ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 184 · folio 28b

མིག་གི་ལུགས་སུན་དབྱུང་བར་དགོངས་ནས་རྣམ་པ་གཞན་དུ་སྦྱར་ནས་ཕྱིས་གཙོ་བོ་ལ་སྦྱོར་བ་ན། རྣམ་འགྲེལ་དེ་ཉིད་ལ་འཇུག་པ་ནི། གལ་ཏེ་སྐྱོན་འདི་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུ་དུ་མའི་ཕྱིར་ན་འབྲས་མཚུངས་སོ་ཞེས་བྱ་བ་ནི་རྐང་མིག་གི་མདོ་སྟེ། འབྲས་བུ་རྩོལ་

བྱུང་དེ་དུ་མ་ཡོད་པའི་ཕྱིར་རོ། །དེ་ཉིད་རྣམ་པར་འགྲེལ་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་དབྱིབས་གཞན་གྱི་འབྲས་བུ་ཡང་མཐོང་བའི་ཕྱིར། བསྒྲུབ་པར་བྱ་བ་བློ་དང་ལྡན་པ་ལ་གཅིག་ཏུ་ངེས་པ་མ་ཡིན་ཏེ། དཔེར་ན་རྩོལ་བ་ལས་བྱུང་བ་ཉིད་བསྒྲུབ་བྱ་

འབྲས་བུ་ཉིད་ལ་གཅིག་ཏུ་ངེས་པ་མ་ཡིན་པ་བཞིན་ནོ། །དེས་ན་ཅི་ལྟར་འབྲས་མཚུངས་ཏེ་ལན་ལྟར་སྣང་བ་ཡིན་པ་དེ་བཞིན་དུ་འདི་ཡང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་འགྲེལ་གྱི་འབྲས་བུ་ཞེས་བྱ་བ་ནི་རྩོལ་བའི་འབྲས་བུ་སྟེ། བརྩལ་མ་ཐག་པ་ཉིད་དུ་ཞེས་བྱ་བའི་དོན་ཏོ། །

བསྒྲུབ་པར་བྱ་བས་འབྲས་བུ་ཉིད་ལ་སོགས་པ་ཞེས་བྱ་བ་འདིར་མདོ་ལ་ཡོད་པའི་རྗེས་འགྲོ་ཞེས་བྱ་བ་ལ་ལྟོས་པར་བྱའོ། །སྒྲུབ་པར་བྱེད་པའི་ཡུལ་ནི་སྒྲུབ་བྱེད་བརྩལ་མ་ཐག་པ་ཉིད་ཀྱི་ཡུལ་ལའོ། །ཅི་ལྟར་ཐ་དད་པར་བརྗོད་པའི་སྐྱོན་ཡིན་ཞེ་ན། འབྲས་བུ་ཉིད་ཅེས་བྱ་བ་ལ་

སོགས་པ་སྨོས་སོ། །འདི་བསྒྲུབ་བྱ་བརྗོད་པ་ནི་མ་ཡིན་གྱི་འོན་ཀྱང་རྩོལ་བའི་འབྲས་བུ་ཉིད་བརྗོད་པ་སྟེ། སྐབས་ཀྱིས་ན་བརྩལ་མ་ཐག་པ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །དེས་ན་སྒྲུབ་པར་བྱེད་པ་འབྲས་བུ་རྩོལ་མ་ཐག་པ་ཉིད་ལ་འབྲེལ་པ་ཐ་དད་པའི་སྒོ་ནས་བརྟགས་པ་

ཡིན་ནོ། །ཅི་ལྟར་བརྩལ་མ་ཐག་པའི་སྒྲས་སྐྱེས་པ་དང་མངོན་པར་གསལ་བ་གཉི་ག་བརྗོད་པ་དེ་ལྟར་ནི་གཏན་ཚིགས་ཀྱི་འཁོར་ལོ་བཤད་པའི་སྐབས་སུ་སྟོན་པར་འགྱུར་རོ། །ཚུལ་འདིས་འགྲེལ་པ་ཅན་ཐ་དད་པ་ཐ་དད་པར་བརྗོད་པའི་སྐྱོན་གང་ཡིན་པ་དེ་ནི། འབྲས་མཚུངས་

ཡིན་ཏེ། རྟག་པ་ལ་གསལ་བ་མི་སྲིད་པའི་ཕྱིར་རོ། །གསལ་བ་ཡོད་ཀྱང་རིགས་པ་ཅན་གྱི་ལུགས་ཀྱིས་ལྟག་ཆོད་མ་ཡིན་ནོ་ཞེས་སྟོན་པ་ནི་དེ་ལ་ཡང་ཞེས་བྱ་བ་སྟེ། སྒྲ་ནི་འབྲས་བུ་ཡིན་ཏེ། བརྩལ་མ་ཐག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་ལ་ཡང་སྤང་སྟེ།

Vol. 184 · folio 29a

གཞན་འབའ་ཞིག་ཏུ་ཡིན་པར་ནི་མ་ཟད་པའོ། །བརྗོད་པའི་རྣམ་པ་བཤད་པས་ནི་རྩོལ་བས་སྒྲིབ་པ་གསལ་བ་གང་ཡིན་པ་དེ་ལས་མངོན་པར་གསལ་བར་གྱུར་པ་ལ་ཡང་བརྩལ་མ་ཐག་པ་ཉིད་ཡོད་པ་ཁོ་ན་ཡིན་པ་དེས་ན་མ་ངེས་པ་ཡིན་ནོ་ཞེས་དེ་ལྟར་

ཡང་མི་འགལ་ན་ཞེས་བྱ་བ་དེའི་ཚེ་ཡང་འགལ་བ་མ་ཡིན་ནའོ། །མ་ངེས་པའི་ཉེས་པ་རྗོད་པར་བྱེད་པས་འགལ་བར་མི་བྱེད་ནའོ། །དེ་ལྟར་བྱས་པའི་རིགས་པ་ཅན་ལ་སོགས་པའི་ལུགས་ལྟར་ན་ནི་མ་ངེས་པ་ཉིད་བརྗོད་པར་འགྱུར་བས་ལྟག་ཆོད་མ་ཡིན་ནོ། །འོ་ན་ཁྱོད་ཀྱི་ལྟར་ན་

ཅི་ལྟར་ལྟག་ཆོད་ཡིན་ཞེ་ན། འོན་ཀྱང་ཞེས་གསུངས་ཏེ། མངོན་པར་གསལ་བ་དང་སྐྱེ་བ་ཡོངས་སུ་དོར་བའི་སྤྱིས་ཀྱང་བརྩལ་མ་ཐག་པ་ལ་སོགས་པ་སྒྲུབ་པར་བྱེད་པར་འགྱུར་བ་ཡིན་ནོ། །གལ་ཏེ་ཁྱད་པར་གཉིས་སྲིད་པ་ཡིན་ན། ཇི་ལྟར་ཡོངས་སུ་དོར་ནས་སྒྲུབ་བྱེད་དུ་

འགྱུར་ཞེ་ན། གང་གི་ཕྱིར་ཞེས་རྟག་པ་ལ་ནི་ཞེས་གསུངས་ཏེ། བྱེད་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་གསལ་བ་ཡང་ངོ་། །འགལ་བ་ནི་ཚད་མས་མི་འཐད་པའོ། །དེས་ན་ཁྱད་པར་གཉི་ག་མི་སྲིད་པའི་ཕྱིར་ཁོ་བོ་ཅག་གི་ལྟར་ན་མ་ངེས་པ་བརྗོད་པ་ནི་ལྟག་ཆོད་དོ། །དེ་ལྟ་མ་

ཡིན་ན་ཞེས་བྱ་བ་ནི་རྟག་པ་ལ་མངོན་པར་གསལ་བ་སྲིད་ནའོ། །འདིར་རྐང་མིག་གི་ལན་ནོ། །བསམ་པ་ནི་འདི་ཡིན་ཏེ། རྟག་པ་ལ་ནི་གསལ་བར་འདོད་པ་ཁོ་ནའོ། །དེ་ལྟ་ན་ཡང་སྤྱིས་ཀྱང་སྒྲུབ་བར་བྱེད་བ་ཡིན་བཞིན་དུ་ཐ་དད་པའི་སྐྱོན་བརྗོད་པ་ནི་ལྟག་ཆོད་ཁོ་ན་ཡིན་གྱིས་མ་ངེས་པ་ཉིད་དུ་

བརྗོད་པ་བདེན་པ་ནི་མ་ཡིན་ཏེ། སྒྲ་མངོན་པར་གསལ་བར་མི་འཐད་པའི་ཕྱིར་རོ་ཞེས་བྱ་བའོ། །འབྲས་བུ་གཞན་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་ནི་བཤད་པ་སྟེ། གཞན་ཉིད་ཡིན་ན་ཞེས་བྱ་བ་ནི་བརྩལ་མ་ཐག་པ་ཉིད་མངོན་པར་གསལ་བ་དང་། སྐྱེ་བའི་གསལ་བ་ཉིད་རྣམ་པ་

གཉིས་ཡིན་ནའོ། །འོན་ཏེ་སྒྲ་ལ་མི་དམིགས་པའི་རྒྱུ་བར་ཆོད་ལ་སོགས་པ་ཡོད་པ་ཉིད་དོ། །དེས་ན་རྩོལ་བ་རྒྱུ་མ་ཡིན་པ་ནི་འདོད་པ་ཁོ་ནའོ་སྙམ་ན། སྒྲ་ལ་ནི་ཞེས་གསུངས་སོ། །དེས་ན་ཞེས་བྱ་བ་ནི་བར་ཆོད་ཀྱི་རྒྱུ་མི་འཐད་པས་སོ། །དེ་ནི་ཞེས་བྱ་བ་ནི་སྒྲའོ། །དེ་ལ་ཞེས་བྱ་བ་

Vol. 184 · folio 29b

ནི་ཀ་བ་ལ་སོགས་པའོ། །ཉེ་བར་སྡུད་པ་ནི་དེས་ན་ཞེས་བྱ་བ་སྟེ། །སྐྱེ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྒྲ་ལ་ནི་བར་ཆོད་ཀྱི་རྒྱུ་འགའ་ཡང་མ་དམིགས་ཏེ། དེས་ན་བརྩལ་མ་ཐག་པ་ནི་སྐྱེ་བའི་སྒོ་ཉིད་ནས་ཡིན་ནོ་ཞེས་བྱ་བར་བསམས་པའོ། །འདི་སུན་འབྱིན་པ་ནི་ཀ་བ་འབའ་

ཞིག་ཏུ་མ་ཟད་ཀྱི་སྒྲ་ལའང་བསལ་མ་ཐག་ཏུ་མངོན་པར་གསལ་བ་དེ་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་གང་ལས་ཅི་ལྟར་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་གཞལ་བྱ་དང་ཚད་མ་དག་སྤངས་པའོ། །གང་གི་ཚེ་འདི་རྟོགས་པར་མི་ནུས་ཤེ་ན། གལ་ཏེ་མངོན་པར་གསལ་བ་དང་ཞེས་བྱ་བའོ། །

གལ་ཏེ་མངོན་པར་གསལ་བ་དང་། འགྲེལ་པ་རྟག་པ་ལ་ཡང་འཐད་པ་དང་ལྡན་པ་ཡིན་ཏེ། ཉེས་པ་བརྟེན་པ་མ་ཡིན་པ་དེའི་ཚེ་སྒྲ་ལ་དེ་མ་ཐག་ཏུ་གསལ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཅི་ལྟར་རིགས་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །

བར་ཆོད་པ་ལ་སོགས་པའི་རྒྱུ་ནི་གསལ་བར་རྟོགས་པ་མེད་པ་མེད་དོ་ཞེས་འབྲེལ་ཏོ། །སོགས་པ་སྨོས་པས་ནི་ངེས་པ་མེད་པ་ལ་སོགས་པ་མི་དམིགས་པའི་རྒྱུ་གང་ཅི་ཡང་རུང་བ་བཟུང་སྟེ། དཔེར་ན་བྲམ་ཟེས་གནས་པའི་རླུང་བརྟགས་པའི་ལྟ་བུ་སྟེ། དེ་ཡང་མ་མཐོང་བ་ཁོ་ནའོ་སྙམ་ན། ལན་

དུ་དེ་ཡང་མི་བདེན་ཏེ་ཞེས་བྱ་བའོ། །བུམ་པ་ལ་སོགས་པ་འབའ་ཞིག་ལ་བར་ཆད་ལ་སོགས་པར་བརྟག་པར་ནི་མ་ཟད་དེ་སྒྲ་ལའང་ངོ་། །ཡང་འདི་འདྲ་བའི་རྟོག་པ་དེ་ག་ལས་ཡིན་སྙམ་ན། གང་གི་ཕྱིར་སྒྲ་ནི་འཇིག་པ་མ་ཡིན་པ་ཉིད་དེ། དམིགས་པའི་སྔ་རོལ་དུ་ཞེས་རྟོགས་པར་

བྱའོ། །ཅིའི་ཕྱིར་མི་འཇིག་ཅེ་ན། ངོ་ཤེས་པ་ནི་ཡིན་པའི་ཕྱིར་ཞེས་གསུངས་སོ། །བུམ་པ་ལ་སོགས་པ་ལ་ཡང་ཞེས་བྱ་བ་ནི་འཆད་པའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །མི་དམིགས་པའི་གནས་སྐབས་ན་ཡང་སྐྱེས་བུ་གཞན་གྱིས་དམིགས་པའི་ཕྱིར་ན་བུམ་པ་འདི་ནི་གནས་

པ་ཁོ་ནའོ་ཞེས་དེ་ལྟར་རྟོགས་པ་ཡིན་ནའོ། །སུན་འབྱིན་པ་ནི་གཞན་གྱིས་ཞེས་བྱ་བའོ། །དེ་ལྟར་རྟོགས་ཀྱི་ཞེས་བྱ་བ་ནི་བུམ་པ་འདི་ནི་གནས་པ་ཁོ་ནའོ་སྙམ་པར་རྟོགས་པའོ། །ཅི་ལྟར་གཞན་གྱི་དམིགས་པ་ལས་གཞན་དེ་ལྟར་རྟོགས་པ་ཡིན་ཞེ་ན། བརྒྱུད་ནས་ཞེས་གསུངས་

Vol. 184 · folio 30a

ཏེ། གཞན་གྱིས་དམིགས་ནས་བུམ་པ་ཡོད་ཅེས་བརྗོད་པ་དེ་ལས་གཞན་ལ་དེ་ལྟར་རྟོགས་པ་སྐྱེ་སྟེ་དེ་ལྟར་ན་བརྒྱུད་ནས་གཞན་གྱིས་དམིགས་པ་ལས་དེ་ལྟར་རྟོགས་པ་ཡིན་ནོ། །རང་ཉིད་ཅེས་བྱ་བ་ནི་སྔ་མ་དང་སྦྱར་བར་བྱའོ། །དངོས་སུ་ཞེས་བྱ་བ་ནི་

དངོས་སུ་བྱེད་པའི་ཤེས་པ་ལས་སོ། །ཆེན་པོ་ཡིན་ནོ་ཞེས་བྱ་བ་འདིས་ནི་གཞན་གྱིས་མཐོང་བས་ནི་ངོ་ཤེས་པས་བརྟན་པར་རྟོགས་པ་མ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནི་སྔར་མཐོང་བ་གང་ཞིག་ད་ལྟར་མཐོང་བ་དེ་ནི་གཞན་གྱིས་བར་དུ་མཐོང་བ་ཡིན་ནོ་

ཞེས་བྱ་བ་འདི་ངོ་ཤེས་པ་ལས་གཞན་གྱིས་ཤེས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རེས་འགའ་གཞན་ཁོ་ན་ཞིག་གཞན་གྱིས་རྟོགས་པར་འགྱུར་རོ། །དེས་ན་ངོ་ཤེས་པ་ལ་མ་བརྟེན་པར་གཞན་ལས་ཀྱང་། དེ་རྟག་པ་ཉིད་དུ་ཅི་ལྟར་རྟོགས། དེའི་ཕྱིར་གང་དག་ངོ་ཤེས་པ་ཚད་མ་

ཡིན་པ་དང་། རྟག་པ་ལ་མངོན་པར་གསལ་བ་ཡང་འདོད་པ་དེའི་ལྟར་ན། མ་ངེས་པ་ཉིད་བརྗོད་པ་འདི་ནི་ལན་ལྟར་སྣང་བ་མ་ཡིན་ཏེ། སྤྱིས་སྒྲུབ་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཁོ་བོ་ཅག་གི་ལུགས་ལྟར་ན་ནི། བཟློག་པ་ཡིན་པའི་ཕྱིར་ན། ལན་ལྟར་སྣང་བ་ཁོ་ནའོ་ཞེས་

གནས་སོ། །དེ་ཉིད་ཀྱི་ཕྱིར་ན་ཁོ་བོ་ཅག་གི་སུན་འབྱིན་པ་ཉིད་སྐབས་སུ་བབ་པ་ཡིན་ཏེ། དབྱིབས་ལ་སོགས་པའི་སྤྱི་ཆེན་པོ་ལ་ནི་ཁྱབ་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །གང་ཡང་འདིར་ངོ་ཤེས་པ་ལ་བརྟེན་པ་ཉིད་གསལ་བའི་དོན་དུ་ཏྲེ་ལོ་ཙ་ནས་སྒྲ་ཡོངས་སུ་བརྟག་

པར་བརྗོད་པ་དེ་ནི་གཞན་དུ་བསམ་པར་བྱ་བ་ཡིན་པས་རེ་ཞིག་བཞག་གོ། །ད་ནི་རྣམ་འགྲེལ་གྱི་དོན་ཇི་ལྟ་བ་ཉིད་ལ་སྦྱར་བའི་དོན་དུ་ཡང་ན་ཞེས་གསུངས་སོ། །དེ་སྐད་དུ་བཤད་པ་ཡིན་ནོ་ཞེས་བྱ་བ་ནི། བསྒྲུབ་བྱའི་རྗེས་འགྲོའི་ཕྱིར་འབྲས་བུ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འགྲེལ་པའོ། །

འདིའི་ཞེས་བྱ་བ་ནི་འབྲས་མཚུངས་ཀྱི་མཚན་ཉིད་དོ། །འབྲས་བུ་ཞེས་བྱ་བ་ནི་བྱས་པའོ། །གཞན་གྱིས་ཞེས་བྱ་བ་ནི་བུམ་པ་ལ་ཡོད་པས་སོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ་འདིར་ཅིར་འགྱུར་ཞེས་སྦྱོར་རོ། །མི་རྟག་པ་དག་ལ་མེད་དོ་ཞེས་རྩོད་པར་བྱེད་ན་ཞེས་སྦྱར་རོ། །འགལ་བ་

Vol. 184 · folio 30b

ལྟར་སྣང་བ་ནི་མཐུན་པའི་ཕྱོགས་ལ་མེད་པ་ཙམ་ལས་བསམས་ནས་སོ། །རྟག་པ་ལ་ཡང་མེད་དོ་ཞེས་རྩོད་པར་བྱེད་པ་ཡིན་ན་ཞེས་འབྲེལ་ཏོ། །ཅི་ལྟར་ཞེ་ན། མི་རྟག་པ་འབའ་ཞིག་ཏུ་ནི་མ་ཟད་དེ། རྟག་པ་དག་ལ་ཡང་མེད་དོ་ཞེས་སོ། །གལ་ཏེ་བྱས་པ་ཙམ་ལ་མི་རྟག་པས་ཁྱབ་པ་

ཚད་མས་དེས་ན་ནི་སྒྲ་ལ་ཡང་གོད་པ་མེད་དོ། །དེས་ན་གཅིག་ཀྱང་སུན་འབྱིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ལྟར་སྣང་བ་སྒྲའི་དོན་ཏོ། །དེས་ན་འདི་ཉིད་འབྲས་མཚུངས་ཀྱི་མཚན་ཉིད་དུ་རིགས་སོ་ཞེས་ཐུགས་ལ་བཞག་ནས། རྐང་མིག་གི་མཚན་ཉིད་ནི་ཞེས་བྱ་བ་གསུངས་ཏེ། ངོ་ཤེས་

པའི་ཚད་མ་དང་། རྟག་པ་གསལ་བར་ཁས་བླངས་པས་ན་མ་ངེས་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །གལ་ཏེ་རྣམ་པ་འདི་ལྟ་བུའི་སུན་འབྱིན་པའི་འབྲས་མཚུངས་ཡིན་ན། འོ་ན་རྣམ་རྟོག་མཚུངས་པ་ཇི་ལྟར་གྱུར་པ་ཡིན་ཞེ་ན། རྣམ་རྟོག་མཚུངས་པ་ནི་ཞེས་གསུངས་སོ། །བྱས་

པ་ཉིད་ཀྱིས་བྱས་པ་བསྒྲུབ་བྱ་དང་དཔེ་ཆོས་མཚུངས་པས་ཆོས་མཐུན་ན་ཡང་ངོ་། །ཁྱད་པར་ཚོས་པ་ཉིད་དང་། མིག་གི་གཟུང་བྱ་ཉིད་ལ་སོགས་པ་དང་བརྗོད་པར་ཉེ་བར་བགྲོད་པའོ། །དཔེར་ན་ཞེས་བྱ་བ་ནི་འཆད་པའོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི་བརྩལ་མ་ཐག་པའི་ཕྱིར་

སྒྲ་མི་རྟག་སྟེ་བུམ་པ་བཞིན་ནོ་ཞེས་སྔར་བརྗོད་པ་གང་ཡིན་པ་དེ་བཞིན་དུ་བུམ་པ་དང་། བསྒྲུབ་པར་བྱ་བའི་ཆོས་ཅན་སྒྲ་ཆོས་མཐུན་པ་ཉིད་སྒྲུབ་པར་བྱེད་པ་བྱས་པས་བྱས་པ་སྟེ། དེ་ཆོས་ཅན་སྒྲ་ལ་མི་རྟག་པ་ཉིད་བསྒྲུབ་པར་བྱས་པ་ན། སུན་འབྱིན་པ་བརྗོད་པ་ལྟ་བུའོ། །ཅི་སྐད་བརྗོད་ཅེ་

ན། བུམ་པ་ཉིད་མི་རྟག་པ་ཡིན་གྱིས་གཞན་སྒྲ་ནི་མ་ཡིན་ཏེ། ཚོས་པར་བྱ་བ་ཉིད་དང་། མིག་གིས་གཟུང་བ་ཉིད་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །གལ་ཏེ་རྣམ་པ་འདི་ལྟ་བུའི་ཉེས་པ་ཁྱེད་ཅི་ལྟར་སྤང་ཞེས་དོགས་ན། མཇུག་སྡུད་པའི་སྒོ་ནས་སྤང་བ་ནི་དེའི་ཕྱིར་

ཞེས་བྱ་བའོ་འདིར་ནི་ཞེས་བྱ་བ་ནི་སྐྱོན་གྱི་རྣམ་པ་འདི་ལྟ་བུ་ལ་ནི་སྔར་བརྗོད་པ་ལན་ཡིན་ནོ། །དེ་ཡང་གང་ཞེ་ན། ཕྱིས་ཀྱང་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །འདིར་ཡང་ཞེས་བྱ་བ་དབང་ཕྱུག་སུན་འབྱིན་པར་ཡང་འབྲས་མཚུངས་དང་འདྲ་བ་ཉིད་དོ་

Vol. 184 · folio 31a

ཞེས་འབྲེལ་ཏོ། །དཔེར་ན་སྒྲ་ལ་སོགས་པར་མི་རྟག་པ་ཉིད་ལ་སོགས་པ་བསྒྲུབ་པར་བྱ་བ་ལ། བྱ་རོག་ནག་པོ་འབྲེལ་བ་མེད་པ་ཡིན་པ་དེ་བཞིན་ནོ། །གལ་ཏེ་འདི་གཞི་དང་གཞི་ཅན་འབྲེལ་པ་མ་གྲུབ་པ་མ་ཡིན་ནམ་སྐབས་སུ་བབ་པ་ནི་དེ་

ལྟར་མ་ཡིན་ནོ་ཞེས་དོགས་པར་མི་བྱ་སྟེ། ཤིན་ཏུ་མ་འབྲེལ་བ་ཙམ་གྱིས་འདི་དཔེར་བརྗོད་པ་འདོད་པའི་ཕྱིར་རོ། །འོ་ན་གང་ཞིག་སྒྲུབ་བྱེད་དུ་འགྱུར་ཞེ་ན། དབྱིབས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་ཐམས་ཅད་ཐམས་ཅད་དུ་འདོད་པ་བསྒྲུབ་པར་འགྱུར་མོད་ཅེ་ན། རིགས་གཞན་

ལས་ནི་ཞེས་སྨོས་ཏེ། བུམ་པ་ལ་སོགས་པ་ལ་རབ་ཏུ་གྲུབ་པའི་སྐྱེས་བུ་ནི་དབྱིབས་དབྱིབས་ཞེས་བྱ་བའི་སྒྲའི་སྤྱི་མཐོང་བ་ལས་རི་ལ་སོགས་པ་ལ་སྒྲུབ་པར་བྱེད་པར་མི་རིགས་སོ། །དེ་ཡོད་པས་ཞེས་བྱ་བ་ནི་སྒྲ་ཡོད་པས་སོ། །གཞན་གྱིས་ཁས་བླངས་པ་ཞེས་བྱ་བ་ནི་སྒྲའི་བརྗོད་བྱ་

ཉིད་རྗེས་སུ་འཇུག་པ་སྒྲུབ་པར་བྱེད་པར་འགྱུར་རོ་ཞེས་ཁས་བླངས་པའོ། །འདི་ནི་ཞེས་བྱ་བ་ནི་སྒྲའི་བརྗོད་བྱ་ཉིད་རྗེས་སུ་འགྲོ་བར་སྒྲུབ་བྱེད་ཡིན་པ་ཡང་སྤངས་པས་སོ། །སེར་སྐྱ་ལ་སོགས་ཀྱི་ཞེས་སོགས་པའི་སྒྲས་ནི་རྒྱལ་བ་བ་བཟུང་ངོ་། །སེམས་མེད་སོགས་ཞེས་བྱ་བའི་སོགས་

པའི་སྒྲས་ནི་ནང་མ་ཡིན་པ་ལ་སོགས་པ་གཟུང་ངོ་། །མི་རྟག་སོགས་ཕྱིར་ཞེས་བྱ་བ་ནི་བཤད་མ་ཐག་པའི་བསྒྲུབ་བྱ་བདེ་བ་ལ་སོགས་པ་སེམས་མེད་པ་དང་། ནང་མ་ཡིན་པ་ལ་སོགས་པའི་སྒྲུབ་བྱེད་དོ། །སོགས་པའི་སྒྲས་ནི་སྐྱེ་བ་ཅན་ལ་སོགས་པའི་གཏན་ཚིགས་གཟུང་ངོ་། །དང་གི་སྒྲས་ནི་

སོགས་པའི་སྒྲས་བསྡུས་པའི་ནམ་མཁའི་གོས་ཅན་རྣམས་ཀྱི་ཤིང་རྣམས་ཤུན་པ་ཐམས་ཅད་བཤུས་ན་འཆི་བའི་གཏན་ཚིགས་དེ་ལས་སེམས་དང་ལྡན་པ་ཡང་དཔྱད་པ་ཡིན་ནོ། །དང་གི་སྒྲ་ཡང་གི་དོན་ཅན་ནི་འདིར་ཡང་རྟོགས་པར་བྱ་སྟེ། བདེ་བ་ལ་སོགས་པ་སེམས་པ་མེད་པ་ཅན་ནམ་གཞན་

ཤིང་རྣམས་སེམས་པ་ཅན་དག་མི་རྟག་པ་དང་འཆི་བ་ལ་སོགས་པའི་སྒྲུབ་བྱེད་གང་ལས་སོ། །གྲུབ་པ་ཉིད་ཁང་བཟངས་ཡིན་ཏེ་དེའི་རྩེར་འཛེག་པར་འགྱུར་བ་ནི་མི་རྟག་པ་ལ་སོགས་པའི་སྒྲུབ་བྱེད་དེ་ཡང་སྒྲ་ཙམ་མཚུངས་པ་ཉེ་བར་འདོད་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། དོན་གྱི་དེ་ཁོ་ན་ཉིད་

Vol. 184 · folio 31b

མེད་པའི་ཕྱིར་ཏེ། མི་རྟག་པ་ལ་སོགས་པའི་སྒྲས་བསྟན་པར་བྱ་བའི་དོན་དངོས་པོར་མེད་པའི་ཕྱིར་རོ། །དོན་མེད་པའི་ཕྱིར་རོ་ཞེས་འདོན་པ་ནི་མི་རྟག་པ་ལ་སོགས་པའི་དོན་དེ་མེད་པའི་ཕྱིར་རོ་ཞེས་རྟོགས་པར་བྱའོ། །རེ་ཞིག་གྲངས་ཅན་ལ་ལྟོས་ནས་འདི་ཉིད་གསལ་བར་བྱེད་པ་

ནི་འདི་ལྟར་ཞེས་བྱ་བའོ། །གྲངས་ཅན་དེའི་ཕྱིར་མི་རྟག་པ་ནི་མི་གསལ་བ་ཡིན་གྱི་ཞེས་འབྲེལ་ཏོ། །མི་གསལ་བའི་མི་རྟག་པ་ཉིད་སྒྲུབ་བྱེད་དུ་ཅི་སྟེ་མི་འགྱུར་ཞེ་ན། མངོན་པར་མི་གསལ་བའི་ཞེས་བྱ་བ་སྨོས་ཏེ། ཕྱིར་རྒོལ་བ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །

འོ་ན་ཞེས་བྱ་བ་ནི་གཞན་གྱིའོ། །སྐལ་བ་ཞེས་བྱ་བ་ནི་འདི་ཅི་ཞིག་ཅེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བ་འདྲི་བའོ། །མི་མངོན་པའི་བདག་ཉིད་དོ་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པའོ། །འོ་ན་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པའི་མཐའོ། །གཙོ་བོ་ལ་སོགས་པ་ཞེས་ལ་སོགས་པའི་སྒྲས་ནི་སྐྱེས་བུ་

རྣམས་གཟུང་ངོ་། །འོན་ཏེ་མི་མངོན་པ་ཙམ་གྱིས་ནི་མི་རྟག་པ་མ་ཡིན་གྱི། འོན་ཀྱང་ཡོད་པ་མི་མངོན་པའི་ཞེས་བརྗོད་པར་འདོད་པ་ཡིན་ནོ་སྙམ་ན། ཡོད་པ་མི་མངོན་པའི་ཞེས་གསུངས་སོ། །གཙོ་བོ་ལ་སོགས་པ་མི་རྟག་པར་ཐལ་བ་སྤོང་བའི་དོགས་པ་བསུ་བ་ནི་སྣང་བ་ཞེས་བྱ་བའོ། །གཙོ་

བོ་ལ་སོགས་པ་ནི་གཏན་དུ་མི་སྣང་བ་ཁོ་ན་སྟེ། དེས་ན་མི་རྟག་པ་ཉིད་མ་ཡིན་ནོ་སྙམ་དུ་བསམས་པའོ། །སྣང་བ་ཞེས་བྱ་བ་འདི་ཅི་ཞིག་ཞེས་བྱ་བ་སུན་འབྱིན་བ་སྟེ། ཤེས་པའམ་ཤེས་བྱ་བའི་རང་བཞིན་ཡིན་ཞེས་རྣམ་པར་རྟོག་པ་ཉིད་ཞེ་ལ་གཞག་པ་ཡིན་ནོ། །དེ་ལ་རྣམ་པར་རྟོག་པ་དང་པོ་སུན་

དབྱུང་བའི་ཕྱིར་གལ་ཏེ་དོན་གྱི་ཞེས་གསུངས་སོ། །དེའི་ཚེ་ཇི་ལྟར་སྣང་བ་བལྟར་རུང་བ་མི་སྣང་བ་བལྟར་མི་རུང་བར་འགྱུར་སྣང་བཞིན་པ་གང་ཡིན་པ་དེ་ཉིད་ནི་མི་སྣང་བར་འགྱུར་བ་མ་ཡིན་ནོ། །འགྱུར་ན་ཅི་སྐྱོན་ཞེ་ན། དེ་སྤངས་ན་ཞེས་གསུངས་ཏེ། སྣང་བ་ཉིད་སྤངས་ན་སྟེ། དོན་གྱིས་ན་

ཐ་མི་དད་པའི་ཕྱིར་རོ་ཞེས་དགོངས་པ་ཡིན་ནོ། །གཉིས་པ་གསལ་བའི་ཕྱིར་གསུངས་པ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་སྣང་བའི་བདག་ཉིད་མེད་པ་ཉིད་ཇི་ལྟར་རྗེས་སུ་འགྲོ་བ་མེད་པ་མ་ཡིན། རྗེས་སུ་འགྲོ་ན་ནི་དེ་ཉིད་གནས་པར་ཐལ་བས་དངོས་པོ་སྣང་བ་ཉིད་ཡིན་པར་འགྱུར་རོ། །

Vol. 184 · folio 32a

ཆ་འགས་རྗེས་སུ་འགྲོ་ཡང་སྣང་བ་ཉིད་དུ་འགྱུར་བར་མི་ནུས་སོ་ཞེ་ན། འོ་ན་སྣང་བར་འགྱུར་བ་དེ་ཉིད་ཤེས་པ་ཡིན་པར་སྨྲ་བ་ཡིན་ན། དེ་ཡང་མེད་པ་ཁོ་ནའོ། །དངོས་པོའི་རང་བཞིན་གནས་ན་དེ་ལ་ཅི་ཞིག་བྱུང་ན། གང་གི་དངོས་པོ་མེད་པ་དེ་རྗེས་སུ་

འགྲོ་བ་མེད་པར་མི་འགྱུར། དེའི་ཕྱིར་ཇི་ལྟར་རྗེས་སུ་འགྲོ་བ་མེད་པར་གཞིག་པ་མ་ཡིན་ཞེས་གསུངས་སོ། །འོན་ཏེ་ཡང་ཤེས་པ་ནི་རྗེས་སུ་འགྲོ་བ་མེད་པ་ཁོ་ནར་ཞིག་པ་ཡིན་ལ། དོན་ནི་བསྐལ་པ་ཡིན་ལ། མི་རྟག་པ་ཡང་དེ་ཉིད་ཡིན་ན་དེས་ན་སྒྲ་ཙམ་མཚུངས་

པ་ཉེ་བར་བཀོད་པ་ཅི་ལྟར་ཡིན་ཞེ་ན། གཞན་མེད་ན་ཞེས་གསུངས་ཏེ། ཤེས་པ་མེད་ན་དོན་གཞན་བསྐལ་པ་པར་ཡང་མི་འགྱུར་རོ། །འོན་ཀྱང་དོན་གཙོ་བོ་དང་འདྲ་བར་ན་གཏན་དུ་མི་མཐོང་བའི་བདག་ཉིད་ཡིན་པས་མི་རྟག་པ་ཉིད་མེད་པར་ཐལ་ལོ་ཞེས་བཤད་པ་

ནི་དེ་ཡང་ཞེས་བྱ་བ་སྟེ། དོན་དེ་ཡང་ངོ་། །གང་གི་ཕྱིར་དེ་ལྟར་དངོས་པོའི་གནས་པར་སྒྲུབ་བྱེད་མ་གྲུབ་པ་དེའི་ཕྱིར་རོ། །མི་རྟག་པ་ཉིད་ལ་སོགས་པ་ཚད་མས་རབ་ཏུ་གྲུབ་པ་གང་ཡིན་པ་དེ་ཡང་སྒྲུབ་པར་བྱེད་པ་མ་ཡིན་ཏེ། བཟློག་ན་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རོ་ཞེས་

རྟོགས་པར་བྱའོ། །སེམས་པ་ཅན་དུ་སྒྲུབ་པའི་རྟགས་ཀྱང་སྒྲ་མཚུངས་པར་བཀོད་པ་ཙམ་ཡིན་ནོ་ཞེས་སྟོན་པར་བྱེད་པ་ནི་ཤུན་པ་ཐམས་ཅད་བཤུས་ན་ཞེས་བྱའོ། །འོན་ཏེ་འདི་ནི་སངས་རྒྱས་པ་ལ་གྲུབ་པ་ཁོ་ན་མ་ཡིན་ནམ་དེས་ན། དེ་སྐད་ཇི་སྟེ་བརྗོད་སྙམ་དུ་དོགས་ན། རྣམ་ཤེས་

ལ་སོགས་ཞེས་གསུངས་སོ། །མ་གྲུབ་པ་ནི་ཐེ་ཚོམ་ཟ་བའོ། །སངས་རྒྱས་པ་གང་ལ་ཞེས་བྱ་བ་ལ་སོགས་པ་ནི་འཆད་པའོ། །དེ་ལ་སོགས་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དང་དབང་པོ་ལ་སོགས་པ་འགགས་པའི་རང་བཞིན་ནོ། །གལ་ཏེ་རྣམ་པར་ཤེས་པ་ལ་སོགས་པ་འགགས་

པ་ནི་ཤིང་རྣམས་ལ་ཡོད་པ་ཁོ་ན་མ་ཡིན་ནམ། དེའི་ཕྱིར་འགགས་པའི་རང་བཞིན་གྱིས་འཆི་བ་ཇི་ལྟར་མ་གྲུབ་ཅེ་ན། རྣམ་པར་ཤེས་པ་འགགས་པ་ནི་ཞེས་གསུངས་སོ། །དེ་བཞིན་དུ་ཚེ་འགགས་པ་ཡང་ཚེ་མེད་པ་ལ་ཡོད་པ་མ་ཡིན་ནོ་ཞེས་བལྟ་བར་བྱའོ། །གང་གིས་ཐ་དད་

Vol. 184 · folio 32b

པར་སྟོན་པ་ཅི་ཚེ་རྣམ་པར་ཤེས་པ་ལུས་ཐ་དད་པ་ཡིན་ནམ་ཞེས་དོགས་ན། ཚེ་ནི་སྲོག་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་ཤེས་པ་ལ་སོགས་པ་སྔོན་དུ་འགྲོ་བའི་འགགས་པ་ཁས་ལེན་ན་སེམས་པ་ཡོད་པའི་སྒྲུབ་བྱེད་ཉེ་བར་བགོད་པའི་དོན་མེད་པར་ཐལ་བའི་ཕྱིར་རོ་

སྙམ་དུ་དགོངས་པའོ། །འོན་ཏེ་ཡང་ཤིང་དག་ལ་འཆི་བ་ཁས་བླངས་ཀྱང་སེམས་པ་ཁས་བླངས་པ་ནི་མ་ཡིན་ཏེ། དེས་ན་དེའི་སྒྲུབ་བྱེད་འགོད་པ་ཡིན་ནོ་སྙམ་དུ་སེམས་ན། འཆི་བ་ཁས་ལེན་ན་ཞེས་གསུངས་སོ། །གང་གི་ཕྱིར་ཡོད་པ་སྔོན་དུ་འགྲོ་བ་འགོགས་པའི་རང་བཞིན་འཆི་བ་

ཡིན་པར་ཁས་མི་ལེན་པ་དེས་ན་སངས་རྒྱས་པ་འདི། དེ་ཡང་ཞེས་བྱ་བ་ནི་སྐམ་པ་ཙམ་མོ། །དེ་ཡང་གྲུབ་པོ་ཞེ་ན་ཞེས་བྱ་བ་ནི་འཆི་བ་དེ་ཡང་ངོ་། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །འཆི་བའི་དོན་མཐོང་བ་གང་ཡིན་པ་དེ་ལས་སྒྲ་དེར་བརྗོད་པར་འདོད་པ་ཡིན་ཏེ། དེ་མེད་ན་མི་འབྱུང་བ་

ཡིན་ན་ཞེས་བྱ་བའི་དོན་ཏོ། །ལན་དུ། འཆི་བ་གྲུབ་ན་ཞེས་བྱ་བ་ལ་སོགས་པའོ། །དེའི་སྒྲས་ནི་འཆི་བའི་སྒྲའོ། །འབྲེལ་པ་ནི་འཆི་བ་ལས་ཞེས་རྟོགས་པར་བྱའོ། །དེ་ལས་ཞེས་བྱ་བ་ནི་འཆི་བའི་སྒྲ་ལས་སོ། །དེ་ལྟ་བུའི་འཆི་བ་ལས་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །དེ་ལྟ་

བུའི་འཆི་བ་མཐོང་བ་ལས་བྱུང་བ་ཡིན་ན། དེ་ལྟ་བུའི་འཆི་བ་མཐོང་བ་ལས་བྱུང་བའི་སྒྲ་ལས་འཆི་བ་གྲུབ་ལ། འཆི་བ་གྲུབ་ན་ཡང་དེ་ལྟ་བུའི་འཆི་བ་མཐོང་བ་ལས་བྱུང་བའི་སྒྲ་གྲུབ་པའི་ཕྱིར་ཕན་ཚུན་བརྟེན་པའི་ཉེས་པ་ཡིན་ནོ། །རྭ་ཅན་ཉིད་དོ་ཞེས་བྱ་བ་ནི་གོའི་སྒྲས་བརྗོད་པར་བྱ་བ་ཡིན་

པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དེས་ན་འདིས་ནི་སེར་སྐྱ་ལ་སོགས་ཀྱི་ཞེས་བྱ་བའི་རྣམ་འགྲེལ་བཤད་ནས་མཇུག་སྡུད་པ་ནི་དེས་ན་ཞེས་བྱ་བ་ལ་སོགས་པའོ། །བརྒྱ་ལ་འདིར་ཚུལ་འདི་འགྲུབ་པར་འགྱུར་རོ་སྙམ་དུ་དོགས་ན་སྐབས་སུ་བབ་པ་ཉིད་བརྗོད་པ་ནི་དེ་བཞིན་དུ་ཞེས་གསུངས་སོ། །དབྱིབས་

ལ་སོགས་པ་ལ་ཡང་བསྒྲུབ་བྱས་ཁྱབ་པའི་དོན་མེད་པའི་ཕྱིར། སྒྲ་ཙམ་མཚུངས་པ་ཁོ་ནའོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ངེས་པར་མ་རྟོགས་པས་བསམ་པ་གཞན་དུ་བརྟགས་ནས་རྩོད་པ་ནི། གལ་ཏེ་ཁྱད་པར་ཞེས་བྱ་བ་ལ་སོགས་པའོ། །འོ་ན་དེའི་ཚེ་ཞེས་ཁོང་ནས་བྱུང་ལ།

Vol. 184 · folio 33a

བྱས་པ་ཉིད་ལ་སོགས་པ་གཞན་ཡང་ཞེས་སྦྱར་རོ། །དོན་ནི་འདི་ཡིན་ཏེ། གལ་ཏེ་འཆི་བ་དང་དབྱིབས་ལ་སོགས་པའི་གཏན་ཚིགས་ལ། རྣམ་པར་ཤེས་པ་ལ་སོགས་པ་འགགས་པ་དང་། རྩོམ་པ་དང་ལྡན་པས་ཁྱབ་པའི་མཚན་ཉིད་ཁྱད་པར་

ཡོངས་སུ་རྟོགས་པས་གཏན་ཚིགས་མ་ཡིན་ན། དེའི་ཚེ་བྱས་པ་ཉིད་ཀྱང་གཏན་ཚིགས་མ་ཡིན་པར་འགྱུར་རོ། །གལ་ཏེ་ཁྱད་པར་ཡོངས་སུ་བརྟགས་པས་འཆི་བ་ལ་སོགས་པ་གཏན་ཚིགས་མ་ཡིན་ཡང་བྱས་པ་ལ་སོགས་པ་ཡང་གཏན་ཚིགས་མ་ཡིན་པར་གོ་ཅི་ལྟར་འགྱུར་

སྙམ་དུ་དོགས་ན། རྒོལ་བ་གཞན་ལྟོས་པས་སམ་ཞེས་སྨྲས་སོ། །གང་གི་ཕྱིར་རྒོལ་བ་གཞན་ལ་ལྟོས་པས་ཏེ། ཕྱིར་རྒོལ་བ་ལ་ལྟོས་ནས་ནི་ཐམས་ཅད་མ་གྲུབ་པ་ཉིད་ཡིན་ནོ། །འཆི་བ་ལ་སོགས་པའི་གཏན་ཚིགས་ཀྱི་ཁྱད་པར་མ་གྲུབ་པར་བརྗོད་པ་ཡང་ཕྱིར་རྒོལ་བ་ལ་

ལྟོས་ནས་ཡིན་ནོ། །བྱས་པ་ལ་ཡང་སླར་རྒོལ་བ་བྲམ་ཟེ་ལ་ལྟོས་པ་ཁོ་ནས་རིགས་པ་ཅན་གྱིས་བརྗོད་པ་ནམ་མཁའི་ཡོན་ཏན་གྱི་སྒྲ་ལ་བརྟེན་པའི་ཁྱད་པར་མ་གྲུབ་ལ། དུ་བ་ལ་ཡང་སྐད་ཅིག་མའི་རང་བཞིན་གྱི་རི་ལ་སོགས་པ་ལ་བརྟེན་པ་མ་གྲུབ་པའོ། །ཁྱད་པར་རྣམ་པར་རྟོག་པས་

ཀྱང་ཐམས་ཅད་མ་གྲུབ་པ་ཉིད་དེ། བསྒྲུབ་པར་བྱ་བ་དང་དཔེའི་ཆོས་ཅན་གྱི་དབྱེ་བས་གཏན་ཚིགས་ཐ་དད་པར་རྟོགས་པ་ནི་ཐམས་ཅད་མཚུངས་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱེད་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ནམ་མཁའི་ཡོན་ཏན་ནི་སྒྲ་ཡིན་ལ། དེའི་ཆོས་བྱས་པ་

ཉིད་མི་རྟག་པའི་སྒྲུབ་བྱེད་དུ་རིགས་པ་ཅན་གྱིས་བརྗོད་པ་ནི་གཞན་ཏེ། ཕྱིར་རྒོལ་བ་ལ་བྲམ་ཟེ་ལ་མ་གྲུབ་པའོ། །བསྒྲུབ་པར་བྱ་བ་སྒྲ་དང་དཔེ་བུམ་པ་ལ་སོགས་པ་དེ་དག་གི་ཆོས་བྱས་པ་ཉིད་ནི་ཕན་ཚུན་དུ་ནི་ཞེས་བྱ་བ་དཔེ་དང་བསྒྲུབ་བྱའི་ཆོས་ཅན་ལ་མ་གྲུབ་པ་ཉིད་རིམ་གྱིས་ཕྱོགས་གཉིས་

གསལ་བར་བྱེད་པའོ། །དེ་ལྟ་ཡིན་དང་འགའ་ཡང་སྒྲུབ་པར་བྱེད་པར་མི་འགྱུར་ན་དེ་ལྟར་ཡང་མ་ཡིན་ནོ། །དེའི་ཕྱིར་དབང་ཕྱུག་སྒྲུབ་པ་ལ་ཡང་སུན་འབྱིན་པ་འདི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྩོད་པའི་དོན་ཏོ། །ཕྱོགས་དང་པོ་ལ་ནི་ཕྱེད་སྔ་མས་ལན་འདེབས་པའོ། །ལུང་

Vol. 184 · folio 33b

གི་ཞེས་བྱ་བ་ནི་མ་གྲུབ་ཀྱང་གནོད་པར་བྱེད་པ་མ་ཡིན་ནོ། །འགའ་ལ་ཡང་ནི་ཞེས་བྱ་བ་ནི་བྱས་པ་ལ་སོགས་པ་ལའོ། །ནམ་མཁའི་ཆོས་ཉིད་ནི་ཉེ་བར་མཚོན་པ་སྟེ། སྐད་ཅིག་མ་ཉིད་ལ་སོགས་པ་ཡང་དེ་བཞིན་དུ་འདོད་པའི་ཕྱིར་ཏེ། རྒོལ་བ་གཞན་ལ་ལྟོས་ནས་ཐམས་

ཅད་མ་གྲུབ་པ་ཉིད་དོ་ཞེས་བརྗོད་ཟིན་ཏོ། །གཉིས་པ་ལ་བརྗོད་པ་ནི་ཁྱད་པར་རྟོགས་པར་བྱེད་ན་ནི་ཞེས་བྱ་བའོ། །གང་གི་ཕྱིར་ནམ་མཁའི་ཡོན་ཏན་ཉིད་མ་གྲུབ་པས་བྱས་པ་ལ་མི་གནོད་པ་དང་ཁྱད་པར་ཡོངས་སུ་རྟོགས་པ་ན་ཡང་གཏན་ཚིགས་མེད་པར་ཐལ་བར་འགྱུར་བ་དེའི་ཕྱིར་ཞེས་

བྱ་བ་ལ་སོགས་པའོ། །དངོས་པོའི་རང་བཞིན་སྒྲུབ་བྱེད་དུ་བྱས་པས། བསྒྲུབ་བྱས་ཁྱབ་པ་ཉིད་དུ་མ་གྲུབ་པ་ལ་ནི་མ་གྲུབ་པ་ཉིད་བརྗོད་པའི་མཚན་ཉིད་ཀྱི་ཚུལ་འདི་ཡིན་ནོ། །ཆོས་ཅན་གྱི་རང་བཞིན་ནམ། བསྒྲུབ་བྱས་ཁྱབ་པའི་གཏན་ཚིགས་ཀྱི་རང་བཞིན་འདི་གྲུབ་ན་ནི་བསྟན་བཅོས་

ལས་བསྟན་པའི་ཁྱད་པར་གནོད་བྱེད་མ་ཡིན་ཏེ། ཁྱད་པར་དེ་མ་གྲུབ་ཀྱང་ཞེས་བལྟ་བར་བྱའོ། །སྤྱིར་བརྗོད་པའི་དོན་ཁྱད་པར་གྱི་མཐར་ཐུག་པར་བྱས་ཏེ། སྟོན་པ་ནི་སྒྲ་ནི་ནམ་མཁའ་ལ་བརྟེན་བཞིན་ཞེས་བྱའོ། །དཔེར་ན་སྒྲ་ནམ་མཁའ་ལ་བརྟེན་པ་ཉིད་མ་གྲུབ་ཀྱང་ཆོས་ཅན་སྒྲ་གྲུབ་པ་

དང་། བྱས་པའི་ཁྱབ་པ་གྲུབ་པ་ལ་གནོད་བྱེད་མ་ཡིན་པ་བཞིན་ནོ། །ལུང་ལས་ཞེས་བྱ་བ་ནི་འཆད་པའོ། །གལ་ཏེ་ཆོས་ཅན་གྱི་ཁྱད་པར་དེ་འདྲ་བ་ནི་རྒོལ་བ་རིགས་པ་ཅན་རང་ཉིད་ཀྱིས་བརྟགས་པ་མ་ཡིན་ནམ། དེས་ན་དེ་མ་གྲུབ་པའི་གནོད་པའི་རྒྱུ་མཚན་དུ་ཇི་ལྟར་མི་འགྱུར་ཞེ་ན།

དེ་བཞིན་དུ་ཁྱད་པར་ཞེས་གསུངས་སོ། །རང་གི་བསྟན་བཅོས་ལས་བསྟན་པ་ནམ་མཁའི་ཡོན་ཏན་གྱི་ཁྱད་པར་ཡོངས་སུ་རྟོག་པ་ཡིན་ན་ཡང་ངོ་། །གལ་ཏེ་ནམ་མཁའི་ཡོན་ཏན་གྱི་སྒྲ་ནི་ཆོས་ཅན་ཞེས་ཁྱད་པར་བརྗོད་པ་སྔོན་དུ་འགྲོ་བ་ཅན་འདིའི་སྦྱོར་བ་ཡིན་པར་གྱུར་ན་ནི་དེའི་ཚེ་ནི་ཉེས་པ་

འདིར་འགྱུར་བ་ཡིན་ན། དེ་ལྟར་ནི་མ་ཡིན་ཏེ། སྒྲ་ཙམ་ཆོས་ཅན་དུ་བཟུང་བའི་ཕྱིར་རོ། །ཁྱད་པར་དེ་ནི་མ་སྨྲས་ཀྱང་འདོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་རེ་ཞིག་མི་རྟག་པ་ཉིད་དུ་གྲུབ་པ་ཡིན་ལ། ནམ་མཁའི་ཡོན་ཏན་གྲུབ་པ་ནི་དཔྱད་པ་གཞན་དུ་འོས་སོ་སྙམ་དུ་དགོངས་སོ། །

Vol. 184 · folio 34a

ཅིའི་ཕྱིར་ཆོས་ཅན་མ་གྲུབ་པ་མ་ཡིན་ཞེ་ན། ཆོས་ཅན་ཉིད་ནི་ཞེས་གསུངས་སོ། ཁྱད་པར་མ་གྲུབ་ན་ཞེས་བྱ་བ་ནི་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པའི་ཁྱད་པར་མ་གྲུབ་ནའོ། །འོ་ན་ཁྱད་པར་རྟོགས་པར་ཅིའི་ཕྱིར་མི་འགྱུར་ཞེ་ན། ཁྱད་པར་ཡོངས་

སུ་རྟོགས་པ་ཡང་ཞེས་གསུངས་སོ། །ཅིའི་ཕྱིར་མཁོ་བ་མ་ཡིན་སྙམ་ན། དེ་ལ་ཞེས་སྨོས་ཏེ། བྱས་པ་ཉིད་ལ་སོགས་པ་ལའོ། །བྱས་པ་ཉིད་དང་མི་རྟག་པ་ཉིད་གཉིས་སྤྱིར་ཁྱབ་པ་གྲུབ་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །འདི་ཉིད་བསྟན་པ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །

ཁྱད་པར་ནམ་མཁའི་ཡོན་ཏན་ཞེས་བྱ་བའི་མཚན་ཉིད་རབ་ཏུ་གྲུབ་པ་ནའོ། །ཅིའི་ཕྱིར་མི་འདོད་ཅེ་ན། རྒྱུའི་དེ་མ་ཐག་བྱུང་ཞེས་གསུངས་སོ། །ཅིའི་ཕྱིར་ཁྱད་པར་རྗེས་སུ་མ་འབྲེལ་ཅེ་ན། སྔ་མ་དང་ཞེས་གསུངས་ཏེ། སྔ་མའི་རང་བཞིན་དབེན་པའི་བྱས་པ་ཉིད་དང་། ཕྱི་མའི་རང་

བཞིན་གྱིས་དབེན་པའི་མི་རྟག་པ་ཉིད་ནི་སྒྲ་དང་བུམ་པའམ་གཞན་དུ་ཡང་རུང་སྟེ། འགར་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ། །དེ་ག་ལས་ཤེ་ན། ཕྱོགས་དེ་ནི་ཞེས་གསུངས་ཏེ། རི་ལ་སོགས་པའི་མཚན་ཉིད་དོ། །ཡང་ན་ཕྱོགས་དང་ལྷན་ཅིག་གནས་པས་ན། ཕྱོགས་བཅས་ཏེ་

སྒྲའོ། །དེ་ཞེས་བྱ་བ་ནི་བྱས་པ་ལ་སོགས་པའི་གཏན་ཚིགས་སོ། །ཅིའི་ཕྱིར་ཞེ་ན། དེ་ནི་གཅིག་ཏུ་ཞེས་གསུངས་སོ། །དེས་ན་ཞེས་བྱ་བ་ནི་མཇུག་སྡུད་དེ། གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་བྱས་པ་ཉིད་ལ་སོགས་པ་འདི་ལ་བསྒྲུབ་བྱ་དང་དཔེ་དབྱེ་བས་རྣམ་པར་རྟོག་པ་མེད་དོ། །འདིས་

ནི་གྲུབ་ནས་མ་གྲུབ་ཀྱང་། ཁྱད་པར་གནོད་བྱེད་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །འོ་ན་དབྱིབས་ལ་སོགས་པ་ལ་ཇི་ལྟར་རྣམ་པར་རྟོག་པ་ཡོད་ཅེས་དོགས་པ་སེལ་བ་ན། དངོས་པོའི་ངོ་བོར་མ་གྲུབ་ལ། ཚུལ་འདི་ཞེས་བྱ་བའི་རྣམ་འགྲེལ་གྱི་ཆ་རྣམ་པར་འགྲེལ་པ་

ནི་དབྱིབས་ལ་སོགས་པ་ལ་ནི་ཞེས་བྱ་བའོ། །དེ་དང་ཞེས་བྱ་བ་སེམས་པ་ཅན་ལ་སོགས་པའི་བསྒྲུབ་བྱ་དང་འབྲེལ་པ་མ་གྲུབ་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་འདིར་ནི་རྣམ་པར་རྟོག་པས་ཉེས་བར་འགྱུར་བ་ཁོ་ནའོ། །འདི་ལ་སྐྱོན་གཞན་ཡང་ཡོད་པ་ཁོ་ན་མ་ཡིན་ནམ། ཅི་སྟེ་མ་བརྗོད་ཅེ་ན། ལྷག་མ་

Vol. 184 · folio 34b

ནི་ཞེས་གསུངས་སོ། །ཐ་དད་དངོས་ལ་རབ་གྲུབ་པ། །ཞེས་བྱ་བ་ལ་སོགས་པས། ཉེས་པ་ལྷག་མ་ནི་སྔར་བརྗོད་ཟིན་པ་ཁོ་ན་བས་ཡང་མི་བརྗོད་དོ་སྙམ་དུ་དགོངས་པའོ། །དེ་བས་ན་དབྱིབས་ལ་སོགས་པའི་སྒྲུབ་པར་བྱེད་པ་བསྒྲུབ་བྱ་དང་འབྲེལ་པ་མ་གྲུབ་པའི་ཕྱིར་ན། དབྱིབས་ལ་སོགས་པའི་

སྒྲ་ཙམ་དུ་སྒྲུབ་བྱེད་དུ་ལུས་པ་ཡིན་ནོ་ཞེས་སྟོན་པ་ནི་དབྱིབས་ཀྱི་སྒྲ་ཙམ་ནི་ཞེས་བྱ་བའོ། །སྒྲ་མ་གྲུབ་ཀྱང་ཞེས་བྱ་བ་ནི་ལུས་ཅན་ཉིད་ལ་སོགས་པའི་སྒྲའོ། །སྒྲུབ་པར་བྱེད་པའི་དངོས་པོ་གྲུབ་ན་བསྒྲུབ་བྱ་གྲུབ་པར་འགྱུར་རོ། །སྤྱིར་བརྗོད་པའི་དོན་ཁྱད་པར་དུ་སྟོན་པ་ནི་འུག་པ་ལས་བྱུང་བ་ནི་

འུག་པ་པས་ཏེ་བྱེ་བྲག་པའོ། །འུག་པའི་ཆ་བྱད་འཛིན་པའི་བདེ་བྱེད་ཀྱི་སློབ་མར་གྲགས་པས་ན་གཟེགས་ཟན་ནོ། །མི་རྟག་པ་ཞེས་བྱ་བ་ནི་དུས་ཅུང་ཟད་གནས་པས་སོ། །རྡུལ་ཕྲན་དག་ནི་ཞེས་བྱ་བ་ནི། གཟུགས་དང་། དྲི་དང་། རོ་དང་། རེག་པ་ཡིན་གྱི་སྒྲ་ནི་མ་ཡིན་ཏེ། བྱེ་བྲག་པས་

ཡོན་ཏན་ཉིད་དུ་ཁས་བླངས་པའི་ཕྱིར་དང་། རྡུལ་ཕྲ་རབ་ཏུ་ཁས་བླངས་པའི་ཕྱིར་རོ། །ཡང་ན་དོན་དམ་པར་སྒྲ་ཡང་རྡུལ་ཕྲ་རབ་ཡིན་པའི་ཕྱིར་ཉེས་པ་མེད་དོ། །དཔེ་ནི་བུམ་པ་བཞིན་ནོ་ཞེས་བྱ་བར་བལྟའོ། །སྒྲུབ་པར་བྱེད་པ་འདི་ཡང་གཞན་གྱི་ལུགས་ཀྱིས་བརྗོད་པ་ཡིན་ཏེ། དེས་

ན་མ་ཁྱབ་པ་ཉེས་པ་མེད་དེ། ལྷན་ཅིག་བྱུང་བར་མཐོང་བ་ཙམ་གྱིས་ཁྱབ་པ་ཁས་བླངས་པའི་ཕྱིར་རོ། །གཞི་མ་གྲུབ་པའི་ཉེས་པར་ཡང་དོགས་པར་མི་བྱ་སྟེ། རྡུལ་ཕྲ་རབ་དག་ལ་ལོག་པར་རྟོགས་པ་མེད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པའི་སྦྱོར་བ་འདིར་ལུས་ཅན་ཡིན་པའི་ཕྱིར་

རོ་ཞེས་བྱ་བའི་སྒྲ་ནི་སངས་རྒྱས་པ་དང་བྱེ་བྲག་པ་ཕན་ཚུན་མངོན་པར་འདོད་པའི་ཡུལ་རེག་པ་དང་ལྡན་པ་དང་། ཐམས་ཅད་དུ་སོང་བ་མ་ཡིན་པའི་རྫས་ཀྱི་ཚད་ཀྱི་མཚན་ཉིད་ལ་གྲུབ་པ་མ་ཡིན་ནོ། །ཅིའི་ཕྱིར་རིགས་པ་ཅན་ལ་སྒྲ་འདི་རེག་བྱ་དང་ལྡན་པ་ལ་མ་གྲུབ་ཅེ་ན། རྫས་ཐམས་ཅད་དུ་སོང་བ་མ་

ཡིན་པའི་ཞེས་གསུངས་སོ། །འདིར་སངས་རྒྱས་པ་ལ་ཅི་ལྟར་གྲུབ་ཅེ་ན། བདེ་བར་གཤེགས་པ་པ་རྣམས་ལ་ནི་ཞེས་གསུངས་སོ། །རེག་པའི་ནི་རང་གི་ཡུལ་དང་གཞན་སྐྱེ་བའི་གེགས་བྱེད་པ་ཡིན་ཏེ། དེ་དང་ལྡན་པའོ། །སངས་རྒྱས་པ་དེས་མངོན་པར་འདོད་པའི་དོན་རེག་པ་

Vol. 184 · folio 35a

དང་ལྡན་པའི་མཚན་ཉིད་ནི་སངས་རྒྱས་པ་དང་བྱེ་བྲག་པ་གཉིས་ཀ་ལས་གྲུབ་པའི་ཕྱིར་རོ། །དེ་ལྟ་བུ་ཉིད་ཅེས་བྱ་བ་ནི་མི་འཁྲུལ་པའམ་གྲུབ་པ་ཉིད་ཡིན་ན་བསྒྲུབ་བྱའི་དོན་འགྲུབ་པའོ། །འདི་གཉིས་ལ་ཞེས་བྱ་བ་སྒྲ་དང་དངོས་པོ་དག་ལའོ། །དངོས་པོའི་རང་བཞིན་

དེ་ཉིད་འཁྲུལ་པ་ལ་སོགས་པ་ཡིན་ན་ཞེས་སོགས་པའི་སྒྲས་མ་གྲུབ་པ་དང་། འགལ་བ་ཡིན་ན་ཞེས་རྟོགས་པར་བྱའོ། །མི་འཁྲུལ་བར་འདོད་ཀྱང་ཞེས་བྱ་བ་ནི་བསྒྲུབ་བྱ་ལའོ། །དོན་དེ་དངོས་པོའི་རང་བཞིན་གྱིས་སྒྲུབ་བྱེད་དེ་ལ་བརྟེན་པའི་དཔྱད་པ་མི་འཁྲུལ་བའི་ཡུལ་ཅན་ཉིད་ཉེ་བར་མཁོ་བ་

ཡིན་ནོ། །སྒྲའི་དཔྱད་པ་ཡང་འདི་ཉིད་དུ་བྱའོ་ཞེ་ན། དངོས་པོ་འཁྲུལ་པ་དང་ཞེས་བྱ་བ་གསུངས་སོ། །ཕྱིས་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་ཡུལ་ལ་ཚིག་ཚད་མ་ཉིད་དུ་མི་འདོད་ཅིང་ཞེས་བྱ་བ་དེར་རོ། །དེ་བཞིན་དུ་རྟག་པ་ལ་ཡང་ཚད་མེད་ཉིད་ཅེས་བྱ་བར་གྲུབ་པོ་ཞེས་འབྲེལ་ཏོ། །གཞན་གྱི་ལྟ་

བས་དབང་ཕྱུག་འབའ་ཞིག་ཁམས་གསུམ་གྱི་རྒྱུར་གྲུབ་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། རྟག་པ་ཉིད་ཀྱིས་ནམ་མཁའ་ལ་སོགས་པ་དང་ཞེས་གསུངས་སོ། །འདི་ཉིད་བརྩལ་བས་བསལ་བར་བྱ་བའི་ཕྱིར་འདི་ལྟར་ཞེས་གསུངས་སོ། །ཅི་ལྟར་དེ་རང་བཞིན་གང་གིས་དབང་ཕྱུག་ཅེས་

བྱ་བའི་དངོས་པོ་དེ་རྒྱུ་ཡིན་པ་དེ་ལྟ་ཉིད་ཅེས་བྱ་བ་རང་བཞིན་དེ་ཉིད་ཀྱི་ནམ་མཁའ་ལ་སོགས་པའི་དངོས་པོ་དེ་རྒྱུ་མ་ཡིན་པར་ཕ་རོལ་གྱིས་གང་གི་ཚེ་ཁས་བླངས་པ་དེའི་ཚེ། གང་གིས་དེ་ཅི་ལྟར་དབང་ཕྱུག་ཅེས་བྱ་བའི་དངོས་པོ་དེ་རྒྱུར་འདོད་ལ། རྒྱུ་མ་ཡིན་ཏེ་རྒྱུ་མ་ཡིན་པར་མངོན་པར་འདོད་པའི་

ནམ་མཁའ་ལ་སོགས་པ་གང་གིས་རྒྱུར་མ་འདོད་ཅེས་སྦྱར་རོ། །གཉི་ག་ཡང་རང་བཞིན་མཚུངས་པའི་ཕྱིར་རང་དབང་དུ་རྒྱུ་ཉིད་དམ་ཅིག་ཤོས་སུ་འགྱུར་རོ་སྙམ་དུ་དགོངས་པའོ། །ཡང་ན་ཇི་ལྟར་འབྱིན་པར་བྱེད་པའི་གནས་སྐབས་ན། དབང་ཕྱུག་ཅེས་བྱ་བའི་དངོས་པོ་དེ་ཇི་ལྟར་རྒྱུ་ཡིན་པ་

དེ་ལྟ་བུ་ཉིད་ཡིན་པའི་ཕྱིར་དབང་ཕྱུག་ཅེས་བྱ་བའི་དངོས་པོ་དེ་གང་གི་ཚེ་རྒྱུ་མ་ཡིན་པ་དེའི་ཚེ། དབང་ཕྱུག་ཅེས་བྱ་བའི་དངོས་པོ་དེ་རྒྱུ་ཉིད་དུ་འདོད་ལ་རྒྱུ་མ་ཡིན་པར་མི་འདོད་པ་ཞེས་བྱ་བ་འདི་གང་གིས་དེ་ཇི་ལྟར་ཡིན། རྟག་པ་ཉིད་ཀྱིས་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ཀྱི་ཚེ་རྒྱུ་མ་ཡིན་པ་

Vol. 184 · folio 35b

ཁོ་ནར་འདོད་པར་བྱ་ཞེས་བྱ་བའི་དོན་ཏོ། །འཆད་པ་ནི་ཇི་ལྟར་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའོ། །གལ་ཏེ་ནམ་མཁའ་ལ་སོགས་པ་ནི་སྐྱེ་བ་ཅན་མཐའ་དག་གི་རྒྱུ་མཚན་གྱི་རྒྱུ་ཡིན་ནོ་ཞེས་བྱ་བ་འདི་གཞན་ལ་རབ་ཏུ་གྲུབ་པ་ཁོ་ན་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། བྱེད་པ་པོ་རང་དབང་ཅན་ཉིད་

བརྗོད་པར་འདོད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འོན་ཏེ་དེ་ནི་ཞེས་བྱ་བ་ལ་སོགས་པར་དོགས་པ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་དབང་ཕྱུག་གོ། །འདོད་པའི་མཚན་ཉིད་ཀྱི་ཤེས་པ་ཞེས་བྱ་བ་ནི་རང་གི་ལུགས་ཀྱིས་བརྗོད་པ་ཡིན་ནོ། །གཞན་གྱི་ལུགས་ཀྱིས་ནི་འདོད་པ་དང་ཤེས་པ་ཐ་དད་

པ་ཁོ་ནའོ། །དེ་ལ་ཡང་ཞེས་བྱ་བ་ནི་ནམ་མཁའ་ལ་སོགས་པ་ལ་ཡང་ངོ་། །འདི་ལྟར་དཔེར་རྟག་པ་ཉིད་ཀྱིས་དབང་ཕྱུག་ལ་ཤེས་པས་ཅུང་ཟད་ཀྱང་མི་འབྱེད་པ་དེ་བཞིན་དུ་ནམ་མཁའ་ལ་ཡང་ཡིན་ནོ། །དེ་ལྟ་མོད་ཀྱི་གལ་ཏེ་ཤེས་པ་དེ་དབང་ཕྱུག་གི་ཡིན་ན་དེའི་ཚེ་ནམ་མཁའི་ཡང་ཡིན་པར་

ཅི་སྟེ་མི་འདོད། དེས་ན་ཤེས་པ་ནི་གཉི་ག་ལ་མཚུངས་པ་ཡིན་ནོ། །དེས་ན་དབང་ཕྱུག་འབའ་ཞིག་ནི་རྒྱུ་མ་ཡིན་ནོ། །འོན་ཏེ་དབང་ཕྱུག་ལ་ནི་ཤེས་པ་དང་ལྷན་ཅིག་འདུ་བའི་འབྲེལ་པ་ཡོད་ཀྱི་ནམ་མཁའ་ལ་སོགས་པ་ལ་ནི་མེད་དོ། །དེས་ན་དབང་ཕྱུག་ཁོ་ནས་རྒྱུ་ཡིན་ནོ་སྙམ་ན།

མ་ཡིན་ཏེ། འདུ་བའི་འགྲེལ་པ་ནི་དེ་ལ་ཡང་མཚུངས་པའི་ཕྱིར་རོ། །དེས་ན་དབང་ཕྱུག་བཞིན་དུ་ནམ་མཁའ་ཡང་རྒྱུ་ཡིན་པའམ། ཡང་གཉི་ག་ཡང་མ་ཡིན་ནོ་ཞེས་གནས་སོ། །སུན་འབྱིན་པ་གཞན་མ་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །དེའི་འདོད་པ་སྐྱེས་པ་དང་།

འབྲས་བུ་ཡང་སྐྱེས་པ་ནི་བྱ་རོག་དང་ཏ་ལ་ཕྲད་པ་ལྟར་གཞན་གྱིས་སྦྱར་བ་ཡིན་ནམ། འོན་ཏེ་འབྲས་བུ་འདོད་པས་སྦྱར་བ་ཡིན་ཞེས་འདི་ལ་ངེས་པ་ཅི་ཡོད། འདི་ལ་ནི་རང་དབང་དུ་བྱེད་པ་པོ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་སྟོན་པ་ནི་གལ་ཏེ་ལ་སོགས་ཞེས་བྱ་བ་ལ་སོགས་པའོ། །དེའི་

ཚེ་རྒྱུ་ཉིད་ཡིན་ཏེ། རང་དབང་གི་རང་བཞིན་ན། དེ་ལྟ་མིན་ན་སྟེ་གལ་ཏེ་རང་དབང་དུ་མི་འདོད་ན། ཀུན་གྱི་རྒྱུ་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་སླའོ། །འོན་ཏེ་ལྷན་ཅིག་བྱེད་པ་ལ་མི་ལྟོས་པར་ཅི་ལྟར་བརྗོད་ཅེ་ན། འོ་ན་ནི་རང་དབང་ཉིད་ཉམས་པ་མི་ཟློགས་སོ། །རྣམ་པ་ཅི་ལྟར་

Vol. 184 · folio 36a

ཡང་རུང་སྟེ། འདིར་རྒྱུར་འགྱུར་རོ་ཞེ་ན། གལ་ཏེ་ལས་ལ་སོགས་པའི་ཚོགས་པ་ཡོད་པ་ན། དེའི་དབྱེ་བ་ལས་སྔར་འབྲས་བུ་མ་དམིགས་པ་ལས། དེ་ཡོད་པས་དམིགས་ནས་ནི་དེ་ལྟར་འགྱུར་བ་ཞིག་ན། དེ་ལྟར་ནི་ནུས་པ་མ་ཡིན་ཏེ། བདག་ཉིད་

ཐམས་ཅད་ཀྱིས་ཚོགས་པ་མངོན་སུམ་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །དབང་ཕྱུག་ནི་རྒྱུར་རིགས་པ་ཡང་མ་ཡིན་ནོ་ཞེས་སྟོན་པས་ན། རྣམ་འགྲེལ་རྣམ་པ་གཞན་དུ་སྦྱོར་བར་བྱེད་པ་ནི་ཡང་ན་ནི་ཞེས་བྱ་བའོ། །དེ་ཉིད་ཀྱི་ཕྱིར་བཤད་པ་འདིའི་རྗེས་སུ་འབྲངས་ནས་སྦྱོར་བ་གཉིས་པ་མཛད་དོ། །

འོན་ཏེ་བསམས་ནས་འགྲོ་བ་སྤྲུལ་པ་ལ་འཇུག་པ་དེས་ནི་ཅི་ལྟར་རྒྱུ་མ་ཡིན་ཞེ་ན། འདོད་ཆགས་ལ་སོགས་པ་ཐམས་ཅད་ལས་ཞེས་གསུངས་སོ། །འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དོགས་པའོ། །ལན་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་སོ། །འཇིག་རྟེན་གཞན་གྱི་ལས་

གང་ཡིན་པ་དེའི་གཞན་གྱི་དབང་དུ་གྱུར་པས་ན། འདི་ནི་དབང་ཕྱུག་མ་ཡིན་པ་ཉིད་དེ་རང་དབང་མ་ཡིན་པ་ཁོ་ནའོ། །དེས་ན་ཇི་སྐད་བརྗོད་པ་འདི་ཇི་ལྟར་དབང་ཕྱུག་ཡིན་ཏེ། དབང་ཕྱུག་མ་ཡིན་པ་ཁོ་ནའོ། །འོན་ཏེ་གཞན་གྱི་ལས་ལས་ཀྱི་གཞན་དབང་དུ་གྱུར་པའི་མཚན་ཉིད་ཀྱི་ཁྱད་པར་ནི་

འཇིག་རྟེན་དེ་ལ་བརྩེ་བའི་ཚུལ་གྱིས་བྱས་པ་ཡིན་ནོ། །ཞེ་ན། ལན་དུ་དམྱལ་བ་ལ་སོགས་པ་སྟེ་དུད་འགྲོ་དང་ཡི་དགས་ལ་སོགས་པ་དེ་བསྒྲུབས་པའི་ཕྱིར་བརྩེ་བ་མེད་པ་ཅེས་དབང་ཕྱུག་ཡིན་ཏེ། བརྩེ་བ་དང་ལྡན་པ་ནི་དེ་ལྟར་འགྱུར་བར་མི་རིགས་སོ། །ཐམས་ཅད་བདེ་བ་ཁོ་ནར་ཅི་སྟེ་མི་

སྐྱེད་སྙམ་དུ་དགོངས་པའོ། །གཞན་གྱིས་འཇིག་རྟེན་ལས་ཉིད་ཅེས་བྱ་བ་སྨོས་སོ། །དེ་འདྲ་ཞེས་བྱ་བ་ནི་དམྱལ་བ་ལ་སོགས་པའི་སྡུག་བསྔལ་བྱེད་པ་དེས་དམྱལ་བ་ལ་སོགས་པ་སྡུག་བསྔལ་བ་ཡིན་གྱི་འགྲོ་བ་བདེ་བར་བྱ་བ་དེ་ལ་དབང་ཕྱུག་ནི་ནུས་པ་མེད་དོ་ཞེ་ན། སུན་འབྱིན་པ་ནི་འདི་

དམ་པ་མིན་ཞེས་བྱ་བ་སྟེ། དེ་ལྟ་ན་ནི་འོ་ན་དབང་ཕྱུག་དམ་པ་ཉིད་དུ་མི་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དམ་པ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ནུས་པ་མེད་ཀྱང་ཞེས་བྱ་བ་ནི་ནུས་པ་དང་བྲལ་བའོ། །དེ་ནི་ཞེས་བྱ་བ་ནི་དམ་པའོ། །ཅིའི་ཕྱིར་མི་འཇུག་ཅེ་ན། དམ་

Vol. 184 · folio 36b

པ་མིན་པའི་བྱ་བ་ནི་ཞེས་སྨོས་སོ། །སྡིག་པའི་བྱ་བས་ཕུང་པོ་རྣམས་ལ་སྡུག་བསྔལ་བསྐྱེད་པ་ན། རྨ་ལ་རྒྱ་ཚྭས་འདེབས་པ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ཚུལ་འདི་ཞེས་བྱ་བ་ནི་གང་ཞིག་བསོད་ནམས་བྱེད་པ་དེ་ནི་བདེ་བ་མྱོང་དུ་འཇུག་ལ། གང་ཞིག་སྡིག་པ་བྱེད་པ་དེ་ནི་སྡུག་བསྔལ་

མྱོང་དུ་འཇུག་པའོ། །དབང་ཕྱུག་འདི་ནི་ཚུལ་དེ་ཉིད་གསལ་བར་བྱེད་པའོ། །དེ་ཞེས་བྱ་བ་དེ་མ་ཐག་ཏུ་བརྗོད་པའི་ཚུལ་བྱ་བའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེས་བྱ་བའི་དོགས་པ་སེལ་བས། དབང་ཕྱུག་གིས་བསམས་པ་སྨྲས་པ་ནི་ངའི་རང་བཞིན་འདི་ལྟ་བུ་ཞེས་བྱ་བ་སྟེ།

དབང་ཕྱུག་ངའིའོ། །ལན་དེ་ནི་བདག་ལའང་ཞེས་གསུངས་སོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱི་དོགས་པའོ། །འཇིག་རྟེན་དེ་ཡང་ངོ་། །ལན་ཕན་ཚུན་རྟེན་དེ་ཉིད་ཅེས་བྱ་བའོ། །འཇིག་རྟེན་ནི་དབང་ཕྱུག་གིས་བསྐུལ་ནས་ལས་སྣ་ཚོགས་བྱེད་ལ། ལས་སྣ་ཚོགས་ཀྱི་སྒོ་

ནས་ཀྱང་འཇིག་རྟེན་གྱི་དབང་ཕྱུག་བསྐུལ་བ་སྟེ། ལས་ལ་དབང་ཕྱུག་བསྐུལ་བ་དང་། དབང་ཕྱུག་ལས་ལ་བསྐུལ་བ་ཞེས་བྱ་བའི་དོན་གང་ཡིན་པའོ། །དེ་ལྟར་འགྱུར་མོད་ཀྱི་ཅི་སྐྱོན་ཅེ་ན། དེ་ལྟར་ཡིན་ན་ཞེས་བྱ་བ་ཕན་ཚུན་བརྟེན་པ་ཡིན་ན། ལས་ཀྱི་བསྐུལ་བ་དང་དབང་ཕྱུག་

གི་བསྐུལ་བ་གཅིག་ཀྱང་ཡོད་པར་མི་འཐད་དེ། གཅིག་མེད་ན་གཞན་ཡང་མེད་པའི་ཕྱིར་རོ། །གཞན་ཡང་དབང་ཕྱུག་ལ་དགེ་བའི་ལས་ལ་བསྐུལ་བའི་ནུས་པ་ཡོད་དམ་མེད། དེ་ལ་ཡོད་པའི་ཕྱོགས་འགོག་པ་ནི་གལ་ཏེ་ཞེས་བྱ་བའོ། །ནུས་པ་མེད་མིན་ཞེས་བྱ་བ་ནི། ནུས་པ་ཡོད་

པ་ཉིད་ན་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ནི་འགྲོ་བ་ལེགས་པའི་ལས་བྱེད་པ་ཁོ་ནར་འགྱུར་ན། དེ་ལྟ་ཡང་མ་ཡིན་ཏེ། ཆོས་མ་ཡིན་པ་བྱེད་པ་དག་མཐོང་བའི་ཕྱིར་རོ་འོན་ཏེ་ལས་གཉིས་ཀ་ལ་བསྐུལ་བར་ནུས་པ་ཡིན་ན། དེ་ལྟ་ན་ནི་བུ་རམ་མངར་བར་བྱེད་པ་པོ་ཡིན་པའི་ཕྱིར་རྟོགས་པ་

དང་ལྡན་པས་བླང་བར་བྱ་བ་མ་ཡིན་པར་འགྱུར་རོ་ཞེས་བཤད་ཟིན་ཏོ་སྙམ་དུ་དགོངས་པའོ། །གཉིས་པ་སེལ་བ་ནི་གལ་ཏེ་འཇིག་རྟེན་དེ་འདིར་ཞེས་བྱ་བའོ། །དེའི་ཚེ་ལས་སྨྲ་བ་ཉིད་དགེ་སྟེ། གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཡིན་པའི་ཕྱིར། ལྷག་པ་བཀག་པའི་ཕྱིར་རོ། །རྒྱལ་

Vol. 184 · folio 37a

བ་ནི་མཐོ་བའི་རྩེར་ཕྱིན་པ་སྟེ། སྒྲུབ་པར་བྱེད་པ་མེད་ཀྱང་གནོད་བྱེད་མི་སྲིད་པའི་ཕྱིར་རོ། །དེས་ན་འདིར་ཕྱོགས་གསུམ་སྲིད་དེ། འགྲོ་བ་ལས་ཀྱི་གཞན་དབང་ཡིན་པས་སམ། འདོད་པ་དང་མི་འདོད་པ་བྱེད་པའི་ངང་ཚུལ་ཡིན་པས་སམ། ཡང་ན་བཅོམ་

ལྡན་འདས་དེའི་བསམ་པའི་ཁྱད་པར་བརྟག་པར་སུས་ནུས་ཞེས་བྱ་བའོ། །ཕྱོགས་དང་པོ་ལ་ནི་འབྲས་བུ་སྐྱེད་པའི་ཚོགས་པའི་ནང་དུ་གཏོགས་པ་ཡིན་ཡང་། རྒྱུ་གཞན་བཞིན་དུ་རང་དབང་ཉིད་ཉམས་པར་བརྗོད་པ་ཡིན་ནོ། །དེའི་ངང་ཚུལ་ཡིན་པ་ལ་ཡང་བུ་རམ་དང་མངར་བར་བྱེད་པ་པོ་ཉིད་

དུ་བརྗོད་པ་ཟིན་པ་ཁོ་ནའོ། །གཉི་ག་ལྟར་ན་ཡང་སྙིང་རྗེས་སྦྱོར་བར་བྱེད་པ་ཉིད་ནི་ཐག་བསྲིངས་པ་ཁོ་ནའོ། །གསུམ་པ་ནི་རྐང་པ་བརྐྱང་བ་ཙམ་དུ་ཟད་པས་འདི་ནི་ཤན་པ་བཞིན་དུ་རྟོགས་པ་དང་ལྡན་པ་དག་གིས་བླང་བྱ་ཉིད་དུ་བརྟག་པར་འདོད་པ་མ་ཡིན་ནོ། །གང་གི་ཚེ་བསམ་པ་བརྟག་པར་མི་

ནུས་པ་དེའི་ཚེ་ནི་སྙིང་རྗེ་ཞུགས་པ་ཡིན་ནོ་ཞེས་བྱ་བའི་ཚིག་འཁྱར་བ་ཁོ་ན་སྟེ། གཞན་ལ་གཞན་གྱི་སྐྱོན་ཡོན་ངེས་པའི་རྟགས་མེད་པའི་ཕྱིར་རོ། །ཡོད་ཀྱང་སྙིང་རྗེ་མེད་པ་ཁོ་ན་སྟེ། དམྱལ་བ་ལ་སོགས་པ་ལ་འགོད་པའི་ཕྱིར་ཏེ། དེ་ལྟར་མང་དུ་སྨྲས་པས་ཆོག་གོ། །ཅི་སྟེ་ཡང་ཞེས་བྱ་

བ་ལ་སོགས་པ་ནི་རང་དབང་དུ་མ་གྱུར་མོད། རྒྱུ་ཙམ་དུ་ནི་འགྱུར་རོ་སྙམ་དུ་བསམས་པའོ། །ལན་ནི་དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །དེ་འདྲ་བ་བྱེད་པ་ནི་དེ་འདྲ་བ་ཁོ་ནས་ཤེས་པར་ནུས་པ་ཡིན་ནོ་ཞེས་བྱ་བ་ནི་ཁས་བླངས་པ་དང་འགལ་བ་ཡིན་ནོ། །བདག་ཅག་ལ་སོགས་པས་ནི་ཞེས་བྱ་བ་ནི་གལ་

ཏེ་དེའི་བྱེད་པ་རྟོགས་པར་མི་ནུས་ཀྱང་། རྣམ་པར་འཇོག་ན་ནི་ཞེས་ཞེ་ལ་གཞག་པ་སྟེ། དེའི་ཚེ་མཚོན་དང་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །སྡོང་དུམ་གྱི་ཞེས་བྱ་བ་ནི་ཤིང་དུམ་གྱིའོ། །ལན་དུ་སྡོང་དུམ་གྱི་ཡང་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་

བྱེད་པའོ། །འོ་ན་མ་དམིགས་པ་ཉིད་ཀྱིས་ཞེས་བྱ་བ་ནི་གཞན་གྱི་སྟེ། སྡོང་དུམ་བལྟར་རུང་བ་ལ་བལྟར་མི་རུང་བའི་བྱེད་པའི་མཚན་ཉིད་ཀྱི་རང་བཞིན་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ལན་ནི་འོ་ན་དེ་ལྟ་ན་ཞེས་བྱ་བའོ། །འདིར་བསམ་པ་ནི་སྡོང་དུམ་ལ་ནི་བྱེད་པ་མངོན་སུམ་

Vol. 184 · folio 37b

གྱིས་གནོད་པ་ཡིན་ལ། རྟག་པ་ལ་ནི་རང་བཞིན་ཁྱད་པར་མེད་པ་སྟེ། རིམ་དང་རིམ་མ་ཡིན་པས་དོན་བྱ་བ་ཉིད་ཀྱི་རང་བཞིན་གྱི་ཁྱད་པར་མེད་པར་བྱེད་པ་ཡང་ནི་མི་རུང་སྟེ། དོན་བྱེད་པ་ཉིད་དུ་མི་རུང་ངོ་། །དེས་ན་རིམ་དང་རིམ་མ་ཡིན་པ་དང་བྲལ་བའི་རྗེས་སུ་དཔག་པས་གནོད་པའི་

ཕྱིར་མཚུངས་སོ། །འོན་ཀྱང་མངོན་སུམ་གྱིས་ནི་ནུས་པ་མ་ངེས་པ་ཉིད་དུ་ཡང་རྟོགས་པར་འགྱུར་གྱི་རྗེས་སུ་དཔག་པ་ལ་ནི་མ་ཡིན་ནོ། །བཤད་པ་འདི་ནི་བླ་བས་བཏང་སྙོམས་སུ་བཞག་ཏེ། གཞན་འཆད་པ་ཡིན་ནོ། །ཕྱོགས་དེ་ལ་ནི་འབྲས་བུའི་རང་བཞིན་ཁྱད་པར་ཞེས་སྦྱར་རོ། །

དཔེར་ན་བུམ་པ་ལ་རྫ་མཁན་གྱི་ལག་པའི་བྱེད་པས་བསྒྲུབ་པར་བྱ་བ་འཇིམ་པ་ལ་སོགས་པའི་ཁྱད་པར་བཞིན་དུ། གལ་ཏེ་འབྲས་བུ་ལ་ཡང་གང་ཞིག་དབང་ཕྱུག་མེད་ན་མི་འགྱུར་བར་བརྟག་པར་བྱ་བའི་རང་བཞིན་གྱི་ཁྱད་པར་འགའ་ཞིག་དམིགས་ན་ནི་དེའི་ཚེ་རྫ་མཁན་བཞིན་དུ་དེ་མཐོང་བ་ལ་

བརྟག་པ་འདིའི་བྱེད་པ་ཡང་རྟོགས་པར་རིགས་པ་མ་ཡིན་གྱིས། དེ་ལྟ་མ་ཡིན་ན་ནི་འབྲས་བུའི་ཁྱད་པར་མ་མཐོང་ན་ཡང་རྒྱུའི་ཁྱད་པར་རྟོགས་ན་ཧ་ཅང་ཐལ་བའི་ཕྱིར་རྟག་པའི་བྱེད་པ་མི་འཐད་དོ། །འཆད་བ་ནི་རྒྱུན་གྱིས་སམ་ཞེས་བྱ་བའོ། །ཇི་ལྟར་རྟག་སྙམ་ན་རྒྱུན་གྱིས་སམ་

གཞན་དུ་ཐེར་ཟུག་པའི་རྟོགས་པའོ། །གང་གི་ཚེ་མི་འཐད་ཅེ་ན། རང་བཞིན་གྱི་ཁྱད་པར་མེད་པར་རོ། །སུའི་ཞེ་ན་འབྲས་བུའི་སྟེ། འབྲས་བུའི་རང་བཞིན་གྱི་ཁྱད་པར་མེད་པར་རོ། །ཉེ་བར་མཚོན་པར་ཅི་ལྟར་འཐད་ཅེས་བྱ་བ་ནི་བྱེད་པ་ཉེ་བར་མཚོན་པར་མི་འཐད་པ་ཁོ་ནའོ་ཞེས་བྱ་བའི་

དོན་ཏོ། །དབང་ཕྱུག་ལ་ཡང་ཞེས་ཡང་གི་སྒྲ་ནི་རིམ་པ་བཞིན་དུ་སྦྱོར་རོ་ཞེས་བྱ་བ་ནི་སྐབས་སུ་བབ་པ་དང་སྦྱར་བའོ། །ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི་རྟག་ལ་ལྡོག་པ་མེད་པའི་ཕྱིར་ཞེས་བྱ་བའོ། །རྟག་པ་ལ་ནི་རེ་ཞིག་ལྟ་བ་པོ་ཉིད་མེད་པ་ཁོ་ནའོ། །གལ་ཏེ་ལྟ་བ་པོ་འགའ་ཞིག་ཡོད་

དུ་ཆུག་ཀྱང་། དེ་ལྟ་ན་ཡང་ལྡོག་པ་མེད་པ་ཉིད་ཀྱིས་ན་ནུས་པ་རྟོགས་པར་དཀའོ། །ཅིའི་ཕྱིར་ཞེ་ན། རྟག་ཏུ་གནས་ཞེས་བྱ་བ་འདིས་ནི་དུས་ཁྱད་པར་བརྗོད་ལ། ཁྱབ་པ་སྨོས་པས་ན་ཡུལ་ཁྱབ་པའོ། །རྡུལ་ཕྲ་རབ་ལས་ནི་དུས་ཀྱིས་བྱས་པའི་ལྡོག་པ་ཉིད་སྤངས་པ་ཡིན་ནོ། །

Vol. 184 · folio 38a

གལ་ཏེ་ལྡོག་ཀྱང་དེ་རྒྱུ་ཉིད་དུ་རྟོགས་པ་དེའི་ཚེ་ཉེས་པ་ཅི་ཡོད་སྙམ་ན། གང་དག་ཡོད་ན་ཞེས་སྨོས་ཏེ། སྔར་ཡང་གང་ཞིག་མེད་ན་མ་བྱུང་བ་ཞེས་བྱ་བ་ལ་ལྟོས་པར་བྱའོ། །ལས་ཡོད་ན་ཞེས་བྱ་བ་ནི་རྫ་མ་ལ་སྤྱོད་པའི་ལས་ཡོངས་སུ་སྨིན་པ་ཡོད་ནའོ། །

འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་བ་ཉིད་དུ་བརྗོད་པ་ཡིན་ཏེ། རྫ་མཁན་ལ་སོགས་པ་ལ་ནི་མངོན་སུམ་དང་མི་དམིགས་པ་བྱེད་པ་འཇུག་པ་ཉིད་ཡིན་པས་ལས་གཞན་ནི་དོན་མེད་དོ། །དེས་ན་གཉིས་ལས་གཅིག་ཁས་བླང་བར་བྱ་བར་འགྱུར་རོ་ཞེས་བྱ་བར་རིགས་པ་ཡིན་ནོ། །

འཇིམ་གོང་ལ་སོགས་པ་ལ་ནི་སོ་སོར་རྗེས་སུ་འགྲོ་བ་དང་ལྡོག་པ་མཐོང་བའི་ཕྱིར། གཅིག་བཞག་པའི་རྩོད་པ་མེད་དོ། །ཐུག་པ་མེད་མོད་ཅི་སྐྱོན་ཅེ་ན། རྗེས་སུ་འཇུག་པ་མེད་པའི་ཞེས་སྨོས་སོ། །རྗེས་སུ་འཇུག་པ་དང་བྲལ་བ་ནི་རྗེས་སུ་འཇུག་པ་མེད་པ་སྟེ། རྒྱུ་ཉིད་དུ་རྟོགས་པ་

མེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །དེའི་རྟོགས་པ་དེའི་འཇུག་པ་དེ་ཁས་ལེན་ན་སྟེ། འདོད་ན་ནི་དེ་ལས་གཞན་ལ་ཡང་གེགས་འགའ་ཡང་མེད་དོ། །དེ་ཁས་ལེན་པ་ཉིད་ཉེས་པ་ཆེན་པོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐུག་པ་མེད་པར་འགྱུར་ཞེས་བྱ་བ་འདི་རྣམ་པ་གཞན་དུ་

བཤད་པའི་ཕྱིར་ན་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། རྒྱུ་རྣམས་ཀྱི་རྒྱུ་ཡང་ཞེས་གསུངས་སོ། །དེ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གནའ་མ་དེ་ཉིད་མིན་པའི་ཕྱིར་རོ། །དེ་ལེགས་ཤེས་བྱས་པ་ན་ཞེས་བྱ་བ་ནི་དེ་ལ་སོགས་པ་ལེགས་པར་བསྒྲུབས་པ་ནའོ། །དེའི་ཁྱད་པར་ནི་འབྲས་

བུའོ། །གཤོལ་གྱི་བྱེད་པ་ལ་སོགས་པ་ཉིད་དེ་ལས་གཞན་དག་ལས་ཁྱད་པར་དུ་འགྱུར་བ་ཡིན་པས་ན་ཁྱད་པར་རོ། །སྩོགས་པའི་སྒྲས་ནི་ཤལ་བས་བཤལ་པ་ལ་སོགས་པ་གཟུང་ངོ་། །ངེས་པའི་རྣམ་པར་འགྱུར་བའི་རྗེས་སུ་འགྲོ་བ་ནི་རྣམ་པར་འགྱུར་བ་དང་ལྡན་པ་སྟེ། དེ་དང་རྗེས་སུ་

འབྲེལ་པ་སྟེ། ནས་ལ་སོགས་པའི་མྱུ་གུ་རྣམས་ཀྱི་རྒྱས་པ་ལ་སོགས་པའི་མཚན་ཉིད་དོ། །གཤོལ་གྱི་བྱེད་པ་བཞིན་དུ་ཡུལ་ལ་སོགས་པ་ལ་ཁྱད་པར་ཡོད་པར་མ་མཐོང་བས་རྩོད་པ་བྱེད་དོ། །ཕན་ཚུན་ཉེ་བར་འགྲོ་བའི་རྐྱེན་གྱིས་ཁྱད་པར་ལས་དམིགས་པ་ལ་སོགས་པ་རྣམས་

Vol. 184 · folio 38b

ཚོགས་པའི་སྐད་ཅིག་ལ་རང་བཞིན་ལ་བརྟེན་པའི་ཁྱད་པར་མེད་ཀྱང་། ནུས་པས་བྱས་པའི་ཁྱད་པར་ནི་གདོན་མི་ཟ་བར་ཁས་བླང་དགོས་སོ་ཞེས་བྱ་བ་ནི་ལན་གྱི་དོན་ཏོ། །འདི་ཡང་རྣམ་པ་གཞན་དུ་འཆད་པ་ནི་གལ་ཏེ་འབྲས་བུར་གྱུར་པའི་བློས་ཁྱད་པར་མེད་པར། ཡུལ་དང་དབང་

པོ་ཚོགས་པའི་རྒྱུ་ཡིན་པ་དེ་བཞིན་དུ་དབང་ཕྱུག་འདི་ཡང་རྒྱུ་ཡིན་ནོ་ཞེ་ན་མ་ཡིན་ཏེ། འབྲས་བུ་རྣམ་པར་ཤེས་པ་དེ་ལ་ཡང་ཁྱད་པར་ཡོད་པའི་ཕྱིར་རོ། །དེ་ཉིད་ལྡོག་པའི་སྒོ་ནས་སྟོན་པ་ནི་རྒྱུན་གྱི་ཁྱད་པར་མེད་པར་ནི་ཞེས་བྱ་བ་ལ་སོགས་པའོ། །ཁྱད་པར་གྲུབ་པ་ཡིན་ཞེས་བྱ་བ་ནི་བཤད་པ་

དང་པོ་ལྟར་ན་རྒྱུ་ལ་བརྟེན་པའི་ཁྱད་པར་རོ། །ལྷག་མ་ནི་གོ་སླའོ། །གཉིས་པ་ནི་འབྲས་བུ་ལ་བརྟེན་པར་བརྗོད་པར་འདོད་པ་ཡིན་ནོ། །འབྲས་བུ་ཤེས་པ་ལ་བརྟེན་པ་རྟོགས་པའི་རང་བཞིན་ལ་སོགས་པའི་རང་བཞིན་གྱི་ཚོགས་བྱ་བ་ལ་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་འབྲས་བུའི་རྒྱུན་དེའི་

ཁྱད་པར་དོན་དང་འདྲ་བ་ལ་སོགས་པའི་མཚན་ཉིད་མེད་པར་ནི་སོ་སོ་སོ་སོར་དེ་རེ་རེ་ཞིང་ནུས་པ་མེད་པའི་གཟུགས་ལ་སོགས་པ་རྣམས་ཚོགས་པ་ལའང་སྟེ། དངོས་པོའི་བདག་ཉིད་ཐམས་ཅད་བསྐྱེད་པ་ལ་ཡང་ནུས་པ་མེད་པར་འགྱུར་རོ། །དོན་འདི་ཡིན་ཏེ། སོ་སོར་འབྲས་བུ་དེ་

སྐྱེད་པར་མི་ནུས་པ་རྣམས། གལ་ཏེ་ཚོགས་པའི་གནས་སྐབས་སུ་ཡང་རང་གིས་བྱས་པའི་ཁྱད་པར་གྱིས་མཚོན་པར་མི་བྱེད་ན། ཤ་ཟ་ལ་སོགས་པ་བཞིན་དུ་དེ་རྣམས་ཀྱི་ནུས་པ་ཇི་ལྟར་བརྟག་པར་བྱ། རྒྱུ་ཉིད་ཀྱང་ཡོད་པ་ཡིན་ཏེ། དེས་ན་འབྲས་བུའི་ཁྱད་པར་གྲུབ་བོ། །

དེ་ལྟ་ན་ཡང་ཡུལ་ལ་སོགས་པ་ལས་ནི་དེའི་རྣམ་པ་ལ་སོགས་པ་ཡིན་ནོ། །དེ་ལྟར་འདི་ནི་རྒྱུ་ཉིད་ལ་ནི་འབྲས་བུ་ལ་གནས་པའི་ཁྱད་པར་སྐྱེད་པར་བྱེད་པ་ཉིད་ཀྱིས་ཁྱབ་པར་བརྗོད་པ་ཡིན་ཏེ། གང་གི་ཕྱིར་དེ་མེད་པས་ན། རྒྱུར་མི་འགྱུར་རོ་སྙམ་དུ་ཐུགས་ལ་བཞག་པ་ཡིན་ནོ། །འདི་ཉིད་

འཆད་པ་ནི་མིག་ལ་སོགས་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུའི་རང་བཞིན་གྱི་ཁྱད་པར་ཉིད་ལ་རྒྱུ་ཉིད་དུ་ངེས་པར་བྱེད་དོ་ཞེས་བྱ་བ་ནི་ཐ་སྙད་དུ་བྱེད་པ་སྟེ། འདི་ནི་ངེས་པར་བཟུང་བ་གཙོ་བོར་བྱེད་པའི་ཚིག་གོ། །རང་བཞིན་གྱི་ཁྱད་པར་དེ་ཉིད་སྟོན་པ་ནི་འབྲས་བུ་རྣམ་པར་ཤེས་

Vol. 184 · folio 39a

པ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་རང་བཞིན་འདི་དག་གོ། །རྟག་པའི་རང་བཞིན་གྱི་ཁྱད་པར་ཡོད་པའི་ཕྱིར་རོ། །བྱ་བའི་རང་བཞིན་ཕན་ཚུན་སྤངས་པ་གང་ཡིན་པ་དེ་དང་ལྡན་པའི་མིག་ལ་སོགས་པ་ནི་འབྲས་བུ་རྣམ་པར་ཤེས་པའི་རྒྱུ་ཡིན་གྱི་གཞན་

དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་ན་རང་གིས་བསྐྱེད་པར་བྱ་བའི་འབྲས་བུའི་ཁྱད་པར་གཅིག་ལ་འདི་དག་རྣམ་པ་ཐ་དད་པའི་སྒོ་ནས་བྱེད་པ་འཇུག་པར་བརྗོད་ཀྱི་སོ་སོར་གཞན་ལ་མི་ལྟོས་པར་མཐའ་དག་བསྐྱེད་པའི་སྒོ་ནས་ནི་མ་ཡིན་ཞེ་ན། གང་གི་ཕྱིར་འདི་དག་ནི་ཞེས་གསུངས་སོ། །

རྣམ་པའི་ཚོགས་ནི་རང་བཞིན་གྱི་ཚོགས་སོ། །འདི་ཉིད་སྟོན་པར་བྱེད་པ་ནི་མིག་ལས་ནི་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་རེ་རེ་ལས་རང་བཞིན་མཐའ་དག་སྐྱེ་བར་འགྱུར་ན་ནི་དེའི་མིག་ལས་ཀྱང་རྟོགས་པའི་རང་བཞིན་དུ་འགྱུར་གྱི་ཡིད་ལ་བྱེད་པ་འབའ་ཞིག་ལས་ནི་མ་ཡིན་ནོ། །དེ་བཞིན་དུ་

གཞན་ལ་ཡང་ཅི་ལྟར་རིགས་པར་ཁྱད་པར་བྱའོ། །ཡང་ཇི་ལྟ་བུ་ཉིད་དུ་མི་འགྱུར་ཞེ་ན། རེ་རེ་ལས་དེ་ལྟར་མཐོང་བ་མེད་པའི་ཕྱིར་རོ་ཞེས་གསུངས་སོ། །སོ་སོར་བདག་ཉིད་ཐམས་ཅད་སྐྱེད་པར་མ་མཐོང་བའི་ཕྱིར་རོ། །དེས་ན་རྒྱུ་ལ་ནི་ཁྱད་པར་སྐྱེད་པར་བྱེད་པས་ཁྱབ་པ་ཡིན་ལ། དེ་མེད་པའི་

ཕྱིར་དབང་ཕྱུག་ནི་རྒྱུ་མ་ཡིན་ནོ་ཞེས་གྲུབ་པའི་མཐའ་སྨྲ་བས་བསམས་པར་རྟོགས་ནས་གཞན་གྱིས་འོན་ཏེ་མིག་ཅེས་སྨྲས་སོ། །དེ་བཞིན་དུ་ཞེས་བྱ་བ་དང་པོ་ནི་དཔེ་ལ་སོགས་པའོ། །འདིས་ནི་ཡུལ་དང་ཡུལ་ཅན་གཉིས་ཁྱད་པར་མེད་པའི་ཕྱིར་འབྲས་བུ་ཤེས་པ་ཁྱད་པར་མེད་པར་བསྟན་ཏོ། །

དེ་བཞིན་དུ་ཞེས་བྱ་བ་གཉིས་པ་ནི་དོན་ལ་སྦྱོར་བའོ། །འདིར་ནི་འདི་ལྟར་བསམས་པ་ཡིན་ཏེ། དཔེར་ན་ཁྱད་པར་དེ་དང་དེ་དག་བསྐྱེད་པའི་སྒོ་ནས་རྒྱུ་ཉིད་དུ་དམིགས་པ་དེ་བཞིན་དུ་རྣམ་པ་འདི་ལྟ་བུ་ཡང་དམིགས་པ་ཁོ་ནའོ། །དེས་ན་གཟུགས་སམ་མི་གཞན་དང་གཞན་ཉེ་བར་གནས་པའི་

དུས་བཞིན་དུ་ཁྱད་པར་གྱི་རང་བཞིན་སྐྱེད་པའི་བྱེད་པ་མེད་པ་བཞིན་དུ་ཡང་རྒྱུ་ཉིད་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདི་ལ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གལ་ཏེ་ཧ་ཅང་ཐལ་བའི་ཕྱིར་དབང་ཕྱུག་རྒྱུ་ཡིན་ལ། དེ་ལྟ་ན་མིག་དང་གཟུགས་དག་ལ་སྨོས་སུ་ཅི་ཡོད་ཅེ་ན། འདི་ལ་ཡང་རང་རང་

Vol. 184 · folio 39b

གི་ཁྱད་པར་བསྐྱེད་པར་བཤད་ཟིན་ཏོ། །གནས་སྐབས་དེར་ཡང་རང་གི་ཁྱད་པར་ཇི་ལྟ་བའི་ཁྱད་པར་བསྐྱེད་པ་ནི་ཡོད་པ་ཁོ་ནའོ་ཞེས་སྟོན་པ་ནི་མིག་དང་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་འབྲས་བུ་རྣམ་པར་ཤེས་པའི་རང་བཞིན་གྱི་ཁྱད་པར་རྟོགས་པ་ལས་གཟུགས་

ལ་སོགས་པ་རྒྱུ་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ་ཞེས་སྦྱར་རོ། །ཡང་ན་གང་གི་ཕྱིར་དེ་ལྟར་རྣམ་པར་ཤེས་པ་ཁྱད་པར་ཅན་ཡིན་པ་དེའི་ཕྱིར་གཟུགས་ལ་སོགས་པ་རྒྱུ་ཉིད་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ཀྱི་ཁྱད་པར་ལས་ཞེས་བྱ་བ་ནི་བཤད་པར་

བྱ་བའི་ཚིག་ཉེ་བར་བཀོད་པའོ། །བཤད་པ་ནི་ཡོངས་སུ་གསལ་བ་དགའ་བ་དང་མི་གསལ་བ་མི་དགའ་བ་སྟེ། དགའ་བ་དང་མི་དགའ་བ་ལ་བརྟེན་པ་དེ་དག་ལ་སོགས་པ་གཟུགས་ཉིད་ལ་སོགས་པ་གང་དག་ཡིན་པ་དག་གོ། །དེ་དག་ཉིད་ཀྱི་མཚན་ཉིད་དེ་རང་བཞིན་གང་ལ་ཡོད་པའི་

གཟུགས་ཀྱི་ཁྱད་པར་དེ་ལ་དེ་སྐད་ཅེས་བྱའོ། །ནིའི་སྒྲ་ནི་ཚིག་གི་རྒྱན་ནོ། །འདིས་ནི་ཡུལ་གྱི་ཁྱད་པར་ལས་འབྲས་བུ་རྣམ་པར་ཤེས་པའི་ཁྱད་པར་བསྟན་ཏོ། །ཡུལ་ཅན་གྱི་ཁྱད་པར་ལས་འབྲས་བུ་རྣམ་པར་རྣམ་པར་ཤེས་པའི་ཁྱད་པར་སྟོན་པ་ནི་དེ་བཞིན་དུ་མིག་ཕྱེད་

བཙུམས་པའི་ཞེས་བྱ་བ་ལ་སོགས་པའོ། །འབྲས་བུ་རྣམ་པར་ཤེས་པ་ལ་གནས་པའི་ཁྱད་པར་དེ་ནི་ཁྱད་པར་དང་བཅས་པའི་མིག་ལ་སོགས་པ་དང་། འབྲེལ་པས་རྒྱུ་མིག་ལ་སོགས་པའི་འབྲས་བུར་ནི་ངའོ་ཞེས་བདག་ཉིད་འབྲས་བུ་ཉིད་དུ་རྟོགས་པར་བྱེད་ཅིང་

རང་དང་འབྲེལ་པའི་འབྲས་བུ་ཡང་རྟོག་པར་བྱེད་དོ། །གལ་ཏེ་དབང་ཕྱུག་རྒྱུ་ཉིད་དུ་རྟོག་པ་ལ་ཡང་རིགས་པ་འདི་ཉིད་མ་ཡིན་ནམ་ཞེ་ན། དེ་བཞིན་དུ་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའོ། །དེ་ལྟར་དབང་ཕྱུག་ནི་རང་གི་རྣམ་པར་འགྱུར་བས། འབྲས་བུ་རྣམ་པར་བསྒྱུར་བར་

བྱེད་པ་ནི་ཇི་ལྟར་ཡང་རྟོགས་པར་ནུས་པ་མ་ཡིན་སྙམ་དུ་དགོངས་པའོ། །བར་སྐབས་ཀྱི་བརྗོད་པ་རྫོགས་ནས་སྐབས་ཉིད་བརྗོད་པ་ནི་དེས་ན་ཞེས་བྱ་བ་སྟེ་སྔར་བཤད་པས་ནའོ། །སྔ་མ་བཞིན་དུ་རྣམ་པ་གཉིས་སུ་བཤད་པ་ཡིན་ནོ། །རྣམ་པ་འདི་ནི་གཉི་ག་ཡང་དབང་ཕྱུག་ལ་

Vol. 184 · folio 40a

ཡོད་པ་མ་ཡིན་ནོ་ཞེས་སྟོན་པ་ནི་རྒྱུ་ལས་ལྡོག་པའི་རང་བཞིན་དེ་ཉིད་ཅེས་བྱ་བ་སྟེ། རྟག་པའི་ཕྱོགས་ལ་ནི་གོ་སླའོ། །ཁྱད་པར་བསམ་པ་ཡང་ཅི་ལྟར་སྔར་མ་སྐྱེས་པ་དེ་བཞིན་དུ་ད་ལྟར་ཡང་ཡིན་པའི་ཕྱིར་སྡོང་དུམ་དང་ཤ་ཟ་ལ་སོགས་པ་བཞིན་དུ་རྟག་པ་

དང་མི་རྟག་པ་ཉིད་ལ་མ་ལྟོས་པར་རྒྱུ་ལས་བཟློག་པ་ཉིད་རང་བཞིན་ཡིན་ནོ། །གཟུགས་ལ་སོགས་པ་ལ་ནི་དེ་ལྟར་དོགས་པར་བྱ་བ་མ་ཡིན་ནོ་ཞེས་སྟོན་པ་ནི་གཟུགས་ལ་སོགས་པ་རྒྱུ་ཉིད་དུ་རྟོགས་པ་ལ་ནི་ཞེས་གསུངས་སོ། །ལུས་པའི་དུས་ན་ཁྱད་པར་དང་ཁྱད་པར་ཅན་གྱི་རྒྱུ་སྐྱེ་

བའི་ཕྱིར་མི་རྟག་པ་ཉིད་ཀྱིས་ན་ཁྱད་པར་སྐྱེད་པའི་རྒྱུ་མཚན་ཡིན་ནའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་པའོ། །ཡོན་ཏན་ནི་ཁྱད་པར་ཕུལ་དུ་ཕྱིན་པའོ། །ཚོགས་ན་ཞེས་བྱ་བ་ནི་ཡོན་ཏན་སྲིད་འགྱུར་བ་ཞེས་བྱ་བའམ། ཚོགས་ན་དེ་དག་རྒྱུ་ཡིན་ནོ་ཞེས་འབྲེལ་ཏོ། །ཁྱད་

པར་མེད་ཕྱིར་རོ་ཞེས་བྱ་བ་ནི་རྟག་པ་ཉིད་ཀྱིས་རང་བཞིན་གྱི་ཁྱད་པར་མེད་པའི་ཕྱིར་རོ། །བཤད་པ་གཉིས་པ་ལ་ནི་ཡོན་ཏན་འབྲས་བུ་ལ་བརྟེན་པའོ། །ལྷག་མ་ནི་སྔ་མ་བཞིན་ནོ། །དབང་ཕྱུག་ལ་སོགས་པ་མ་ཡིན་ཞེས་བྱ་བ་ནི་རྒྱུ་མ་ཡིན་པའོ། །ཁྱད་པར་མེད་ཕྱིར་རོ་ཞེས་

བྱ་བ་ནི་དབང་ཕྱུག་ལ་སོགས་པ་ལས་འབྲས་བུ་ལ་བརྟེན་པའི་ཁྱད་པར་གྲུབ་པ་མེད་པའི་ཕྱིར་རོ། །དབང་ཕྱུག་ལ་སོགས་པ་ཞེས་སྩོགས་པའི་སྒྲ་ནི་རང་བཞིན་དང་སྐྱེས་བུ་ལ་སོགས་པ་བཟུང་ངོ་། །དེ་ལྟར་ཚད་མའི་མཚན་ཉིད་ལ་རྒྱུ་དང་འབྲས་བུའི་གནས་སྐབས་ཀྱི་དབྱེ་བ་ཅན་བཅོམ་

ལྡན་འདས་ཚད་མར་གྲུབ་པའི་སྐབས་སུ་ཚད་མ་གཞན་དགག་པ་བྱས་པ་ན། རྟག་པའམ། ཐོག་མ་མེད་པའི་སྐད་ཅིག་བརྒྱུད་པ་འཇུག་པའི་རང་བཞིན་ཅན་གྱི་སྐྱེས་བུ་ཁྱད་པར་འགའ་ཞིག་ཉིད་ཚད་མ་ཡིན་གྱི། སྦྱིན་པ་དང་བརྩེ་བ་ལ་སོགས་པའི་སྒྲུབ་བྱེད་ཅན་ནི་མ་ཡིན་ནོ་ཞེས་

བྱ་བ་འདི་དགག་པར་བརྩམས་པས། དབང་ཕྱུག་དུ་སྨྲ་བ་བཟློག་པ་ན། གཞན་གྱིས་གལ་ཏེ་ཞེས་སྨྲས་སོ། །ཡོངས་སུ་ཤེས་པ་དང་། སྩོགས་པའི་སྒྲས་སྐྱེད་པའི་རྒྱུ་སྟེ། གོ་རིམས་བཞིན་དུ་ཤེས་པར་བྱེད་པ་དང་། སྐྱེད་པར་བྱེད་པའོ། །སྒྲུབ་པར་བྱེད་པ་རྣམས་སུན་

Vol. 184 · folio 40b

ཕྱུང་བའི་ཕྱིར་དང་བརྟག་པའི་ཕྱིར་མེད་ནའོ། །འོ་ན་ནི་རྒྱུ་རྣམ་པ་གཉིས་པོ་དེ་གཞན་བཅོམ་ལྡན་འདས་ལ་ཡང་མི་འགྱུར་ཏེ། སྲིད་པ་མ་ཡིན་ནོ་གལ་ཏེ་ཡང་རྟག་པར་ཁས་བླངས་པ་མ་ཡིན་པ་དེ་ལྟ་ན་ཡང་བསྒྲུབ་པར་བྱ་བ་ཉིད་ཁས་བླངས་པ་ཙམ་གྱིས་གདོན་མི་ཟ་བར་རྒྱུ་རྣམ་པ་

གཉིས་ཡོད་པར་འགྱུར་རམ་ཅི། གང་གི་ཕྱིར་མེད་པ་དེའི་ཕྱིར་སྐྱེ་བ་ཡང་མེད་ལ་ངེས་པ་ཡང་མེད་པ་དེས་ན་ཚད་མ་གྲུབ་པ་ཅི་འདྲ་བ་ཞིག་ཡིན། གཉིས་པ་དེ་མེད་པ་ཉིད་བརྗོད་པ་ཡིན། འདི་ལྟར་ཞེས་བྱ་བ་སྟེ། འདི་ནི་རྣམ་འགྲེལ་ན་ཡོད་པའི་རྣམ་པར་འགྲེལ་པའོ། །

དེ་སྒྲུབ་བྱེད་ནི་སྐྱེ་བའམ་ཤེས་པའིའོ། །སྐྱེད་བྱེད་མེད་ན་ཡང་ག་ལས་འགྲུབ་པར་འགྱུར་བ་གང་གིས་རྗེས་སུ་སྒྲུབ། གལ་ཏེ་འབྲས་བུ་དེ་འབྱུང་བར་ངེས་པ་ཡིན་ན་ནི་དེའི་ཚེ་གུས་པར་རྗེས་སུ་སྒྲུབ་པ་དང་། གྲུབ་པ་དང་བཅས་པའི་རྗེས་སུ་སྒྲུབ་པར་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི།

ཚུ་རོལ་མཛེས་པ་པ་དང་། དཔྱོད་པ་པ་ལ་སོགས་པའོ། །དེ་ལ་རེ་ཞིག་སྐྱེད་བྱེད་མེད་པ་བརྗོད་པ་ནི། རེ་ཞིག་ཅེས་བྱ་བའོ། །གལ་ཏེ་གང་གི་རྒྱུ་རྗེས་སུ་བསྒྲུབས་པས་སོ། །གལ་ཏེ་མཐུ་བསམ་གྱིས་མི་ཁྱབ་པས་ན། སྔགས་ལ་སོགས་པས་དེ་འགྲུབ་པར་འགྱུར་རོ་སྙམ་

ན། སྔགས་དང་ཞེས་སྨྲས་སོ། །རྒྱུད་ནི་སྨན་ནོ། །སྩོགས་པའི་སྒྲས་ནི་ནོར་བུ་ལ་སོགས་པ་སྟེ། དེའི་ལུས་ཐམས་ཅད་ལ་མཐོང་བའི་ཕྱིར་རོ། །གལ་ཏེ་དེ་སྒྲུབ་བྱེད་ཡིན་ན། དེའི་ཚེ་བྱེད་པ་ཐམས་ཅད་ཐམས་ཅད་མཁྱེན་པར་འགྱུར་ན། དེ་ནི་ཕན་ཚུན་འགལ་བའི་དེ་ཁོ་ན་

ཉིད་སྟོན་པར་བྱེད་པ་རྣམ་ལ་འཐད་པ་མ་ཡིན་ནོ། །ད་ནི་ཤེས་པར་བྱེད་པ་མེད་པར་བརྗོད་པ་ནི། དེ་ངེས་པའི་རྒྱུ་ཡང་ཞེས་བྱ་བའོ། །ཀ་བ་ལ་སོགས་པ་ལ་མི་སླུ་བ་མཐོང་བའི་ཕྱིར་གཞན་ལ་ཡང་ཤེས་པར་རྗེས་སུ་དཔོག་གོ་སྙམ་ན། ཕྱོགས་གཅིག་ཅེས་སྨོས་སོ། །ཚིག་ནི་

ལུང་ངོ་། །ཡང་སྐྱེད་པར་བྱེད་པ་མེད་པའི་ཕྱིར་ཐམས་ཅད་རིག་པ་མི་སྲིད་པར་བསྟན་པའི་ཕྱིར། ཐམས་ཅད་ཡོངས་སུ་ཤེས་པའི་རྒྱུ་དབང་པོ་ཤེས་པ་ཡིན་ནམ། དབང་པོ་དང་དོན་ནམ། གོམས་པ་དང་བཅས་པའི་ཡིད་ཀྱི་ཤེས་པའམ་རྗེས་སུ་དཔག་པ་ཞིག་ཡིན་ཞེས་བྱ་

Vol. 184 · folio 41a

བའི་རྣམ་པར་རྟོག་པ་ཞེ་ལ་བཞག་ནས་རིམ་གྱིས་འགོག་པ་ནི། ལྐོག་ཏུ་གྱུར་པའི་དོན་ཞེས་བྱ་བ་ལ་སོགས་པའོ། །གཉིས་པ་ཟློག་པ་ནི། དབང་དོན་ཞེས་བྱ་བའོ། །དབང་པོ་ལ་ནི་ཁྱད་པར་འགའ་ཡང་མ་མཐོང་བ་ཁོ་ན་ལ། དོན་ཡང་རྒྱང་རིང་བ་དང་

ཕྲ་བ་ལ་སོགས་པའི་ངོ་བོས་གནས་སྐབས་དེ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟར་ན་ཡང་དེ་གཉིས་ཐམས་ཅད་རིག་པའི་རྒྱུ་ཡིན་ན་དེའི་ཚེ་སྐྱེས་བུ་མཐའ་དག་ཐམས་ཅད་རིག་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་ཧ་ཅང་ཐལ་བའོ། །དབང་པོའི་ཤེས་པས་ཐམས་ཅད་རིག་པར་ཁས་བླངས་ནས་ཉེས་པ་

གཞན་སྨྲས་པ་ནི། མི་གཙང་བ་ལ་སོགས་ཞེས་བྱའོ། །འོན་ཏེ་དབང་པོ་རྣམས་ནི་ཕྲད་ནས་འཛིན་པའི་ཕྱིར་ཉེས་པ་འདི་མེད་དོ་སྙམ་ན། དབང་པོ་ཕྲད་ནས་འཛིན་པ་ན་ཞེས་གསུངས་ཏེ། དབང་པོ་ཕྲད་ནས་འཛིན་པར་གནས་པ་ན། ཐམས་ཅད་རིག་པར་ཇི་ལྟར་བརྗོད་དེ། །

གང་ཞིག་མ་ཕྲད་པ་དེ་ཉིད་དུ་རྣམ་པར་ཤེས་པ་མི་སྐྱེ་བའི་ཕྱིར་རོ། །དེས་ན་དབང་པོ་མ་ཕྲད་པར་འཛིན་པ་ནི་ཁས་བླང་བར་མི་བྱ་སྟེ། དེས་ན་ཉེས་པ་སྔ་མ་ཁོ་ནའོ། །གསུམ་པ་སེལ་བ་ནི། དེའི་ཡིད་ཀྱིས་ཞེས་བྱ་སྟེ། ཐམས་ཅད་མཁྱེན་པ་ཉིད་དུ་འདོད་པ་དེའིའོ། །སྔར་ནི་དབང་

པོའི་རྗེས་སུ་མི་འཇུག་པའི་ཡིད་ཀྱི་ཤེས་པ་ཡང་མེད་པ་ཁོ་ན་ཏེ། དབང་པོའི་རྗེས་སུ་འགྲོ་བ་ཁོ་ནས་འཇུག་པ་ཡིན་ནོ། །འདི་ག་ལས་སྙམ་ན། ཡིད་ཀྱི་ཤེས་པ་རང་དབང་ནི་ཞེས་སྨྲ་སྟེ། དབང་པོའི་རྗེས་སུ་མི་འཇུག་པའོ། །དེས་ན་གོམས་པ་ལས་གསལ་བ་ཡིན་ཡང་ཡིད་ཀྱི་

ཤེས་པ་དེའི་ཡུལ་དུ་ཐམས་ཅད་འགྱུར་བ་མ་ཡིན་ཏེ། དེ་དབང་པོའི་རྗེས་སུ་འབྲངས་པས་ན་ངེས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །འོ་ན་ལུང་ལ་བརྟེན་པ་ཡིན་གྱི་རྣམ་ཤེས་གསལ་བ་ལས་ནི་ཐམས་ཅད་ཡུལ་དུ་འགྱུར་རོ་སྙམ་ན། ལུང་ལ་བརྟེན་པ་ཁས་ལེན་ན། ཡིད་ཀྱི་རྣམ་པར་

ཤེས་པ་འདི་ཐམས་ཅད་ཀྱི་ཡུལ་ཅན་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། འཁྲུལ་པ་ཉིད་དུ་ཡང་ཐལ་བར་འགྱུར་ཏེ། ཕྱི་རོལ་གྱི་དོན་དང་འབྲེལ་པ་མེད་པའི་ཕྱིར་རོ། །ལུང་གིས་ནི་ཁམས་གསུམ་གྱི་ཁོངས་སུ་གཏོགས་པའི་རིགས་མཐའ་དག་སྟོན་པ་ཡང་མ་ཡིན་གྱི། འོན་ཀྱང་ཉེ་

Vol. 184 · folio 41b

བར་མཁོ་བས་འབའ་ཞིག་ཁོ་ན་ཡིན་ནོ། །དེས་ན་དེ་ལ་བརྟེན་པའི་ཡིད་ཀྱི་རྣམ་པར་ཤེས་པས་གོམས་པ་ལས་ཚད་མའམ། ཡུལ་ཐམས་ཅད་གསལ་བ་ཉིད་ཇི་ལྟར་སྐྱེད་པར་བྱེད། དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡང་རྒྱུ་མ་ཡིན་ནོ། །འོ་ན་རྗེས་སུ་དཔག་པས་ཐམས་ཅད་

བཟུང་ནས་བསྒོམ་པར་འགྱུར་བ་ནི་འཁྲུལ་པ་མ་ཡིན་ནོ། །སྙམ་པའི་དོགས་པ་སེལ་བས། བཞི་པས་སུན་འབྱིན་པར་བྱེད་པ་ནི། རྗེས་སུ་དཔག་པས་ནི་རང་ཉིད་ཀྱི་ལྐོག་ཏུ་གྱུར་པའི་དོན་གྲུབ་མ་ཡིན་ཏེ། རྟགས་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་ཐམས་

ཅད་བསྒྲུབ་པའི་རྗེས་དཔག་མེད་པ་དང་། ཐམས་ཅད་ཀྱི་ཡུལ་ཅན་གྱི་བསྒོམ་པ་མེད་པས་སོ། །དེའི་ཕྱིར་རྗེས་སུ་དཔག་པ་ཡང་རྒྱུ་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟར་རྒྱུ་མི་དམིགས་པས་ཐམས་ཅད་མཁྱེན་པ་མེད་པ་པ་ཉིད་དུ་བསྒྲུབས་ནས་མི་བཟོད་པས་ཅི་རུང་བ་སྨྲོས་ཤིག །

བསྟན་བཅོས་དང་མཚོན་ཆའི་ཐབས་དང་། བཟོ་ལ་སོགས་པ་དང་། དེར་རབ་ཀྱི་མཐར་ཐུག་པའི་བློ་ཅན་ནི་རེ་ཞིག་མཐོང་བ་ཡིན་པ་དེ་བཞིན་དུ་དོན་གཞན་ལ་ཡང་འགྱུར་བ་ཡིན་ནོ་སྙམ་པའི་དོགས་པ་སེལ་བས། དེས་ནི་སྲིད་པ་ཙམ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། བསྟན་བཅོས་ལ་སོགས་

པ་ཞེས་བྱ་བའོ། །དོན་འདི་ཡིན་ཏེ། མཐོང་བའི་བསྟན་བཅོས་ལ་སོགས་པ་ནི། ངོ་མཚར་ལ་སོགས་པས་གོམས་པར་བྱེད་པ་སྲིད་པས་བློ་རབ་ཏུ་འགྱུར་བ་ཡང་སྲིད་ཀྱི་མ་མཐོང་བ་ལ་རེ་བ་སུ་ཡོད། རྣམ་པ་གཞན་གྱིས་ཀྱང་དེ་ངེས་པ་མེད་དོ་ཞེས་སྟོན་པ་ནི། དེའི་ཤེས་བྱ་ཞེས་བྱ་བ་ལ་

སོགས་པའོ། །དེ་ངེས་པའི་རྒྱུའི་ཚིག་ཀྱང་མེད་དོ་ཞེས་སྟོན་པ་ནི། གང་ཞིག་ཆགས་པ་དང་ཞེས་བྱ་བའོ། །དོན་འདི་ཡིན་ཏེ། ཚིག་རྣམས་ནི་འདོད་ཆགས་ལ་སོགས་པ་དང་། རྣམ་པར་རྣམ་པ་དང་། འབྲེལ་པ་ཡིན་ལ་ཐམས་ཅད་མཁྱེན་པ་ནི་ཁྱེད་ཉིད་ཀྱིས་དེ་དང་བྲལ་བར་འདོད་པ་

ཡིན་ནོ། །དེས་ན་དེ་ལ་ཚིག་སྲིད་པ་མ་ཡིན་ནོ། །གཡར་པོ་ནི་བརྙས་པ་སྟེ། དེས་བྱས་པ་ནི་གཡར་པོའོ། །དེས་སམ་དེ་བརྒྱན་པའི་དེ་ལྟར་བྱེད་པ་པོ་དང་། ཤེས་པར་བྱེད་པ་མེད་པའི་ཕྱིར། མེད་པ་དང་མ་ངེས་པར་སྒྲུབ་པ་ཡིན་ནོ། །རྒྱུ་མི་དམིགས་པ་མེད་ཀྱང་ཐམས་ཅད་རིག་པ་མི་

Vol. 184 · folio 42a

འཐད་དོ། །དེ་ལྟར་རིམ་གྱིས་སམ་ཅིག་ཅར་ཐམས་ཅད་ཤེས་པར་འགྱུར་ན། དེ་ལ་རེ་ཞིག་རིམ་གྱིས་ནི་མ་ཡིན་ནོ་ཞེས་སྟོན་པ་ནི། བྱུང་གྱུར་ཞེས་བྱ་བའོ། །སོ་སོར་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་རང་བཞིན་གྱིས་སོ། །རེ་རེས་ཞེས་བྱ་བ་ནི་གཅིག་གཅིག་

གོ། །རྒྱ་མཚོ་ལ་སོགས་པ་རེ་རེ་ནས་བསྟན་པའི་ཕྱིར། དེ་ཡོངས་སུ་ཤེས་པ་ཉིད་ཡིན་ལ་དེ་བཞིན་དུ་ཡང་ངེས་པར་བྱའོ་སྙམ་ན། ཕྱོགས་གཅིག་ཡོངས་སུ་ཤེས་པ་ནི་ཞེས་སྨྲས་ཏེ། ཚིག་ལས་ཕྱོགས་གཅིག་ཡོངས་སུ་ཤེས་པར་རྗེས་སུ་དཔོག་པར་ནི་སུ་ལ་མེད་པ་ཞེས་བྱ་བར་འགྱུར་

ཏེ། ཐམས་ཅད་ལ་ཡོད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་གཞན་ལ་རྣམ་པ་དེ་འདྲ་བའི་ཚིག་མེད་པ་མ་ཡིན་ནམ། དེས་ན་ཇི་ལྟར་ཕྱོགས་གཅིག་ཡོངས་སུ་ཤེས་པ་རྗེས་སུ་དཔོག་ཅེ་ན། སྐྱེས་བུ་ཞེས་སྨྲས་སོ། །ངེས་ན་ཕྱོགས་གཅིག་ཡོངས་སུ་ཤེས་པ་ཡོད་པས་ཐམས་ཅད་

ཐམས་ཅད་རིག་པ་ཉིད་དུ་འགྱུར་རོ། །གལ་ཏེ་བསྟན་བཅོས་ལ་སོགས་པ་གཅིག་ཉིད་གོམས་པར་བྱེད་པ་ན། འདོན་པ་པོ་རྣམས་ཀྱི་ཤེས་རབ་དང་ཡིད་གཞུངས་པ་ལ་སོགས་པ་ཆུང་ངུ་དང་འབྲིང་དང་ཆེན་པོ་ཐ་དད་པར་མཐོང་བ་མ་ཡིན་ནམ། དེ་བཞིན་དུ་རབ་ཀྱི་མཐར་ཕྱིན་པའི་ཤེས་

པ་ཡང་ཡོད་པར་འགྱུར་རོ་སྙམ་ན། ཁྱད་པར་དང་ལྡན་པ་ཞེས་སྨྲས་སོ། །ཤིན་ཏུ་ཞེས་བྱ་བ་ཚིག་ཕྲད་ཀྱི་ཚོགས་ནི་ལྷགས་པའི་དོན་ཏོ། །འོན་ཏེ་ཕྱོགས་གཅིག་ཡོངས་སུ་ཤེས་པས་ནི། ཐམས་ཅད་མཁྱེན་པ་ཉིད་མ་ཡིན་གྱི། འོན་ཀྱང་ཕྱོགས་གཅིག་གི་དེ་ཁོ་ན་མངོན་

དུ་བྱས་པའི་ཕྱིར་རོ་སྙམ་ན། ཕྱོགས་གཅིག་དེ་ཉིད་ཅེས་སྨྲས་སོ། །འདི་ནི་ཞེས་བྱ་བ་ཕྱོགས་གཅིག་གི་ཁོ་ན་ཤེས་པ་ནིའོ། །གཞན་ལ་ཞེས་བྱ་བ་ནི་རི་རབ་ལ་སོགས་པ་ལ་འཁྲུལ་པའི་རྒྱུ་ཡིན་ཏེ། དེའི་ཡུལ་ཅན་གྱི་ཤེས་པ་ཡོད་པ་ལ་ངེས་པ་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཅིག་

ཅར་གྱི་ཕྱོགས་ལ་བརྗོད་པ་ནི། ཅིག་ཅར་ཞེས་བྱ་བའོ། །ཅིའི་ཕྱིར་མ་ཡིན་ཞེ་ན། དོན་གང་ལ་ཤེས་པ་ཡོངས་སུ་རྫོགས་པའི་དོན་དེ་འཁོར་བ་འདིར་ཐོག་མ་ཡིན་པར་བརྗོད་དོ། །འདི་ལ་དོན་འདི་ཡིན་ཏེ། གལ་ཏེ་འཁོར་བ་ཐོག་མ་མེད་པ་ཉིད་ཡིན་ན། དེའི་ཚེ་ཐམས་ཅད་

Vol. 184 · folio 42b

རིག་པ་མེད་དོ། །འོན་ཏེ་ཐམས་ཅད་རིག་པ་ཡོད་ན་དེའི་ཚེ་རང་གི་གཞུང་ལས་གྲུབ་པའི་ཐོག་མ་མེད་པ་མ་ཡིན་ནོ་ཞེས་བྱ་བའོ། །གྲུབ་པའི་མཐར་ནི་བསམ་པ་འདི་ཡིན་ཏེ། ཅི་འདྲ་བའི་ཐམས་ཅད་མཁྱེན་པ་ལ་སྐྱོན་འདི་དག་ཡོད་པ་དེ་འདྲ་བ་ནི་བསྒྲུབ་པར་མི་འདོད་དེ། ཁོ་བོ་

ཅག་ནི་ངན་འགྲོ་དང་འཁོར་བས་འཇིགས་པས། དེ་སྤོང་བ་ལ་ཉེ་བར་མཁོ་བའི་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པའི་ཉེ་བར་སྟོན་པ་པོ་མངོན་པར་འདོད་པ་ཡིན་ནོ། །དེ་ལ་ནི་འདི་འདྲ་བའི་སུན་འབྱིན་པ་ཡོད་པ་མ་ཡིན་ལ། དེ་ལ་ནི་བྱེད་པ་པོ་དང་། ཤེས་པར་བྱེད་པའི་གཏན་

ཚིགས་ཀྱང་གྲུབ་པ་ཡིན་ནོ་ཞེས་བྱ་བའོ། །ཐམས་ཅད་ཐམས་ཅད་རིག་པ་རིག་པའི་ཕྱོགས་ལ་ནི་སུན་འབྱིན་པ་འདི་དག་ཡོད་པ་མ་ཡིན་ནོ་ཞེས་ཕྱིས་སྟོན་པར་འགྱུར་རོ། །ངེས་བཤད་ནན་ཏན་བྱས་པའི་ཕྱིར། །ཞེས་བྱ་བ་དེ་ནི་ངེས་བཤད་པ་རྗེས་སུ་བསྒྲུབ་པའི་དོན་དུའོ། །གཞན་རྗེས་སུ་

བསྒྲུབ་པར་འདོད་པས་ཞེས་བྱ་བ་ནི་ཐར་པ་ལ་སོགས་པའི་ལམ་མོ། །གཞན་ཤེས་པ་ཞེས་བྱ་བ་ནི་རྒྱ་མཚོ་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་གྲངས་ལ་སོགས་པའོ། །གང་གི་དེའི་ཉེ་བར་སྟོན་པ་བརྗོད་པར་འགྱུར་བ། དེ་ཡོངས་སུ་ཤེས་པ་ན་གདོན་མི་ཟ་བར་ཐར་པའི་ཤེས་པ་གྲུབ་པ་

ཡང་མ་ཡིན་ནོ་ཞེས་བཤད་པ་ནི་དེ་ངེས་ཀྱང་ཞེས་བྱ་སྟེ། གྲངས་དེ་ལས་ཀྱང་དེ་གདོན་མི་ཟ་བར་ངེས་པ་ནི་མི་འཐད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་སྲིན་བུའི་གྲངས་ལ་སོགས་པ་ཁོ་ན་ཤེས་པ་བྱ་དགོས་སོ་ཞེས་བྱ་བ་འདི་ལ་ངེས་པ་ཅི་ཡོད། ཐམས་ཅད་ཤེས་པ་ན་མངོན་པར་

འདོད་པ་ཡང་ཤེས་པར་འགྱུར་བ་ཡིན་ནོ་ཞེ་ན། སུན་འབྱིན་པ་ནི་མ་ཡིན་ཏེ་ཞེས་བྱ་བ་སྟེ་ངེས་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། སྲིན་བུའི་གྲངས་ལ་སོགས་པ་ཐམས་ཅད་དུ་འཛིན་པའི་ཤེས་པ་ཡོད་པས་ཤེས་པ་སྟེ། ངེས་པ་མེད་པའི་ཕྱིར་ཏེ་རྟགས་མེད་པའི་ཕྱིར་རོ། །

དེ་ཉིད་ཅེས་བྱ་བ་ནི་འདོད་པ་ཉིད་དོ། །ཤེས་པར་བྱ་བ་ནི་གཞན་ལ་ཉེ་བར་བསྟན་པའི་དོན་དུ་ཤེས་པར་འོས་པ་ཡིན་ནོ། །གལ་ཏེ་སྟོན་པ་པོ་ལ་འདོད་པའི་ཤེས་པ་ཡོད་མོད། འདི་ཚད་མ་གང་གི་ཚེ་ཡིན་ཞེ་ན། གལ་ཏེ་དེ་ཤེས་པ་ན་ཞེས་སྨོས་སོ། །དེ་ལས་དེ་ཉེ་བར་སྟོན་པ་པོའི་ཐད་ནས་

Vol. 184 · folio 43a

མི་ཤེས་པ་གང་དག་ཡིན་པ་དེ་དག་གིས་དེའི་ཚེ་དེའི་ཡུལ་གྱིས་ཤེས་པ་ཤེས་པས་ན་སྟེ། མངོན་པར་འདོད་པའི་ཡུལ་ཅན་གྱི་ཤེས་པ་ཡོངས་སུ་ཤེས་པས་ན་འདི་མི་ཤེས་པ་རྣམས་ཀྱི་ཚད་མ་ཉིད་ཡིན་ཏེ། གལ་ཏེ་དེ་ལྟར་ཤེས་ན་གདུལ་བྱ་རྣམས་ཀྱི་ཚད་མ་

ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ལ་ཡང་ཞེས་བྱ་བ་ནི་རྡུལ་ཕྲ་རབ་ཀྱི་གྲངས་ལ་སོགས་པ་ཡང་ངོ་། །གལ་ཏེ་འདི་མངོན་པར་འདོད་པ་ཙམ་རིག་པས་ཚད་མ་ཡིན་ན། དེའི་ཚེ་མངོན་པར་འདོད་པ་རིག་པ་གཞན་དག་ཀྱང་ཚད་མར་འགྱུར་རོ་སྙམ་ན། སྐྱེས་

བུའི་དོན་གྱིས་ཞེས་སྨོས་སོ། །སྐྱེས་བུའི་དོན་གྱིས་གཙོ་བོ་ཤེས་པ་ཞེས་བྱ་བས་ནི་བྱང་གྲོལ་གྱི་མཚན་ཉིད་ཀྱི་བསྒྲུབ་བྱ་ཤེས་པ་བརྗོད་དོ། །སྐད་ཅིག་འཇིག་པ་དང་། བདག་མེད་པ་ལ་སོགས་པ་ཚད་མས་ཡོངས་སུ་དག་པ་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་དུ་

གྱུར་པའི་དེ་ཁོ་ན་ཤེས་པ་ཞེས་བྱ་བ་འདིས་ནི་བྱང་གྲོལ་གྱི་ལམ་དེ་ཁོ་ན་ཡོངས་སུ་ཤེས་པ་བརྗོད་དོ། །དེ་ཉིད་ཚད་མ་ཡིན་གྱི་ཞེས་བྱ་བ་ནི་མངོན་པར་འདོད་པ་ཙམ་རིག་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་དེ་ལྟ་བུར་གྱུར་པ་ཁོ་ན་ཚད་མ་ཡིན་ཞེ་ན། འདི་དེ་ཙམ་གྱི་ཞེས་བྱ་བ་སྐྱེས་བུའི་དོན་དང་ཚད་

མས་ཡོངས་སུ་དག་པ་ཐམས་ཅད་ཀྱི་དེ་ཁོ་ན་ཡོངས་སུ་ཤེས་པ་ཙམ་གྱིས་ཉེ་བར་བརྟེན་པར་བྱ་བ་ཡིན་གྱི་སའི་དབྱིབས་ལ་སོགས་པ་མངོན་པར་འདོད་པ་ཙམ་ཤེས་པས་ནི་མ་ཡིན་ནོ། །ལྷག་མ་ཞེས་བྱ་བ་ནི་མངོན་པར་འདོད་པ་ཙམ་ཤེས་པའོ། །དེའི་ཕྱིར་སྐྱེས་བུའི་དོན་གྱི་གཙོ་བོ་

དང་། ཚད་མས་ཡོངས་སུ་དག་པས་ཐམས་ཅད་ཀྱི་དེ་ཁོ་ན་དག་ཤེས་པར་བྱེད་པ་ཁོ་ན་ཚད་མ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་གཉིས་ཤེས་པ་ཉིད་དོ། །གང་ལ་སྲིད་ཅེ་ན་ཞེས་བྱ་བ་ནི་དྲི་བའོ། །ལན་ནི་གང་གིས་ཉེ་བར་བསྟན་པའོ་ཞེས་བྱ་བའོ། །ཚིག་མེད་པར་ནི་གཞན་གྱིས་

ཡོངས་སུ་ཤེས་པའི་སྤྱོད་ཡུལ་ངེས་པར་བཟུང་བ་ལ་ཡང་དག་པའི་ཐབས་གཞན་ཡོད་པ་མ་ཡིན་ནོ། །ཚད་མས་མཐོང་བ་ཞེས་བྱ་བ་ནི་འགྲོ་བའི་དོན་དེ་ཁོ་ནའོ། །གཞན་ཉིད་ཅེས་བྱ་བ་ནི་འཇིག་རྟེན་གྱི་དབྱིབས་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན། འཇིག་རྟེན་གྱི་དབྱིབས་ལ་སོགས་པ་དེ་ལ་ཡང་

Vol. 184 · folio 43b

མི་ཤེས་པ་ཞེས་བྱ་བ་མངོན་དུ་མ་བྱས་པ་སྲིད་པའི་ཕྱིར་རོ། །མེད་པའི་བློ་གང་ལ་ཡོད་པ་ནི་མེད་པའོ། །ཐམས་ཅད་ལ་ཞེས་བྱ་བ་ནི་ཐར་པ་ལ་སོགས་པའི་ལམ་ལ་ཡང་སྟེ། དངོས་པོའི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པ་མ་ཡིན་པར་ཁས་བླངས་པའི་ཕྱིར་རོ། །གཞན་ལ་

ཡང་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་ཡང་ངོ་། །འདི་ལ་ཡང་ཞེས་བྱ་བ་ནི་ཐར་པའི་ལམ་ལ་ཡང་ངོ་། །གྲུབ་པའི་མཐར་ནི་དགོངས་པ་འདི་ཡིན་ཏེ། རྟག་པ་ལ་སོགས་པའི་དེ་ཁོ་ན་དང་། རྫས་དང་ཡོན་ཏན་ལ་སོགས་པའི་གཞལ་བྱ་ལ་ནི་ཚད་མའི་གནོད་པ་

ཡོད་པར་ངེས་པའི་ཕྱིར་དེ་དག་ཉེ་བར་སྟོན་པ་བརྒྱུད་པ་ཉིད་སྐྱབས་ཡིན་ནོ། །དེས་ན་འཇིག་རྟེན་གྱི་དབྱིབས་ལ་སོགས་པ་ལ་ཡང་དེ་ཉིད་དོགས་པར་བྱ་བ་ཡིན་ནོ། །བཅོམ་ལྡན་འདས་ལ་ནི་གལ་ཏེ་དངོས་པོ་ཐམས་ཅད་ཡོངས་སུ་ཤེས་པར་ཐེ་ཚོམ་ཟར་བཅུག་པ་དེ་ལྟ་ན་ཡང་བདག་

མེད་པ་ལ་སོགས་པའི་དེ་ཁོ་ན་དང་། གཞལ་བྱའི་སྤྱི་ཕུང་པོ་ལྔ་ལ་སོགས་པ་ལ་ཚད་མ་གྲུབ་པའི་སྟོབས་ཀྱིས་གཞལ་བྱའི་ཁྱད་པར་འཇིག་རྟེན་གྱི་དབྱིབས་ལ་སོགས་པ་དང་། རྡུལ་ཕྲ་རབ་ཀྱི་གྲངས་ལ་སོགས་པ་ཡོངས་སུ་ཤེས་པ་སྲིད་པ་མི་འགལ་ཏེ། གཙོ་བོའི་དོན་མི་སླུ་བའི་ཕྱིར་རོ། །དེས་ན་བཅོམ་

ལྡན་འདས་ཁོ་ན་ཚད་མ་ཡིན་ནོ། །དངོས་པོ་ནི་སྐད་ཅིག་མ་ཉིད་ལ་སོགས་པ་ཉེ་བར་བསྟན་པའོ། །དེ་ལ་ཞེས་བྱ་བ་ནི་ཚད་མས་ཡོངས་སུ་དཔྱད་པ་ལའོ། །མ་ཤེས་པ་ཡིན་པར་དོགས་པ་ཞེས་བྱ་བ་ནི་ཉེ་བར་སྟོན་པ་པོ་མ་ཤེས་པ་ཡིན་པར་དོགས་པ་གང་ཡིན་པའོ། །ཅི་ལྟར་ཞེས་བྱ་བ་ནི་འགོག་

པ་སྟེ་དེ་ལ་ཉེ་བར་སྟོན་པ་པོ་ཡོངས་སུ་ཤེས་པ་པོ་ཡིན་པར་ངེས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འདི་ལ་ཤེས་པ་ཡིན་པར་མ་ངེས་ཀྱང་སྟོན་པ་མ་ཡིན་ནོ་ཞེས་བྱ་བར་སྟོན་པ་ནི་དེ་ལ་ཉེ་བར་སྟོན་པ་པོ་མ་ཤེས་པ་ཡིན་པར་དོགས་སུ་ཆུག་པ་ཞེས་འབྲེལ་ཏོ། །མ་ཤེས་པ་ཡིན་པར་དོགས་པ་དེ་

ལྟ་ན་ཡང་མི་རྟག་པ་ཉིད་ལ་སོགས་པ་དེ་ལའོ། །ཅིའི་ཕྱིར་ཞེ་ན། ཚད་མས་ཞེས་གསུངས་ཏེ། དེ་བཞིན་དུ་གཞན་གྱིས་ཉེ་བར་བསྟན་པ་རྟག་པ་ཉིད་ལ་སོགས་པ་ལ་ནི་འཇུག་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །གལ་ཏེ་དེ་སྐད་ཅིག་མ་ཉིད་ལ་

Vol. 184 · folio 44a

སོགས་པ་ཉེ་བར་བསྟན་པ་ཚད་མས་མཐོང་དུ་ཆུག་པ་དེ་ལྟ་ན་ཡང་ཉེ་བར་སྟོན་པ་པོ་ལ་དེ་མངོན་དུ་བྱེད་པ་ཡོད་དོ་ཞེས་བྱ་བ་ནི་ངེས་པ་མ་ཡིན་ཏེ། དེའི་ཉེ་བར་བསྟན་པ་ནི་སྲིན་བུའི་ཡི་གེ་བཞིན་དུ་འགྱུར་སྲིད་པའི་ཕྱིར་རོ་སྙམ་ན། འདི་ལ། ཤེས་པ་ཡོངས་

སུ་དག་མེད་པར། །བརྗོད་པ་ཡོངས་སུ་དག་པ་མེད། །ཅེས་འཆད་པར་གྱུར་པའི་ལན་བཞག་སྟེ་གཞན་གསུངས་པ་ནི་དེ་ནི་འདིར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཚད་མས་མཐོང་བ་གང་ཡིན་པ་སྟེ། སྟོན་པ་ཞེས་བྱ་བའི་དོན་ཏོ། །ཞི་བས་ལྷ་ཞེས་པ་སྐྱེས་པ་གང་གིས་སོ། །

གཞན་དེའོ། །ཁྱབ་འཇུག་དང་། བདེ་བྱེད་དང་། དབྱིག་གི་སྙིང་པོ་ལ་སོགས་པའི་མུ་སྟེག་པ་དག་ལ་ཡོངས་སུ་ཤེས་པ་བཙིར་ཡང་ཅི་ཡོད། དེ་མེད་པ་ཁོ་ནའོ། །དེ་དག་ལ་ནི་ཁྱད་པར་དུ་ཡང་ཡོངས་སུ་ཤེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཞེས་བྱ་བ་ནི་མཇུག་སྡུད་

པའོ། །གལ་ཏེ་ཡང་བཅོམ་ལྡན་འདས་དང་གཞན་ལ་མངོན་དུ་བྱེད་པར་ཐེ་ཚོམ་ཟ་བ་ཁྱད་པར་མེད་པ་དེ་ལྟ་ན་ཡང་བཅོམ་ལྡན་འདས་ཁོ་ན་ཚད་མ་ཡིན་ཏེ། ཚད་མ་དང་ལྡན་པའི་དོན་གསུངས་པའི་ཕྱིར་རོ། །གཞན་ནི་མ་ཡིན་ཏེ་བཟློག་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །འོ་ན་ད་ནི་

གང་གིས་བསྟེན་པར་བྱ་བར་འགྱུར་བ་འདི་ལས་འབྲས་བུ་ལྷག་པ་ཅི་ཞིག་འཐོབ་ཅེ་ན། བདེན་ཏེ། བྱས་པ་ཤེས་པས་སམ། བསོད་ནམས་མངོན་པར་འདོད་པས་ཡིན་པའི་ཕྱིར་སྐྱོན་མེད་དོ། །མཐོ་རིས་ཞེས་བྱ་བ་ནི་བསྡུ་བའོ། །གལ་ཏེ་མཐོ་རིས་ཀྱི་ལམ་ལ་ཚད་མའི་བྱེད་པ་

མེད་པ་དེ་ལྟ་ན་ཡང་དེ་ཡོངས་སུ་ཤེས་པ་སྲིད་པ་བསྟན་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཐིགས་པའི་ཚད་ལ་སོགས་པ་གཞན་ནི་ཡོངས་སུ་ཤེས་པ་མེད་ཀྱང་བཅོམ་ལྡན་འདས་དེའི་མཐོ་རིས་ལ་སོགས་པའི་ལམ་ཤེས་པ་དེ་ནི་སྲིད་པ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་བུའི་མི་ཚད་མ་ཡིན་

པ་དེའི་ཕྱིར་དེའི་ཡེ་ཤེས་ནི་ཞེས་བྱ་བ་ལ་སོགས་པ་ནི་རྣམ་འགྲེལ་ལོ། །ཆོས་ཀྱི་དངོས་པོའི་དེ་ཁོ་ན་ཉིད་དམ། བླང་བྱ་དང་སྤང་བྱའམ། མངོན་པར་མཐོ་བའི་སྒྲུབ་བྱེད་ཤེས་པ་ནི་ཆོས་མཁྱེན་ནོ། །ཀུན་ཞེས་བྱ་བ་ནི་སྦས་པ་ཤེས་པ་ལ་སོགས་པའོ་དེ་ཉིད་ཀྱི་ཕྱིར་ཐམས་ཅད་ཐམས་

Vol. 184 · folio 44b

ཅད་རིག་པའི་ཕྱོགས་ལ་བརྗོད་པའི་སྐྱོན་ནི་ཁས་མ་བླངས་པ་ཉིད་ཀྱིས་བསལ་བ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ནི་རིགས་བྱེད་པ་པོའི་ཐུག་པ་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་གཅིག་ཉིད་དུ་རྣམ་པར་གནས་པར་མི་འགྲུབ་པར་འགྱུར་རོ། །དེ་ལྟ་ཡིན་པ་ལ་ཉེས་པ་བརྗོད་

པ་ནི་དེ་ལྟར་འགྱུར་བ་ཡང་མ་ཡིན་ཏེ་ཞེས་བྱའོ། །གྲུབ་པའི་མཐའ་ཐམས་ཅད་ཅེས་སྐབས་སུ་བབ་པ་ཕྱོགས་གཅིག་གི་ཁྱད་པར་ཡིན་ཏེ་གང་སུ་ཡང་རུང་སྟེ། ཤེས་བྱའི་ཕྱོགས་གཅིག་རིག་པར་བྱེད་པ་དེ་ཐམས་ཅད་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་མ་ཡིན་སྙམ་དུ་

དོགས་པ་སེལ་བས་རྣམ་འགྲེལ་རྣམ་པར་འགྲེལ་བ་ནི། གང་གི་ཕྱིར་ཞེས་བྱ་བའོ། །བླང་བ་དང་དོར་བ་ལ་ཕྱོགས་གཅིག་ཉིད་ཡིན་ནོ་སྙམ་ན། སྐྱེས་བུའི་དོན་གྱིས་མཚན་ཉིད་ཕྱོགས་གཅིག་ཅེས་གསུངས་སོ། །དགག་པ་ནི་འཕེན་པའི་དོན་ནམ་ཆུང་བའི་དོན་ཏོ། །གང་ལ་སྐྱེས་བུའི་

དོན་ཙམ་མེད་པར་བླང་བྱ་དང་དོར་བྱའི་དེ་ཁོ་ན་ཉིད་དེ་ཡང་གང་ཡིན་སྙམ་ན། དེ་ལ་ཞེས་གསུངས་སོ། །འདིས་ནི་འཁོར་བའི་སྡུག་བསྔལ་དང་། དེའི་རྒྱུ་དང་། འཁོར་བ་ཞི་བ་དང་ཞི་བའི་ཐབས་བསྟན་པ་ཡིན་ནོ། །དེ་ལ་སྡུག་བསྔལ་གྱི་རྒྱུ་བརྗོད་པ་ནི་རབ་ཏུ་ཞི་བའི་ཐབས་དང་དེ་

འགལ་བར་བསྟན་པའི་ཕྱིར་རོ། །དེས་ན་སྐྱེས་བུའི་དོན་མཆོག་བསྟན་ཏོ། །དེ་བས་ནི་མངོན་པར་མཐོ་བ་དམན་ལ། དེ་བས་ཀྱང་ཆེས་འཇིག་རྟེན་འདིའི་བདེ་བ་དམན་པའོ། །དེ་ལ་དང་པོ་ལ་ནི་ཚད་མའི་བྱེད་པ་སྟོན་པར་འགྱུར་རོ། །གཉིས་པ་ལ་ཚུལ་ཇི་ལྟར་འགྱུར་སྙམ་ན་མཐོ་

རིས་ཀྱི་ལམ་ཡང་ཞེས་གསུངས་སོ། །གང་ཞིག་ཚད་མས་གཅོད་པར་སྲིད་པ་དེ་གང་གིས་རིག་པར་བྱེད་པ་དེ་ནི་ཚད་མ་ཡིན་ནོ་ཞེས་འབྲེལ་ཏེ། ཚད་མ་སྲིད་པར་བརྗོད་པ་ནི་ཡོད་པར་ལྷག་པར་མོས་པའི་དོན་དུ་ཡིན་ནོ། །དངོས་པོ་ཡོད་པ་ཁོ་ན་ལས་འགའ་ཞིག་གི་ཚེ་ཚད་མ་

རྙེད་པར་སྲིད་ཀྱི་མེད་པ་ལ་ནི་མ་ཡིན་ནོ། །ཡོད་པར་ཡིད་ཆེས་པ་དེ་ཡང་སྐྱེས་བུའི་དོན་མཆོག་ཏུ་འགྱུར་བ་ངེས་པར་ལེགས་པའི་ཡན་ལག་ལ་བཅོམ་ལྡན་འདས་ཀྱི་བཀའ་སླུ་བ་མེད་པར་མཐོང་བ་ལས་འགྱུར་རོ། །གལ་ཏེ་འཇིག་རྟེན་འདི་པ་ཡང་འབྲས་བུར་འདོད་པ་མ་ཡིན་ནམ། བཅོམ་

Vol. 184 · folio 45a

ལྡན་འདས་ཀྱིས་གསུངས་པ་དེ་མེད་པ་ཡིན་ནམ་ཅི་ཞེ་ན། བུད་མེད་དང་དམངས་རིགས་ཞེས་གསུངས་ཏེ། རྣམ་པར་དཔྱོད་པ་དང་མི་ལྡན་པ་མཚོན་པ་ལྷུར་བྱེད་པ་ཙམ་མོ། །གཞན་ཡང་ཞེས་བྱ་བ་ནི་དུག་སེལ་བ་ལ་སོགས་པའོ། །མེད་པ་མ་ཡིན་ནོ་ཞེས་

བྱ་བ་འདིས་ནི་མི་ལྡན་པ་རྣམ་པར་གཅོད་པའི་ཕྱིར་ན་འདི་ནི་འདོད་རྒྱལ་དུ་ཡང་བྱའོ། །འབྲས་བུ་སྔ་མ་དག་ཁོ་ན་ལ་འབད་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །ནིའི་སྒྲ་ནི་ཁྱད་པར་ལ་ལྟོས་ནས་སོ། །གང་ཕྱིར་སྐྱེས་བུའི་དོན་གྱི་གཙོ་བོ་རིགས་པ་ཚད་མ་མ་ཡིན་པར་མི་འཐད་པ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་

པའོ། །ཨེ་ཏ་ཞེས་བྱ་བ་ནི་ཚུར་ཤོག་ཅིག་པའོ། །རིང་པོ་མཐོང་བ་ཉིད་ལས་ཐམས་ཅད་མཐོང་བར་གྲུབ་པ་མ་ཡིན་ནམ། དེས་ན་ཁྱེད་ཇི་ལྟར་རིང་པོ་མཐོང་བ་ལ་མི་རྩི་སྙམ་ན། རིང་པོ་མཐོང་བ་ཡོད་དོ་ཞེས་གསུངས་སོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ནི་གལ་ཏེ་རིང་པོ་མཐོང་བས་ཐམས་ཅད་

རིག་པར་འགྲུབ་ན། དེའི་ཚེ་བྱ་རྒོད་ལ་སོགས་པ་ཡང་ཐམས་ཅད་རིག་པ་དེ་ཡིན་ཏེ། རིང་པོ་མཐོང་བ་ཡོད་པའི་ཕྱིར་རོ། །ཐམས་ཅད་ཤེས་སོ་སྙམ་པའི་བློ་ནི་ཐམས་ཅད་ཤེས་པའི་ཤེས་བྱ་ཤེས་པ་ལས་འགྱུར་བ་ཡིན་ནོ། །ཐམས་ཅད་ཤེས་པའི་ཤེས་བྱ་མ་ཤེས་ན་ནི་འདིས་ཐམས་ཅད་

ཤེས་སོ་ཞེས་བྱ་བ་འདི་ལ་བདག་ཅག་ལ་ཐབས་ཡོད་པ་མ་ཡིན་པ་ཉིད་དོ། །གཞལ་བྱའི་ཕྱོགས་གཅིག་ཡོངས་སུ་ཤེས་པ་ལས་ཀྱང་མཐའ་དག་ཤེས་པ་ཉིད་དུ་སྲིད་པ་ཡང་བདག་ཅག་ལ་མེད་དོ་ཞེས་བཤད་པ་ནི། དེ་ཡི་ཕྱོགས་གཅིག་རྣམ་ཤེས་པས། །ཞེས་བྱ་བ་སྟེ། ཤེས་བྱ་མང་པོ་དེའི་

ཕྱོགས་གཅིག་ཤེས་པར་གྱུར་པས་རྣམ་ཤེས་ཞེས་བྱ་བ་སྲིད་པའི་མིང་ཅན་ཤེས་བྱ་གཞན་ཐམས་ཅད་ཀྱི་ཡུལ་ཅན་ནི་དེའི་ཤེས་བྱ་ཉིད་ལ་སྟེ། རིང་པོ་མཐོང་བའི་ཤེས་པ་ཅན་ཉིད་ལ་འགྲུབ་པ་ཡིན་གྱི་བདག་ཅག་ལ་ནི་མ་ཡིན་ནོ། །འགྲེལ་པ་ནི་བུད་མེད་དང་ཞེས་བྱ་བ་ལ་སོགས་པའོ། །གལ་

ཏེ་དེ་ཤེས་ན་ཤིང་ལ་སོགས་པ་ཉིད་ཤེས་པར་འགྱུར་མོད་གཞན་དང་འབྲེལ་པའི་དེ་ཤེས་པ་གོ་ཅི་ལྟར་རྟོགས་ཤེ་ན། ཤིང་ལ་སོགས་པ་ནི་གཞན་དང་འབྲེལ་པའི་རྣམ་པར་ཤེས་པའི་ཁྱད་པར་ཅན་དུ་རྟོགས་པའི་ཕྱིར་རོ། །གཞན་དུ་ན་འདི་འདིས་རྟོགས་སོ་ཞེས་བྱ་བར་མི་འགྱུར་རོ་ཞེས་སྔར་

Vol. 184 · folio 45b

བརྗོད་ཟིན་ཏོ། །འདི་ཉིད་བཤད་པས་ནི་རང་ཉིད་ཀྱིས་ཞེས་བྱ་བའོ། །ཕྱེད་ཕྱི་མ་འགྲེལ་པ་ནི་གཟིགས་པ་རིང་དུ་སོང་བའི་ཆེན་པོ་གང་ཡིན་པ་སྟེ་ཤཱ་རིའི་བུ་ལ་སོགས་པའོ། །གཟིགས་པ་རིང་དུ་སོང་བས་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱི་མཁྱེན་པའི་ཁྱད་པར་ཅན། ཤེས་བྱའི་ཕྱོགས་གཅིག་

ཡོངས་སུ་ཤེས་པའི་རྒྱུ་མཚན་བསྟན་ཏོ། །དེ་དག་གིས་བཅོམ་ལྡན་འདས་ལ་མཐའ་དག་མཁྱེན་པ་སྲིད་པར་རྟོགས་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་ཀྱི་མཁྱེན་པའི་ཁྱད་པར་ཅན་གྱི་ཕྱོགས་གཅིག་ཡོངས་སུ་ཤེས་པ་སྔོན་དུ་འགྲོ་བ་ཅན་ཡིན་གྱི། དེ་དག་གིས་ཀྱང་དོན་དམ་པར་ཐམས་ཅད་

མཁྱེན་པ་ཉིད་རྟོགས་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདག་ཉིད་ཆེན་པོ་རྒྱ་ཆེན་པོ་ནི་རིག་ལ་ཞེས་སྟོན་པར་འགྱུར་རོ། །ཤཱ་རིའི་བུ་ལ་སོགས་པ་དེ་དག་གི་ཡང་ཐམས་ཅད་ཤེས་པ་ཉིད་དེ་ཉིད་སྲིད་པ་དེ་ཡང་། ཤཱ་རིའི་བུ་ལ་སོགས་པ་བས་དམན་པ་གཞན་གྱིས་ཡིན་ནོ། །གཉི་གའི་

མཚན་ཉིད་ཀྱི་ཞེས་བྱ་བ་ནི་ཉེ་བར་མཁོ་བའི་ཐམས་ཅད་མཁྱེན་པ་དང་ཐམས་ཅད་ཐམས་ཅད་མཁྱེན་པའི་མཚན་ཉིད་དོ། །གལ་ཏེ་ཐམས་ཅད་ཐམས་ཅད་རིག་པ་ཉིད་སྤངས་པ་ཁོ་ན་མ་ཡིན་ནམ་འདིའི་རྒྱུ་བཙལ་བས་ཅི་བྱ་ཞེ་ན། མ་ཡིན་ཏེ། དེ་འདྲ་བ་བླ་ན་མེད་པའི་ཡོན་ཏན་ཅན་ལ་མི་འདོད་པ་མེད་

པའི་ཕྱིར་རོ། །འོན་ཀྱང་དེ་ངེས་པ་ཙམ་སྤངས་པ་ཡིན་ནོ། །དཔེར་ན་ཕྱོགས་དང་པོ་ལ་ཚད་མས་མི་སླུ་བ་དང་ལྡན་པའི་ཉེ་བར་བསྟན་པ་ངེས་པའི་རྒྱུ་ཡོད་པ་དེ་བཞིན་དུ། རྡུལ་ཕྲ་རབ་སོ་སོར་རིག་པ་ལ་ནི་མ་ཡིན་ནོ། །གལ་ཏེ་དོན་ཐམས་ཅད་ཉེ་བར་སྟོན་པ་མི་སླུ་བ་དང་ལྡན་པ་ཡོད་ན་ནི་ཕྱོགས་

དང་པོ་ལ་ཇི་ལྟ་བར་འདི་ཉིད་རྒྱུ་སྲིད་པ་ཡིན་ནོ་སྙམ་དུ་དགོངས་པའོ། །སྒྲུབ་པ་གང་ལས་ཡིན་ཏེ་རྒྱུ་མེད་པའི་ཐམས་ཅད་མཁྱེན་པ་ཁས་མ་བླངས་པའི་ཕྱིར་གྲུབ་པ་སྐྱེས་པ་གང་ལས་ཡིན་ཏེ། རྒྱུ་གང་ཡིན་པ་ཞེས་བྱ་བ་ནི་ཚིག་ཙམ་ཐ་དད་པར་ཟད་ཀྱི་སོ་སོར་དོན་གཉིས་ཉེ་བར་བཟུང་བ་ནི་མ་ཡིན་ནོ། །

རྣམ་འགྲེལ་གྱི་ཆ་ལ་འདི་ལྟར་རམ་འདི་ལྟར་ཡང་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དྲི་བ་དང་པོ་ལ་ལན་དུ། སྒྲུབ་བྱེད་ཐུགས་རྗེ་གོམས་པ་ལས། །ཞེས་བྱ་བའོ། །ཚད་མ་གྲུབ་པ་ནི་ཐུགས་རྗེ་གོམས་པ་ལས་འགྱུར་བ་ཡིན་ནོ། །དེ་ཞེས་བྱ་བ་ནི་ཐུགས་རྗེའོ། །བློ་ལུས་ཏེ་བློའི་

Vol. 184 · folio 46a

རང་བཞིན་གང་ཡིན་པ་དེ་ལ་བརྟེན་པའི་ཕྱིར་མངོན་པར་འདོད་པའི་གནས་སྐབས་འཐོབ་པ་ཡིན་ནོ། །འདི་ནི་འདྲི་བ་དང་པོ་ཉིད་ཀྱི་ལན་ཡིན་ནོ་ཞེས་གསལ་བར་བྱེད་པས་ན་འཆད་པ་ནི་ཚད་མ་དེའི་ཞེས་བྱ་བའོ། །གོམས་པའི་ཡན་ལག་དང་བཅས་པ་ཞེས་བྱ་བ་ནི་གོམས་

པ་དང་ལྷན་ཅིག་ཏུའོ། །འདྲི་བ་གཉིས་པ་ལ་ཡང་ལན་འདི་ཉིད་ཡིན་ནོ། །ཡང་ན་ཞེས་བྱ་བ་ནི་སྒྲུབ་བྱེད་ནི་རྒྱུ་སྟེ། སྐབས་ཀྱིས་ན་ཚད་མའི་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་ཐུགས་རྗེས་སོ། །ཐུགས་རྗེ་ཙམ་གྱི་གཞན་གྱི་དོན་སྟོན་པས་གཞན་ལ་ཚད་མར་འགྱུར་བ་ཡིན་ནོ་ཞེས་བཤད་པ་ནི་

ཐུགས་བརྩེ་བ་དང་ལྡན་པ་ནི་ཞེས་བྱ་བའོ། །ཐབས་ནི་གཞན་གྱི་དོན་སྟོན་པའི་ཐབས་ལའོ། །ཐབས་དེ་ཡང་རང་ཉིད་ཚད་མར་གྲུབ་པ་ཡིན་ནོ་ཞེས་བྱ་བ་ནི་རང་ཉིད་ཤེས་བྱ་ཐམས་ཅད་ལ་མངོན་སུམ་གྱི་རང་བཞིན་ཉིད་དུ་གྲུབ་པ་སྟེ། རང་གི་དོན་ཕུན་སུམ་ཚོགས་པ་ཞེས་བྱ་བའི་དོན་ཏོ། །

ཐུགས་རྗེ་དེ་ཉིད་ཅེས་བྱ་བ་ནི་བརྗོད་པར་འདོད་པའི་གནས་ཀྱི་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་ཤེས་པ་མ་ཡིན་ནོ་ཞེས་བྱ་བ་ནི། ཅི་ལྟར་མངོན་པར་འདོད་པའི་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནའོ། །དེའི་ཐབས་གོམས་པ་ནི་ཐམས་ཅད་མཁྱེན་པའི་ཐབས་གོམས་པའོ། །གལ་ཏེ་ཞེས་

བྱ་བ་ལ་སོགས་པ་ནི་ཚུ་རོལ་མཛེས་པ་པ་ཕྱིར་ཟློག་པ་བྱེད་པའོ། །གང་གི་ལུས་མེད་པས་གོམས་པ་མི་འགྲུབ་པ། བློ་ལུས་ལ་བརྟེན་པ་ཡང་ཅི་ལྟར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །ལུས་ཀྱི་བདག་ཉིད་དམ་ཞེས་བྱ་བ་ནི་རང་བཞིན་ཡང་རང་བཞིན་ཅན་ལ་བརྟེན་པ་ཞེས་བརྗོད་པར་

འདོད་པས་སོ། །ཡོན་ཏན་ནི་ཆོས་སོ། །འདིས་ནི་གནས་པ་ཉིད་རྣམ་པ་གསུམ་དུ་བརྗོད་པ་ཡིན་ནོ། །གང་གི་ཕྱིར་ཚུ་རོལ་མཛེས་པ་པ་དེ་ལྟར་རྩོད་པ་དེའི་ཕྱིར་རྣམ་འགྲེལ་མཛད་པས་བཤད་པ་ནིའོ། །དེ་ལ་བཤད་པ་དང་པོའི་ཕྱོགས་ལ་ནི། བློ་ནི་ལུས་ལ་བརྟེན་ཕྱིར་རོ། །ཞེས་བྱ་

བ་ནི་དོན་ཐ་དད་པ་གཉིས་ཀ་ལ་ཡང་སྦྱར་བར་བྱའོ། །གཉིས་པ་ལ་ནི་ཕྱི་མ་ཁོ་ན་དང་ཞེས་བྱ་བ་ནི་ཁྱད་པར་རོ། །ཕྱོགས་སྔ་མའི་ཆ་ནི་རྣམ་པར་བཀྲལ་ཟིན་པའི་ཕྱིར་ན། གྲུབ་པའི་མཐའི་ཆ་རྣམ་པར་འགྲེལ་པ་ནི་སྔ་མའི་ཞེས་བྱ་བའོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་བློ་ནི་ཕྱི་མ་ལ་རྒྱུ་ཉིད་ཀྱིས་

Vol. 184 · folio 46b

ཁྱད་པར་བྱེད་པ་ཡིན་པའི་ཕྱིར་རྗེས་སུ་འཇུག་པའོ། །རྗེས་སུ་འགྲོ་བ་ཡང་ཡིན་ལ་བློ་ཡང་ཡིན་ཞེས་བྱ་བ་ནས་ཕྱིས་སྔ་མ་ཡང་འདི་ཡིན་པས་ཞེས་ཚིག་རྣམ་པར་སྦྱར་རོ། །ལུས་འབའ་ཞིག་བློའི་རྟེན་ཡིན་པ་གང་ཡིན་པ་དེ་བཀག་པའི་ཕྱིར་རོ། །གཞན་དུ་ཡང་ཞེས་བྱ་བ་ནི་རང་བཞིན་ཉིད་དུ་གྱུར་པ་ཡིན་

ཡང་ངོ་། །གཞན་དག་འབྲས་བུ་དང་རང་བཞིན་གྱི་ཕྱོགས་སྦྱར་བར་བྱ་བའི་ཕྱིར་གལ་ཏེ་ཞེས་བརྗོད་དོ། །ལུས་ལ་བརྟེན་པ་ཞེས་བྱ་བ་ནི་རང་བཞིན་ལ་ཡང་བརྟེན་པ་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་ན་ལུས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ། །ཅི་ལྟར་ལུས་ལ་བརྟེན་པ་ཡིན་ཞེ་ན། ཕ་མའི་ལུས་

ལ་བརྟེན་པར་ཞེས་གསུངས་སོ། །གཟུགས་དང་། ཀུན་དུ་སྤྱོད་པ་དང་། སེམས་གསལ་བ་དང་། སྩོགས་པའི་སྒྲས་སོ་སོར་ངེས་པའི་དངོས་པོའི་སྲེད་པ་ལ་སོགས་པ་དེ་ནི་ཕ་མ་དེ་དག་གི་རྗེས་སུ་འགྲོ་བ་སྟེ་རྗེས་སུ་འཇུག་པ་ཡིན་ནོ། །བསྐྱེད་པར་བྱ་བ་ལུས་ཀྱི་ཞེས་བྱ་བ་ནི་རང་བཞིན་གྱི་ཕྱོགས་

སོ། །གཉི་ག་ལ་དཔེ་རི་མོའོ། །སྩོགས་པའི་སྒྲས་ནི་དུ་བ་ལ་སོགས་པའོ། །རི་མོ་བྱེད་པའི་གཟུགས་འདྲི་བ་ལ་བཟོ་བོའི་ཤེས་པ་ནི་གཟུགས་ཤེས་པའོ། །སྩོགས་པའི་སྒྲས་ནི་མདོག་ལ་སོགས་པའི་ཤེས་པས་ཏེ་དེའི་རྗེས་སུ་འགྲོ་བ་ཅན་ནོ། །ཅི་ལྟར་གཉི་གའི་དཔེ་ཡིན་སྙམ་ན། སྨྲས་པ་

རྩིག་པ་ལ་བརྟེན་པ་སྟེ་རྩིག་པའི་རང་བཞིན་ནོ། །དེ་ལ་འཇིག་རྟེན་འདིའི་ལུས་ནི། རྩིག་པ་ལྟ་བུ་ཡིན་ནོ། །ཕ་མ་ནི་རི་མོ་བྱེད་པ་ལྟ་བུ་ཡིན་ནོ། །དཔེ་དང་མཐུན་པ་ལྷག་མ་ནི་གོ་སླའོ། །རང་བཞིན་དང་འབྲས་བུའི་ཕྱོགས་གཉིས་ཉིད་ཡིན་ཡང་དཔེ་གཞན་གྱིས་བསྟན་པ་ནི། ཡང་ན་ཨ་

མྲའི་ཞེས་བྱ་བ་ལ་སོགས་པའོ། །རྩིག་པ་ལ་ནི་རི་མོའི་རང་བཞིན་ཉིད་རྩོལ་བ་ལས་ལྟོས་པ་ཡིན་གྱི་ཨ་མྲ་ལ་ནི་མ་ཡིན་ནོ། །དེ་བཞིན་རྩིག་པ་ལ་ནི་ཕའི་གནས་ལྟ་བུའི་རི་མོ་མཁན་གཞན་ཁོ་ན་ལས་རི་མོ་བྱུང་བ་ཡིན་གྱི་ལུས་གཞན་གྱི་དོད་པོའི་རྩིག་པའི་གཞན་ནས་འོངས་པ་ནི་མ་ཡིན་ནོ། །

དུ་བ་ནི་མེ་ལས་སྐྱེས་པ་ཡིན་གྱི་འགའ་ཞིག་ནས་འོངས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །ཕྱོགས་གསུམ་པ་བརྗོད་པ་ནི། ཆང་ལ་བརྟེན་པའི་མོས་པའི་ནུས་པ་ནི་ཞེས་བྱ་བའོ། །ཆང་ལ་བརྟེན་པ་ནི་ཆང་གི་ཆོས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་འཇིག་པ་ན་གཞན་ལ་བརྟེན་པ་མ་ཡིན་པ་ལ་

Vol. 184 · folio 47a

འགའ་ཞིག་ནས་འོངས་པ་ཡང་མ་ཡིན་ནོ་ཞེས་བྱ་བའོ། །འདིས་ནི་སྔ་མ་དང་ཕྱི་མའི་འཇིག་རྟེན་དག་མེད་པར་བསྟན་ཏོ། །འདིར་རང་བཞིན་དང་ཆོས་ཀྱི་ཕྱོགས་དག་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དེ་ཁོ་ནར་ནི་འགའ་ཡང་མེད་མོད་ཀྱི། འོན་ཀྱང་ཐ་སྙད་ཙམ་

གྱིས་བྱས་པ་ཡིན་ནོ། །ཐ་དད་པའི་ཐ་སྙད་ནི་ཐ་དད་པར་ལྷག་པར་ཞེན་པས་ཡིན་ལ། ཐ་དད་པ་མེད་པར་ལྷག་པར་ཞེན་པས་ནི་རང་བཞིན་ཉིད་དོ། །བུམ་པའི་རང་བཞིན་ཞེས་བྱ་བ་ནི་ཐ་དད་པར་བརྗོད་པར་འདོད་པ་ཡིན་ཡང་ཐ་དད་པ་མེད་པར་ལྷག་པར་ཞེན་པ་ཉིད་དོ། །དེ་བཞིན་དུ་ཨ་

མྲའི་དམར་པོ། །རྩིག་པའི་རི་མོ་ཞེས་བྱ་བ་ཡང་རང་བཞིན་ཁོ་ན་ཡིན་ནོ། །ནུས་པའི་ལུགས་ཐ་དད་པས་ཐ་མི་དད་པ་ཉིད་དུ་ཐ་སྙད་དུ་བྱེད་དོ། །གང་གི་ཚེ་ནུས་པ་ཡང་ནུས་པ་ཅན་གྱིས་རང་བཞིན་ཉིད་དོ་ཞེས་དེ་ཁོ་ནའི་རྗེས་སུ་འབྲང་བ་དང་རྩིག་པ་ལ་རི་མོ་ཨ་མྲའི་དམར་པོ་ཞེས་བརྗོད་པར་འདོད་

པ་དེའི་ཚེ་རང་བཞིན་དང་། ཆོས་ཀྱི་ཕྱོགས་དག་བཟློག་པ་ཡང་ཡིན་པའི་ཕྱིར་ཐ་དད་པ་ནི་དེ་ཁོ་ན་མ་ཡིན་པ་སྤྲོས་པ་ཙམ་གྱི་དོན་ཡིན་ནོ། །ཡང་ན་གཞན་གྱི་ལུགས་ནི་འདི་འདྲ་བ་ཙམ་དུ་ཟད་པའི་ཕྱིར་ཉེས་པ་མེད་དོ། །དེ་སྐད་དུ་བཤད་པ་ཡང་ཞེས་བྱ་བ་ནི་ཕུར་བུས་སོ། །དེ་ཁོ་ནའི་

སྒྲ་ནི་ཆོས་བརྗོད་པ་ཡིན་ཡང་འདིར་གྲགས་པས་ཚད་མས་ཡོངས་སུ་ངེས་པའི་དོན་ལ་བརྗོད་དོ། །ས་ལ་སོགས་པ་ཉིད་ཅེས་བྱ་བ་འདི་རྣམ་པར་བཅད་པ་བརྗོད་པ་ནི། ནམ་མཁའ་ལ་སོགས་པ་ནི་མ་ཡིན་ལ་ཞེས་བྱ་བའོ། །དེ་ཉིད་ཡིན་གྱི་དེ་ཉིད་མ་ཡིན་པ་ནི་མ་ཡིན་ནོ། །ས་ལ་སོགས་པ་

དེ་ཉིད་མ་ཡིན་ན་རྣམ་པར་ཤེས་པ་ཙམ་མམ། ཆོས་ཐམས་ཅད་སྟོང་པ་དེ་ཁོ་ན་ཡིན་པར་འགྱུར་ན། འདི་གཉིས་དེ་ཁོ་ན་ཡིན་ན་ནི་དེ་ཁོ་ན་ཉིད་ཡིན་པ་ཉིད་དོ་ཞེས་ངེས་པར་བཟུང་བའི་ཕྱིར་གསལ་བ་ཡིན་ནོ། །དེའི་ཚོགས་ལ་ཞེས་བྱ་བ་ནི་ས་དང་ཆུ་དང་མེ་དང་རླུང་གི་ཚོགས་ལའོ། །དེ་

ཉིད་བཤད་པ་ནི་ཚད་མེད་པ་ཞེས་བྱ་བའོ། །ཕབས་ནི་ཆང་གི་རྩིའོ། །སྩོགས་པའི་སྒྲས་ནི་ཆུ་ལ་སོགས་པའོ། །རི་མོ་བཞིན་དང་ཞེས་བྱ་བ་ནི་རྩིག་པ་ལ་ལྟོས་ནས་སོ། །རང་བཞིན་ཡིན་པའི་ཕྱིར་ཨ་མྲའི་དམར་པོ་ཡང་རྟོགས་པར་བྱ་བའོ། །དུ་བ་བཞིན་ནོ་ཞེས་བྱ་བ་ནི་འབྲས་བུ་ཡིན་པས་སོ། །

Vol. 184 · folio 47b

རི་མོ་མཁན་ལ་ལྟོས་པའི་རི་མོ་ཡང་རྟོགས་པར་བྱ་བ་ཡིན་ནོ། །འཕོ་བར་མཐོང་བ་ཞེས་བྱ་བ་ནི། གཞན་ནས་འདིའམ། འདི་ནས་གཞན་དུ་འཕོ་བར་མཐོང་བ་སྟེ། དེ་མེད་པའི་ཕྱིར་སྔ་མ་དང་ཕྱི་མའི་སྐྱེ་བ་དག་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ས་དང་། ཆུ་དང་། མེ་དང་། རླུང་ཞེས་བྱ་

བ་ནི་དེ་ཉིད་དོ་ཞེས་བྱ་བའི་མདོ་རེ་ཞིག་སུན་འབྱིན་པ་ནི་དེ་ཉིད་མ་ཡིན་ཏེ་ཞེས་བྱ་བའོ། །འོ་ན་ནི་གཟུགས་ལ་སོགས་པ་ཉིད་དེ་ཉིད་ཡིན་པར་འགྱུར་རོ་ཞེ་ན། དེ་དག་ཀྱང་ལྔ་ཞེས་གསུངས་སོ། །གཞན་དུ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལས་ཐ་དད་པར་རོ། །ས་ལ་སོགས་པ་ནི་དེ་

ཉིད་ཡིན་པ་ཉིད་དོ་ཞེས་ངེས་པར་གཟུང་བའི་གཙོར་བྱས་པའི་དོན་སུན་འབྱིན་པ་ནི་སྐད་ཅིག་མ་ཉིད་ལ་སོགས་པའི་སྒྲུབ་པ་ནི་ཞེས་བྱ་བའོ། །དེའི་ཕྱིར་དེ་ཉིད་ནི་རྣམ་པ་བཞི་ཁོ་ནའོ་ཞེས་བྱ་བ་མི་འཐད་དོ། །གྲངས་ངེས་པར་གཟུང་བ་ཉིད་ལ་སུན་འབྱིན་པ་གཞན་ཡང་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །

བལྟ་བྱ་ཞེས་བྱ་བ་ནི་མྱོང་བྱའོ། །རྟེན་ལྔ་ནི་དབང་པོ་ལྔའོ། །དེ་ཉིད་ཡིན་པ་ཉིད་དོ་ཞེས་བྱ་བ་ནི། སུན་དབྱུང་བའི་ཕྱིར་ཐམས་ཅད་སྟོང་པ་ལ་གང་བརྗོད་པ་ཞེས་བྱ་བའོ། །གལ་ཏེ་ཐམས་ཅད་སྟོང་པ་ལ་ཚད་མ་ཡོད་ན་དེའི་ཚེ་ཐམས་ཅད་སྟོང་པ་ཉིད་མ་ཡིན་ཏེ། དེ་སྒྲུབ་པའི་ཚད་མ་ཉིད་ཡོད་པའི་

ཕྱིར་རོ། །གལ་ཏེ་སྟོང་ཉིད་ཅེས་བྱ་བ་ནི་ཚད་མ་ཡང་སྟོང་ནའོ། །དེའི་ཚེ་ཚད་མ་མེད་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྒྲུབ་པའི་ཚད་མ་མེད་དོ། །དེས་ན་འདི་གཉིས་ནི་འགལ་ལོ། །ཆོས་ཐམས་ཅད་སྟོང་པ་ཞེས་བྱ་བ་འདིས་འཕངས་པའི་རྩོད་པ་དེ་ཡང་མེད་དོ་ཞེས་བྱ་བའི་དོན་ཏེ།

ཚད་མ་མེད་པར་ནི་བསྒྲུབ་བྱ་མི་འགྲུབ་པོ་སྙམ་དུ་བསམས་པའོ། །འོན་ཏེ་ཀུན་རྫོབ་པའི་ཚད་མ་ལ་བརྟེན་ནས་སྟོང་པ་ཉིད་འགྲུབ་ཅེ་ན། འོ་ན་ནི་ཉམས་སུ་མྱོང་བ་ལས་སྟོང་པ་ཉིད་མ་ཡིན་པར་ཅི་སྟེ་ངེས་པར་མི་བྱེད། འདི་ལ་ཀུན་རྫོབ་ཉིད་ལས་སྐྱོན་གཞན་ནི་བརྗོད་པར་བྱར་མེད་དོ། །ཀུན་རྫོབ་པར་

སྒྲུབ་པ་ནི་འདོད་པ་ཉིད་ཡིན་པའི་ཕྱིར་ཅི་ལྟར་ཐམས་ཅད་སྟོང་པ་ཉིད་དུ་འགྲུབ། གལ་ཏེ་རྣམ་པར་ཤེས་པ་ཙམ་ཡང་མ་ཡིན་ཏེ་ཞེས་དང་པོ་ཁོ་ནར་སྨྲས་པ་མ་ཡིན་ནམ། ཅི་ལྟར་ན་དེ་ཡལ་བར་དོར་ནས་དབུ་མ་ཉིད་ཉེ་བར་བཀོད་ཅེ་ན། ཐམས་ཅད་སྟོང་ཉིད་ཅི་འདྲ་དང་། །ཞེས་བྱ་བ་ལ་སོགས་པ་

Vol. 184 · folio 48a

གསུངས་ཏེ། ཐམས་ཅད་སྟོང་ཉིད་ཅི་འདྲ་དང་། །ཞེས་བྱ་བ་ནི། རྟག་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་ཆོས་ཀྱི་རྒྱལ་ཚབ་ཀྱིས། །ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་དེ་ལ་ཡོད། །

ཅེས་བྱ་བ། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གསུངས་པ་བཞིན་ནོ། །འདི་ལ་ཡང་དག་པ་མ་ཡིན་པའི་གཟུང་བ་དང་འཛིན་པ་གཉིས་ཀུན་དུ་བརྟགས་པས་ཞེས་བྱ་བས་སོ། །དེས་ན་འདི་འདྲ་བའི་སྟོང་པར་སྨྲ་བ་ལ་བརྟེན་པ་ཡིན་ནོ། །དེ་ལྟར་ཡང་

སློབ་དཔོན་ཞི་བ་མཚོའི་བཞེད་པ་བཀོད་ནས་སྣ་ཚོགས་གཉིས་མེད་ཀྱི་རྒྱས་བཏབ་པས། སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་གཉིས་དེ་ཁོ་ན་ཉིད་དུ་སྤངས་པའི་ཕྱིར་རྣམ་པར་ཤེས་པའི་ཚུལ་ཉིད་དབུ་མ་ཡིན་པར་རྟོགས་པར་འགྱུར་རོ། །ཇི་སྐད་དུ་མགོན་པོ་དེ་ཉིད་ཀྱིས། སྟོང་པ་མ་ཡིན་

མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བརྗོད། །ཡོད་པས་མེད་པས་ཡོད་པ་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །དེས་ན་ལུགས་འདི་གཉིས་དེ་ཁོ་ནར་ཐ་དད་མེད་པའི་ཕྱིར་གཅིག་བསྟན་པ་ཁོ་ནས་གཉིས་པ་ཡང་བསྟན་པ་ཡིན་ནོ། །འདི་ལ་ནི་ཉམས་སུ་མྱོང་

བ་དང་འགལ་བ་ཡང་མེད་དེ་གསལ་བའི་རང་བཞིན་མི་འགོག་པའི་ཕྱིར་རོ། །འོན་ཏེ་མི་འགལ་མོད། འདི་འདྲ་བའི་སྟོང་པ་ཉིད་ལ་ཡང་སྒྲུབ་པར་བྱེད་པ་ཅི་ཡོད་ཅེ་ན། དེ་ལ་ཚད་མ་ཅི་འདྲ་བ་ཞེས་གསུངས་སོ། །ཤེས་པ་ཉིད་དང་གསལ་བཞིན་པ་ཉིད་ལ་སོགས་པའོ་ཞེས་བྱ་བའི་དོན་ཏོ། །དེ་

ལ་འཇིག་རྟེན་སྔ་མ་སུན་འབྱིན་པའི་སྐབས་ཀྱིས་དང་པོའི་ཕྱོགས་གཉིས་སུན་དབྱུང་བའི་ཕྱིར་རྩོད་པ་ལ་ཐ་སྙད་བཏགས་ནས་རྗེས་སུ་རྗོད་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཕ་མའི་ལུས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི། ཟས་ལ་སོགས་པའི་མཐོང་བ་ཉིད་གཟུང་ངོ་། །ལུས་

ཀྱི་འབྱུང་བ་ཆེན་པོ་ཞེས་བྱ་བ་ནི་བསྐྱེད་པར་བྱ་བའི་ལུས་ཀྱིའོ། །གཞན་དུ་ཞེས་བྱ་བ་ནི་འདི་ཉིད་ཀྱིས་བཤད་པ་ནི་འཇིག་རྟེན་ཕ་རོལ་ནས་འོངས་པ་ཉིད་དུ་ཞེས་བྱ་བའོ། །དགག་པའི་དབང་དུ་བྱས་པའི་ཕྱིར་རང་བཞིན་མི་དམིགས་པ་ལྟར་བཅོས་པའོ། དེ་ལ། གལ་ཏེ་འགྲོ་འོང་མ་མཐོང་ཕྱིར། །ཞེས་

Vol. 184 · folio 48b

བྱ་བའི་སུན་འབྱིན་པ་འཆད་པར་འགྱུར་བས་ཐེ་ཚོམ་ཟ་བའི་ཕྱིར། སྐྱེ་བ་སྔ་མའི་འཐད་པ་བཤད་པ་ནི་དེ་ནི་མི་བདེན་ཏེ་ཞེས་བྱ་བའོ། །ཕ་མའི་ལུས་འབའ་ཞིག་ལས་སྐྱེ་བ་ནི་མ་ཡིན་ནོ། །འབྱུང་རྔུབ་ལ་སོགས་པ་ནི་རང་གི་རིགས་ལ་ལྟོས་པ་མེད་པར་མི་འཐད་དོ། །ཅིའི་ཕྱིར་དེ་ལྟར་མི་འཐད་ཅེ་

ན། གཡོ་བ་ལ་སོགས་པའི་མཚན་ཉིད་ཅན་གྱི་རང་བཞིན་གྱི་ཁྱད་པར་ལས་ཏེ་དེའི་ཕྱིར་རོ། །གལ་ཏེ་གཡོ་བ་ཉིད་དང་འདོད་པའི་ཁྱད་པར་ལ་སོགས་པའི་ཆོས་ཀྱིས་བྱས་པའི་རང་བཞིན་གྱི་ཁྱད་པར་ལས། རང་རིགས་ལ་ལྟོས་པ་མེད་པ་སྟེ། སྔ་མའི་ཉེ་བར་ལེན་པ་ལ་མ་ལྟོས་པར་མི་

འཐད་པ་ཉིད་དོ་ཞེས་བཤད་པ་ཡིན་མོད། སྔ་མའི་ཉེ་བར་ལེན་པ་ནི་ཕ་མའི་གོམས་པ་ཉིད་ཡིན་ནོ་སྙམ་ན། གཡོ་བ་ལ་སོགས་པ་ཡང་ཞེས་གསུངས་སོ། །གང་ལ་གཡོ་བ་ལ་སོགས་པར་བཞག་པ་དེའི་བདག་ཉིད་དེ། སྔར་གྱི་བློ་དང་དབང་པོ་ལ་སོགས་པ་དེ་གོམས་པ་གང་ཡིན་པ་དེའི་

རྗེས་སུ་འགྲོ་བ་ཅན་ཡིན་ནོ། །རྣམ་པར་བཅད་བྱ་བརྗོད་པ་ནི། །ཕ་མའི་ཞེས་བྱ་བ་ལ་སོགས་པའོ། །བཟློག་པ་ལ་གནོད་པ་བརྗོད་པ་ནི་དེ་ལྟ་མ་ཡིན་ན་ཞེས་བྱ་བའོ། །དམ་པ་མ་ཡིན་པའི་སྐྱེ་བོ་དང་འབྲེལ་པའམ། དེ་འདྲ་བའི་བསྟན་བཅོས་མཐོང་བ་ལས་ཕ་ལས་སྐྱེས་པའི་ཆོས་དང་ལྡན་པ་ཉིད་

ལ་སོགས་པ་ལས་ཟློག་པ་གོམས་པ་ལས་ཆོས་དང་ལྡན་པ་མ་ཡིན་པ་ལ་སོགས་པར་འགྱུར་བས་ནི། གོམས་པ་ལ་སོགས་པ་རྣམས་ཀྱི་གོམས་པ་སྔོན་དུ་སོང་བ་ཅན་ཉིད་དུ་གསལ་འདེབས་པར་བྱེད་དོ། །དེ་ལྟ་མ་ཡིན་ན་ཕ་མའི་རང་བཞིན་ཉིད་རྗེས་སུ་འཇུག་པར་འགྱུར་རོ། །འགའ་ཞིག་ལ་དངོས་པོ་

འགའ་ཞིག་གི་རང་བཞིན་རྗེས་སུ་འཇུག་པ་མཐོང་བས་ནི་དེ་ཡང་དེ་ཁོ་ན་བཞིན་གོམས་པར་གྱུར་པ་ཡིན་ནོ་ཞེས་ངེས་པ་ཡིན་ནོ། །གང་དང་གང་གཡོ་བག་དང་ཆོས་དང་ལྡན་པ་ལ་སོགས་པའི་ཆོས་སུ་གྱུར་པ་དེ་ཐམས་ཅད་ནི་སྔོན་གོམས་པས་བསྐྱེད་པ་ཡིན་ཏེ། དཔེར་ན་དབུས་ཀྱི་གནས་སྐབས་ན་རྣམ་པ་གཞན་དུ་གནས་

པ་གོམས་པ་ལས་རྣམ་པ་གཞན་དུ་འགྱུར་བ་བཞིན་ནོ། །སྲོག་ཆགས་རྣམས་ཀྱི་དང་པོའི་གནས་སྐབས་ཀྱི་གཡོ་བ་ལ་སོགས་པ་ཡང་དེ་བཞིན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི། དོན་གྱི་འབྲས་བུའི་གཏན་ཚིགས་སོ། །ཚད་མའི་འབྲས་བུ་བརྗོད་པ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ། མ་ཡིན་པར་བཀབ་པས་རང་

Vol. 184 · folio 49a

གི་གོམས་པ་ཉིད་ལས་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཡོ་བག་དང་གོམས་པ་དག་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པས་ན་མ་ངེས་པ་མ་ཡིན་ནོ། །འོ་ན་གང་གི་ཚེ་ཕ་མའི་ལུས་ལ་སོགས་པ་རྒྱུར་འཐད་ཅེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་

བུ་ཆུང་གི་རང་བཞིན་དེ་དག་ཕ་མའི་རང་བཞིན་ཡོད་ན་སྟེ། ཕ་མའི་རང་བཞིན་ཉེ་བར་གནས་པ་ན་ཞེས་བྱ་བའི་དོན་ཏོ། །སྔར་སྲིད་པ་གཞན་དུ་ཡོད་པར་འགྱུར་ན། དེའི་ཚེ་ཕ་མའི་ལུས་ལ་སོགས་པ་ཡང་རྒྱུ་ཉིད་དོ་ཞེས་འཐད་པ་ཡིན་ཏེ། གཉི་ག་རྒྱུ་ཡིན་ཡང་སྐབས་ལ་གནོད་པ་མེད་དོ། །ཡང་ན་

གལ་ཏེ་བུ་ཆུང་གི་འདོད་པ་ལ་སོགས་པ་ཐམས་ཅད་སྔར་ཕ་མའི་རང་བཞིན་ལ་ཡོད་པར་གྱུར་ན་དེའི་ཚེའོ། །ལུས་ལ་སོགས་པ་ཡང་ཞེས་ཡང་གི་སྒྲས་ནི་སྲིད་པ་མ་ཡིན་ཏེ། མ་དང་ཕའི་ལུས་ལ་སོགས་པ་རྒྱུ་ཉིད་དུ་སྲིད་པར་རྟོགས་པ་རིགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ན་རང་ལ་

བརྟེན་པའི་གཡོ་བག་ལ་སོགས་པ་ནང་ནས་རང་བཞིན་གང་ཞིག་སྐྱེད་བྱེད་དག་ལ་ཡོད་པར་མ་གྱུར་པ་དེ་ཉིད་གོམས་པ་ལས་སྐྱེས་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །བུ་ཆུང་གི་རང་བཞིན་མཐའ་དག་ཕ་མ་གཉིས་ལ་གདོན་མི་ཟ་བར་གནས་པ་ཡང་མ་ཡིན་ནོ། །དེ་མ་ཡིན་ཡང་བཟློག་པར་དོགས་

སོ་ཞེ་ན། འོན་ཏེ་ཞེས་གསུངས་སོ། །སྔར་གོམས་པ་མེད་པ་ན་གཡོ་བག་མ་དམིགས་ལ། གོམས་པ་ཡོད་ན་ཡོད་པར་ཉམས་སུ་མྱོང་བའི་ཕྱིར་འདིར་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ནི་མངོན་སུམ་དང་མི་དམིགས་པ་གསུམ་གྱིས་གྲུབ་པ་ཡིན་ནོ། །འདིར་འདི་མ་གྲུབ་ན་ནི་གཞན་དུ་ཡང་མི་

འགྲུབ་པར་ཐལ་ལོ་སྙམ་དུ་དགོངས་པའོ། །འདི་ན་འཇིགས་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི་དེ་ཡང་ཞེས་བྱ་བའོ། །རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པས་ན་རྒྱུ་མི་དམིགས་པས་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ལྡོག་པར་གྲུབ་པར་བསྟན་པའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །གལ་

ཏེ་གོམས་པ་སྔོན་དུ་འགྲོ་བར་གྲུབ་པར་དེའི་ཚེ་རང་གི་གོམས་པ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པའོ། །རྟེན་མེད་པ་ནི་རྒྱུ་མེད་པའོ། །དེས་ན་རྒྱུ་མི་དམིགས་པ་ཐལ་བ་སྒྲུབ་པའི་གཏན་ཚིགས་ཀྱིས་གཏན་ཚིགས་མི་མཐུན་པའི་ཕྱོགས་ལས་ངེས་པ་ཁོ་ནར་ཟློག་པར་བྱེད་དོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་

Vol. 184 · folio 49b

རྒྱུ་མེད་པར་འབྱུང་ནའོ། །ངག་ལས་ཐ་སྙད་དུ་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་ལྟོས་པར་བྱའོ། །དཔེར་ན་འདིར་སྔར་ཞུགས་པའི་མི་དམིགས་པས་ལྡོག་པ་ངེས་པ་དང་། གོམས་པ་ཡོད་ན་གཡོ་བ་མཐོང་བ་ན། རིམ་པར་འབྱུང་བའི་མངོན་སུམ་གཉིས་ཀྱི་རྗེས་སུ་འགྲོ་བ་རྟོགས་པ་ལྟར། གང་དུ་

མངོན་སུམ་སྔོན་དུ་འགྲོ་བའི་མི་དམིགས་པ་སྲིད་པ་དེར་ཡང་རྗེས་སུ་འགྲོ་བ་ནི་མངོན་སུམ་ཉིད་ཀྱིས་འཛིན་ཅིང་ཕྱིས་ཀྱི་མི་དམིགས་པ་རིམ་པར་བྱུང་བས་ནི་ལྡོག་པ་འཛིན་པ་ཡིན་ཏེ། ཨར་ཙ་ཊས་ཅི་ལྟར་གཏན་ལ་ཕབ་པ་བཞིན་ནོ། །དེའི་ཕྱིར་ད་ལྟར་མིག་ལ་སོགས་པ་གཡོ་

བ་ལ་སོགས་པ་དང་ལྡན་པ་ནི་གཡོ་བའི་རིགས་མཐུན་པ་གཡོ་བའི་གསལ་བ་གཞན་གང་ཡིན་པ་དེ་གོམས་པ་དེ་ལས་བྱུང་བའི་ངང་ཚུལ་གང་ལ་ཡོད་པའི་མིག་ལ་སོགས་པ་དེ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །སོགས་པའི་སྒྲས་བསྡུས་པའི་ཆོས་གཞན་ཡང་དེ་བཞིན་དུ་རྟོགས་པར་བྱའོ། །དེ་འདྲ་བའི་དུ་བ་དེ་ནི་

གཞན་མེད་པ་ལས་ཀྱང་སྐྱེ་བ་མ་ཡིན་ཏེ། འོན་ཀྱང་དེ་ལྟ་བུ་ཉིད་ལས་ཡིན་ཏེ། རྒྱུ་རིགས་ཀྱིས་མཐུན་པར་འགྲུབ་པའི་ཕྱིར་རོ། །དེ་དང་རིགས་མི་མཐུན་པ་ལས་ཀྱང་རིགས་མི་མཐུན་པ་མ་ཡིན་པ་འབྱུང་ན་ནི་རྒྱུ་མེད་པ་ཉིད་དུ་ཐལ་བའི་ཕྱིར་རོ། །རྒྱུ་མེད་པ་ཡིན་ན་ཡང་རྟག་ཏུ་ཡོད་པའམ་མེད་པར་

འགྱུར་ཞེས་བྱ་བ་ལ་སོགས་པའི་ཉེས་པའི་ཚོགས་ཀྱི་གོ་སྐབས་སུ་ཐལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ནགས་དང་ཅིག་ཤོས་ཀྱི་རྒྱལ་མོ་ག་གོན་གཉིས་བཞིན་དུ་གཅིག་ཏུ་རྟོགས་པ་ཡིན་ཡང་། རིགས་གཅིག་ཏུ་གཞག་པའི་རྒྱུ་མཚན་མ་ཡིན་ནོ། །དེས་ན་ཤིན་དུ་རྣམ་པར་ཕྱེ་བའི་རྣམ་པ་

ཅན་གྱི་འབྲས་བུས་ནི་རྒྱུ་ལ་འཁྲུལ་པ་མེད་དོ། །འོ་ན་ནི་སྐྱེ་བ་དང་པོ་ན་ཡང་ཁྱད་པར་གཞན་ཉིད་ཡོད་དོ་སྙམ་ན། གོམས་པ་ལས་ཤེས་གསུངས་སོ། །ཁྱད་པར་འགྱུར་ནི་འདུས་བྱས་པ་སྟེ། བཟློག་པ་གོམས་པ་ལས་བཟློག་པའི་ཆོས་ཅན་གང་ཡིན་པའོ། །སྐྱེ་བ་དང་པོར་ཞེས་

བྱ་བ་ནི་བུ་ཆུང་ལའོ། །དེ་བཞིན་གནས་ཞེས་བྱ་བ་ནི་འདི་ལྡོག་པའི་ཆོས་ཅན་ཉིད་དུ་དེ་བཞིན་དུ་གནས་སོ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ནི་འབྲས་བུ་ཐ་མི་དད་པར་བརྗོད་དོ། །དེས་ན་རྒྱུ་ཐ་དད་པར་མི་རྟག་གོ་སྙམ་དུ་དགོངས་པའོ། །དུ་བ་ནི་དེ་ལྟ་བུར་གྱུར་པ་གཞན་ལས་མ་ཡིན་

Vol. 184 · folio 50a

པའི་ཕྱིར་རྒྱུ་ཐ་དད་པར་མཐོང་བ་ལས་འབྲས་བུ་ཐ་དད་པར་རྗེས་སུ་དཔོག་པར་འགྱུར་བ་ལ་རག་གོ། །དེའི་ཕྱིར་འཁོར་བའི་འདུ་བྱེད་པ་ཐམས་ཅད་ནི་གོམས་པས་བྱས་པ་ཁོ་ནའོ། །དེ་ཡང་སྐྱེས་མ་ཐག་པ་དང་མངལ་དུ་ཡོད་པ་མ་ཡིན་པའི་ཕྱིར། སྐྱེ་བ་

གཞན་གྱིས་གོམས་པ་ཁོ་ནས་བྱས་པ་ཡིན་ནོ་ཞེས་གནས་སོ། །གལ་ཏེ་འདུས་བྱས་པ་འདི་འཇིག་རྟེན་ཕ་རོལ་གྱི་གོམས་པས་བྱས་པ་ཡིན་ནོ་ཞེས་བྱ་བ་འདི་མི་དམིགས་པས་གནོད་པ་མ་ཡིན་ནམ་སྙམ་ན། དེ་ཞེས་གསུངས་སོ། །གལ་ཏེ་གོམས་པ་སྔོན་དུ་འགྲོ་བ་ཅན་ཅི་འདྲ་བའི་གཡོ་བ་ལ་

སོགས་པའི་འདུ་བྱེད་པ་མཐོང་བ་ལས་དེ་ལྟར་གྲུབ་པ་དེ་བཞིན་དུ་འཇིག་རྟེན་ཕ་རོལ་པ་མ་ཡིན་པའི་གོམས་པ་སྔོན་དུ་འགྲོ་བ་ཅན་ཁོ་ནར་མཐོང་བའི་ཕྱིར་དེ་ལྟ་བུ་ཉིད་འགྲུབ་པར་འགྱུར་བའི་ཕྱིར་འཇིག་རྟེན་ཕ་རོལ་ནི་མི་འགྲུབ་པོ་ཞེ་ན། དེ་ཉིད་ཀྱི་ཕྱིར་ཞེས་གསུངས་ཏེ། འདུ་བྱེད་པ་དང་གོམས་

པ་གཉིས་རྒྱུ་དང་འབྲས་བུའི་དངོས་པོར་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འདི་ཉིད་གསལ་འདེབས་པ་ནི་འབྲས་བུ་ནི་རྒྱུ་དང་ལྷན་ཅིག་ཅེས་བྱ་བའོ། །གལ་ཏེ་དེ་ལ་རྒྱུ་ཉིད་མ་མཐོང་བའི་ཕྱིར་གང་གི་འབྲེལ་པར་འགྱུར་བ། འབྲས་བུ་དེའི་འབྲས་ཉིད་དུ་ཅི་ལྟར་འགྱུར་ཞེ་ན། རྒྱུ་མ་མཐོང་ཡང་

ཞེས་གསུངས་སོ། །དེ་ལྟར་འཇིག་རྟེན་རྒྱང་འཕན་གྱི་འདོད་པ་བསལ་ནས་བཞད་གད་དུ་བྱ་བའི་ཕྱིར། དེའི་ཕྱིར་འདིར་ཞེས་གསུངས་སོ། །གླེན་པ་གཞན་གྱིས་ཁྱུ་མཆོག་དང་མ་ཧེ་དག་ཅི་ལྟ་བ་བཞིན་དུ་མ་ངེས་པའི་ཕྱིར་ཁྱུ་མཆོག་གི་སྒྲས་མ་ཧེ་ལ་བརྗོད་པ་སྟེ། མ་ཧེ་རྭ་རིང་པོ་གང་ཡིན་པ་དེ་མའི་

ལྟོ་ན་ཅི་ལྟར་གནས་ཏེ། དེ་གནས་ན་མ་ཅི་ལྟར་མཚོ་སྙམ་དུ་བསམས་པའོ། །དེས་ན་མ་ཧེ་གནས་པ་ཅི་ལྟར་སྲིད་པ་དག་སྨྲོས་ཤིག་ཅེས་དྲིས་པ་ནའོ། །དེ་ལྟ་བུར་གྱུར་པ་ཉིད་དོ་ཞེས་བྱ་བ་ནི་དོན་འདི་ཡིན་ཏེ། དཔེར་ན་སྔར་སྐྱེས་པ་འཕེལ་བ་ལ་སོགས་པ་མེད་པར་མ་ཧེ་དེ་ལྟར་ཐ་སྙད་བྱེད་པ་ཙམ་

བཞད་གད་ཀྱི་གནས་ཡིན་པ་དེ་བཞིན་དུ་སྔོན་གོམས་པ་མེད་པ་ཉིད་དུ་སྐྱེ་བ་དང་པོའི་འདུ་བྱེད་པ་ལ་སོགས་པ་ལ་དེ་ལྟར་ཐ་སྙད་ཙམ་བྱེད་པ་ལ་བཞད་གད་ཀྱི་གནས་ཡིན་ནོ་ཞེས་བྱ་བའོ། །འོན་ཏེ་གང་ལས་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ཙམ་གྱིས་ནི་ལན་མི་འཐོབ་སྟེ། ཡོངས་སུ་གྱུར་པ་ཐམས་

Vol. 184 · folio 50b

ཅད་ཡོད་པའི་ཕྱིར་རོ། །དེས་ན་ཁྱད་པར་དེ་ལྟ་བུ་སེམས་པ་ཡིན་ནོ་སྙམ་པས་ཕན་ཚུན་ཞེས་སྨྲས་སོ། །ནམ་གྱི་སྒྲས་ནི་བརྗོད་པའི་ཕྱོགས་མི་འདོད་པར་ཕྱོགས་གཞན་ཁས་བླངས་པའི་དོན་ཏོ། །དམིགས་ཞེས་བྱ་བ་ནི་མ་ཡིན་པ་སྟེ། མེད་པའི་ཐ་སྙད་ཉིད་ཀྱི་ཡུལ་ཡིན་ནོ་ཞེས་བྱ་བའི་དོན་

ཏོ། །གལ་ཏེ་བལྟར་རུང་བར་ཁས་བླངས་ན་སྐྱོན་འདིར་འགྱུར་གྱི་མཚོན་པར་བྱ་བ་མ་ཡིན་པ་ཉིད་ཡིན་ན་ཉེས་པ་འདིར་ཅི་ལྟར་འགྱུར་སྙམ་ན། འོན་ཏེ་ཞེས་བྱ་བའོ། །འདི་ནི་བལྟར་རུང་བ་མ་ཡིན་པ་དེས་ན་མེད་པའི་ཐ་སྙད་ཀྱི་ཡུལ་ཉིད་མ་ཡིན་ནོ་སྙམ་དུ་བསམས་པའོ། །དེ་ལྟ་ཡིན་ན་ཞེས་

བྱ་བ་ཁྱད་པར་བལྟར་མི་རུང་བ་ཡིན་ནའོ། །མཐོང་བ་ཞེས་བྱ་བ་ནི་རྒྱུ་ཉིད་དུ་ངེས་པར་རྟོག་པའོ། །བརྟག་པར་བྱ་བ་ནི་ངེས་པར་བྱ་བའོ། །གལ་ཏེ་འགའ་ཞིག་ལ་གོམས་པ་རྒྱུར་མཐོང་བ་ནི་དེ་ལྟ་ན་ཡང་ཡོངས་སུ་གྱུར་པའི་ཁྱད་པར་ཉིད་ཅི་སྟེ་མི་རྟག་སྙམ་ན། མ་མཐོང་བ་རྟོག་ན་ནི་ཞེས་གསུངས་

ཏེ། གལ་ཏེ་ཚད་མས་མཐོང་བའི་དངོས་པོའི་ངོ་བོ་དོར་ནས་ཆོས་ཀྱི་ཁྱད་པར་ཉིད་བརྟག་པར་བྱ་བ་ཡིན་ན། དེའི་ཚེ་དུ་བ་ཡང་སའི་ཡོངས་སུ་འགྱུར་བའི་ཁྱད་པར་ཉིད་ཀྱིས་བསྐྱེད་པར་འགྱུར་གྱི་མེས་བསྐྱེད་པར་ནི་མི་འགྱུར་རོ། །གང་གི་ཕྱིར་འདི་ནི་ཤིན་དུ་བརྟག་པར་དཀའོ། །དེས་ན་

ལུས་ཀྱི་འབྱུང་བ་རྒྱུ་མ་ཡིན་ལ་ཕ་མའི་རང་བཞིན་ཡང་མ་ཡིན་པ་དེས་ན་འབྱུང་རྔུབ་ལ་སོགས་པ་ནི་ཞེས་མཇུག་སྡུད་པའོ། །དེ་ལྟར་སྔོན་གྱི་གོམས་པ་བསྒྲུབས་པས། རི་མོ་མཁན་གྱི་རི་མོ་ལྟར་འབྲས་བུ་ཉིད་ཡིན་པའི་ཕྱོགས་སུན་ཕྱུང་བ་ཡིན་ལ། དེ་ཉིད་ཀྱིས་རྩིག་པའི་རི་མོ་དང་ཨ་མྲའི་

སྨིན་པ་ལྟར་རང་བཞིན་ཡིན་པའི་ཕྱོགས་དང་། ཆང་གི་ནུས་པ་ལྟར་ཡོན་ཏན་ཡིན་པའི་ཕྱོགས་ཀྱང་སྤངས་པ་ཡིན་ནོ། །འདིའི་ལུས་ཀྱི་འབྲས་བུ་ཡིན་པ་བཀག་པས་ནི་དུ་བ་ལྟར་འབྲས་བུ་ཡིན་པའི་ཕྱོགས་བཀག་ཅིང་སྲིད་པ་སྔ་མ་ཡང་བསྒྲུབས་པ་ཡིན་ནོ། །དེ་བཞིན་དུ་འཆད་པར་འགྱུར་བ་དག་

ལ་ཡང་ཅི་རིགས་པར་དཔག་པར་བྱའོ། །འཇིག་རྟེན་ཕྱི་མ་སྒྲུབ་པའི་དོན་དུ་སྐབས་རྩོམ་པ་ནི་གལ་ཏེ་ཞེས་བྱ་བའོ། །འབྲས་བུ་འདུ་བྱེད་པ་ལས་སོ། །རྗེས་སུ་དཔག་པ་དེ་བཤད་པ་ནི་མེད་པ་གང་གིས་སོ། །གང་གིས་དེ་སྐད་བརྗོད་པ་སྔར་མཚམས་སྦྱོར་བའི་ནུས་པ་དང་ལྡན་པ་ཅི་ཞིག་མཐོང་ཞེ་ན། སྔ་མ་སྔ་མའི་ཞེས་

Vol. 184 · folio 51a

གསུངས་སོ། །མཐོང་བའི་འདུ་བྱེད་པ་ལས་སྔ་མ་རྗེས་སུ་དཔགས་ཤིང་རྗེས་སུ་དཔགས་པ་དེས་ནི་དེའི་སྔ་མ། དེའི་ཡང་སྔ་མ་ཡང་རྗེས་སུ་དཔགས་པས་རྗེས་སུ་དཔགས་པའི་རྗེས་སུ་དཔག་པ་ལས་ཞེས་བྱ་བ་ལ་སོགས་པས་དེ་ལྟར་ཐོག་མ་མེད་པའོ། །གཡེར་བག་སྟེ་གོམས་

པས་སོ། །རང་བཞིན་ཇི་ལྟ་བུའི་གཡེར་བག་མེད་པ་ལས་ཤེ་ན། ལུས་ལ་ལྟོས་ནས་མི་འགུལ་བ་དང་། སེམས་ལ་ལྟོས་ནས་ཞན་པའོ། །སོགས་པའི་སྒྲས་ནི་ངག་གི་རྒྱུ་བ་ཞན་པ་ལ་སོགས་པ་གཟུང་ངོ་། །སྔ་ན་མེད་པའི་སེམས་ཅན་སྐྱེ་བ་ཞེས་བྱ་བ་ནི། ཐོག་མ་དང་ཐ་མ་མེད་པ་

དག་ཏུ་མ་གྲུབ་པའི་ཕྱིར་རོ། །གཡོ་བག་ཅན་གྱི་གཡོ་བག་མེད་པ་དེ་ཉིད་སྟོན་པ་ནི་མིག་ཞན་པ་ལ་སོགས་པ་ནི་ཞེས་བྱ་བའོ། །གཉི་གའི་མཇུག་སྡུད་པ་ནི་དེ་བས་ན་ཞེས་བྱ་བ་ལ་སོགས་པའོ། །གཞན་ནི་མིག་མི་གསལ་བ་ལ་སོགས་པའོ། །གཞན་དང་ནི་མིག་མི་གསལ་བ་

གཞན་དང་ངོ་། །དོན་ལ་ཉེ་བར་སྦྱོར་བ་ནི་དེས་ན་སྐྱེ་བ་དང་པོར་ཡང་ཞེས་བྱ་བའོ། །ཅི་ལྟར་ཞེས་བྱ་བ་ནི་གཞན་གྱིའོ། །རྫས་གཞན་ལ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དེ་ཉིད་སྟོན་པ་ནི། སྔགས་དང་ཞེས་བྱ་བའོ། །དཔེ་འདི་ཡང་ཤིན་དུ་རྙེད་སླའོ་སྙམ་དུ་དགོངས་ནས་དཔེར་ན་

རྨི་ལམ་ལུས་ལ་ནི་ཞེས་གསུངས་སོ། །རྨི་ལམ་དུ་ནི་དེའི་དུས་ཀྱི་དངོས་པོར་མ་རིག་པའི་ཕྱིར་རོ། །སད་པའི་ལུས་རྣམ་པར་འགྱུར་བ་ནི་ཚིག་འཆོལ་པ་དང་འདར་བ་ལ་སོགས་པའོ། །དེ་བཞིན་སྐྱེ་བ་གཞན་དུ་ཡང་སྐྱེ་བ་གཞན་དུ་བྱས་པའི་གོམས་པ་ལས་ལུས་རྣམ་པར་འགྱུར་བ་ཡིན་

ནོ་ཞེས་ལྟའོ། །བཞད་གད་ཁོ་ན་ཡོད་པས་རྩོད་པ་སློང་བ་ནི་འོན་ཏེ་ཞེས་བྱ་བའོ། །རྨི་ལམ་གྱི་ལུས་ནི་མི་བདེན་ལ། སྐྱེ་བ་གཞན་གྱི་ལུས་ནི་བདེན་པ་ཡིན་ནོ་སྙམ་ན། བཞད་གད་ཉིད་གསལ་བར་བྱེད་པ་ནི་ཤིན་ཏུ་ཏེ་པོར་ཞེས་བྱ་བའོ། །སྣང་བཞིན་པ་དང་། དོན་བྱ་བར་ནུས་པ་

ཡིན་པ་དེ་ལྟ་ན་ཡང་མི་བདེན་ནོ་སྙམ་པའི་བླུན་པོ་ལ་ལྟོས་ཤིག་སྙམ་དུ་དགོངས་པ་མ་རྟོགས་པའི་དམན་པ་དག་བརྒྱ་ལ་མི་བདེན་པ་ཁོ་ནར་འཛིན་དུ་འོང་སྙམ་པས། བདེན་དང་བདེན་མིན་ཞེས་བྱ་བ་ཞེས་གསུངས་སོ། །དེ་ལྟར་རྩོད་པ་བསལ་ནས་ཐོག་མ་མེད་པ་ཉིད་བསྒྲུབས་ཤིང་སྔ་ན་མེད་

Vol. 184 · folio 51b

པའི་སེམས་ཅན་སྐྱེ་བ་ཡང་བཀག་པ་ན། དུ་བའི་རྒྱུན་བཞིན་དུ་རྒྱུན་འཆད་པའི་ཕྱིར་མཐའ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་རྩོད་པ་བསལ་བའི་དོན་དུ་སྐྱེ་བ་ཕྱི་མ་སྒྲུབ་པ་རབ་ཏུ་སྦྱར་བའི་རྣམ་འགྲེལ་འཆད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །ནུས་པ་དང་ལྡན་པ་ཞེས་བྱ་བ་ནི་མཐུ་དང་ལྡན་པའོ། །

ཚང་བ་ནི་ལས་དང་ཉོན་མོངས་པ་ཚོགས་པས་སོ། །འདིས་ནི་ཉེ་བར་ལེན་པ་སྟོབས་དང་ལྡན་པ་ཉིད་བརྗོད་དོ། །དུ་བ་ལ་ནི་སྐད་ཅིག་སོ་སོ་ལ་འོག་ནས་འོག་ཏུ་ལ་འགྲིབ་པ་ཡོད་པའི་ཕྱིར་ཉེ་བར་ལོག་པ་མ་ཚང་བས་ན་ཟད་པར་འཐད་པ་ཡིན་ནོ། །སེམས་ནི་དེ་ལྟ་མ་ཡིན་ཏེ། ཁྱད་པར་

ལྷག་དང་ལྷག་དམིགས་པའི་ཕྱིར་ཏེ། འགའ་ཞིག་ལ་མི་གསལ་བར་གྱུར་ཀྱང་། ཡང་དེ་ཁོ་ན་ལྟར་མཐོང་བའི་ཕྱིར་རོ། །འོན་ཏེ་འཆི་ཀའི་ནད་ལས་འོག་ནས་འོག་ཏུ་འགྲིབ་པས་མཐར་གཏན་ཆད་པར་འགྱུར་རོ་སྙམ་ན། འདི་ནི་ཉེ་བར་ལེན་པའི་སྟོབས་ཆུང་བ་ནི་དུ་བ་བཞིན་

དུ་རང་བཞིན་དུ་གྱུར་པ་ནི་མ་ཡིན་གྱི། འོན་ཀྱང་འདི་ནི་འགལ་བའི་སྟོབས་ཀྱིས་ཡིན་ནོ། །སེམས་ལས་ནི་འགལ་བ་ཡང་འགའ་ཡོད་པ་མ་ཡིན་ནོ་ཞེས་ཕྱིས་འཆད་པར་འགྱུར་རོ། །དེས་ན་འདིས་ནི་ལུས་དང་ངག་མི་གསལ་བ་ཙམ་དུ་ཟད་པ་ཡིན་ནོ། །དེས་ན་རྨི་ལམ་གྱི་ལུས་

བཞིན་དུ་མཐར་ལུས་དང་ངག་ཉིད་གཏན་ཆད་པར་འགྱུར་གྱི་སེམས་ནི་མ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །རྒྱུ་མཐའ་དག་ནུས་པ་དང་ལྡན་པ་ཡིན་མོད། དེ་ལས་འབྲས་བུ་གདོན་མི་ཟ་བར་འབྱུང་བ་མ་ཡིན་ཏེ། དེས་ན་འགལ་བ་ཅི་ཡོད་ཅེ་ན། གྲུབ་པའི་མཐའ་སྨྲ་བས་

རྒྱུ་དང་ཞེས་གསུངས་སོ། །དེ་ལྟར་གྱུར་ན་རྒྱུ་དང་འབྲས་བུའི་དངོས་པོ་མེད་པར་ཅི་ལྟར་འགྱུར་ཞེ་ན། འབྲས་བུ་རང་དབང་ཅན་དུ་ཐལ་བའི་ཕྱིར་རོ། །དེ་ཉིད་སྟོན་པ་ནི་རྒྱུའི་རང་བཞིན་ཐམས་ཅད་ནི་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་རང་དབང་ཡིན་ནའོ། །དེ་ལྟ་ན་ཡང་ཞེས་

བྱ་བ་ནི་རྒྱུ་ནུས་པ་ཡིན་ཡང་ངོ་། །སྐབས་ཀྱི་འབྲས་བུ་མི་འབྱུང་ནའོ། །འབྲས་བུར་མི་འགྱུར་རོ་ཞེས་བྱ་བ་ནི། གཞན་གྱི་ཚེ་ཡང་འབྲས་བུ་སྐྱེ་བར་མི་འགྱུར་ཏེ། རང་དབང་ཡིན་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་ལྡོག་པ་གཙོ་བོར་གྱུར་པས་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་གྱི། རྗེས་

Vol. 184 · folio 52a

སུ་འགྲོ་བའི་གསོས་ལ་ནི་མི་ལྟོས་སོ་སྙམ་ན། ལན་དུ་དེ་མེད་ན་མེད་དོ་ཞེས་བྱ་བ་ག་ལས་ཞེས་གསུངས་ཏེ། དེ་ཡོད་ཀྱང་འབྲས་བུ་མེད་པར་ཁས་བླངས་པའི་ཕྱིར། དེ་མེད་ན་མེད་དོ་ཞེས་བྱ་བ་ག་ལས་ཡིན་ཏེ། དེ་མ་ཡིན་པ་ཁོ་ན་ཞེས་བྱ་བའི་དོན་

ཏོ། །གལ་ཏེ་དེ་ལྟ་ན་རྗེས་སུ་འགྲོ་བ་ལ་ཡང་རྟེན་ཅི་ཡོད་དེ། གང་གི་ཕྱིར་མྱུ་གུ་དང་འབྲས་བུའི་ས་བོན་ཡང་མཐོང་བའི་ཕྱིར་རོ་སྙམ་དུ་བསམས་ནས། གཞན་གྱིས་གལ་ཏེ་དེ་ཡོད་ན་ཞེས་སྨྲས་སོ། །ལན་དུ་དེ་ལྟར་ཡོངས་སུ་ཞེས་བྱའོ། །ས་བོན་ཡོད་ན་མྱུ་གུ་སྐྱེ་བར་མཐོང་བའི་ཕྱིར་

རོ། དེ་ཡོད་ན་ཡོད་པ་ཉིད་དུ་ཡོངས་སུ་བཅད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མྱུ་གུ་མེད་པའི་ས་བོན་ནི་མྱུ་གུའི་རྒྱུ་ཉིད་མ་ཡིན་ནོ། །དེ་ལྟ་བསྙད་པ་ནི་རྒྱུའི་རྒྱུ་ཡིན་པའི་ཕྱིར་རོ། །རྒྱུ་མངོན་པར་འདོད་པ་མཐའི་སྐད་ཅིག་ཐོབ་པའི་ས་བོན་ཡང་ཡིན་ལ། དེ་ལས་འབྲས་བུ་ཡང་མི་སྐྱེ་བ་

ཞེས་བྱ་བ་ནི་མི་སྲིད་དོ། །དེ་བས་ན་རྒྱུ་ཡོད་ན་གདོན་མི་ཟ་བར་འབྱུང་བ་ཞེས་རྗེས་སུ་འགྲོ་བ་ཡོངས་སུ་བཅད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ན་ས་བོན་དང་བྲལ་བའི་ཞིང་ལ་སོགས་པ་ལས་མྱུ་གུ་མི་སྐྱེ་བའི་ཕྱིར་ལྡོག་པ་ཡང་སྔར་གྱི་མི་དམིགས་པས་ཡོངས་སུ་བཅད་པ་ཁོ་ན་མ་ཡིན་ནམ།

གལ་ཏེ་བོང་བུ་ལ་སོགས་པ་དེའི་ཚེ་མ་དམིགས་པ་དེ་ལྟ་ན་ཡང་མྱུ་གུ་ནི་དེ་ལྡོག་པའི་རྗེས་སུ་བྱེད་པ་མ་ཡིན་ཏེ། ས་བོན་ཉེ་བར་འོངས་པ་ན། ཚོགས་པ་ཡོངས་སུ་སྨིན་པ་ཙམ་ལ་ལྟོས་ནས་སྐྱེ་བའི་ཕྱིར་རོ། །སྙམ་དུ་བསམས་ནས། དེ་མེད་ན་མེད་དོ་ཞེས་བྱ་བ་འདི་ཡང་ཞེས་སྨྲས་སོ། །

གལ་ཏེ་ཡང་ད་ལྟ་དེ་ལྡོག་པའི་རྗེས་སུ་བྱེད་པ་དེ་ལྟ་ན་ཡང་ཐམས་ཅད་ཀྱི་ཚེ་དེ་ལྟ་ཡིན་ནོ་ཞེས་བྱ་བའོ། །ག་ལས་ཞེས་གྲུབ་པའི་མཐའ་སྨྲ་བའི་དོགས་པ་བསུ་ནས་ཐམས་ཅད་ཀྱི་ཚེའོ་ཞེས་སྨྲས་སོ། །དེ་ཡོད་ན་ཡོད་པ་ལ་དེ་ལྟར་བརྗོད་པར་ནུས་པའི་ཕྱིར་རོ་ཞེས་བྱ་བ་དེར་ཁྱེད་ཀྱི་ལན་

གང་ཡིན་པ་དེ་ཉིད་འདིར་ཡང་འགྱུར་རོ་ཞེས་བྱ་བར་རིགས་པ་ཡིན་ནོ། །དེ་ལྟར་རྩོད་པར་སྨྲ་བས་རང་གི་གསོ་བའི་བསམ་པས་གྲུབ་པའི་མཐའ་ཉིད་བརྗོད་པའི་མཇུག་སྡུད་པས་ནི་དེའི་ཕྱིར་ཞེས་བྱ་བའོ། །གཉི་ག་མཐོང་བ་ཉིད་གསལ་བར་བྱེད་པ་ནི། དེ་ཡོད་ན་གདོན་མི་ཟ་བར་ཞེས་

Vol. 184 · folio 52b

བྱ་བའོ། །འདིས་ནི་ཡང་དག་པའི་ཐ་སྙད་ལ་ལྟོས་ནས་རྒྱུ་དང་འབྲས་བུ་དག་ཕན་ཚུན་ཁྱབ་པར་བསྟན་ཏོ། །དོན་དམ་པ་ལ་ལྟོས་ནས་རྩོད་པ་དོགས་པར་བྱེད་པ་ནི་དེ་ལྟར་ཞེས་བྱ་བ་སྟེ་ཁྱབ་པར་རོ། །མཐོང་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གོ། །རྒྱུ་

དང་འབྲས་བུའི་དངོས་པོ་མ་ཡིན་ནོ་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མ་དག་གོ། །རྩོད་པ་དེ་ཉིད་སྡུད་པ་ནི། །རྗེས་སུ་འགྲོ་དང་ཞེས་བྱ་བའོ། །གལ་ཏེ་ཁྱད་པར་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཁ་ཅིག་གཅིག་ལས་འགའ་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་མཐོང་བ་མེད་དོ་ཞེས་ལས་ཀྱི་

དྲུག་པ་གཞི་ཐ་དད་པར་བྱ་སྟེ་འདོན་ཏོ་ཞེས་བྱ་བ་ནི་ཕྱིར་གྱི་དོན་ཏོ། །དེ་ལྟར་ཡིན་ན་ཅི་གྲུབ་སྙམ་ན། འཇིག་རྟེན་གཞན་ཞེས་མ་ཡིན་ཞེས་བྱ་བའོ། །འབྱུང་བ་འབའ་ཞིག་ལུས་པར་འདོད་པ་ལ་རྣམ་པ་ཤེས་པ་འབའ་ཞིག་ལུས་པར་གྲུབ་པའི་ཕྱིར་རང་དང་གཞན་གྱི་བསྒྲུབ་བྱ་དག་གསལ་བའི་

ཕྱིར་རྙེད་པ་ཆེན་པོ་ཐོབ་པའོ། །གལ་ཏེ་ཞེས་བྱ་བ་ནི་མདོ་རྣམས་ནི་བརྒལ་ཞིང་བརྟག་པ་ཙམ་ལྷུར་བྱེད་པ་ཡིན་གྱི། དོན་དམ་པར་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོའམ། འབྱུང་བ་ནི་ཐ་སྙད་ཙམ་དུ་ཡོད་པ་ཡིན་ནོ་ཞེ་ན། ལན་དུ་འཇིག་རྟེན་ཕ་

རོལ་ཡང་དེ་བཞིན་ནོ་ཞེས་བྱ་བ་སྟེ། ཐ་སྙད་དུ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །གལ་ཏེ་རྒྱུའི་དངོས་པོ་ཐ་སྙད་དུ་ཡང་ཁས་མི་ལེན་ན། དེའི་ཚེ་འབྱུང་བ་དག་ལས་སེམས་པ་ཞེས་བྱ་བ་དང་། འགའ་ཞིག་ཏུ་འཇུག་པའམ་ལྡོག་པ་ཡང་མི་འགྲུབ་པོ། །ཁས་ལེན་ན་

ཡང་བློ་ནི་བློ་ཉིད་ལས་ཡིན་ནོ་ཞེས་བསྒྲུབས་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་སྡུད་པའོ། །གལ་ཏེ་ཚད་མའི་གེགས་ཡིན་པའི་ཕྱིར་ན་ཐ་སྙད་ཅེས་བྱ་བ་བསླད་པ་ཉིད་མ་ཡིན་ནམ། དེས་ན་འཇིག་རྟེན་ཕ་རོལ་ལ་བསྙོན་པ་དང་། བསྒྲུབ་པ་དག་ཁྱད་པར་ཅི་ཞིག་ཡོད་ན་གང་

གིས་དེ་གྲུབ་པའི་ཐ་སྙད་ལ་གུས་ཤེ་ན། འཁྲུལ་པ་ཡིན་གྱི་འོག་ཏུ་ཞེས་གསུངས་སོ། །འདི་ཉིད་ཅེས་བྱ་བ་ནི་འཇིག་རྟེན་ཕ་རོལ་སྒྲུབ་པའི་མཚན་ཉིད་དོ། །བླ་སྟེ་ཞེས་བྱ་བ་ནི་ཅུང་ཟད་འདོད་པའི་དོན་ཏོ། །གཉིས་སུ་མེད་པའི་གཞག་པ་ལ་ལྟོས་ན་ནི་གཉིས་པོ་འགའ་ཡང་མེད་

Vol. 184 · folio 53a

དོ། །དེ་ལ་མ་ལྟོས་ན་ནི་འཇིག་རྟེན་ཕ་རོལ་བསྙོན་པ་བས་བསྒྲུབ་པ་ཉིད་བསྡམ་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཞི་བ་དང་ཞེས་སྨོས་ཏེ། གཉིས་སུ་མེད་པ་མངོན་དུ་བྱས་པའི་གནས་སྐབས་དེ་དེར་ཉོན་མོངས་པ་དེའི་ལས་

རྣམས་རབ་ཏུ་ཉེ་བར་ཞི་བའི་ཕྱིར་རོ། །མཐོ་རིས་ནི་མངོན་པར་མཐོ་བའི་སྒྲས་བརྗོད་པར་བྱ་བ་སྟེ། རབ་ཏུ་གྲུབ་པ་ཁོ་ནའོ། །འབྲས་བུ་དེ་གཉིས་ཀ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ལྟར་འཇིག་རྟེན་གཞན་ངེས་པའི་ཡོན་ཏན་བརྗོད་ནས། དེ་མ་ངེས་པའི་ཉེས་པ་བཤད་པ་

ནི། འདོད་ཆགས་པའི་ནོར་པ་ནི་ཞེས་བྱ་བའོ། །འཇིག་རྟེན་ཕ་རོལ་ངེས་ན་ནི་ཉོན་མོངས་པ་ལ་སོགས་པའི་ཚོགས་ལས་བྱང་ཞིང་གྲོལ་བར་བྱས་པའི་དོན་དུ་འབད་པ་ཡིན་ལ། དེ་ཡང་སྐྱེ་བ་བརྒྱུད་པར་གོམས་པ་མཐར་ཕྱིན་པ་ན་འགྲུབ་ཅིང་། བར་དུ་ཡང་མི་འདོད་པའི་རང་

གི་ལས་ལ་དེ་རྣམས་ཀྱི་རྒྱུ་བ་འགོག་པར་བྱེད་པ་ཡིན་ནོ། །དེ་མ་ངེས་ན་འདོད་ཆགས་ལ་སོགས་པའི་ནོར་པ་བྱུང་རྒྱལ་དུ་གཞག་པ་ནི། གཉི་གའི་མཚན་ཉིད་ཅན་གྱི་འབྲས་བུ་ཕན་པ་མཐའ་དག་དང་མཐོང་བའི་ཡོན་ཏན་སྐྱེ་བོ་དམ་པ་དེ་དག་ཉམས་པར་བྱེད་པ་ཉིད་ཡིན་ནོ། །

དམ་པའི་ལམ་དུ་འཇུག་པ་ལ་ནི། སྐྱེ་བོ་དམ་པ་ཞེས་ཐ་སྙད་དུ་བྱེད་དོ། །དེས་ན་ཐ་སྙད་ལ་བརྟེན་ན་ནི་ཐ་སྙད་འདི་ལ་བརྟེན་པ་ཉིད་བླའོ། །རྨི་ལམ་དུ་ཡང་བདེ་བའི་ཆ་རྐྱེན་གྱི་རྣམ་པ་དེ་འདོད་པ་ཡིན་གྱི། འཇིགས་སུ་རུང་བའི་རྣམ་པ་ནི་རྟོག་པར་མི་འདོད་དོ། །གལ་ཏེ་མིག་

ལ་སོགས་པའི་འཇིག་རྟེན་ཕ་རོལ་སྒྲུབ་པར་བྱེད་པ་ནོར་པ་ཡང་ཇི་ལྟར་འདོད། ཇི་ལྟར་རྣམ་པར་རིག་པ་ཙམ་གྱི་ཕྱོགས་ལ་ནི་དབང་པོ་རྣམས་གློ་བུར་དུ་སྐྱེ་བར་འགྱུར་གྱི། འབྱུང་བ་ཙམ་རྒྱུ་ཡིན་པ་ལ་ནི་བློ་བཞིན་དུ་ཧ་ཅང་ཐལ་བར་འགྱུར་རོ། །དབང་པོ་རྣམས་ནི་བློ་བཞིན་དུ་

རིགས་མཐུན་པ་སྔ་མ་དང་འབྲེལ་པར་ཡང་མི་འཐད་དེ། ནད་དང་གཞན་གྱི་གནོད་པ་དང་། རིམས་ཀྱིས་ཕལ་ཆེར་མིག་ལ་སོགས་པ་ཉམས་པ་སྲིད་པའི་ཕྱིར་ན། དེ་དག་ལ་ཡང་དབང་པོ་འཐོབ་པ་ལྟར་འགྱུར་སྙམ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་སྐད་

Vol. 184 · folio 53b

དུ་ཡང་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། དོན་དང་སེམས་ཅན་བདག་རྣམ་རིག །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་དེ་དོན་མིན། །ཞེས་གསུངས་སོ། །དེ་བདག་ཏུ་སྣང་བ་ནི་དབང་པོར་སྣང་བའོ། །གལ་ཏེ་སྔོན་པོ་ལ་སོགས་པ་གསལ་བ་ཉིད་ཀྱིས་རྣམ་

པར་རིག་པའི་ནང་དུ་འདུས་པར་རིགས་ཀྱི། རྟག་ཏུ་ལྐོག་ཏུ་གྱུར་པའི་ཕྱིར། །དབང་པོ་གོ་ཇི་ལྟར་སྙམ་ན། བདེན་ཏེ་ལུགས་འདི་ལ་དེ་མ་ཐག་པའི་ནུས་པའི་ཁྱད་པར་ཉིད་དབང་པོ་ཡིན་ལ། དེའང་དེ་མ་ཐག་པའི་རྐྱེན་གྱིས་རང་བཞིན་ཡིན་པ་དེས་ན་སྐྱོན་མེད་དོ། །དཔེར་ན་

དབང་པོ་ཐ་དད་པ་ལྟ་བུར་བརྟགས་པ་དེ་ལྟར་རྣམ་པར་རྟོག་པའི་བདག་ཉིད་ཀྱིས་ཤེས་པ་ལ་དབང་པོར་སྣང་བ་ཞེས་བརྗོད་དོ། །བརྟགས་པའི་དབང་པོ་ཡང་བག་ཆགས་ཀྱི་སྟོབས་ལ་བརྟེན་པའི་རྣམ་པར་རིག་པ་ཙམ་ཞེས་བརྗོད་དོ། །དེ་བཞིན་དུ་ངར་འཛིན་པ་ལ་སོགས་པས་

བརྟགས་པའི་ཡོད་པ་ལ་ཡང་། དེ་སྣང་བ་ལ་སོགས་པ་རྣམ་པར་གཞག་གོ། །དེས་ན་ཞེས་བྱ་བ་ནི་གང་གི་ཕྱིར་མིག་ལ་སོགས་པ་བག་ཆགས་ཀྱི་སྟོབས་ལ་བརྟེན་པ་ངེས་ན་རྣམ་པ་དེ་ལྟ་བུའི་ལས་ཀྱི་སྟོབས་ཀྱིས་བག་ཆགས་མི་མཐུན་པར་གྱུར་པས། དབང་པོ་ཚོགས་ཉམས་

པར་གྱུར་ཀྱང་། དེས་བསྐྱེད་པའི་བག་ཆགས་ཀྱི་སྟོབས་ཀྱིས་དབང་པོ་ཉམས་པ་ཉིད་ལས་ལུས་གཞན་ལ་མིག་ལ་སོགས་པ་འབྱུང་བར་མི་འགལ་ལོ་ཞེས་བྱ་བའི་དོན་ཏོ། །ད་ནི་སྐབས་སུ་བབ་པའི་ཐོག་མ་དང་ཐ་མ་མེད་པ་ཉིད་ཀྱི་གཞི་འཛུགས་པ་ནི་དེ་བས་ན་ཞེས་བྱ་བའོ། །རྣམ་

པ་འདི་ཉིད་ཅེས་བྱ་བ་ནི་དེ་ལྟ་བུའི་རྒྱུ་ཉེ་བར་གནས་པ་གྱུར་ན་ཡང་མིག་ལ་སོགས་པ་ཉམས་པ་དང་སྐྱེ་བ་ལ་སོགས་པ་ཡིན་ལ། རྣམ་པར་ཤེས་པ་ནི་རང་གི་ངོ་བོས་གནས་པའོ། །དེས་ན་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་པ་ཡང་ཡིན་ཏེ། དེའི་རྣམ་པ་དང་ལྡན་པ་སྔ་མ་སྔ་མ་

མཐའ་དག་ནི་སྔ་མ་སྔ་མ་ལ་ལྟོས་པའི་ཕྱིར་རོ། །དེ་ལྟ་ན་ནི་དེ་ཁོ་ན་བཞིན་དུ་ཐ་མ་ཡང་མེད་པར་འགྱུར་བས་ན། དེ་ཁོ་ན་གོམས་པ་དོན་མེད་ལ། དེའི་དོན་དུ་འཇིག་རྟེན་ཕ་རོལ་སྒྲུབ་པ་ཡང་འབྲས་བུ་མེད་དོ་སྙམ་ན། ཅི་སྲིད་ཅེས་གསུངས་སོ། །ནོར་བ་རབ་ཏུ་མ་ཞི་བ། །ཞེས་བྱ་བ་ནི་

Vol. 184 · folio 54a

གཉིས་སུ་མེད་པ་མངོན་སུམ་ཏུ་མ་གྱུར་པའོ། །དེ་སྲིད་དུ་ནི་ཞེས་བྱ་བ་དུས་དེ་སྲིད་གནས་པ་ལ་ལྟོས་ནས་ཐ་མ་མེད་པའི་ཐ་སྙད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྣམ་པར་རིག་པ་ཙམ་ལ་གནས་པ་ལ་མིག་ལ་སོགས་པའི་འཇིག་རྟེན་ཕ་རོལ་སྒྲུབ་པ་

འགལ་བ་མེད་དོ་ཞེས་གནས་སོ། །གལ་ཏེ་བག་ཆགས་ཀྱི་སྟོབས་ལ་བརྟེན་པས་ན་དེ་ལྟར་འགྱུར་མོད་ཕྱི་རོལ་དོན་ལ་གོ་དེ་ཅི་ལྟར་འགྱུར་ཞེ་ན། མིག་ལ་སོགས་པ་བདེན་པ་ཉིད་དམ་ཞེས་གསུངས་ཏེ། བག་ཆགས་ཀྱི་རང་བཞིན་ཉིད་མ་ཡིན་པ་ཉིད་ཡིན་ཡང་ངོ་། །ཕྱི་རོལ་གྱི་

དོན་ཡིན་པ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་ཚོགས་སོ། །ཡང་ན་མིག་ལ་སོགས་པ་རྣམ་པར་ཤེས་པའི་རང་བཞིན་དུ་བདེན་པ་ཉིད་དམ། བེམས་པོའི་རང་བཞིན་ཉིད་ཀྱི་ཕྱི་རོལ་གྱི་དོན་ཡིན་ཡང་རུང་སྟེ་ཞེས་བྱ་བ་ཡིན་ནོ། །རང་བཞིན་འདི་ཐོག་མ་མེད་པ་ཞེས་བྱ་བ་ནི་མིག་

ལ་སོགས་པ་ཡང་ནས་ཡང་འཇིག་པ་དང་། མ་མཐོང་བའི་སྟོབས་ཀྱི་དབང་པོ་ལ་སོགས་པས་ཉམས་པ་དག་ཉིད་ལས་ཡང་ནས་ཡང་ལུས་གཞན་ལ་འབྱུང་བའོ། །གཉི་ག་ལ་ཡང་སེམས་ནི་རྒྱུན་མི་འཆད་པར་གྲགས་པ་དང་མིག་ལ་སོགས་པ་རྣམས་ཀྱང་མཐའ་མེད་

པའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ཐོག་མ་མེད་པ་ཉིད་རྣམ་པར་གནས་པ་ནི་སྔ་མ་བཞིན་ནོ། །ཕྱི་རོལ་ལ་ནི་ནོར་བ་བདག་ཏུ་ལྟ་བ་ཡིན་ལ། བདག་མེད་པ་མངོན་དུ་བྱས་པ་ནི་མཐར་ཕྱིན་པའོ། །ཇི་སྐད་དུ་སྲོག་ཆགས་བསྐྱེད་པ་དང་། རྗེས་སུ་མཐུན་པའི་ཁྱད་པར་

ལ་སོགས་པ་ལ་དམིགས་པ་མེད། དེ་རྟོག་པ་ཙམ་དུ་ཟད་དོ་ཞེས་བརྗོད་པ་དེ་ལ་སྨྲས་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །སྲ་བ་ཉིད་ལ་སོགས་པས་ཞེས་བྱ་བས་ནི་འཇམ་པ་ཉིད་དམ་དྲི་ང་བ་ཉིད་ལ་སོགས་པ་ཅི་ལྟར་མཐོང་བའི་ཁྱད་པར་རྣམས་སྡུད་པའོ། །དྲོད་

གཤེར་ལས་སྐྱེ་བ་ཞེས་བྱ་བས་གསེབ་ནས་དྲོད་གཤེར་ལས་སྐྱེ་བ་དང་། དེའི་རྣམ་པར་འགྱུར་བ་ཤིང་ལ་སོགས་པ་ནས་སོ། །མངལ་ནས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་ཡང་སའི་རྣམ་པར་འགྱུར་བ་ཉིད་མངལ་དུ་སྐྱེ་བ་ཡིན་ནོ། །རྫུས་ཏེ་སྐྱེ་བ་ལ་ནི་རེ་ཞིག་

Vol. 184 · folio 54b

ལོག་པར་རྟོགས་པ་ཉིད་ཡོད་པ་ཡིན་ནོ། །འོན་ཏེ་ཞེས་བྱ་བས་ནི་སའི་རྣམ་པར་འགྱུར་བའི་རྣམ་པར་དབྱེ་བས་སྲོག་ཆགས་ཀྱི་རྒྱུ་ཡིན་ཞེས་སྟོན་པའོ། །རྡོ་དང་ཀ་བ་ལ་སོགས་པ་ལ་ནི་སྐྱེ་བ་མི་སྲིད་དོ་སྙམ་དུ་བསམས་པའོ། །གལ་ཏེ་རྡོའི་དཀྱིལ་ན་ཡོད་པའི་སྲོག་ཆགས་ཀྱང་

སྐྱེ་བར་གྲགས་པ་ཡིན་མོད་ཀྱི། འོན་ཀྱང་གཞན་ཉིད་བརྗོད་པ་ནི་དེའི་ཚེ་ཞེས་བྱ་བའོ། །དེའི་རང་བཞིན་ཅན་གྱི་སྲོག་ཆགས་ཀྱིས། བདག་ཉིད་ཅེས་བྱ་བ་ནི་བདག་ཉིད་གཅིག་གིས་བསྐྱེད་པའི་རང་བཞིན་ནོ། །འདི་ཉིད་བརྗོད་པ་ནི་བསྩགས་ནས་གཞག་པའི་ཞེས་བྱ་བའོ། །

མགོ་དམར་བ་ཞེས་བྱ་བ་ནི། ལུས་མདོག་གཞན་དང་ལྡན་པའོ། །གཞན་ནི་དེ་དང་མི་འདྲ་བའོ། །ལུས་སེར་པོ་ནི་མགོ་མདོག་གཞན་དང་ལྡན་པའོ། །དེ་བཞིན་དུ་ལུས་སྔོན་པོ་ལ་སོགས་པ་ཡང་རིག་པར་བྱའོ། །གལ་ཏེ་ལས་ཀྱི་དབྱེ་བ་ཁས་མི་ལེན་ན་རྣམ་པ་དེ་དག་རྒྱུ་ཅི་ལས་

བྱུང་སྙམ་དུ་དགོངས་པའོ། །འོན་ཏེ་རྒྱུ་རིགས་མཚུངས་པ་ཉིད་ལས་སྲོག་ཆགས་རྣམས་ཀྱི་རྣམ་པ་ཐ་དད་པར་འགྱུར་རོ་སྙམ་ན། ནམ་ཡང་ཞེས་བྱ་བ་ལ་སོགས་པའོ། །རང་བཞིན་གཅིག་པ་ཅན་གྱི་པདྨ་དཀར་པོ་ལ་སོགས་པའི་ས་བོན་ལ་སོགས་པ་དུ་མ་དག་བདག་ལས་

དཀར་པོ་དང་དམར་པོ་ལ་སོགས་པའི་རང་བཞིན་གྱི་པདྨ་ལ་སོགས་པའི་དབྱེ་བ་ངེས་པ་མེད་པར་འགའ་ཞིག་གི་ཚེ་མཐོང་བའམ། འདོད་པ་ཡང་མ་ཡིན་ནམ་ཅི། འདུས་བྱས་པ་ལས་ནི་ཐ་དད་པར་འགྱུར་སྲིད་པ་ཡིན་ཏེ། སྐྱུ་རུ་རའི་འབྲས་བུ་བཞིན་ནོ། །དེས་ན་དེའི་རང་

བཞིན་ཞེས་བརྗོད་དོ། །ཆུ་ལ་སོགས་པའི་མཚན་ཉིད་ཅན་གྱི་ས་བོན་རིགས་གཅིག་ལས་ནི་སྲོག་ཆགས་ཀྱི་དབྱེ་བ་ངེས་པ་མ་ཡིན་ཏེ། འོན་ཀྱང་སྣ་ཚོགས་པ་ཁོ་ནའོ། །དེས་ན་གལ་ཏེ་མཐོང་བའི་ཁྱད་པར་ཡོངས་སུ་རྟོགས་པར་ཁས་ལེན་ན། སྲོག་ཆགས་ཀྱི་དབྱེ་བ་

འདི་ལ་ལས་ཉིད་ངེས་བྱེད་ཡིན་ཏེ་རྣམ་པ་སྣ་ཚོགས་པའི་ཕྱིར་རོ། །སྐབས་ཀྱི་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །ས་ལ་སོགས་པའི་ས་གཅིག་ཅི་ལྟར་གཡོ་བག་ཅན་ལ་སོགས་པའི་རང་བཞིན་དུ་ཡོངས་སུ་གྱུར་པ་དེ་བཞིན་དུ། གཞན་ཐམས་ཅད་

Vol. 184 · folio 55a

ཀྱང་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ། །གལ་ཏེ་བློ་གནས་ཀྱང་སྔོན་ཡོད་པའི་མིག་འཆི་བའི་དུས་ན་ཞིག་པའམ་གསོན་བཞིན་དུ་ཕྱུང་བ་དེས་ན། སྲིད་པ་འདིར་འབྲས་བུ་ལ་རེ་བ་རྒྱང་རིང་ངོ་ཞེ་ན། འདི་ལས་འདས་ནས་

རིང་དུ་ལོན་པ་ཡང་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བརྗོད་ཟིན་ཏོ། །དེ་ལྟ་མ་ཡིན་ན་མ་ལ་གཅིག་ནས་སྐྱེས་པ་གཉིས་ཀྱི་མིག་གཡོ་བག་ཅན་དང་། གཡོ་བག་ཅན་མ་ཡིན་པའི་རྣམ་པར་དབྱེ་བར་མི་འགྱུར་རོ། །བློའི་འདུ་བྱེད་པ་ལས་རྣམ་པར་དབྱེ་བར་འགྱུར་རོ་ཞེ་ན། བློ་ཡང་རྣམ་

པ་ཐམས་ཅད་དུ་འགགས་པར་མཐོང་བའི་དེར་ཚུལ་ཇི་ལྟར་ཡིན། དེ་ཅིའི་ཕྱིར་ཅི་ལྟར་འགགས་ནས་ཡུན་རིང་དུ་ལོན་པའི་བློ་དེ་མ་ཐག་པའི་རྐྱེན་ཡིན་པ་དེ་བཞིན་དུ་འགགས་ནས་ཡུན་རིང་དུ་ལོན་པའི་མིག་ཀྱང་མིག་གི་རྒྱུ་ཡིན་ནོ། །དེ་བས་མིག་ལ་སོགས་པས་ནི་རང་གི་རིགས་

སྔ་མ་ལ་རག་ལས་པ་ཁོ་ནའོ། །དེ་བས་ན་འཇིག་རྟེན་གཞན་དག་གདོན་མི་ཟ་བར་གྲུབ་པོ། །གཞན་ཡང་ཞེས་བྱ་བ་ལ། དེའི་འདུ་བྱེད་ཀྱི་རྗེས་སུ་འཇུག་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པའི་དབང་པོ་རྣམས་ནིའོ། །རང་གི་འབྲས་བུ་བྱེད་པ་ནི་དེས་སྐུལ་བ་ཁོ་ནས་

ཁྱད་པར་དུ་ཡུལ་རྟོགས་པའི་སྒྲུབ་བྱེད་ཡིན་པའི་ཕྱིར་རོ། །གང་ལས་དེ་རྣམས་ཉམས་པས་ཡིད་ཀྱི་བློ་ཉམས་པར་དོགས་པའམ། སྤང་བར་འགྱུར་བ་མི་འདོད་པ་འགོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ནི་ཞེས་བྱ་བའོ། །ཡང་ན་དབང་པོ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་

བརྟེན་ནས་འབྲས་བུ་བྱེད་པར་མཐོང་གི། ཡིད་ཀྱི་རྣམ་པར་ཤེས་པ་ནི་དེ་ལ་བརྟེན་ནས་བྱེད་པ་མ་མཐོང་ངོ་། །དེས་ན་དབང་པོ་ལ་སོགས་པ་ནི་ཤེས་པ་ཁོ་ན་ལས་ཡིན་པར་བརྟག་པར་བྱ་བ་ཡིན་ནོ། །དབུས་ཀྱི་གནས་སྐབས་ན། བྱེད་པ་དེ་ལ་རག་ལས་པར་མཐོང་བའི་ཕྱིར་སྐྱེ་བ་

དང་པོར་ཡང་དེ་ལས་རག་ལས་པར་བརྟག་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་འདི་དག་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ལས་སམ། རང་གི་རིགས་ལས་སྐྱེ་བ་ཡིན་གྱི་ས་དང་ཆུ་ལ་སོགས་པ་དག་ལས་ནི་མ་ཡིན་ནོ། །དེས་ན་དེ་ཙམ་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ།

Vol. 184 · folio 55b

མཐོང་བ་ཉིད་ནི་རྣམ་པ་ཐམས་ཅད་དུ་སྤང་བ་མ་ཡིན་ནོ། །འཇུག་པ་གཉིས་པ་ལ་ནི་རྣམ་འགྲེལ་འདི་ཉིད་འདྲི་བར་འགྱུར་རོ། །དེ་ཉིད་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །དེའི་ཚོགས་པ་ཞེས་བྱ་བ་ལ་དེའི་སྒྲས་ནི་ས་དང་ཆུ་ལ་སོགས་པ་གཟུང་ངོ་། །དབུགས་ཕྱུང་རྔུབ་ལ་སོགས་

པ་ནི་ཞེས་སོགས་པའི་སྒྲས་ནི་དབང་པོ་ཡང་ངོ་། །ཕ་མའི་ས་བོན་ནི་ཁུ་བ་དང་ཁྲག་ལ་སོགས་པས་བསྡུས་པར་བྱུང་བའི་ཚོགས་སོ། །ཙམ་ལས་ཞེས་བྱ་བ་ནི་རིགས་མཐུན་པ་སྔ་མ་ལས་མ་ཡིན་པའོ། །འདི་ནི་འཇིག་རྟེན་རྒྱང་འཕན་པའི་འདོད་པ་སྐྱོང་བ་སྟེ། དེ་ལྟར་

ཡིན་ཡང་ངེད་ཀྱི་འཁོར་བ་ལ་ཆད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་དེ་ལྟར་ཡིན་ཞེ་ན། འཁོར་བ་ཡང་ཞེས་གསུངས་སོ། །ཆོས་མངོན་པ་ལས་འཁོར་བ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ལ་བརྗོད་པ་ཡིན་ནོ་ཞེས་བཤད་པ་ནི་ལོག་པར་ལྟ་བས་ཉམས་པས་ན་དགེ་བའི་རྩ་བ་རྣམས་

ཆད་པ་དང་། དེ་བསལ་བས་དེ་དག་ཕྱིར་འབྲེལ་བའི་མཚམས་སྦྱོར་བ་དང་། ཆད་པ་སྤངས་པའི་འདོད་ཆགས་དང་བྲལ་བ་དང་། དབང་པོ་རྟུལ་བས་ན་འབྲས་བུ་གཉིས་པ་ལས་ཉམས་པ་དང་། སྐལ་བ་མཉམ་པའི་སྡེ་ལས་ཉམས་པའི་འཆི་འཕོ་བ་སྟེ། འཆི་བ་ཞེས་བྱ་

བའི་དོན་དག་ཡིན་པ་དང་། སྐྱེ་བ་གཞན་ཡོངས་སུ་འཛིན་པའི་སྐྱེ་བ་རྣམས་སོ། །མཚུངས་པ་དེ་མ་ཐག་པའི་ཤེས་པའི་བདག་ཉིད་དབང་པོ་དྲུག་པ་ནི་ཡོད་དོ། །དེ་ཙམ་ལ་བརྟེན་པའི་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་སྟེ། མིག་ལ་སོགས་པ་ལ་མི་བརྟེན་པའི་ཕྱིར་ན་རྣམ་

པར་རྟོག་པ་ཡིན་ནོ། །འདི་ལ་འཆི་འཕོ་བ་དང་སྐྱེ་བའི་ཁྱད་པར་བཤད་པ་ནི། བཏང་སྙོམས་ན་ནི་སྐྱེ་འཆི་དག། །ཅེས་བྱ་བ་སྟེ། བཏང་སྙོམས་ཀྱི་རྣམ་པ་ཅན་གྱི་རྣམ་པར་རྟོག་པར་ཡོད་པར་གྱུར་པ་ན་འཆི་བ་དང་སྐྱེ་བ་དག་ཏུ་འགྱུར་རོ་ཞེས་བྱ་བའི་དོན་ནི་ཆོས་མངོན་པ་མཛོད་ནས་བཤད་པའོ། །གཞན་

དུ་ནི་སྲིད་པའི་རྣམ་པར་རྟོག་པ་ཡོད་ན་སྐྱེ་བ་ཡོངས་སུ་འཛིན་པ་ཡིན་ནོ་ཞེས་ངེས་པར་བྱས་སོ། །འདིས་ནི་རྣམ་པར་རྟོག་པ་ཉིད་འཁོར་བ་ཡིན་ནོ་ཞེས་སྐབས་བསྒྲུབས་པ་ཡིན་ནོ། །ལྷག་མ་ནི་ཞར་ཡིན་ནོ། །དེ་ཉིད་བཤད་པ་ནི་དེས་ན་ཡིད་ཅེས་གསུངས་སོ། །སྐབས་ཀྱིས་ན་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words