ཚད་མ་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཤིན་ཏུ་ཡོངས་སུ་དག་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) པྲ་མཱ་ཎ་བཱརྟི་ཀཱ་ལང་ཀ་ར་ཊཱི་ཀཱ་སུ་པ་རི་ཤུདྡྷ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 184 · folio 83a

དུ་ཡིན་ན་ཞེས་འཆད་པར་འགྱུར་རོ། །དེས་ན་གཉིད་ལོག་པ་ལ་ནི་སད་པའི་གནས་སྐབས་ཡོད་པར་འགྱུར་གྱི་ཤི་བ་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལྷག་པའི་དོན་ཏོ། །དེ་ལྟར་གཞན་གྱིས་བརྗོད་པ་དེ་ཉིད་ཀྱི་ལུགས་ལ་བརྟེན་ནས་སེལ་བ་ནི། དེ་ལ་སྨྲས་པ་ཞེས་བྱ་

བའོ། །ཅི་ལྟར་ཞེ་ན། རིག་པ་མེད་པའི་རང་བཞིན་ཅི། །ཞེས་གསུངས་སོ། །རིག་པའི་རང་བཞིན་མ་ཡིན་པ་དེ་ནི་རིག་པར་འདོད་པ་མ་ཡིན་ནོ། །དེས་ན་ནུས་པའི་རང་བཞིན་ཡང་རིག་པ་ལས་གཞན་ཡིན་པའི་ཕྱིར་ན་རིག་པའི་རང་བཞིན་ཡོད་པ་མ་ཡིན་པ་ལ་ཁྱོད་རིག་པར་འདོད་པར་མི་བྱའོ། །

དེས་ན་སེམས་པའི་ནུས་པ་ནི་ལུས་ཉིད་ཡིན་ཏེ་གཞན་མེད་པའི་ཕྱིར་རོ། །དེས་ན་སེམས་པ་མེད་པ་ཁོ་ནའོ་ཞེས་བྱ་བར་དགོངས་པའོ། །དེ་ལྟ་ཡིན་ན་ཅི་སྐྱོན་ཞེ་ན། དེ་ལྟའང་ཞེས་གསུངས་ཏེ། རིག་པ་མེད་པ་དེ་ལྟར་ན་ཡང་ངོ་། །གལ་ཏེ་གཉིད་ལོག་པའི་གནས་སྐབས་ན་དེ་ཡོད་

ནའོ། །དེའི་ཚེ་ཤི་བ་ལ་ཡང་ཡོད་པར་འགྱུར་བས་སླར་འཚོ་བར་འགྱུར་རོ། །གང་ལས་ཤེ་ན། ཤིང་དང་ཞེས་གསུངས་སོ། །འོན་ཏེ་དབུགས་རྔུབ་པ་ལ་སོགས་པའི་ཁྱད་པར་ཡོད་དོ་སྙམ་ན། དབུགས་རྔུབ་ཅེས་གསུངས་སོ། །དབུགས་རྔུབ་པ་ལ་སོགས་པ་གང་ཡིན་པ་དེ་ཐམས་ཅད་

ཀྱང་སྔར་དེ་མདུན་དུའོ། །སེམས་པའི་ནུས་པས་བྱས་པའི་ཁྱད་པར་ནི། རྣམ་ཤེས་ནུས་པ་དང་འབྲེལ་ཕྱིར། །ཞེས་བྱ་བ་དེ་འཆད་པའི་སྐབས་སུ་སེལ་བར་འགྱུར་རོ། །བཤད་པ་ནི་ཅི་རིགས་སུ་བསལ་བ་ཁོ་ནའོ། །དེས་ན་ཏེ་ཁྱད་པར་མེད་པ་ནའོ། །དེ་ནི་རིག་པ་མེད་ནའོ། །དེ་ཞེས་བྱ་བ་ནི་

རིག་པའོ། །འོ་ན་དེ་ལུས་ཉིད་ཡིན་པས་ཞེས་བྱ་བས་ན་གཞན་མེད་པའི་ཕྱིར་རོ་སྙམ་དུ་དོགས་པའོ། །སེམས་པ་དེར་མི་ལྡོག་པ་ཉིད་དོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་སྐྱེད་པར་བྱེད་པ་མ་ཡིན་པ་དེ་ཞེས་བྱ་བའི་རིག་པ་དང་ཞེས་བྱ་བ་ནི་དོགས་པའོ། །གཉིད་ལོག་པ་ལ་ཞེས་

བྱ་བ་ནི་ལན་ནོ། །འོན་ཏེ་དེ་ལ་ཞེས་བྱ་བ་ནི་གཉིད་ལོག་པ་ལའོ། །དེ་ཡོངས་སུ་གྱུར་པ་ནི་རིག་པ་མེད་པ་ཡོངས་སུ་གྱུར་པའོ། །དེ་ལྟར་ལུས་ལྷན་ཅིག་བྱེད་པ་ཉིད་ཡིན་པ་སེལ་བ་བརྗོད་ནས་ཉེ་བར་ལེན་པའི་རྒྱུ་ཉིད་དགག་པར་ཡང་སྟོན་པ་ནི་དབུགས་རྔུབ་པ་ལ་སོགས་པ་ཐམས་ཅད་སྔར་ཞེས་

Vol. 184 · folio 83b

བྱ་བ་དེ་རྣམ་པར་འགྲེལ་པ་ནི་དབུགས་རྔུབ་པ་ལ་སོགས་པ་ནི་ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་དེ་གང་ཡིན་ཡང་གཉིད་ལོག་པ་ལྟར་ཤི་བ་ལ་ཡང་རྟོག་པ་ཡོད་པའི་ཕྱིར་སླར་འཚོ་བར་ཐལ་ལོ་ཞེས་བྱ་བའི་གནས་སོ། །དེ་ལྟར་ལུས་རྒྱུ་ཉིད་དུ་ཁས་བླངས་ནས་སུན་འབྱིན་པ་དེ་བརྗོད་ནས་ལུས་

དེ་ནི་རྒྱུ་ཉིད་དུ་འཐད་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །འདིར་འདས་ནས་ཡུན་རིང་དུ་ལོན་པའི་ཤེས་པའི་འདུ་བྱེད་ཉིད་སྨྲ་བ་ཡིན་ཏེ། ཚད་མས་གྲུབ་པའི་ཕྱིར་རོ། །གཉིད་ལོག་པའི་གནས་སྐབས་སུ་བྱུང་བ་འདས་མ་ཐག་པ་ནི་མ་ཡིན་ཏེ། ཐེ་ཚོམ་ཟ་བའི་ཕྱིར་རོ། །ཐེ་

ཚོམ་ཟ་བ་ནི་རྒྱུའམ་རྒྱུ་མ་ཡིན་པར་གཞག་པར་མི་ནུས་ཏེ། དུ་བ་ལ་ཤ་ཟ་བ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་སེམས་པ་ཆད་པར་གྲུབ་པ་འབར་བ་ནི་འབྲས་བུ་དང་ལྡན་པ་མ་ཡིན་ཏེ། དེ་མེད་ཀྱང་འདས་ནས་ཡུན་རིང་དུ་ལོན་པ་ནི་རྒྱུ་ཉིད་དུ་རྣམ་པར་གཞག་པ་སླ་བའི་ཕྱིར་རོ། །འཇིག་རྟེན་

རྒྱང་འཕན་པའི་འདོད་པ་ལ་ལྟོས་ནས་ནི་ཤིན་ཏུ་ཡང་ལུས་ཀྱི་འདུ་བྱེད་ཀྱི་རྗེས་སུ་འཇུག་པ་མ་མཐོང་བའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །ལུས་མཚུངས་པར་ཡོད་པ་ཡིན་ཡང་ཞེས་བྱ་བ་ནི་གཉིད་ལོག་པ་གཉིས་སོ། །འོན་ཏེ་ཞེས་བྱ་བ་ནི་དེས་སྔོན་གྱི་འདུ་བྱེད་ཀྱི་རྗེས་སུ་འཇུག་ཀྱང་ལུས་རྒྱུ་ཡིན་པ་མི་

འགལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །གྲུབ་པའི་མཐར་ནི་ལ་སོགས་པ་བཞིན་དུ་མེད་པ་དང་ཅིག་ཤོས་དག་ལྷན་ཅིག་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཉིད་མཐུག་པ་ལ་སོགས་པ་སེམས་དང་བྲལ་བའི་སྐྱེས་བུ་ལ་སད་པའི་གནས་སྐབས་ན་ཞེས་བྱ་བ་ནི་སད་པ་ལས་མངོན་དུ་ཕྱོགས་པའི་

གནས་སྐབས་ནའོ། །ལུས་བཞིན་དུ་སྔོན་གྱི་སེམས་ཀྱང་ནི་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་ཞེས་བྱ་བ་ནི་གལ་ཏེ་དུས་གཞན་ན་ཡོད་པར་ལྷན་ཅིག་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐའ་ནི་དོན་འདི་ཡིན་ཏེ། རྒྱ་སྐྱེགས་ཀྱི་ཁུ་བས་འདུས་བྱས་པའི་རས་བལ་གྱི་ས་བོན་དང་མེ་

ཏོག་དག་ལ་གཅིག་མེད་ན། རས་བལ་གྱི་དམར་པོ་བཞིན་དུ་མེད་པར་བསྐྱེད་བྱ་རྣམ་པ་ཐམས་ཅད་དུ་མི་འགྱུར་བ་དེའི་ཚེ། འདིའི་ལྷན་ཅིག་བྱེད་པའི་ས་བོན་བསྐྱེད་དོ་ཞེས་བྱ་བའི་རྣམ་པར་གཞག་པ་འདིར་འགྱུར་བ་ཞིག་ན། དེ་ལྟར་ན་འདིར་མ་ཡིན་ཏེ། རྟོག་པ་མེད་ཀྱང་སད་པ་ཙམ་ཡོད་

Vol. 184 · folio 84a

པའི་ཕྱིར་རོ། །ཁྱད་པར་ཅན་ལ་ལྷན་ཅིག་བྱེད་པ་ཡིན་པ་ནི་ལུས་ལ་ཡང་བཟློག་ཏུ་མེད་དོ། །དེ་ཙམ་གྱིས་ནི་སྐབས་དང་འགལ་བ་ཡང་མ་ཡིན་ནོ། །ཡང་མེད་པ་ལྷན་ཅིག་བྱེད་པ་མི་འདོད་པ་བསལ་བའི་ཕྱིར་གལ་ཏེ་སད་མ་ཐག་ཏུ་ཞེས་གསུངས་སོ། །སད་མ་ཐག་ནི་མཐོང་མ་

ཐག་གོ། །མཐོང་བ་དང་སྔོན་གྱི་རྣམ་པར་ཤེས་པ་ཡོད་པ་དང་ཅིག་ཤོས་དག་གོ། །ལན་ནི་དེ་ཡང་རིགས་པ་མ་ཡིན་ཏེ་ཞེས་བྱ་བའི་ཉེ་བར་གནས་པ་ལ་སད་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་ལ་ངེས་པ་ཡོད་པ་མ་ཡིན་ནོ། །མཐོང་བའི་ལུས་ཡིན་པས་ན་ཉེ་བ་ཉིད་ཀྱིས་དོན་གང་ཞིག་མཐོང་བ་

དེ་ཉིད་ལ་སྔོན་མཐོང་བར་རྟོགས་པའི་མཚན་ཉིད་དུ་འགྱུར་བའི་ཕྱིར་རོ། །དེ་དང་མཐུན་པ་ཉིད་དུ་ཞེས་བྱ་བ་ནི་བདག་གིས་འདི་ལྟར་བྱའོ་ཞེས་སོ། །བག་ཆགས་སད་པ་ནི་བག་ཆགས་སད་པའི་རྣམ་པར་རྟོག་པ་ལས་བྱུང་བའོ། །སད་པ་ན་ཞེས་བྱ་བ་ནི་གཉིད་སད་པ་ནའོ། །རྟོག་པ་ནི་རྣམ་པར་རྟོག་

པའི་བདག་ཉིད་དོ། །གལ་ཏེ་མཐོང་བ་ལ་མི་ལྟོས་པར་རྣམ་པར་རྟོག་པར་འགྱུར་ན། ཅི་སྟེ་ཐམས་ཅད་ལ་ཐམས་ཅད་མི་འགྱུར་སྙམ་ན། བདག་གིས་ཞེས་གསུངས་ཏེ། ཅི་ལྟར་ཞེས་བྱ་བ་ནི་གནས་སྐབས་དག་ཏུའོ། །དེར་འགྱུར་གྱིས་ཐམས་ཅད་ནི་མ་ཡིན་ནོ། །དེ་ལྟ་བུར་གྱུར་པ་ཉིད་རྟོགས་

ཀྱི་གཞན་ནི་མ་ཡིན་ནོ། །གལ་ཏེ་ཅི་རྣམ་པར་རྟོག་པ་ཁོ་ན་སད་པ་ཡིན་གྱི་ཅི་གཞན་མ་ཡིན་ནམ་སྙམ་པ་ལ། སད་པ་ནི་ཞེས་གསུངས་སོ། །གཉི་ག་ཡང་སད་པ་ཡིན་ཏེ། རྣམ་པ་གཅིག་ཏུ་ངེས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཉིད་ཀྱིས་བཟའ་བཏུང་ཞུ་བ་ན་གང་གི་ཚེ་དབང་པོ་སྐྱོན་

མེད་དང་བཅས་པའི་ལུས་ཀྱིས་སྐད་ཅིག་བྱེད་པ་ཅན་འདས་ནས་རིང་དུ་ལོན་པའི་ཤེས་པ་སྔ་མས་ཕྱིའམ་ནང་གི་དོན་ཅི་ལྟར་ཉེ་བར་གནས་པ་ལ་བདེ་བ་དང་། སྡུག་བསྔལ་ཉམས་སུ་མྱོང་བ་དང་པོར་སྐྱེད་པར་བྱེད་པ་དེའི་ཚེ་ནི་རྣམ་པར་རྟོག་པ་མེད་པའི་སད་པ་ཡིན་ནོ། །གང་གིས་གཉིད་ལོག་པ་བརྡེབས་

པ་ཚར་ནས་མི་བཟད་པས་འཇིགས་པ་ལ་སོགས་པ་གོམས་པ་ལས། ལུས་ཀྱི་གནས་སྐབས་ཀྱི་ཁྱད་པར་ལྷན་ཅིག་བྱེད་པ་ཅན་གྱི་ཤེས་པ་སྔ་མས་འདི་བྱའི་སྙམ་པའི་རྣམ་པར་རྟོག་པ་སྐྱེད་པ་དེའི་ཚེ་ནི་རྣམ་པར་རྟོག་པའི་ཤེས་པ་ཉིད་སད་པ་ཡིན་ལ། དེའི་འོག་ཏུ་ནི་རྣམ་པར་རྟོག་པ་དང་

Vol. 184 · folio 84b

བཅས་པའམ་རྟོག་པ་མེད་པར་ཡང་འགྱུར་བ་ཡིན་ནོ། །གང་གི་ཚེ་ཚོགས་པ་ཡིན་པས་གཉི་ག་གཅིག་པར་སྐྱེ་བ་དེའི་ཚེ་ན་གཉི་ག་ཡང་སད་པ་ཡིན་ནོ། །སད་པ་གོམས་པར་བྱས་པ་ཉིད་སྟོན་པ་ནི་གང་ཞིག་ཅེས་བྱ་བའོ། །བརྟན་སོགས་ཞེས་སོགས་པའི་སྒྲས་ནི་འདོད་པར་བྱ་བའི་བུད་མེད་

གཟུང་ངོ་། །འདུ་བྱེད་ནི་གོམས་པའོ། །བདེ་བ་ལ་སོགས་པ་རིག་པ་དང་རྟོགས་པའི་རང་བཞིན་སྐྱེ་བར་འགྱུར་ཞེས་འབྲེལ་ཏོ། །དེ་ལ་འདས་ནས་ཡུན་རིང་དུ་ཡིན་པའི་འཇིགས་པ་གོམས་པ་ལས་འབྲེལ་པ་ལ་སོགས་པའི་རང་བཞིན་དང་། བདེ་བ་སྐྱེ་བར་འགྱུར་རོ། །མ་བྲོས་ན་ནི་སྡུག་

བསྔལ་དུ་རིག་པར་འགྱུར་རོ། །ཁོན་པ་གོམས་པར་བྱས་པ་ལ་ནི་མཚོན་འཛིན་པ་ལ་སོགས་པའི་རྟོག་པའི་རང་བཞིན་དང་བདེ་བ་རིག་པ་ཉེ་བར་འགྱུར་རོ། །འཆད་པ་ནི་འཇིགས་པ་གོམས་པའི་ཁྱིམ་དུ་ཞེས་བྱ་བའོ། །འབྲོས་པ་དང་བདེ་བ་ལ་སོགས་པའི་རང་བཞིན་དུ་རིག་པའོ། །སོགས་པའི་

སྒྲས་ནི་རྣམ་པར་རྟོག་པ་ཡོངས་སུ་གཟུང་ངོ་། །དེ་དག་ཉིད་ཀྱིས་རང་བཞིན་གང་ལ་ཡོད་པའི་སད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །གཞན་ཞེས་བྱ་བ་ནི་འབྲོས་མི་ནུས་ནའོ། །གཞན་ལ་གནོད་པར་བྱེད་པའི་རྒྱུ་ཡང་དེ་ཡིན་ལ་མཚོན་ལ་སོགས་པ་འཛིན་པ་ཡང་དེ་ཡིན་པ་སྟེ། རང་བཞིན་དེ་ཉིད་

རྟོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །དེས་ན་འབྲུ་མང་པོ་ཁོ་ན་ཡོད་པ་ལས་འཛིན་པའི་བསྡུ་བའོ། །གང་གི་ཕྱིར་འདིར་རྣམ་པར་རིག་པ་ཙམ་ལས་འདས་པ་དང་ཅིག་ཤོས་དག་ལྷན་ཅིག་བྱེད་པ་ཉིད་དུ་མི་འཐད་པ་དེས་ན་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་ཤེས་པ་སྤྱིའི་ལྷན་

ཅིག་བྱེད་པའི་རྒྱུ་མ་ཡིན་ནོ། །འདིས་ནི་འདུ་བྱེད་པ་དང་ལྷན་ཅིག་ཡང་ནས་སྐྱེ་བའི་ཞེས་གང་བརྗོད་པ་སྤངས་པ་ཡིན་ནོ། །འོ་ན་རྣམ་པར་ཤེས་པའི་རྒྱུ་ཅི་ཡིན་སྙམ་ན་རྣམ་པར་ཤེས་པ་སྔ་མ་ཉིད་རྒྱུ་ཡིན་ནོ་ཞེས་གསུངས་ཏེ། ཉེ་བར་སིམ་པ་ཡིན་ནོ། །འོན་ཀྱང་རྣམ་པར་ཤེས་པ་སྔ་མ་དེ་ཇི་ལྟར་རང་

གི་རྒྱུས་དུས་ངེས་པར་བསྐྱེད་པ་དེ་བཞིན་དུ་བར་དུ་ཆད་པའི་དུས་དང་། འབྲེལ་པའི་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་པ་དེས་སང་གི་དུས་ཀྱི་དེ་མ་ཐག་ཏུ་འབྲས་བུ་མི་སྐྱེད་པ་དང་། དུས་གཞན་དང་འབྲེལ་པའི་འབྲས་བུ་སྐྱེད་པར་བྱེད་པར་འགྱུར་བ་ཙམ་དུ་ཟད་པ་ཡིན་པའི་ཕྱིར་སྐྱོན་མེད་དོ། །

Vol. 184 · folio 85a

རྒྱ་སྐྱེགས་ཀྱི་ཁུ་བས་འདུས་བྱས་པའི་ས་བོན་ནི་འདས་པའི་ཡིན་ཡང་། གཞན་གྱི་ཚེ་འབྲས་བུ་ནི་ཡོད་པར་ཐལ་བའི་ཉེས་པ་མེད་དོ། །མ་ལྡོག་པ་ལ་ལྟོས་ནས་རྣམ་པ་དེ་ལྟ་བུའི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །འབྱུང་བར་འགྱུར་བའི་རྒྱུ་ཡང་སྔར་གྱི་

དུས་སུ་ཡོད་པ་ལ་ལྟོས་པ་ཁོ་ནས་སྣ་ཞོམ་པ་ལ་སོགས་པའི་འབྲས་བུ་སྐྱེད་པ་ཡིན་ནོ། །འདི་གཉིས་ནི་ལྷན་ཅིག་འབྱུང་བ་མ་ཡིན་ཡང་གཅིག་མེད་ན་འབྲས་བུ་མི་སྐྱེ་བའི་ཕྱིར་ན་དོན་བྱ་བ་གཅིག་བྱེད་པའི་མཚན་ཉིད་ཀྱི་ལྷན་ཅིག་བྱེད་པ་ཉིད་ཡིན་ཡང་མི་འགལ་ལོ། །གལ་ཏེ་དེ་ལྟར་

ལྷན་ཅིག་འབྱུང་བ་མེད་ཀྱང་ལྷན་ཅིག་བྱེད་པ་ཡིན་ན་འདུ་བྱེད་པ་ཡང་ལུས་ཀྱིས་ལྷན་ཅིག་བྱེད་པར་འགྱུར་བ་དེས་ན། འདུ་བྱེད་དེ་ཡི་ཚེ་མེད་ན། །ལྷན་ཅིག་བྱེད་འགྱུར་ཕྱིར་འཐད་དཀའ། །ཞེས་ཇི་ལྟར་བརྗོད་ཅེ་ན། བརྗོད་པ། གལ་ཏེ་གཅིག་མེད་པར་འབྲས་བུ་རྟོགས་པ་ཙམ་གྱིས་སྐྱེ་ན་ནི།

འདི་དེ་ལྟར་འགྱུར་བ་ཁོ་ནའོ། །ལུས་དེ་ལུས་མེད་ན་མི་སྐྱེ་བ་ཁོ་ནའོ་ཞེ་ན། འདི་གང་གིས་ངེས་པར་ཟིན་ཏེ། རང་ངམ་གཞན་གྱིས་ངེས་པར་མི་འཐད་པའི་ཕྱིར་རོ། །དེས་ན་གང་གི་ཕྱིར་འཇིག་རྟེན་རྒྱང་འཕན་པའི་མངོན་པར་འདོད་པའི་འགྲུབ་ཏུ་རེ་བ་འབྲས་བུ་དང་བཅས་པར་འགྱུར། འདི་

གཉིས་ཀྱི་ལྷན་ཅིག་ལ་འདི་ཡང་ཚད་མས་རྟོགས་པ་མ་ཡིན་ནོ་ཞེས་བྱ་བར་རྟོགས་པར་བྱའོ། །གལ་ཏེ་ལུས་ཉིད་ཉེ་བར་ལེན་པ་ཡིན་ན་དེའི་ཚེ་ཉེས་པ་ཅི་ཡོད་སྙམ་པའི་དོགས་པ་སྤང་བའི་ཕྱིར། སྔར་བཤད་པའི་རིགས་པ་ཉིད་གྲགས་པར་བྱེད་པ་ནི་དེ་ཡང་ཞེས་བྱ་བ་ཡིན་ཏེ་ཤེས་པ་སྤྱིའོ། །

ལྷག་མ་ཡང་བརྗོད་པ་ནི་དེ་བཞིན་དུ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །མི་མཐུན་པ་མེད་ན་ཞེས་བྱ་བ་ནི་ལན་ནོ། །འོན་ཏེ་མི་མཐུན་པ་ཚབས་ཆེན་པོ་སེམས་དང་བྲལ་བའི་མཚན་ཉིད་ནི་རང་གི་རྒྱུ་ལོག་ཀྱང་མི་རྟོག་པའི་ཕྱིར་ན། སྔར་གྱི་རང་བཞིན་ཡང་འབྱུང་བ་མ་ཡིན་ཏེ།

སེལ་བ་ལོག་ནས་རང་བཞིན་གྱི་གནས་འབྱུང་བ་ནི་ནམ་ཡང་མེད་དོ། །དེས་ན་མི་མཐུན་པ་མེད་ན་སླར་ལུས་རྣམ་པར་ཤེས་པའི་རྒྱུ་ཡིན་ནོ་ཅི་སྟེ་བརྗོད་ཅེས་དོགས་ན་ཕྱིར་མི་འབྱུང་བའི་རྣམ་པར་འགྱུར་བར་ཞེས་གསུངས་སོ། །གང་ཞིག་རང་གི་རྒྱུན་ཡོད་ན་སྐྱེས་པ་དང་། དེ་མེད་ན་ལྡོག་པར་

Vol. 184 · folio 85b

ཡང་འགྱུར་ཞིང་ཡང་ཡོད་ན་འབྱུང་བར་འགྱུར་བ་དེ་ནི་རེ་ཞིག་བྱུང་བ་དེ་ཞེས་བརྗོད་དེ་གསེར་གྱི་རྣམ་པར་འགྱུར་བ་ཞུ་བ་ཉིད་བཞིན་ནོ། །གང་ཞིག་དེ་ལྟར་མི་འགྱུར་བ་དེ་ནི་ཡང་མི་འབྱུང་བའི་རྣམ་པར་འགྱུར་བ་ཡིན་ཏེ། དཔེར་ན་བུད་ཤིང་གི་རྣམ་པས་འགྱུར་བ་ལྟ་བུའོ། །ཉེས་པ་རྣམས་སོ་དེ་རྩོམ་

པར་བྱེད་པ་ཉིད་ཡིན་པར་ཁས་ལེན་ན་ནི་ཆེན་པོ་འབའ་ཞིག་ཏུ་མ་ཟད་ཀྱི་ཆུང་ངུ་ཡང་བཟློག་ཏུ་མེད་པར་འགྱུར་རོ། །དེས་བྱས་པས་ཞེས་བྱ་བ་ནི་ལུས་དེ་བྱས་པའོ། །རྣམ་པར་ཤེས་པ་ཞན་པ་ཡང་འཇུག་པའི་མཚན་ཉིད་བཟློག་ཏུ་མེད་པར་འགྱུར་རོ་ཞེས་འབྲེལ་ཏོ། །རྣམ་པར་འགྱུར་བ་གཞན་

ཡང་བཟློག་ཏུ་མེད་པར་ཐལ་བ་ཉིད་དུ་སྟོན་པ་ནི་བརྒྱལ་བ་ལ་སོགས་པ་སྟེ་གཉིད་སྟུག་པོས་ལོག་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་གིས་རྣམ་པར་ནི་རྣམ་པར་ཤེས་པ་མེད་པའི་མཚན་ཉིད་དེ་རང་བཞིན་དེ་ཉིད་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་ནི་བཟློག་ཏུ་མེད་པ་ནི་མ་

ཡིན་ཏེ། དེས་ན་ཉེས་པ་རྣམ་བཟློག་ཏུ་རུང་བའི་རྣམ་པར་འགྱུར་བ་རྩོམ་པར་བྱེད་པ་ཁས་བླངས་པ་བྱ་བ་ཡིན་ནོ། །དེ་ལྟར་ཁས་བླངས་པ་ནི་ཡང་འདོད་པ་འགྲུབ་བོ་ཞེས་གསུངས་པ་ནི། ཕྱིར་ལྡོག་པར་རུང་བ་ཞེས་བྱ་བའོ། །གང་ཞེས་བྱ་བ་ནི་ལུས་གང་ལ་བྱས་པའོ། །དེ་ནི་ཞེས་བྱ་བ་ནི་

ལུས་ཀྱི་རང་བཞིན་ཏེ། གསེར་གྱི་སྲ་བ་ཉིད་བཞིན་ནོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །རྣམ་པར་ཤེས་པ་འབའ་ཞིག་རྒྱུ་ཡིན་ནོ། །བསྒྲུབ་ཏུ་མེད་པ་ཉིད་མེད་པར་འགྱུར་རོ་སྙམ་དུ་བསམས་པའོ། །གསོ་བྱ་མིན་པ་ནི་བཟློག་ཏུ་མེད་པ་སྟེ། སྐབས་ཀྱི་རྣམ་པར་འགྱུར་བའི་ཅུང་ཟད་

ཅེས་བྱ་བ་ཐམས་ཅད་མ་ཡིན་པའོ། །ཚུ་རོལ་མཛེས་པ་པའི་ཕྱོགས་ཁས་ལེན་ན་ནི་ཉེས་པ་འབའ་ཞིག་མི་མཐུན་པའི་བྱེད་པ་ཡིན་པར་ཁས་བླངས་པས་ན། མི་མཐུན་པ་བསྒྲུབ་ཏུ་མེད་པར་འགྱུར་རོ། །བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་ནི་ཞེས་བྱ་བ་ནི་འཆད་པའོ། །བསྒྲུབ་པར་བྱར་མེད་

པ་ནི་བསྒྲུབ་པར་བྱ་བ་མ་ཡིན་པ་སྟེ་སྦྲུལ་དང་ཉེ་བ་གང་ཡིན་པ་དག་གོ། །དེ་དག་ཀྱང་ཡིན་ལ་སྦྲུལ་དང་ཉེ་བར་ཡང་མ་ཡིན་པ་སྟེ། དེ་དག་གིས་བྱས་པའི་རྣམ་པར་འགྱུར་བ་ནི་སེམས་ལྡོག་པའི་མཚན་ཉིད་འཇིག་རྟེན་གྲགས་པ་དེ་སེལ་བར་ནུས་པའོ། །རྙེད་པར་དཀའ་བའི་ཕྱིར་ཞེས་བྱ་བའི་

Vol. 184 · folio 86a

མེད་པའི་ཉེ་བར་མཚོན་པར་བྱེད་པ་ཡིན་པའི་ཕྱིར་ན་མེད་པའི་ཕྱིར་ཞེས་གསུངས་སོ། །གཞན་གྱི་ལུགས་ལ་ཡང་དེ་ལྟར་འགྱུར་རོ་ཞེས་གསུངས་པ་ནི་སེམས་པ་ཞེས་བྱ་བའོ། །འཇིག་རྟེན་རྒྱང་འཕན་པའི་ལུགས་ལ་ནི་བསྒྲུབ་པར་བྱ་བ་མ་ཡིན་པའི་མི་མཐུན་པ་འགའ་

ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཞེས་བྱ་བ་ནི་གཞན་གྱི་སྟེ། ངེད་ཀྱི་ཕྱོགས་ལ་ཞེས་འཐད་དོ། །དེ་ནི་མེད་དོ་ཞེས་བྱ་བ་ནི་ལན་ནོ། །དོན་ནི་གལ་ཏེ་རྣམ་པར་འགྱུར་བ་བཟློག་པར་བྱ་བ་མ་ཡིན་ན་དེའི་ཚེ་འཆོས་བྱེད་རྙེད་པར་དཀའ་བ་ཉིད་སླར་འཚོ་བའི་རྒྱུ་མིན་པར་འགྱུར་

བ་ཉིད་དོ། །རྣམ་པར་འགྱུར་བ་ལོག་ན་ཡང་འཆོས་བྱེད་ཉིད་དོན་མེད་དོ་ཞེས་བྱ་བ་ཡིན་ནོ། །གཞན་ལ་ཡང་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་སྨྲ་བ་ལའོ། །གལ་ཏེ་ཚུ་རོལ་མཛེས་པ་ལ་ཡང་བསྒྲུབ་པར་བྱ་བ་མ་ཡིན་པ་ཡོད་ན་སྐྱོན་ཅི་ཡོད། དེ་ལྟར་མ་ཡིན་ན་ཁྱེད་ལ་ཡང་ཇི་ལྟར་འགྱུར་ཞེས་བྱ་བ་

ནི་རྒོལ་བའི་དོན་ཏོ། །དེ་ཅིའི་ཕྱིར་སྙམ་ན། འདི་ལྟར་ཞེས་གསུངས་སོ། །ཚུ་རོལ་མཛེས་པ་པ་ལ་ནི་སྔོན་གྱི་ལས་ཀྱི་བདག་པོ་ཉིད་མེད་དོ་སྙམ་དུ་དགོངས་པའོ། །འདིར་ནད་བསྒྲུབ་པར་བྱ་བ་མ་ཡིན་པ་ནི། ཉེ་བར་མཚོན་པ་མ་ཡིན་པ་སྟེ། དེ་བདག་པོར་གྱུར་པས་བྱས་པའི་རྣམ་

པར་འགྱུར་བ་ཐམས་ཅད་གཟུང་ངོ་། །དེ་ལྟར་རང་གི་ལུགས་ལེགས་པར་བསྟན་ནས་སླར་འཚོ་བ་ཐལ་བ་འདི་ནི་གཞན་ཁོ་ན་ལས་ཡིན་ནོ་ཞེས་མཇུག་སྡུད་པའི་སྒོ་ནས་སྟོན་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེའི་ཕྱིར་རྣམ་པར་ཤེས་པ་ནི་ལུས་ཀྱིས་རྒྱུ་ཅན་མ་ཡིན་པའི་ཕྱིར་རྣམ་པར་ཤེས་པའི་རྒྱུ་ནི་

རྣམ་པར་ཤེས་པ་སྔ་མ་ཉིད་ཡིན་ནོ། །དེ་བས་ནི་ལུས་ལོག་པས་ནི་རྣམ་པར་ཤེས་པ་ལྡོག་པ་མ་ཡིན་ནོ། །ཡང་ན་ལུས་རྣམ་པར་ཤེས་པའི་རྒྱུ་ཅན་ཡིན་ཡང་དེ་ཙམ་གྱིས་ནི་དེ་ལོག་པས་ལྡོག་པ་མ་ཡིན་ཏེ། རྒྱུ་ཙམ་ལོག་པས་འབྲས་བུ་ཐམས་ཅད་མི་ལྡོག་པའི་ཕྱིར་རོ་ཞེས་བྱ་བ་འདི་

བསྟན་པའི་དོན་དུ་གཞན་ཡང་ཞེས་གསུངས་སོ། །འོ་ན་ལུས་ཉིད་ཉེ་བར་མཚོན་པའི་རྒྱུ་ཡིན་ནོ་སྙམ་ན། ལུས་ཀྱང་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཡིན་ན་ཞེས་གསུངས་སོ། །ལུས་དེ་རྣམ་པར་མ་གྱུར་པའོ། །རྣམ་པར་མི་འགྱུར་བར་འགྱུར་རོ་ཞེས་བྱ་བ་ནི་སྐབས་

Vol. 184 · folio 86b

ཀྱིས་རྣམ་པར་ཤེས་པའོ། །གལ་ཏེ་དེ་ལྟ་ན་ལུས་ཉིད་རྣམ་པར་ཤེས་པའི་ཉེ་བར་ལེན་པའི་རྒྱུར་འགྱུར་རོ་སྙམ་ན། ལུས་ནི་རྒྱུ་ཉིད་ཡིན་ཡང་ཞེས་གསུངས་སོ། །ཅིའི་ཕྱིར་སྙམ་པ་ལ། དེ་མ་གྱུར་ཀྱང་ཞེས་གསུངས་ཏེ། དེས་ན་ལུས་ནི་ཉེ་བར་ལེན་པའི་རྒྱུ་མ་ཡིན་ནོ། །འོ་ན་རྣམ་པར་

ཤེས་པ་ཡང་ཅི་ལྟར་ཞེ་ན། དེ་འགྱུར་ན་ཡང་གདོན་མི་ཟ་བར་འགྱུར་བའི་ཕྱིར་རོ་ཞེས་སྨྲས་སོ། །དེ་འགྱུར་ན་ཡང་གདོན་མི་ཟ་བར་འགྱུར་བ་མ་ཡིན་པའི་ཕྱིར་རོ་ཞེས་འདོན་པ་དེ་ནི་ལུས་རྒྱུ་ཡིན་པ་འགོག་པའི་གཏན་ཚིགས་ཀྱི་དོན་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །

འདིས་ནི་ཧ་ཅང་ཁྱབ་ཆེས་པའི་ཉེས་པ་བརྗོད་དོ། །དེ་ལ་མཚན་ཉིད་གཞན་བསྒྲུབས་པས་རེ་ཞིག་དེ་དགག་པ་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྒྱུན་གྱིས་ཞེས་བྱ་བ་ནི་སཱ་ལུའི་རྒྱུན་གྱི་རྒྱུའོ། །གལ་ཏེ་ཆུ་ཉིད་རྒྱུན་གྱི་རྒྱུ་མ་ཡིན་ནམ། དེས་ན་ཧ་ཅང་ཁྱབ་པའི་ཉེས་པ་ཇི་ལྟར་སྤོང་སྙམ་ན།

རྒྱུན་གྱི་རྒྱུ་ཡང་ཞེས་གསུངས་སོ། །དེ་ལྟར་ན་ནི་འོ་ན་རྒྱུ་མ་ཡིན་པའི་ཆུ་ལ་ཅི་ལྟོས་སྙམ་པ་ལ་ཆུའི་ནི་ཞེས་བྱ་བ་གསུངས་སོ། །རྒྱུ་འབྱུང་བ་ཡང་དེ་ཉིད་ལས་འགྱུར་མོད་སྙམ་ན། ཆུ་ལས་ཞེས་གསུངས་སོ། །ཅིའི་ཕྱིར་སྙམ་པ་ལ་ཆུ་ནི་ཞེས་གསུངས་སོ། །དེ་ལྟར་རྗེས་སུ་འགྲོ་བ་མེད་

པར་བསྟན་པའི་སྒོ་ནས་ཉེ་བར་ལེན་པའི་མཚན་ཉིད་ཧ་ཅང་ཁྱབ་ཆེས་པའི་ཉེས་པ་སྤངས་པས་ལྡོག་པའི་སྒོ་ནས་སྟོན་པ་ནི་ཆུ་ལོག་ཀྱང་ཞེས་གསུངས་སོ། །མེ་ཡོད་ན་དུ་བའི་རྒྱུན་ཡོད་ཀྱང་དེ་ཉེ་བར་ལེན་པ་ནི་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ་ཙན་དན་གྱི་རྒྱུན་གྱི་ཉེ་བར་ལེན་པ་ཡིན་པའི་ཕྱིར་

རོ། །ཙན་དན་གྱི་རྒྱུན་ཡང་ཙན་དན་ཡིན་གྱི་མེ་ནི་མ་ཡིན་ཏེ། མེ་ནི་དུ་བའི་གནས་སྐབས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །མེ་ལས་ནི་ཙན་དན་གྱི་རྒྱུན་འབྱུང་བ་མ་ཡིན་ཏེ། མེ་ནི་སེང་ལྡེང་ལ་སོགས་པ་དང་ཐུན་མོང་པའི་ཕྱིར་རོ། །མེ་ལོག་པས་ནི་ཙན་དན་གྱི་རྒྱུ་ལྡོག་པ་མ་ཡིན་

ཏེ། མེ་མེད་ཀྱང་ཙན་དན་གྱི་རྒྱུན་མི་ལྡོག་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དག་ཏུ་ཡང་ཅི་རིགས་སུ་བརྗོད་པར་བྱའོ། །དེས་ན་བཤད་མ་ཐག་པའི་ཉེས་པ་མེད་དོ། །འོ་ན་ཆུ་རྣམ་པ་ཐམས་ཅད་དུ་མཁོ་བ་མེད་པར་འགྱུར་ཞེ་ན། མྱུ་གུ་ལ་སོགས་པ་དེའི་ཞེས་གསུངས་སོ། །དེ་ནི་

Vol. 184 · folio 87a

དེ་ལོག་ན་ལྡོག་པ་ཡིན་ནོ་ཞེས་བྱ་བ་ནི་སྐམ་པ་ལ་སོགས་པའི་ཚུལ་གྱིས་སོ། །འོན་ཏེ་དེ་ལྟ་ན་སཱ་ལུའི་རང་བཞིན་ལ་ཆུ་ཉེ་བར་ལེན་པ་མ་ཡིན་མོད། དེའི་གནས་སྐབས་ནི་དེ་ལས་སྐྱེས་པ་དང་དེ་ལོག་ན་ཡང་ལྡོག་པའི་ཕྱིར་ཉེ་བར་ལེན་པར་འགྱུར་རོ་ཞེ་ན། དེས་ན་ཆུ་

ཞེས་གསུངས་སོ། །ཉེ་བར་ལེན་པའི་རྒྱུ་ཁོ་ན་སྟེ་བདག་ཅག་ལ་བཅད་པ་ཅིག་ཡོད་ཅེས་བྱ་བ་འདི་ལྷུར་བྱེད་པ་ཡིན་ནོ། །སཱ་ལུའི་རང་བཞིན་བརྒྱུད་པས་གནས་པ་ན་ལྷན་ཅིག་བྱེད་པ་དག་ལས་ཁྱད་པར་གཞན་དང་གཞན་པ་ན་རེ་ཞིག་ཡོད་པ་ཡིན་ནོ། །དེ་ལ་རྣམ་པ་ཇི་ལྟ་བ་དེ་ལྟར་རྣམ་པར་གཞག་

པ་བགྱིས་ཏེ། ཆད་པ་ཅི་ཡང་མེད་དེ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྒྱུན་གྱི་རྒྱུ་ཉིད་ཉེ་བར་ལེན་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་མཚན་ཉིད་ལ་ཉེས་པ་མེད་པར་བསྟན་ནས། སློབ་དཔོན་གྱིས་གསུངས་པའི་མཚན་ཉིད་ལ་ཡང་བསྟན་པའི་ཕྱིར་ཆུ་ལ་སོགས་པ་ལས་ནི་ཞེས་གསུངས་སོ། །དེ་

ལ་རྣམ་པར་ཤེས་པའི་རྒྱུན་གྱི་རྒྱུ་ཡིན་པ་ཉིད་ཀྱི་ལུས་ཉེ་བར་ལེན་པའི་རྒྱུ་ཉིད་ཡིན་པ་ནི། ལུས་ལས་དང་པོ་སྐྱེ་ན་ཞེས་བྱ་བ་འདིའི་སྐབས་སུ་ཕྱིས་སེལ་བར་འགྱུར་རོ། །དེར་འགྱུར་བས་འགྱུར་བའི་སྒོ་ནས་ལུས་ཉེ་བར་ལེན་པ་ཉིད་ཡིན་པ་ཉེ་བར་སྡུད་པའི་སྒོ་ནས་སེལ་བ་ནི་དེའི་ཕྱིར་ཞེས་

བྱ་བ་སྟེ། གང་གི་ཕྱིར་དེ་ལྟར་མ་ཡིན་པ་དེའི་ཕྱིར་ཉེ་བར་ལེན་པའི་རྒྱུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། ལུས་འགྱུར་བ་མེད་པར་ཡང་སྟེ་ཉམས་པ་དང་འཕེལ་བ་མེད་པར་ཡང་ངོ་། །རྣམ་པར་འགྱུར་བའི་ཕྱིར་ཏེ་ཉམས་པ་དང་འཕེལ་བའི་ཕྱིར་རོ། །དོན་འདི་ཉིད་རྣམ་འགྲེལ་གྱི་

གསལ་འདེབས་པ་ནི། དེ་ཉིད་བཤད་པ་ན་ཞེས་བྱ་བའོ། །ལུས་རྣམ་པ་དེ་འདྲ་བ་ཉིད་ཡིན་ནོ་ཞེས་སྟོན་པ་ནི་ལུས་མ་འགྱུར་ཡང་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ཉེ་བར་ལེན་པ་མ་ཡིན་པའི་ཕྱིར་རོ། །བ་ལང་དང་བ་མེན་ཅི་ལྟར་ཡིན་ཞེ་ན། དེ་མ་འགྱུར་ཡང་འགྱུར་བའི་ཕྱིར་ཞེས་

གསུངས་སོ། །བ་ལང་དང་བ་མེན་དག་ཕན་ཚུན་གནས་སྐབས་ཀྱིས་ཁྱད་པར་བྱེད་པས་ནི་ཅི་ཡང་ཆད་པ་མེད་དོ་ཞེས་བརྗོད་པ་ནི། བ་མེན་བ་ལང་གི་ཞེས་བྱ་བའོ། །གཞན་གྱིས་གལ་ཏེ་ཞེས་སྨྲས་སོ། །སྐྱོན་ཡོན་དུ་འགྱུར་བ་མ་ཡིན་ནོ་ཞེས་པ་ནི་འདིའི་བར་གྱིས་ནི་ཉེས་གཅིག་གོ། །

Vol. 184 · folio 87b

ཉེ་བར་ལེན་པ་ཞེས་བྱ་བ་ལ་སོགས་པས་ནི་གཉིས་པའོ། །དང་པོ་ལ་ནི་ལན་ལུས་དང་སེམས་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ཡིན་ཏེ། བ་ལང་དང་བ་མེན་ལྟར་འདི་གཉིས་ནི་ཉེ་བར་ལེན་པ་དང་། ཉེ་བར་ལེན་པ་ལས་བྱུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཉིས་པའི་ལན་ནི་རྐང་པ་ལྷག་མ་

གསུམ་ཡིན་ནོ། །ལུས་དང་སེམས་ཀྱི་མཚན་ཉིད་སྐྱེ་བའི་འབྲས་བུ་ལྷན་ཅིག་གནས་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལུས་དང་སེམས་འདྲིས་པ་དེ་གཉིས་ཀྱི་རྒྱུ་ནུར་ནུར་པོ་ལ་སོགས་པ་དང་། ལྷན་ཅིག་པའི་སེམས་དེ་ལྷན་ཅིག་བྱེད་པའི་ཕྱིར་ཏེ། ཕན་ཚུན་ལྷན་ཅིག་བྱེད་པའི་ཕྱིར་རོ། །དཔེ་

བརྗོད་པ་ནི་མེ་དང་ཟངས་མའི་ཞུ་ཉིད་བཞིན་ཞེས་པའོ། །དེས་ན་ཉེ་བར་ལེན་པའི་དང་ཉེ་བར་ལེན་པ་ལས་བྱུང་བ་ཉིད་མ་ཡིན་པ་ཡང་ལྷན་ཅིག་གནས་པར་འཐད་དོ་སྙམ་དུ་དགོངས་པའོ། །དེ་ལྟར་ཡང་སྔར་གྱི་རྩོད་པ་ལས་ཅི་ལྟར་འདས་སྙམ་པ་ལ། འདིར་ཞེས་བྱ་བའོ། །སྐབས་སྡུད་པ་ནི་

གནས་སྐབས་རྒྱུའི་དངོས་པོ་ནི་ཞེས་བྱ་བའོ། །དངོས་པོ་ནི་ལུས་སོ། །གལ་ཏེ་དེ་ལྟ་ཡིན་ན་འོ་ན་དེ་ལོག་ན་ཅི་ཞིག་ལྡོག་སྙམ་ན་གནས་སྐབས་བྱེད་པ་ཞེས་གསུངས་སོ། །ནིའི་སྒྲ་ནི་གསལ་ལོ་ཞེས་བྱ་བའི་དོན་ཡིན་ནོ། །དེ་ལྟ་ན་འོ་ན་ཉེ་བར་ལེན་པའི་རྒྱུ་གང་ཡིན་སྙམ་དུ་དགོངས་ན། རང་གི་བརྗོད་

པའི་ཉེ་བར་ལེན་པའི་མཚན་ཉིད་དྲན་པར་བྱེད་པས། དེ་ལོག་པ་ཉིད་ན་རྒྱུ་ལྡོག་པའོ་ཞེས་སྟོན་པ་ནི། རྒྱུན་གྱི་རྒྱུ་གང་ཡིན་པ་དེ་ཞེས་གསུངས་སོ། །འོན་ཏེ་གནས་སྐབས་ཀྱི་རྒྱུ་ལོག་པས་ཀྱང་རྒྱུ་ལྡོག་པར་འགྱུར་རོ། །དེས་ན་དེ་ཡང་ཉེ་བར་ལེན་པར་འགྱུར་རོ་སྙམ་པ་ལ། མེ་ལོག་པས་ནི་ཞེས་

གསུངས་སོ། །དེ་བཞིན་དུ་མེ་ལོག་ན་ཙན་དན་གྱི་དུ་བའི་གནས་སྐབས་ཉིད་ལོག་པར་འགྱུར་རོ་ཞེས་བྱ་བར་རྟོགས་པར་བྱའོ། །གནས་སྐབས་ཀྱི་རྒྱུ་ལོག་པས་ནི་རྒྱུན་ལྡོག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་གཉིས་པ་སྡུད་པ་ནི་སེམས་ནི་ལུས་དང་ལྷན་ཅིག་ཅེས་བྱ་བའོ། །ལུས་དང་

སེམས་འདྲེས་པ་དེ་གཉིས་ཀྱིས་འབྲས་བུ་མ་ཡིན་ན། འབའ་ཞིག་པའམ་ལུས་གཞན་དང་ལྷན་ཅིག་ཡང་རུང་སྟེ། རྒྱུན་དུ་འབྱུང་བའི་རང་བཞིན་གྱི་སེམས་ལུས་མེད་ཀྱང་གནས་པ་ཉིད་དེ། དཔེར་ན་མེ་དང་གསེར་གཉིས་ཀྱི་འབྲས་བུ་མ་ཡིན་པའི་གསེར་ནི་མེ་མེད་ཀྱང་གནས་པ་བཞིན་

Vol. 184 · folio 88a

ནོ། །བཤད་ཟིན་པའི་དོན་ཉིད་གསལ་བར་བྱེད་པའི་ཕྱིར་འདི་སྐད་བརྗོད་པ་ཡིན་ནོ་ཞེས་བྱ་བའོ། །ལུས་དང་སེམས་ཀྱི་མཚན་ཉིད་ཅན་འབྲས་བུ་གཉིས་ནིའོ། །རྒྱུ་དེ་གཉིས་འབྲས་བུ་མིན་ན་ནི་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ནི། ལུས་ལོག་ན་ནི་ཞེས་བྱ་བའོ། །

འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ཞེས་བྱ་བ་ནི་ཁྱད་པར་རོ། །གང་གི་ཚེ་ཆུ་ལོག་ན་ལྡོག་པ་མ་ཡིན་ནོ་ཞེས་འདོན་པ་དེའི་ཚེ་ནི་དེ་ཞེས་བྱ་བ་རྒྱུན་ལ་བྱ་སྟེ་རྒྱུན་དེ་ནི་ཆུ་ལོག་ཀྱང་མི་ལྡོག་གོ་ཞེས་བྱ་བའི་དོན་ཏོ། །ཡང་ཅི་ལྟར་ཞེས་བྱ་བ་ནི་རྩོད་པ་གཉིས་པའི་སྐྱེ་བར་འགྱུར་རོ་ཞེས་བྱ་བ་ནི་རྣམ་པར་ཤེས་

པ་ནི་རྒྱུན་ནོ། །དེས་ན་རྣམ་པར་ཤེས་པའི་རྒྱུན་ནི་རྣམ་པར་ཤེས་པའི་རྒྱུན་གྱི་རྒྱུ་ཡིན་པའི་ཕྱིར་ལུས་ཉེ་བར་ལེན་པར་ཐལ་ལོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེ་ལ་འདིར་ཞེས་བྱ་བ་ལ་སོགས་པ་དང་པོ་སྤངས་ནས། གཉིས་པ་སེལ་བར་བྱེད་པ་ནི་དང་པོར་རྣམ་པར་ཤེས་པ་ནི་ཞེས་བྱ་

བའི་སྔོན་གྱི་འདུ་བྱེད་པའི་རྗེས་སུ་འཇུག་པས་ཐམས་ཅད་ལ་གྲུབ་པའི་ཕྱིར་རོ་སྙམ་པའི་དགོངས་པའོ། །ཡང་ན་རང་ངམ་གཞན་གྱིས་མ་མཐོང་བ་དེས་ན་ཉེ་བར་ལེན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གནོད་པས་བྱས་པ་མེད་ཀྱང་རྒྱུན་ལྡོག་པར་འགྱུར་བ་མ་ཡིན་ནམ་ཞེ་ན། ཉེར་ལེན་

གནོད་པར་བྱེད་པ་ནི། །ཞེས་གསུངས་སོ། །འཆད་པར་ནི་འབྲུའི་རྒྱུན་གྱི་ཞེས་བྱ་བ་སྟེ། ཆོས་མི་མཐུན་པའི་དཔེ་བརྗོད་པའོ། །གང་ལ་གནོད་པ་མེད་པར་རྣམ་པར་ཤེས་པའི་ཉེ་བར་ལེན་པ་ཡིན་སྙམ་ན་རྣམ་པར་ཤེས་པའི་ཉེ་བར་ལེན་པ་ནི་ཞེས་སྨོས་སོ། །ཉིད་ཡིན་གྱི་ལུས་ནི་མ་ཡིན་ཏེ་

ཉེ་བར་ལེན་པའི་མཚན་ཉིད་གཉི་ག་མེད་པའི་ཕྱིར་རོ། །འོན་ཏེ་འདི་ལ་ཡང་གནོད་པ་སྲིད་དོ་སྙམ་ན་དེ་ལ་ནི་ཞེས་གསུངས་སོ། །འདི་ཙམ་གྱིས་ནི་ཚིག་ལེའུར་བྱས་པ་དང་པོ་བཤད་པ་ཡིན་ནོ། །གཉིས་ལ་སོགས་པས་ཞེས་བྱ་བ་ནི་བཤད་པ་འདིའི་དང་ལག་ལ་ཡིན་ནོ། །སོགས་པའི་སྒྲས་

ནི་བརྒྱལ་བ་ལ་སོགས་པའོ། །དུས་དེ་ཙམ་དུ་གནོད་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན། གང་གི་ཕྱིར་སྔ་མ་རྣམ་པ་ཐམས་ཅད་དུ་ཉམས་པ་ན་ཕྱིས་ལུས་ལས་སྔ་ན་མེད་པའི་སེམས་ཉིད་སྐྱེ་བའི་ཕྱིར་རོ་སྙམ་ན། སྔོན་གྱི་འདུ་བྱེད་ལ་ལྟོས་པ་ཅན་ཞེས་གསུངས་སོ། །འདི་ནི་ཚིག་ལེའུར་

Vol. 184 · folio 88b

བྱས་པའི་དོན་ཡང་བསྒྲུབ་པ་ཡིན་ནོ། །རྣམ་ཆད་མིན་ཏེ་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྣམ་ཤེས་རྣམ་ཚད་ཞེས་གསུངས་སོ། །གལ་ཏེ་དམིགས་པའི་ཕྱིར་ན་རྨི་ལམ་དུ་རྣམ་པར་ཤེས་པ་རྣམ་པར་ཆད་ཀྱང་འབྱུང་བ་ཡིན་ནོ། །གཞན་དུ་གོ་ཇི་ལྟར་སྙམ་ན། ཤི་དང་གཉིད་

ལོག་པ་དག་ལ། །ཞེས་གསུངས་སོ། །དེས་ན་གང་ཞིག་རྣམ་པར་ཆད་པ་དེ་ནི་སད་པ་དང་འབྲེལ་པ་ཡིན་ཏེ། དཔེར་ན་གཉིད་མཐུག་པའི་ཚད་མ་བཞིན་ནོ། །འཆི་བ་ཡང་རྣམ་པར་འཆད་པ་ཡིན་ནོ། །དེས་ན་འཇིག་རྟེན་ཕ་རོལ་མེད་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །གཉིད་ལ་སོགས་པའི་དཔེ་ལ་

འཁྲུལ་པ་དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །ཁོ་ནར་ཞེས་བྱ་བ་ནི་ཕྱིས་མི་སྐྱེ་བའོ། །དེས་ན་རྣམ་པར་ཆད་པར་ནི་ཡང་འབྱུང་བས་མ་ཁྱབ་པོ་སྙམ་དུ་བསམ་པའོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །རེས་འགའ་རྣམ་པར་ཆད་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའི་རྟོག་པ་འདི་འདྲ་བ་འདི་དེ་ག་ལས་ཡིན་འདི་

སྐད་བརྗོད་པར་འགྱུར་དེ་འགའ་ཞིག་གིས་དམིགས་པའི་དངོས་པོ་ནི་དེ་ཉིད་དུ་འགྱུར་གྱི་རྣམ་པར་ཆད་པ་ནི་རང་ངམ་གཞན་འགའ་ཞིག་གིས་རྟོགས་པར་ནུས་པ་མ་ཡིན་ནོ་ཞེས་བྱ་བའོ། །རེ་ཞིག་རང་གི་དབང་དུ་བྱས་ནས་བཤད་པ་ནི་རེ་ཞིག་ཅེས་བྱ་བའོ། །ཀུན་ཏེ་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པའོ་མི་

དམིགས་པ་ཙམ་གྱིས་རྣམ་པར་འཆད་པར་དགག་པ་ག་ལས་ཡིན་ཏེ། གལ་ཏེ་རྣམ་པར་ཆད་པ་རྟག་ཏུ་རང་ཉིད་མི་དམིགས་པ་ཡིན་པ་དེ་ལྟ་ན་ཡང་མཐའ་གཅིག་ཏུ་བྱ་བར་མི་ནུས་པའི་ཕྱིར་ན་རེས་འགའ་གཏན་དུ་རྣམ་པར་ཆད་པར་ཡང་འགྱུར་རོ། །དེ་ལྟ་ཡིན་ཏེ་རྣམ་པར་ཆད་པ་མེད་པར་མ་

ངེས་པ་ཉིད་འཇིག་རྟེན་ཕ་རོལ་ཡོད་པའི་ཐ་སྙད་མེད་པར་གྲུབ་པ་སྙམ་དུ་འདོད་པ་ནི་སྡུག་བསྔལ་བས་བརྒལ་བར་བྱའི་ཕྱིར་བརྒལ་དཀའ་བའོ། །དེ་སུན་འབྱིན་པ་ནི་དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ཡང་སྔ་ན་མེད་པ་སྐྱེ་བ་འཐད་པར་དཀའ་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དེས་ན་རྣམ་པར་

ཆད་པ་ཙམ་ཁས་བླངས་ཀྱང་སྲིད་པ་མི་འགལ་ལོ་ཞེས་བྱ་བའི་དོན་ཏོ། །སྔོན་དང་ཕྱི་མ་དག་གི་མཐའ་རྣམ་པར་ཆད་པ་དམིགས་པ་མ་ཡིན་ནོ་ཞེས་བྱ་བའི་རྗེས་སུ་འཇུག་པ་དེ་ནི་སྔོན་གྱི་འདུ་བྱེད་མེད་པར་མ་ཡིན་ལ་དེ་བཞིན་དུ་འདུ་བྱེད་སྔ་མ་སྔ་མ་ཡང་ངོ་། །དེས་ན་ཇི་ལྟར་སྔོན་བྱུང་བའི་མཐའ་རྣམ་པར་

Vol. 184 · folio 89a

མ་དམིགས་པ་དེ་བཞིན་དུ་ཕྱི་མར་གྱུར་པ་ཡང་ངོ་། །འདི་ལྟར་དཔེར་ན་འདུ་བྱེད་སྔ་མ་སྔ་མ་རང་དང་རྗེས་སུ་མཐུན་པའི་རྣམ་པར་ཤེས་པ་མཚམས་མ་སྦྱར་བ་གནས་ལ་མི་དབང་བ་དེ་བཞིན་དུ་ཕྱི་མ་ཕྱི་མ་ཡང་མཚམས་མི་སྦྱར་བ་ཅི་ལྟར་ནུས་ཏེ། ཚོགས་པ་མཚུངས་པ་ཅན་ཡིན་

པའི་ཕྱིར་རོ། །ཁྱད་པར་ཡོད་ན་ཡང་བརྗོད་དགོས་སོ། །ཉོན་མོངས་པ་དང་ལྡན་པ་ལ་སོགས་པ་ཐུན་མོང་ཉིད་ན་བཤད་པ་དེས་ན་སྔ་མ་དང་ཕྱི་མའི་མཐའ་གཉིས་ལ་རྣམ་པར་དབྱེ་བ་མེད་དོ། །རྣམ་པར་རྟོག་པ་གཉིས་པའི་འདུས་བྱས་ནས་བརྗོད་པ་ནི་གཞན་གྱིས་ནི་ཞེས་བྱ་བའོ། །དམིགས་པའི་

མཚན་ཉིད་དུ་གྱུར་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་གཞན་གྱི་སེམས་གཞན་ལའོ། །རྣལ་འབྱོར་པ་རྣམས་ལ་ནི་གཞན་གྱི་ཤེས་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་ཁོ་ནའོ། །འོན་ཀྱང་དེ་དགག་པ་འཇུག་པ་དེ་ཡང་རིང་བ་ཁོ་ནའོ། །དེས་ན་ཤེས་པ་རྣམ་པར་ཆད་པ་ནི་རང་ངམ་གཞན་གྱིས་དམིགས་

པ་མ་ཡིན་ནོ། །དེས་ན་རྣམ་པར་ཤེས་པ་རྣམ་པར་ཆད་པར་རྟོག་པ་མེད་དོ། །འོན་ཏེ་ཡང་འདོད་ཆགས་དང་བྲལ་བ་ནི་ཉོན་མོངས་པ་མ་ལུས་པ་བྲལ་བའི་ཕྱིར་ན་སེམས་ཀྱི་རྒྱུན་གནས་པ་ལ་ཉམས་པ་སྲིད་པའི་ཕྱིར་རྣམ་པར་ཆད་པར་འགྱུར་རོ་སྙམ་ན་འདོད་ཆགས་དང་བྲལ་བས་གསུངས་སོ། །

ཅིའི་ཕྱིར་ཞེ་ན། རང་གི་དོན་ལ་ཞེས་གསུངས་སོ། །ཉེས་པ་དང་བྲལ་བ་ཡང་གཞན་དོན་ལ་མི་དགའ་བ་ནི་བྲལ་བ་མ་ཡིན་ཞིང་གཞན་གྱི་དོན་ལ་མི་དགའ་ན་ཡང་ཉེས་པ་མེད་པ་ཉིད་ཀྱང་འབྲེལ་པར་འབྱུང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན། གང་དག་བརྩེ་བ་ཆེན་པོ་ཅན། །གཞན་

གྱི་ངོར་ནི་བཞུགས་པ་ཡིན། །ཞེས་བྱ་བའི་ཚུལ་གྱིས་འདོད་ཆགས་དང་བྲལ་བ་ཉིད་ལ་ཉམས་དམས་པ་སྲིད་པས་རྒྱུན་ཆད་པ་ནི་མ་ཡིན་ནོ་ཞེས་བྱ་བ་དགོངས་པའོ། །འདིས་ནི་ཐེག་པ་གཅིག་པའི་ཕྱོགས་བསྟན་པ་ཡིན་ནོ། །ཐེག་པ་གསུམ་གྱི་ཕྱོགས་ཀྱང་གསུངས་པ་ནི་ཡང་ན་ཞེས་

བྱ་བའོ། །སྐབས་ལ་བརྟེན་ནས་བརྗོད་པ་ནི། ཉེས་པ་མ་ཡིན་ནོ་ཞེས་བྱ་བའོ། །འདོད་ཆགས་དང་བྲལ་བའི་གནས་སྐབས་ན་ནི་འབྲས་བུ་སྐྱེད་མི་ནུས་པའི་སྐད་ཅིག་འཇོག་པས་རྒྱུན་ཆད་པ་ཡིན་དུ་ཆུག་མོད། དེས་ན་མཐའ་མེད་པ་ཉིད་ནི་ཀུན་ནས་ཉོན་མོངས་པའི་གནས་སྐབས་ལ་ལྟོས་ནས་

Vol. 184 · folio 89b

འདོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐབས་ཉེ་བར་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །འབྲུ་ལ་སོགས་པ་ལྟར་རྣམ་པར་ཤེས་པ་ཉེ་བར་ལེན་པ་ཉམས་པས་ལྡོག་པ་མ་ཡིན་ནོ། །གལ་ཏེ་ལུས་ཀྱང་ཉེ་བར་ལེན་པ་ཡིན་ལ། དེ་ལ་ནི་མེ་ལ་སོགས་པ་ཉམས་པ་ཡོད་པ་མ་ཡིན་ནམ་ཞེ་ན་ལུས་ཞེས་

གསུངས་སོ། །ལུས་ནི་ཉེ་བར་ལེན་པ་མ་ཡིན་ཏེ་མཚན་ཉིད་གཉི་ག་མེད་པའི་ཕྱིར་རོ། །འོ་ན་སེམས་གནོད་པར་བྱ་བ་ལྡོག་པར་འགྱུར་རོ་སྙམ་ན། སེམས་ཀྱང་ཞེས་གསུངས་སོ། །སེམས་ནི་ཉེ་བར་ལེན་པ་ཡིན་ཡང་གནོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་ཞེས་ཁོང་ནས་ཕྱུང་

ལ་རྟེན་ལོག་པར་སྦྱར་རོ། །རེ་ཞིག་རྟེན་གྱི་དངོས་པོ་ཁས་བླངས་ནས་རང་ཉིད་རྩོད་པ་འདི་སེལ་བ་ཡིན་ཡང་གནོད་པ་མ་ཡིན་ནོ་ཞེས་རྣམ་པར་ཤེས་པ་ནི་རི་མོ་བཞིན་དུ་རྟེན་སོ་སོར་ངེས་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅི་ལྟར་ཞེ་ན་གང་གང་གི་ཕྱིར་དང་པོའི་སྐྱེ་བར་སྐྱེ་བ་གཞན་གྱི་ལུས་དང་ལྷན་ཅིག་སྤྱོད་པའི་

འདུ་བྱེད་པ་གང་ཡིན་པ་དེ་དང་རྗེས་སུ་འབྲེལ་པ་དང་། རྨི་ལམ་གྱི་དེ་མ་ཐག་ཏུ་སད་པའི་གནས་སྐབས་སུ་འཇིགས་པ་དང་མྱ་ངན་ལ་སོགས་པས་རྨི་ལམ་གྱི་འདུ་བྱེད་གང་ཡིན་པ་དེ་དང་རྗེས་སུ་འབྲེལ་པར་དམིགས་པ་ཡིན་ནོ་ཞེས་བྱ་བ་ལྷག་མའི་རྟེན་སོ་སོར་ངེས་པ་མ་ཡིན་མོད། དེ་ལྟ་ན་ཡང་དེ་ཞིག་

པས་ཅི་སྟེ་མི་འཇིག་ཅེ་ན། རྟེན་སོ་སོར་ངེས་པ་ཡིན་ནོ་ཞེས་གསུངས་སོ། །རང་གིས་སྤངས་ནས་ད་ནི་རྟེན་ཉིད་ཡོད་པ་མ་ཡིན་ནོ་ཞེས་སྟོན་པས་རྣམ་འགྲེལ་ལ་འགྲེལ་པ་ནི་གཞན་ཡང་ཞེས་བྱ་བའོ། །འོ་ན་ཇི་ལྟར་རི་མོ་ལ་སོགས་པ་འཇིག་སྙམ་པ་ལ། རི་མོ་ལ་སོགས་པ་ནི་ཞེས་གསུངས་སོ། །

དེས་ན་ཞེས་བྱ་བ་ནི་ཐ་དད་པ་མ་ཡིན་པས་སོ། །དེའི་རྒྱུ་ཉིད་ནི་འཇིག་པའི་རྒྱུ་ཉིད་དོ། །གནས་པའི་རྒྱུ་དེས་ནི་གཞག་པར་བྱ་བའི་དངོས་པོ་ཅི་ཞིག་བྱས་ཀྱང་ཅི་ལྟར་མེད་པ་ལ་རྒྱུ་ཉིད་ཀྱི་དོན་མ་ཡིན། མེད་པ་ལ་ནི་རྒྱུ་དང་འབྲེལ་པ་ཡང་འཐད་པ་མ་ཡིན་ཏེ། འབྲེལ་པ་ནི་གཉིས་ཀྱི་ཆོས་ཡིན་པའི་

ཕྱིར་རོ། །མེད་པ་ལ་ནི་རྒྱུས་ཅི་ཡང་བྱེད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་བྱེད་པ་མེད་དོ་ཞེས་བྱ་བའི་དོན་ཅི་ཡིན་ཞིང་རྟེན་མ་ཡིན་པ་ཡང་ཇི་ལྟར་འགྱུར་ཞེ་ན་བདེན་ཏེ། དེ་ཁོ་ནར་ནི་མེད་པ་ལ་གཉི་གར་ཡང་མེད་དོ། །ཀུན་རྫོབ་ཏུ་ཡང་སྔར་མ་དམིགས་པ་ལས་འགའ་ཞིག་ཉེ་ན་ནི་ཉེ་བར་འགྱུར་བའི་

Vol. 184 · folio 90a

ཡོད་པ་ལ་མེད་པ་སྐྱེའོ། །ཇི་ལྟར་ཞེས་རྣམ་པར་འཇོག་པ་དེ་བཞིན་དུ་མེད་པ་ལ་རྒྱུ་ཡོད་དོ། །མེད་པ་རྒྱུ་ལ་ལྟོས་སོ་ཞེས་བརྗོད་པ་ཡིན་ནོ། །དེ་བཞིན་བརྟེན་པ་ནི་རྣམ་པར་གནས་པ་མ་ཡིན་ཏེ། དེའི་ཚེ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་འགྱུར་རོ། །ཡོད་པ་ཉིད་འགའ་

ཞིག་ལ་བརྟེན་པ་ཡིན་ནོ་ཞེས་ཐ་སྙད་ཀྱང་བྱེད་པ་ཡིན་ནོ། །དེས་ན་མེད་པ་ལ་ནི་རྟེན་པར་རིགས་སོ་ཞེས་བྱ་བ་ཡིན་ནོ། །འོ་ན་ཡོད་པ་ཉིད་ལ་འགྱུར་རོ་ཞེ་ན། ཡོད་པ་ལ་ཡང་ཞེས་གསུངས་སོ། །དེ་ཉིད་ཅེས་བྱ་བ་ནི་གནས་པར་བྱ་བའོ། །དེ་ལྟར་ན་དེ་ཉིད་བྱས་མོད་ཅེ་ན་སྐྱོན་ཅི་ཡོད་ཞེ་ན། ཡོད་པ་ནི་ཞེས་

གསུངས་སོ། །ཐ་མི་དད་པའི་ཕྱོགས་ལ་ཉེས་པ་བརྗོད་ནས་ཐ་དད་པའི་ཕྱོགས་སུན་དབྱུང་བའི་ཕྱིར་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །ཅུང་ཟད་ཡོད་པས་ཞེས་བྱ་བ་ནི་གནས་པའི་རང་བཞིན་ནོ། །རྟེན་ལ་སོགས་པ་ཞེས་སོགས་པའི་སྒྲས་ནི་ཕན་འདོགས་པ་ལ་སོགས་པའོ། །གལ་ཏེ་གནས་པ་

གནས་པར་བྱ་བ་ལས་ཐ་མི་དད་པ་ཁོ་ན་མ་ཡིན་ནམ། དེས་ན་དེ་བྱས་ན་དངོས་པོ་མ་བྱས་པ་ཇི་ལྟར་འགྱུར་ཞེ་ན། གནས་པ་ནི་ཞེས་གསུངས་སོ། །རང་གི་དང་བའི་ཞེས་བྱ་བ་ནི་སྐབས་ཀྱིས་གནས་པར་བྱ་བ་ལས་སོ། །ཅིའི་ཕྱིར་ཞེ་ན། ལྟུང་བ་ཞེས་གསུངས་སོ། །ཐ་མི་དད་ན་གཞན་ཉིད་ལ་ཉེས་པ་

བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གནས་པར་བྱ་བ་དེའོ། །རྣམ་འགྲེལ་གྱི་ལྷག་མ་ཕྱེད་པོ་རྣམ་པར་འགྲེལ་པས་ལན་འདེབས་པ་ནི་དེ་ནི་ཞེས་བྱ་བའི་དངོས་པོ་ཞེས་པ་ནི་གནས་གང་ཡིན་པའོ། །འདིར་ཐ་དད་པ་དང་ཐ་མི་དད་པའི་ཕྱོགས་དག་ལ་ནི་ཉེས་པ་བརྗོད་ཟིན་པ་ཁོ་ནའོ། །འོན་ཀྱང་ཉེས་པ་

ལྷག་པ་བརྗོད་པའི་དོན་དུ་ཅི་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་མ་སྐྱེས་པ་ནའོ། །དེ་ལ་དེ་མ་ཐག་ཕའི་རྣམ་པར་རྟོག་པའི་དབང་དུ་བྱས་ནས་གསུངས་པ་ནི་སྐྱེས་པའི་སྔོན་རོལ་དུ་ནི་དངོས་པོ་མ་ཡིན་ཏེ་ཞེས་བྱ་བ་ནི་གནས་པ་ཞེས་བྱ་བར་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། སྐབས་ཀྱིས་གནས་པ་མེད་པ་ཉིད་ཀྱི་

ཕྱིར་རོ། །རྣམ་པར་རྟོག་པ་དང་པོ་སེལ་བར་བྱེད་པ་ནི་ཐ་དད་པ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེའི་བདག་ཉིད་དང་ཞེས་གསུངས་སོ། །འབྲེལ་པ་མེད་པ་མ་གྲུབ་པར་དོགས་པ་བསུ་བ་ནི། དེ་དང་འདྲེས་པ་ཞེས་བྱ་བའོ། །སུན་འབྱིན་པ་ནི་དེ་དང་ཞེས་བྱ་བའོ། །གནས་པར་བྱ་བ་དེར་རོ། །ཉེས་པ་གཞན་

Vol. 184 · folio 90b

ཡང་བརྗོད་པ་ནི། གཞན་ཡིན་ན་ཞེས་བྱ་བའི་དོགས་པ་བསུ་བ་ནི་འཕྲོད་པ་འདུ་པས་ནི་དངོས་པོའི་རང་བཞིན་སེལ་བ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །གཞན་དུ་ཞེས་བྱ་བ་ནི་ཐ་མི་དད་པར་རོ། །དེའི་ཚེ་གནས་པར་བྱ་བ་ལས་གནས་པ་གཞན་མ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ལས་སོ། །དེ་ལྟ་ན་ཡང་སྔར་

གྱི་སྐྱོན་ཉིད་དོ་སྙམ་དུ་དགོངས་པའོ། །གཞན་དུ་ཁྱད་པར་དོགས་པར་བྱེད་པ་ནི། སོ་སོ་བ་དང་ཞེས་བྱ་བའོ། །སོ་སོ་བར་གྲུབ་ན་ནི་ལྡན་པ་ཡིན་ལ། སོ་སོ་བ་མ་ཡིན་པར་གྲུབ་ན་ནི་འདུ་བ་ཡིན་ནོ། །སོ་སོ་བ་མ་ཡིན་པར་གྲུབ་ན་ནི་སོ་སོར་མི་རྟོག་པའམ་སོ་སོར་མ་སྐྱེས་པའོ། །དེ་ལ་རེ་ཞིག་ཕྱོགས་

གཉིས་པ་ཉིད་སེལ་བ་ནི་ཤིང་ལ་སོགས་པའི་ཞེས་གསུངས་སོ། །ཡལ་ག་སོ་སོར་སྐྱེས་པ་གཉིས་འདྲེས་པ་ནི་མ་ཡིན་གྱིས་འོན་ཀྱང་ལྷན་ཅིག་ཁོ་ནར་སྐྱེས་པ་ཡིན་ནོ། །འདི་ལའོ་ཞེས་བྱ་བ་ནི་གཞན་གྱི་སྟེ་ཡལ་ག་འདི་ལ་ཡང་འདི་ཞེས་མི་རྟོག་པའི་ཕྱིར་རོ་ཞེ་ན། འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་

བའོ། །ཅིའི་ཕྱིར་ཞེ་ན། ལྡན་པ་ཉིད་ལ་གཉིས་མཐོང་བའི་ཕྱིར་རོ། །འདུ་བ་ལ་ནི་མ་ཡིན་ཏེ་བཟློག་པའི་ཕྱིར་རོ། །ཐལ་བའི་ཕྱིར་རོ་ཞེས་བྱ་བ་ནི་རབ་ཏུ་འབྲེལ་པ་སྟེ་དེའི་ཕྱིར་རོ། །འདི་ལའོ་སྙམ་པའི་བློའི་རྒྱུ་ནི་གཉིས་མཐོང་བ་ཡིན་ལ། དེ་ལ་ཡང་ལྡན་པའི་ཡུལ་ལ་ཡིན་ནོ། །དེས་ན་དེ་ཉིད་དུ་འདི་ལྟ་

བུའོ་སྙམ་པའི་བློ་འབྲེལ་བར་འགྱུར་རོ། །འདུ་བའི་ཡུལ་ལ་ནི་དེ་མེད་པའི་ཕྱིར་མེད་དོ། །དེས་ན་དེར་ནི་བ་ལང་འདི་ལ་རིགས་ཞེས་བྱ་བ་འདི་རང་གི་རྟོག་པ་ཙམ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མགོ་ལ་གཉིས་མཐོང་བ་ལས་འགྱུར་དེ་ཡི། །ཡུལ་ལས་འགར་ཡང་གཉིས་མཐོང་མེད་དེས་ན། །རང་གི་རྟོག་པ་

ཙམ་ཞིག་ཐབས་སུ་འགྱུར། །ཞེས་བྱ་བ་དགོངས་པའོ། །རྣམ་པར་རྟོག་པ་དང་པོ་སློང་བ་ནི་འོན་ཏེ་ཞེས་བྱ་བའོ། །འདུ་བ་ཅན་གྱི་ཡན་ལག་གང་ཡིན་པ་དག་སྟེ་གང་དུ་འདུ་བར་འགྱུར་བའི་འབྲས་བུའི་རྫས་སྐྱེས་པའོ། །འདི་ཡང་ཉེ་བར་མཚོན་པ་སྟེ། རྫས་གང་ལ་ཡོན་ཏན་ལ་སོགས་འདུས་པར་འགྱུར་

བ་འམ། གང་དུ་སྤྱི་ལ་སོགས་པ་འདུ་བར་འགྱུར་བའམ། ཡང་ན་གང་ལ་རྫས་ལ་སོགས་པ་ལ་ལྟོས་པའི་འདུས་པ་ཉིད་ཡོད་པ་སྟེ། དེ་དང་སོ་སོར་མ་རྟོགས་པ་ཉིད་ནི་དང་པོ་མ་ཡིན་པར་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་རང་གི་འདུ་བ་ཅན་རྣམས་འདུས་པ་ཉིད་ཡིན་

Vol. 184 · folio 91a

ཡང་འདིར་འདི་རང་གི་འདུ་བ་ཅན་གྱི་ཡན་ལག་འདུས་སོ་ཞེས་དེ་ལྟ་བུའི་རང་བཞིན་ཅན་ཐ་དད་པར་རྟོགས་པས་སོ། །དོན་འདི་ཡིན་ཏེ་གལ་ཏེ་གཉིས་རང་གི་ངོ་བོས་སྣང་ན། དེའི་ཚེ་སོ་སོར་མ་རྟོགས་པ་འདུ་བར་རྣམ་པར་འཇོག་འདོད་པའི་འདུ་བའི་གཏན་གང་ན་ཡོད། འོན་ཏེ་ཐ་དད་

པར་སྣང་བ་མེད་པ་ཉིད་ཡིན་ན། དེ་ལྟ་ན་འང་འདི་ལའོ་སྙམ་པའི་རྟོགས་པ་མེད་པའི་ཕྱིར་རོ། །དེ་ལྟར་ཕྱོགས་གཅིག་གིས་འབྱར་བ་ཁས་བླངས་ནས། ལྡན་པ་དང་འདུ་བ་དག་ཁྱད་པར་འགའ་ཡང་མེད་དོ་ཞེས་བསྟན་ནས་འབྱར་བར་ཡང་མི་འཐད་དོ་ཞེས་སྟོན་པ་ནི། ཡན་ལག་མེད་པའི་ཞེས་

གསུངས་སོ། །ཡན་ལག་མེད་པ་གནས་པའི་རང་བཞིན་ཅན་གཞན་གྱིས་ཁས་བླངས་པ་ནི་མ་དམིགས་པའི་ཕྱིར་ན་མེད་པ་ཁོ་ནའོ། །ཡང་ན་ཡོད་དུ་ཆུག་པ་དེ་ལྟ་ན་ཡང་དེ་ནི་ཡན་ལག་དང་འབྱར་བ་མ་ཡིན་ནོ། །ཡན་ལག་ཅན་ནི་ཡོད་པར་ཁས་མ་བླངས་པའི་ཕྱིར་ཡན་ལག་ཅན་དང་ཞེས་ནི་མ་གསུངས་

སོ། །ཅིའི་ཕྱིར་ཞེ་ན། ཡན་ལག་དང་ཞེས་གསུངས་སོ། །ཐ་དད་པར་རྟོགས་པར་ཐལ་བ་ནི་གནས་དང་གནས་པ་ཅན་ཏེ། བུམ་པ་དང་སྣམ་བུ་བཞིན་ནོ་ཞེས་སྐབས་ཀྱིས་སོ། །བརྒྱ་ལ་ཕ་རོལ་པོ་ཐ་དད་པར་རྟོགས་པར་ཁས་ལེན་དུ་འོང་ངོ་ཞེས་དོགས་པ་བསུ་ནས་རྗེས་སུ་ཞུགས་པ་དང་ཞེས་གསུངས་སོ། །

གནས་པ་ལ་སོགས་པའི་གནས་སྐབས་ནི་རྗེས་སུ་མ་ཞུགས་པ་ཡིན་ལ། རྫས་ནི་གནས་སྐབས་ཐམས་ཅད་དུ་རྗེས་སུ་ཞུགས་པ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་རྟོག་པའི་དབྱེ་བ་མེད་ན་གང་ཞིག་གང་དུ་འདུ་བ་ཡིན། དེ་ལྟ་བུའི་ཐ་དད་པ་ནི་རྟོགས་ཀྱང་ཐ་དད་པར་གྲུབ་པ་མ་ཡིན་ཏེ། ཡུལ་དང་དུས་དག་གི་མངོན་སུམ་

གྱི་རྣམ་པ་ཐ་དད་པར་མེད་པའི་ཕྱིར་རོ་ཞེ་ན། དེ་འགོག་པ་ནི་འཐད་པ་མ་ཡིན་ནོ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་གྱིས་ནི་ཞེས་གསུངས་ཏེ། གནས་པ་ལས་གཞན་ནི་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་གཞི་ལས་ཐ་དད་པ་ཐ་མི་དད་པ་གནས་པར་མི་འཐད། ལྟན་ཅིག་

བྱེད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་ཡིན་ན་ཡང་ཞེས་བྱ་བ་ནི་ལྷག་མའོ། །གནས་སྐབས་བྱེད་པ་ལོག་ན་ནི་གནས་སྐབས་དེ་ཉིད་ལོག་པར་ཟད་དོ་ཞེས་བྱ་བར་དགོངས་པའོ། །འོན་ཏེ་ལུས་ནི་ཉེ་བར་ལེན་པའི་རྒྱུ་ཉིད་ཡིན་གྱི་ཁྱད་པར་གྱི་རྒྱུ་ནི་མ་ཡིན་ནོ་སྙམ་ན། ལུས་ནི་ཞེས་གསུངས་ཏེ། ཉེ་བར་ལེན་

Vol. 184 · folio 91b

པའི་མཚན་ཉིད་གང་ཡང་མེད་པའི་ཕྱིར་རོ། །དེས་ན་ལུས་དེ་ལོག་པ་ནི་རྣམ་པར་ཤེས་པ་ཙམ་ལྡོག་པ་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སུན་འབྱིན་པ་གཞན་ནོ། །རྣམ་པར་ཤེས་པ་ལ་སོགས་པ་གང་ལའོ། །འཇིག་པ་དེའི་གལ་ཏེ་གནས་པ་ནི་མི་གཡོ་བ་དང་མི་འཇིག་པ་ལ་བརྗོད་པ་མ་

ཡིན་ནམ། དེ་ལ་རྟེན་གྱིས་ནི་མི་གཡོ་བའི་རང་བཞིན་གྱིས་གནས་པ་ཉིད་བྱེད་ཀྱི་མི་འཇིག་པའི་རང་བཞིན་ནི་མི་བྱེད་པའི་ཕྱི་མ་འདི་ཅི་ལྟར་འགྱུར་ཞེ་ན། བརྗོད་པ་མི་གཡོ་བ་ཞེས་བྱ་བ་ནི་གནས་པ་དེ་ཉིད་ན་ཡོད་པ་མ་ཡིན་ནོ། །འཇིག་པ་ཡང་ཡོད་པ་དང་འགལ་བ་ཡིན་ཏེ། འཇིག་ན་གནས་དེ་ཡང་ཡོད་མི་

སྲིད་དོ། །དེས་ན་གནས་པ་ནི་འཇིག་པ་དང་འགལ་བས་ཁྱབ་པ་ཡིན་པའི་ཕྱིར་ཐལ་བར་འགྱུར་བ་རིགས་སོ། །དེ་ལའང་ཐལ་བར་མཚུངས་པ་ཡིན་ནོ་ཞེས་བྱ་བ་ནི་འཇིག་པ་དེ་ཡང་དངོས་པོ་ལས་ཐ་དད་པའམ་ཐ་མི་དད་པ་ཡིན། དེ་ལ་འཇིག་པས་ནི་དངོས་པོ་ཉིད་འཇིག་པ་ཡིན་ན་དེའི་ཚེ་འདི་རང་གི་རྒྱུ་ཅི་

ལྟར་སྐྱེད་པ་དེ་ཁོ་ན་འདྲ་བ་ཉིད་ཡིན་པའི་ཕྱིར་གནས་པའི་རྒྱུ་རྟེན་གྱིས་ཅི་ཞིག་བྱ། ཅིའི་ཕྱིར་འཇིག་པ་མེད་པར་ཐལ་སྙམ་ན། གནས་པར་ཞེས་གསུངས་སོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་འགྲེལ་གྱི་ལྷག་མ་ལ་འཇུག་པའོ། །ཐ་མི་དད་པའི་ཕྱོགས་ལ་ཉེས་པ་བརྗོད་ནས་ཐ་དད་པའི་ཕྱོགས་ལ་བརྗོད་

པ་ནི། དངོས་པོ་ལས་འཇིག་པ་གཞན་ཡིན་ན་ཡང་འཇིག་པའི་རྒྱུ་དེས་དངོས་པོ་ལ་ཅི་ཞིག་བྱས་ནས་གང་གིས་དེའི་འཇིག་པར་བྱེད་པར་འགྱུར། འཇིག་པ་བྱས་པ་དེས་ན་འདི་འཇིག་པ་བྱས་པ་ཡིན་ནོ། །འཇིག་པ་བཞིན་ཞེས་གསུངས་སོ། །དེས་ན་ཞེས་བྱ་བས་འཇིག་པར་བྱེད་པས་ནའོ། །ཅུང་ཟད་ཀྱང་བྱེད་པ་མ་ཡིན་

པ་དེའི་ཕྱིར་རོ། །གཉི་ག་ལྟར་ཡང་འཇིག་པར་བྱེད་པ་ཅུང་ཟད་ཀྱང་མི་བྱེད་པ་ཉིད་མཇུག་སྡུད་པ་ནི་གནས་པའི་རྒྱུས་ཅི་ཞིག་བྱ་ཞེས་བྱ་བའོ། །འཇིག་པར་བྱེད་པར་ཐལ་བར་འགྱུར། །གལ་ཏེ་དེ་འཇིག་རྒྱུ་ལས་འདོད། །གནས་པའི་རྒྱུས་ཀྱང་ཅི་ཞིག་བྱ། །ཞེས་བྱ་བ་འདི་ལ་བཤད་པ་གཞན་གསུངས་ན་ཡང་ན་

ཞེས་བྱ་བའོ། །བཤད་པ་གཉི་ག་གཞན་གྱི་ལན་གྱི་དོགས་པ་བསུ་བ་ནི། གལ་ཏེ་ཞེས་འཇིག་རྒྱུ་ཞེས་སྨོས་སོ། །གནས་པར་བྱེད་པ་དེས་འཇིག་པར་བྱེད་པ་དང་ཕྲད་ཀྱི་བར་དུ་གནས་པར་བྱ་བ་རྣམ་པར་གནས་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་འཇིག་བྱེད་འོང་བ་ལ་མི་ལྟོས་པ་ཉིད་དུ་འཇུག་པར་འགྱུར་རོ་སྙམ་

Vol. 184 · folio 92a

ན། ལན་དུ་འཇིག་པ་དངོས་ཆོས་ཉིད། །ཅེས་བྱ་བའི་དགོངས་པ་འདི་ཡིན་ཏེ། གལ་ཏེ་གནས་པར་བྱ་བ་གནས་པའི་དོན་དུ་གནས་པར་བྱེད་པ་མ་ཡིན་ན་དེའི་ཚེ་འཇིག་པའི་རྒྱུ་མེད་པར་རང་ཉིད་འཇིག་པར་འགྱུར་ལ། བཟློག་ན་ནི་འཇིག་པའི་རྒྱུ་ལས་འཇིག་པའི་ཕྱིར་གནས་པར་བྱེད་པ་འབྲས་བུ་དང་

བཅས་པར་འགྱུར་རོ། །དེ་ལྟ་ན་ཡང་འཇིག་པ་རྒྱུ་མེད་པར་ཐལ་བ་དེས་ན་འཇིག་པ་དངོས་པོའི་ཆོས་ཉིད་དོ། །ཡོད་པའི་དོན་ལ་འཇིག་པ་འདི་པ་གནོད་པ་ཡོད་པ་མ་ཡིན་པའི་ཕྱིར་ན། གནས་པའི་རྒྱུས་ནི་ཅི་ཞིག་བྱ། །ཞེས་བྱ་བ་འདི་གནས་སོ། །རེ་ཞིག་རྩོད་པའི་ཆ་རྣམ་པར་འགྲེལ་བ་ནི་གནས་པར་བྱེད་པ་མེད་ན་ཞེས་བྱ་བའོ། །

གང་གི་ཕྱིར་གནས་པར་བྱེད་པ་མེད་པར་འཇིག་པ་གང་ཡིན་པ་དེ་ནི་འཇིག་བྱེད་མེད་པར་རང་ཉིད་འགྱུར་རོ་ཞེས་བྱ་བའི་དོན་ཏེ། གལ་ཏེ་དེ་ལྟ་ཡིན་མོད་དེ་ལྟ་ན་ཡང་གནས་པར་བྱེད་པར་བྱེད་པ་ཇི་ལྟར་ཉེ་བར་སྦྱོར་བ་ཡིན་སྙམ་ན། གནས་པར་བྱེད་པ་ཡོད་ན། དངོས་པོ་འཇིག་གི་འཇིག་པའི་རྒྱུ་མེད་པར་ནི་མ་ཡིན་ནོ། །

གྲུབ་པའི་མཐའ་རྣམ་པར་གྲོལ་བའི་དོན་དུ་གསུངས་པ་ནི་དེ་ལྟ་ན་ཡང་ཞེས་བྱ་བ་སྟེ། གནས་པར་བྱེད་པ་མེད་ན་རང་ཉིད་འཇིག་པར་ཁས་བླངས་ནས་འོ་ན་འཇིག་པ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །འདི་ཞེས་བྱ་བ་ནི་འཇིག་པའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ལན་དུ་འཇིག་པའི་གེགས་དེ་ཡང་ཞེས་བྱ་

བྱ་བའོ། །འཇིག་པའི་གེགས་དེ་ཡང་ཞེས་བྱ་བ་ནི་འཇིག་པ་ལ་གནོད་པར་བྱེད་པའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །གཞན་དུ་ཞེས་བྱ་བ་འཇིག་པ་མ་ཡིན་པར་རོ། །ལན་དུ་དེའི་ཞེས་བྱ་བ་ལ་སོགས་པའོ། །རྒྱུ་མེད་པ་ཅན་ཞེས་བྱ་བ་ནི་རྒྱུ་མི་ནུས་པ་དང་དོན་མེད་པའི་ཉེས་པས་ཟིན་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །སུན་

འབྱིན་པ་གཞན་ཡང་བརྗོད་པ་ནི། དེ་ཡང་ཞེས་བྱ་བ་སྟེ་འཇིག་པ་ཡང་ངོ་། །དེས་ན་འཇིག་པ་དངོས་ཆོས་ཉིད། །ཅེས་བྱ་བ་མ་གཏོགས་པར་ལྷག་མ་ལ་བཤད་པ་གཞན་གསུངས་པ་ན་ཡང་ན་ཞེས་བྱ་བའོ། །འཇིག་པར་བྱ་བ་དང་ཕྲད་ཀྱི་བར་དུ་མི་འཇིག་པར་གནས་པར་བྱེད་པ་ལས་གནས་པ་ཞེས་བྱ་བ་

གང་ཡིན། དེ་ལྟ་ཡིན་ན་མི་འཇིག་པར་སྐྱེས་པས་ཞེས་བྱ་བའི་དོན་ནི་འདི་ཡིན་ཏེ། བརྟགས་པ་ནི་སྐབས་ཀྱི་རྟེན་པ་ལ། ཕྱིན་ཅི་ལོག་ཏུ་རྟོག་པ་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུའི་དངོས་པོ་ལ་རྟེན་དང་བརྟེན་པའི་དངོས་པོ་གཞན་མ་ཡིན་ནོ་ཞེས་བྱ་བར་རོ། །ཐོག་མ་མེད་པའི་བག་

Vol. 184 · folio 92b

ཆགས་ཀྱི་མཐུ་ལས་ཞེས་བྱ་བ་འདིས་བཟུང་བའི་དོན་ཉིད་གསལ་འདེབས་པ་ནི་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །དེ་ཉིད་གཞུང་འཛུགས་པ་འདི་ལྟར་ཞེས་བྱ་བའོ། །ཡིད་ཙམ་ལ་བརྟེན་པ་ནི་ཡིད་ཀྱིའོ། །གནས་པར་བྱེད་པ་ལ་འཇིག་པའི་རྒྱུ་དང་བྲལ་བའི་མཐར་ཐུག་པར་སུས་ཀྱང་བཟློག་པར་ནུས་པ་

མ་ཡིན་ནོ། །དེས་ན་སྐད་ཅིག་གཉིས་པ་ལ་སོགས་པའི་དུས་སུ་གནས་པར་བྱེད་པ་དོན་མེད་དོ་ཞེས་བྱ་བ་ཡིན་ནོ། །འོན་ཏེ་མི་འཇིག་པའི་ཕྱིར་མེད་པ་མ་ཡིན་མོད། ལྟུང་བ་ནི་ལྡོག་ཏུ་མེད་པའི་ཕྱིར་རྟེན་ལ་ལྟོས་སོ་ཞེ་ན་མ་ཡིན་ཏེ། ལྟུང་བ་ཡང་རང་གི་ངོ་བོ་ལས་འཕོ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཏེ་

ཞེས་བྱ་བ་ནི་གཞན་གྱིའོ། །སྐད་ཅིག་གནས་པར་ཡང་གནས་པར་བྱེད་པ་ཡོད་པར་ཁས་བླངས་ཏེ། དེ་ལྟ་མ་ཡིན་ན་གནས་པར་བྱ་བར་མི་འགྱུར་རོ་སྙམ་དུ་དགོངས་པའོ། །ལན་ནི་དེ་ལྟ་ན་ཞེས་བྱ་བའོ། །དེ་ལྟ་ཡིན་ན་གནས་པར་བྱེད་པ་ལས་སོ་སོར་མི་འཇིག་པའི་དངོས་པོ་གཞན་དང་གཞན་སྐྱེ་བར་

འགྱུར་རོ། །དེ་ལྟ་ན་ཡང་གནས་པའི་རྒྱུས་ཅི་བྱ་སྙམ་དུ་དགོངས་པའོ། །གཞན་ཡང་ཇི་ལྟར་གནས་པར་བྱེད་པ་གནས་པ་དེ་བཞིན་དུ་གནས་པར་བྱ་བར་ཡང་འགྱུར་རོ་ཞེས་བརྗོད་པ་ནི་གནས་པའི་ཞེས་བྱ་བའོ། །ངག་འདིར་གནས་པ་པོ་གཞན་དང་གཞན་ཁས་ལེན་རྟེན་བཅས་ཐམས་ཅད་གནས་དང་གནས་

ལྡན་ཞེས་བྱ་བ་ལ་སོགས་པའི་རྣམ་འགྲེལ་ཉིད་འབྱུང་བར་འགྱུར་བའི་ཕྱིར་ལན་དོགས་པར་བྱེད་པ་ནི་རང་གི་རྒྱུས་བྱས་སོ་ཞེ་ན་ཞེས་བྱ་བའོ། །ལན་དུ་གནས་པར་བྱ་བའི་ཡང་ཞེས་བྱ་བའོ། །དེ་ལྟར་ཞེས་བྱས་པ་རྒྱུར་བྱས་པར་རོ། །རྟེན་འགོག་པ་ལ་མངོན་སུམ་དང་འགལ་བའི་

བརྗོད་པའི་དོགས་པ་བསུ་བ་ནི། ཅི་སྟེ་ཡང་ས་ཕྱོགས་ཞེས་བྱ་བའོ། །མཐོང་བ་ནི་མངོན་སུམ་གྱིས་ཡུལ་དུ་བྱས་པའོ། །རྣམ་པར་རྟོག་པ་རྒྱས་ཀྱང་ཞེས་བྱ་བ་ནི་ཅི་ཡོད་དམ། དེ་སྟེ་མེད་ཅེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པའི་སྤྲོས་པའོ། །རྣམ་པར་རྟོག་པ་ལ་ནི་རྗེས་སུ་དཔག་པའི་དངོས་པོས་

བྱས་པ་ཉིད་བླང་བར་བྱ་བ་ཡིན་གྱི་མངོན་སུམ་གྱིས་གནོད་པའི་ཉེས་པ་ཡོད་པར་དོགས་ན་རང་ཉིད་ནི་ཅི་ཡང་མ་ཡིན་ནོ། །དེས་ན་དེ་བསྒྲུབ་པའམ་གནོད་ན་ནི་ངེས་པ་ཁོ་ནར་སྐབས་ཡོད་པར་མ་ཡིན་ནོ་ཞེས་བྱ་བར་གདོན་མི་ཟའོ། །དོན་དང་ཞེས་བྱ་བ་ནི། གསོག་ཏུ་གྱུར་ཏོ་ཞེས་བྱ་བ་འཐད་དོ། །

Vol. 184 · folio 93a

འདི་ལ་མཚུངས་ཞེས་བྱ་བ་ནི། ཡོད་མེད་དག་རྟེན་མེད་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པའི་སུན་འབྱིན་པའོ། །གལ་ཏེ་རེ་ཞིག་རྟེན་དང་བརྟེན་པའི་ཐ་སྙད་འདི་ནི་ཡོད་པ་ཁོ་ན་ཡིན་ལ་དེ་ལ་ཡུལ་ངེས་པ་ཅན་ཡིན་པས་རྒྱུ་མཚན་མེད་པར་ཡང་མ་ཡིན་ནོ། །དེས་ན་འདི་ལ་རྒྱུ་

མཚན་ཅི་ཡིན་སྙམ་ན། དངོས་རྣམས་ཞེས་གསུངས་ཏེ། དངོས་པོ་རྣམས་སྐད་ཅིག་སོར་འཇོག་པ་ཡིན་པར་རིགས་པ་ལས་འོངས་པ་ཡིན་པ་ན། དངོས་པོའི་རྒྱུ་གང་ཡིན་པ་དེ་ལྟར་ཏེ་ཉེ་བར་ལེན་པའི་ཡུལ་ཡོངས་སུ་མ་སྤངས་པར་སྐྱེ་བ་དེའི་རྒྱུ་ཡིན་པའི་ཕྱིར་ན་རྟེན་ཡིན་ནོ་ཞེས་བརྗོད་དོ། །དེས་

ན་གནས་པར་བྱེད་པ་ནི་སྐྱེད་བྱེད་ཁོ་ན་ཡིན་ཏེ། གཞན་ལས་གྲུབ་ན་གནས་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ནི་མི་འཐད་དོ། །བརྟེན་པ་ལ་ནི་གནས་པར་བྱེད་པ་ལས་ཅིར་ཡང་འགྱུར་བ་མ་ཡིན་ལ། མི་བརྟན་པ་ལ་ཡང་བསྐྱེད་པ་ལས་མ་གཏོགས་པའི་བྱ་བ་མེད་པ་ལ་མ་ཡིན་ཏེ། ཕན་འདོགས་པ་

མེད་པ་ཉིད་ཀྱི་ཕྱིར་རོ། །ཡང་ན་འགྲོ་བའི་གེགས་བྱེད་པའི་ཕྱིར་ནི་རྫས་ལྕི་བ་རྣམས་ལ་རྟེན་ཡོད་དུ་ཆུག་ཀྱང་། བློ་ལ་སོགས་པ་ལ་ནི་མ་ཡིན་ཏེ། བཟློག་པའི་ཕྱིར་རོ་ཞེས་བརྟེན་པ་ནི། འབོ་བ་ཡིས་ནི་གེགས་བྱེད་ཕྱིར། །ཞེས་བྱ་བའོ། །ཆུ་ལ་སོགས་པ་ནི་ཞེས་བྱ་བ་ནི་ཁད་ཀྱིས་འཆད་པར་བྱེད་པའོ། །མཐོང་བ་

མེད་དོ་ཞེས་བྱ་བ་ནི་མ་གྲུབ་པའོ། །མཐོང་བ་འགལ་བའི་ཕྱིར་རོ་ཞེས་བྱ་བ་འདི་ཕྱིན་ཅི་ལོག་ཏུ་བསྟན་པའི་དོན་དུ་ཇི་སྐད་བརྗོད་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །མ་མཐོང་བ་ཉིད་ལ་ཞེས་བྱ་བ་ནི་ལན་ནོ། །དངོས་པོ་གཉིས་ཀྱི་རང་བཞིན་ལས་གཞན་ནི་རྟེན་དང་བརྟེན་པའི་དངོས་པོ་ཡང་དམིགས་པའི་

སྤྱོད་ཡུལ་དུ་གྱུར་པ་མེད་དོ། །དེ་ཉིད་སྟོན་པ་ནི་བྱ་བའི་རྟེན་གང་ཡིན་པ་དེ་ནི་བྱེད་པ་པོ་དང་ལས་དག་གིས་འཛིན་པ་ལས་ཡིན་ནོ། །བྱ་བ་ནི་བྱེད་པ་པོའམ་ལས་ལ་གནས་པ་ཡིན་ཏེ། ལས་ལ་སོགས་པ་བརྟེན་པ་དང་བྲལ་བར་མི་སྲིད་པའི་ཕྱིར་རོ། །དེས་ན་བྱེད་པ་པོ་དང་ལས་ཀྱིས་འཛིན་པ་ཉིད་ལས་བྱ་

བའི་རྟེན་ཡིན་ནོ་ཞེས་བྱ་བ་ནི་ལུགས་ཡིན་ཏེ་རྒོལ་བ་ཐམས་ཅད་ཀྱིས་འདོད་པ་ཡིན་ནོ། །ལུགས་འདི་ནི་རྣམ་པར་དཔྱད་ན་མེད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། འཛིན་པའི་ཕྱིར་ཞེས་གསུངས་སོ། །གང་འཛིན་པ་དེ་མྱུར་བར་མ་དམིགས་པ་ཅིའི་ཕྱིར་ཞེ་ན། ལྟུང་བ་དང་མི་ལྟུང་བ་དག་ཅེས་གསུངས་སོ། །

Vol. 184 · folio 93b

རིགས་པ་འདི་དག་གིས་ཅི་ཞིག་བྱ་སྟེ་མངོན་སུམ་ཉིད་ཀྱིས་སྔ་མ་དང་ཕྱི་མའི་རང་བཞིན་གཅིག་ཏུ་བྱས་ནས་གཟུང་བས་ན། ལྟུང་བ་གང་ཡིན་པ་དེ་ཉིད་མ་ལྟུང་བའི་ཆོས་ཅན་ཡིན་ནོ་ཞེས་རྣམ་པར་འཇོག་པ་ཡིན་ནོ། །མངོན་སུམ་གྱིས་ཞེས་གསུངས་སོ། །གལ་ཏེ་ཐ་དད་པར་རྟོགས་པའི་གནས་སྐབས་

གཉིས་ཐ་དད་མོད་གནས་སྐབས་ཅན་གྱི་རྫས་ནི་གཅིག་ཡིན་ནོ་སྙམ་ན་ལྟུང་བ་དང་ཞེས་གསུངས་སོ། །དམིགས་པ་གང་ཡིན་པ་དེ་ནི་ཕན་ཚུན་རང་བཞིན་རྗེས་སུ་ཞུགས་པ་མེད་པ་ཁོ་ནའོ། །དེ་ལྟ་ན་ཡང་གནས་སྐབས་ཅན་མི་འཛིན་ཅེ་ན། དེ་ལྟ་ཡང་ཞེས་གསུངས་སོ། །གལ་ཏེ་ད་དུང་ཡོད་དོ་ཞེས་བྱ་བར་

རྟོགས་པ་ཡོད་པ་མ་ཡིན་ནམ་ཞེ་ན། ཡོད་པ་ནི་བདེན་མོད་ཀྱི་འོན་ཀྱང་རྣམ་པར་རྟོག་པ་ཙམ་ཡིན་ནོ། །འདིས་བརྟགས་པ་དུས་སུ་མ་ཁྱབ་པར་འཛིན་པའི་རང་བཞིན་ཅན་ནི་མངོན་སུམ་བྱེད་པ་ཡིན་པར་མི་བརྗོད་དོ། །དེ་མེད་ཕྱིར་ན་རྫས་སུ་འཛིན་པ་མེད་པའི་རྣམ་པར་རྟོག་པ་ཙམ་བླང་བར་བྱ་བ་མ་ཡིན་པ་ཁོ་ནའོ། །གལ་

ཏེ་དེ་ལྟ་ན་ཡང་དུས་གཞན་ཁྱབ་པ་དང་བྲལ་བའི་མངོན་སུམ་གྱིས་སྐད་ཅིག་གཅིག་ཉིད་ལ་གནས་སྐབས་འཛིན་པ་མ་ཡིན་མོད། རིམ་གྱིས་འཛིན་པར་འགྱུར་རོ་ཞེས་དོགས་པ་བསུ་བ་ནི་རིམ་གྱིས་ཞེས་བྱ་བའོ། །སུན་འབྱིན་པ་ནི་རིམ་གྱི་དོན་ཅི་ཡིན་ཞེས་བྱ་བའོ། །དེ་ཉིད་སྤྱོད་པ་ནི་དངོས་པོ་དང་ཞེས་བྱ་བའོ། །

ཡོད་པ་འབའ་ཞིག་བཟུང་ན་ནི་རིམ་གནས་པ་མ་ཡིན་ཞིང་། འོན་ཀྱང་རང་ངམ་འབྲེལ་པ་ཅན་གྱི་ཡོད་པ་དང་མེད་པ་སྲིད་ན་ཡིན་ནོ། །རིམ་གྱི་ཐ་སྙད་དེ་ཡང་དངོས་པོ་དང་དངོས་པོ་མེད་པ་དུས་ཐ་དད་པ་དག་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་དེ་ཡང་གཟུང་བའམ་འཛིན་པ་ཡིན་ཞེས་བརྟགས་ནས་སུན་འབྱིན་པ་

ནི་གོ་སླའོ། །གཟུང་བ་ཡང་དེར་ཞེས་བྱ་བ་ནི་རིམ་པ་དང་ལྡན་པ་སྟེ། རིམ་པ་ཅན་མ་ཡིན་པ་ལས་རིམ་པ་མི་འབྱུང་ངོ་སྙམ་དུ་དགོངས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་འཛིན་པར་བྱེད་པ་རིམ་པ་དང་ལྡན་པའི་ཕྱིར་རོ། །རྣམ་པར་རྟོག་པའི་སྤྱོད་ཡུལ་རིམ་པ་ཡིན་པས་ཞེས་བྱ་བ་ནི་རིམ་པ་འཛིན་པའི་ཐ་སྙད་ནི་རྣམ་པར་

རྟོག་པར་སྒྲོ་བཏགས་པ་ཁོ་ནར་ཟད་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གིས་བྱ་བ་ནི་རིམ་པ་མངོན་སུམ་དུ་གྱུར་པས་སོ། །ཡང་མངོན་སུམ་གང་གིས་དམིགས་པའི་ཞེས་སྦྱར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་གཞལ་བྱ་མེད་པ་ལ་ཞུགས་པའི་རྣམ་འགྲེལ་གྱི་ཆ་ཉིད་ཚད་མ་མེད་པ་ལ་

Vol. 184 · folio 94a

ཡོངས་སུ་སྦྱར་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ལྟར་ཡོད་མེད་དག་ལ་བརྟེན་ཕྱིར་ཞེས་བྱ་བ་རྟེན་དང་བརྟེན་པའི་དངོས་པོ་དགག་པ་ལ་སྦྱར་བ་ཡིན་ནོ། །དེ་ལྟ་ན་ནི་མངོན་སུམ་གྱིས་གནོད་པས་རྩོད་པ་ལ་མ་ལྟོས་ནས། ཡུལ་རྟེན་དང་བརྟེན་པའི་དངོས་པོ་མེད་པས་ཡུལ་

ཅན་ཉམས་སུ་མྱོང་བར་བརྟེན་པར་དགོངས་པའི་ཕྱིར་རྟེན་དང་བརྟེན་པའི་དངོས་པོ་ནི་མཐོང་བ་མེད་པ་ཁོ་ནའོ་ཞེས་སྦྱར་བར་བྱ་བ་ཡིན་ནོ། །དེས་ན་འབྲས་བུས་བཟླས་ནས་བཤད་པ་ཡིན་ནོ། །རྟེན་དང་བརྟེན་པའི་དངོས་པོ་དེ་མཐོང་བ་མེད་པར་རོ། །འོ་ན་ནི་ཞེས་བྱ་བ་ནི་བྱ་རོག་གི་ལན་ནོ། །ཕྱིན་ཅི་ལོག་གི་རྣམ་པར་

རྟོག་པ་ནི་མཐོང་བ་ཡང་ཡིན་ཏེ་ནང་གི་ནི། བསླང་བ་ལས་བྱུང་གང་ཡིན་ཏེ། །ཞེས་བྱ་བ་ལ་སོགས་པས་སྟོན་པར་འགྱུར་བའི་ཕྱིར་རོ། །དེ་ལ་ཡང་ཐལ་བ་མཚུངས་པ་ཡིན་ཞེས་བྱ་བའི་མཐར་ཐུག་པར་བཤད་ནས། ལྷག་མ་འཆད་པ་ནི་གཞན་ཡང་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དེ་ལྟ་ན་ཡང་རྟེན་དང་

བརྟེན་པའི་དངོས་པོ་འཕེལ་ན། འདི་ནི་རྒྱུ་དང་འབྲས་བུའི་དངོས་པོའི་ཁྱད་པར་ཉིད་དོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །དེ་ལྟ་མིན་ན་རིགས་མ་ཡིན། །ཞེས་བྱ་བ་འཆད་པ་ནི་སྔ་མ་དང་ཕྱི་མ་དག་ཅེས་བྱ་བའོ། །སྔ་མ་དང་ཕྱི་མ་དག་གཅིག་ཏུ་སྒྲོ་བཏགས་པ་ལ་ནི་སྐབས་ཀྱིས་བརྟེན་པ་ལའོ། །ཕྱིན་ཅི་

ལོག་ཏུ་རྟོག་པ་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོ་ལ་རྟེན་དང་བརྟེན་པའི་དངོས་པོ་གཞན་མ་ཡིན་ནོ་ཞེས་བྱ་བར་རོ། །ཐོག་མ་མེད་པའི་བག་ཆགས་ཀྱི་མཐུ་ལས་ཞེས་བྱ་བ་འདིས་གཟུང་བའི་དོན་ཉིད་གསལ་འདེབས་པ་ཉིད་ཀྱི་ཕྱིར་ཞེས་བྱ་བའོ། །དེ་ཉིད་གཞུང་འཛུགས་པ་ནི་འདི་ལྟར་ཞེས་བྱ་བའོ། །

ཡིད་ཙམ་ལ་བརྟེན་པ་ནི་ཡིད་ཀྱིའོ། །གལ་ཏེ་དེ་ལྟ་ན་དམིགས་པ་མེད་པའི་རྣམ་པར་རྟོག་པ་ཉིད་ཆོས་ཅན་ཡིན་ལ་གཏན་ཚིགས་ཀྱང་དམིགས་པ་མེད་པ་ཉིད་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བ་དང་། ཁྱད་པར་མེད་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། དཔེར་ན་གོང་བུ་རྭ་ཅན་འདི་རྭ་ཅན་ཉིད་ཕྱིར་རྟ་མ་ཡིན་ཞེས་བྱ་

བའི་སྐབས་སུ་ལན་འདེབས་པར་འགྱུར་བའི་ཕྱིར་རོ། །འདི་ལ་སྦྱོར་བ་ནི་གང་དམིགས་པ་མེད་པ་དེ་ནི་རྣམ་པར་ཤེས་པ་སྔ་མ་ལས་བྱུང་བ་ཡིན་ཏེ། དཔེར་ན་སྨིག་རྒྱུ་ལ་ཆུར་རྟོག་པ་བཞིན་ནོ། །རྟེན་དང་བརྟེན་པའི་རྣམ་པར་རྟོག་པ་ཡང་དམིགས་པ་མེད་པ་ཡིན་ནོ། །མ་གྲུབ་པའི་ལན་བཤད་ཟིན་པ་ཉིད་ལྷག་

Vol. 184 · folio 94b

མ་བརྗོད་པའི་དོན་དྲན་པར་བྱེད་པ་ནི་ཞེས་བྱ་བའོ། །གཞན་གྱི་ལན་ལྷག་མ་བརྗོད་པ་ནི་དངོས་པོ་དུ་མ་ཉིད་ལས་ཤེས་ཞེས་བྱ་བའོ། །རྣམ་པར་ཤེས་པ་སྔ་མའི་འབྲས་བུ་ཉིད་དུ་མ་མཐོང་བའི་ཕྱིར་རོ། །སྔ་མ་ཕྱི་མར་སྐྱེ་བ་ཅན་ཕྱིན་ཅི་ལོག་གི་ཤེས་པ་ཅན་འདི་ནི། འདི་ལས་གཅིག་ཏུ་རྟོགས་པ་

འདི་སྐྱེས་སོ་ཞེས་བྱ་བ་ནི་རྟོགས་པར་མི་ནུས་སོ། །དེས་ནི་སྔ་མ་དང་ཕྱི་མའི་དངོས་པོ་གཉིས་ཀ་མཐོང་བ་དེ་ཉིད་ལས་གཅིག་པ་ཉིད་ཀྱི་བློར་འགྱུར་བ་ཡིན་ནོ། །མཐོང་བ་སྤངས་ནས་མ་མཐོང་བ་བཟོད་པ་ནི་བཟོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དོན་ནི་འདི་ཡིན་ཏེ། སྨིག་རྒྱུ་

ལ་ཆུར་རྟོག་པ་ཡང་སྨིག་རྒྱུ་ཙམ་གྱི་རྗེས་སུ་འགྲོ་བར་འགྱུར་ཏེ། དེ་ཙམ་མཐོང་བའི་ཕྱིར་དང་ཆུ་མཐོང་བ་ན་གཞན་གྱིས་མ་མཐོང་བའི་ཕྱིར་རོ། །འོན་ཏེ་སྨིག་རྒྱུ་རྟོག་པ་ཉིད་འཐད་ཀྱི་ཆུར་རྟོག་པར་ཅི་ལྟར་འགྱུར་སྙམ་ན། དེ་ལྟ་ན་ནི་འོ་ན་དངོས་པོས་དུ་མ་ལ་དུ་མར་ཞེན་པ་ཉིད་འཐད་ཀྱི་གཅིག་ཉིད་དུ་ཅི་

ལྟར་རྟོག་ཅེས་བྱ་བ་འདི་མཚུངས་སོ། །དེའི་ཕྱིར་རིགས་གང་ལས་གྲུབ་པ་དེ་ཞེས་བྱ་བའི་ཚུལ་གྱིས་འདིའི་འབྲས་བུའི་གཏན་ཚིགས་གཞན་ལས་ཁྱད་པར་ཡོད་པ་མ་ཡིན་ནོ། །ཆུར་རྟོག་པ་ཆུ་མཐོང་བ་ལས་བྱུང་བ་བཞིན་དུ། གཅིག་ཉིད་དུ་རྣམ་པར་རྟོག་པ་ཡང་གཅིག་ཏུ་མཐོང་བ་ཅན་དུ་འགྲོ་བ་ཅན་

ཡིན་མོད། དེའི་ཕྱིར་དོན་གཞན་མ་ཡིན་པ་ཉིད་ཐོག་ཏུ་བབ་པོ་ཞེས་གསུངས་པ་ནི། འོ་ན་དཔེ་དང་ཆོས་མཐུན་པ་སྟེ། དཔེ་ལ་ནི་བརྟགས་བཞིན་པ་ཉིད་སྔོན་དུ་ཉམས་སུ་མྱོང་བ་ཡིན་ནོ་སྙམ་ན་དེ་ནི་མི་འཐད་ཏེ། བདག་ཉིད་ཐམས་ཅད་ཀྱི་ཆོས་མཐུན་པའི་དཔེ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཕྱིན་

ཅི་ལོག་གི་རྣམ་པར་རྟོག་པ་ནི་ཤེས་པ་སྔ་མ་དང་འབྲེལ་པ་ཡིན་ནོ་ཞེས་བྱ་བ་དེ་ཙམ་ཞིག་བསྟན་པར་འདོད་པའི་ཕྱིར་རོ། །སྒྲོ་བཏགས་བཞིན་པའི་ཡུལ་གྱི་དོན་ཅན་གྱི་ཤེས་པ་སྔ་མ་ནི་དོན་གྱི་དམིགས་པ་ཡིན་ནོ་ཞེ་ན་དོན་མེད་པ་ཅན་སྔ་མ་ཡང་སྒྲོ་བཏགས་བཞིན་པའི་དོན་གྱི་ཡུལ་ཅན་ཉིད་ཡིན་ཏེ།

འོན་ཀྱང་དཔེ་ལ་ནི་སྔ་མ་དངོས་པོའི་ཡུལ་ཅན་གྱི་མྱོང་བ་ཡིན་ལ། དོན་ལ་ནི་རྣམ་པར་རྟོག་པ་ཙམ་ཡིན་པ་ནི་ཞེས་བྱ་བ་འདི་ཁྱད་པར་འདིས་ཅི་བྱ། གཉི་ག་ལྟར་ཡང་སྔ་མ་སྔ་མ་ནི་བག་ཆགས་འཇོག་པ་ཙམ་ལ་ཉེ་བར་འཇོག་པ་ཡིན་ནོ། །དེ་ལ་དཔེ་དོན་ཉམས་སུ་

Vol. 184 · folio 95a

མྱོང་བ་རྣམ་པར་རྟོག་པ་དེ་སྐྱེད་པའི་ས་བོན་འཇོག་པར་བྱེད་པ་ཡིན་པ་དེ་བཞིན་དུ་དོན་མེད་པའི་རྣམ་པར་རྟོག་པས་ཀྱང་གལ་ཏེ་རིགས་མཐུན་པ་སྐྱེ་བའི་ས་བོན་འཇོག་མོད་ཉེས་པ་ཅི་ཡོད། རིགས་མི་མཐུན་པའི་རྣམ་པར་རྟོག་པའི་ས་བོན་ནི་འཇོག་པར་མི་འཐད་དོ། །དོན་

ཉམས་སུ་མྱོང་བ་ལས་བྱུང་བ་ལ་ནི་དེ་ཡང་ཆ་ཤས་ཀྱིས་ཡོད་པ་ཡིན་ནོ། །རྣམ་པར་རྟོག་པ་ཙམ་གྱིས་རྣམ་པར་རྟོག་པ་ཙམ་གྱི་བག་ཆགས་སྐྱེད་པ་ལ་ནི་དོགས་པ་ཡང་མེད་དོ་ཞེས་བསམས་ནས་དེས་ན་སྐྱེ་བ་གཞན་དུ་ཡང་ཞེས་བྱ་བའོ། །དེ་ལྟར་བློ་སྔ་མ་དང་ཕྱི་མའི་ཡུལ་ལས་གཅིག་པ་ཉིད་མེད་པའི་

ཕྱིར་ལྟུང་བའི་ཆོས་ཅན་ནི་རྟེན་ལས་མི་ལྟུང་བ་ལ་བརྟེན་པར་འགྱུར་བ་མ་ཡིན་ལ། མངོན་སུམ་གྱིས་གནོད་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་གནས་སོ། །དེ་ལྟར་གཅིག་ཉིད་མེད་པར་བདག་ལ་སོགས་པ་ཡང་མེད་པའི་ཕྱིར་དེའི་རྣམ་པར་རྟོག་པ་ཡང་ཐོག་མ་ཐ་མ་མེད་པ་ཡིན་ནོ་ཞེས་སྟོན་པ་ནི། དེ་བཞིན་

དུ་ཞེས་བྱ་བའོ། །སོགས་པའི་སྒྲས་ནི་སྤྱི་ལ་སོགས་པ་སྡུད་པའོ། །ཇི་ལྟར་གཅིག་ཏུ་འཛིན་པ་དེ་དམིགས་པ་མེད་པ་དེ་བཞིན་དུ་བདག་ལུས་ལ་སོགས་པར་འཛིན་པའོ། །ཆོས་ཙམ་དེ་དང་ལྡན་པའི་ཆོས་ཅན་བློ་ལ། ཐོག་མ་འགོག་པ་ནི་རྒྱུན་ཐོག་མ་མེད་པ་ཞེས་བྱ་བའོ། །ཕྱིས་ཀྱང་མི་འཆད་

པ་ཞེས་བྱ་བ་ནི་གཞན་དང་གཞན་སྐྱེ་བས་ཐ་མ་འགོག་པའོ། །འགའ་ཞིག་ཏུ་རྟེན་དང་བརྟེན་པའི་དངོས་པོ་ཡོད་ཀྱང་སྐབས་སུ་བབ་པ་ལ་ནི་མ་ཡིན་ནོ་ཞེས་སྟོན་པས་སྔར་དྲིས་པའི་རྣམ་འགྲེལ་ཉིད་བཤད་པའི་དོན་དུ་ཡི་གེ་འདྲི་བ་ནི་གཞན་ཡང་ཞེས་བྱ་བའོ། །དེ་ལྟར་ཡོན་ཏན་ལ་སོགས་པ་ལ་རྟེན་མེད་

མོད། སེམས་ནི་དེ་ལས་བཟློག་པ་ཡིན་པའི་ཕྱིར་ཅི་ལྟར་རྟེན་མེད་པ་ཡིན་ཞེ་ན་སེམས་པ་ཞེས་གསུངས་སོ། །ལུས་ནི་སེམས་སོ་ཞེས་བྱ་བ་སྤྱི་དང་། ལུས་ཀྱི་ཡོན་ཏན་ནི་བློ་ཞེས་བརྗོད་པའི་ཕྱིར་ཡོན་ཏན་དང་། ཡུལ་རྟོགས་པའི་རང་བཞིན་ཡིན་པའི་ཕྱིར་ལས་ཡིན་ནམ། གཞན་དུ་

ཡང་ཞེས་བྱ་བ་ཁྱད་པར་ཏེ། སེམས་ཡིན་གྱི་སེམས་མ་ཡིན་པ་ནི་མ་ཡིན་པ་ཞེས་བྱ་བ་ཐ་དད་པའི་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཡང་ན་ངེས་པ་མེད་པ་སྟེ། སེམས་པ་ནི་དེ་ལྟ་བུ་ཉིད་གཞན་དུ་ཡང་བརྟག་པར་བྱ་བ་ནི་མ་ཡིན་ནོ། །དེས་ན་དེ་ལས་བཟློག་པ་ནི་མ་ཡིན་ཏེ་དེའི་ཕྱིར་རྣམ་པ་གཅིག་

Vol. 184 · folio 95b

ཏུ་ལྟུང་བའི་དོགས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདུ་བའི་སྒོ་ནས་ལན་ཐེབས་པར་བསམས་ནས་གཞན་རྩོད་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །དོན་ནི་འདི་ཡིན་ཏེ་གང་ཞིག་གང་དུ་འདུ་བ་དེ་ནི་དེ་མེད་ན་མི་འབྱུང་བ་ཡིན་ཏེ། དཔེར་ན་འདུ་བ་ཅན་གྱི་རྒྱུ་མེད་ན་དེ་དང་འདུས་པའི་ཡོན་

ཏན་མེད་པ་བཞིན་ནོ། །སེམས་ཀྱང་ལུས་ལ་འདུས་པ་ཡིན་ནོ་ཞེས་བྱ་བའོ། །སུན་འབྱིན་པའི་འགྲོ་བ་ལ་སོགས་པ་ནི་ཞེས་བྱ་བ་ལ་སོགས་པའོ། །རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ཡང་འདུ་བར་འགྱུར་རོ་སྙམ་ན། རྟེན་དང་བརྟེན་པའི་དངོས་པོ་ཡིན་ཡང་ཞེས་གསུངས་སོ། །འདི་ག་

ལས་སྙམ་ན་གཞན་གྱི་ཕྱིར་ཞེས་བྱ་བ་ལས་ཏེ། གང་གི་ཕྱིར་མ་གྲུབ་པ་ལ་སོགས་པ་བརྗོད་ལ། བརྗོད་པ་དེའི་ཕྱིར་ན་རྟེན་དང་བརྟེན་པ་མེད་པར་འདུ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདུ་བ་མེད་པ་འདི་ཉིད་དོ། །རྟེན་དང་བརྟེན་པའི་དངོས་པོ་བསལ་བ་འདིས་ནི་གལ་ཏེ་རྟེན་དང་བརྟེན་པའི་དངོས་

པོ་བསལ་བས་འདུ་བ་ལ་སོགས་པ་རྣམས་བསལ་བར་གྱུར་མོད། དེ་བཟློག་པ་ཉིད་ཇི་ལྟར་ཞེ་ན། རྟེན་མེད་ཕྱིར་ན་ཞེས་གསུངས་ཏེ། བཤད་ཟིན་པའི་ཚུལ་གྱིས་མི་འཐད་སྙམ་དུ་དགོངས་པའོ། །འདིས་ནི་གང་ཞིག་གང་དུ་འདུ་བ་དེ་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པར་བརྗོད་པ་ཡིན་ནོ། །

རྣམ་འགྲེལ་གྱི་བཤད་པ་མ་བྱས་པར་རེ་ཞིག་མ་བྱས་པ་ཉིད་བརྗོད་པ་ནི་རིགས་ལ་སོགས་པ་ནི་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །དེ་ནི་མི་རྟག་པར་འགྱུར་བ་གང་ཞིག་གང་དུ་འདུ་བ་ཞེས་ཁྱད་པར་དུ་བྱེད་པའི་མ་ངེས་པ་ཉིད་མ་ཡིན་ནོ་སྙམ་པའི། སེམས་ཀྱང་ཞེས་བྱ་བ་ནི་ལན་ནོ། །རྒྱུ་

གཞན་གྱི་སྔར་གྱི་སེམས་གང་ཡིན་པ་དེ་ཉིད་དང་འབྲེལ་བའི་ཕྱིར་རོ། །དཔེར་ན་འདུ་བ་ཉིད་ཡིན་པ་རྟག་པའི་ཕྱིར་རྟེན་མེད་ཀྱང་མེད་པ་མ་ཡིན་པ་དེ་བཞིན་དུ་རྒྱུ་གཞན་དང་རྗེས་སུ་འབྲེལ་བ་ཡང་རྒྱུ་མ་ཡིན་པ་ཞིག་ཀྱང་རྒྱུན་ཆད་པ་མ་ཡིན་པས་ཁྱད་པར་མེད་དོ། །དེས་ན་མ་ངེས་པ་ཉིད་དོ། །འོན་ཏེ་རྒྱུ་ཙམ་

མེད་པས་རྒྱུན་ཆད་པར་ནི་མི་བརྗོད་ཀྱི་འོན་ཀྱང་རྟེན་པས་སོ་སྙམ་ན་རྟེན་དང་བརྟེན་པའི་ཞེས་གསུངས་ཏེ། རྒྱ་ཆེར་བཀག་པའི་ཕྱིར་རོ། །ནིའི་སྒྲ་ནི་མ་ངེས་པ་ཡོངས་སུ་རྫོགས་པའོ། །རྟེན་དང་ཞེས་བྱ་བ་ལ་སོགས་པ་ནི་རྣམ་འགྲེལ་འཆད་པའོ། །འདིས་ནི་འཕྲོད་པ་འདུ་བ་སྤངས་པ་ཡིན་ལ་ཞེས་

Vol. 184 · folio 96a

སྦྱར་རོ། །རྟེན་དང་བརྟེན་པའི་དངོས་པོ་ཉིད་བསལ་བ་ཅི་ལྟར་ཞེ་ན། སྤངས་པ་ཡིན་པའི་ཕྱིར་ཞེས་གསུངས་ཏེ། འདི་ནི་རྟེན་མེད་ཕྱིར་ཞེས་བྱ་བའི་འགྲེལ་པའོ། །འཕྲོད་པ་འདུ་བ་ཅན་གྱི་རྒྱུ་ཞེས་བྱ་བ་ནི་འཕྲོད་པ་འདུ་བ་ཅན་གྱི་རྒྱུར་འདོད་པ་དེ་ཁོ་ན་ཉིད་དུ་རྒྱུའམ་རྒྱུ་

མ་ཡིན་པ་ཉིད་གཅིག་ཡིན་དེ་ལས་ཕྱོགས་དང་པོ་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བ་དེས་ན་འདུ་བ་མེད་པའི་ཕྱིར་འདུ་བ་ཅན་གྱི་རྒྱུར་ཇི་ལྟར་འགྱུར་སྙམ་དུ་དགོངས་པའོ། །གཉིས་པ་ལ་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །ཁྱབ་པར་བྱེད་པ་རྒྱུ་ཉིད་མེད་པའི་ཕྱིར་ཅི་ལྟར་ཁྱབ་པར་བྱ་བའི་གདུང་བར་བྱ་བ་ཅན་གྱི་

རྒྱུར་འགྱུར་ཞེས་བྱ་བ་དག་སྟེ། རིགས་ལ་སོགས་པ་གང་གི་དོན་རྒྱུ་མ་ཡིན་པ་དེ་ལ་བརྗོད་པ་ནི། རིགས་ལ་སོགས་པ་ཞེས་བྱ་བའོ། །རང་གི་རྟེན་འདུ་བ་ཅན་གྱི་རྒྱུ་མ་ཡིན་ཡང་དངོས་པོའི་ཆོས་ཉིད་དུ་རྣམ་པར་གནས་པར་བརྗོད་པ་གང་ཡིན་པའོ། །རིགས་ནི་ཚིག་གི་དོན་གསུམ་པ་ཡོད་པ་དང་། རྡུལ་

ཕྲ་རབ་ཚད་ཆུང་ངུ་དང་། བདག་དང་ནམ་མཁའ་ལ་སོགས་པ་ཚད་ཆེན་པོ་དང་། རྟག་པའི་རྫས་རྣམས་ལ་ཡོད་པའི་ཁྱད་པར་དང་། དབང་ཕྱུག་ལ་སོགས་པའི་བློ་སྟེ། དེ་དག་ཀྱང་སྤངས་པ་ཡིན་ཏེ་དེ་དག་གི་རྣམ་པར་གནས་པ་དངོས་པོའི་ཆོས་ཉིད་ཀྱིས་མེད་པར་དོགས་པ་རྟེན་གཞན་མེད་པར་ཇི་

ལྟར་འགྱུར། གལ་ཏེ་བརྗོད་ན་ཞེས་འདོན་པར་ནི། གལ་ཏེ་དེ་ལྟར་བརྗོད་ན་ཚུལ་འདིས་སྦྱར་བར་བྱའོ། །སྐབས་དང་སྦྱར་བའི་ཚིག་འདིའི་བཤད་པ་གཞན་གསུངས་པ་ནི་ཡང་ན་ཞེས་བྱ་བའོ། །རྟེན་དེ་ཉིད་དེའི་འདུས་པ་སྤངས་པ་ནི་བཀག་པ་སྟེ། མེད་པ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསུངས་པ་ནི་རིགས་ནི་ཞེས་

བྱ་བའོ། །འདིར་སོགས་པ་སྨོས་པའི་བཤད་པ་ནི་ཡལ་བར་དོར་བ་ཡིན་ནོ་སེམས་ནི་དེ་ལྟར་འདོད་པ་མ་ཡིན་ནོ་སྙམ་ན་མ་ཡིན་ཏེ། གསལ་བ་གཞན་གྱི་སྒྲས་ནི་སྔ་ན་མེད་པའི་གསལ་བ་བརྗོད་པར་འདོད་པའི་ཕྱིར་རོ། །སྐྱེ་བ་བཞིན་པའི་གསལ་བ་རྣམས་ལ་ཡང་སྔར་ཉིད་ནས་འདུ་བ་ནི་མ་ཡིན་ནོ། །འོན་ཏེ་

ཐམས་ཅད་ཐམས་ཅད་དུ་སོང་བའི་ཕྱོགས་ལ་གནས་ན་སྔར་ཡོད་པ་ཡིན་ན་ཡོད་མོད་གོང་བུ་དེ་དང་འབྲེལ་པར་འགྱུར་བ་ནི་མ་ཡིན་ཏེ། སྐད་ཅིག་མ་དང་པོ་ལ་ནི་ཡོན་ཏན་ལ་སོགས་པ་དང་འབྲེལ་པ་མེད་པའི་རྫས་ཉིད་སྐྱེ་བོ་ཞེས་བྱ་བ་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །དེ་བས་ན་ཇི་ལྟར་སྤྱི་གསལ་བ་སྔ་མ་

Vol. 184 · folio 96b

ཞིག་པ་ན། རྗེས་སུ་མ་སོང་བ་གསལ་བ་གསལ་བ་གཞན་པ་ལ་རྗེས་སུ་འགྲོ་བ་དེ་བཞིན་དུ་སེམས་ཀྱང་ལུས་གཞན་ལ་ཡིན་ནོ། །འོན་ཏེ་སྤྱི་ནི་ཡོད་པ་ཉིད་རྟེན་གཞན་ལ་རྗེས་སུ་འཇུག་པ་ཡིན་ལ། སེམས་ནི་ཐ་དད་པ་ཁོ་ན་སྐྱེ་བ་ཡིན་ནོ་ཞེ་ན་མ་ཡིན་ཏེ། མ་འབྲེལ་བ་ལས་འབྲེལ་པའི་རང་བཞིན་མི་འཐད་

པའི་ཕྱིར་རོ། །སྤྱི་ཡང་གཅིག་ཉིད་དུ་སྒྲོ་བཏགས་པ་ཙམ་དུ་ཟད་ལ། སྒྲོ་བཏགས་ནས་ནི་སེམས་དེ་ཉིད་འཕོ་བ་ཡིན་ནོ་ཞེས་བྱ་བ་ཡང་མི་འགལ་ལོ། །དེས་ན་གཞན་ནི་སྒྲུབ་པར་བྱེད་པ་ནི་ད་དུང་ཡང་མ་ངེས་པ་ཁོ་ནའོ། །ཡང་གལ་ཏེ་ཚུ་རོལ་མཛེས་པ་ལ་སྤྱི་དང་འདུ་བ་ལ་སོགས་པའི་ཚུལ་ལུགས་མེད་པ་དེ་

ལྟ་ན་ཡང་བརྒྱ་ལ་འདི་ལྟར་ཁས་ལེན་དུ་འོང་བས་ན་བཀོད་པས་ཡིན་ནོ། །གལ་ཏེ་དེ་ལྟར་ཁས་ལེན་ན་སྤྱི་བཞིན་དུ་རྟེན་གཞན་ལ་རྗེས་སུ་འཇུག་པར་འགྱུར་བའི་ཕྱིར་ཁས་བླངས་པ་དང་འགལ་བ་ཡིན་ན་དེ་ཁོ་ན་ནི་སྤྱི་ཞེས་བྱ་བ་ཡང་མེད་པ་ཉིད་ཡིན་པས་ན། རྟེན་གཅིག་མེད་ན་བློ་གཞན་ལ་མཚམས་སྦྱོར་བ་

ལ་དཔེ་ཅི་ཡོད་ཅེ་ན། ལུས་གཅིག་མེད་ཀྱང་ཞེས་གསུངས་སོ། །གལ་ཏེ་རྣམ་པ་དང་དོན་བྱ་བ་ལ་སོགས་པ་མཚུངས་པའི་མཚན་ཉིད་ཀྱི་ཉེ་བ་འགའ་ཞིག་གིས་གཞན་ལ་བ་ལང་ཞེས་བྱ་བ་ལ་སོགས་པ་རྗེས་སུ་འགྲོ་བའི་བློར་འགྱུར་བ་ཡིན་ན། མིའི་ལུས་སྤངས་ན་དུད་འགྲོ་ལ་སོགས་པའི་ལུས་ཡོངས་

སུ་འཛིན་པའི་དུས་ན་ནི་ཉེ་བ་ཅི་འདྲ་བ་ཞིག་ཡོད། གཞན་ཡང་ཇི་ལྟར་བློ་སྔ་མ་ལས་རྗེས་སུ་འགྲོ་བའི་བློ་གཞན་ཁོ་ན་སྐྱེ་བ་དེ་བཞིན་དུ་ལུས་གཞན་ལ་ཡང་ཁོ་ན་སྐྱེ་བའི་ཕྱིར་གཞན་གྱི་འདོད་པ་ཉིད་ཡིན་ནོ། །དེས་ན་འཕྲོ་བར་འདུ་བར་མ་ཡིན་ནོ་སྙམ་ན་འདི་ལ་བརྗོད་པ། རེ་ཞིག་ལུས་གཞན་རྣམ་པ་ལ་

སོགས་པ་མི་འདྲ་ཡང་རྒྱུན་དེ་ལ་ལས་འཇིག་པ་ཉིད་ཉེ་བར་ཡིན་ནོ། །རང་གི་མཚན་ཉིད་ཐ་དད་པ་ནི་འཆི་བ་དང་སྐྱེ་བའི་སྲིད་པ་ལ་སོགས་པ་འདོད་པ་ཁོ་ནའོ། །འཕྲོ་བར་སྨྲ་བ་ནི་རྒྱུན་གཅིག་པས་གཅིག་ཏུ་ལྷག་པར་ཞེན་པའི་ཕྱིར་རོ། །རྒྱུན་གཅིག་པ་ཉིད་ཀྱང་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་ལས་བྱུང་བས་གནས་པའི་

ཕྱིར་རོ། །དེ་ཡང་སྔོན་གྱི་འདུ་བྱེད་རྗེས་སུ་འཇུག་པ་བསྒྲུབས་པའི་ཕྱིར་རོ། །འདི་ཉིད་གསུངས་པ་ནི་རྣམ་པ་དེ་ལྟ་བུའི་བློ་སྐྱེ་བ་ནི་ཞེས་བྱ་བར་རོ། །དེ་ཉིད་ཀྱི་ཕྱིར་སྔོན་ཉམས་སུ་མྱོང་བར་འགྱུར་བའི་དོན་བྱ་བ་ལ་སོགས་པའི་མྱོང་བས་གཞན་པའི་འདུ་བྱེད་དང་ལྡན་པ་ལ་དེ་ཉིད་འདི་ཡིན་ནོ་སྙམ་དུ་རྗེས་སུ་འགྲོ་བའི་

Vol. 184 · folio 97a

བློ་དཔེ་ཉིད་དུ་གསུངས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་རྟེན་སུན་འབྱིན་པ་མཇུག་སྡུད་པའོ། །མང་དུ་སྨྲས་པས་ཅི་དོགས་ཏེ། རེ་ཞིག་འཇིག་པའི་དངོས་པོ་གང་ཡིན་པ་དེ་གཞན་ལ་ལྟོས་པའམ་མི་ལྟོས་པ་ཡིན། ཕྱོགས་དང་པོ་ལ་ནི་དངོས་པོ་དེ་ལ་གནས་པའི་རྒྱུ་དོན་མེད་དེ།

འཇིག་པར་བྱེད་པ་མི་གནས་པ་ནི་རང་ཉིད་གནས་པའི་ཕྱིར་རོ། །གཉིས་པ་ལ་ཡང་ནུས་པ་མེད་པ་ཡིན་ནོ། །རྣམས་ཞེས་བྱ་བ་ནི་གསལ་བ་བརྗོད་པར་འདོད་པས་མང་པོའི་ཚིག་གོ། །གལ་ཏེ་རང་ངམ་གཞན་ལས་རྟེན་གྱིས་འཇིག་པའི་གནས་བྱེད་ན་དེའི་ཚེ་གང་སྐྱེ་བ་ཅན་ཡིན་པ་དེ་ཐམས་ཅད་རྟེན་

གནས་པ་དང་ལྡན་པ་ཡིན་ནོ། །ལྷག་མ་ནི་གོ་བར་སླའོ། །གཞན་ཡང་གནས་པར་བྱ་བ་རང་ཉིད་འཇིག་པ་འམ་མི་འཇིག་པ་ཞིག་ཡིན། འདིར་ཡང་རིམ་པ་བཞིན་མི་ནུས་པ་དང་། མི་དགོས་པ་ཉིད་དོ། །སྔར་ནི་གཞན་གྱིས་ཁས་བླངས་པའི་འཇིག་པའི་ཕྱོགས་ཉིད་ལ་རྣམ་པར་བརྟགས་ནས་སྐྱོན་གཉིས་བསྐལ་པ་

ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་རོ། །བསྡུ་བ་ནི་ལྷག་དང་བཅས་པར་བརྗོད་པར་འདོད་དོ། །བརྗོད་པ་དང་དོན་གྱིས་འཕངས་པ་སྡུད་པའི་ཚིགས་སུ་བཅད་པ་དག་གོ་ཞེས་བྱ་བའི་དོན་ཏོ། །དོན་དམ་པར་ནི་ཡུལ་ལ་གནས་པ་ཡུལ་དང་ཕྲད་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡིད་ཀྱིས་ཞེས་བྱ་བའོ། །དེའི་ནི་ཡུལ་

གྱིའོ། །མཚམས་སྦྱོར་བར་བྱེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་སེམས་དཔའ་ཡིན་ནོ་སྙམ་དུ་དགོངས་པའོ། །གལ་ཏེ་རྣམ་པར་རྟོག་པ་མེད་པ་ལ་ཡང་ཡུལ་དང་ཕྲད་པའི་རྣམ་པ་ཙམ་ལས་གཞན་ནི་མེད་དོ་ཞེ་ན། བདེན་ཏེ་རྣམ་པར་རྟོག་པ་མེད་པ་ལ་ནི་ཕྲད་པར་རྣམ་པར་གཞག་པ་རྗེས་སུ་མཐུན་པ་

ཡིན་ཏེ། ཡུལ་དེར་གསལ་བའི་རྣམ་པར་མྱོང་བ་ཡོད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ལ་ནི་དེ་ལྟ་མ་ཡིན་ཏེ། ཡུལ་དང་རྣམ་པ་དག་གི་ཆས་རྗེས་སུ་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དོན་དམ་པར་ནི་ཞེས་བརྗོད་པ་ཡིན་ནོ། །སྒྲོན་མ་དེ་ཉམས་པ་དང་། འཕེལ་བའི་མཚན་ཉིད་དུ་འགྱུར་བའི་ངང་ཚུལ་

གང་ལ་ཡོད་པ་སྟེ། དེ་དག་གི་དངོས་པོ་གང་དག་ཡིན་པའི་ཕྱིར། ཉེ་བར་ལེན་པ་དང་ཉེ་བར་ལེན་པ་ལས་བྱུང་བ་འོད་དང་སྒྲོན་མ་དག་ནི་རྟེན་དང་བརྟེན་པའི་དངོས་པོ་ཡིན་ནོ། །ཅི་ལྟར་དེ་འགྱུར་ན་འགྱུར་བ་ཉིད་འདི་ཉེ་བར་ལེན་པའི་མཚན་ཉིད་སྐྱོན་མེད་པ་ཡིན་པ་དེ་ལྟར་ནི་སྔར་བསྟན་ཟིན་པ་ཉིད་དོ། །ཡང་བཟླས་

Vol. 184 · folio 97b

པ་ནི་ཁྱད་པར་བརྗོད་པའི་དོན་དུ་ཡིན་ནོ། །གལ་ཏེ་བློ་འགའ་དང་ཡང་རྟེན་དང་བརྟེན་པའི་དངོས་པོ་མ་ཡིན་ནམ། དེ་སྟེ་ལུས་ཁོ་ན་དང་མ་ཡིན་སྙམ་དུ་དོགས་ན། བློ་ལ་བརྟེན་པ་ཉིད་ངེས་པར་བྱ་བའི་དོན་དུ་འོལ་སྤྱི་ཙམ་བརྗོད་པ་ན། འོན་ཀྱང་ཞེས་གསུངས་ཏེ། བློ་དང་ཤེས་རབ་ལ་སོགས་པ་ཉིད་

རྟེན་དང་བརྟེན་པའི་དངོས་པོ་ཡིན་ནོ་ཞེས་འབྲེལ་ཏོ། །རྟོགས་པས་ན་བློ་ལ་གོམས་པའི་བདག་ཉིད་ཅན་སྔར་བྱུང་བའི་ཤེས་རབ་དང་བརྩེ་བ་ལ་སོགས་པ་རྟོགས་པའི་ཁྱད་པར་རྣམས་བརྟེན་པ་ཡིན་ནོ། །འདི་ག་ལས་སྙམ་པ་ལས། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །བློའི་བྱེད་པ་ནི་གོམས་པ་ཡིན་

ལ་དེའི་ཁྱད་པར་ནི་འཕེལ་བ་དང་འགྲིབ་པའི་མཚན་ཉིད་དོ། །དེས་ནི་ཤེས་རབ་ལ་སོགས་པ་ཕུལ་བྱུང་དང་། འགྲིབ་པ་དག་ཏུ་འང་འགྱུར་བ་ཡིན་ཏེ་གཉི་ག་མ་ཡིན་པ་འབའ་ཞིག་ཏུ་ནི་མ་ཟད་དོ། །འདི་ཞེས་བྱ་བ་ནི་འཕེལ་བ་དང་འགྲིབ་པའི་རྗེས་སུ་མི་བྱེད་པ་སྟེ། ལུས་དང་སེམས་ལ་སོགས་པའི་ལྟ་

བུའོ། །མར་མེའི་འོད་ལ་སོགས་པ་གང་དག་ཡིན་པ་ནོར་བུའི་འོད་ལ་སོགས་པ་རྣམས་སོ། །འདིས་ནི་འདི་སྐད་ཅེས་བརྟེན་པ་ཉིད་ནི་རྟེན་འཕེལ་བ་དང་འགྲིབ་པའི་རྗེས་སུ་བྱེད་པས་ཁྱབ་པ་ལ་དེ་མེད་པའི་ཕྱིར་ན་ལུས་དང་། ཤེས་རབ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །གལ་

ཏེ་ལུས་འཕེལ་བ་དང་འགྲིབ་པ་ལས་ཀྱང་ཁྱད་པར་དུ་འགྱུར་བ་མཐོང་བ་ཁོ་ན་ཡིན་ནམ། དེ་ཅི་ལྟར་ལུས་རྟེན་མ་ཡིན་ན། དེ་ལས་ཀྱང་ཞེས་གསུངས་པ་སྟེ་ལུས་ལས་སོ། །བློ་སྔ་མ་ཉིད་ཅེས་བྱ་བ་ནི་གོམས་པའི་བདག་ཉིད་ཅན་ནོ། །བློ་ཞེས་བྱ་བ་ནི་ཤེས་རབ་དང་བརྩེ་བ་ལ་སོགས་པའི་བདག་ཉིད་ཅན་

གྱིའོ། །དེས་ན་ཞེས་བྱ་བ་ནི་གང་གི་ཕྱིར་བློ་ལུས་འཕེལ་བ་དང་འགྲིབ་པའི་རྗེས་སུ་མི་བྱེད་པ། དེས་ན་མར་མེའི་འོད་ནི་དཔེ་མ་ཡིན་ཏེ། སྒྲོན་མའི་འཕེལ་བ་དང་འགྲིབ་པའི་རྗེས་སུ་མི་བྱེད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་དཔེར་ན་སྒྲོན་མའི་འོད་སྒྲོན་མ་ཞིག་ན་འཇིག་པ་བཞིན་ནོ་ཞེས་ཅི་སྟེ་བརྗོད། །གལ་ཏེ་

ཞེས་བྱ་བ་ནི་གཞན་གྱིའོ། །གལ་ཏེ་བློ་ནི་བློའི་བྱེད་པའི་ཁྱད་པར་ཉིད་ཀྱིས་བྱས་མོད་དེ་ལྟ་ན་ལུས་ལ་ནི་བརྟེན་པ་ཁོ་ན་སྟེ། དཔེར་ན་མར་མེ་རྣམ་པར་འགྱུར་བ་མེད་ཀྱང་། མར་མེ་དང་ཉེ་བར་གནས་པ་ཙམ་དུ་གྱུར་པའི་སྦྲུལ་ལ་སོགས་པ་དག་གིས་མར་མེའི་འོད་རྣམ་པར་འགྱུར་བ་མ་ཡིན་ཡང་མར་མེ་

Vol. 184 · folio 98a

ལ་བརྟེན་པ་མ་ཡིན་པ་བཞིན་ནོ། །དེས་ན་རྟེན་འཕེལ་བ་དང་འགྲིབ་པ་མེད་ཀྱང་རྟེན་འཕེལ་བ་དང་འགྲིབ་པ་དང་བཅས་པ་མཐོང་བའི་ཕྱིར་ཅི་ལྟར་ན་བརྟེན་པ་ལ་དེའི་རྗེས་སུ་འབྲངས་པར་ཁྱབ་ཅེ་ན། གྲུབ་པའི་མཐའ་མ་ཡིན་ཏེ་ཞེས་བྱ་བའོ། །མར་མེ་ཉིད་རྣམ་པར་འགྱུར་གྱི་

ལུས་ནི་མ་ཡིན་ནོ། །སྦྲུལ་ལ་སོགས་པ་ཉེ་བར་བྱས་པ་དེ་ནིའོ། །དབལ་ཞན་པའི་མཚན་ཉིད་ཅེས་བྱ་བ་ནི་མདངས་ཆུང་བའོ། །མར་ཁུ་ལ་སོགས་པ་རང་གི་ཚོགས་པ་ལས་མར་མེའི་མདངས་གསལ་བའི་རྣམ་པ་དང་ལྡན་པ་ཡིན་ཡང་སྦྲུལ་ལ་སོགས་པ་ཉེ་བ་ཙམ་གྱིས་ཆུང་བར་འགྱུར་བར་མཐོང་བ་ཉིད་དོ། །

འདིར་ཅི་ཞིག་བརྗོད་པར་བྱ་ཞེ་ན། སྦྲུལ་ལ་སོགས་པ་ཉེ་བས་ཀྱང་མར་མེའི་ཚོགས་པ་རྣམ་པར་འགྱུར་བ་མ་དམིགས་པའི་ཕྱིར། ཅི་ལྟར་མར་མེའི་རྣམ་པར་འགྱུར་ཞེས་བྱ་བ་འབའ་ཞིག་བརྗོད་པར་བྱ་བ་ཡིན་ནོ། །འདི་ལ་ཡང་བརྗོད་པ་ནི་གལ་ཏེ་ཚོགས་པ་དེའི་རྣམ་པར་འགྱུར་བ་མངོན་སུམ་གྱིས་ངེས་

པ་མ་ཡིན་པ་དེ་ལྟ་ན་སྒྲོན་མ་འགྱུར་བར་མཐོང་བ་ལས་དེ་རྗེས་སུ་དཔོག་པ་ལ་འགལ་བ་ཅི་ཡོད། རྒྱུ་རྣམ་པར་མ་འགྱུར་བར་ནི་འབྲས་བུ་རྣམ་པར་འགྱུར་བ་མི་མཐོང་བའི་ཕྱིར་རོ། །སྐབས་སུ་བབ་པ་རྣམ་པར་འགྱུར་བ་ཅན་གྱི་འོད་སྐྱེད་པར་བྱེད་པ་མར་མེའི་རྣམ་པར་འགྱུར་བ་ནི་མ་འཁྲུལ་བའི་མངོན་སུམ་གྱིས་

ངེས་པར་བཟུང་བ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་མར་མེའི་རྣམ་པར་འགྱུར་བ་དབལ་ཞན་པའི་མཚན་ཉིད་ཀྱིས་སོ། །རྣམ་པ་གཞན་དུ་ཞེས་བྱ་བ་ནི་མི་གསལ་བའི་རང་བཞིན་དུའོ། །གལ་ཏེ་ལུས་རྣམ་པར་འགྱུར་བས་ཀྱང་སེམས་རྣམ་པར་འགྱུར་བར་འགྱུར་རོ། །དེས་ན་མར་

མེའི་འོད་དཔེར་མི་འགལ་ལོ་སྙམ་ན། བློའི་ཞེས་གསུངས་སོ། །དཔེར་ན་མར་མེའི་འོད་རྣམ་པར་འགྱུར་བའི་དུས་ན་རྒྱུ་རྣམ་པར་འགྱུར་བའི་སྒོ་ནས་སྦྲུལ་ལ་སོགས་པས་མར་མེའི་རྣམ་པར་འགྱུར་བར་བྱས་པར་མཐོང་བ་དེ་བཞིན་དུ་བློའི་བྱེད་པ་གོམས་པའི་མཚན་ཉིད་དང་། ཤེས་རབ་ལ་སོགས་

པའི་བློ་དེ་དག་ཐ་དད་པ་དེའི་དུས་ན་ནི་ལུས་ཀྱི་རྣམ་པར་འགྱུར་བ་མཐོང་བ་མེད་དོ། །དེས་ན་མར་མེའི་འོད་དཔེར་ཅི་ལྟར་འགྱུར་སྙམ་དུ་བསམས་པའོ། །དེ་ལས་ཀྱང་འདི་ཞེས་བྱ་བ་བཤད་པའི་ཕྱིར་གལ་ཏེ་ཞེས་སྨོས་སོ། །དེས་ན་ལུས་ཞེས་བྱ་བ་ནི་གཉི་ག་ལྟར་ཡང་དོན་གཅིག་ཁོ་ནའོ་སྙམ་དུ་

Vol. 184 · folio 98b

བསམས་པའོ། །འདི་ལྟར་གཞན་ཙམ་ནི་རྟེན་དུ་མི་འདོད་དེ། གཞིའི་ལུས་གཅིག་ཞིག་ན་ལུས་གཞན་གྱི་གཞི་དང་འགྲེལ་པ་མི་འགལ་བའི་ཕྱིར་རོ། །ཆོས་ཅན་གྱི་དངོས་པོར་བརྟགས་པ་ཙམ་ནི་རྟེན་ཉིད་དུ་འདོད་པ་ཡང་མ་ཡིན་ཏེ། ལུས་ལས་ཐ་དད་པའི་བློའི་སྤྱོད་ཡུལ་ཡིན་པས་བློ་ནི་

ཆོས་ཙམ་གྱིས་སྟོང་པའི་ཕྱིར་རོ། །དེས་ན་ཉེ་བར་ལེན་པའི་རྒྱུ་ཉིད་ལ་རྟེན་དུ་འདོད་པས་ན་དོན་ཐ་མི་དད་དོ། །ཤེས་རབ་ལ་སོགས་པ་དེར་ཡང་ངོ་། །སེམས་ལ་ཕན་འདོགས་པ་ཉིད་ཀྱི་སྒོ་ནས་ལུས་རྣམ་པར་འགྱུར་བར་བྱེད་པ་ཡིན་ནོ། །ཞེས་བྱ་བ་འདི་ཡང་ག་ལས་ཤེ་ན་གང་དུ་ཞེས་གསུངས་སོ། །

བཅུད་ཀྱིས་ལེན་ལ་སོགས་པའི་རྒྱུས་ལུས་རྒྱས་པས་སོ། །འགའ་ཞིག་ཅེས་བྱ་བ་ནི་ཐམས་ཅད་མ་ཡིན་པའོ། །འགའ་ཞིག་དུ་ཞེས་བྱ་བ་ནི་བསྟན་བཅོས་དང་བཟོ་ལ་སོགས་པ་འགའ་ཞིག་དུ་ཡིན་གྱི་ཐམས་ཅད་ལ་ནི་མ་ཡིན་པའོ། །འདི་ཡང་ཅི་ལྟར་ཡིན་ཏེ། གང་གི་ཕྱིར་བཅུད་ཀྱིས་ལེན་ལ་སོགས་པ་ཟོས་

པ་ལས་བསྟན་བཅོས་ལ་སོགས་པ་ཤེས་པ་སྔ་ན་མེད་པ་ཉིད་སྐྱེ་བ་ཡིན་ནོ་སྙམ་ན། དེ་ལྟ་མ་ཡིན་ན་ཞེས་གསུངས་སོ། །གལ་ཏེ་ཅི་ལྟར་འདུས་བྱས་པ་ལ་སོགས་པར་འགྱུར་བ་སད་པ་ལས་ཤེས་རབ་ལ་སོགས་པའི་ཁྱད་པར་དུ་འགྱུར་བ་མ་ཡིན་གྱིས། འོན་ཀྱང་བསྟན་བཅོས་ལ་སོགས་པ་ཤེས་པ་སྔ་ན་མེད་པ་

ཁོ་ན་སྐྱེ་བ་ཡིན་ནོ། །དེའི་ཚེ་བཅུད་ཀྱིས་ལེན་ཟོས་པར་འདྲ་བའི་ཕྱིར་སྐྱེས་བུ་ཐམས་ཅད་བསྟན་བཅོས་དང་བཟོ་ལ་སོགས་པ་ཐམས་ཅད་ལ་ཤེས་རབ་མཚུངས་པར་ཐལ་ལོ། །དེ་ལྟ་ཡང་མ་ཡིན་ཏེ། དེས་ན་ཤེས་རབ་ལ་སོགས་པའི་ཁྱད་པར་ནི་འདུས་བྱས་པས་ཇི་ལྟར་གྱུར་པ་སད་པ་ཉིད་ལས་ཡིན་ནོ། །དེས་ན་སེམས་

ལས་ཕན་གདགས་པ་ཉིད་ཀྱི་སྒོ་ནས་ལུས་རྣམ་པར་འགྱུར་བར་བྱེད་པ་ཡིན་ནོ། །འདི་ཉིད་ཁྱད་པར་གྱི་མཐར་ཐུག་པར་བྱས་ནས་སྟོན་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ལོག་ཅེས་བྱ་བ་ནི་བཀྲེས་པ་ལོག་པ་ནའོ། །དེའི་ཞེས་བྱ་བ་ནི་སྔར་བཀྲེས་པས་གནོད་པར་གྱུར་པའིའོ། །འདི་ཅིའི་ཕྱིར་སྙམ་དུ་

དོགས་ན། བཤད་མ་ཐག་པའི་ཐལ་བ་ཉིད་བརྗོད་པ་ནི་བཅུད་ཀྱིས་ལེན་དང་། དེས་བྱས་པའི་འབྲངས་པ་ཡང་མཚུངས་པའི་ཕྱིར་རོ། །གལ་ཏེ་བསྟན་བཅོས་ལ་སོགས་པ་གོམས་པ་ཇི་ལྟ་བ་བཞིན་དྲན་པར་མི་འགྱུར་བ་ཉིད་ཀྱི་འོན་ཀྱང་བསྟན་བཅོས་ལ་སོགས་པ་ཤེས་པ་སྔ་ན་མེད་པ་ཉིད་འབྱུང་བ་ཡིན་ན། དེའི་

Vol. 184 · folio 99a

ཚེ་བཅུད་ཀྱིས་ལེན་དེ་ལས་བསྟན་བཅོས་སམ་སྐྱེས་བུ་ཐམས་ཅད་འཆད་པར་འགྱུར་རོ་ཞེས་བྱ་བ་ནི་ཐལ་བའོ། །གང་གི་ཕྱིར་ཐམས་ཅད་ལ་བཤད་པའི་ནུས་པ་མེད་པའི་གཏན་ཚིགས་དེས་ན་ངེས་སོ་ཞེས་འབྲེལ་ཏོ། །ནིའི་སྒྲ་ཡན་ཆོད་ནི་ངེས་པའི་རྣམ་པའོ། །ནིའི་སྒྲ་ནི་

གསལ་བའི་དོན་ཏེ་ངེས་པར་གསལ་བ་ཡིན་ནོ་ཞེས་བྱ་བའོ། །འདིས་ནི་འབད་མི་དགོས་པར་འཇིག་རྟེན་ཕ་རོལ་གྲུབ་པར་གྱུར་ཏོ་ཞེས་སྟོན་པའོ། །གང་ཞིག་ལ་ཐམས་ཅད་ལ་སྐྱེ་བ་གཞན་དུ་གོམས་པ་ཡོད་པ་དེ་ནི་བཅུད་ཀྱིས་ལེན་ལ་སོགས་པ་ཟོས་པར་ཁྱད་པར་མེད་པར་ཤེས་རབ་ཐམས་ཅད་ལ་འགྱུར་

བ་ཡིན་ནོ་ཞེས་སྟོན་པ་ནི་གང་ལ་ཞེས་བྱ་བའོ། །ཐམས་ཅད་ལ་གོམས་པ་དང་ལྡན་པ་དེའི་ཤེས་རབ་ནི་ཐམས་ཅད་ལ་ཁྱད་པར་མེད་པར་འགྱུར་རོ་ཞེས་སྦྱར་རོ། །འདི་ནི་མངོན་པར་འདོད་པའི་ཐམས་ཅད་མཁྱེན་པ་ཉིད་འོལ་སྤྱི་སྟོན་པའོ། །འདིར་ཡང་སྔ་མ་བཞིན་བཟློག་པ་སྐྱོན་བརྗོད་པ་ནི། དེ་ལྟ་མིན་

ན་ཞེས་བྱ་བའོ་ཐམས་ཅད་རིག་པ་ཞེས་བྱ་བ་ནི་དངོས་པོའི་རྣམ་པ་མ་ལུས་པ་རིག་པའོ། །སྐབས་སུ་བབ་པ་ཙམ་ཐམས་ཅད་རིག་པ་ལས་སྔོན་གོམས་པ་ཉིད་ངེས་པ་ཡིན་ནོ། །དེས་ན་ཤེས་རབ་ལ་སོགས་པའི་ཁྱད་པར་ནི་ལུས་ཀྱིས་རྒྱུ་ཅན་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །གལ་ཏེ་ཤེས་རབ་ལ་སོགས་

པའི་བློའི་ཁྱད་པར་ཡིན་ནོ་ཞེས་ཅི་སྟེ་བརྗོད། འདི་ལྟར་བློ་ནི་དེ་དག་ལས་ཐ་དད་པ་ཁོ་ན་ཡིན་པའི་ཕྱིར་རོ། །དེ་དག་ལུས་ཀྱི་རྒྱུ་ཅན་ཡིན་པ་བཀག་ཀྱང་གོམས་པའི་མཚན་ཉིད་ཀྱི་བློ་སྔོན་དུ་འགྲོ་བ་ཅན་དུ་མ་གྲུབ་པའི་ཕྱིར་སྔོན་གྱི་ངེས་པར་བྱེད་པའི་རྒྱུར་ཅི་ལྟར་འགྱུར་ཞེས་བྱ་བའི་དོགས་པ་ཞེ་ལ་བསྡོགས་ནས། རེ་

ཞིག་ཤེས་རབ་ལ་སོགས་པ་བློའི་རང་བཞིན་དུ་བསྟན་པའི་ཕྱིར་ན་བཤད་པ་ནི་མངོན་སུམ་ཞེས་བྱ་བའོ། །འདི་ནི་རྟོག་མེད་ཀྱི་ཤེས་པ་ཉེ་བར་མཚོན་པ་ཙམ་མོ། །དེ་ལས་གཞན་པའི་ཤེས་པ་མཐའ་དག་ནི་དྲན་པ་ཡིན་ཏེ། བཟུང་ཟིན་པ་འཛིན་པའི་ཕྱིར་རོ། །དེ་ལྡན་ན་ཕུང་པོ་གཉིས་སོ། །མངོན་སུམ་

དང་དྲན་པ་གཉིས་ཁོ་ན་བློ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་ཤེས་རབ་ལ་སོགས་པ་ཅི་ལྟར་བློའི་རང་བཞིན་ཉིད་ཡིན་སྙམ་ན། ཤེས་རབ་ཡིད་གཞུངས་ལ་སོགས་ཀྱི། །དབྱེ་བ་དྲན་པ་རབ་རྟོགས་ལས། །ཞེས་གསུངས་ཏེ། རབ་ཏུ་རྟོགས་པའི་དྲན་པ་གང་ཡིན་པ་དེ་ལས་གཞན་ཡོད་པ་མ་

Vol. 184 · folio 99b

ཡིན་ནོ་ཞེས་འབྲེལ་ཏོ། །དྲན་པ་ནི་ཤེས་རབ་དང་ཡིད་གཞུངས་པ་ལ་སོགས་པའི་བྱེ་བྲག་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བརྩེ་བ་ལ་སོགས་པ་རྣམས་དྲན་པའི་རང་བཞིན་ཡིན་མོད། ཤེས་རབ་དང་ཡིད་གཞུངས་པ་གཉིས་གོ་ཅི་ལྟར་ཞེ་ན། ཅི་བཞིན་དྲན་པ་ཞེས་གསུངས་སོ། །ཤེས་

རབ་འཆལ་པ་ཡང་ཤེས་རབ་ཀྱི་སྐབས་སུ་བསྟན་པ་ནི་དེ་ཡང་གོམས་པའི་རྒྱུ་ཅན་ཁོ་ན་ཡིན་ནོ་ཞེས་བསྟན་པའི་དོན་དུའོ། །འོ་ན་འདི་གཉིས་ཇི་ལྟར་འཐད་སྙམ་ན། དེ་ལ་ཞེས་གསུངས་ཏེ་ཤེས་རབ་དང་ཡིད་གཞུངས་པ་ལའོ། །དབྱེ་བ་གང་ཞེ་ན། སྔོན་གྱི་ཞེས་གསུངས་སོ། །སྔོན་གྱི་འདུ་བྱེད་ཙམ་ལས་

ཞེས་བྱ་བ་ནི་སློབ་པའི་འབད་པ་ལ་མི་ལྟོས་པར་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྐྱེ་བ་འདི་ལ་མ་གོམས་པའི་གཞལ་བྱ་རང་ཉིད་དཔྱོད་པ་ནི་ཤེས་རབ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་འབད་པ་ལ་སོགས་པས་སྔ་ན་མེད་པའི་གཞལ་བྱ་ངེས་པ་འགོག་པ་མ་ཡིན་ནོ། །འོན་ཀྱང་དེ་ནི་བློ་ཙམ་ཡིན་

གྱི་ཤེས་རབ་ནི་མ་ཡིན་ནོ། །རིགས་གང་གིས་ཞེས་བྱ་བ་ལ་སོགས་པ་ཚིག་རྐང་གསུམ་གྱིས་ནི་ཡིད་གཞུངས་པའི་རང་བཞིན་ཡང་བརྗོད་པ་ཡིན་ནོ། །དེ་ཞེས་ལྐོག་ཏུ་གྱུར་པ་རྗོད་པར་བྱེད་པས་ནི་སྔོན་གྱི་གོམས་པ་འཕངས་སོ། །དྲན་པའི་རྗེས་འབྲངས་པ་ཉིད་ཀྱིས་ཞེས་བྱ་བ་ནི་བདག་གིས་ནི་དེ་ལྟར་ཐོས་པ་འམ་

རྟོགས་པ་ཡིན་ནོ་ཞེས་སྒྲ་འམ་དོན་ངེས་པ་ནི་ཡིད་གཞུངས་པའོ། །ཤེས་རབ་ནི་ཤིན་ཏུ་བརྗོད་པ་རང་ཉིད་འཇིག་པར་བྱེད་པའི་རྣམ་པ་ཡིན་པའི་ཕྱིར་ཐ་དད་དོ། །དེ་ལྟར་བློའི་རང་བཞིན་ཡིན་མོད། དེ་ལྟ་ན་ཡང་འདི་ལས་སྔར་གོམས་ཅི་ལྟར་ངེས་ཏེ། དེ་མེད་ཀྱང་འབྱུང་བའི་ཕྱིར་རོ་སྙམ་དུ་དོགས་ན། གོམས་དང་

ཞེས་གསུངས་སོ། །འདི་ནི་ཤེས་རབ་འཆལ་པ་དང་། ཡིད་གཞུངས་པ་དང་། དད་པ་དང་། བརྩེ་བ་ལ་སོགས་པ་རྣམ་པ་གཉིས་ཀྱིས་ཉེ་བར་མཚོན་པ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། ཤེས་རབ་ལ་སོགས་པ་གོམས་པ་མེད་པར་མི་འབྱུང་བ་ཞེས་བྱ་བ་ནི་མངོན་སུམ་དང་མི་དམིགས་པ་དག་ལས་ངེས་པ་ཡིན་

ནོ། །དེས་ན་དེ་དག་གི་སྔོན་གྱི་གོམས་པ་ལ་མི་འཁྲུལ་པ་ཁོ་ནའོ། །རྣམ་པ་གཞན་གྱིས་ཀྱང་ཤེས་རབ་དང་ཡིད་གཞུངས་པ་གཉིས་ཀྱི་ཁྱད་པར་བརྗོད་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །སོ་སོ་སོ་སོར་བཟུང་བའི་དོན་རྣམས་རང་བཞིན་དེ་ཉིད་ཀྱི་དེ་བཞིན་དྲན་པ་གང་ཡིན་པ་དེ་ནི་ཡིད་གཞུངས་པ་ཡིན་པར་བརྗོད་

Vol. 184 · folio 100a

ལ། དེ་ཉིད་ཞེས་བྱ་བ་སོ་སོ་སོ་སོར་བཟུང་བའི་དོན་དེ་དག་ཉིད་དོན་གཅིག་ལ་ཉེ་བར་སྦྱོར་བའི་དྲན་པ་གང་ཡིན་པ་དེ་ནི་ཤེས་རབ་ཡིན་པར་བརྗོད་དོ། །ཅི་ལྟར་ཞེ་ན། ཁྱད་པར་ཅན་དུ་ནི་སྟེ། ཡིད་གཞུངས་པའི་རང་བཞིན་ལས་འཕགས་པའི་ཁྱད་པར་གྱིས་ཁྱད་པར་ཅན་དུའོ། །འདི་

ལྟར་ཡིད་གཞུངས་པ་དང་ལྡན་པ་གཞན་གྱིས་བརྗོད་པའི་གཞུང་དཀའ་བ་ལ་སོགས་པ་ལ། དེའི་དོན་རྟོགས་པ་མེད་ཀྱང་ཚིག་དེ་དག་དེ་ཁོ་ན་ལྟར་དྲན་པ་ཡིན་ལ། ཤེས་རབ་དང་ལྡན་པས་ནི་དོན་གཅིག་ལ་ཉེ་བར་སྡུད་པར་སྦྱོར་བར་མཐོང་བ་ཡིན་ནོ། །ཤེས་རབ་དེ་ཡང་གོམས་པ་མེད་པར་མི་འབྱུང་ཞེས་

སྟོན་པ་ནི། གོམས་པ་མེད་པར་ཞེས་བྱ་བའོ། །དེ་ལྟར་རང་གི་ངོ་བོ་བསྟན་ཏེ། མི་འཁྲུལ་བ་ཡང་བསྟན་ནས། མཇུག་སྡུད་པས་གོམས་པ་རྗེས་སུ་དཔོག་པར་བྱེད་པ་སྟོན་པ་ནི། དེས་ནི་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་རང་གི་ངོ་བོ་མ་གྲུབ་པ་ལ་སོགས་པ་ཉེས་པ་མེད་ན། དེ་ཡི་རིགས་ཅན་དོན་

གྱིས་ནི། །སྔོན་གྱི་གོམས་པ་རྗེས་དཔོག་བྱེད། །ཅེས་བྱ་བ་ལ། དེའི་རིགས་ཅན་ཡང་ཡིན་ལ་དོན་དེ་འབྲས་བུ་འང་ཡིན་པ་དེ་ལས་ཏེ། གོམས་པས་བསྐྱེད་པ་སྦྱོར་བར་བྱེད་པའི་རིགས་མཐུན་པ་ལས་སོ། །སྦྱོར་བ་བྱེད་པའི་མཚན་ཉིད་ཀྱི་འབྲས་བུ་ལས་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་

ཡིད་གཞུངས་པ་དང་དད་པ་ལ་སོགས་པ་ལས་ཀྱང་ངོ་། །དེས་ནི་དོན་གྱིས་དེའི་རིགས་ཅན། སྔོན་གྱི་གོམས་པ་རྗེས་དཔོག་བྱེད། །ཅེས་འདོན་པར་ནི་གོ་བར་སླའོ། །ད་ནི་ལྷག་པ་བརྗོད་པའི་དོན་དུ་ཤེས་རབ་ལ་སོགས་པ་རྣམས་བློའི་ཁྱད་པར་དུ་བསྒྲུབས་ལ། གཞན་གྱི་དོགས་པའི་གོ་སྐབས་བསུ་

བ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ལུས་ལས་བློ་མི་སྐྱེད་ན་དེའི་ཚེ་ལུས་དེའི་རྗེས་སུ་བྱེད་པར་མི་འགྱུར་རོ། །ལུས་རྒྱས་པ་ལས་འདོད་ཆགས་འཕེལ་བ་དང་། ཟད་པ་ལས་ཞེ་སྡང་འཕེལ་བ་གང་ཡིན་པ་དེ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དུས་འགའི་ཚེ་ཡིན་གྱི།

དེ་ཁོ་ན་ཡིད་ལ་བྱེད་པའི་བག་ཆགས་དང་འབྲེལ་བའི་དུས་ན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་རྒྱང་འཕན་པས་བརྗོད་པ་བདེ་བ་དང་སྡུག་བསྔལ་ལས་སྐྱེས་པའི་འདོད་ཆགས་ལ་སོགས་པ་འཕེལ་བ་གང་ཡིན་པ་དེ་ཡང་རེས་འགའ་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་འདི་ནི་འགྲེལ་པར་

Vol. 184 · folio 100b

གསལ་བར་བྱེད་པར་འགྱུར་རོ། །བདེ་བ་ལ་སོགས་པ་ཡང་གལ་ཏེ་ལུས་ལས་ཡིན་པ་དེའི་ཚེ་ཡང་ལུས་ཉིད་ཀྱི་ནུས་པ་ཡིན་ནོ་སྙམ་ན། གང་ཡང་ཞེས་གསུངས་ཏེ། བདེ་བ་དང་སྡུག་བསྔལ་ལོ། །ཁམས་སྙོམས་པ་དང་མ་སྙོམས་པ་ལ་སོགས་པ་ནང་གི་དོན་ཏོ་ཡུལ་དེ་ཉིད་ལས་སྐྱེ་བ་ཡིན་

ནོ་ཞེས་བྱ་བ་ནི་ལྷག་མའོ། །དེས་ན་ལུས་ནུས་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །བུ་ལ་སོགས་པའི་ཡུལ་ཉེ་བ་ལས་སྐྱེས་པའི་བདེ་བ་ལ་སོགས་པ་ནི་ལུས་ཀྱི་ནུས་པ་མ་ཡིན་ནོ། །དེ་ལ་འགའི་ཚེ་ཞེས་བྱ་བ་ལ་སོགས་པ་རེ་ཞིག་རྣམ་པར་འགྲེལ་པ་ནི། རྒྱས་པ་ལ་སོགས་པ་ཞེས་བྱ་བའོ། །

ཚུལ་ནི་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དོ། །བཞིན་ཞེས་བྱ་བ་ནི་རྟོགས་པ་སྟེ། ངེས་པར་རྟོགས་པས་སྟེ་དེས་ན་ཚུལ་བཞིན་ནོ། །གང་གིས་དེ་ལྟར་བརྗོད་པ་དེ་ལྟ་བུ་འགའ་ཞིག་མཐོང་ངམ་ཅི་སྙམ་ན། གང་ཞིག་ཅེས་གསུངས་སོ། །བདེ་སྡུག་ནི་འཕེལ་བར་འགྱུར་རོ་སྙམ་དུ་བསམས་པའོ། །རྒྱུད་

ཀྱང་རང་བཞིན་གྱིས་བརྩེ་དང་ལྡན་པ་ལ་ནི་བརྩེ་བ་ཉིད་འབྱུང་ལ། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ཤས་ཆེ་བ་ལ་ནི་འདོད་ཆགས་འབྱུང་གི་སྡང་བ་ལ་ནི་མ་ཡིན་ནོ། །དེས་ན་རྒྱས་པ་ལ་སོགས་པ་འཕེལ་བའི་རྗེས་སུ་མི་བྱེད་པའི་ཕྱིར་ན། འདོད་ཆགས་ལ་སོགས་པ་ནི་རྒྱས་པ་ལ་སོགས་པའི་རྒྱུ་

ཅན་མ་ཡིན་ནོ་སྙམ་དུ་དགོངས་པའོ། །འོ་ན་བདེ་བ་དང་སྡུག་བསྔལ་དག་ནི་རྒྱུར་འགྱུར་ཏེ། བརྒྱུད་ནས་ལུས་ཀྱི་རྒྱུར་མི་འགལ་བའི་ཕྱིར་རོ་སྙམ་དུ་དོགས་པ་ལ། འདོད་ཆགས་ལ་སོགས་པའི་བདེ་བ་དང་སྡུག་བསྔལ་ལས་སྐྱེས་པར་འཇིག་རྟེན་རྒྱང་འཕན་པས་བརྗོད་པའོ། །དེས་ཅི་ལྟར་བརྗོད་ཅེ་

ན་བདེ་བ་མྱོང་ན་ནི་ཞེས་བྱ་བའོ། །འདི་ལས་བདེ་བ་སྐྱེས་པ་ཡོད་པ་ནི་བདེ་བ་སྟེ། ལྡོག་པའི་ཐ་དད་པ་བརྟགས་པས་སོ། །ཡང་ན་བདེ་བ་དང་ལྡན་པའི་དངོས་པོ་ནི་བདེ་བ་སྟེ། རང་རིག་པའི་སྟོབས་ཀྱིས་བདེ་བར་ཐ་སྙད་བྱེད་པའོ། །དེ་བཞིན་དུ་སྡུག་བསྔལ་བར་གྱུར་པ་ཡང་རྟོགས་པར་བྱའོ། །རྗེས་སུ་

འབྲེལ་པ་ནི་ལྡན་པའོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་བདེ་བ་དང་སྡུག་བསྔལ་བ་ལས་སྐྱེས་པ་ཡང་བརྗོད་པ་ཡིན་ནོ། །འཇིག་རྟེན་རྒྱང་འཕེན་པའི་ལུགས་ལ་བརྟེན་པ་ཉིད་ཀྱིས་ཞེ་སྡང་སྡུག་བསྔལ་ལས་སྐྱེས་པར་གཞན་དག་གི་དོགས་པ་བསུ་བ་ནི། བདེ་བ་ན་ནི་ཞེས་བྱ་བའོ། །དེ་ཉིད་ཀྱིས་ཞེས་བྱ་བ་

Vol. 184 · folio 101a

ནི་བདེ་བ་དེ་ཉིད་ཀྱིས། སྔོན་གྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་སད་པ་ཡིན་ནོ། །བདེ་བ་ནི་སྔོན་གྱི་དེ་ཉིད་ཀྱིས་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་སད་པར་འགྱུར་བ་ཡིན་ནོ་ཞེས་འདོན་པ་དེར་ནི་བདེ་བའི་རྒྱུན་ལ་ལྟོས་ནས་སྔར་བྱུང་བའི་སྔོན་གྱི་བདེ་བ་དེ་ཉིད་ཀྱིས་ཚུལ་བཞིན་

མ་ཡིན་པའི་ཡིད་ལ་བྱེད་པ་སད་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་བདེ་བ་ན་འདོད་ཆགས་རྗེས་སུ་འབྲེལ་པ་ཞེས་བྱ་བ་ནི་འཐད་པ་ཡིན་ན། སྡུག་བསྔལ་བ་ལ་གོ་ཞེ་སྡང་རྗེས་སུ་འབྲེལ་བར་འགྱུར་ཞེས་བྱ་བ་ནི་ལྷག་མའོ། །ཞེ་སྡང་འབྱུང་བ་ཅི་ལྟར་འཐད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ལ་འཇིག་རྟེན་རྒྱང་

འཕེན་པའི་ལན་བརྗོད་པ་ནི། སྡུག་བསྔལ་བ་ནི་ཞེས་བྱ་བའོ། །སྡང་བ་ཉིད་དེ་ཆགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བདེ་བ་དང་སྡུག་བསྔལ་བ་ལས་སྐྱེས་པར་བརྗོད་པ་ཡིན་ནོ། །རེས་འགའ་ཞེས་བྱ་བའི་དོན་ཉིད་གསལ་བར་བྱེད་པས་འདི་ཡང་སུན་འབྱིན་པ་ནི་འདིར་ཞེས་བྱ་བའོ། །གང་

ཡང་ཞེས་བྱ་བ་ནི་འདིར་ཞེས་བྱ་བ་དེ་དང་འབྲེལ་ཏོ། །འདོད་ཆགས་དང་ཞེ་སྡང་དག་རིམ་པ་བཞིན་བདེ་བ་དང་སྡུག་བསྔལ་ལས་སྐྱེས་པ་ཞེས་བྱ་བ་འདི་ལ་ངེས་པ་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པར་བྱའོ། །ཅིའི་ཕྱིར་དེ་ལྟ་མ་ཡིན་སྙམ་ན། ཡིད་སྡུག་བསྔལ་ན་ཡང་ཞེས་གསུངས་སོ། །སོ་སོར་ཏེ་སྟོབས་

ཀྱིས་ཡང་དག་པར་རྟོགས་ཤིང་གསལ་བ་ནི་སོ་སོར་རྟོགས་པ་སྟེ་དེ་དང་ལྡན་པའོ། །རང་གི་སྡུག་བསྔལ་རྒྱུར་གྱུར་པས། གནོད་པར་བྱེད་པའི་སྡུག་བསྔལ་རྣམ་པ་དུ་མ་འབྱུང་བར་འགྱུར་བ་རྣམས་ཡིད་ཆེས་པའི་ལུང་ལས་རྗེས་སུ་དཔག་པ་གང་ཡིན་པ་དེ་ལས་གནོད་པ་བྱེད་པ་ལ་རྩ་བ་ཉིད་སྐྱེ་བར་འགྱུར་གྱི་

སྡང་བ་ནི་མ་ཡིན་ནོ། །ཆགས་པ་ཡང་ཞེས་བྱ་བ་ནི་གནོད་པ་བྱེད་པ་ལ་བརྩེ་བ་འབའ་ཞིག་ཏུ་མ་ཟད་དེ། འོན་ཀྱང་སྡུག་བསྔལ་ཕྱིར་གཞིལ་བའི་རྒྱུ་ལ་ཆགས་པར་ཡང་འགྱུར་རོ། །སོ་སོར་རྟོག་པ་དང་བྲལ་ཡང་འགའ་ཞིག་རང་བཞིན་གྱིས་བཟང་བས་ན་སྡང་བ་ཤས་ཆུང་བ་ནི་སྡུག་བསྔལ་ཕྱིར་

གཞིལ་བར་བྱེད་པ་ལ་མོད་ལ་ཆགས་པས་སྡུག་བསྔལ་སྐྱེ་བ་སེལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་བདེ་བར་གྱུར་བ་རིག་པ་ན་ཡང་། མི་སྡུག་པ་བསྒོམ་པ་དང་རྗེས་སུ་འབྲེལ་པས་ཞེ་སྡང་བ་དང་། འདོད་ཆགས་ཆུང་བར་འགྱུར་བ་ཡང་བསྟན་པ་ཡིན་ནོ། །དེས་ན་བདེ་བ་ལ་སོགས་པ་

Vol. 184 · folio 101b

འཕེལ་བ་དང་འགྲིབ་པའི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །དེ་དག་ཀྱང་རྒྱུ་མ་ཡིན་པ་ཁོ་ནའོ། །དེས་ན་ལུས་བརྒྱུད་ནས་རྒྱུར་ཅི་ལྟར་འགྱུར་སྙམ་དུ་དགོངས་པའོ། །གལ་ཏེ་གཉི་ག་ལྟར་ལུས་རྒྱུ་ཉིད་མ་ཡིན་ན། འོ་ན་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་དེ་ལྟར་སྐྱེ་བ་མ་ཡིན་སྙམ་

པ་ལ་ལུས་རྟེན་དུ་གྱུར་པས་ཞེས་གསུངས་སོ། །ཉེ་བར་ལེན་པར་གྱུར་པས་ནི་མ་ཡིན་ནོ། །དེའི་ཚེ་ཉེ་བར་གནས་པ་ཙམ་གྱིས་ཤེས་པའི་ཡུལ་ཡིན་ནོ། །གལ་ཏེ་ལུས་ཡུལ་དུ་གྱུར་པ་ཡང་བདེ་བ་ལ་སོགས་པའི་སྐྱེད་བྱེད་ཡིན་པའི་བློའི་རྟེན་ཅི་སྟེ་མ་ཡིན་སྙམ་ན། ཡུལ་ནི་བདེ་བ་ལ་སོགས་པ་ཞེས་

གསུངས་སོ། །བདེ་བ་དང་སྡུག་བསྔལ་དེ་དག་གིའོ། །དེའི་ཚེ་ཉེ་བར་གནས་པའི་ཡུལ་ནི་ཕྱི་དང་ནང་མཚུངས་ཏེ་དེའི་ཕྱིར་བདེ་བ་ལ་སོགས་པའི་ཡང་རྟེན་མ་ཡིན་ན་དེའི་སྒོ་ནས་སེམས་ཀྱི་རྒྱུན་གྱི་རྟེན་དུ་ལྟ་འགྱུར་རེ་ཡང་སྐན། གང་གི་ཕྱིར་དེ་ལྟར་ནང་དང་ཕྱིའི་ཡུལ་མཚུངས་པའི་གཏན་ཚིགས་དེས་ན་

ནང་འབའ་ཞིག་རྟེན་དུ་འགྱུར་བར་མ་ཟད་དོ། །མེ་ཏོག་ཕྲེང་དང་ཙནྡན་ལ་སོགས་པ་ཕྱི་རོལ་ཡང་རྒྱུ་ཉིད་དུ་ཐལ་བར་འགྱུར་རོ། །འགྱུར་ན་རག་མོད་སྙམ་ན། འདོད་པ་ནི་མ་ཡིན་ཏེ་ཞེས་གསུངས་ཏེ། གཞན་གྱིས་ཀྱང་ཕྱི་རོལ་ཏུ་ཉེ་བར་ལེན་པ་ཉིད་དུ་མི་འདོད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་བདེ་བ་

ལ་སོགས་པ་ནི་ཐམས་ཅད་ཀྱི་ཚེ་ནང་དོན་གྱིས་ཉེ་བར་བསྟན་པ་ཉིད་དུ་སྐྱེ་བའི་ཕྱིར། ཕྱི་རོལ་ཡང་ཉེ་བར་ལེན་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་ཅི་སྟེ་བརྗོད་སྙམ་ན། གང་གི་ཚེ་ཞེས་གསུངས་སོ། །འོན་ཏེ་ཞེས་ནང་གི་ཡན་ལག་ཉིད་དུ་ཉེ་བར་གནས་པ་ཅི་ལྟར་དམིགས་པ་མ་ཡིན་སྙམ་ན། སྙིང་དུ་སྡུག་པ་

མཐོང་བ་ལ་སོགས་པ་ཞེས་གསུངས་སོ། །གང་གིས་ནང་གི་དོན་མྱོང་བར་བྱེད་པ་ཡང་མི་མཐུན་པར་སྐྱེ་བར་འགྱུར་བ། ཕྱི་རོལ་འགའ་ཞིག་ལ་ཡང་དེ་འདྲ་བར་ཆགས་པར་འགྱུར་བ་ཡིན་ནོ། །དེ་ལ་བརྟེན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ནང་གི་དོན་ཏོ། །ཉེ་བར་ལེན་པ་མ་ཡིན་ཏེ། དེ་ལྟ་ན་ནི་ཕྱི་རོལ་ཡང་རྟེན་ཉིད་དུ་

ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་དུ་དགོངས་པའོ། །དེ་ལྟ་ཡིན་ལ་རག་མོད་སྙམ་ན། ཡུལ་ནི་ཞེས་གསུངས་སོ། །འདི་ག་ལས་སྙམ་ན་དེ་ལྡོག་པས་ཞེས་གསུངས་སོ། །ཡུལ་གང་ཡང་རུང་བ་ཅིག་ལོག་པས་ནི་བདེ་བ་དང་སྡུག་བསྔལ་དག་མི་ལྡོག་སྟེ། ཡུལ་གཞན་ཡོད་པའི་ཕྱིར་རོ་དེས་ན་ཡུལ་ཉེ་

Vol. 184 · folio 102a

བར་ལེན་པར་ག་ལ་འགྱུར། དེ་ལྟ་ཡིན་དང་ལུས་འདི་ལ་གནས་པའི་སེམས་ལུས་གཞན་ལ་འཕོ་བར་ཅི་ལྟར་འགྱུར་ཞེས་བརྗོད་པ་དེ་ཡང་གསལ་བ་ཡིན་ནོ་ཞེས་བྱ་བ་ནི། དཔེར་ན་ཞེས་བྱ་བའོ། །ནང་གི་ཡུལ་ལ་རྒྱུ་བ་དེ་སྤངས་ནས་སོ། །འཇིག་རྟེན་ཕ་རོལ་ནི་

གཙོ་བོའི་སྐྱེ་བའོ། །སོགས་པའི་སྒྲས་ནི་བར་མ་དོའི་སྲིད་པ་བཟུང་ངོ་། །དེ་ན་ཡོད་པའི་ལུས་གཞན་གང་ཡོད་པ་དེར་གསོ་བ་ཡིན་ནོ། །བཤད་ཟིན་པའི་ཡུལ་གཞན་ལ་ཡང་སྦྱོར་བ་ནི། འདིས་ནི་ཞེས་བྱ་བ་སྟེ། འདོད་ཆགས་ལ་སོགས་པ་ལུས་ལ་བརྟེན་པ་ཉིད་གསལ་བས་སོ། །འདུས་པ་དང་

གནས་མི་བཟད་པར་བསྣུན་པ་ལ་སོགས་པ་དང་ལྡན་པ་ལས་དྲན་པ་ཉམས་པ་ལ་སོགས་པ་འགྱུར་བ་ཡང་བཤད་པ་ཡིན་ནོ། །ཅི་ལྟར་འདིས་འདི་བཤད་ཅེ་ན། ནང་དོན་ཞེས་གསུངས་སོ། །ནང་དོན་ཁྱད་པར་ནི་བཟོད་པར་དཀའ་བའི་རེག་བྱའི་མཚན་ཉིད་སྡུག་བསྔལ་གྱི་བློ་སྐྱེད་པར་བྱེད་པ་གང་ཡིན་

པའོ། །དེ་ཡང་དྲན་པ་ཉམས་པར་བྱེད་པས་སེམས་རྣམ་པར་འགྱུར་བར་བྱེད་པ་ཡིན་ནོ། །གལ་ཏེ་ཚུལ་འདི་ནི་འདི་ཁོ་ནར་བརྗོད་པ་ཡིན་གྱི་སྔར་ནི་མ་ཡིན་ཏེ། དེས་ན་དེ་བཞིན་དུ་འདིར་ཡང་སྦྱར་བར་ཅི་ལྟར་འགྱུར་ཞེ་ན། དེར་ཡང་ཞེས་གསུངས་སོ། །ཡང་ནི་རིམ་པ་གཞན་ཏེ། ལུས་པ་ལ་

སོགས་པ་འབའ་ཞིག་ལས་ཡིན་པར་ནི་མ་ཟད་དེ་འོན་ཀྱང་བཅུད་ཀྱིས་ལེན་པ་ལ་སོགས་པས་ཀྱང་ནང་གི་དོན་ཉེ་བ་ན་བདེ་བ་ལ་སོགས་པའི་བློ་སྐྱེད་པ་ཡིན་ནོ། །དེས་ན་དེ་བཞིན་དུ་འདིར་ཡང་སྦྱར་བར་རིགས་སོ་ཞེས་བྱ་བར་བསམས་པའོ། །འདུས་པ་ལ་སོགས་པས་བསྐྱེད་པའི་བདེ་བ་ལ་སོགས་པའི་

བློ་དེ་ལས་དྲན་པ་ཉམས་པ་ལ་སོགས་པར་འགྱུར་བ་ཡིན་ཏེ་ཤེས་རབ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་ནི་ལྷག་མའོ། །ལྷུར་བྱ་བ་གསུངས་པ་ནི་ལུས་ཀྱི་ཞེས་བྱ་བའོ། །འོན་ཀྱང་བདེ་བ་ལ་སོགས་པའི་ཤེས་པའི་ཡུལ་དུ་གྱུར་པ་ཉིད་ལས་དྲན་པ་ཉམས་པ་ལ་སོགས་པར་འགྱུར་བ་ཡིན་ནོ་སྙམ་དུ་

དགོངས་པའོ། །གལ་ཏེ་དཔེར་ན་མིག་ལ་སོགས་པ་རྣམས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བའི་རྟེན་ཡིན་པ་དེ་བཞིན་དུ། ལུས་ཀྱང་ཤེས་རབ་ལ་སོགས་པ་སྐྱེ་བའི་རྟེན་དུ་འགྱུར་རོ། །དེས་ན་ཅི་ལྟར་དེ་བཞིན་དུ་འདིར་སྦྱར་བ་ལས་མངོན་པར་འདོད་པ་འགྲུབ་སྙམ་དུ་དོགས་ན། ཅི་ལྟར་

Vol. 184 · folio 102b

མིག་ལ་སོགས་པ་ཞེས་གསུངས་སོ། །ཀྱང་ནི་ངེས་པར་གཟུང་བའི་དོན་ཏོ། །མིག་ལ་སོགས་པ་དེའི་ཤེས་པའོ་དེ་བཞིན་དུ་བཅུད་ཀྱིས་ལེན་ལ་སོགས་པས་འགྱུར་བ་ཡང་དེ་ཡིན་ཏེ། ཁྱད་པར་དང་ལྡན་པའི་ལུས་མ་དམིགས་པ་དེ་ལས་ནི། ཤེས་རབ་དང་ཡིད་གཞུངས་པ་ལ་སོགས་པ་མ་ཡིན་ནོ་

ཞེས་བྱ་བ་ནི་ལྷག་མའོ། །གལ་ཏེ་མ་དམིགས་ཀྱང་རྒྱུར་འགྱུར་ན་གང་གིས་དེ་སྐད་བརྗོད་ཅེ་ན། རྣམ་པར་ཤེས་པ་མེད་པ་ཞེས་གསུངས་སོ། །བདེ་བ་ལ་སོགས་པའི་ཤེས་པས་ཡུལ་དུ་མ་བྱས་པའི་ལུས་བདེ་བ་ལ་སོགས་པའི་རྒྱུར་ཁས་ལེན་ནམ་ཤེས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པར་ཐལ་ལོ། །གང་

གིས་ཡིད་གཞུངས་པ་ལ་སོགས་པའི་རྒྱུར་མི་འགྱུར་བ་མ་ཤེས་པ་ཉིད་དུ་ནི་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་ཆོས་མི་མཐུན་པའི་ཕྱིར་དེ་ལྟར་ལུས་ཡིད་གཞུངས་པ་ལ་སོགས་པའི་རྒྱུར་མ་གྱུར་མོད། མིག་ལ་སོགས་པ་ལྟར། བདེ་བ་ལ་སོགས་པ་ལ་ལྟོས་ནས་ནི་རྟེན་དུ་འགྱུར་རོ་

སྙམ་ན། མིག་ལ་སོགས་པ་ནི་ཞེས་གསུངས་སོ། །མིག་ཡོད་ན་ནི་དེའི་རྣམ་པར་ཤེས་པ་རྒྱུན་འབྲེལ་པར་འཇུག་ལ། ལོག་ན་ཡང་ལྡོག་ཅིང་འགྱུར་ན་ཡང་འགྱུར་བའི་ཕྱིར་ན་དེ་ནི་རྟེན་དུ་འགྱུར་རོ། །དེ་བཞིན་དུ་གཞན་ལ་ཡང་རྟོགས་པར་བྱའོ། །རྣམ་པར་ཤེས་པ་ཙམ་ལ་ལྟོས་ནས་ནི། དེ་རྣམས་

རྟེན་ཉིད་དུ་འདོད་པ་མ་ཡིན་ནོ། །འདིར་ཡང་ལུས་དང་ཆོས་མཐུན་པ་མ་ཡིན་པར་བརྗོད་པ་ནི་ལུས་ནི་དེ་ལྟར་ཞེས་བྱ་བ་སྟེ། ནང་གི་དོན་གྱི་མཚན་ཉིད་ཅན་ནོ། །གཞན་གྱི་རྟེན་གྱིས་དངོས་པོར་བརྗོད་པར་བྱ་བ་ཞེས་བྱ་བ་ནི་ལྷག་མའོ། །དེ་ལྟ་ན་བདེ་བ་ལ་སོགས་པའི་ཁྱད་པར་ཁོ་ནའི་རྟེན་དུ་འགྱུར་གྱི།

བདེ་བ་ལ་སོགས་པ་ཐམས་ཅད་ལས་ལྟོས་ནས་ནི་མ་ཡིན་པར་འགྱུར་ན། བདེ་བ་ལ་སོགས་པ་ཐམས་ཅད་ལ་ལྟོས་པ་ཁོ་ནས་ནི་འདོད་པ་ཡང་ཡིན་ནོ། །དེ་ལྟ་མ་ཡིན་ན་ལུས་ལོག་ན་བདེ་བ་ལ་སོགས་པ་ལྡོག་པའི་ཕྱིར་བློ་ལྡོག་པ་ཅི་ལྟར་གྲུབ་པར་འགྱུར། ཡང་དེ་ལྟར་བརྟེན་པ་ཉིད་ཅི་སྟེ་མ་གྲུབ་

ཅེ་ན། དེ་མེད་ཀྱང་ཞེས་གསུངས་སོ། །ནང་གི་དོན་གྱི་མཚན་ཉིད་ཅན་བདེ་བ་ལ་སོགས་པ་སྐྱེད་པར་བྱེད་པའི་ལུས་མེད་ཀྱང་ངོ་། །སྡུག་པའི་བུ་ལ་སོགས་པ་ཕྱི་རོལ་གྱི་དོན་ཉེ་བར་གནས་པ་ལས་ཀྱང་ངོ་། །དེས་ན་ལུས་ནི་བདེ་བ་ལ་སོགས་པའི་རྟེན་མ་ཡིན་ན། གང་གིས་བརྒྱུད་ནས་འདོད་

Vol. 184 · folio 103a

ཆགས་ལ་སོགས་པའི་རྟེན་དུ་འགྱུར། དེས་ན་མིག་ལ་སོགས་པ་ལྟར་ལུས་ནི་ཤེས་རབ་ལ་སོགས་པའི་རྟེན་མ་ཡིན་ནོ་ཞེས་བྱ་བ་གྲུབ་པོ། །དེས་ན་ཤེས་རབ་ལ་སོགས་པ་ལྟར་དྲན་པ་ཉམས་པ་ལ་སོགས་པ་ལུས་ལ་བརྟེན་པ་མ་ཡིན་ནོ། །གང་གིས་སྐྱེ་བ་དྲན་པ་ཉམས་པ་

ལ་སོགས་པ་འདུས་པ་ལ་སོགས་པས་བསྐྱེད་པའི་དྲན་པ་ཉམས་པ་དེ་ལྟར་རྟོགས་པ། དམིགས་པ་དྲན་པ་ཉམས་པ་ལ་སོགས་པའི་རྒྱུ་ཡིན་པར་འགའ་ཞིག་ཏུ་མཐོང་ངམ་ཞེ་ན། དྲན་པ་ཉམས་པ་ཡང་ཞེས་གསུངས་སོ། །རྒྱུ་ཁྱད་པར་ཅན་ནི་སྔར་བའི་ཁྱད་པར་ཙམ་མོ། །གཞན་དུ་ཞེས་བྱ་བ་ནི་

རྣམ་པར་གནོན་པར་རོ། །དེ་བཞིན་དུ་ཞེས་བྱ་བ་ནི་དོན་ལ་སྦྱོར་བར་བྱེད་པའོ། །ཉེས་པ་ལས་ཞེས་བྱ་བ་འདིའི་བཤད་པ་ནི་སྐྱེས་པ་ལས་ཞེས་བྱ་བའོ། །ཡང་ན་དམིགས་པ་ཉེ་བ་གང་ཡིན་པ་དེ་སྐྱེད་པའི་ཕྱིར་རོ་ཞེས་བྱ་བའོ། །སྩོགས་པའི་སྒྲས་ནི་བཅུད་ཀྱིས་ལེན་པ་ལ་སོགས་པ་ལས་དྲན་པ་སད་

པ་ལ་སོགས་པ་བསྡུའོ། །མཇུག་སྡུད་པའི་ལུས་ནི་བློའི་རྟེན་མ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་ལུས་བདེ་བ་ལ་སོགས་པའི་རྟེན་ཡིན་པའི་ཕྱིར། བློ་ཡང་བརྒྱུད་ནས་ལུས་ལ་བརྟེན་པ་ཉིད་མ་ཡིན་ནམ། དེས་ན་ལུས་ལོག་ན་བློ་ལྡོག་པ་ལ་འགལ་བ་ཅི་ཡོད་སྙམ་ན། ལུས་ནི་ཞེས་གསུངས་སོ། །དེས་དེ་

དག་ཀྱང་ཞེས་བྱ་བ་བདེ་བ་ལ་སོགས་པ་ཡང་སྟེ། བློ་ཙམ་ནི་མ་ཟད་དོ། །དམིགས་པ་གཞན་ལ་ཞེས་བྱ་བ་ནི་ཕྱི་རོལ་ལའོ། །འདིའི་གཙོར་བྱ་བ་ནི། དཔེར་ན་ནང་གི་ཡུལ་ལ་ཞེས་བྱ་བ་ལ་སོགས་པས་བསྟན་པ་ཉིད་ཡིན་ནོ། །འོ་ན་སེམས་རྟེན་མེད་པར་ཐལ་ལོ་སྙམ་ན། དེའི་ཕྱིར་ཞེས་གསུངས་སོ། །

གང་གི་ཕྱིར་དབང་པོ་དང་། ཡུལ་དང་ལུས་ནི་བློའི་རྟེན་མ་ཡིན་པ་དེའི་ཕྱིར་རོ། །དགོངས་པ་ནི་གལ་ཏེ་གཞན་གྱིས་ཀུན་བརྟགས་པའི་རྟེན་དང་བརྟེན་པའི་དངོས་པོ་མེད་པ་དེ་ལྟ་ན་ཡང་ཉེ་བར་ལེན་པ་དང་། ཉེ་བར་ལེན་པ་ལས་བྱུང་བའི་དངོས་པོར་གནས་པའི་སེམས་ཀྱི་རྒྱུན་ཁོ་ན་རྟེན་དང་བརྟེན་པའི་

དངོས་པོ་ཡིན་ནོ་ཞེས་བྱ་བ་འདི་ཡིན་ནོ། །ཡང་སེམས་ལུས་ཀྱི་འདུ་བྱེད་པའི་རྗེས་སུ་འཇུག་པ་མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ངེས་སྙམ་ན། ལུས་ནི་རྟེན་ཉིད་དོ་ཞེས་གསུངས་སོ། །འདུ་བྱེད་ཀྱི་རྗེས་སུ་འཇུག་པ་ཉིད་རྟེན་གྱི་རྒྱུ་མཚན་ཡིན་པའི་ཕྱིར་རྟེན་གྱི་སྒྲས་བརྗོད་དོ། །ལུས་ཀྱི་འདུ་བྱེད་པའི་རྗེས་

Vol. 184 · folio 103b

སུ་མི་འཇུག་པ་ཡང་ལུས་ཀྱི་ཕུལ་བྱུང་འགྲིབ་མེད་པར་ཞེས་བྱ་བ་ལ་སོགས་པས་བཤད་ཟིད་ཏོ། །དེ་མ་ཐག་པའི་རྐྱེན་ནི་ཆོས་མི་མཚུངས་པར་བརྗོད་པ་ནི་སེམས་གཞན་དང་ལྡན་པ་ཞེས་བྱ་བའོ། །འདི་ནི་གཞལ་བ་ལ་སོགས་པས་མི་གསལ་བ་ལ་སོགས་པ་ཉེ་བར་མཚོན་པའོ། །འདི་ཉིད་སྟོན་པ་

ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །གཞན་དུ་ཕྱོགས་པར་འགྱུར་ཞེས་བྱ་བ་དེའི་བཤད་པ་ནི་གང་གི་ཚེ་ཞེས་བྱ་བའོ། །རང་གི་འབྲས་བུ་རྗེས་སུ་མཐུན་པའི་རེག་པ་བསྐྱེད་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཏན་མི་སྐྱེད་པའམ། རྗེས་སུ་མི་མཐུན་པ་སྐྱེད་པའོ། །གང་གི་ཕྱིར་དེ་ལྟར་འདུ་བྱེད་པའི་ཁྱད་པར་གྱི་

སེམས་ཐ་དད་པར་འགྱུར་བ་དེའི་ཕྱིར་རོ། །རྣམ་པར་ཤེས་པ་སྔ་མ་མེད་ན་མི་འབྱུང་བ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་སྔ་མའི་ཉེ་བར་ལེན་པ་ཅན་ཉིད་དོ། །སེམས་ཉིད་ལྡོག་ན་སེམས་ལྡོག་གི་ལུས་ལྡོག་ན་ནི་མ་ཡིན་པའོ། །སེམས་ནི་རྣམ་པ་ཐམས་ཅད་བཟློག་པར་མི་ནུས་སོ་སྙམ་དུ་དགོངས་པའོ། །

གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྒོལ་བའོ། །ལུས་ཉིད་ལས་ཞེས་བྱ་བ་ནི་དབང་པོའི་བདག་ཉིད་ཅན་ལས་ཞེས་བྱ་བའི་དོན་ཏོ། །དབང་པོ་ལས་རྣམ་པར་ཤེས་པ་སྐྱེ་བར་བཤད་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་རྟེན་ཡིན་མོད། དེ་ལྟར་ན་ཡང་རང་ལོག་ན་ལྡོག་པར་བྱེད་པ་གོ་ཅི་ལྟར་སྙམ་ན། བརྒྱུད་

པས་ཞེས་གསུངས་སོ། །མེ་བརྒྱུད་པས་རྒྱུ་ཡིན་ཡང་ཞེས་འབྲེལ་ཏོ། །དུ་བའི་རྗེས་ལ་སྐྱེས་པའི་ནི་བསྐྱེད་བྱའི་དུ་བ་ལ་ལྟོས་ནས་སྐྱེད་བྱེད་དུ་འགྱུར་བའི་དུ་བའི་རྗེས་སུ་ལས་སོ། །དེས་བསྐྱེད་པའི་ཟློག་པར་བྱེད་པ་མ་ཡིན་པ་ནི་མ་ཡིན་ཏེ། འོན་ཀྱང་རང་ལོག་པས་ཟློག་པར་བྱེད་པ་ཁོ་ན་ཡིན་ཏེ། བརྒྱུད་པའི་

རྒྱུ་མེད་ཀྱང་དེ་མི་འགྲུབ་པའི་ཕྱིར་དང་། གྲུབ་ཟིན་པ་ཡང་འཛིན་པར་བྱེད་པ་མེད་པ་ལས་ཉེ་བར་ལེན་པ་ཉམ་ཆུང་བས་རང་ཉིད་བཟློག་པའི་ཕྱིར་རོ། །འདི་ནི་སྐྱེ་བ་ཕྱི་མ་མེད་པའི་དཔེ་ཡིན་ནོ། །འདིས་ནི་དཔེར་ན་མེ་ལས་མཐོང་བའི་དུ་བ་ལས་ཀྱང་འབྱུང་བ་དེ་བཞིན་ཤེས་རབ་ལ་སོགས་པ་ཡང་གོམས་པ་ལས་

གཞན་ལས་ཀྱང་འབྱུང་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །སྔ་ན་མེད་པའི་སེམས་ཅན་སྐྱེ་བ་ལ་ཡང་བརྗོད་པ་ནི་མེ་གཞན་ཡང་ཞེས་བྱའོ། །སྐབས་ལ་ཉེ་བར་སྦྱོར་བ་ནི་དེ་བཞིན་དུ་ཞེས་བྱ་བའོ། །སྔ་ན་མེད་པ་ལུས་ལས་སྐྱེ་བས་ཞེས་སྦྱར་རོ། །འདིས་ནི་འཇིག་རྟེན་སྔ་ན་མེད་པ་བསྟན་ཏོ། །འཇིག་

Vol. 184 · folio 104a

རྟེན་ཕྱི་མ་མེད་པར་སྟོན་པ་ནི་རྒྱུན་ཆད་པའི་ཆོས་ཅན་དུ་འགྱུར་རོ་ཞེས་བྱ་བའོ། །དུ་བ་བཞིན་ནོ་ཞེས་བྱ་བ་ནི་གཉི་གའི་ཡང་དཔེའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །རང་བཞིན་དང་སྐྱེས་བུ་དང་དབང་ཕྱུག་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་དབང་པོ་ལ་མི་ལྟོས་

པའི་ཕྱིར་རོ། །དེས་ན་གང་གིས་དེ་ལོག་ན་ལྡོག་པ་འམ། སྔ་ན་མེད་པའི་སེམས་ཅན་སྐྱེ་བར་འགྱུར་བ་ལུས་ནི་བརྒྱུད་པའི་རྒྱུ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །ཟུར་གྱིས་བསྟན་པའི་ཕྱོགས་སྔ་མ་ལ་བརྗོད་པ་ནི། དུ་བ་མེ་ལས་ཇི་འདྲ་བ་ཞེས་བྱའོ། །འདིར་ནི་སྔར་བཤད་ཟིན་པ་ཉིད་སྐབས་ཀྱིས་ཡང་

བཤད་པ་ཡིན་ནོ། །ཁྱད་པར་ཡང་བརྗོད་པ་ནི་ཐམས་ཅད་ལ་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཁྱབ་པའོ། །སྐྱེ་བ་དང་པོ་ལ་སོགས་པ་ཡང་ཞེས་ཁོང་ནས་ཕྱུང་ལ། རང་བཞིན་མཚུངས་པ་ཉིད་ཡིན་པ་ཞེས་སྦྱར་རོ། །དེ་ལྟར་དུ་བའི་དཔེས་འཇིག་རྟེན་སྔ་ན་མེད་པར་

མ་གྲུབ་པོ་ཞེས་བསྟན་ནས། འཇིག་རྟེན་ཕྱི་མ་མེད་པར་ཡང་མ་གྲུབ་པོ་ཞེས་བསྟན་པའི་དོན་དུ་དུ་བ་ནི་ཞེས་གསུངས་སོ། །དེས་ན་དུ་བའི་རྒྱུན་ནི་མེའི་ཁྱད་པར་ལོག་ན་རྣམ་པར་ཆད་པར་རིགས་པ་ཡིན་ནོ་སྙམ་དུ་དགོངས་པའོ། །ཡིད་ཀྱི་བློ་ནི་དེ་ལྟ་མ་ཡིན་ནོ་ཞེས་བཤད་པ་ན། ཤེས་རབ་ལ་

སོགས་པ་ནི་ཞེས་བྱ་བའོ། །ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ཀྱང་ཤེས་རབ་ལ་སོགས་པ་ཉིད་ཀྱི་ལུས་ལས་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཕྱིས་ཀྱང་ཡོད་པའི་ཕྱིར་དུ་བ་བཞིན་དུ་ཤེས་རབ་ལ་སོགས་པ་དུས་ཕྱིས་འཆད་པར་ཇི་ལྟར་འགྱུར་ཏེ། ཅི་འདྲའི་འཕེན་བྱེད་ཡོད་གྱུར་ན། །ཕྱིས་ཀྱང་

དེ་དང་འདྲ་བ་ཉིད། །ཅེས་བྱ་བ་ལུགས་ཡིན་པའི་ཕྱིར་རོ། །དེས་ན་ཞེས་ཁོང་ནས་དེ་དག་ལུས་ཀྱིས་གནས་པར་བྱས་པ་མ་ཡིན་ནོ་ཞེས་སྦྱར་རོ། །དེས་ན་ལུས་ལོག་ན་ལྡོག་པ་མ་ཡིན་པའི་ཕྱིར། འཇིག་རྟེན་ཕ་རོལ་མི་སྲིད་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །དབང་པོ་ལ་མ་ལྟོས་པར་བསྒྲུབས་

པས་རྩོད་པ་དང་པོ་སྤངས་པ་གང་ཡིན་པ་དེ་ལ། དབང་པོའི་ནུས་པ་རྣམ་པར་རྟོག་པ་ལ་ཞོག་སྟེ། ཤེས་པ་སྔ་མ་ལ་མ་ལྟོས་པར་ནི་རང་གི་ཤེས་པ་ལ་ཡང་ནུས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །གང་གི་ཚེ་རྣམ་པར་ཤེས་པ་སྔ་མ་ཉིད་ལ་ལྟོས་ནས་སྐྱེ་བ་ཡིན་པ་དེའི་ཚེ་དུ་བ་

Vol. 184 · folio 104b

དཔེར་ཅི་ལྟར་སྲིད་ཅེས་བྱ་བའི་དོན་ཏོ། །སྔོན་གྱི་འདུ་བྱེད་པ་ལ་མ་ལྟོས་པ་ལས་ནི་མ་ཡིན་ཏེ། འོན་ཀྱང་སྔོན་གྱི་འདུ་བྱེད་པ་ལ་ལྟོས་པས་ཁོ་ན་ལས་ཡིན་ཏེ། ཚིག་ལེའུར་བྱས་པ་ལས་སྔོན་གྱི་རྣམ་པར་ཤེས་པ་ལ་ལྟོས་པར་བརྗོད་པ་དེ་ཉིད་འགྲེལ་པར་སྔོན་གྱི་འདུ་བྱེད་པ་ལ་ལྟོས་པར་བརྗོད་པ་

ནི། འདུ་བྱེད་པ་ཅི་ལྟ་བ་བཞིན་དུ་ཤེས་པ་སྔ་མ་ཡང་། དབང་པོའི་ཤེས་པ་སྔ་མ་ཉིད་དུ་བསྟན་པའི་དོན་ཏོ། །སྔོན་གྱི་རྣམ་པར་ཤེས་པ་ལ་ལྟོས་པ་ཉིད་བརྗོད་པ་ནི། རྣམ་པར་ཤེས་པ་སྔ་མ་གཡོས་ན་ཞེས་བྱ་བའོ། །མི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་ནི། དབང་པོའི་ཤེས་པའོ། །གཞན་དག་མི་

སྐྱེ་བ་མི་བཟོད་ནས་གལ་ཏེ་ཞེས་བྱ་བའོ། །ངེས་པ་མེད་ཕྱིར་ཞེས་བྱ་བ་ནི། སྔ་མ་དང་ཕྱི་མ་གཉི་ག་དང་འབྲེལ་ཏོ། དེས་ན་ངེས་པ་མེད་ཕྱིར་ཞེས་བྱ་བའི་མཐར་ཐུག་པས་དོགས་པ་བསུ་ནས། མེད་པ་ཞེས་བྱ་བ་མེད་པར་རྟོགས་པ་གང་ཡིན་པ་དེ་ཐམས་ཅད་ཀྱི་རིག་པ་ཉིད་ངེས་པ་མེད་ཉིད་ལས་ཁས་ལོང་

ཤིག །གང་གི་ཕྱིར་ངེས་པ་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་ཐམས་ཅད་ལ་ཡང་བརྗོད་པར་ནུས་པ་ཡིན་ནོ། །དེ་ལྟ་ཡིན་ན་ཅི་སྐྱོན་སྙམ་ན། གལ་ཏེ་ངེས་པ་མེད་པའི་ཕྱིར་ཞེས་བྱ་བའོ། །འོ་ན་ནི་ཞེས་བྱ་བ་ནི་དེ་ལྟ་ཡིན་ན་དབང་པོའི་རྣམ་པར་ཤེས་པ་ལྟར་འཇིག་རྟེན་ཕ་རོལ་མེད་པ་མ་ཡིན་ནོ་

སྙམ་དུ་དགོངས་པའོ། །ཅིའི་ཕྱིར་མ་ཡིན་སྙམ་ན། ཐམས་ཅད་དུ་ཞེས་གསུངས་ཏེ། འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་ཡང་ངོ་། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ངེས་པ་མེད་པ་འབའ་ཞིག་ནི་གཏན་ཚིགས་མ་ཡིན་ཏེ། འོན་ཀྱང་རྒྱུ་མ་ཚང་བའོ། །ངེས་པ་མེད་པ་ལས་ནི་ཐ་སྙད་ལྡོག་པ་ཙམ་

ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་དུ་ངེས་པ་མེད་པའི་ཕྱིར་མ་སྐྱེས་སོ་ཞེས་ཐ་སྙད་དུ་བྱེད་པ་དེར་ནི་རིག་པའི་རྒྱུ་དབང་པོ་ལ་སོགས་པ་ཡིན་ཏེ། དེས་ན་ནུས་པའི་རྒྱུ་ཡོད་པའི་ཕྱིར། འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་ནི་ཚུལ་འདི་ཡོད་པ་མ་ཡིན་ནོ། །དེས་ན་དངོས་པོ་མེད་པ་ཁོ་ན་ཡིན་པས། གང་དུ་ཡང་རིག་

པ་མེད་པ་མ་ཡིན་ནོ་ཞེས་ཅི་སྟེ་བརྗོད་ཅེ་ན། གྲུབ་པའི་མཐར་ནི་རྣམ་པ་འདི་མ་བཀག་པ་ཁོ་ནར་རྣམ་པ་གཞན་གྱི་སྒོ་ནས་ཀྱང་སྐབས་འགྲུབ་པར་འགྱུར་རོ་ཞེས་སྟོན་པ་ནི། འོ་ན་ངེས་པའི་རྒྱུ་ཡང་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །ཉམས་སུ་མྱོང་ངོ་ཅོག་ལ་ནི་རྣམ་པར་རྟོག་པ་འབྱུང་བ་མ་ཡིན་ཏེ།

Vol. 184 · folio 105a

འོན་ཀྱང་གསལ་བ་ལ་ལྟོས་པ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །རིག་པའི་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །རྣམ་པར་རྟོག་པ་སྐྱེད་པ་ལ་ཉམས་སུ་མྱོང་བ་བཞིན་དུ། ཉམས་སུ་མྱོང་བ་བསྐྱེད་པ་ལ་ཡང་དེའི་རྒྱུ་མི་གསལ་བར་མཚུངས་སོ་ཞེས་ནི་བརྗོད་པར་མི་ནུས་སོ་ཞེས་བྱ་བ་

དགོངས་པའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པའི་དོན་ནི་འདི་ཡིན་ཏེ། དེའི་རང་གི་རྒྱུད་ཅེས་བྱ་བ་ནི་དབང་པོ་དང་ཡུལ་ཉེ་བ་ཡིན་ལ། དེ་དག་ཉམས་པ་མེད་པའི་དུས་ན་ནི་གསལ་བ་ཡང་གནས་པ་ཁོ་ནའོ་ཞེས་བྱ་བའོ། །སྐྱེད་པར་བྱེད་པའི་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །འདི་ནི་ཞེས་བྱ་བ་ནི་སྔར་གྱི་ཤེས་

པ་ཉིད་ལས་ངེས་པར་གཟུང་བའི་དོན་དང་རིམ་པ་བཞིན་དུ་སྦྱར་བའོ། །ཕྱིས་ནས་རང་རིག་པའི་མངོན་སུམ་བཤད་པའི་སྐབས་སུ་བབ་པ་ནི་བཤད་པར་བྱའོ། །དེས་ན་ཤེས་པ་སྔ་མ་དང་ལྷན་ཅིག་པའི་དངོས་པོ་ཁོ་ན་སྐྱེད་པར་བྱེད་པ་ཡིན་གྱི། གཞན་དུ་ནི་མ་ཡིན་སྙམ་དུ་བསམས་པའོ། །བདེ་བ་དང་ཞེས་བྱ་བ་

ལ་སོགས་པ་ནི་འཆད་པའོ། །དབང་པོའི་རྣམ་པར་ཤེས་པ་དང་གཞན་པའི་སེམས་མཐའ་དག་གོ། །རྣལ་འབྱོར་སྤྱོད་པའི་ལུགས་ལ་བརྟེན་ནས་ཀྱང་སེམས་ནི་སེམས་ཀྱི་རྒྱུ་ཅན་ཡིན་གྱི། བེམས་པོའི་རང་བཞིན་དབང་པོའི་རྒྱུ་ཅན་ནི་མ་ཡིན་ནོ་ཞེས་སྟོན་པ་ནི་གཞན་ཡང་ཞེས་བྱ་བའོ། །དབང་པོ་

ཤེས་པའི་རང་བཞིན་ཕྱིར། །ཞེས་བྱ་བ་ནི། དབང་པོའི་ཤེས་པ་ལྟ་བུའི་རང་བཞིན་དེ་སྣང་བ་གང་ལ་ཡོད་པའོ། །དབང་པོའི་ཤེས་པར་འདོད་པ་དང་རང་བཞིན་མཚུངས་པའི་ཕྱིར་རོ། །མཚུངས་པར་སྣང་བ་དེ་ཡང་གང་ཡིན་ཞེ་ན། མདུན་ན་གནས་པར་གསལ་བའི་རྣམ་པ་ཉིད་དེས། གཏན་ཚིགས་

དེའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གསལ་བའི་ཤེས་པ་ནི་དབང་པོ་ཉིད་ལས་ཡིན་པར་དམིགས་པ་མ་ཡིན་ནམ། དེ་ཅི་ལྟར་དབང་པོའི་སྟོབས་ལས་བྱུང་བར་དམ་འཆའ་ཞེས་མཐོང་བ་དང་འགལ་བར་དོགས་པ་ལ། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ།

དབང་པོ་མེད་པར་ཞེས་བྱ་བ་ལ་སོགས་པར་སྦྱར་བར་བྱའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །གསལ་བ་ཙམ་ནི་འཁྲུལ་པར་འགྱུར་གྱི། གསལ་བ་ཁྱད་པར་ཅན་ནི་མ་ཡིན་ནོ་ཞེས་བྱ་བ་བསམས་པའོ། །གལ་ཏེ་འདི་ལྟར་འཆེལ་ན་དེའི་ཚེ་དབང་པོའི་ཤེས་པ་ཉིད་འགའ་ཡང་མེད་དོ་ཞེས་སྟོན་པ་

Vol. 184 · folio 105b

ནི་དེ་ནི་མེད་དེ་ཞེས་བྱ་བའོ། །གལ་ཏེ་དབང་པོའི་ཤེས་པ་མེད་པ་ཉིད་ཡིན་ན། འོ་ན་ཅི་ལྟར་འགའ་ཞིག་ཏུ་སླུ་བ་དང་། གཞན་དུ་དེ་ལྟ་མ་ཡིན་པར་འགྱུར་སྙམ་ན། དོན་ཡོད་པ་དང་ཞེས་གསུངས་སོ། །མདུན་ན་གནས་པར་གསལ་བའི་རྣམ་པ་ཅན་དུ་ཁྱད་པར་མེད་ཀྱང་། སྔོན་པོ་ལ་སོགས་

པའི་རྣམ་པར་སྣང་བ་འགའ་ཞིག་ནི་དོན་ཉིད་དུ་ལྷག་པར་མོས་པས་དོན་ཡིན་ལ། སྒྲ་ལ་སོགས་པ་ནི་དོན་མ་ཡིན་ཏེ། དོན་དུ་མོས་པ་མེད་པའི་ཕྱིར་རོ། །སླུ་བ་དང་ཅིག་ཤོས་ནི་ཅི་རིགས་པར་ཏེ་ཡོད་པ་དང་མེད་པ་ལས་རྣམ་པར་གནས་པ་ཡིན་ནོ། །དབང་པོས་བསྐྱེད་པ་དང་མ་བསྐྱེད་པ་དག་ལས་

ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་འཆད་པ་ནི་དེའི་རྣམ་པ་ཅན་གྱི་ཞེས་བྱ་བ་སྟེ། མདུན་ན་གནས་པར་གསལ་བའི་རྣམ་པ་ཅན་གྱིའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ཕྱེད་ཕྱི་མ་ལ་འཇུག་པར་བྱེད་པའོ། །དེའི་རྣམ་པ་ཅན་ཞེས་བྱ་བ་ནི་ཡོད་པ་འམ་མེད་པ་ཡང་སྟེ། ཞེན་པར་བྱེད་པའི་

གཞལ་བྱ་གང་དང་གང་ཡིན་པ་དེ་ལྟ་བུའི་རྣམ་པ་འདི་ལ་ཡོད་པའོ་ཞེས་བྱ་བ་ནི་ཐུན་མོང་གི་ཚུལ་ཡིན་ནོ། །གཟུགས་མེད་པ་ན་ཡང་ངའོ་ཞེས་བྱ་བའི་རྣམ་པ་སྲིད་པའི་ཕྱིར་རོ། །དེས་ན་མདུན་ན་གནས་པར་གསལ་བར་སྣང་བ་འདི་ཡང་ཤེས་པའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་རྣམ་པ་

ཅན་ཉིད་དེ་ཡང་ངོ་། །དེའི་ཚེ་དབང་པོ་དེ་དེའི་རྣམ་པ་ཅན་ཉིད་དེའི་རྒྱུ་མ་ཡིན་ནོ། །འོ་ན་ཅི་ལྟར་འགའ་ཞིག་ལ་མི་སླུ་བ་སྲིད་ཅེ་ན། མི་སླུ་བ་ནི་ཞེས་གསུངས་སོ། །དོན་ཡོད་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །གལ་ཏེ་དེ་ལྟ་ན་ཡང་དབང་པོས་བྱས་པར་འགྱུར་རོ་སྙམ་ན། གཞན་ནི་ཞེས་གསུངས་

སོ། །གཞན་ནི་ཞེས་བྱ་བ་དབང་པོ་ནི་ཇི་སྐད་བཤད་པའི་དོན་གཞན་གྱི་འབྲས་བུ་ལའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། འདིས་ནི་དཔེ་བསྒྲུབ་བྱ་མ་ཚང་བའི་གཏན་ཚིགས་ཁྱབ་པ་མེད་པར་དོགས་པ་བསུ་བ་ཡིན་ནོ། །དེ་ལྟ་ན་ཡང་སྐབས་ཉམས་པ་མེད་དོ་ཞེས་བྱ་བར་གཟིགས་ནས་གྲུབ་པའི་

མཐའ་གསུངས་པ་ན། དེ་ཡང་ཞེས་གསུངས་སོ། །དབང་པོ་ཞེས་བྱ་བ་ནི་ཆོས་ཅན་ནོ། །སད་པའི་ཞེས་བྱ་བ་ནི་ཆོས་ཅན་གྱི་ཁྱད་པར་རོ། །གོམས་པ་ལས་སྐྱེ་བ་ཡིན་ཏེ། ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །དབང་པོ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ལས་གཞན་རྨི་ལམ་གྱི་

Vol. 184 · folio 106a

དབང་པོ་གཞན་ནོ་ཞེས་བྱ་བ་ནི་དཔེའོ། །ཁྱབ་པ་ནི་ཕྱེད་ཕྱི་མས་སྟོན་ཏོ། །རྨི་ལམ་དུ་རྨིས་པ་དང་གཞན་པའི་ལུས་ངག་གི་དབང་པོ་ནི་མཚུངས་པ་ཁོ་ན་ཡིན་ཏེ། གསལ་བའི་ཤེས་པ་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེས་ན་རྨི་ལམ་གྱི་དབང་པོའི་གོམས་པ་ལས་

བྱུང་བ་གང་ཡིན་པ་དེ་ནི་ཐམས་ཅད་ལ་ཡང་མཚུངས་པ་ཡིན་ནོ། །དེ་ཉིད་གསལ་བར་བྱེད་པ་ནི་འབྲས་བུ་ཁྱད་པར་མེད་པ་ཞེས་བྱ་བའོ། །སྤྱིར་བརྗོད་པའི་དོན་ཁྱད་པར་ལ་སྦྱོར་བ་ནི། དབང་པོ་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་མཇུག་སྡུད་པ་སྟེ། གོམས་པས་བསྐྱེད་པ་དེས་ནའོ། །དབང་པོ་ཉིད་

ལས་ཞེས་བྱ་བ་ནི་བེམས་པོའི་རང་བཞིན་འབྱུང་བ་ལས་གྱུར་པ་ཉིད་ལས་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྔོན་གྱི་གོམས་པ་ལས་ཡིན་པའི་ཕྱིར་ན་ཤེས་པ་ནི་ཤེས་པ་ལས་རག་ལས་པ་ཉིད་དོ། །དེས་ན་སྔ་མའི་གཏན་ཚིགས་ཀྱང་ཁྱབ་པ་གྲུབ་པའོ། །སྐབས་ཉེ་བར་སྡུད་པ་ནི་རྣམ་པར་ཤེས་པ་སྔ་མ་ཉིད་ཅེས་བྱ་

བྱའོ། །དོན་ནི་ཉེ་བར་ལེན་པའོ། །བཤད་ཟིན་པའི་རྣམ་འགྲེལ་ཉིད་ཡང་རྣམ་པ་གཞན་དུ་སྦྱར་བའི་དོན་དུ་འོན་ཏེ་ཞེས་འཇུག་པར་བྱེད་དོ། །ཕ་དང་མའི་རང་བཞིན་ནི་འདུ་བྱེད་པའོ། །ངེས་པ་ཞེས་བྱ་བ་སྔར་ནི་ལུས་ཀྱིས་ལུས་བྱེད་པ་ལ་ལྟོས་ནས་སྦྱར་བ་ཡིན་ནོ། །ཕ་དང་མའི་རང་བཞིན་དེ་རྣམ་པར་འགྱུར་

བ་མེད་ཀྱང་ངོ་། །འགྱུར་བ་སྟེ་མཁས་པ་ལ་སོགས་པའི་མཚན་ཉིད་མཐོང་བའི་ཕྱིར་རོ། །ཕ་མའི་རང་བཞིན་དེ་འགྱུར་ཡང་སྟེ་མཁས་པ་ལ་སོགས་པའི་མཚན་ཉིད་དུ་འགྱུར་བ་ཡིན་ཡང་། མི་འགྱུར་བ་ཞེས་བྱ་བ་ལ་སོགས་པ་མཁས་པ་ལ་སོགས་པའི་མཚན་ཉིད་དུ་མ་མཐོང་བའི་ཕྱིར་རོ། །བུ་

ཞེས་བྱ་བ་ནི་སྐབས་ཡིན་ནོ། །ངེས་པར་འདུ་བྱེད་པའི་རྗེས་སུ་འཇུག་པར་ཁས་བླངས་ནས་ཉེ་བར་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་མ་ལ་སོགས་པའི་འོ། །གལ་ཏེ་དེའི་འདུ་བྱེད་པར་འགྱུར་བ་ཡིན་ན་དེའི་ཚེ་ཞེས་ཁོར་ནས་ཕྱུང་ལ་མཁས་པ་ལ་སོགས་པར་ཡང་འགྱུར་རོ་ཞེས་སྦྱར་རོ། །

འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །འདུ་བྱེད་པ་སྒྲུབ་པར་བྱེད་པ་གང་ཡིན་པ་སྟེ། འདོན་དུ་འཇུག་པ་པོ་འམ། འཆད་པ་པོ་དེའི་ལྷན་ཅིག་བྱེད་པ་པོའི་ཆོས་དེ་ལས་སུ་གྱུར་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །དེའི་ངོ་བོ་ཉིད་ནི་མཁས་པ་ལ་སོགས་པའི་ངོ་བོ་ཉིད་དོ། །འདི་སྐད་བརྗོད་པར་

Vol. 184 · folio 106b

འགྱུར་བ་ཡིན་ཏེ། ཅིའི་ཕྱིར་མ་ལ་སོགས་པའི་རང་བཞིན་གྱི་རྗེས་སུ་འཇུག་པར་མི་འགྱུར་ཞེས་བརྗོད་པ་གང་ཡིན་པ་དེ་ནི་འགྱུར་བ་ཁོ་ནའོ། །འདི་ལྟར་མ་ལ་སོགས་པ་ལ་ཡང་འདུ་བྱེད་པ་རང་ཉིད་བྱུང་བ་ནི་མ་ཡིན་ཏེ། འོན་ཀྱང་འདོན་དུ་འཇུག་པ་ལ་སོགས་པའི་འབད་པ་ལས་སྐྱེས་པ་ཡིན་

ནོ། །བུ་ལ་སོགས་པ་ཡང་དེ་བཞིན་དུ་མི་འགྱུར་བ་ཁོ་ན་ཡིན་ལ་མ་ལ་སོགས་པའི་འདུ་བྱེད་ཀྱི་རྗེས་སུ་འཇུག་པ་ཡང་དེ་ཙམ་གྱིས་གྲུབ་པ་ཡིན་ནོ་ཞེས་བྱ་བའོ། །དེ་ནི་མ་ཡིན་ཏེ། ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ཕ་མ་བཞིན་དུ་བུ་ལ་འདུས་བྱས་པ་ཡིན་ཡང་རེས་འགའ་མཁས་པ་ལ་སོགས་

པའི་རང་བཞིན་མེད་པའི་ཕྱིར་རོ་དེ་ལྟ་མ་ཡིན་པར་ཡང་སྟེ། སློབ་དཔོན་གྱི་འབད་པ་མེད་པར་ཡང་ཡུལ་འགའ་ཞིག་ལ་སྤྱོད་པ་ཁྱད་པར་ཅན་དང་ལྡན་པ་ལ་སོགས་པས་ཡོད་པ་མཐོང་བའི་ཕྱིར་རོ། །སྔོན་གྱི་གོམས་པ་མེད་པར་ནི་དེའང་མི་འགྱུར་རོ་སྙམ་དུ་དགོངས་པའོ། །རང་གི་སྔོན་གོམས་པའི་རྗེས་སུ་

འཇུག་པ་ཡང་མ་མཐོང་བར་ཅི་ལྟར་རྟོགས་སྙམ་ན། རང་གི་རྒྱུད་ལ་ཞེས་གསུངས་སོ། །སྐྱེ་བ་འདི་ཉིད་ལའོ་ཞེས་བྱ་བ་བསམས་པའོ། །འོ་ན་དེ་བཞིན་དུ་ཕ་དང་མའི་རང་བཞིན་གྱི་རྗེས་སུ་འཇུག་པར་ཡང་ཅི་སྟེ་མི་རྟག་སྙམ་ན། རྒྱུད་གཞན་གྱི་ཞེས་གསུངས་སོ། །འདི་ཡང་བརྗོད་པ་ནི་ཁྱད་པར་

བསྟན་པའི་དོན་དུའོ། །དེ་ཉིད་བརྗོད་པ་ནི་མཁན་པོ་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །མཁན་པོའི་འདུ་བྱེད་པའི་རྗེས་སུ་འཇུག་པ་ནི་ཁྱད་པར་ལས་ཡིན་པར་ཞེས་འབྲེལ་ཏོ། །སློབ་མ་ནི་མཁན་པོའི་འདུ་བྱེད་པ་མངོན་པར་འདུ་བྱེད་པ་ན། དེའི་བཤད་པ་ལས་དེའི་འདུ་བྱེད་པའི་

རྗེས་སུ་འཇུག་སྙིང་འདོད་པར་འགྱུར་ཏེ། དེ་མེད་ན་སྟེ་འདོད་པ་མེད་ན། ཐོས་པ་ལ་མ་ཞུགས་པའི་སྐྱེ་བོ་གཞན་ལ་དེ་རྗེས་སུ་བྱེད་པ་ཉིད་མ་མཐོང་བའི་ཕྱིར་རོ། །དེས་ན་འདུ་བྱེད་པ་དེ་ཡང་བརྒྱུད་ནས་རང་གི་འདོད་པ་ལས་བྱུང་བས་ན། རང་གི་རྒྱུད་ཁོ་ན་ལས་གྱུར་པ་ཡིན་ནོ། །མངོན་པར་འདོད་པ་དང་ལྷན་ཅིག་

པ་ཞེས་བྱ་བ་ནི། གཞན་གྱི་དོགས་པའོ། །དོན་འདི་ཡིན་ཏེ། འདིར་རང་གི་རྒྱུད་ཀྱི་རྗེས་སུ་འཇུག་པ་ཅི་ཡོད་དེ་མངོན་པར་འདོད་པ་དང་ལྷན་ཅིག་པ་མཁན་པོས་འདུ་བྱེད་པ་ཁོ་ན་ལས་ཡིན་ནོ། །ཞེས་བྱ་བས་མ་ཆོག་པ་ཅི་ཡོད་ཅེས་བྱ་བ་ཡིན་ནོ། །ཡིན་མོད་ཅེས་བྱ་བ་ནི་གྲུབ་པའི་མཐའོ། །འདོད་པའི་

Vol. 184 · folio 107a

ལྷན་ཅིག་བྱེད་པ་ལ་ལྟོས་མོད་རང་གི་ཡོད་པའི་རིགས་ལ་ལྟོས་པ་ཉིད་དེ་རང་གི་སེམས་ཀྱི་རྒྱུན་སྔ་མ་ལ་ལྟོས་པ་ཉིད་ཀྱི་འདུ་བྱེད་པ་སྐྱེ་བས་མ་སྤངས་པ་ཅི་ཡོད། དེས་ན་ཞེས་བྱ་བ་ནི་ཉེ་བར་སྡུད་པའོ། །དེ་ལྟ་འོ་ན་ཕའི་རང་བཞིན་མདོག་དང་འདུ་བྱེད་པའི་ཁྱད་པར་དང་། མངོན་

པར་འདོད་པ་ལ་སོགས་པ་རྣམས་ཀྱི་རྗེས་སུ་འཇུག་པར་ལ་ལ་དང་། ལ་ལ་དག་ལ་མཐོང་བ་འགལ་ལོ་སྙམ་ན། ཕ་མའི་ཞེས་བྱ་བ་གསུངས་སོ། །འདི་ཉིད་འཆད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་ལན་ནི་ཞེས་བྱ་བ་ནི་ལན་འདེབས་པའོ། །འདི་ག་ལས་ཤེ་ན། སྨྲས་པ་སྲོག་

ཆགས་ཐམས་ཅད་དོ། །ཡང་ན་ཕ་གཅིག་ལས་སྐྱེས་པ་ཐམས་ཅད་དོ། །འོ་ན་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པའོ། །ཐམས་ཅད་རྗེས་སུ་མི་འཇུག་པ་ཞེས་བྱ་བ་ནི་མདོག་ལ་སོགས་པ་ཡང་རྗེས་སུ་མི་འཇུག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འགལ་བ་མེད་ཅེས་བྱ་བར་བརྗོད་པ་ཉིད་མ་ཡིན་ཏེ་ཞེས་བྱ་

བས་གཞུང་འཛུགས་པར་བྱེད་དོ། །དེའི་རང་བཞིན་གྱི་རྗེས་སུ་འཇུག་པའི་བུ་དེས་ཕའི་འདུ་བྱེད་དེའི་རང་བཞིན་གོམས་པར་བྱས་པའོ། །ཐམས་ཅད་ཕའི་རང་བཞིན་གྱི་རྗེས་སུ་འཇུག་པར་ཐལ་བའི་ཕྱིར་རོ་ཞེས་བརྗོད་པ་གང་ཡིན་པ་དེ་མི་འགྲིབ་པར་བྱ་བའི་དོན་དུ་དོགས་པར་བྱེད་པ་ནི། འོན་ཏེ་ཅི་ལྟར་

ཞེས་བྱ་བའོ། །ཤིང་གཅིག་ལས་དཔངས་མཐོན་པོ་ལ་སོགས་པའི་བྱེ་བྲག་ཐ་དད་པའི་ཤིང་དུ་མ་འབྱུང་བ་དེ་བཞིན་དུའོ། །ཕ་དང་འབྲེལ་པའི་ཤེས་པ་གཅིག་པ་ལས་ཕའི་རང་བཞིན་གྱི་རྗེས་སུ་འཇུག་པ་དང་མི་འཇུག་པའི་རྣམ་པར་ཤེས་པ་དུ་མ་འབྱུང་བའོ། །དེས་ན་ཐམས་ཅད་ཕའི་རང་བཞིན་གྱི་རྗེས་སུ་འཇུག་

པར་ཐལ་བ་མ་ཡིན་སྙམ་དུ་དགོངས་པའོ། །ལན་དུ་དེ་ལྟར་ན་ཞེས་བྱ་བའོ། །འོན་ཏེ་ཡང་དེ་ལྟར་འགྱུར་མོད། འཇིག་རྟེན་ཕ་རོལ་མ་ཡིན་པའི་སེམས་ལ་བརྟེན་པ་ནི་གེགས་བྱེད་པ་མེད་པའི་ཕྱིར་རོ་སྙམ་དུ་དོགས་ན། འདི་ལ་བཤད་ཟིན་ཏོ་ཞེས་གསུངས་སོ། །ཐལ་བའི་ཕྱིར་རོ་ཞེས་བྱ་བའི་དེ་མ་

ཐག་ཏུ་ཞེས་ཀྱི་སྒྲ་ནི་བལྟ་བར་བྱའོ། །བསམ་པ་ནི་འདི་ཡིན་ཏེ། འདི་ལྟར་ཤིང་ཝ་ཊ་ལས་ཤིང་དུ་མ་འབྱུང་ཡང་ཤིང་ཝ་ཊའི་རང་གི་རང་བཞིན་མ་ཡིན་པ་ནི་མ་ཡིན་ནོ། །དེ་བཞིན་དུ་ཕའི་ཤེས་པ་གཅིག་ལས་བུའི་ཤེས་པ་དུ་མ་སྐྱེ་ན་དེའི་རང་བཞིན་མ་ཡིན་པར་མི་འགྱུར་ཏེ། དེས་ན་སྔར་གྱི་ཤེས་པ་གཅིག་པའི་

Vol. 184 · folio 107b

རང་བཞིན་གྱི་རྗེས་སུ་འཇུག་པར་ཐལ་བ་བཟློག་པར་དཀའོ། །དེས་ན་འཇིག་རྟེན་ཕ་རོལ་པོ་མ་ཡིན་པའི་སེམས་རྟེན་ཉིད་ཅི་ལྟར་འགྱུར། ཕ་རོལ་པོ་ཅི་སྐད་བརྗོད་པའི་ཚུལ་གྱིས་འཇིག་རྟེན་ཕ་རོལ་པོའི་སེམས་ལ་བརྟེན་ལ་བརྟེན་པ་ཉིད་ཀྱང་མེད་པར་སྟོན་པ་ནི་འོ་ན་འཇིག་རྟེན་ཕ་རོལ་སྨྲ་བ་ལ་ཡང་

ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གྲུབ་པའི་མཐའ་སྨྲ་བའི་བསམ་པ་ནི་འདུས་པ་ལ་སོགས་པས་འགའ་འགའ་དག་ཏུ་ནི་དྲན་པ་མེད་པ་དང་། འགའ་ཞིག་ཏུ་ནི་རྗེས་སུ་འཇུག་པ་ཡང་མཐོང་བ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་རྣམ་པར་གཡེངས་པས་འདུ་བྱེད་པ་འགའ་

ཞིག་ནི་རྗེས་སུ་འཇུག་པར་ཡང་འགྱུར་ཏེ། དེ་ལྟར་མཐོང་བའི་ཕྱིར་རོ་སྙམ་དུ་གནས་པའི་ཉེས་པས་གོ་ཅི་ལྟར་སྙམ་པ་ལ་སྐྱེ་བ་དྲན་པ་ཡང་ཞེས་གསུངས་སོ། །དབང་པོ་ལས་འདས་པའི་ཕྱིར་སྐྱེ་བ་དྲན་པ་མཐོང་བ་ནི་དགག་པའི་ཡུལ་མ་ཡིན་ནོ། །འཇིག་རྟེན་ཕ་རོལ་བ་མ་ཡིན་པའི་སེམས་རྟེན་ཡིན་

པར་སྨྲ་བ་ནི་ཉེས་པར་འགྱུར་བ་ཁོ་ནའོ་ཞེས་སྟོན་པ་ནི། སྔོན་མེད་པ་སྐྱེད་པ་ལ་ནི་ཞེས་བྱ་བའོ། །མ་ལ་ཕན་ཚུན་ཆད་དང་འབྲེལ་པའི་ཤེས་པ་སྔ་མ་སྐྱེས་པ་ནི་རང་གི་རྒྱུད་ལས་མ་སྐྱེས་པའི་ཕྱིར་སྡུག་བསྔལ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེའི་གནས་སྐབས་ནི་ཞེས་བྱ་བའོ། །གཞན་མེད་པ་ནི་རང་གི་

རྒྱུད་མེད་པའི་ཕྱིར་རོ། །རྗེས་སུ་མཐུན་པའི་གནས་སྐབས་གཞན་སྲིད་ན་ནི། དེ་ལས་གཞན་པའི་གནས་སྐབས་ཐོབ་པ་ན། སྡུག་བསྔལ་བར་འགྱུར་བ་ཡིན་གྱི་དེ་ཉིད་ཀྱི་ཚེ་སྐྱེས་པ་ལ་ནི་དེ་མི་སྲིད་དོ། །དེས་ན་དེ་ལ་ནི་སྡུག་བསྔལ་བ་མེད་དོ་སྙམ་དུ་དགོངས་པའོ། །དེ་ལྟར་བྱས་པས་གལ་ཏེ་ཕ་

དེ་ཉིད་ཉེ་བར་ལེན་པའི་རྒྱུད་ཉིད་ཀྱིས་སྐྱེད་པར་བྱེད་པ་ཡིན་ན། དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། ལུས་གཞན་ལ་ཡང་དྲན་པར་ཐལ་ཞེས་སྦྱར་རོ། །ཧ་ཅང་ཐལ་བར་འགྱུར་དུ་འོང་བས་བུ་དང་འབྲེལ་པའི་ཞེས་གསུངས་ཏེ། རྒྱུད་གཅིག་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །ཐལ་བར་འགྱུར་བའི་

ལན་གྱི་དོགས་པ་བསུ་བ་ནི། སྡུག་བསྔལ་བས་ཞེས་བྱ་བ་སྟེ། མ་ལ་ལས་བྱུང་བས་སོ། །བུ་འདི་འབྲེལ་པའི་ལུས་ལ་མ་དྲན་ནོ་ཞེ་ན་ཞེས་བྱ་བའོ། །འདི་ཞེ་ལ་བསྡོགས་ནས་ནི་དེའི་གནས་སྐབས་ནི་དེ་ཉིད་ཀྱིས་ཞེས་ད་ལྟ་ཁོ་ན་སྨོན་ལམ་བཏབ་པ་དེ་ཉིད་ལེགས་པར་བསྒྲུབ་པའི་ཕྱིར་ཡང་ཉེ་

Vol. 184 · folio 108a

བར་བཀོད་པ་ཡིན་ནོ། །དེ་ཉིད་ཀྱི་ཚེ་ཕའི་ཤེས་པ་ལས་སྐྱེས་པ་དེ་ལ་ནི་སྡུག་བསྔལ་ཡིད་ལ་མ་ཡིན་ཏེ། རང་གི་རྒྱུན་མེད་པའི་ཕྱིར་རོ། །དཔེར་ན་དུག་གི་སྲིན་བུ་དྲུག་གིས་སྡུག་བསྔལ་བ་མ་ཡིན་པ་དེ་བཞིན་དུའོ། །སྡུག་བསྔལ་ཡོད་ན་ནི་གཞན་བཞིན་དུ་དེར་རྗེས་སུ་མཐུན་

པ་དང་འདྲ་བའི་གནས་པ་མ་ཐོབ་པ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །འོན་ཏེ་དེ་ལས་རྗེས་སུ་མཐུན་པའི་གནས་སྐབས་མ་ལ་སོགས་པའི་རང་བཞིན་ཡོད་པ་ཉིད་དེ། དེས་ན་སྡུག་བསྔལ་བ་ཡིན་ནོ་སྙམ་ན། དེ་ལྟ་ན་ནི་འོ་ན་དུག་གི་སྲིན་བུ་ལ་ཡང་སྡུག་བསྔལ་བ་ཡོད་པར་འགྱུར་ཏེ། གནས་སྐབས་

གཞན་སྲིད་པའི་ཕྱིར་རོ། །དེ་ལྟ་ཡང་མ་ཡིན་ཏེ་དེས་ན་དེ་བཞིན་དུ་དེ་ལ་སྡུག་བསྔལ་མེད་དོ། །དེ་ལྟར་ན་ཕས་བྱས་པ་བུས་དྲན་པ་ཐལ་བར་བཟློག་པ་དཀའོ། །འོ་ན་འཇིག་རྟེན་ཕ་རོལ་པོ་ལ་ཡང་དེ་སྡུག་བསྔལ་བ་ཡང་མ་ཡིན་ཏེ་དུག་གི་སྲིན་བུ་ཉིད་བཞིན་སྙམ་ན། འཇིག་རྟེན་གཞན་ནས་ཞེས་བྱ་བའོ། །

གལ་ཏེ་དུག་གི་སྲིན་བུ་ལ་སྡུག་བསྔལ་མེད་པ་དེ་ལྟ་ན་ཡང་ཐམས་ཅད་ལ་ནི་མེད་པ་མ་ཡིན་ཏེ། སྔོན་གོམས་པའི་བག་ཆགས་ཀྱི་ས་བོན་ཡོད་པ་དང་མེད་པས་ཁྱད་པར་ཡོད་པའི་ཕྱིར་རོ། །དེས་ན་འཇིག་རྟེན་ཕ་རོལ་པོ་ལ་ནི་འགའ་ཞིག་བདེ་བ་ལ་འགའ་ཞིག་སྡུག་བསྔལ་ལོ་ཞེས་བྱ་བའི་རྣམ་པར་དབྱེ་བ་ཡོད་

པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྐྱེ་བ་དྲན་པ་ཡང་མཐོང་བའི་ཕྱིར་རོ་ཞེས་བརྗོད་པ་ཡིན་ནོ། །འཇིག་རྟེན་ཕ་རོལ་ནས་མ་འོངས་པ་ལ་ནི་དེ་ལྟར་འགྱུར་བ་མ་ཡིན་ཏེ་ཁྱད་པར་མེད་པའི་ཕྱིར་རོ། །ཡང་ན་དེ་ཉིད་ཀྱི་ཚེ་སྐྱེས་པ་ལ་མ་ལ་སོགས་པའི་གནས་སྐབས་སྲིད་པའི་ཕྱིར་མངལ་ན་གནས་པ་སྡུག་བསྔལ་བར་

འགྱུར་མོད། དེ་ལྟ་ན་ཡང་ཉེས་པ་ཡོད་པ་ཉིད་དོ་ཞེས་སྟོན་པ་ནི་གཞན་ཡང་ཞེས་བྱ་བའོ། །གལ་ཏེ་མ་ལ་སོགས་པའི་སེམས་བུའི་སེམས་ཀྱི་རྟེན་ཡིན་ན་དེའི་ཚེ། ཁོང་ནས་ཕྱུང་ལ་ཕ་མས་སྡུག་བསྔལ་མྱོང་བར་ཐལ་ཏེ་ཞེས་སྦྱར་རོ། །གང་གིས་དེ་སྐད་བརྗོད་པ། ཅི་འགའ་ཞིག་ཏུ་དེ་ལྟ་བུ་མཐོང་ངམ་སྙམ་

པ་ལ། དཔེར་ན་ཞེས་གསུངས་ཏེ། ལུས་གཞན་ལ་ཡོད་པའི་སྡུག་བསྔལ་མྱོང་བར་གྱུར་པ་ན་ཞེས་བྱ་བ་ཞེ་ལ་གཞག་པའོ། རྨི་ལམ་གྱི་ལུས་ནི་གཉིད་ལོག་པའི་ལུས་སོ། །དེས་ན་དཔེར་ན་གཉིད་ལོག་པ་ལུས་གཞན་ལ་ཡོད་པའི་སྡུག་བསྔལ་རྨི་ལམ་གྱི་ལུས་ལ་མྱོང་བ་བཞིན་ནོ་ཞེས་རྩ་བ་

Vol. 184 · folio 108b

གཞན་དུ་གདོན་ཏོ། །དཔེར་ན་གཉིད་ལོག་པའི་ལུས་གཞན་དུ་གཏོགས་པས་རྨི་ལམ་གྱི་སྡུག་བསྔལ་མྱོང་བ་བཞིན་ནོ་ཞེས་བྱ་བར་གནོད་པ་ལ་ནི་གོ་སླའོ། །སྡུག་བསྔལ་བྱང་བར་ཐལ་བའི་ལན་གྱི་དོགས་པ་བསུ་བ་ནི། བསྐྱེད་པར་བྱ་བའི་ཤིང་ཞེས་བྱ་བའོ། །གང་གིས་ས་བོན་བཏབ་པས་

ཤིང་གཞན་སྐྱེས་པ་དེ་ནི་སྐྱེད་པར་བྱེད་པའི་ཤིང་ངོ་། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །དོན་ནི་འདི་ཡིན་ཏེ། སེམས་དང་ལྡན་པ་དང་། སེམས་མེད་པ་རྣམས་ཀྱི་ཚུལ་ཐ་དད་པར་ཚད་མས་མཐོང་བ་ནི་བཟློག་པར་ནུས་པ་མ་ཡིན་ནོ། །དེས་ན་གལ་ཏེ་མེས་བྱས་པའི་འབྲས་བུའི་ཤིང་འདུ་བྱེད་པ་ནི་

ཤིང་སྔ་མའི་རྣམ་པར་འགྱུར་བ་བྱེད་པ་ཉིད་དུ་མ་མཐོང་བ་དེ་ལྟ་ན་ཡང་འབྲས་བུར་གྱུར་པའི་རྨི་ལམ་གྱི་ལུས་ཀྱི་རྣམ་པར་འགྱུར་བ་ནི་སྔར་བྱེད་ལུས་ཀྱི་རྣམ་པར་སྒྱུར་བྱེད་ཡིན་པར་མཐོང་བ་ཁོ་ནའོ། །དེས་ན་ཕ་མ་དག་གིས་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་ལྟར་ཡང་མ་ཡིན་ཏེ་དེས་ན་མ་ལ་གནས་པ་

ནི་སྡུག་བསྔལ་བར་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟར་གཉི་ག་ལྟར་ཡང་དེ་སྡུག་བསྔལ་བ་མ་ཡིན་པ་དེས་ན་ཕ་མ་དག་གིས་སྔར་བྱས་པ། བུས་དྲན་པ་ཉིད་དུ་འགྱུར་རོ། །ཉེས་པ་གཞན་ཡང་བཤད་པ་ནི། དྲོད་གཤེར་ལས་ཞེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན། མ་ལ་སོགས་པ་མེད་པའི་

ཕྱིར་རོ། །བློ་ཡོད་པ་ཡང་ཡིན་ཏེ་ཞེས་ཁོང་ནས་ཕྱུང་ལ་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །དེ་ལྟ་ཡིན་དང་ཅི་འགྲུབ་སྙམ་ན། དེས་ན་མ་ལ་སོགས་པའི་ཞེས་གསུངས་སོ། །བཤད་པ་གཉིས་པ་ལ་ལྟོས་ནས་རྣམ་འགྲེལ་གྱི་དོན་ཉེ་བར་སྡུད་པ་ནི། དེ་བས་ན་ཡིད་ཀྱི་ཞེས་བྱ་བའོ། །གལ་ཏེ་ཞེས་

བྱ་བ་ནི་གཞན་གྱིའོ། །བུ་དང་འབྲེལ་པའི་ལུས་ཕའི་རྗེས་སུ་འགྲོ་བ་གང་ཡིན་པ་དེ་ལྟར་དམིགས་པའི་ཕྱིར་རོ། །དེ་ལས་ཐ་མི་དད་པ་ཞེས་བྱ་བ་ནི་འབྲས་བུའི་ལུས་ལས་ཐ་མི་དད་པའོ། །དེའི་རྗེས་སུ་འགྲོ་བ་ནི་སྔ་མ་ཙམ་གྱིས་རྗེས་སུ་འགྲོ་བ་སྒྲུབ་པ་ནི། དེ་ལྟར་ཡང་བློ་སྔ་མས་བསྐྱེད་པ་ཉིད་དོ་ཞེས་

བཤད་མ་ཐག་པ་ཁོ་ནའོ། །ཕ་མ་ལ་སོགས་པའི་ཤེས་པ་སྔ་མ་ཙམ་ནི་ལུས་ལས་ཐ་མི་དད་པར་འགྱུར་བ་ཁོ་ནའོ། །འོན་ཏེ་ཞེས་བྱ་བ་ནི་འཇིག་རྟེན་ཕ་རོལ་སྨྲ་བའི་དོགས་པ་བསུ་བའོ། །ལ་ནི་འཇིག་རྟེན་ཕ་རོལ་གྱི་ལུས་ཀྱང་ཞེས་བྱ་བ་སྟེ། ཐལ་བར་འགྱུར་བ་ཡང་ངོ་། །དེ་བཞིན་དུ་ཞེས་བྱ་བ་ཐ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words