་ལྟར་བ་ཉིད་དུ་འགྱུར་བས་མི་འཇུག་པར་ཐལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཚད་མ་ཅི་ཞིག་ཡིན་པར་འགྱུར་ཞེས་གསུངས་སོ། །དེས་ན་ཚད་མ་མེད་པའི་ཕྱིར་གཞལ་བྱ་བའི་རྣམ་པར་རྟོག་པ་སུན་འབྱིན་པ་ཡིན་ནོ། །འོ་ན་ངེས་སྦྱོར་ཚད་མར་གྱུར་པ་

ཉིད་ཡིན་ནོ། །ཚད་མ་ལ་ཡང་ཚད་མ་གཞན་གྱིས་རྟོགས་པ་ནི་མ་ཡིན་ནོ་ཞེ་ན། ངེས་སྦྱོར་ཚད་མའི་རང་བཞིན་ཉིད། །ཅེས་སྨོས་སོ། །ངེས་པར་སྦྱོར་བ་ཞེས་བྱ་བ་འགའ་ཞིག་ཡུལ་གྱིས་འཛིན་བྱེད་དུ་ནི་རྟོགས་པ་མེད་དོ། །གལ་ཏེ་ཡང་སྐྱེས་བུའི་བྱེད་པ་ལ་སོགས་པའི་རྟོགས་པ་འཕངས་

པ་དེ་ལྟ་ན་ཡང་བྱེད་པ་ཡུལ་ཉིད་དུ་འཛིན་པ་ནི་མ་ཡིན་གྱི། འོན་ཀྱང་ཤུགས་ཀྱིས་འཕངས་པ་ཡིན་ནོ། །དབང་པོ་བཞིན་དུ་བྱེད་པ་ལ་སོགས་པའི་བློ་སྐྱེས་པ་ལས་ཚད་མ་ཉིད་ཀྱང་མ་ཡིན་ནོ་སྟེ། དབང་པོ་ཚད་མ་ཉིད་ཡིན་པ་བཀག་པའི་ཕྱིར་རོ། །འདི་ནི་ཚད་མའི་རྣམ་པར་རྟོག་པ་

བཀག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཉི་གའི་རང་བཞིན་གྱི་རྣམ་པར་རྟོག་པ་ཡང་རྩོལ་བ་གཞན་ལ་མི་ལྟོས་པར་བཀག་པ་གྲུབ་པོ། །སྐྱེས་བུ་དང་དོན་ལ་ཉེ་བར་མཁོ་བའི་དབང་དུ་བྱས་པའི་ཕྱིར་གཉི་ག་མ་ཡིན་པའི་རྣམ་པར་རྟོག་པ་ཡང་མི་སྲིད་དོ། །དེས་ན་དེ་ལྟར་ཚིགས་སུ་བཅད་པ་

Vol. 183 · folio 245b

འདིས་ནི་རྣམ་པར་རྟོག་པ་བཞི་ཀ་ཡང་བསལ་བ་ཡིན་ནོ། །ལྷག་མ་བསལ་བ་ནི་སྒྲའི་བྱེད་པ་ལས་སྐྱེས་བུའི་བྱེད་པ་ཞེས་འཇུག་པའི་རིམ་པ་ཡིན་ཡང་། ངེས་སྦྱོར་ཞེས་བྱ་བ་ནི། འཇིག་རྟེན་ན་ངེས་པར་སྦྱར་བྱའི་ཆོས་ཉིད་རབ་ཏུ་གྲགས་སོ། །སྲིད་པ་ཙམ་གྱི་ནི་ངེས་པར་

སྦྱོར་བར་བྱེད་པའི་ཆོས་ཡིན་པའི་ཕྱིར། དེའི་དབང་གིས་སྐྱེས་བུའི་བྱེད་པ་ཉིད་ཡིན་པར་སྟོན་ཏོ། །གལ་ཏེ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་རྗེས་སུ་བརྗོད་པའི་ངག་གི་ནང་དུ་འདུས་པ་སྐྱེས་བུའི་བྱེད་པའི་སྒྲ་དང་། སྐྱེས་བུ་ནི་བྱེད་པ་དེ་ཞེས་བྱ་བ་ལ་ཟློས་པར་མི་འགྱུར་ཏེ། ངག་

ཐ་དད་པའི་ཕྱིར་རོ། །རྗོད་བྱེད་གཞན་ཡིན་ནོ་ཞེས་བྱ་བ་ནི། ངེས་པར་སྦྱོར་བ་ཞེས་བྱ་བ་ནི་འདིའི་ནི་ཚིག་གཞན་ཉིད་དོ། །དེའི་ཚེ་བསྒོམ་པའི་ཕྱོགས་ཀྱི་སྐྱོན་ཉིད་དུ་དགོངས་པ་ཡིན་ནོ། །ད་ནི་སྒྲའི་བྱེད་པའི་རྣམ་པར་རྟོག་པ་སུན་འབྱིན་པར་བྱེད་པ་ནི། ངག་གི་བྱེད་པའི་

ཕྱོགས་ལ་ཞེས་བྱ་བ་ལ་སོགས་པའོ། །ཡང་གཞན་དག་གང་ལ་སྒྲའི་བྱེད་པར་འདོད་ཅེ་ན། གཞན་གྱིས་བརྗོད་པ་ཉིད་འདྲི་བར་བྱེད་པ་ནི་ངག་གི་བྱེད་པའི་ཕྱོགས་ལ་ནི། སྒྲ་ཡི་སྒོམ་པར་དེར་འགྱུར་ཏེ། །སྒྲ་ཡི་བདག་ཉིད་བྱེད་པར་བརྗོད། །ལིང་ང་ལ་སོགས་གཞན་ཡིན་

ནོ། །ཞེས་བྱ་བའི་སྒྲའི་བདག་ནི་རང་བཞིན་ཏེ། དེའི་སྒོམ་པ་ནི་བསྐུལ་བའི་རང་བཞིན་ཏེ་དེ་བརྗོད་པ་ཡིན་ནོ། །གཞན་ཡིན་ནོ་ཞེས་བྱ་བ་ནི། ཆོས་ཤིག་མཆོད་སྦྱིན་གྱིས་ཞེས་བྱ་བ་ལ་སོགས་པ་རྟག་ཏུ་རྟོགས་བཞིན་པ་སྐྱེས་བུའི་བྱེད་པ་ཙམ་ལ་ཐ་དད་པ་ཡིན་ནོ། །དེ་སྐད་དུ་ཡང་།

ཀུན་དོན་བཤད་པ་ཐམས་ཅད་ལ། །ཡོད་པ་འདི་ནི་གཞན་ཡིན་ནོ། །ཞེས་འདྲི་བར་འགྱུར་རོ། །སོགས་པའི་སྒྲས་ནི་ལོཊ་དང་ཀྲྀཏ་ཀྱི་རྐྱེན་ལ་སོགས་པའོ། །སྒྲའི་བྱེད་པ་ཡོངས་སྦྱོར་དུ་ཁས་ལེན་ན་ནི་དེའི་ཕྱོགས་ལ་འགྱུར་བའི་སྐྱོན་དུ་འགྱུར་རོ་སྙམ་དུ་དགོངས་པའོ། །

ཉེས་པ་གཞན་ཡང་བརྗོད་པ་ན། །དེ་ནི་སྒྲ་ཉིད་ལ་འགྱུར་བས། །ཞེས་བྱ་བ་ལ་སོགས་པའོ། །དེ་ནིའི་སྒྲ་ནི་དང་གི་དོན་ནམ་ཁྱད་པར་གྱི་དོན་ཏོ། །འདིར་ཁྱད་པར་ནི་འདི་ཡིན་ཏེ། ངེས་སྦྱོར་ནི་བདག་གྲུབ་པར་བྱ་བའི་དོན་དུ་འཇུག་པར་བྱེད་པ་ཡིན་པར་འདོད་དོ། །གང་གི་ཚེ་

Vol. 183 · folio 246a

སྒྲའི་བྱེད་པ་ངག་གི་དོན་དུ་གྱུར་པས་ན། ངེས་སྦྱོར་དུ་འདོད་པ་དེའི་ཚེ་དེས་བདག་ཉིད་གྲུབ་པའི་དོན་དུ་སྐྱེས་བུ་གཞག་པར་བྱ་དགོས་ན། སྒྲའི་བྱེད་པ་དེ་ནི་སྒྲའི་ཉིད་ལས་གྲུབ་པས་ན་སྐྱེས་བུ་འཇུག་པར་བྱེད་པར་མི་འཐད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་

གྱི་དོགས་པ་བསུ་བ་ནི། །གལ་ཏེ་སྒྲ་ཡིས་མ་བསྐུལ་བར། །རང་གི་བྱ་བ་ལ་འཇུག་ན། །ཞེས་བྱ་བའོ། །མཆོད་སྦྱིན་གྱིས་ཤིག་ཅེས་བྱ་བའི་སྒྲས་ནི་བདག་ཉིད་ཀྱིས་བྱ་བའི་རྒྱུ་མཚན་དུ་སྐྱེས་བུ་བསྐུལ་བ་ནི་མ་ཡིན་ལ། དེར་འཇུག་པ་ནི་མ་ཡིན་ནོ་ཞེས་སྦྱར་རོ། །འོ་ན་

གང་དུ་འཇུག་ཅེ་ན། །རང་གི་བྱ་བ་ལ་འཇུག་ན། །ཞེས་སོ། །སྐྱེས་བུ་རང་གི་བྱ་བ་ལ་འཇུག་ན་ཞེས་བྱ་བའི་དོན་ཏོ། །འདི་ལ་རྣམ་པར་རྟོག་པ་གཉིས་ཏེ། རང་གི་བྱ་བ་དེ་ལ་ཡང་སྒྲས་བསྐུལ་བའམ་མ་ཡིན་ན། མ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ལ་འདི་ནི་ཅི་ལྟར་ཞེས་བྱ་བ་ལ་སོགས་པ་ཕྱེད་

དང་པོ་ལྷག་མའི་ཕྱོགས་ལ་ནི་ཕྱེད་ཕྱི་མའོ། །དམིགས་པ་མེད་པ་ཉིད་དུ་འགྱུར། །ཞེས་བྱ་བ་ནི་དེའི་ཚེ། དེའི་བྱེད་པ་མེད་པའི་ཕྱིར་རོ། །འདི་ཉིད་ཀྱིས་ནི་གཉི་གའི་བྱེད་པའི་རང་བཞིན་གྱི་རྣམ་པར་རྟོག་པ་ཡང་བསལ་བ་ཡིན་ནོ། །གཉི་གའི་བྱ་བ་དང་བྲལ་བའི་རྣམ་པར་རྟོག་པ་ཡང་དོགས་

པ་མི་བྱ་སྟེ། དེ་ཙམ་གྱིས་ཀྱང་ངེས་སྦྱོར་གྱི་དོན་ཐོབ་པས་ནི། འཇུག་པ་མེད་པའི་ཕྱིར་རོ། །དེ་ལྟར་རྣམ་པར་རྟོག་པ་བརྒྱད་ཀ་བསལ་ནས་བརྗོད་མ་ཐག་པའི་དམིགས་པ་མེད་པ་ཉིད་འཁྲུལ་འཁོར་ལ་གནས་པ་ལ་སོགས་པ་ལྷག་མ་གསུམ་ལ་བསྟན་པའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་

ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་ཞེས་བྱ་བའི་དོགས་པ་ཐུགས་ལ་བཞག་ནས་དེའི་དོན་དུ་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོ་ན་མཉན་པར་དམིགས་པ་མེད་པར་ཇི་ལྟར་འགྱུར་ཞེ་ན། འབྲེལ་བྱེད་ཅེས་གསུངས། ཅིའི་ཕྱིར་འབྲེལ་པ་མེད་ཅེ་ན། སྤྱད་བྱའི་བདག་

ཅེས་གསུངས་སོ། །དེའི་ཚེ་ཞེས་བྱ་བ་ནི་ངག་གི་དོན་རྟོགས་པའི་དུས་ནའོ། །ལོངས་སྤྱོད་པར་བྱ་བའི་བདག་ཉིད་མཐོ་རིས་ཀྱི་མཚན་ཉིད་མེད་པའི་ཕྱིར་སྐྱེས་བུ་དེ་ལ་གནས་པ་མ་ཡིན་ནོ། །སྤྱད་བྱའི་བདག་ཉིད་མི་སྲིད་པ་ཉིད་ཅི་ལྟར་ཞེ་ན། རྟོགས་པའི་དུས་ན་ཞེས་གསུངས་ཏེ་ངག་གི་

Vol. 183 · folio 246b

དོན་རྟོགས་པའི་དུས་ནའོ། །ཐམས་ཅད་ན་ཞེས་བྱ་བ་ནི། སྤྱད་པ་ལ་སོགས་པ་དག་གོ། །དེ་ཉིད་དེའི་རང་བཞིན་ནི་ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་ལ་གནས་པའོ། །དེའི་ཞེས་བྱ་བ་ནི་མཐོ་རིས་ལ་སོགས་པའིའོ། །ལན་དུ་མ་ཡིན་ཞེས་བྱ་བ་ལ་སོགས་

པའོ། །གལ་ཏེ་རྣམ་པར་རྟོག་པ་ལ་གནས་པའི་རང་བཞིན་ཉིད་མཐོ་རིས་ཀྱི་རང་གི་ངོ་བོ་ཡིན་ན། དེའི་ཚེ་གྲུབ་པ་ཉིད་ཡིན་པས་ན་བསྒྲུབ་བྱ་ཉིད་ཉམས་སོ་ཞེས་བྱ་བའི་དོན་ཏོ། །བསྒོམ་པ་ངག་གི་དོན་ཡིན་པ་རྣམ་པར་དཔྱོད་པར་ལིང་ང་ལ་སོགས་གཞན་ཉིད་དོ་ཞེས་བྱ་བ་འདིར་

མཆོད་སྦྱིན་ཞེས་བྱ་བ་ལ་སོགས་པ་དག་ལས་མཆོད་སྦྱིན་གྱིས་ཤིག་ཅེས་བྱ་བ་དོན་གཞན་ཁོ་ནའོ་ཞེས་རྟོགས་པར་བྱེད་དོ། །དེ་ནི་སྒྲའི་བསྒོམ་པ་ཞེས་བྱ་བ་ཡིན་ནོ། །འདི་ནི་བྱེད་པའི་བདག་ཉིད་མཆོད་སྦྱིན་བྱེད་དོ་ཞེས་བྱ་བ་ལ་སོགས་པར་སྐྱེས་བུའི་སྒོམ་པར་རྟོགས་པ་གཞན་ཁོ་ན་སྟེ།

མཆོད་སྦྱིན་གྱིས་ཤིག་འཚེ་བ་མ་བྱེད་ཅིག་ཅེས་བྱ་བ་ལ་སོགས་པ་ལྟར་ཡུལ་ངེས་པ་ཅན་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་དོན་ཀུན་ཞེས་བྱ་བ་ལ་སོགས་པའོ། །བརྗོད་པ་ཐམས་ཅད་ལས་ཞེས་བྱ་བ་ནི། སྒྲུབ་པ་དང་དགག་པའི་རང་བཞིན་བརྗོད་པ་དག་ལའོ། །དེ་ལ་སྒྲའི་སྒོམ་པ་ནི་ཞེས་བྱ་བ་

ནས་སྒོམ་པ་ཡིན་ལ་ཞེས་བྱ་བའི་བར་གྱིས་ནི་སྒྲའི་སྒོམ་པ་བསྟན་པའོ། །སྐྱེས་བུའི་ཞེས་བྱ་བ་ནས་འབྲས་བུའི་ཞེས་བྱ་བས་ནི་དོན་གྱི་སྒོམ་པ་བསྟན་ཏོ། །ཁམས་ཀྱི་དོན་ནི་མཆོད་སྦྱིན་ནོ། །འབྲས་བུ་ནི་མཐོ་རིས་སོ། །སྤྱིར་མི་འཐད་པ་ཉིད་དུ་དམ་བཅས་ནས། རེ་ཞིག་སྒྲའི་སྒོམ་པ་

སུན་དབྱུང་བ་བརྗོད་པ་ནི། སྒྲའི་བྱེད་པ་ནི་ཞེས་བྱ་བ་ལ་སོགས་པའོ། །སྒྲའི་སྒོམ་པ་ངག་གི་དོན་དུ་ཁས་ལེན་ན་ནི། བརྗོད་བྱར་འགྱུར་བའི་ཕྱིར་སྒྲ་རྗོད་བྱེད་དུ་ཁས་བླང་བར་འགྱུར་ལ། བྱ་བ་ཁས་བླངས་ན་ཡང་སྒྲ་བྱེད་པ་པོར་འགྱུར་རོ། །རྗོད་བྱེད་དང་། བྱེད་པ་པོ་དག་ཀྱང་ཕན་ཚུན་

མཐུན་པ་མ་ཡིན་པའི་ཕྱིར་མི་འཐད་དོ། །དེ་ཉིད་ཀྱི་ཕྱིར་དེ་ལ་ལྟོས་ཏེ་ཞེས་གསུངས་ཏེ། སྒྲའི་བྱེད་པ་ལ་ལྟོས་ཏེའོ། །ཅི་སྟེ་ཞེས་བྱ་བ་ནི་གཞན་གྱིའོ། །བྱེད་པ་པོ་ཉིད་ཀྱིས་འབྲས་བུར་འགྱུར་བ་ནི་རེ་ཞིག་སྤང་བར་དཀའ་བའོ། །བརྗོད་པར་བྱ་བ་ཉིད་ཀྱང་དངོས་སུ་མ་ཡིན་མོད་རྟོགས་

Vol. 183 · folio 247a

པར་བྱ་བ་ཙམ་དུ་ནི་མི་འཐད་པ་མེད་དོ་ཞེས་བྱེད་པའོ། །དོན་འདི་ཉིད་སྟོན་པར་བྱེད་པ་ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །བདག་ནི་སྒྲ་འདིས་འདི་ལས་ངེས་པར་སྦྱོར་རོ་སྙམ་དུ་རྟོགས་པས་ན། བརྗོད་བྱ་ཉིད་མ་ཡིན་ཡང་ངའི་ངེས་པར་སྦྱོར་

བ་ནི་འདིའི་བྱེད་པ་ཡིན་ནོ་ཞེས་རྟོགས་པའི་ཕྱིར་ན་སྒྲའི་བྱེད་པ་ནི་རྟོགས་པ་ཁོ་ནའོ། །གལ་ཏེ་སྒྲས་བདག་ཉིད་ངེས་པར་སྦྱོར་བར་རྟོགས་ན་དེའི་ཚེ་ངེས་པར་སྦྱོར་བ་ཉིད་ངག་གི་དོན་དུ་ཐལ་གྱི། སྒོམ་པ་ནི་མ་ཡིན་ནོ་ཞེས་དོགས་ན། ངེས་པར་སྦྱོར་བའང་ཞེས་སྨོས་ཏེ་སྒོམ་པ་ཉིད་

ངེས་པར་སྦྱོར་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱེད་ཕྱི་མ་ཙམ་ཞིག་རྣམ་པར་འགྲེལ་པ་ནི། སྒྲའི་སྒོམ་པ་ཉིད་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་སུན་འབྱིན་པ་སྟེ། གལ་ཏེ་སྒྲའི་བྱེད་པ་སྒྲ་ལས་རྟོགས་པ་ཡིན་ན་ཞེས་བྱ་བ་ནི་ལྷག་མའོ། །སྒྲའི་བྱེད་པ་

ངེས་པར་སྦྱོར་བ་ཞེས་བྱ་བ་སྐྱེས་བུའི་སྒྲུབ་པར་བྱེད་པའི་མཚན་ཉིད་ཡིན་ན། དེའི་ཚེ་བརྡ་མ་བཟུང་བས་ཅི་ལྟར་མི་རྟོགས་ཏེ། སྒྲའི་བྱེད་པ་ཞེས་བྱ་བར་རྟོགས་པར་བྱའོ། །དེ་བཞིན་དུ་ངེས་པར་སྦྱོར་བར་བྱེད་པ་ཞེས་བྱ་བ་ཡང་སྒྲ་ཉིད་ཀྱི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་

གསལ་བར་བྱེད་པ་ནི་རང་གི་ངོ་བོས་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་ཚོགས་པ་ཡིན་ན་ཞེ་ན་ཞེས་བྱ་བ་ནི་གཞན་གྱི་དོགས་པའོ། །ལོང་བའི་ཚིག་ཡིན་ནོ་སྙམ་དུ་བསམས་ནས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལྟར་འབྲས་བུ་གང་ལ་ཚོགས་པ་སྐྱབས་ཡིན་ཏེ།

སྐུལ་བ་ལ་སོགས་པ་ལ་འོན་ཏེ་བརྡའི་སྤྱོད་ཡུལ་དུ་གྱུར་པའི་དོན་རྟོགས་པས་ན། དེ་ལ་ཉམས་སུ་མྱོང་བའི་རྗེས་སུ་འབྲངས་ནས་ཕྱོགས་དང་པོ་ནི་མ་ཡིན་པའི་ཕྱིར་ན་གཉིས་པ་ལ་གནས་པར་འགྱུར་བ་ན། སྒྲའི་བྱེད་པ་བདག་ཉིད་སྐྱེས་བུའི་སྒོམ་པ་ནི་རྟོགས་པ་མ་ཡིན་ནོ་ཞེས་སྟོན་

པ་ནི། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །བརྡ་དང་ལྷན་ཅིག་པ་ཡིན་ཡང་སྒྲས་སྐྱེས་བུ་ནན་གྱིས་འཇུག་པར་མི་བྱེད་ཀྱི། འོན་ཀྱང་དོན་རྟོགས་ནས་རང་ཉིད་འདོད་པའི་དབང་གིས་འཇུག་པའམ། མི་འཇུག་པ་ཡང་རག་གོ། །འོ་ན་བརྡ་འཛིན་པའི་ཚོགས་པ་གང་དུ་དོགས་

Vol. 183 · folio 247b

ཤེ་ན། བརྡ་འཛིན་པའི་ཞེས་བྱ་བ་ལ་སོགས་པའོ། །དོན་ནི་སྐུལ་བ་དང་། གསོལ་བ་འདེབས་པ་ལ་སོགས་པའི་མཚན་ཉིད་ཅན་ནོ། །འོ་ན་ཇི་ལྟར་སྐྱེས་བུ་འཇུག་ཅེ་ན། དོན་རྟོགས་པའི་སྐྱེས་བུ་ནི་ཞེས་སྨོས་སོ། །ཕྱེད་སྔ་མ་འབྲེལ་པ་ནི། འདི་གྱིས་ཤིག་ཅེས་བྱ་བ་ལ་སོགས་

པའོ། །སྐུལ་བ་དང་། གསོལ་བ་འདེབས་པ་དག་ཁོ་ནར་རྟོགས་པར་འགྱུར་གྱི། སྒོམ་པའི་མཚན་ཉིད་ཀྱི་ངེས་སྦྱོར་ནི་མ་ཡིན་ཏེ། བརྡ་འཛིན་པའི་ཚོགས་པའི་བྱེད་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ངེས་པར་སྦྱོར་ཉིད་ཅེས་བྱ་བ་རྟོགས་པར་འདོད་པས་ནི་གདོན་མི་ཟ་

བར་སྐུལ་བ་དང་གསོལ་བ་འདེབས་པ་རྟོགས་པར་ཁས་བླང་དགོས་སོ། །དེ་ལྟ་ན་ཡང་རང་གི་འདོད་པ་ཁོ་ནས་སྐྱེས་བུ་འཇུག་པ་ཡིན་ནོ། །དེས་ན་སྒྲ་ནི་འཇུག་པར་བྱེད་པ་ཉིད་དུ་རྟོགས་པ་མ་ཡིན་ནོ་ཞེས་བྱ་བ་འཕངས་པ་ཡིན་ནོ། །ངེས་པར་སྦྱོར་བ་ཉིད་རྟོགས་པ་འདི་ནི་དམིགས་པ་མེད་པ་

ཉིད་ཀྱང་ཡིན་ནོ་ཞེས་སྟོན་པ་ནི། ངེས་པར་སྦྱོར་བ་ཞེས་བྱ་བ་ནི་ཞེས་བྱ་བ་ལ་སོགས་པའོ། །ངེས་པར་སྦྱོར་བ་པོ་ཞེས་བྱ་བ་ནི་སྐྱེས་བུས་བྱས་པ་ལ་ལྟོས་ནས་ནི་བྱེད་པ་པོ་ཡིན་ལ། སྐྱེས་བུས་མ་བྱས་པ་ལ་ལྟོས་ན་ནི་འཆད་པར་བྱེད་པའོ། །རྟོགས་པར་བྱས་ནས་ཞེས་བྱ་བ་

ནི་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར་ན། རྣམ་པར་རྟོགས་པས་བརྟགས་ནས་ཞེས་བྱ་བའི་དོན་ཏོ། །དེའི་ཞེས་བྱ་བ་ནི་ངེས་པར་སྦྱར་བྱའིའོ། །ངེས་པར་སྦྱར་བ་འབྲས་བུ་དང་བཅས་པར་འགྱུར་རོ་ཞེས་བྱ་བ་ནི་སྒྲའི་བྱེད་པའི་ངེས་སྦྱོར་རོ། །ངེས་པར་སྦྱོར་བར་བྱེད་པ་པོའི་

རྟོགས་པ་དམིགས་པ་མེད་པར་འགྱུར་མོད། ངེས་པར་སྦྱར་བར་བྱ་བའི་རྟོགས་པ་གོ་ཇི་ལྟར་དམིགས་པ་མེད་པར་འགྱུར་ཞེ་ན། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེར་ཞེས་བྱ་བ་ནི་ངེས་སྦྱོར་ཉིད་ལའོ། །སྦྱར་བར་བྱ་བ་དེ་བཞིན་ཏེ། །ཞེས་བྱ་བ་ནི་གནོད་པའི་རྟོགས་

པ་ཅན་ཉིད་དུའོ། །སྒྲ་ནི་བློ་དོན་རྗོད་བྱེད་ཡིན། །ཞེས་བྱ་བ་ནི་སྣང་བ་ལ་ལྟོས་ནས། བློའི་རྣམ་པ་ཡུལ་ཡིན་ནོ། །ལྷག་པར་ཞེན་པ་ལ་ལྟོས་ནས་ནི་འབྱུང་བར་འགྱུར་བའི་དོན་ཡུལ་ཡིན་པའི་ཕྱིར་ན། ཡུལ་མེད་པ་ཁོ་ནའོ། །ཅི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །

Vol. 183 · folio 248a

རབ་ཏུ་སྦྱོར་བར་བྱེད་པའི་རབ་ཏུ་སྦྱོར་བྱེད་ཉིད་དུ་རྟོགས་པ་ནི་རྟོགས་པར་བྱ་བས་གནོད་པས་དམིགས་པ་མེད་པ་ཡིན་ནོ། །ཅི་ལྟར་དེ་གནོད་ཅེ་ན། རང་གི་བྱ་བས་སྟོང་པར་བདག་ཉིད་རྟོགས་པར་གསུངས་སོ། །དེ་བཞིན་དུ་སྦྱར་བྱའི་རྟོགས་པ་ཡང་

གནོད་དོ་ཞེས་འབྲེལ་ཏོ། །གང་གིས་གནོད་ཅེ་ན། དེ་ཉིད་ཀྱིས་ཞེས་གསུངས་ཏེ། སྦྱར་བར་བྱ་བ་ཉིད་ཀྱིས་སོ། །ཅི་ལྟར་དེས་གནོད་ཅེ་ན། བདག་ཉིད་རང་བྱ་བ་དང་མི་ལྡན་པར་རྟོགས་པས་ཞེས་གསུངས་སོ། །དེས་ན་བྱེད་པར་རྟོགས་པ་ནི་ཡུལ་མེད་པ་ཁོ་ནའོ། །འདིར་གཞན་

གྱིས་དེའི་རྟོགས་པ་དེ་ནི་སྒྲ་ལས་ཡིན་ནོ་ཞེ་ན་ཞེས་སྨྲས་སོ། །དོན་འདི་ཡིན་ཏེ། མངོན་སུམ་གྱིས་བྱེད་པ་མ་རྟོགས་ཙམ་གྱིས་ནི་གནོད་པ་མ་ཡིན་ཏེ། སྒྲ་ཉིད་ལས་རྟོགས་པའི་ཕྱིར་རོ། །མངོན་སུམ་གྱིས་མ་རྟོགས་པའི་མེ་རྗེས་སུ་དཔག་པས་ཀྱང་རྟོགས་པར་མི་འགྱུར་བ་ནི་མ་

ཡིན་ནོ་ཞེས་བྱ་བའོ། །ལན་དུ་དེ་ནི་མེད་དེ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་མངོན་སུམ་བཞིན་དུ་སྒྲ་ལས་ཀྱང་། དེའི་རང་གི་ངོ་བོ་སྣང་བ་ཡིན་ན། དེའི་ཚེ་དམིགས་པ་མེད་པ་ཉིད་ཀྱི་མཚན་ཉིད་ཀྱིས་ཉེས་པར་མི་འགྱུར་བ་ཞིག་ན། འོན་ཀྱང་རྗེས་སུ་དཔག་པ་ལྟར་སྒྲ་དེ་ཡང་བློའི་

དོན་ཉིད་གསལ་བར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བདག་གི་དེ་ལྟར་ཞེས་བྱ་བ་སྨོས་ཏེ། གཞན་གསལ་བའི་རྣམ་པ་ཉེ་བར་སྟོན་པའོ། །རྣམ་པར་དཔྱོད་པ་རྣམས་ཀྱིས་གསལ་བ་ལ་ལྟོས་ནས་ཕྱོགས་གཞན་བཤད་པ་ནི། ཡང་ན་ཞེས་བྱ་བ་ལ་སོགས་པའོ། །འདིའི་ཞེས་བྱ་བ་ནི་

ངེས་པར་སྦྱོར་བྱེད་ཀྱིའོ། །བདག་གིས་ཞེས་བྱ་བ་ནི་ངེས་པར་སྦྱར་བྱས་སོ། །བསྒོམ་པ་ལ་ལྟོས་ནས་ཀྱང་རྣམ་འགྲེལ་དང་སྦྱོར་བར་བྱེད་དོ། །གང་ལ་སྨྲ་བ་པོ་ཡོད་པ་ཞེས་བྱ་བ་ནི་སངས་རྒྱས་པའི་ལུང་ལ་སོགས་པ་ལའོ། །གང་ལ་དེ་མེད་པ་ཞེས་བྱ་བ་ནི་རིག་བྱེད་ལའོ། །འདི་ནི་གྲགས་

པ་ཇི་ལྟ་བ་བཞིན་སྦྱར་བ་ཡིན་ཏེ། ཚད་མ་ལ་ལྟོས་ནས་ནི། རྣམ་པར་དབྱེ་བ་འདི་མེད་དོ་ཞེས་བཤད་པ་ནི་ཡང་ན་ཞེས་སྨོས་སོ། །བརྗོད་པ་ནི་རྗོད་བྱེད་དེ་སྨྲ་བར་བྱེད་པའོ། །བརྡ་ལ་ལྟོས་ནས་ཁྱད་པར་ཅན་གྱི་དོན་དམ་པར་བྱེད་པའི་འཇིག་རྟེན་གྱི་ངག་གང་ཡིན་པ་དེ་ཉིད་ནི་རིག་

Vol. 183 · folio 248b

བྱེད་ཀྱི་ཡང་ཡིན་ནོ། །དེས་ན་རིག་བྱེད་ལ་ཡང་བྱེད་པ་ཡོད་པ་ཡིན་ཏེ། ཚད་མ་ལ་ལྟོས་གཞོན་ནུ་འབྱུང་བ་ཅན་ལ་སོགས་པ་བཞིན་ནོ། །ཁྱབ་པ་ཇི་ལྟར་ཞེ་ན། རིགས་གང་གང་ལས་ཞེས་བྱ་བའི་ཚུལ་ཞེས་གསུངས་སོ། །བརྗོད་དཀའ་བ་དང་མཉན་དཀའ་བ་ལ་སོགས་པ་

དང་། དུག་སེལ་བར་བྱེད་པ་ལ་སོགས་པའི་ནུས་པའི་ཁྱད་པར་རམ། དབང་པོ་ལས་འདས་པའི་དོན་སྟོན་པར་བྱེད་པ་ལ་སོགས་པ་རིགས་མི་གཅིག་པར་བརྟག་པར་བྱ་བ་གང་ཡིན་པ་དེ་དག་ཀྱང་ཐམས་ཅད་དང་ཐུན་མོང་བ་ཉིད་དོ། །དེ་ལ་ལྟོས་ནས་བཤད་པ་ནི་ཡང་ན་དེ་

དང་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། རིག་བྱེད་དང་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཚིག་སོ་སོར་ངེས་པའི་ཚད་མ་མེད་པས་ན། རིག་བྱེད་ཀྱི་ཚད་མ་འབའ་ཞིག་ཚད་མར་ཁས་མི་བླང་ངོ་སྙམ་དུ་དགོངས་པའོ། །སྐྱེས་བུས་བྱས་པས་ཞེས་

བྱ་བ་ནི་གཞན་གྱིས་དོགས་པའོ། །ཁྱབ་འཇུག་གི་ལུང་ལ་སོགས་པ་ནི་སྐྱེས་བུས་བྱས་པར་གྲགས་པས་ན། དེ་ནི་སྐྱེས་བུས་མ་བྱས་པ་ལ་གནོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེས་བུ་ཞེས་བྱ་བ་ལ་སོགས་པ་ནི་སུན་འབྱིན་པར་བྱེད་པའོ། །རིག་བྱེད་ལ་ཡང་མ་རྟོགས་པའི་ཕྱིར་

ན་སྐྱེས་བུས་བྱས་པ་མ་ཡིན་ནོ་ཞེས་བརྗོད་པར་མི་བྱ་སྟེ། འདས་ནས་ཤིན་ཏུ་ཡུན་རིང་དུ་ལོན་ནས་དབང་པོ་ལས་འདས་པའི་ཕྱིར་མ་དམིགས་ཀྱང་བྱེད་པ་པོ་དགག་པར་མི་ནུས་པའི་ཕྱིར་རོ། །དེས་ན་བྱེད་པ་པོ་མེད་པ་ཉིད་ཐེ་ཚོམ་ཟའོ། །དེ་ཉིད་ཀྱི་ཕྱིར་སྐྱེས་བུས་བྱས་པ་དེ་སྐྱེས་བུས་

མ་བྱས་པ་ཉིད་ཀྱི་གནོད་བྱེད་མ་ཡིན་ནོ་ཞེས་བྱ་བ་འདི་ཚད་མ་ག་ལས་ཡིན་ཏེ། ཚད་མ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྩོད་པ་འདི་ནི་ལེའུ་དང་པོར་སྤྲོས་པ་ཡིན་ལ། འདིར་ནི་སྐབས་ཀྱིས་ཅུང་ཟད་བརྗོད་པར་ཟད་དོ། །ཕྱོགས་གཞན་བརྗོད་པ་ནི་ཡང་ན་ཞེས་བྱ་

བའོ། །ཚིག་དེ་ནི་ཞེས་བྱ་བ་ནི་གང་ལ་བྱེད་པ་པོ་ཡོད་པར་གྲགས་པའོ། །གང་གིས་འདི་ལྟར་བརྗོད་པ་རང་གིས་མ་བྱས་པར་བདག་གིས་བྱས་སོ་སྙམ་པར་འཁྲུལ་པ་མཐོང་བ་ཡོད་དམ་སྙམ་དུ་དོགས་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །རློམ་པར་འགྱུར་བ་འགའ་ཞིག་གི །

Vol. 183 · folio 249a

རློམ་པའི་རྣམ་པ་སྨྲས་པ་ནི་ང་ཡིས་བྱས་པ་ཡིན་ནོ་ཞེས་བྱ་བའོ། །ཅིའི་ཕྱིར་རློམ་པར་འགྱུར་ཞེས་དོགས་ན་གཏན་ཚིགས་བརྗོད་པ་ནི་དྲན་པ་ཉམས་ཕྱིར་ཞེས་བྱ་བའོ། །འདིས་སྔར་ཉམས་སུ་མྱོང་བར་འགྱུར་བའི་གཞུང་ཉིད་ལ་དྲན་པ་ཉམས་པས་དེ་ལྟར་རློམ་པ་ཡིན་

ནོ་ཞེས་བྱ་བར་བསམས་པའོ། །དེ་ལྟར་རིག་བྱེད་དུ་མི་འདོད་ལུང་ཡང་སྐྱེས་བུས་མ་བྱས་པར་བསྟན་ནས། གཞོན་ནུ་འབྱུང་བ་ལ་སོགས་པ་ཡང་སྐྱེས་བུས་མ་བྱས་པར་སྒྲུབ་པར་བྱེད་པ་ནི། སྙན་དངགས་ཀྱང་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་སྐྱེས་བུས་བྱས་

པར་ངེས་པ་མེད་ནའོ། །འདིར་སྐབས་ཀྱི་དོན་ནི་འདི་ཡིན་ཏེ། རིག་བྱེད་ལས་གཞན་པའི་ལུང་བྱེད་པ་པོ་སྒྲུབ་ན་བྱེད་པ་པོའི་ཚིག་ཉི་ཚེ་བ་ཡིན་པར་བརྟག་པར་བྱ་བ་ཡིན་ནོ། །གལ་ཏེ་རང་གིས་བྱ་བར་སྟོན་པར་བྱེད་པ་པོ་མ་ཡིན་ན་ནི་དེའི་ཚེ་དེ་ལ་ཡང་འདིར་ནི་སྔར་ཡོད་པ་ཁོ་ན་ཡིན་གྱི།

འདི་ལུང་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་བའི་ཕྱིར་འདི་ལ་ངེས་པ་ག་ལ་ཡོད། དེས་ན་བྱེད་པ་པོའི་ཚིག་ཀྱང་ཅི་བདེན་པ་ཡིན་ནམ། ཡང་ན་ཅི་གནའ་ཉིད་དུ་གནས་པའི་ལུང་ལ་སྤྱོད་པའི་རང་བཞིན་ཅན་རྨོངས་པས་རང་གིས་བྱས་པར་བརྗོད་ཅེས་འདིར་ཡང་ངེས་པ་མེད་

དོ། །དེས་ན་ཐམས་ཅད་སྐྱེས་བུས་མ་བྱས་པར་འགྱུར་རོ། །གཞན་གྱིས་དེ་ལྟར་ཡིན་ན་ཞེས་སྨྲས་ཏེ། ཐམས་ཅད་སྐྱེས་བུས་མ་བྱས་པ་ཡིན་ནའོ། །ལུང་འདི་ནི་ཁྱབ་འཇུག་གིས་བྱས་སོ་ཞེས་བྱེད་པ་པོ་བརྗོད་པ་དོགས་པ་མེད་པར་འགྱུར་བ་དེས་ན་བྱེད་པ་པོ་སྟོན་པར་བྱེད་པ་མི་

བརྗོད་པར་འགྱུར་ན། བརྗོད་པ་ཡང་ཡིན་ནོ། །དེས་ན་ཁྱབ་འཇུག་ལ་སོགས་པའི་ལུང་དེ་ལ་སྐྱེས་བུས་མ་བྱས་པ་ཉིད་དོན་མེད་དེ། བརྗོད་པར་བྱ་བ་དང་བྲལ་བ་བརྫུན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སུན་འབྱིན་པ་ནི་རིག་བྱེད་ལའང་ཞེས་བྱ་བ་ལ་སོགས་པའོ། །དེ་དོན་མེད་པ་ཉིད་

མཐོང་ཞེས་བྱ་བ་ནི་རི་བོ་རིག་ལ་ནི་རིག་གི་རིག་བྱེད་བྱས་ལ། སྔ་མ་བྱའི་རིག་བྱེད་ནི་རི་བོ་སཱ་ལ་ལ་ཞེས་བྱ་བ་ལ་སོགས་པའོ། །འོན་ཏེ་དེར་ནི་དོན་གཞན་ཁོ་ན་ཡིན་ཏེ། བྱས་ཞེས་བྱ་བ་ནི་བཤད་པ་ཡིན་ནོ་ཞེ་ན་དེ་ལྟ་ཡིན་ན་གཉི་ག་ལ་ཡང་མཚུངས་པར་འགྱུར་ཏེ། འདིར་ཡང་ཁྱབ་འཇུག་གིས་

Vol. 183 · folio 249b

བྱས་ཞེས་བྱ་བ་ནི་བཤད་པ་ཡིན་ནོ་ཞེས་བྱ་བ་དོན་ཉིད་ཡིན་ནོ། །ཚིག་ཐ་མ་འགྲེལ་པ་ནི་དོན་མེད་པ་དང་ཞེས་བྱ་བ་ལ་སོགས་པའོ། །དོན་གཞན་དུ་རྟོགས་ན་ཞེས་བྱ་བ་འདི་ལ་ནི་ལན་བཏབ་ཟིན་མོད་ཀྱི་ལྷག་པ་བརྗོད་པའི་དོན་དུ་རྗེས་སུ་བརྗོད་པ་ཡིན་ནོ། །དེ་ཉིད་བརྗོད་པ་ནི་

བདེན་པའི་དོན་དུ་ཞེས་བྱ་བ་ལ་སོགས་པའོ། །རིག་བྱེད་དེར་ལྷ་མོ་ཞེས་བྱ་བ་ལ་སོགས་པའི་གཙུབ་ཤིང་ལ་སོགས་པ་བདེན་པའི་དོན་དུ་རྟོགས་པ་ནི་འཆད་པར་བྱེད་པའི་སྐྱེས་བུས་བྱ་བ་ཁོ་ནའོ། །དང་པོར་མི་བདེན་པར་སྣང་བ་གང་ཡིན་པ་ལྷ་མོ་ཞེས་བྱ་བ་ལ་སོགས་པ་དེ་ནི་རིག་བྱེད་

ལས་ཡིན་ན་དེས་ན་རིག་བྱེད་ནི་ཚད་མ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །རྣམ་འགྲེལ་གྱི་དོན་བཤད་པ་ནི་ལྷ་མོ་ཞེས་བྱ་བ་ལ་སོགས་པ་རིག་བྱེད་ཀྱི་དོན་ལྷའི་ཁྱད་པར་ལ་སོགས་པའི་མཚན་ཉིད་སྤངས་ནས་དགང་གཟར་ལ་སོགས་པའི་མཚན་ཉིད་ཀྱི་དོན་གང་སྐྱེས་བུས་བྱས་

པའི་དོན་དེ་ལ་སྒྲ་ནི་དོན་གྱི་དེ་ཉིད་ཀྱི་རྒྱུ་མཚན་ཅན་གྱི་ཚད་མ་མ་ཡིན་ནོ་ཞེས་འབྲེལ་ཏོ། །བཤད་ཟིན་པའི་དོན་ཉིད་གསལ་བར་བྱེད་པ་ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་བློ་ནི་སྐྱེས་བུའི་བློ་ཚད་མར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཞེས་བྱ་བ་ནི་སྐྱེས་བུས་

བརྟགས་པའོ། །གལ་ཏེ་དེ་ཡང་དེ་དོན་ན། །ཞེས་བྱ་བ་ནི་དང་པོ་ཡང་རིག་བྱེད་ཀྱི་དོན་ཡིན་ནོ། །ཅིའི་ཕྱིར་རིག་བྱེད་དོན་མེད་མིན་ཏེ་བརྫུན་པའི་དོན་ཅན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་ཅི་དེའི་ཚེ་ཉིད་ཅི་ལྟར་སྣང་བ་འདི་ཉིད་དོན་ཡིན་ནམ། འོན་ཏེ་བདག་

ཅག་ལ་མི་སྣང་བ་ཡིན་ཡང་གཞན་ཁོ་ན་ཞིག་ཡིན་ཞེས་གཞན་དུ་ཡང་ཐེ་ཚོམ་ཟའོ། །དེས་ན་ཐེ་ཚོམ་ཟ་བས་སྐྱེས་བུས་མ་བྱས་ཀྱང་ཚད་མ་མ་ཡིན་ནོ། །གལ་ཏེ་ཇི་ལྟར་ཐེ་ཚོམ་ཟ་ཞེ་ན། རིག་བྱེད་ཀྱི་དོན་གྱི་ཞེས་གསུངས་སོ། །གལ་ཏེ་གང་དུ་དང་པོ་པ་མི་སྲིད་པ་དེར་ཐེ་

ཚོམ་དུ་འགྱུར་མོད་གང་དུ་དོན་དང་པོར་སྲིད་པ་དེར་གོ་ཅི་ལྟར་ཐེ་ཚོམ་ཟ་ཞེ་ན། ཕྱུགས་འདོད་པས་ཞེས་གསུངས་སོ། །རེས་འགའ་ཙི་ཏྲའི་མཆོད་སྦྱིན་བྱས་ཀྱང་ཕྱུགས་ཕུན་སུམ་ཚོགས་པ་མ་ཐོབ་པའི་ཕྱིར་རོ། །གཞན་གྱི་དོགས་པ་ནི་དེར་ལས་ཉམས་པ་ཞེས་བྱ་བ་ལ་སོགས་པ་

Vol. 183 · folio 250a

ཡིན་ནོ། །དེར་ཞེས་བྱ་བ་ནི་ཙི་ཏྲས་མཆོད་སྦྱིན་བྱས་པར་རོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས་སྔ་མ་འགོག་པའོ། །ཚད་མ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཅི་འདིར་ལས་ཉམས་པས་མ་གྲུབ་པའམ། འོན་ཏེ་ཙི་ཏྲའི་མཆོད་སྦྱིན་ལ་ནུས་པ་མེད་པས་ཡིན་ཞེས་འདི་ལ་ཚད་

མ་མེད་དོ། །རེས་འགའ་ནུས་པ་མཐོང་བའི་ཕྱིར་རོ་ཞེ་ན། དེའི་ཚེ་ཅི་ལས་ཀྱི་ཁྱད་པར་ཡོངས་སུ་སྦྱིན་པ་ལས་སམ། འོན་ཏེ་ཙི་ཏྲའི་མཆོད་སྦྱིན་གྱིས་ནུས་པ་ཡིན་ཞེས་རྟོགས་པར་དཀའ་བའོ་སྙམ་དུ་དགོངས་པའོ། །འོན་ཏེ་དེར་ནི་དོན་གཞན་ཁོ་ན་ཡིན་ཏེ། ཙི་ཏྲའི་མཆོད་སྦྱིན་ནུས་

པ་ནི་མ་ཡིན་ནོ་སྙམ་ན་དོན་གཞན་རྟོགས་པ་ནི་ཞེས་གསུངས་སོ། །དེ་ལྟར་དོན་གཞན་རྟོགས་པ་སྐྱེས་བུས་བྱས་པར་འགྱུར་མོད། སྦྱིན་སྲེག་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་ངེས་པར་སྦྱོར་བ་རྟོགས་པ་གོ་དེ་ལྟར་ཅི་སྟེ་འགྱུར་ཞེ་ན། རིག་བྱེད་ལས་བདག་ཉིད་ཅེས་བྱ་བ་ལ་

སོགས་པ་སྨོས་སོ། །གང་གི་ཕྱིར་སྦྱིན་སྲེག་གྱིས་ཤིག་ཅེས་ཟེར་བའི་རིག་བྱེད་ལས་བདག་ཉིད་ངེས་པར་སྦྱར་རོ་སྙམ་པའི་འཇིག་རྟེན་ཐམས་ཅད་ནི་བརྡའི་རྗེས་སུ་འབྲངས་པ་ཡིན་པས་དེའི་ཕྱིར་སྦྱིན་སྲེག་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་ཟེར་བའི་རིག་བྱེད་དུ་ངེས་པར་སྦྱོར་

བ་ཉིད་དུ་རྟོགས་པ་ནི་སྐྱེས་བུས་བྱས་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་ན་རྟོགས་པ་འདི་ནི་དམིགས་པ་མེད་པ་ཁོ་ནའོ་སྙམ་དུ་དོགས་པའོ། །དེ་ལྟར་དངོས་པོའི་ཉེས་པ་ཡང་བསྟན་ནས་སྒྲའི་ཐ་སྙད་ཀྱི་ཉེས་པ་ཡང་སྟོན་པ་ནི། ངེས་པར་སྦྱོར་བ་ནི་ཞེས་བྱ་བ་ལ་སོགས་པའོ། །ངེས་

སྦྱོར་ངག་གི་དོན་ཡིན་པ་ལ་ཡང་ཉེས་པ་འདི་མཚུངས་སོ་ཞེས་བསྟན་པའི་ཕྱིར་ངེས་པར་སྦྱོར་བའི་སྒྲར་བྱས་ནས་གསུངས་སོ། །དོན་གྱི་བསྒོམས་པའི་ཕྱོགས་ལ་ཡང་དེ་བཞིན་དུ་རྟོགས་པར་བྱ་བའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀྱང་གི་སྒྲ་

ནི་རིམ་པ་གཞན་དུ་ཡིན་ཏེ། འཚེད་དོ་ཞེས་བྱ་བས་ཀྱང་བྱེད་པ་པོ་རྟོགས་སོ་ཞེས་བྱ་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བྱེད་པ་པོའི་གསུམ་པར་མི་འགྱུར་རོ། །སྐྱེས་བུའི་བྱ་བ་ཙམ་རྟོགས་ན་ནི་བྱེད་པ་པོ་མ་བརྗོད་པའི་ཕྱིར་གསུམ་པ་ཟློག་ཏུ་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །གཞན་

Vol. 183 · folio 250b

གྱི་དོགས་པ་བསུ་བ་ནི། བྱེད་པའི་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །འཚེད་དོ་ཞེས་བྱ་བ། འདིར་དང་པོ་ནི་སྐྱེས་བུའི་བྱེད་པ་རྟོགས་སོ། །བྱེད་མཁན་དེའི་ཤུགས་ཀྱིས་འཕངས་པ་ཡིན་པས་དེ་ན་བྱེད་པ་པོ་རྟོགས་སོ་ཞེ་ན། ལན་དུ་བྱེད་པ་པོ་འཕངས་པས་རྟོགས་པ་ནི་

མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བརྗོད་མ་ཐག་པའི་ཚུལ་དེ་ལྟར་ཡིན་ན་རིམ་གྱིས་རྟོགས་པར་འགྱུར་རོ། །རིམ་གྱིས་རྟོགས་པ་ཉིད་གསལ་བར་བྱེད་པ་ནི། དང་པོ་སྒོམ་པ་རྟོགས་ཤིང་ཞེས་བྱ་བ་ལ་སོགས་པ་སྟེ། དང་པོ་སྐྱེས་བུའི་བྱེད་པ་རྟོགས་པར་འགྱུར་རོ། །

དེའི་ཤུགས་ཀྱིས་ཞེས་བྱ་བ་སྒོམ་པའི་ཤུགས་ཀྱིས་སོ། །ཕྱིས་ཞེས་བྱ་བ་ནི་དེའི་འོག་ཏུའོ། །དེ་ལས་ཞེས་བྱ་བ་ནི་སྒོམ་པ་རྟོགས་པ་ལས་སོ། །དེ་ལྟར་རིམ་གྱི་རྟོགས་ལ་རག་མོད་ཉེས་པ་ཅི་ཡོད་ཅེ་ན། རིམ་གྱིས་ཉེས་པ་རྟོགས་པར་ནི་ཞེས་གསུངས་སོ། །དེ་ལྟར་

རིམ་གྱིས་རྟོགས་པ་ཉམས་སུ་མྱོང་བས་གནོད་དོ་ཞེས་བསྟན་ནས། སྒྲའི་སྐྱོན་ཡང་སྟོན་པ་ནི་གཉིས་ཀྱི་ཚིག་དང་ཞེས་བྱ་བ་ལ་སོགས་པ་སྟེ། གཡོས་མཁན་འཚེད་པར་བྱེད་དོ། །གཡོས་མཁན་འཚེད་པར་བྱེད་པ་དག་གོ་ཞེས་བྱ་བ་ལ་སོགས་པའོ། །བྱ་བ་གཅིག་

ཡིན་པའི་ཕྱིར་ཞེས་བྱ་བ་ནི། བྱ་བ་ནི་རྫས་མ་ཡིན་པའི་ཕྱིར་ན་གཉིས་དང་མང་པོ་ཉིད་དུ་མི་རིགས་སོ། །གཅིག་ཉིད་ནི་ཐ་སྙད་ཙམ་དུ་ཡིན་ནོ། །འོན་ཏེ་ཏྲྀད་ཀྱི་རྐྱེན་གྱིས་བརྗོད་པའི་དངོས་པོ་སྐྱེས་བུའི་བྱེད་པའི་མཚན་ཉིད་ནི་རྫས་བཞིན་དུ་རྟོགས་པར་འགྱུར་བའི་ཕྱིར་གཅིག་

ལ་སོགས་པར་མི་འགལ་ལོ་ཞེས་བྱ་བའི་དོགས་པ་འདི་བསུ་བ་ནི། འོན་ཏེ་བྱེད་པ་པོ་ཞེས་བྱ་བ་ལ་སོགས་པའོ། །སུན་འབྱིན་པ་ནི་མ་འབྲེལ་པ་ཆེན་པོར་འགྱུར་རོ་ཞེས་བྱ་བའོ། །གང་དུ་ཞེ་ན། ལྷས་བྱིན་དང་ཞེས་བྱ་བ་ལ་སོགས་པའི་ངག་འདིར་རོ། །ཅི་ལྟར་ཞེ་ན། འདི་

ལྟར་ཞེས་བྱ་བ་ལ་སོགས་པའོ། །རེ་ལྡེ་ལ་སོགས་པའི་ལས་གཅིག་པའི་ཕྱིར་ན། བྱ་བ་གཅིག་ཉིད་དང་། དེ་བཞིན་དུ་བྱེད་པ་པོ་ཐ་དད་པས་ན་ཐ་དད་པར་འགྱུར་རོ། །ཅི་ལྟར་བྱ་བར་འགྱུར་ཞེས་བྱ་བ་ནི་གཅིག་གི་ཚིག་གིས་མང་པོའི་ཚིག་ཏུའོ། །གཞན་གྱིས་ལན་གདབ་པའི་ཕྱིར་

Vol. 183 · folio 251a

གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་ཁམས་ཀྱི་དོན་ངེས་སྦྱོར་གྱི་རང་བཞིན་ཡིན་པའི་ཕྱིར། བྱེད་པ་པོའི་ཐ་དད་པས་ཐ་དད་པར་རིགས་པ་མ་ཡིན་ནམ་ཞེ་ན། ཁམས་ཀྱི་དོན་དེ་ཡང་ཞེས་སྨོས་སོ། །རྐྱེན་གྱི་དོན་ཡིན་པའི་ཕྱིར་རོ་ཞེས་བྱ་

བ་ནི་ལིང་ང་ལ་སོགས་པའི་རྐྱེན་གྱི་དོན་ཡིན་པའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་ངེས་པར་སྦྱོར་བ་དེ་ཡང་ངོ་། །དེ་ནི་ཞེས་བྱ་བ་ནི་ངེས་པར་སྦྱོར་བའོ། །འོ་ན་ནི་ཅི་ལྟར་རེ་ལྡེ་གྱིས་ཤིག་ཅེས་བྱ་བ་གཉིས་ཀྱི་ཚིག་ཏུ་འགྱུར་བ། དེ་བཞིན་དུ་ལྷས་བྱིན་དང་མཆོད་སྦྱིན་དག་གིས་རེ་ལྡེ་བྱེད་

དོ་ཞེས་བྱ་བ་འདིར་ཡང་འགྱུར་རོ་ཞེ་ན། ཁམས་ཀྱི་དོན་ཡན་འགར་བ་ནི་ཞེས་སྨྲས་སོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་སུན་འབྱིན་པའོ། །འབྲེལ་ཕྱིར་ཞེས་བྱ་བ་ནི་བྱེད་པ་པོ་དང་འབྲེལ་པའི་ཕྱིར་རོ། །དེར་འགྱུར་ཐ་དད་ན་ཞེས་བྱ་བ་ནི་ངེས་སྦྱོར་ཐ་དད་ནའོ། །དེར་འགྱུར་ཏེ་ཞེས་

བྱ་བ་ནི་ཐ་དད་པར་རོ། །ཅིའི་ཕྱིར་ཞེ་ན། དེ་ཡང་ཞེས་སྨོས་ཏེ། ཁམས་ཀྱི་དོན་དེ་ཡང་ངོ་། །དེ་ཐ་དད་པས་ཞེས་བྱ་བ་ནི་བྱེད་པ་པོ་ཐ་དད་པས་སོ། །རང་གི་འདོད་པས་གཞུང་གཟུགས་པའི་ཕྱིར་གསུངས་པ་ནི། ཁོ་བོ་ཅག་གི་ལྟར་ན་ཞེས་བྱ་བ་བའོ། །ལས་དང་བྱེད་པ་པོ་ལས་

ཞེས་བྱ་བ་ནི་ཐ་དད་པ་དང་ལྡན་པའི་ལྔ་པའོ། །དེ་ཞེས་བྱ་བ་ནི་བྱ་བའོ། །གང་གི་ཚེ་བརྗོད་པ་ཞེས་བྱ་བ་ནི་བྱེད་པ་པོ་ཞེས་འབྲེལ་ཏོ། །དང་པོ་ཉིད་ཀྱི་དོན་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རང་བཞིན་ཙམ་གྱི་དོན་ཡིན་པའི་ཕྱིར་རོ། །ཕྱོགས་གཉིས་ཀ་ལ་ཡང་རིམ་གྱིས་སྦྱོར་བ་གཉིས་སྟོན་པར་

བྱེད་པ་ནི་བདག་ཉིད་ཆེན་པོས་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་བསྡུ་བའི་ཚིགས་སུ་བཅད་པ་གཉིས་སོ། །ལས་ཞེས་བྱ་བ་ནི་ཡི་གེ་ལས་སོ། །དེ་ལྟར་སྒྲའི་བྱེད་པའི་སྒོམ་པ་དཔྱད་ནས་དོན་གྱི་བྱེད་པའི་སྒོམ་པ་དཔྱད་པའི་ཕྱིར་གང་གི་ཚེ་ཞེས་བྱ་བ་ལ་

སོགས་པའོ། །ལས་ཀྱི་སྒྲ་ནི་བྷ་བའི་དོན་ཡིན་ལ་ཞེས་བྱ་བའི་མདོ་འདིར་རི་ཁྲོད་རྗེས་རང་གིས་བཤད་པར་བྷ་བ་ན་བྷ་བ་སྟེ་སྐུལ་བའི་རྐྱེན་ཏོ་ཞེས་བཤད་དོ། །དེ་ལྟར་ཡིན་དང་དེ་ནི་སྒོམ་པ་ཉིད་ཡིན་ལ་ཞེས་བྱ་བ་ནི་སྒོམ་པའི་སྒྲས་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ན་བདག་

Vol. 183 · folio 251b

ངེས་པར་སྦྱོར་རོ་སྙམ་པའི་རྟོགས་པ་མེད་པ་མ་ཡིན་ནམ། དེ་ཇི་ལྟར་ན་སྒོམ་པ་ཉིད་བྱེད་པ་ཡིན་ཞེ་ན། བཤད་པ་ནི་དེའི་ཚེ་ངེས་པར་སྦྱར་བ་ནི་དེའི་ལྷག་མའི་ཕྱིར་ཞེས་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་དེ་གཙོར་གྱུར་པ་མ་ཡིན་ལ། གཙོར་གྱུར་པ་མ་ཡིན་པའི་ཕྱིར་ནི་ངག་གི་དོན་

ཉིད་མ་ཡིན་ནོ། །དེ་བཞིན་དུ་ངེས་སྦྱོར་ངག་གི་དོན་དུ་བྱེད་པའི་ཚེ་ཡང་ངེས་སྦྱོར་ཉིད་གཙོ་བོ་ཡིན་ལ། རྒོལ་བ་ནི་ཁྱད་པར་ཡིན་ནོ་ཞེས་རིག་པར་བྱའོ། །གལ་ཏེ་ངེས་སྦྱོར་གྱི་ཁྱད་པར་ཅན་གྱི་སྒོམ་པ་ངག་གི་དོན་ཡིན་མོད། གདོན་མི་ཟ་བར་འཇུག་པ་གོ་ཅི་ལྟ་ཞེ་ན། སྒོམ་པ་ཞེས་བྱ་བ་

ལ་སོགས་པའོ། །དེ་ལྟར་རྟོགས་པ་ན་ཞེས་བྱ་བ་ནི་ངེས་སྦྱོར་གྱི་ཁྱད་པར་ཅན་ཉིད་དུ་རྟོགས་པ་ནའོ། །འདི་ཉིད་གསལ་བར་བྱེད་པ་ནི་མི་འཇུག་པར་ཡང་ཅི་ལྟར་འགྱུར་ཏེ་ཞེས་བྱ་བའོ། །དེ་ནི་མི་འཐད་དེ་ཞེས་བྱ་བ་ནས། སེམས་སམ་ཞེས་བྱ་བའི་བར་ནི་སུན་འབྱིན་པའོ། །གལ་

ཏེ་དེ་ལྟར་མིན་ཞེས་བྱ་བ་ནི་གཞན་གྱི་དོགས་པ་བསུ་བའོ། །མཐོ་རིས་འདོད་པ་ཞེས་འབྲས་བུ་ཐོབ་པའི་ཕྱིར་ན་འབྲས་བུ་མེད་པར་ཞེས་ཅི་ལྟར་བརྗོད་ཅེས་བྱ་བའི་དོན་ཏོ། །སུན་འབྱིན་པ་ནི་འབྲས་བུ་དང་བཅས་པར་ག་ལས་རྟོགས་ཞེས་བྱ་བའོ། །གལ་ཏེ་འདི་ནི་གདོན་མི་ཟ་བར་ཞེས་

བྱ་བ་ལ་སོགས་པ་ནི་བཤད་པའོ། །བསྟན་ཟིན་ཏོ་ཞེས་བྱ་བ་ནི་སྐྱེས་བུས་མ་བྱས་པ་ཉིད་ཡིན་ཡང་དོན་མེད་པ་ཉིད་བཟློག་པར་དཀའ་བ་ཉིད་ཀྱི་སྒོ་ནས་སོ། །བསྒོམ་པ་ཁས་བླངས་ནས་སུན་དབྱུང་བ་བརྗོད་པ་ཡིན་ནོ། །ད་ནི་དེ་ཉིད་མེད་དོ་ཞེས་སྟོན་པ་ནི། གཞན་ཡང་ཞེས་བྱ་བའོ། །

མཆོད་སྦྱིན་དོན་ཐ་དད་པ་ཞེས་བྱ་བ་ནི་རྟོགས་པ་ཡོད་མ་ཡིན་ཞེས་འབྲེལ་ཏོ། །དེ་ནི་ཞེས་བྱ་བ་ནི་སྒོམ་པའོ། །འཚེད་བྱེད་ཅེས་བྱ་བ་ནས་ཐ་དད་པར་རྟོགས་ན་ཞེས་བྱ་བའི་བར་ནི་གཞན་གྱི་སྟེ། ཚོས་པ་དང་མཆོད་སྦྱིན་དག་ནི་ལས་ཉིད་དུ་བསྟན་པའི་ཕྱིར་རོ། །བྱེད་དོ་ཞེས་བྱ་བ་འདིར་བྱ་བ་

ཐ་དད་པ་དམིགས་པ་ཡིན་ནོ། །གཏན་ཚིགས་དེས་ན་མ་དམིགས་པར་མ་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །ལན་དུ་དེ་ལྟར་ཡིན་ན་ཐུག་པ་མེད་དོ་ཞེས་བྱ་བའོ། །གང་གི་ཕྱིར་སྤྱི་དང་ཁྱད་པར་གྱི་ངོ་བོས་སྒོམ་པ་དང་། མཆོད་སྦྱིན་ལ་སོགས་པ་རྣམ་པར་གནས་པ་འདོད་པ་དེའི་ཕྱིར་སྤྱི་

Vol. 183 · folio 252a

དང་ཁྱད་པར་གཞན་དང་གཞན་དུ་འགྲོ་བས་ཐུག་པ་མེད་དོ། །དེ་ཉིད་སྟོན་པ་ནི་མཆོད་སྦྱིན་བྱེད་པ་ནི་ཞེས་བྱ་བ་ལ་སོགས་པའོ། །དོན་འདི་ཡིན་ཏེ་དཔེར་མཆོད་དོ་ཞེས་བྱ་བ་འདིར་མཆོད་བྱེད་དོ་ཞེས་བྱ་བ་འཕངས་པ་དེ་བཞིན་དུ་མཆོད་སྦྱིན་གྱི་ཡུལ་ཅན་གྱི་

རང་གི་བྱ་བ་སྐྱེད་དོ་ཞེས་ཤེས་པར་བྱ་བ་ཡིན་ནོ། །དེས་ན་མཆོད་སྦྱིན་གྱི་ཡུལ་ཅན་རང་གི་བྱས་པ་ལས་སྐྱེས་པ་ཉིད་གཞན་ཡིན་པར་འགྱུར་རོ། །དེ་བཞིན་དུ་མཆོད་སྦྱིན་སྐྱེད་པར་སྒྲུབ་པར་བྱེད་དོ་ཞེས་བྱ་བ་འདིར་ཡང་གལ་ཏེ་ཡང་མཆོད་སྦྱིན་སྐྱེད་པར་བསྒྲུབ་པར་བྱའོ་ཞེས་

བརྗོད་པར་འདོད་ན་ཡང་གཞན་འཕེན་པར་འགྱུར་རོ། །དེ་ལྟར་གཅིག་ནས་གཅིག་བརྒྱུད་པ་ནི་མངོན་སུམ་ལ་སྣང་བ་ཡང་མེད་དོ། །དེ་ཉིད་ཀྱི་ཕྱིར་འདི་དག་ནི་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །དེའི་ཕྱིར་མཆོད་སྦྱིན་ལ་སོགས་པའི་དོན་ལས་ཐ་དད་པའི་སྒོམ་པའི་འགོག་

པའི་གཏན་ཚིགས་སུ་མངོན་སུམ་ལ་མི་སྣང་བ་ལ་བརྟེན་པ་ན། དེ་ལ་མ་གྲུབ་པ་མེད་དོ། །རྣམ་པར་རྟོག་པ་ཙམ་ནི་སྒྲུབ་པའམ། འགོག་པ་ལ་ནུས་པ་ཡོད་ཕ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཐུག་པ་མེད་པར་མི་འགྱུར་དུ་བཅུག་ཀྱང་། ཐ་མི་དད་པ་ལས་ཡང་ཐ་དད་པར་སྒྲོ་

བཏགས་ནས་ཐ་སྙད་དུ་བྱེད་པ་ནི་མཐོང་ངོ་ཞེས་བཤད་པ་ནི་འཆི་ཀའི་ལུས་ཞེས་བྱ་བའོ། །ལྷུག་པས་ནི་དཔེ་ཡིན་ན་དེ་བཞིན་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་ནི་དོན་བསྟན་ཏོ། །མཚུངས་པ་ཉིད་དུ་སྟོན་པ་ནི་བྱེད་པའི་ཞེས་བྱ་བའོ། །བྲམ་ཟེ་ནི་མཆོད་སྦྱིན་ལ་བྱ་

བ་བྱེད་དོ་ཞེས་བྱ་བ་འདིས་ནི་མཆོད་སྦྱིན་བྱེད་དོ་ཞེས་བརྗོད་པ་ཡིན་གྱི། བྱ་བ་དེ་ལོགས་ཤིག་ཏུ་མཐོང་བ་ནི་མེད་དོ། །དེས་ན་ཐ་དད་པའི་ཐ་སྙད་ཙམ་དུ་ཟད་ཀྱི། མཆོད་སྦྱིན་ལ་བྱ་བ་གཞན་པ་མ་ཡིན་ནོ། །འོ་ན་མཆོད་སྦྱིན་ཡང་གང་ཡིན་ཞེ་ན། མཆོད་སྦྱིན་གྱི་ནི་བྱ་བ་ཡང་ཞེས་

སྨོས་སོ་ཞེས་བྱ་བ་ནི་མཐོང་བ་ཡོད་མ་ཡིན་ཞེས་བྱ་བ་དང་། མ་ཡིན་ཞེས་བྱ་བ་གཉི་གར་ཡང་གཟུང་བའོ། །ཅིའི་ཕྱིར་མཆོད་སྦྱིན་གྱི་བྱ་བ་གཞན་མ་ཡིན་ཞེ་ན། ལྷ་སྦྱིན་ཉིད་དང་ནི་ཞེས་བྱ་བའོ། །དབྱུག་པ་ཅན་བཞིན་དུ་མཆོད་སྦྱིན་དང་ལྡན་པ་ལས་མཆོད་སྦྱིན་ཡིན་ནོ་ཞེས་ནི་མི་རིགས་ཏེ།

Vol. 183 · folio 252b

ཐ་དད་པ་ལ་མི་དམིགས་པས་གནོད་པའི་ཕྱིར་རོ། །ཨུཏྤལ་སྔོན་པོ་བཞིན་དུ་ལྡོག་པ་ཙམ་གྱིས་བྱས་པའི་ཐ་དད་པ་ལ་བརྟེན་ན། གཅིག་ཉིད་ལ་གཞི་མཐུན་པ་རྣམ་པར་གནས་པ་ཡིན་ནོ། །འདིར་ཡང་ཐ་དད་པ་ཁོ་ནའོ་ཞེ་ན། འདི་ལ་མི་དམིགས་པས་གནོད་པའི་ཕྱིར་རོ་ཞེས་

བརྗོད་ཟིན་ཏོ། །དེའི་ཕྱིར་མཆོད་སྦྱིན་ནི་ཁྱད་པར་ཅན་གྱི་གནས་སྐབས་ཐོབ་པའི་ལྷ་སྦྱིན་ལ་སོགས་པའི་རྫས་ལས་ཐ་དད་པ་མ་ཡིན་པར་འདོད་པར་བྱའོ། །དེ་ཡང་གང་ཅིའི་རང་བཞིན་ཡིན་ཡང་རུང་སྟེ། བྱེད་པ་དེ་ལས་ཐ་དད་པ་ནི་མེད་དོ་ཞེས་སྐབས་ཉིད་གནས་པ་

ཡིན་ནོ། །གཞན་དག་བྱེད་པའི་བྱ་བ་ཐ་དད་པའི་དོན་དུ་འབད་པ་བྱེད་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ལྷ་སྦྱིན་ཅི་བྱེད་ཅེས་བྱ་བ་ནི་འདྲི་བའོ། །འཚེད་དོ་ཞེས་བྱ་ལ་སོགས་པ་ནི་ལན་ཏེ། འདྲི་བ་དང་ལན་འདི་དག་མཐོང་བའི་ཕྱིར་ངེས་པ་སྟེ། དེ་ཡོད་པ་

ན་མཆོད་སྦྱིན་ལ་སོགས་པ་ལ་ཐེ་ཚོམ་ཟ་བའི་ཕྱིར་བྱ་བ་གཞན་ཉིད་དུ་གྲུབ་པ་ཁོ་ནའོ། །དོན་འདི་ནི་སངས་རྒྱས་པ་ཡང་འདོད་པ་ཡིན་ནོ་ཞེས་སྟོན་པ་ནི། དེ་སྐད་དུ་ཡང་ཞེས་བྱ་བའོ། །སུན་འབྱིན་པར་བྱེད་པ་ཡང་འདྲི་བ་དང་ལན་ཐ་དད་པ་མཐོང་བ་དེ་ཉིད་ཀྱི་ཐ་དད་པ་

ཟློག་པར་བྱེད་པས་དེ་ནི་དེ་ལྟར་མི་འཐད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་ལ་ཞེས་བྱ་བ་ནི་གཙོ་བྱ་ལ་སོགས་པ་ལའོ། །གཞན་དུ་ནི་ཞེས་བྱ་བ་ནི་བྱེད་པར་དྲི་བའི་བརྗོད་པའོ། །རྣམ་པར་འགྲེལ་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །གཞན་ལ་ཞེས་བྱ་བ་ནི་

མཆོད་སྦྱིན་ལ་སོགས་པ་ལའོ། །འདྲི་སྟེ་ཞེས་བྱ་བ་ནི་འདྲི་བའི་ཚིག་གོ། །འདི་ནི་བརྗོད་པའི་ཞེས་བྱ་བ་ནི་འགྲེལ་པའོ། །དོན་འདི་ཡིན་ཏེ་གཙོ་བོ་ལ་སོགས་པ་ལ་ཐེ་ཚོམ་ཟ་བ་ན། །ཅི་བྱེད་ཅེས་འདྲི་བའི་ཚིག་མི་འཐད་དོ། །བུམ་པ་ལ་ཐེ་ཚོམ་ཟ་བ་ནི་སྣམ་བུ་འདྲི་བར་མི་འཐད་དོ། །

གཞན་སྨྲས་པ་ནི་བྱེད་པའི་དོན་ཞེས་བྱ་བ་ལ་སོགས་པའོ། །བུམ་པ་དང་སྣམ་བུ་ལྟར་ཤིན་ཏུ་ཐ་དད་པ་མ་ཡིན་ནོ་སྙམ་དུ་བསམས་པའོ། །སྤྱི་འབའ་ཞིག་རྟོགས་པ་ན་ཁྱད་པར་གྱི་ཆ་ལ་ཐེ་ཚོམ་ཟ་བའི་ཕྱིར་འདྲི་བ་ནི་རིགས་པ་ཁོ་ནའོ། །ཁྱད་པར་མེད་པར་ཞེས་བྱ་བ་ལ་སོགས་པ་ནི་སུན་འབྱིན་

Vol. 183 · folio 253a

པར་བྱེད་པའོ། །སྐྱེ་བ་དང་གནས་པའི་གཞན་གྱི་དབང་མེད་པ་ལ་གལ་ཏེ་རྟོགས་པའི་གཞན་གྱི་དབང་ཡང་མེད་ན་ནི་དེའི་ཚེ་བུམ་པ་དང་སྣམ་བུ་བཞིན་དུ་ཐ་དད་པ་ཉིད་སྤང་བར་མི་ནུས་སོ། །དེའི་ཕྱིར་སྤྱིའི་རྟོགས་པ་ནི་ཁྱད་པར་རྟོགས་པ་ནང་དུ་འདུས་པའི་རང་

བཞིན་ཁོ་ནའོ། །དེས་ན་ཁྱད་པར་གྱི་ཆ་ལ་ཐེ་ཚོམ་མི་ཟ་བས་ཅི་འདྲ་བའི་གོ་སྐབས་ཡོད། འོན་ཏེ་སྤྱིས་ཁྱད་པར་འཕེན་པར་བྱེད་མོད་ཀྱི་སྤྱི་རྟོག་པ་ན་དེ་རྟོག་པ་ནི་མ་ཡིན་ནོ་ཞེས་དོགས་པ་བསུ་ནས་བཤད་པ་ཁྱད་པར་སྤྱིའི་འཕངས་པར་འགྱུར་བ་ཡིན་ན་ནི་མ་རྟོགས་པ་མ་ཡིན་

ཏེ། འོན་ཀྱང་རྟོགས་པ་ཁོ་ནའོ། །དེ་ལྟ་ན་ཡང་ཐེ་ཚོམ་མེད་པའི་འདྲི་བའི་གོ་སྐབས་སུ་ཅི་ལྟར་འགྱུར། ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི། སྤྱི་འབའ་ཞིག་ཅེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱི་ཁས་ལེན་པའོ། །སྤྱི་ཞེས་བྱ་བ་སྤྱིའི་ཤེས་པས་ཁྱད་པར་ཞེས་བྱ་

བ་ཁྱད་པར་གྱི་ཤེས་པ་འཕེན་ཏེ། ཡུལ་ཅན་གྱི་ཡུལ་ཅན་བསྟན་པའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་ཁྱད་པར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་རྟོགས་པའོ། །དེ་ནི་ཞེས་བྱ་བ་ཁྱད་པར་རོ། །ལན་དུ་སྤྱི་དེ་ཉིད་ཅེས་བྱ་བ་ལ་སོགས་པའོ། །དོན་འདི་ཡིན་ཏེ་གལ་ཏེ་སྤྱི་

རྟོགས་ཀྱང་ཁྱད་པར་མི་རྟོགས་ཀྱི། འོན་ཀྱང་ཁྱད་པར་སྤྱིའི་རང་བཞིན་དུ་རྟོགས་པ་ཡིན་ན། དེའི་ཚེ་ཡང་སྤྱི་རྟོགས་པ་ཉིད་དོ། །དེ་ལྟ་ཡིན་དང་སྤྱི་གཞན་མེད་པའི་དང་པོ་རྟོགས་པ་ཁོ་ན་རྟོགས་པར་འགྱུར་ན། འཕེན་པར་བྱེད་པ་དེ་ཉིད་འཕང་བར་བྱ་བར་ཡང་འགྱུར་བ་ནི་མི་

རིགས་པའི་ཕྱིར་འདི་ཡང་བཀག་པ་ཡང་ཡིན་ནོ། །འོན་ཏེ་སྤྱི་གཞན་ཁོ་ན་འཕང་བར་བྱ་བ་ཡིན་ནོ་ཞེས་དོགས་ན་སྤྱི་ལས་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན། དེ་ལྟ་ཡིན་ན་ཞེས་སྨོས་ཏེ། འཕང་བར་བྱ་བའི་སྤྱིའི་གཞན་ཡོད་ནའོ། །སྤྱི་དེ་ཙམ་ནི་མངོན་སུམ་ལ་སྣང་བ་མེད་པའི་ཕྱིར་

རྟོགས་པ་འདི་ཡང་མི་རིགས་སོ་སྙམ་དུ་དགོངས་པའོ། །གཞན་དག་རིགས་པ་ཅན་གྱི་མདོ་དང་ལྷན་ཅིག་སྡོང་བར་བསམས་ནས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། དེ་ལྟ་ཡིན་དང་རེང་རེང་པོ་ཙམ་གྱི་སྤྱིའི་མངོན་སུམ་དུ་འགྱུར་བ་ཡིན་ལ། མཐོ་ཡོར་རམ་མིའི་ཁྱད་པར་ནི་

Vol. 183 · folio 253b

མངོན་སུམ་མ་ཡིན་པ་དང་། གཞན་གྱི་ཚེ་མཐོང་བའི་མཐོ་ཡོར་དང་། སྐྱེས་བུའི་ཁྱད་པར་ལ་དྲན་པ་དེ་ལྟ་ན། མཐོ་ཡོར་རམ་མི་ཞེས་ཐེ་ཚོམ་ཟ་བ་ཡིན་ནོ། །དེ་བཞིན་ཐམས་ཅད་དུ་ཐེ་ཚོམ་ཟ་བ་ཡིན་ནོ། །དེས་ན་སྤྱི་དང་ཁྱད་པར་གྱི་ངོ་བོར་གྱུར་པ་ན་ཐེ་ཚོམ་དུ་རིགས་

པ་ཁོ་ནའོ་ཞེ་ན། འདི་སུན་འབྱིན་པ་ནི་སྤྱི་ཞེས་བྱ་བ་ལ་སོགས་པའོ། །སྤྱི་མངོན་སུམ་དུ་གྱུར་པ་ན་ཁྱད་པར་མ་དམིགས་པའི་ཕྱིར་མེད་པ་ཁོ་ནར་རིགས་ཀྱི་ཐེ་ཚོམ་ནི་མ་ཡིན་ཏེ། མེད་པར་ངེས་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དེ་ལྟར་སྤྱི་མངོན་སུམ་ཡིན་པའི་ཕྱིར་དང་། ཁྱད་

པར་མངོན་སུམ་མ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་སུན་ཕྱུང་ནས། ཁྱད་པར་དྲན་པའི་ཕྱིར་ཞེས་བྱ་བ་དེ་སུན་འབྱིན་པ་ནི། ཁྱད་པར་དྲན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་དོན་མེད་ཅེ་ན་ཁྱད་པར་དྲན་པ་ལས་ཞེས་གསུངས་ཏེ། མཐོ་ཡོར་རམ་མིའི་ཁྱད་པར་མ་ངེས་པར་

དྲན་པ་གང་ཡིན་པ་དེ་ནི་ཐེ་ཚོམ་མ་ཡིན་ཏེ། དེ་ལས་སྔར་དྲན་པ་གཞན་ཡོད་པ་ནི་མ་ཡིན་ནོ། །འོན་ཏེ་སྐྱེས་བུ་དང་མཐོ་ཡོར་འདྲ་བ་འགའ་ཞིག་སྲིད་པ་ཡིན་ལ། དེས་ན་རེང་རེང་པོ་མཐོང་བ་ན་གཅིག་ལ་སྦྱར་བའི་ཕྱིར་ཐེ་ཚོམ་དུ་འགྱུར་བ་ཡིན་ནོ་ཞེ་ན། འོ་ན་ནི་འགའ་ཞིག་རེང་

རེང་པོ་མཐོང་བས་སྔར་ཉམས་སུ་མྱོང་བས་གཞག་པའི་བག་ཆགས་སད་པ་ལས་གཅིག་ལ་གཉི་ག་མ་ངེས་པར་དྲན་པར་འགྱུར་བ་དེ་ཅི་ཐེ་ཚོམ་མ་ཡིན་ནམ། འོན་ཏེ་དེར་ཡང་རེ་ཞིག་སྔོན་མཐོང་བ་ལ་ལྟོས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་ཁྱད་པར་དྲན་པའི་ཕྱིར་ཞེས་བརྗོད་པར་

མི་བྱའོ། །སྔར་ཁྱད་པར་མཐོང་བའི་ཕྱིར་རོ་ཞེས་བྱ་བར་འགྱུར་རོ། །སྤྱི་མངོན་སུམ་དུ་གྱུར་པ་ལ་ལྟོས་པ་ཡང་འཁྲུལ་པར་བསྟན་པའི་ཕྱིར། སྤྱི་མངོན་སུམ་དུ་གྱུར་པ་མེད་པར་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ཅི་སྲིད་སྒྲུབ་བྱེད་དང་གནོད་བྱེད་མ་ཞུགས་ཀྱི་བར་

དུ་ནི་སྲོག་ནི་ཡོད་དམ་མེད་ཅེས་བརྗོད་པར་བྱ་བ་མ་ཡིན་ན། དེར་ནི་སྤྱི་འགའ་ཡང་རྟོགས་པ་མེད་དོ། །སོགས་པའི་སྒྲས་ནི་རང་བཞིན་དང་དབང་ཕྱུག་ལ་སོགས་པ་གཟུང་ངོ་། །དེའི་ཕྱིར་རྣམ་པ་འགའ་ཞིག་ལྟར་རྣམ་པར་རྟོག་པ་ལ་སྣང་བའི་རྣམ་པ་གཉིས་དངོས་སུ་ཀུན་

Vol. 183 · folio 254a

དུ་སྤྱོད་པ་མེད་ཀྱང་སྒྲུབ་པར་བྱེད་པ་དང་གནོད་པར་བྱེད་པའི་དུས་ཉིད་ན་ཐེ་ཚོམ་གྱི་ཐ་སྙད་དུ་བྱ་བ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །སྐབས་ཉིད་དུ་ཉེ་བར་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །མ་ངེས་པར་རྟོགས་པའི་མཆོད་སྦྱིན་ལ་སོགས་པ་དེ་

ཉིད་སྤྱི་ཡིན་ནོ་ཞེས་འབྲེལ་ཏོ། །རྣམ་པ་གང་གིས་རྟོགས་པ་ཞེ་ན། མེད་དོ་ཞེས་སྨོས་སོ། །ཚད་མ་གང་ལ་རྟོགས་ཤེ་ན། སྤྱིར་མཐོང་བའི་རྗེས་སུ་དཔག་པ་ལས་ཞེས་སྨོས་སོ། །མཆོད་པ་ལ་སོགས་པ་དག་ཏུ་བྱ་བའི་མཚན་ཉིད་དང་ལྡན་པ་གཅིག་འགའ་ཞིག་ཉེ་བར་

བསྟན་ནས། འདི་འདྲ་བ་ནི་བྱ་བར་བརྗོད་དོ་ཞེས་བརྡ་གྲུབ་པ་ན་ཞེས་དེ་འདྲ་བའི་མཚན་ཉིད་ཅན་གཞན་དག་ཀྱང་མ་ལུས་པར་བྱ་བའི་ཐ་སྙད་དུ་རུང་བ་ཡིན་ནོ་ཞེས་བྱ་བ་ནི། དེའི་རང་བཞིན་གྱིས་རྗེས་སུ་དཔག་པ་ཡིན་ནོ། །སྤྱི་ཡོངས་སུ་བཅད་པ་གཞན་ཡང་ཡོད་པ་

མ་ཡིན་ནམ། དེས་ན་དེ་སྐད་དུ་ཅི་སྟེ་བརྗོད་ཅེ་ན། ཁྱད་པར་མེད་པར་མ་ཟིན་པ་ཞེས་སྨོས་སོ། །གལ་ཏེ་སྤྱི་མངོན་སུམ་དུ་གྱུར་པ་ལ་སོགས་པ་ཐེ་ཚོམ་གྱི་རྒྱུ་མ་ཡིན་ནའོ། །འོ་ན་ཐེ་ཚོམ་གྱི་རྒྱུ་གང་ཡིན་ཞེ་ན། ལ་ལས་ནི་ཞེས་སྨོས་སོ། །ཡུལ་ཐག་རིང་པོའམ་མུན་པས་

ནོན་པའི་དུས་སུ་ཐེ་ཚོམ་གྱི་ཡུལ་གྱི་དངོས་པོའི་རྣམ་པས་དབེན་པའོ། །མ་དམིགས་པས་ཐེ་ཚོམ་གྱི་རྒྱུར་བརྗོད་པ་མ་ཡིན་ནམ། དེ་ཅི་ལྟར་བློ་ཡིན་པར་བརྗོད་ཅེས་དོགས་ན། དམིགས་པའི་མཚན་ཉིད་དུ་མ་གྱུར་པ་དེ་ལྟ་བུར་གྱུར་པའི་མ་དམིགས་པ་ཉིད་ཡིན་པའི་ཕྱིར་

མ་དམིགས་པ་སྤངས་པ་མ་ཡིན་ནོ། །དེ་ལྟར་ཡང་ཤེས་པ་དང་ཤེས་བྱ་མ་ཡིན་པར་དགག་པའི་རང་བཞིན་གྱིས་རྣམ་པ་གཉིས་ཡིན་ནོ་ཞེས་བཤད་པ་ནི། བློའི་རང་བཞིན་ནམ་ཞེས་བྱ་བ་ལ་སོགས་པའོ། །དེས་ན་བློ་ཉིད་མི་དམིགས་པར་བརྗོད་པས་མི་འགལ་ལོ། །འོན་ཀྱང་

དམིགས་བཞིན་པའི་དོན་གྱི་རང་བཞིན་ཡང་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །སྤྱི་མཐོང་བ་ནི་ཐེ་ཚོམ་གྱི་རྒྱུ་མ་ཡིན་ནོ་ཞེས་གྲུབ་ཀྱང་སྐབས་ཀྱི་སྤྱི་ཐ་དད་པ་ལ་བསམ་པ་ལས་ཡང་གཞན་གྱི་དོགས་པ་སྟོན་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ལན་ནི་སྐྱེས་བུ་དང་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words