ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད

Sanskrit title (Tibetan script, as in the text) པྲ་མཱ་ཎ་བི་ནིཤྩ་ཡ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 188 · folio 236a

མ་ཡིན་ནོ། །དཔེར་ན་གསལ་བའི་རང་བཞིན་དུ་ཤེས་པར་བྱ་བའི་གསལ་བ་ཉིད་ཀྱིས་བུམ་པ་ལ་སོགས་པ་གསལ་བར་བྱེད་པའི་སྒྲོན་མ་ནི་གསལ་བ་དེའི་རང་བཞིན་མ་རྟོགས་ན་རང་གི་དོན་བྱ་བ་གསལ་བར་བྱེད་པའི་མཚན་ཉིད་མི་བྱེད་པ་བཞིན་དང་། ཡང་དཔེར་ན་ཡི་གེའི་གོ་རིམས་

ཀྱི་ཁྱད་པར་གྱི་རྗེས་སོན་པའི་སྒྲ་དོན་གྱིས་གོ་བར་བྱེད་པ་མཐོང་བ་ནི་བཀོད་པ་དེ་མ་རྟོགས་ན་རྟོགས་པར་བྱེད་པ་ཉིད་མ་ཡིན་པ་དེ་བཞིན་དུ་རང་གི་ཤེས་པ་ལ་ལྟོས་ན་རྗེས་སུ་འགྲོ་ལྡོག་དང་ཕྱོགས་ཀྱི་ཆོས་དང་ལྡན་པ་ཉིད་ཀྱིས་གོ་བར་བྱེད་པ་ཉིད་དུ་གྱུར་པའི་གཏན་ཚིགས་ཀྱང་དེའི་རང་བཞིན་མ་རྟོགས་པར་ནི་གོ་བར་

བྱེད་པ་མ་ཡིན་ཏེ་སྒྲ་བཞིན་དང་གསལ་བ་བཞིན་ནོ། །དེའི་ཕྱིར་ཁྱབ་པར་བྱ་བ་ཉིད་དུ་ངེས་པ་ཉིད་ཀྱི་ཁྱབ་པར་བྱ་བ་ནི་གོ་བར་བྱེད་པ་ཡིན་ལ། ཁྱབ་པར་བྱེད་པ་ཉིད་དུ་ངེས་པའི་ཁྱབ་པར་བྱེད་པ་ནི་གོ་བར་བྱ་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ངེས་པ་ཉིད་ཀྱིས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་དག་ནི་རྗེས་སུ་བྱེད་པ་པོ་དང་

རྗེས་སུ་བྱེད་པ་ཡིན་ནོ། །ངེས་པ་དེ་དག་ཉིད་ནི་ལྡོག་པར་བྱེད་པ་དང་ལྡོག་པར་བྱ་བ་ཡང་ཡིན་ནོ་ཞེས་སྟོན་པ་ནི་ཁྱབ་པར་བྱེད་པའི་ཆོས་དེ་ནི་ཡུལ་འགའ་ཞིག་ལས་རང་ལྡོག་པ་ན་ཁྱབ་པར་བྱ་བ་སྒྲུབ་པར་བྱེད་པ་དེ་ལྡོག་པར་བྱེད་པ་ཡིན་ནོ། །འདི་ཉིད་བསྒྲུབ་པའི་ཕྱིར་བཤད་པ། གང་གི་ཕྱིར་གལ་ཏེ་ཁྱབ་པར་

བྱེད་པ་འདི་མེད་ན་ཁྱབ་པར་བྱ་བའི་ཆོས་དེ་མེད་པ་ཡིན་ན། དེ་ལྟར་ན་ནི་ཞེས་བྱ་བ་བཤད་མ་ཐག་པའི་རྣམ་པ་དེ་ལྟ་བུ་ཡིན་ན་ནི་བསྒྲུབ་པར་བྱ་བའི་ཆོས་དེའི་ཁྱབ་པར་བྱེད་པ་འགྲུབ་པ་ཡིན་ནོ། །བསྒྲུབ་པར་བྱ་བ་མེད་ཀྱང་ཡོད་པའི་སྒྲུབ་པར་བྱེད་པའི་ཆོས་ཀྱི་ཁྱད་པར་བྱེད་པ་ནི་བསྒྲུབ་པར་བྱ་བའི་ཆོས་མ་ཡིན་

ནོ། །དེའི་ཕྱིར་དེ་ལྟར་ཚད་མས་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་དེས་ན་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་གྲུབ་པར་འགྱུར་བ་ཡིན་ལ། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་དག་ཀྱང་ལྡོག་པར་བྱེད་པ་དང་ལྡོག་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་

དངོས་པོ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །དེ་ལྟར་བསྟན་པ་འདིས་ནི་ཆོས་མཐུན་པ་དང་མི་མཐུན་པ་ཅན་དག་གིས་གཏན་ཚིགས་རྣམ་པ་གཉིས་ཀྱི་གོ་བར་བྱ་བ་དང་གོ་བར་བྱེད་པའི་གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་གང་ཡིན་པ་དེའི་མཚན་ཉིད་ཀྱང་ངོ་། །གོ་བར་བྱ་བ་དང་གོ་བར་བྱེད་པ་ཉིད་

Vol. 188 · folio 236b

ཀྱི་རྒྱུ་ནི་ཐམས་ཅད་ཀྱང་ཁྱབ་པ་ངེས་པ་ཡིན་པས་ན། དེའི་མཚན་ཉིད་ནི་རྒྱུ་མཚན་ཏེ། ཁྱབ་པ་ངེས་པ་ཡིན་ནོ། །གལ་ཏེ་ཚུལ་གསུམ་པའི་རྗེས་སུ་ཞུགས་པ་དེའི་བདག་ཉིད་ཀྱི་འབྲེལ་པ་དང་ལྡན་པའི་གཏན་ཚིགས་གཅིག་ཉིད་མ་ཡིན་ནམ། གང་ལས་རྣམ་པ་གཉིས་སུ་འགྱུར་ཞེ་ན། བཤད་པ། སྦྱོར་བའི་

དབང་གིས་སོ། །སྦྱོར་བ་ནི་སྒྲ་བརྗོད་པའི་བྱེད་པ་སྟེ་དངོས་སུ་བརྗོད་པའི་ནུས་པས་སོ། །དེ་ལས་གཏན་ཚིགས་རྣམ་པ་གཉིས་ཡིན་ནོ། །ངག་ཁ་ཅིག་ལ་ནི་སྒྲུབ་པ་དངོས་ཀྱི་བརྗོད་བྱ་ཁ་ཅིག་ལ་ནི་དགག་པ་ཡིན་ནོ། །དེ་ལ་རྣམ་པ་གཉིས་ནི་བརྗོད་བྱ་ཐ་དད་པ་ལས་ཡིན་ནོ། །རྣམ་པ་གཉིས་ཀྱི་རྒྱུ་དེ་ཉིད་སྟོན་པར་བྱེད་

དེ། དཔེའི་ཆོས་ཅན་དང་བསྒྲུབ་བྱའི་ཆོས་མི་མཐུན་པ་ཉིད་འདི་ལ་ཡོད་པའོ། །ཆོས་མི་མཐུན་པ་ཡང་སྒྲུབ་པར་བྱེད་པའི་ཆོས་ཀྱིས་བྱས་པའོ། །གང་བྱས་པ་དེ་ནི་མི་རྟག་པ་ཡིན་ལ་སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱས་པ་ཉིད་ཀྱིས་བྱས་པས་ཆོས་ཅན་གཉིས་ཆོས་མཐུན་པ་ཅན་ཡིན་ལ། གང་རྟག་པ་དེ་ནི་མ་བྱས་པ་ཡིན་

ལ། སྒྲ་ནི་བྱས་པ་ཡིན་ནོ་ཞེས་འདི་དག་གི་ཆོས་མི་མཐུན་པ་ཡང་བྱས་པ་ཡིན་ནོ། །གང་ལ་བརྗོད་པར་བྱ་བ་ཆོས་མཐུན་པ་ཡོད་པ། དེ་ནི་ཆོས་མཐུན་པ་ཅན་ཡིན་ལ། གཞན་ནི་ཆོས་མི་མཐུན་པ་ཅན་ནོ། །གལ་ཏེ་གང་དུ་ཆོས་མཐུན་པ་ཅན་ཡིན་པ་དེར་ནི་རྗེས་སུ་འགྲོ་བར་བརྗོད་བྱ་ཡིན་ལ། གང་དུ་ཆོས་མི་

མཐུན་པ་དེར་ནི་ལྡོག་པ་མ་ཡིན་ནམ། འགའ་ཞིག་གི་ཚུལ་འགའ་ཞིག་ཁོ་ན་བརྗོད་པའི་ཕྱིར་གཉི་གས་ཚུལ་གསུམ་མ་བརྗོད་པར་འགྱུར་རོ། །དེས་ན་སྦྱོར་བའི་བྱེ་བྲག་འབའ་ཞིག་ཏུ་མ་ཟད་ཀྱི། དོན་གྱི་བྱེ་བྲག་ཀྱང་ཡོད་པ་ཡིན་ནོ་ཞེ་ན། འདི་གཉིས་དོན་དུ་ནི་བྱེ་བྲག་ཅི་ཡང་མེད་དོ་ཞེས་སྨོས་སོ། །དོན་གང་གི་དབང་དུ་

བྱས་ནས་ངག་གཉིས་རབ་ཏུ་སྦྱར་བའི་དགོས་པར་འགྱུར་བ་དེ་ནི་འདིར་དོན་དུ་བརྗོད་པ་ཡིན་གྱི། བརྗོད་པར་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་ངག་འདི་གཉིས་ཀྱི་དོན་ལ་ནི་བྱེ་བྲག་ཅི་ཡང་མེད་དེ། གཉི་ག་ཡང་ཚུལ་གསུམ་པའི་རྟགས་ཀྱི་དབང་དུ་བྱས་ནས་འཇུག་པའི་ཕྱིར་རོ། །གལ་ཏེ་འོ་ན་ནི་འདི་གཉིས་ཀྱི་རྟོགས་པར་བྱ་

བའི་དོན་ལ་ཁྱད་པར་ཅུང་ཟད་ཀྱང་མེད་ན། རྗོད་པར་བྱེད་པའི་བྱ་བ་ལ་ཁྱད་པར་ཡོད་པར་མི་འགྱུར་ཏེ། དེ་ནི་དེའི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་དོགས་པ་ལ། སྦྱོར་བའི་བྱེ་བྲག་མ་རྟོགས་པར་ཞེས་སྨོས་སོ། །འདི་སྐད་བརྗོད་པ་ཡིན་ཏེ། རྗོད་པར་བྱེད་པའི་བྱེད་པ་ལས་ནི་ཁྱད་པར་ཡོད་པ་ཉིད་དོ། །གོ་བར་བྱ་

Vol. 188 · folio 237a

བའི་དོན་ལས་ཁྱད་པར་ཅུང་ཟད་ཀྱང་མེད་དོ། །གང་ཞིག་དངོས་སུ་བརྗོད་པར་བྱ་བ་དེ་ཉིད་རྟོགས་པར་བྱ་བར་འགྱུར་བ་ནི་མ་ཡིན་ན། གང་གིས་རྗོད་པར་བྱེད་པའི་བྱེད་པ་ཐ་དད་པས་དངོས་པོ་ཐ་དད་པར་འགྱུར། འོན་ཀྱང་དངོས་སུ་བརྗོད་པར་བྱ་བ་ནི་གཞན་ཡིན་ལ། རྟོགས་པར་བྱ་བ་ཡང་

གཞན་ཡིན་ཏེ། དཔེར་ན་ལྷ་སྦྱིན་ཚོན་པོ་ཉིན་པར་ཟན་མི་ཟའོ་ཞེས་ཟོས་པའི་འབྲས་བུ་ཚོན་པོ་ཉིད་ངག་གིས་དངོས་སུ་བརྗོད་ཅིང་ཁྱད་པར་ཅན་གྱི་དུས་ཀྱང་བཀག་པ་ན། དོན་གྱིས་མཚན་མོ་ཟ་བར་ངེས་པ་བཞིན་ནོ། །དེས་ན་འདིར་བརྗོད་པར་བྱ་བ་གཞན་ཡིན་ལ། རྟོགས་པར་བྱ་བ་ཡང་གཞན་ཡིན་ནོ། །

རྟོགས་པར་བྱེད་པ་དེ་ཡང་མཚན་མོ་ཟའོ་ཞེས་བྱ་བའི་སྒྲ་འདིས་ཀྱང་རྟོགས་པར་ནུས་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་ངག་གཉིས་ཀྱི་བརྗོད་པར་བྱ་བ་ནི་གཞན་ཡིན་ལ། རྟོགས་པར་བྱ་བ་ཡང་གཞན་ཡིན་ནོ། །དེས་ན་གཉི་གས་ཀྱང་དོན་གཅིག་ཁོ་ན་རྟོགས་པར་བྱ་བ་ཉིད་དོ། །གལ་ཏེ་འདི་སྙམ་དུ་

སྒྲའི་བྱེད་པ་ལ་བརྟེན་པའི་ཁྱད་པར་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་བརྗོད་པར་བྱ་བ་མ་ཡིན་ནམ། ཅི་ལྟར་འདིར་བརྗོད་ཅེ་ན། བཤད་པ། སྦྱོར་བ་དེ་མཐོང་བ་གོམས་པ་ལས་རང་ཉིད་རྟོགས་པ་ན་ཡང་སྟེ། གཞན་ལས་རྟོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་རང་རྟོགས་པ་ན་ཡང་དེ་ལྟར་འགྱུར་བའི་

ཕྱིར་ཏེ། བསྒྲུབ་པའི་སྒོ་ནས་སམ་དགག་པའི་སྒོ་ནས་རྟོགས་པར་འགྱུར་བའི་ཕྱིར་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་ཡང་གཏན་ཚིགས་ཀྱི་དབྱེ་བ་བསྟན་ཏོ། །འདི་སྐད་བརྗོད་པ་ཡིན་ཏེ། ཇི་ལྟར་གཞན་རྟོགས་པ་ལ་དབྱེ་བ་ཉེ་བར་མཁོ་བ་དེ་བཞིན་དུ་བདག་ཉིད་རྟོགས་པ་ལ་ཡང་ཡིན་ཏེ། དེས་ན་རང་གི་དོན་

དུ་ཡང་སྲིད་པའི་ཕྱིར་འདི་ཉིད་དུ་དབྱེ་བར་བྱས་པ་ཡིན་ནོ། །གལ་ཏེ་གང་གི་རྟགས་ཀྱི་ཚུལ་གསུམ་བརྗོད་པར་འགྱུར་བ་རྗེས་སུ་འགྲོ་བ་བརྗོད་པ་ན་ལྡོག་པ་རྟོགས་པར་ཅི་ལྟར་འགྱུར་ཞེས་དོགས་པ་དང་། བཤད་པ། གང་གི་ཕྱིར་བརྗོད་པར་བྱ་བ་ཆོས་མཐུན་པ་ཉིད་དང་ལྡན་པའི་སྦྱོར་བ་ལ་ཡང་དོན་གྱིས་ཏེ།

ཤུགས་ཀྱིས་ཆོས་མི་མཐུན་པ་ཉིད་རྟོགས་པ་ཡོད་པ་ཡིན་ནོ། །ཤུགས་དེ་ཉིད་སྟོན་པར་བྱེད་པ་ནི་ལྡོག་པ་རྟོགས་པའི་བློ་དེ་མེད་ན་བསྒྲུབ་པར་བྱ་བས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ལྡོག་པའི་བློ་མེད་ན་ཡང་སྒྲ་ལས་རྗེས་སུ་འགྲོ་བ་ཡང་ངེས་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་

Vol. 188 · folio 237b

བསྒྲུབ་པར་བྱ་བའི་ཆོས་གང་འགའ་ཞིག་ཉིད་ལས་ལྡོག་པ་ན། སྒྲུབ་པར་བྱེད་པའི་ཆོས་མི་ལྡོག་པར་དོགས་པ་དེ་ཉིད་སྒྲུབ་པར་བྱེད་པའི་ཆོས་བསྒྲུབ་པར་བྱ་བའི་ཆོས་དེ་དང་བྲལ་བར་དོགས་པར་འགྱུར་རོ། །དེས་ན་རྗེས་སུ་འགྲོ་བའི་ངག་གིས་རྗེས་སུ་འགྲོ་བ་རྟོགས་ན་ལྡོག་པ་ཡང་རྟོགས་པར་འགྱུར་བ་ཉིད་དེ། དེ་ལྟར་

མ་ཡིན་ན་རྗེས་སུ་འགྲོ་བ་ཉིད་ནི་མི་རྟོགས་པར་འགྱུར་བའི་ཕྱིར་རོ། །དེ་བཞིན་དུ་དོན་གྱིས་ཆོས་མི་མཐུན་པའི་སྦྱོར་བ་ལ་ཡང་རྗེས་སུ་འགྲོ་བ་ངེས་པར་འགྱུར་ཏེ། དེ་མེད་ན་ཞེས་བྱ་བ་རྗེས་སུ་འགྲོ་བ་རྟོགས་པ་མེད་ན་བསྒྲུབ་པར་བྱ་བ་མེད་པ་ལ་སྟེ། ལོག་པ་ལ་གཏན་ཚིགས་མེད་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །ཡུལ་

གང་ན་གཏན་ཚིགས་ཡོད་པ་ན་བསྒྲུབ་བྱ་ཡོད་པར་ཐེ་ཚོམ་ཟ་བ་དེ་ཉིད་ལས་བསྒྲུབ་བྱ་ལོག་པ་ན་སྒྲུབ་པར་བྱེད་པ་ལོག་པར་ཐེ་ཚོམ་ཟ་བར་འགྱུར་རོ། །དེའི་ཕྱིར་ལོག་པའི་ཚིག་གིས་ལྡོག་པ་རྟོགས་པ་ན་རྗེས་སུ་འགྲོ་བ་ཡང་རྟོགས་པ་ཉིད་དེ། དེ་ལྟ་མ་ཡིན་ན་ལྡོག་པ་དེ་ཉིད་ལ་ཐེ་ཚོམ་ཟ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་

ནམ་མཁའ་ལ་མཉན་པར་བྱ་བ་ཉིད་དང་མི་རྟག་པ་ཉིད་ལྡོག་ཅིང་མིག་གིས་གཟུང་བར་བྱ་བ་ཉིད་ཀྱང་དེ་ལས་ལྡོག་པ་ཡིན་ན། མཉན་པར་བྱ་བ་ཉིད་ནི་ཡོད་དུ་ཟིན་ཀྱང་མི་རྟག་པ་ཉིད་དང་མིག་གིས་གཟུང་བར་བྱ་བ་ཉིད་ཡོད་པ་མ་ཡིན་ཏེ། དེས་ན་རྗེས་སུ་འགྲོ་བ་མེད་པར་ལྡོག་པ་ཡོད་པ་མ་ཡིན་ནམ་ཞེ་ན། འདི་ནི་ཕྱིས་འཆད་

པར་འགྱུར་ཏེ་དོན་འདི་འཆད་པར་འགྱུར་རོ། །མ་མཐོང་བ་ཙམ་གྱིས་ཆོས་གཅིག་ལྡོག་པ་ན་ཆོས་གཞན་ལྡོག་པར་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་དེ་དག་འབྲེལ་པ་ཡོད་ན་ཡིན་ནོ། །དེས་ན་གཅིག་ལོག་པས་གཞན་ལྡོག་པར་རྟོགས་པར་བྱེད་པ་ནི་དེ་དག་གིས་འབྲེལ་པ་ཚད་མས་རྟོགས་པར་བྱ་བ་ཡིན་

ནོ། །འབྲེལ་བ་ངེས་པ་ཉིད་ཀྱི་རྗེས་སུ་འགྲོ་བ་ངེས་པ་ཡིན་ཏེ། དེའི་ཕྱིར་རྗེས་སུ་འགྲོ་བ་མེད་པའི་ལྡོག་པ་ནི་འགའ་ཡང་ཡོད་པ་མ་ཡིན་པས། འདི་དག་ལ་ནི་རྗེས་སུ་འགྲོ་བ་མེད་ཅིང་ལྡོག་པ་ཡང་མེད་པ་ཡིན་ནོ། །གང་ལ་ཆོས་འདི་དག་བསམ་པར་བྱ་བའི་གཏན་ཚིགས་དེ་གཉིས་ཀྱང་གང་ཡིན་ཞེ་ན། བཤད་པ།

རབ་ཏུ་སྦྱར་བར་བྱ་བའི་གཏན་ཚིགས་དེ་དག་ཀྱང་ཅུང་ཟད་བྱས་པ་ཞེས་བྱ་བ་ནི་མཚོན་བྱེད་ཀྱི་ཚུལ་གྱི་གཏན་ཚིགས་བསྟན་པའོ། །དེ་ཐམས་ཅད་མི་རྟག་པ་སྟེ་ཞེས་བྱ་བ་མཚོན་བྱའི་ཚུལ་གྱིས་བསྒྲུབ་བྱ་བསྟན་པའོ། །ཐམས་ཅད་སྨོས་པ་ནི་ངེས་པར་བྱ་བའི་ཕྱིར་ཏེ། དེ་ཐམས་ཅད་ནི་མི་རྟག་པ་སྟེ་དེ་ནི་མི་རྟག་

Vol. 188 · folio 238a

པ་ཁོ་ནའོ་ཞེས་གང་ལ་ཁོ་ནའི་སྒྲས་བྱས་པ་དེ་ལས་གཞན་ངེས་པར་འཛིན་པའི་ཕྱིར་བྱས་པ་ཉིད་དང་བརྩལ་མ་ཐག་ཏུ་བྱུང་བ་ཉིད་ནི་མི་རྟག་པ་ཉིད་ལ་ངེས་པ་ཡིན་ནོ། །དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདི་ནི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་རབ་ཏུ་བསྒྲུབ་པའི་ཚད་མའི་

ཡུལ་རབ་ཏུ་སྟོན་པའོ། །སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་ཉེ་བར་སྟོན་པ་སྟེ། འདི་ནི་རྗེས་སུ་འགྲོ་བ་དང་ལྡན་པའི་སྦྱོར་བའོ། །བྱས་པ་ཉིད་ནི་མི་རྟག་པ་ཉིད་ལ་ངེས་པར་བསྟན་པ་ཡིན་ལ། མི་རྟག་པ་དང་ལྡན་པའི་བྱས་པ་དེ་ཡང་སྒྲ་ལ་ཡོད་པའི་ཕྱིར་ཤུགས་ཀྱིས་སྒྲ་མི་རྟག་པ་དང་ལྡན་པར་འགྱུར་བ་ཡིན་ནོ། །

དེའི་ཕྱིར་འདིར་ནི་ཕྱོགས་ནི་གདོན་མི་ཟ་བར་བསྟན་པར་མི་བྱ་བ་ཡིན་ནོ། །ལྡོག་པ་དང་ལྡན་པའི་སྦྱོར་བ་ལ་ཡང་བསྒྲུབ་པར་བྱ་བ་མི་རྟག་པ་ཉིད་མེད་ན་བྱས་པ་ཉིད་དུ་འགྱུར་བ་མ་ཡིན་ན་ཞེས་བྱ་བ་འདིས་ནི་ངེས་པར་བསྟན་པ་ཡིན་ཏེ། བསྒྲུབ་པར་བྱ་བ་ལྡོག་པ་གཏན་ཚིགས་ལྡོག་པ་ལ་ངེས་པ་ཉིད་ཡིན་གྱི་དེ་དང་བྲལ་

བ་ནི་མ་ཡིན་ནོ། །སྒྲ་ནི་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པ་ལྡོག་པ་མེད་པ་སྒྲུབ་པར་བྱེད་པ་ཡོད་པར་བསྟན་པ་ཡིན་ཏེ། དེས་ན་འདི་ལ་བསྒྲུབ་པར་བྱ་བ་ལ་སོགས་པ་ཡང་མེད་པའི་ཕྱིར་ཤུགས་ཀྱིས་བསྒྲུབ་པར་བྱ་བ་ཡོད་པ་ཡིན་ཏེ། དེས་ན་ཕྱོགས་ནི་སྦྱར་བར་བྱ་བ་མ་ཡིན་ནོ། །དེ་ཉིད་གསལ་བར་

བྱ་བའི་ཕྱིར་དེའི་ངོ་བོར་ཞེས་སྨོས་སོ། །མི་རྟག་པ་དེ་ཉིད་ཀྱི་ངོ་བོ་ནི་དེའི་ངོ་བོའོ། །གང་ཞིག་དེར་གྲུབ་པ་དེའི་དངོས་པོ་དེར་རྒྱུར་གྱུར་པས་ན་དེའི་བདག་ཉིད་ཀྱིས་མི་རྟག་པ་ཉིད་ལོག་ན་བྱས་པ་ཉིད་ལྡོག་པ་ཡིན་ནོ། །བྱས་པ་དེ་མེད་ན་མེད་པ་ཉིད་ལྡོག་པ་དང་། གང་གི་ཚེ་སྒྲ་ལ་ཡང་ཡོད་པར་བདོག་པར་བསྟན་པ་སྟེ་

འདིས་ནི་ཕྱོགས་ཀྱི་ཆོས་ཉིད་བསྟན་ཏོ། །དེ་ལྟར་བསྟན་པ་ན་དངོས་པོ་མི་རྟག་པ་དེའི་བདག་ཉིད་དུ་ཡོད་པ་ཡིན་ནོ་ཞེས་གོ་བར་འགྱུར་གྱི། འབའ་ཞིག་ཙམ་ནི་མ་ཡིན་ནོ། །འདི་ལྟར་མི་རྟག་པའི་ངོ་བོ་ཉིད་དུ་ངེས་ཤིང་དེའི་ངོ་བོ་ཉིད་དེ་ཡང་འདི་ལ་ཡོད་པའི་ཕྱིར་ཤུགས་ཀྱིས་སྒྲ་མི་རྟག་པས་རྗེས་སུ་དཔག་པར་བྱ་བ་མི་

བརྗོད་དོ། །རྗེས་སུ་འགྲོ་བ་ཡང་དོན་གྱིས་གོ་བ་སྟེ། དོན་གྱི་ཤུགས་ཀྱིས་འགྲུབ་སྟེ། གང་གི་ཚེ་གང་ཞིག་གང་གི་བདག་ཉིད་དུ་ངེས་པ་མེད་པ་དེའི་བདག་ཉིད་དུ་མ་ངེས་པ་དེ་ནི་ལྡོག་པ་སྟེ་ངེས་པའི་ཡུལ་མ་ཡིན་པ་ལྡོག་པས་ལྡོག་པར་མི་འགྱུར་ཏེ། དཔེར་ན་བཙལ་མ་ཐག་ཏུ་བྱུང་བ་ཉིད་ལྡོག་པས་མི་རྟག་པ་ཉིད་

Vol. 188 · folio 238b

མི་ལྡོག་པ་བཞིན་ཏེ། འདི་ལྟར་དེ་ནི་བརྩལ་མ་ཐག་ཏུ་བྱུང་བ་མ་ཡིན་པའི་བདག་ཉིད་ཀྱང་ཡོད་པ་ཡིན་ནོ། །གང་གི་ཕྱིར་ངེས་པའི་ཡུལ་མ་ཡིན་པ་ལོག་ཀྱང་ཆོས་གཞན་ལྡོག་པ་མ་ཡིན་པ་དེས་ན་དེའི་བདག་ཉིད་ཀྱི་རྒྱུ་མཚན་ཅན་གྱི་ངེས་པ་ཚད་མས་རབ་ཏུ་བསྒྲུབས་ནས་དེ་ལས་གཞན་ལོག་པས་ཆོས་ལྡོག་པར་བརྗོད་

པར་བྱའི་གཞན་དུ་ནི་མ་ཡིན་ནོ། །དེས་ན་འདིས་དོན་འདི་བརྗོད་པ་ཡིན་ཏེ། ཚད་མས་སྔོན་དུ་འགྲོ་བའི་རྗེས་སུ་འགྲོ་བ་ངེས་པས་ལྡོག་པར་བྱེད་པ་དང་ལྡོག་པར་བྱ་བའི་དངོས་པོ་ངེས་པའམ་ངེས་པར་བྱེད་ནུས་པ་ཡིན་ལ། སྒྲུབ་པར་བྱེད་པ་བསྒྲུབ་པར་བྱ་བའི་བདག་ཉིད་དུ་རྟོགས་པས་རྗེས་སུ་འགྲོ་བ་

ངེས་པར་བྱས་པ་ན་ཡང་བསྒྲུབ་བྱ་རྟོགས་པར་འགྱུར་བའི་ཕྱིར་ཕྱོགས་དེ་ནི་སྦྱར་བར་བྱ་བ་མ་ཡིན་ནོ། །སྔར་ནི་ངག་གི་བྱ་བ་སྟོན་པ་ན་དེ་མེད་ན་བསྒྲུབ་བྱ་མེད་པ་ལ་གཏན་ཚིགས་མེད་པར་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་བཤད་པ་ཡིན་ཏེ། རྗེས་སུ་འགྲོ་བའི་བློ་རྟོགས་པར་བྱེད་པ་མ་ཡིན་པའི་ངག་ནི་ལྡོག་པར་རྟོགས་པར་བྱེད་པ་

མ་ཡིན་ནོ། །དེའི་ཕྱིར་ངག་གཅིག་ཀྱང་གཉི་ག་གོ་བར་བྱེད་པ་ཡིན་ནོ། །ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོར་ངེས་པར་གོ་བར་བྱེད་པའི་གཏན་ཚིགས་སུ་ཁས་ལེན་ན། ད་ནི་ཤེས་པ་གང་གིས་ཁྱོད་བྱས་པའི་སྒྲ་ནི་མི་རྟག་པ་ཡིན་ཏེ། གང་བྱས་པ་དེ་ནི་མི་རྟག་པའོ་ཞེས་དེ་སྐད་དུ་བརྗོད་པར་འགྱུར་བ་

བྱས་པ་གདོན་མི་ཟ་བར་མི་རྟག་པའོ་ཞེས་ཇི་ལྟར་ཏེ་ཚད་མ་གང་གིས་ཤེས་པ་འདིར་འགྱུར་ཞེས་འདྲི་བ་ལ། ཁྱབ་པའི་ཡུལ་ཅན་གནོད་པར་བྱེད་པའི་ཚད་མ་བསྟན་པའི་ཕྱིར། འདི་ལྟར་ཞེས་སྨོས་སོ། །གང་གི་ཕྱིར་ལྡོག་པའི་ཆོས་ཀྱི་ངོ་བོ་འཇིག་པ་ནི་རང་གི་ངོ་བོ་སྟེ། རང་བཞིན་ཙམ་ཉིད་ལས་སམ།

ཡང་ན་འདི་ལས་བྱུང་བས་ན་ངོ་བོའོ། །རང་གི་ངོ་བོ་ནི་རང་གི་དངོས་པོ་སྟེ་རང་རྒྱུའོ། །དེས་རྗེས་སུ་འབྲེལ་པ་ཉིད་ནི་དངོས་པོར་ཡོད་པ་སྟེ། དེའི་ཕྱིར་ན་བྱས་པ་མི་རྟག་པ་ཉིད་དོ། །དེ་ག་ལས་ཤེ་ན། རྒྱུ་མེད་ཕྱིར་ཏེ་གང་གི་ཕྱིར་སྐྱེད་པར་བྱེད་པའི་རྒྱུ་ལས་འཇིག་པའི་རྒྱུ་གཞན་མེད་པ་དེའི་ཕྱིར་རང་གི་ངོ་བོས་རྗེས་

སུ་འབྲེལ་པ་ཡིན་ནོ། །གལ་ཏེ་རིམ་དང་ཅིག་ཅར་མེད་པའི་ཕྱིར་ན་རྟག་པ་ལས་ཡོད་པའམ་བྱས་པ་ལྡོག་པ་མ་ཡིན་ནམ། འཇིག་པ་ངོ་བོ་ཉིད་ཀྱིས་རྗེས་སུ་འབྲེལ་པ་ནི་གྲུབ་ཀྱང་སྐྱེ་བ་ལ་བར་དུ་གཅོད་པ་མེད་པར་འབྱུང་བའི་འཇིག་པ་འཇིག་པའི་ངང་ཅན་དུ་གྲུབ་པར་འགྱུར་གྱི་དོན་ཐམས་ཅད་འཇིག་པའི་ངང་ཅན་དུ་

Vol. 188 · folio 239a

འགྲུབ་པར་ནི་མི་འགྱུར་རོ། །དེས་ན་རིམ་དང་ཅིག་ཅར་མེད་པ་ཉིད་བརྗོད་པར་བྱ་བ་ཡིན་གྱི་འདིས་ཅི་བྱ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་གཞན་གྱིས་སྐད་ཅིག་མ་མ་ཡིན་པ་ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་པ་དང་བཅས་པ་དོན་བྱེད་ནུས་པར་ཁས་བླངས་ནས། འཇིག་པའི་རྒྱུ་ནི་དཔེ་ཉིད་དུ་ཉེ་བར་

བཀོད་དེ། དཔེར་ན་འཇིག་པའི་རྒྱུ་ཅུང་ཟད་མི་བྱེད་ཀྱང་དངོས་པོ་ལྡོག་པར་བྱེད་པ་ཡིན་པ་དེ་བཞིན་དུ་ལྷན་ཅིག་བྱེད་པའི་རྐྱེན་ཡང་ཅུང་ཟད་མི་བྱེད་ཀྱང་དོན་བྱེད་པ་ལ་འཇུག་པར་བྱེད་དོ། །དཔེར་ན་རྒྱུ་དང་འབྲས་བུའི་དངོས་པོ་རྗེས་སུ་འགྲོ་བ་དང་ལྡོག་པས་རྟོགས་པར་བྱ་བ་ཡིན་ཡང་། དེར་རྒྱུ་དང་འབྲས་བུ་མངོན་པར་འདུས་

བྱས་ཏེ་སྐྱེད་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ཉེ་ན་ཅིག་ཤོས་འབྱུང་བ་ཙམ་འབའ་ཞིག་ཏུ་ཟད་པ་དེ་བཞིན་དུ། ལྡོག་པར་བྱ་བ་དང་ལྡོག་པར་བྱེད་པའི་དངོས་པོ་ནི་མངོན་སུམ་དང་མི་དམིགས་པས་རྟོགས་པར་བྱ་བ་ཡིན་ཡང་། འཇིག་པའི་རྒྱུས་དངོས་པོ་མངོན་པར་འདུ་བྱས་ནས་ལྡོག་པར་བྱེད་པ་ནི་མ་ཡིན་གྱི། འོན་

ཀྱང་དེ་དག་ཉེ་ན་དངོས་པོ་ལྡོག་པ་ཡིན་ནོ། །དཔེ་ཅུང་ཟད་ཀྱི་མི་བྱེད་པའི་འཇིག་པའི་རྒྱུ་མངོན་སུམ་དང་མི་དམིགས་པས་རྒྱུའི་ངོ་བོར་ཁོང་དུ་ཆུད་པ་ལ་ལྟོས་ནས་དངོས་པོ་ལྡོག་པ་དེ་བཞིན་དུ། སྐད་ཅིག་མ་མ་ཡིན་པའི་དངོས་པོ་ཡང་འབྲས་བུ་བྱེད་པར་ནུས་ཀྱང་ལྷན་ཅིག་བྱེད་པའི་རྐྱེན་ལ་ལྟོས་ནས་དོན་བྱ་བ་ལ་

འཇུག་པ་ཡིན་ཏེ། དེས་ན་སྐད་ཅིག་མ་མ་ཡིན་པ་ནི་རིམ་པ་དང་ལྡན་པར་དོན་བྱེད་པར་མི་འཐད་ཅེས་ཇི་ལྟར་སྨྲ་ཞེས་དེ་ལྟར་སྐད་ཅིག་མ་མ་ཡིན་པར་སྨྲ་བའི་ལྡོག་པ་བྱེད་པ་ལ་ཅུང་ཟད་མི་བྱེད་པ་ལྷན་ཅིག་པར་ཉེ་བར་བཀོད་པའི་ཕྱིར་འཇིག་པའི་རྒྱུ་དཔེ་ཉིད་དུ་ཉེ་བར་བཀོད་པ་སྤོང་བ་བཤད་པ་ནི་རྒྱུ་མེད་ཕྱིར་ན་ཞེས་

བྱ་བ་ཡིན་ནོ། །འདིའི་བསམ་པ་ནི་འདི་ཡིན་ཏེ། འདི་ལ་ལྡོག་པར་བྱ་བ་དང་ལྡོག་པར་བྱེད་པའི་དངོས་པོ་ནི་མངོན་སུམ་དང་མི་དམིགས་པས་གྲུབ་པ་ཡིན་ནོ་ཞེས་སྨྲས་པ་ན་མངོན་སུམ་དང་མི་དམིགས་པ་དག་ལས་གྱོ་མོའི་གནས་སྐབས་སུ་སྐྱེས་པའམ། དངོས་པོ་ལྡོག་པ་ཙམ་མམ། དངོས་པོ་འཇིག་

པའི་ངང་ཅན་དུ་བྱས་པ་ཉིད་ཐོབ་པ་ལ་སོགས་པའི་བྱེད་པར་གྲུབ་པར་བརྗོད་གྲང་ན། དེ་ལ་གྱོ་མོའི་གནས་སྐབས་སུ་སྐྱེད་པར་བྱེད་པ་ཡིན་ན་ནི་མངོན་སུམ་དང་མི་དམིགས་པས་གྲུབ་པར་འདོད་པ་ཉིད་དོ། །ལྡོག་པ་ཙམ་ནི་དངོས་པོ་མ་ཡིན་པའི་ཕྱིར་ན་བྱ་བ་མ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །གལ་ཏེ་

Vol. 188 · folio 239b

འཇིག་པའི་ངང་ཅན་འཇིག་པ་ཡིན་པར་འདོད་པ་ཡིན་ན་ཡང་། དེ་ནི་ཐ་དད་པ་མ་ཡིན་ཞིང་ཐ་མི་དད་པ་ཡང་བྱ་བར་མི་ནུས་སོ། །གང་ཡང་ཇི་ལྟར་སྐྱེད་པར་བྱེད་པ་ཡོད་ན་མངོན་པར་འདུས་བྱས་པ་མེད་ཀྱང་། དངོས་པོ་སྐྱེ་བ་འབའ་ཞིག་ཏུ་ཟད་པ་དེ་བཞིན་དུ། འཇིག་པའི་རྒྱུ་ཉེ་ན་དངོས་པོ་ལྡོག་པ་འབའ་ཞིག་

ཏུ་ཟད་དོ་ཞེས་སྨྲས་པ་དེ་ནི་རྣམ་པར་དཔྱད་དགོས་སོ། །སྐྱེད་པར་བྱེད་པའི་རྒྱུ་རྣམས་ནི་དངོས་པོ་མེད་པའི་ཉེ་བར་འཇོག་པ་པོའི་རང་བཞིན་ཡིན་ལ། དངོས་པོ་མེད་པ་ལ་ནི་མངོན་པར་འདུ་བྱེད་པ་ཅུང་ཟད་མེད་དོ། །འཇིག་པའི་རྒྱུ་རྣམས་ནི་ཡོད་པར་རྣམ་པར་གནས་པའི་ཟློག་པར་བྱེད་པ་ཡིན་པས་དེ་ལ་ནི་

གདོན་མི་ཟ་བར་དཔྱད་པར་བྱ་བ་ཡིན་ཏེ། ཅི་དངོས་པོ་ཡོད་པ་དེ་རང་གི་རྒྱུ་དག་ལས་ལྡོག་པའི་ཆོས་ཀྱི་ངོ་བོར་སྐྱེས་སམ། འོན་ཏེ་མི་ལྡོག་པའི་ཆོས་སུ་ཡིན་གལ་ཏེ་ཕྱོགས་དང་པོ་ལྟར་ན་ནི། ལྡོག་པའི་ཆོས་ཉིད་ཀྱིས་རང་ཉིད་ལྡོག་པར་འགྱུར་གྱི་འཇིག་པའི་རྒྱུ་ལ་ལྡོག་པ་དང་བཅས་པའི་ལྡོག་པ་ཉིད་ནི།

དངོས་པོའི་རྒྱུ་དག་གིས་བསྐྱེད་པར་མི་རིགས་སོ་ཞེས་བརྗོད་པར་རིགས་པ་ཡིན་ནོ། །འདི་ལྟར་ཅི་སྲིད་འཇིག་པའི་རྒྱུ་ཉེ་བ་དེ་སྲིད་དུ་ནི་གནས་པའི་ཆོས་ཡིན་ཏེ་མི་གནས་པའི་ཆོས་ཉིད་ཡིན་ན་ནི་སྔ་མ་ཉིད་དུ་ལྡོག་པར་ཐལ་བའི་ཕྱིར་རོ། །འཇིག་པའི་རྒྱུ་ཉེ་བའི་དུས་སུ་ཡང་དུས་ཅུང་ཟད་གནས་པའི་རང་

བཞིན་གང་ཡིན་པ་སྐད་ཅིག་མ་དང་པོར་གནས་པ་དེ་ཉིད་ཡིན་ཏེ། དེས་ན་ལྡོག་པ་ཟློག་པ་མ་ཡིན་ཏེ། དེ་ནི་དུས་ཅུང་ཟད་ཅིག་གནས་པའི་ཕྱིར་རོ། །དེའི་ཕྱིར་འཇིག་པའི་རྒྱུ་ལ་ལྟོས་ནས་ལོག་པ་ནི་འགའ་ཡང་དངོས་པོའི་རྒྱུས་བསྐྱེད་པ་མ་ཡིན་ནོ། །ཅི་སྟེ་དེའི་ངོ་བོ་མི་ལྡོག་པའི་ཆོས་ཉིད་ཡིན་ན་ནི་

འཇིག་པའི་རྒྱུས་ཀྱང་བཟློག་པར་མི་ནུས་སོ། །དེ་ལྟར་དངོས་པོ་སྐྱེ་བ་ལ་ནི་སྐྱེད་པར་བྱེད་པ་ལ་ལྟོས་པའི་རྣམ་པར་རྟོག་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། སྐྱེ་བ་ནི་མེད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འཇིག་པའི་རྒྱུ་ཅུང་ཟད་ཀྱང་མི་བྱེད་པ་ནི་ལྡོག་པར་བྱེད་པ་མ་ཡིན་ནོ་ཞེས་བསྒྲུབས་པས། ལྷན་ཅིག་བྱེད་

པའི་རྐྱེན་དག་ཀྱང་དངོས་པོ་ལ་ཅུང་ཟད་མི་བྱེད་པ་བཀག་ན་གནོད་པར་བྱེད་པའི་ཚད་མ་སྟོན་པའི་ཕྱིར་གནོད་པར་བྱེད་པའི་ཚད་མའི་ཡན་ལག་ཡོངས་སུ་སྦྱང་བའི་དོན་དུ་འདི་བརྗོད་པ་ཡིན་ནོ། །གཞན་ཡང་འཇིག་པ་རྒྱུ་དང་ལྡན་པར་གྲུབ་པ་ཡིན་ན། རིམ་དང་ཅིག་ཅར་གྱིས་དོན་མི་བྱེད་པ་མི་འཐད་པ་ཉིད་ཀྱིས་

Vol. 188 · folio 240a

བསྒྲུབ་པར་མི་ནུས་པར་འགྱུར་ཏེ། འདི་ལྟར་འཇིག་པ་རྒྱུ་དང་ལྡན་པ་ནི་ལ་ལར་རེས་འགའ་འབྱུང་བའི་ཕྱིར་རིམ་དང་རིམ་མ་ཡིན་པའི་སྟོབས་ཀྱིས་སྐད་ཅིག་ཉིད་དུ་མི་འགྱུར་ཏེ། དེའི་ཕྱིར་ཡང་འདི་ནི་གནོད་པར་བྱེད་པ་ཡོངས་སུ་སྦྱོང་བ་ཡིན་ནོ། །ཡང་གང་གི་རྒྱུ་མེད་པ་ཉིད་འཇིག་པའི་རྒྱུ་མ་ངེས་པ་ཉིད་ལ་བརྗོད་

པ་དེའི་ཚེ་ནི་འདི་ཉིད་གནོད་པར་བྱེད་པའི་ཚད་མར་འགོད་པར་བལྟ་བར་བྱས་ཏེ། འདི་ལྟར་གང་གི་ཚེ་འཇིག་པའི་ངང་ཅན་གྱི་ངོ་བོ་ཉིད་ནི་རྒྱུ་འགའ་ལ་ཡང་ངེས་པ་མ་ཡིན་པ་དེའི་ཚེ། གང་སྐྱེ་བ་དེ་ཐམས་ཅད་འཇིག་པའི་ངང་ཅན་ཉིད་དུ་འགྱུར་ཏེ། དངོས་པོ་འཇིག་པ་ལས་ཡང་རྒྱུ་གཞན་ལ་མི་ལྟོས་པ་ནི་སྐད་ཅིག་མར་གྲུབ་པ་

ཡིན་ནོ། །དེའི་ཕྱིར་དེ་ལྟར་གནོད་པར་བྱེད་པའི་ཚད་མའི་ཡན་ལག་གམ། གནོད་པར་བྱེད་པའི་ཚད་མར་ཉེ་བར་བཀོད་པ་ཉིད་ཡིན་ནོ། །དེ་ལ་རེ་ཞིག་གནོད་པར་བྱེད་པའི་ཚད་མའི་ཡན་ལག་ཉིད་སྒྲུབ་པར་བྱེད་པའི་གཏན་ཚིགས་འཆད་པ་ནི་དངོས་པོའི་འཇིག་པ་ནི་ཞེས་བྱ་བ་ཡིན་ནོ། །དེའི་ངོ་བོར་ཏེ་འཇིག་

པའི་ངང་ཅན་གྱི་རང་གི་ངོ་བོར་ནི་རང་གི་ངོ་བོ་སྐྱེད་པར་བྱེད་པ་ལས་གཞན་པའི་རྒྱུ་ལ་ལྟོས་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རང་གི་རྒྱུ་ཁོ་ན་ལས་འཇིག་པའི་ངང་ཅན་ལྡོག་པའི་ཆོས་ཉིད་དུ་འབྱུང་བའི་ཕྱིར་རོ། །གང་གི་ཕྱིར་དངོས་པོ་རྣམས་ཀྱི་འཇིག་པའི་ངང་ཚུལ་གྱི་རང་བཞིན་ཉིད་ནི་ལྟོས་པ་

མེད་པ་ཡིན་པ་དེ་བས་ན། གང་ཅུང་ཟད་བྱས་པ་དེ་ནི་རང་གི་ངོ་བོ་ཉིད་ཀྱིས་འཇིག་པའི་ངང་ཅན་ཡིན་ནོ། །འཇིག་པའི་ངང་ཅན་དུ་མཐོང་བ་ཉིད་ནི་ཡང་གཞན་གྱིས་དེ་ལྟར་བྱེད་པ་མ་ཡིན་ན། །འཇིག་པའི་རྒྱུ་མེད་པ་འདི་ཉིད་ཀྱི་ཕྱིར་སྟོན་པར་འགྱུར་རོ། །ད་ནི་གང་དག་གིས་འཇིག་པའི་རང་གི་ངོ་

བོ་ངེས་པར་ཁས་ལེན་པ་དེ་དག་གིས་རྒྱུ་མེད་པར་ཁས་བླང་དགོས་སོ་ཞེས་ལྟོས་པ་དང་བཅས་པའི་ཆོས་རྣམས་ནི་ཞེས་བྱ་བར་སྟོན་པར་བྱེད་དོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ལྟོས་པ་དང་བཅས་པའི་ཆོས་རྣམས་ངེས་པར་འགྱུར་བ་མེད་པར་མཐོང་བ་དེའི་ཕྱིར་ན་དངོས་པོ་འཇིག་པའི་ངང་ཅན་ནི་ལྟོས་པ་མེད་

པ་ཡིན་ཏེ། རྒྱུ་ལ་ལྟོས་པ་དང་བཅས་པ་ཉིད་ཡིན་ན་ནི་བུམ་པ་ལ་སོགས་པའི་ནང་ནས་འགའ་ཞིག་རྟག་པ་ཉིད་དུ་ཡང་འགྱུར་ཏེ། རྒྱུ་རྣམས་ནི་འབྲས་བུ་རྩོམ་པར་མ་ངེས་པའི་ཕྱིར་རོ། །གལ་ཏེ་འཇིག་པའི་རྒྱུ་གཅིག་ཏུ་ཟད་ན་ནི་ཉེ་བ་ལ་འཁྲུལ་པར་དོགས་པར་འགྱུར་ན། གང་གི་ཕྱིར་ཐོ་བ་ལ་

Vol. 188 · folio 240b

སོགས་པའི་འཇིག་པའི་རྒྱུ་རྣམ་པ་མང་པོ་ཡོད་པས་ན། གདོན་མི་ཟ་བར་དེ་དག་འགའ་ཞིག་འཇིག་པ་ལ་ཉེ་བར་འགྱུར་བ་ཡིན་ནོ་སྙམ་ན། གལ་ཏེ་ཞེས་སྨོས་སོ། །འཇིག་པའི་རྒྱུ་མང་བ་དེ་ལྟར་ནི་བདེན་ཏེ། གལ་ཏེ་འཇིག་པའི་རྒྱུ་མང་པོ་ཡོད་ཀྱང་དེ་དག་ཀྱང་སོ་སོར་རང་གི་རྐྱེན་དང་འབྲེལ་པས་ཉེ་བ་ཡིན་ལ།

དེ་དག་ཉེ་བར་ཡང་རེས་འགའ་བ་ཡིན་པའི་ཕྱིར་དེའི་འབྲས་བུ་འཇིག་པའི་རྒྱུ་དག་ཀྱང་གདོན་མི་ཟ་བར་ཉེ་བ་མ་ཡིན་པས་འགའ་ཞིག་མི་འཇིག་པར་འགྱུར་རོ། །འདི་ཉིད་འཆད་པ་ནི་རྒྱུ་རྣམས་ནི་གདོན་མི་ཟ་བར་ཞེས་བྱ་བ་ཡིན་ནོ། །མ་ཚང་བ་དང་གེགས་བྱེད་པ་དེ་དག་སྲིད་པའི་ཕྱིར་རོ། །འབྲས་བུ་གང་ཞིག་

ཚོགས་པ་ཙམ་དང་འབྲེལ་པ་དེ་ནི་རྒྱུ་མ་ཚང་བས་མི་སྐྱེད་པ་ཡིན་ཏེ། དཔེར་ན་ས་བོན་གྱི་མྱུ་གུ་སྐྱེ་བ་དང་མཐུན་པའི་ཁྱད་པར་དང་པོ་བཞིན་ནོ། །འབྲས་བུ་གང་ཞིག་ཚོགས་པ་ཡོངས་སུ་འགྱུར་བ་ལ་ལྟོས་པ་དེ་ནི་ཚོགས་པ་ཡོད་ཀྱང་གེགས་བྱེད་པ་སྲིད་པ་ལས་མི་སྐྱེ་བ་ཡིན་ཏེ། དཔེར་ན་ས་བོན་ལ་སོགས་པ་

ཡོངས་སུ་འགྱུར་བ་ལ་ལྟོས་པའི་མྱུ་གུ་ས་བོན་ལ་སོགས་པ་ཡོད་ན་ཡང་འགའ་ཞིག་གིས་འགའ་ཞིག་ཏུ་སྐྱེ་བར་མི་འགྱུར་བ་བཞིན་ནོ། །རྒྱུ་རྣམས་འབྲས་བུ་ལ་འཁྲུལ་བར་བསྟན་པ་དེས་ནི། འཇིག་པའི་རྒྱུ་མང་པོ་ཐམས་ཅད་ཀྱང་འཁྲུལ་པ་ཉིད་དུ་བཤད་པ་ཡིན་ནོ། །ཅིའི་ཕྱིར་འཁྲུལ་པ་ཉིད་ཡིན་ཞེ་ན། འབྲས་གནས་

མེད་པའི་ཕྱིར་ཏེ་མ་ངེས་པའི་ཕྱིར་འཁྲུལ་པ་ཉིད་དོ། །འཁྲུལ་པའི་ཉེས་པ་གང་དག་ལ་བརྗོད་ཅེ་ན། གང་དག་འཇིག་པ་རྒྱུ་དང་བཅས་པར་སྨྲ་བའི་རྒོལ་བ་དེ་དག་ལ་འཁྲུལ་པ་ཉིད་ཀྱི་སྐྱོན་དུ་འགྱུར་བ་ཡིན་ནོ། །གང་གི་ཕྱིར་འཇིག་པ་རྒྱུ་མེད་པ་ཡིན་པ་དེའི་ཕྱིར་འཇིག་པའི་ངང་ཅན་ལྡོག་པའི་ཆོས་དེའི་ངོ་བོར་འགྱུར་བ་ལ་

ལྡོག་པ་མེད་པར་འགྱུར་བ་ནི་དེའི་ངོ་བོར་ལྡོག་པའི་ཆོས་སུ་ངེས་པ་ཡིན་ནོ། །ཚད་མའི་དོན་ནི་འདི་ཡིན་ཏེ། གང་ཞིག་གང་གི་ངོ་བོར་འགྱུར་བ་ལ་ལྟོས་པ་མེད་པ་དེ་ནི་དེའི་ངོ་བོར་ངེས་པ་ཡིན་ན། གལ་ཏེ་ལྟོས་པ་མེད་ཀྱང་དུས་དང་ཡུལ་དང་གནས་སྐབས་གཞན་ལ་ལྟོས་ནས་འཇིག་པ་ཡིན་ན། དེ་ཡུལ་དང་དུས་དང་གནས་སྐབས་

གཞན་ལ་ལྟོས་པའི་ཕྱིར་ལྟོས་པ་མེད་པ་ཉིད་ཉམས་པར་འགྱུར་རོ། །དེས་ན་གལ་ཏེ་སྐད་ཅིག་གནས་ཀྱང་དུས་གཞན་ལ་ལྟོས་པས་ན་ལྟོས་པ་མེད་པ་ཉིད་གསལ་བར་འགྱུར་རོ། །དེས་ན་སྐད་ཅིག་ཙམ་གནས་ན་ཡང་ལྟོས་པ་དང་བཅས་པ་ཉིད་དུ་འགྱུར་བའི་ཕྱིར་ལྟོས་པ་མེད་པ་ཉིད་དང་འགལ་བ་ཉེ་བར་དམིགས་

Vol. 188 · folio 241a

པས་མི་མཐུན་པའི་ཕྱོགས་ལྡོག་པ་ཡིན་ནོ། །སྐད་ཅིག་ཙམ་གནས་ནས་ལྟོས་པ་མེད་པ་ཉིད་དུ་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་དངོས་པོ་ལ་ལྡོག་པའི་ཆོས་ཉིད་སྲིད་པར་ཡང་མི་འགྱུར་རོ། །འདི་ལྟར་སྐད་ཅིག་ཙམ་དུ་གནས་པའི་རང་བཞིན་ནི། སྐད་ཅིག་གི་

མཐར་ཐུག་པ་ན་ཡང་མི་ལྡོག་པས་ཡང་སྐད་ཅིག་གནས་པར་འགྱུར་རོ། །དེས་ན་སྐད་ཅིག་ཙམ་དུ་གནས་པའི་རང་བཞིན་ནི་ནམ་ཡང་མི་ལྡོག་པའི་ཕྱིར་རྟག་ཏུ་གནས་པར་ཐལ་ལོ། །དེའི་ཕྱིར་དངོས་པོ་ལྡོག་པའི་ཆོས་ཡིན་ན་ནི། སྐད་ཅིག་ཙམ་དུ་གནས་པར་ཡང་མི་འགྱུར་རོ། །གལ་ཏེ་སྐད་ཅིག་

ཙམ་ཡང་མི་གནས་ན་ཇི་ལྟར་དངོས་པོ་དེ་ཉིད་སྐད་ཅིག་ཙམ་ཡང་མི་གནས་པའི་ཆོས་སུ་སྐྱེས་པ་ཡིན་ནོ་ཞེས་འཆད་ཅེ་ན། སྔ་ཕྱི་དང་བྲལ་བའི་དུས་ནི་སྐད་ཅིག་ཡིན་པར་བརྗོད་དེ། དེས་ན་ཡོད་པའི་དུས་གང་ཡིན་པ་དེ་ཉིད་སྐད་ཅིག་གཅིག་ཡིན་ཏེ། དེའི་དབང་དུ་བྱས་ནས་སྐད་ཅིག་ཙམ་དུ་གནས་

པར་བཤད་ཀྱི། སྐྱེས་ནས་སྐད་ཅིག་གནས་པའི་དངོས་པོ་ནི་སྐད་ཅིག་དུ་གནས་པར་མི་འཐད་དོ། །དེས་ན་དངོས་པོ་ནི་འཇིག་པ་ལ་ལྟོས་པ་མེད་པ་ཡིན་ན། །གནས་པ་ལོག་ནས་ནི་འཇིག་པར་ངེས་པ་ཡིན་ནོ། །རྒྱུ་ཚོགས་པ་རང་གི་འབྲས་བུ་སྐྱེད་པ་ལ་ཞེས་བྱ་བ་ནི་དཔེ་སྟོན་པའོ། །གང་ལ་གེགས་

བྱེད་པ་མི་སྲིད་པ་དེ་ནི་རྒྱུ་ཚོགས་པ་ཐ་མ་སྐད་ཅིག་ཙམ་དུ་གནས་པ་ཡིན་པར་བལྟ་སྟེ། གང་གི་ཕྱིར་གེགས་བྱེད་པ་མི་སྲིད་པ་ནི་དེ་ཉིད་ཡིན་ནོ། །དཔེར་ན་ཚོགས་པ་འབྲས་བུ་སྐྱེད་པའི་ནུས་པ་ལ་ལྟོས་པ་མེད་པར་གྱུར་ན་གང་གི་ཚེ་སྐྱེས་པ་དེ་ཉིད་ཀྱི་ཚེ་སྐྱེད་པར་བྱེད་པ་ཡིན་པ་དེ་བཞིན་དུ། དངོས་པོ་

ཡང་འཇིག་པའི་ངང་ཅན་གྱི་རང་བཞིན་ཉིད་དུ་འགྱུར་བ་ལ་ལྟོས་པ་མེད་པ་ནི་དེར་ངེས་པ་ཡིན་ཏེ། དེས་ན་སྐྱེས་པ་ཉིད་ན་འཇིག་པ་ཡིན་ནོ། །ད་ནི་ལྟོས་པ་མེད་པའི་གཏན་ཚིགས་འཁྲུལ་པར་བསྟན་པའི་ཕྱིར་གལ་ཏེ་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱོད་ཀྱིས་ནི་ལྟོས་པ་མེད་པ་

ཉིད་ཡིན་ན་དེ་ངེས་པར་བརྗོད་ན། ས་བོན་ལ་སོགས་པ་ནི་མྱུ་གུ་ལ་སོགས་པ་སྐྱེད་པ་ལ་རྒྱུད་གཞན་ལ་ལྟོས་པ་མེད་ཀྱང་ངེས་པ་མེད་པར་མཐོང་ངོ་། །ས་དང་ས་བོན་དང་ཆུ་སྟེ་འདི་དག་གི་ཚོགས་པ་འདུས་པ་དེ་དག་ནི་ཡོད་ཀྱི་རེས་འགའ་ཞེས་བྱ་བ་དུས་དེ་སྲིད་དུ་བསྡད་ནས་རྒྱུན་ཡོངས་སུ་གྱུར་

Vol. 188 · folio 241b

ན་མྱུ་གུ་སྐྱེད་པའི་ཕྱིར་དང་། གེགས་ཡོད་ན་ཡང་གཏན་མི་བྱེད་པའི་ཕྱིར་རོ། །འདི་ལྟོས་པ་མེད་པ་ཉིད་ཡིན་པ་དགག་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་སོ། །དེར་ཡང་སྟེ་ས་བོན་དང་ཆུ་ལ་སོགས་པ་ཡོད་པ་དེར་ཡང་རྒྱུན་ཡོངས་སུ་འགྱུར་བ་ཞེས་བྱ་བ་རང་བཞིན་གཞན་སྐྱེ་བའི་མཚན་ཉིད་དེ་ལ་ལྟོས་པའི་ཕྱིར་རོ། །

འདི་སྐད་བརྗོད་པ་ཡིན་ཏེ། དེ་དག་ལྟོས་པ་མེད་པར་ཅི་ལྟར་བརྗོད་དེ། འདི་ལྟར་དེ་དག་ནི་འབྲས་བུ་སྐྱེད་པའི་ནུས་པའི་ངོ་བོ་ཉིད་དེ་ལྟ་བུ་ལ་ལྟོས་པ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་ཅི་ལྟར་ལྷན་ཅིག་བྱེད་པའི་རྐྱེན་གྱིས་བྱས་པའི་རང་བཞིན་གཞན་ལ་ལྟོས་པ་དེ་བཞིན་དུ། དངོས་པོ་ཡང་འཇིག་པའི་རང་བཞིན་

ལ་ལྟོས་པ་ཡིན་ནོ་ཞེ་ན་དེ་ལྟར་དངོས་པོ་ནི་ཞེས་སྨོས་སོ། །ཡང་ཇི་ལྟར་དངོས་པོ་འཇིག་པའི་ངང་ཅན་གྱི་རང་བཞིན་དུ་འགྱུར་བ་ལ་ལྟོས་པ་མེད་པ་དེ་བཞིན་དུ། ས་བོན་དང་ཆུ་ལ་སོགས་པ་དེ་ལ་ཡང་རྒྱུ་ཚོགས་པ་ཐ་མ་ལ་ལྟོས་པ་མེད་པ་ཉིད་ཡོད་པ་ཡིན་ལ། དེ་ཡང་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དུ་ངེས་པ་

ཡིན་ནོ། །ཐ་མ་དེ་ཡང་གང་ཡིན་ཞེ་ན། བཤད་པ། འབྲས་བུ་སྐྱེད་པ་ལ་སྐད་ཅིག་ཙམ་གྱི་དུས་ཀྱིས་ཀྱང་བར་དུ་ཆོད་པ་མེད་པའོ། །གང་ལ་ལྟོས་ནས་ཚོགས་པ་བར་དུ་ཆོད་པ་མེད་པ་ཡིན་པ་དེ་དང་འབྲེལ་པ་ཉིད་ཀྱིས་འབྲས་བུ་སྐྱེད་པ་ལ། བར་དུ་ཆོད་པ་མེད་པ་ཞེས་དེ་ཐ་སྙད་དུ་བྱེད་པ་ཡིན་ནོ། །དེ་ནི་

འབྲས་བུ་དང་ལྡན་པ་ཉིད་དོ་ཞེས་བྱ་བ་ནི་འབྲས་བུ་གདོན་མི་ཟ་བར་སྐྱེད་པ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རེ་ཞིག་སྐྱེད་པར་བྱེད་པ་ཡང་ངེས་པ་མེད་པར་ཁོ་བོ་ཅག་གིས་བསྟན་པ་ཡིན་ནོ་ཞེ་ན། དེ་ལ་མྱུ་གུའི་རྒྱུ་ནི་དེ་ཉིད་ཡིན་ལ་ཞེས་སྨོས་ཏེ་གཞན་ནི་འགའ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་རྒྱུ་

ཚོགས་པ་སྔ་མ་དེ་མྱུ་གུའི་རྒྱུ་མ་ཡིན་ན། འོ་ན་ཅི་ལྟར་དེ་དོན་དུ་གཉེར་བ་དག་གིས་ལེན་ཅིང་དེ་ལྟར་ཐ་སྙད་དུ་བྱེད་ཅེ་ན། བཤད་པ། ཡོངས་སུ་འགྱུར་བ་སྔ་མ་ཞེས་བྱ་བ་གནས་སྐབས་སྔ་མའི་ཁྱད་པར་དག་ནི་དེའི་དོན་དུ་ཞེས་བྱ་བ་མྱུ་གུ་སྐྱེད་པར་ནུས་པའི་མཐའི་སྐད་ཅིག་དེའི་དོན་དུ་ཡིན་ནོ། །དེས་

ན་དོན་དུ་གཉེར་བ་དག་ལེན་པ་དང་། བླངས་ནས་ཀྱང་ཐ་སྙད་དུ་བྱེད་པ་ཡིན་ནོ། །འདི་སྙམ་དུ་དེ་ལ་ཡང་གེགས་སྲིད་པ་ཡིན་ཏེ། དེས་ན་འབྲས་བུ་སྐྱེད་པར་ངེས་པ་མ་ཡིན་ནོ་ཞེ་ན། བཤད་པ། ཚོགས་པ་ཐ་མ་དེར་ནི། གེགས་བྱེད་པར་ནུས་པ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་མི་དམིགས་པའི་

Vol. 188 · folio 242a

སྐབས་སུ་རྒྱུ་ཐ་མ་ལས་འབྲས་བུ་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་བྱ་བ་དེའི་ནང་དུ་མང་དུ་བཤད་ཟིན་ཏོ། །གལ་ཏེ་ནས་ཀྱི་ས་བོན་ལ་སོགས་པ་ཡང་ཞེས་བྱ་བ་ནི་སླར་ཡང་འཁྲུལ་པར་བརྗོད་པའོ། །གཏན་ཚིགས་སྨྲས་པ། སཱ་ལུའི་མྱུ་གུ་དེ་སྐྱེད་པའི་རྐྱེན་རྒྱུ་གང་ཡིན་པ་དེ་དག་ནི་

ནས་ཀྱི་ས་བོན་གྱི་ཡུལ་དེར་ཡང་ཉེ་བའི་ཕྱིར་ཏེ། དེ་ཡོད་པའི་ཕྱིར་རོ། །གང་གི་ཚེ་སཱ་ལུའི་མྱུ་གུ་སྐྱེད་པར་ནུས་པའི་ས་བོན་ལ་ཉེ་བར་གྱུར་ཅིང་ནས་ཀྱི་ས་བོན་ཡང་དེ་ཉིད་དུ་ཉེ་བར་གནས་པ་དེའི་ཚེ། ནས་ཀྱི་ས་བོན་དེ་རྒྱུན་ཡོངས་སུ་འགྱུར་བ་ལ་ལྟོས་པ་མ་ཡིན་ཞིང་། སཱ་ལུའི་མྱུ་གུ་ནུས་པའི་རྒྱུ་གཞན་ལ་ལྟོས་

པར་ཡང་མ་ཡིན་ཏེ། ཐམས་ཅད་ཉེ་བར་གནས་པའི་ཕྱིར་རོ། །དེ་ནི་སཱ་ལུའི་མྱུ་གུ་སྐྱེད་པ་ཡང་མ་ཡིན་ཏེ། དེས་ན་ལྟོས་པ་མེད་པ་ཉིད་ཡིན་པ་ལ་ཡང་འཁྲུལ་པ་མཐོང་བའི་ཕྱིར་ངེས་པ་མ་ཡིན་ནོ་ཞེ་ན། ངེས་པ་མེད་པ་བཟློག་པའི་ཕྱིར་ཅི་ལྟར་ལྟོས་པ་མེད་པ་ཡིན་ཏེ་ཞེས་སྨོས་སོ། །སཱ་ལུའི་མྱུ་གུ་

སྐྱེད་པར་བྱེད་པ་སྟེ། སྐྱེད་པ་པོ་ལྷན་ཅིག་བྱེད་པ་དག་གིས་བོགས་དབྱུང་ནས། སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པའི་རང་གི་ངོ་བོ་གང་ཡིན་པ་དེ་ཉིད་མེད་པ་ཡིན་ཏེ། དེའི་ཕྱིར་དེའི་རང་གི་ངོ་བོ་ལ་ལྟོས་པ་ཡིན་པས་ཅི་ལྟར་ལྟོས་པ་མེད་པ་ཉིད་དུ་འགྱུར། འདི་ལྟར་རྒྱུད་གཞན་ལ་ལྟོས་པ་བས་ནི་རང་གི་ངོ་བོ་ལ་ལྟོས་

པ་ཆེ་སྟེ། དོན་གཞན་ཉེ་བས་ཀྱང་རང་གི་ངོ་བོ་ཉིད་ཁྱད་པར་དུ་བྱ་བ་ཡིན་ནོ། །གལ་ཏེ་དེ་ལྟར་ན་ནི་གཞན་དུ་ཡང་མཚུངས་པར་ཐལ་ལོ་ཞེས་སྨྲས་པ་ནི། དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་ཡིན་ནོ། །བྱས་པའམ་ཡོད་པ་ཞེས་བྱ་བ་ནི་བྱས་པ་དང་ཡོད་པ་སྐད་ཅིག་མའི་འཇིག་པའི་སྒྲུབ་བྱེད་དུ་ཉེ་བར་གཟུང་བས་གཉི་

ག་རྣམ་པར་རྟོག་པའོ་ཞེས་བྱ་བ་འཇིག་པའི་རང་གི་ངོ་བོ་ལ་ལྟོས་པའི་ཕྱིར་ན། འཇིག་པ་མ་ཡིན་ཏེ་འཇིག་པར་མི་འགྱུར་རོ་ཞེ་ན། འདི་འགོག་པར་རྩོམ་པ་ནི་སཱ་ལུའི་ས་བོན་ལ་སོགས་པ་ཞེས་བྱའོ། །སཱ་ལུའི་ས་བོན་ལ་སོགས་པ་དེ་དག་གིས་སཱ་ལུའི་མྱུ་གུ་སྐྱེད་པར་ནུས་པའི་རང་གི་ངོ་བོ་དེ་ཡང་རང་གི་རྒྱུ་ལས་

སྐྱེས་པ་ཡིན་པའི་ཕྱིར་རོ། །གང་ལ་དེ་འདྲ་བའི་རྒྱུ་མེད་པའི་ནས་ཀྱི་ས་བོན་དེ་ནི་དེའི་རང་བཞིན་དུ་མི་འགྱུར་རོ། །དེས་ན་རྒྱུའི་དབྱེ་བ་ཉིད་ལས་དབྱེ་བ་འདིར་འགྱུར་བ་ཡིན་ནོ། །གལ་ཏེ་རྒྱུའི་ནུས་པ་སོ་སོར་ངེས་པ་ཉིད་ཤེས་པར་དཀའ་བ་མ་ཡིན་ནམ། དེས་ན་ཅིའི་ཕྱིར་གང་ལ་དེ་འདྲ་བའི་རྒྱུ་མེད་པ་དེ་ནི་རང་

Vol. 188 · folio 242b

བཞིན་དེར་འགྱུར་བ་མ་ཡིན་ནོ་ཞེས་བརྗོད་ཅེ་ན། རྒྱུའི་ནུས་པ་ངེས་པ་དེ་ལ་ཡང་ཞེས་སྨོས་ཏེ། རྒྱུའི་ནུས་པ་ངེས་པ་དེ་ནི་རང་གི་ངོ་བོས་རྟོགས་པ་ཡིན་ནོ། །གལ་ཏེ་ནུས་པའི་དངོས་པོ་ནི་འབྲས་བུ་ལས་ཤེས་པར་ནུས་པ་མ་ཡིན་ནམ། རང་གི་ངོ་བོས་ནི་མ་ཡིན་ནོ་ཞེ་ན། བསམ་པ་ནི་འདི་ཡིན་ཏེ། ལྷན་ཅིག་

བྱེད་པ་ལ་ལྟོས་པ་ག་ལས་སཱ་ལུར་མྱུ་གུ་སྐྱེ་བ་མཐོང་བ་དེའི་དེ་བསྐྱེད་པའི་ནུས་པའི་རང་གི་ངོ་བོ་ནི་མངོན་སུམ་དང་མི་དམིགས་པ་དག་ལས་ཤེས་པ་ཡིན་ལ། གང་ལ་མི་སྐྱེ་བ་དེ་ནི་དེ་སྐྱེད་པར་མི་ནུས་པ་ཡིན་ནོ། །ནུས་པ་དང་མི་ནུས་པ་དེ་དག་ཀྱང་རྒྱུ་ནུས་པ་དང་། མི་ནུས་པ་ཤེས་པ་ལ་ཡིན་ཏེ། དེས་ན་འབྲས་བུ་

ཕན་ཚུན་གྱི་རང་བཞིན་གྱིས་རྒྱུ་ནུས་པ་ངེས་པར་བརྗོད་པ་ཡིན་གྱི། འབྲས་བུ་མ་མཐོང་བར་ནི་མ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་རང་བཞིན་གྱི་དབྱེ་བ་རྒྱུས་བྱས་པ་ནི་མ་ཡིན་གྱི། འོན་ཀྱང་ལྟོས་པ་ཉིད་ཀྱི་དངོས་པོ་རྣམས་འགའ་ཞིག་ནི་རང་བཞིན་ནི་དེ་འདྲ་བར་འགྱུར་ལ། གཞན་ནི་གཞན་དུ་སྣང་བ་ཡིན་

ནོ་ཞེ་ན། དོན་རྣམས་ཀྱི་ཞེས་སྨོས་སོ། །གློ་བུར་ཞེས་བྱ་བ་ནི་ཡུལ་ལ་ལར་དང་། རྒྱུ་ལ་ལྟོས་པ་མེད་པ་ནི་ཡུལ་ལ་ལར་དང་། དུས་འགའ་ཞིག་ཏུ་དང་། སཱ་ལུའི་ས་བོན་ལ་སོགས་པའི་རྫས་འགའ་ཞིག་ལ་སཱ་ལུའི་མྱུ་གུ་སྐྱེད་པའི་རང་བཞིན་ངེས་པར་མི་འགྱུར་གྱི། འོན་ཀྱང་དེ་ལྟ་མོད་ཀྱི་སྲིད་ཕྱིར་

ཐམས་ཅད་ཐམས་ཅད་ཀྱི་ཆེ་ཐམས་ཅད་དུ་འགྱུར་རོ། །དེ་བཞིན་དུ་འཇིག་པ་དང་། མི་འཇིག་པའི་རང་བཞིན་གྱི་རྣམ་པར་དབྱེ་བ་འདི་ལ་ཡང་རྒྱུ་གང་གིས་འདི་དག་འགའ་ཞིག་འཇིག་པའི་རང་བཞིན་དུ་སྐྱེ་བར་འགྱུར་བར་རང་བཞིན་ངེས་པའི་རྒྱུ་འགའ་ཞིག་བརྗོད་དགོས་སོ། །འདི་སྙམ་དུ་ཁོ་བོ་ཅག་གིས་

ངེས་པའི་རྒྱུ་མཛུབ་ཚུགས་སུ་བསྟན་པར་མི་ནུས་ཀྱང་དེ་ལྟ་མོད་ཀྱི་སྲིད་པའི་ཕྱིར་རོ། །ཁྱབ་པ་མི་འགྲུབ་པོ་སྙམ་ན། བཤད་པ། འཇིག་རྟེན་འདིར་འཇིག་པའི་ངོ་བོ་ངེས་པར་བྱེད་པའི་རང་བཞིན་འགའ་ཡང་ཡོད་པ་མ་ཡིན་ཏེ། མི་སྲིད་དོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་ཅན་སྐྱེ་བ་དང་ལྡན་པ་ཐམས་

ཅད་ནི་སྟེ། རྣམ་པ་ཐམས་ཅད་ནི་འཇིག་པ་དང་ལྡན་པ་འགྲུབ་པའི་ཕྱིར་ཏེ། མཐོང་བའི་ཕྱིར་འཇིག་པ་ནི་རྒྱུ་ངེས་པ་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་འཇིག་པའི་རང་བཞིན་རྒྱུ་ངེས་པ་ཅན་མ་ཡིན་དུ་ཆུག་མོད། རྒྱུ་མེད་པ་ནི་མ་ཡིན་ནོ། །དེས་ན་གང་སྐྱེ་བ་དེ་དག་ནི་འཇིག་པའི་རང་བཞིན་དུ་

Vol. 188 · folio 243a

འགྱུར་གྱི། གཟུགས་ལ་སོགས་པ་གང་དག་མི་སྐྱེ་བ་དེ་དག་ནི་འཇིག་པའི་རང་བཞིན་དུ་འགྱུར་བ་མ་ཡིན་ནོ། །དེའི་ཕྱིར་སྐྱེ་བ་ཅན་གྱི་རང་བཞིན་ཉིད་འཇིག་པ་དང་ལྡན་གྱི་གཞན་ནི་མ་ཡིན་ནོ་ཞེས་ཕ་རོལ་པོ་དོགས་པ་ལ། དེའི་སྐྱེ་བ་ནི་ཞེས་སྨོས་ཏེ། གང་གི་ཕྱིར་སྐྱེ་བའི་དབང་གིས་དངོས་པོའི་

རང་བཞིན་དུ་འབྱུང་བ་མ་ཡིན་པ་དེའི་ཕྱིར་སྐྱེ་བ་ནི་འཇིག་པའི་རྒྱུ་མ་ཡིན་ནོ། །རྒྱུ་མེད་ཀྱང་རང་བཞིན་ངེས་པ་ཉིད་ཡིན་ནོ་ཞེ་ན་རྒྱུ་མེད་པ་ལ་ཡང་ཞེས་སྨོས་སོ། །དེ་ལ་བསམ་པ་ནི་འདི་ཡིན་ཏེ། རྒྱུ་དང་བྲལ་བ་མ་སྐྱེས་པ་རྣམས་ནི་ཡུལ་དང་དུས་དང་རང་བཞིན་ངེས་པར་མི་རུང་བའི་ཕྱིར་ངེས་པའི་རང་བཞིན་འགའ་ཡང་ཡོད་

པ་མ་ཡིན་ནོ། །དེའི་ཕྱིར་ན་གཟུགས་ལ་སོགས་པ་མཐོང་བའི་རང་གི་ངོ་བོ་ཅི་འདྲ་བ་ནི་རྒྱུ་མེད་པར་མི་འཐད་ལ། རྒྱུ་དང་ལྡན་པར་མཐོང་བ་གང་ཡིན་པ་དེ་ཐམས་ཅད་ཀྱང་འཇིག་པ་ཉིད་ཡིན་པའི་ཕྱིར་མཐོང་བ་གཟུགས་ལ་སོགས་པའི་དངོས་པོ་རྣམས་ཀྱི་འཇིག་པ་ནི་རྒྱུ་ལ་ངེས་པ་མ་ཡིན་ལ། རྒྱུ་ངེས་པ་མེད་པ་ཅན་གྱི་

འཇིག་པ་ཡང་རྒྱུ་མེད་པར་བརྗོད་པ་ཡིན་ཏེ། དེས་ན་གང་ཅུང་ཟད་སྐྱེད་པར་བྱེད་པ་དེ་ཐམས་ཅད་ནི་འཇིག་པ་སྐྱེད་པ་ཡིན་ནོ། །དེའི་ཕྱིར་འཇིག་པའི་དངོས་པོ་འདི་ལ་རྒྱུའི་ཞེས་བྱ་བ་སྐྱེད་པར་བྱེད་པའི་འཇིག་པ་དང་འཇིག་པ་མ་ཡིན་པ་སྐྱེད་པའི་སྒོ་ནས་རང་བཞིན་གྱི་རྣམ་པར་དབྱེ་བ་འགའ་ཡང་མེད་ལ། རྒྱུའི་རང་

བཞིན་གྱི་རྣམ་པར་དབྱེ་བ་དེ་མེད་པའི་ཕྱིར་འབྲས་བུ་ཡང་འཇིག་པ་དང་མི་འཇིག་པའི་རྣམ་པར་དབྱེ་བ་མེད་པར་འགྱུར་ཏེ། དེས་ན་མི་མཚུངས་སོ། །ཇི་ལྟར་སཱ་ལུའི་ས་བོན་དང་ནས་ཀྱི་ས་བོན་དག་ཕན་ཚུན་གྱི་མྱུ་གུ་བསྐྱེད་པའི་ནུས་པ་མེད་པར་རང་གི་རྒྱུས་བྱས་པར་མཐོང་བའི་རྒྱུའི་ནུས་པ་ཐ་དད་པར་སྟོན་པ་དེ་

བཞིན་དུ་གང་ཞིག་རྒྱུ་ཐ་དད་པར་རྗེས་སུ་དཔག་པར་འགྱུར་བ་གཟུགས་ལ་སོགས་པ་རྣམས་ནི་འཇིག་པ་དང་མི་འཇིག་པའི་རང་བཞིན་དུ་མཐོང་བ་མ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་དུ་མཐོང་བའི་འཇིག་པ་ཉིད་ནི་རྒྱུ་ཐ་དད་པར་རྗེས་སུ་དཔོག་པར་བྱེད་པ་མ་ཡིན་པ་དེས་ན་སཱ་ལུའི་ས་བོན་ལ་སོགས་པ་དང་མི་མཚུངས་

སོ། །གལ་ཏེ་དེ་ལྟ་ན་ཡང་མཐོང་བའི་གཟུགས་ལ་སོགས་པ་དག་ལས་ཐ་དད་པའི་དངོས་པོ་གཟུགས་ལ་སོགས་པ་ཤིན་ཏུ་རིགས་མི་མཐུན་པའི་རྒྱུ་དང་བཅས་པ་འགའ་ཞིག་ནི་མི་འཇིག་པར་འགྱུར་རོ། །ཇི་ལྟ་བུ་ཞེ་ན། ཁོ་བོ་ཅག་གིས་དེ་མཐོང་བ་ནི་མ་ཡིན་གྱི། སྲིད་པར་དོགས་པས་ན་ཁྱབ་པ་ནི་

Vol. 188 · folio 243b

ཉམས་པར་འགྱུར་རོ་ཞེས་སྨྲས་པ་གལ་ཏེ་ཞེས་བྱ་བ་ཡིན་ཏེ། ཚོགས་པ་ལས་སྐྱེ་བ་གང་ཡིན་པ་ཐམས་ཅད་ནི་ངེས་པ་མེད་པ་སྟེ་ངེས་པར་མི་ནུས་པ་ཡིན་ནོ། །མཐོང་བའི་ཚོགས་པ་ཅན་ནི་འཇིག་པ་ཡིན་གྱི། ཚོགས་པ་མཐོང་བ་མེད་པ་གཞན་ནི་མ་ཡིན་ནོ་ཞེས་སྨྲས་པ་ནི། ཚོགས་པ་དེ་དག་མཐོང་བ་གང་

ལས་མ་ལུས་པར་གྱུར་པའི་མཐོང་བ་དེ་མེད་པའི་ཕྱིར་རོ། །འབྲས་བུ་ཐམས་ཅད་མཐོང་བ་མེད་པའི་ཕྱིར་ན་མཐོང་བ་མེད་པའི་རྣམ་པར་སྐྱེད་པར་བྱེད་པའི་ཚོགས་པ་མི་འཇིག་པ་སྐྱེད་པ་ནི་མི་མཐོང་བ་ཉིད་དུ་འགྱུར་རོ། །འདི་སྙམ་དུ་གལ་ཏེ་ཚོགས་པ་འགའ་ཞིག་མི་འཇིག་པ་སྐྱེད་པར་འགྱུར་ན་ནི་མཐོང་བའི་

ཚོགས་པ་རྣམས་ལས་ཀྱང་འགའ་ཞིག་མི་འཇིག་པ་སྐྱེད་པར་འགྱུར་ན། དེ་ལྟ་ཡང་མ་ཡིན་ཏེ། དེའི་ཕྱིར་མ་མཐོང་བ་ཡང་མི་འཇིག་པ་ནི་འགའ་ཡང་མི་སྐྱེད་དོ་ཞེ་ན། སྨྲས་པ་ཚོགས་པ་གང་ཡིན་པ་དེ་དག་ནི་ནུས་པ་སྣ་ཚོགས་པར་མཐོང་ངོ་། །དེ་ལས་ཅིར་འགྱུར་ཞེ་ན། དེའི་ཕྱིར་ཚོགས་པ་ནུས་

པ་སྣ་ཚོགས་པ་དེ་ལ་ཇི་ལྟར་གཟུགས་སྐྱེད་པའི་ཚོགས་པ་ཐོགས་པ་དང་བཅས་པ་སྐྱེད་པར་བྱེད་པར་ནུས་པ་ཡིན་ཡང་འགའ་ཞིག་ཐོགས་པ་མེད་པའི་དངོས་པོ་སྐྱེད་པའི་ནུས་པ་ཡང་ཡོད་པ་དེ་བཞིན་དུ་ཕལ་ཆེར་འཇིག་པ་སྐྱེད་པར་ནུས་པ་ཡིན་ཡང་། འགའ་ཞིག་ནི་མི་འཇིག་པ་སྐྱེད་པར་འགྱུར་

རོ། །རྣམ་པ་ཐམས་ཅད་དུ་ཚོགས་པ་དང་གཞན་འགོག་པར་བྱེད་པའི་གཏན་ཚིགས་མེད་པའི་ཕྱིར་ན་ཁྱབ་པ་མ་གྲུབ་པོ་ཞེ་ན། རེ་ཞིག་རྒྱུ་ངེས་པ་མེད་པ་ཅན་གྱི་འཇིག་པ་དེ་ཉིད་ནི་ཡུལ་ཐམས་ཅད་ལ་སྒྲུབ་པར་མི་ནུས་པར་མཁྱེན་ནས། གནོད་པར་བྱེད་པ་རིམ་པ་དང་ཅིག་ཅར་འགལ་བ་ཉིད་

བསྟན་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་ཏེ། འཇིག་པ་རྒྱུ་མེད་པ་ཉིད་ནི་ཚད་མ་འདི་ཉིད་ཡོངས་སུ་སྦྱང་བའི་དོན་དུ་གཉེར་བ་བཀོད་པ་རང་སྔར་བཤད་ཟིན་ཏེ། རྒྱུ་ཙམ་དང་འབྲེལ་པའི་འཇིག་པའི་རང་བཞིན་ལ་ནི་སྒྲུབ་པར་མི་ནུས་པའི་ཕྱིར་རོ། །དོན་ནི་དགོས་པའོ། །དེ་བྱེད་པ་ནི་སྒྲུབ་པའོ། །

དེར་ནུས་པ་མཐུ་སྟེ། དངོས་པོ་གང་ལ་མཚན་ཉིད་དེ་རང་བཞིན་དེ་ཡོད་པའོ། །ཡང་ཅིའི་ཕྱིར་ནུས་པ་ཉིད་དངོས་པོ་ཡིན་ཞེ་ན། བཤད་པ། གང་གི་ཕྱིར་ཐམས་ཅད་ནུས་པ་དེར་བརྗོད་པ་ནི་བསྙད་པ་སྟེ། དེ་དང་བྲལ་བ་མི་ལྡན་པའི་མཚན་ཉིད་གང་ལ་ཡོད་པ་དེ། འབྲས་བུ་བྱ་བའི་རྒྱུ་མཚན་དུ་

Vol. 188 · folio 244a

བསྙད་པ་དང་བྲལ་བ་ནི་ཉེ་བར་བརྗོད་པ་མེད་པ་སྟེ་དངོས་པོ་མེད་པ་ཡིན་ནོ། །དེའི་ཕྱིར་གང་ཞིག་བྱ་བ་བྱེད་པ་དེ་ནི་དངོས་པོ་ཡིན་ན། གལ་ཏེ་དེ་ལྟར་མཐའ་ཞེས་བྱ་བ་དགྲ་བཅོམ་པ་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་སེམས་ཀྱི་སྐད་ཅིག་ཐ་མར་གྱུར་པ་གང་ཡིན་པ་དེ་ནི་

མཐའ་ཞེས་བརྗོད་པ་ཡིན་ཏེ། སྐད་ཅིག་དེ་ཉེ་བར་བརྗོད་པ་མེད་པ་ཞེས་བྱ་བ་དངོས་པོ་མེད་པར་ཐལ་ལོ་ཞེ་ན། མ་ཡིན་ཏེ་ཞེས་སྨོས་ཏེ། སེམས་ཅན་ཞེས་བྱ་བར་བགྲངས་པ་སྟེ། གྲངས་སུ་བགྲང་ཞིང་རྣམ་པར་གཞག་པའི་སེམས་ཀྱི་ངོ་བོ་ཉིད་ཀྱི་སྐད་ཅིག་གཞན་གང་ཡིན་པ་དེ་ནི་སེམས་ཅན་དུ་བགྲངས་

པ་ཡིན་ལ། དེའི་ཉེ་བར་ལེན་པ་ནི་མཐའ་གང་ཡིན་པའི་མཚན་ཉིད་ཡིན་ཏེ། དེའི་ཕྱིར་ལྷན་ཅིག་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དངོས་པོ་ཉིད་ཡིན་ལ། ཉེ་བར་ལེན་པ་ལས་བྱུང་བ་མེད་པའི་ཕྱིར་མཐའ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་མཐའི་སྐད་ཅིག་ཁམས་གསུམ་དུ་འབྲས་བུ་གང་ལ་ལྷན་ཅིག་བྱེད་

པའི་རྒྱུ་ཡིན་པ་དེ་སྟོན་པར་བྱེད་པ་ནི་དེ་ཡང་ཞེས་བྱ་བ་ཡིན་ནོ། །ཐ་ནི་ཞེས་བྱ་བ་ནི་ཆུང་བའི་དོན་ཏེ་ནུས་པའི་ཡུལ་འདི་ནི་ཆུང་སྟེ་འདི་ལྟ་སྟེ་དེ་བཞིན་གཤེགས་པའི་ཡེ་ཤེས་ཙམ་མོ། །ཤེས་བྱ་ཁྱབ་པར་བྱེད་པས་ན་ཁྱབ་པ་སྟེ་ཤེས་བྱ་ཁྱབ་པ་དེ་བཞིན་གཤེགས་པའི་ཡེ་ཤེས་དེ་ལའོ། །གཟུགས་དང་བྲལ་

བའི་གཟུགས་མེད་པའི་ཁམས་སུ་ཡང་དེ་བཞིན་གཤེགས་པའི་མཁྱེན་པ་བསྐྱེད་པ་ལ་ནི་མཐའི་སྐད་ཅིག་ནུས་པ་ཉིད་ཡིན་ནོ། །ཁམས་གཞན་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་ནི་དུ་མ་ལ་ཕན་འདོགས་པར་འགྱུར་ཏེ། རང་གི་རྒྱུད་ལ་ཡོད་པའི་ལུས་ཀྱི་བྱ་བ་དང་། གཞན་གྱི་རྒྱུད་ལ་

ཡོད་པའི་གཞན་གྱི་སེམས་ཤེས་པ་ལ་རྒྱུའི་དངོས་པོ་ཉིད་ཀྱིས་ཕན་འདོགས་པ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་གཟུགས་མེད་པའི་ཁམས་སུ་བཅོམ་ལྡན་འདས་སྒྲིམ་པ་མེད་པ་ན་སྟེ་གདུལ་བྱའི་རྒྱུད་ལ་གཟིགས་པར་བཞེད་པ་མི་མངའ་བ་ནི་སེམས་ཀྱི་རྒྱུད་སྐད་ཅིག་ཐ་མ་ནུས་པར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ་

ཞེས་སྨོས་སོ། །གཏན་ཚིགས་བཤད་པ། བསྒྲིམ་པ་མེད་པ་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་མི་སྲིད་ཅེ་ན། གཞན་གྱི་དོན་ལ་འཇུག་ཅིང་སྤྱོད་པ་དེ་ལ་སྒྲུབ་པར་བྱེད་པ་མ་ཚང་བ་མེད་པ་ནི་མི་འཐད་པའི་ཕྱིར་རོ། །སྒྲུབ་པར་བྱེད་པ་སྟེ་ཡོངས་སུ་གྲུབ་པར་བྱེད་པ་མ་ཚང་བ་མེད་པ་མ་ཉམས་པ་དེ་མི་འཐད་པའི་

Vol. 188 · folio 244b

ཕྱིར་རོ། །ཅིའི་ཕྱིར་མི་འཐད་ཅེ་ན། སྒྲུབ་པར་བྱེད་པ་མ་ཚང་བ་མེད་པ་དེའི་ཡན་ལག་མ་ཚང་བས་སོ། །བསྒྲིམ་པ་མེད་ན་ནི་བསྒྲུབ་པའི་ཡན་ལག་མ་ཚང་བར་འགྱུར་རོ། །ཅིའི་ཕྱིར་མ་ཚང་བར་འགྱུར་ཞེ་ན། སེམས་ཅན་རྣམས་ཀྱི་བྱ་བ་དང་བྱ་བ་མ་ཡིན་པ་སྤང་བྱ་དང་བླང་བྱ་དག་མི་རྟོགས་པར་འགྱུར་བའི་ཕྱིར་རོ། །

བསྒྲིམ་པ་མེད་ན་སྤང་བྱ་དང་བླང་བྱ་དག་མི་རྟོགས་ལ། རྟོགས་པ་ནི་སྒྲུབ་པར་བྱེད་པ་མ་ཚང་བ་མེད་པ་ཡིན་ནོ། །ཇི་ལྟར་ན་མི་རྟོགས་ཤེ་ན། ཆོས་གཅིག་ཡོངས་སུ་མ་ཤེས་ན་ཡང་ངོ་། །བསྒྲིམ་པ་མེད་ན་ནི་མང་པོ་ཤེས་པར་མི་འགྱུར་ལ། གཅིག་ཡོངས་སུ་མ་ཤེས་ན་ཡང་བྱ་བ་དང་བྱ་བ་མ་ཡིན་པ་མི་རྟོགས་

པར་འགྱུར་རོ། །ཇི་ལྟར་གཅིག་ཡོངས་སུ་མ་ཤེས་ན་མི་རྟོགས་པར་འགྱུར་རོ་ཞེ་ན། ཐམས་ཅད་དུ་བླང་བྱ་དང་སྤང་བྱར་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །ཇི་ལྟར་གཅིག་མ་ཤེས་པ་ཐམས་ཅད་ལ་ཐེ་ཚོམ་སྐྱེ་ཞེ་ན། བྱ་བའམ་བྱ་བ་མ་ཡིན་པ་ཐམས་ཅད་ལ་ཅི་ཞིག་ལྟར་ཞེས་བྱ་བ་དངོས་སུའམ་བརྒྱུད་པས་ཐམས་ཅད་ཉེ་བར་

མཁོ་བའི་ཕྱིར་རོ། །མ་ཤེས་པའི་དངོས་པོ་གཅིག་པོ་དེ་ནི་དངོས་སུའམ་བརྒྱུད་པས་གདོན་མི་ཟ་བར་སེམས་ཅན་ནམ། སེམས་ཅན་གྱི་དོན་འགའ་ཞིག་གི་གནོད་པར་བྱེད་པ་ཡིན་པ་དེས་ན་སྤང་བར་བྱ་བ་མ་ཡིན་པའམ། སེམས་ཅན་གྱི་དོན་གཞན་འགའ་ཞིག་ལ་ནི་ཕན་འདོགས་པར་བྱེད་པ་ཡིན་པ་

དེས་ན་བླང་བར་བྱ་བ་ཡིན་ནོ། །དེའི་ཕྱིར་དེ་ཡོངས་སུ་མ་ཤེས་ན་ནི་ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་མ་ཚང་བ་མེད་པའི་ཡན་ལག་མ་ཚང་བ་ཡིན་པ་དེས་ན་ཐམས་ཅད་ཤེས་པ་ནི་བསྒྲིམ་པ་དང་བཅས་པ་ཉིད་དོ། །དེས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཐམས་ཅད་ཀྱི་ཚེ་གཟུགས་མེད་པའི་

ཁམས་ལ་དམིགས་པ་ཉིད་དོ། །རྟག་ཏུ་བསྒྲིམ་པ་མེད་དུ་ཟིན་ཀྱང་ཐ་མ་དངོས་པོ་མེད་པ་ཉིད་དུ་ནི་ཐལ་བ་མེད་དོ་ཞེས་བཤད་པ་ནི། ཐ་མ་ནུས་པ་མེད་པ་ཉིད་ཀྱང་མ་ཡིན་ཏེ་ཞེས་བྱ་བ་ཡིན་ནོ། །ནུས་པ་མེད་པ་ཉིད་ཅེས་བྱ་བར་ངེས་པ་ནི་མ་ཡིན་ཏེ། བསྒྲིམ་པའི་དུས་སུ་འབྱུང་བའི་ཐ་མ་འགའ་ཞིག་

ནི་འབྲས་བུ་བྱེད་པའི་ཕྱིར་རོ། །མི་བྱེད་ཀྱང་ཞེས་བྱ་བ་ནི་འབྲས་བུ་མི་བྱེད་ན་ཡང་ལྷན་ཅིག་བྱེད་པའི་རྐྱེན་དང་བྲལ་བས་མི་ནུས་པ་ཡིན་ནོ། །གཅིག་པུས་སྐྱེད་པ་ནི་འགའ་ཡང་ཁས་མི་ལེན་ཏེ། དེས་ན་རྐྱེན་དང་བྲལ་བས་མི་བྱེད་པ་ཡིན་གྱི། རྐྱེན་དང་མ་བྲལ་ན་ནི་ནུས་པའི་ཕྱིར་བྱེད་པ་ཉིད་དོ། །གལ་

Vol. 188 · folio 245a

ཏེ་སྐད་ཅིག་མ་མ་ཡིན་པ་ཡང་ཐ་མ་བཞིན་དུ་ལྷན་ཅིག་བྱེད་པ་ལ་ལྟོས་ནས་འབྲས་བུ་བྱེད་དོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་ཇི་ལྟར་འདིར་ཐ་མའི་སེམས་ཀྱི་སྐད་ཅིག་ལྷན་ཅིག་བྱེད་པའི་རྐྱེན་དང་མ་བྲལ་ན་ལྷན་ཅིག་ཏུ་བྱ་བ་བྱེད་ནུས་པ་དེ་བཞིན་དུ་སྐད་ཅིག་མ་མ་ཡིན་པ་ལྷན་ཅིག་བྱེད་

པ་ལ་ལྟོས་པ་དང་བཅས་པ་ན་བྱེད་པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལྷན་ཅིག་བྱེད་པ་ལ་ལྟོས་པ་དང་འགའ་ཞིག་པས་ཀྱང་རུང་བ་ཐམས་ཅད་དུ་བྱེད་པ་མི་སྲིད་པའི་ཕྱིར་རོ། །མདོར་བསྟན་པའི་ངག་འདི་ཉིད་གསལ་བར་བསྟན་པའི་ཕྱིར་སྐད་ཅིག་མ་ཡིན་པ་ཞེས་སྨོས་སོ། །སྐད་ཅིག་མ་

ཡིན་པའི་དོན་ལ་ནི་རིམ་དང་ཅིག་ཅར་དེ་དག་འགལ་བའི་ཕྱིར་རོ། །རིམ་གྱིས་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་རེ་ཞིག་སྐད་ཅིག་མ་མ་ཡིན་པ་ལ་རིམ་ནི་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་བཤད་པ། གང་ཞིག་ལྷན་ཅིག་བྱེད་པ་དག་ལ་ལྟོས་པ་མེད་པ་གང་ཡིན་པ་དེ་ནི་སྡོད་པ་སྟེ། དུས་འགོར་བའི་བྱེད་པ་དེ་མི་རིགས་སོ། །ཇི་

ལྟ་བུར་གྱུར་པ་ཞེ་ན། རང་ཡོད་པ་ཙམ་གྱིས་བྱེད་པ་པོར་གྱུར་པའོ། །གཞན་གྱི་ངོ་བོས་བྱེད་པ་པོར་གྱུར་པའི་དངོས་པོ་ནི་འགའ་ཡང་མེད་དེ། གཞན་གྱིས་འབྲས་བུ་བྱས་ན་གཞན་བྱེད་པ་པོ་ཉིད་དུ་ནི་མི་འཐད་པའི་ཕྱིར་རོ། །དེས་ན་རང་ཡོད་པས་རང་གི་ངོ་བོས་དངོས་པོ་བྱེད་པ་པོར་འགྱུར་བ་ཡིན་ནོ། །དེའི་ཉི་

མ་གསུམ་པའམ་སྐད་ཅིག་གསུམ་པ་ལ་འབྲས་བུ་བྱེད་ནུས་པའི་རང་བཞིན་གང་ཡིན་པ་དེ་ནི་དང་པོ་ཉིད་ཀྱི་ཉི་མའམ་སྐད་ཅིག་ལ་ཡོད་པའི་ཕྱིར། དེ་དང་འབྲེལ་པའི་འབྲས་བུ་བྱེད་པར་འགྱུར་རོ། །འདི་སྙམ་དུ་སྐད་ཅིག་དང་པོ་ལ་ནི་དེ་ལ་བྱེད་པ་པོའི་རང་བཞིན་མེད་པ་ཡིན་ནོ་སྙམ་ན། བཤད་པ།

སྔར་བྱེད་པ་པོ་མ་ཡིན་པ་ནི་ཕྱིས་ཀྱང་མི་འགྱུར་ཏེ། རང་གི་ངོ་བོར་འགྱུར་བ་མེད་པའི་ཕྱིར་ཏེ། རྣམ་པ་གཞན་དུ་མི་འགྱུར་བའི་ཕྱིར་རོ། །དེས་ན་ཕྱིས་བྱེད་པ་པོ་ཡིན་ན་ནི་དེ་སྐད་ཅིག་དང་པོར་ཡང་བྱེད་པ་ཉིད་དོ། །འདི་སྙམ་དུ་བྱེད་པ་པོ་ཉིད་ཡིན་ཡང་ལྷན་ཅིག་པ་ལ་ལྟོས་ནས་རིམ་གྱིས་འབྲས་བུ་བྱེད་པ་ཡིན་

ནོ་སྙམ་ན། བཤད་པ། ལྟོས་པ་ཡིན་ན་ནི་ཡང་རིག་བྱེད་སུན་འབྱིན་པའི་སྐབས་སུ་ཇི་ལྟར་སྐད་ཅིག་མ་ཡིན་པ་ལྟོས་པར་མི་རིགས་པ་དེ་ལྟར་བཤད་ཟིན་ཏོ། །འདི་སྙམ་དུ་འབྲས་བུ་བྱེད་པ་ཉིད་ཀྱིས་ཅིག་ཅར་བྱེད་པ་ཡིན་ནོ་སྙམ་ན། བཤད་པ། ཅིག་ཅར་བྱེད་པ་ཡང་མ་ཡིན་ཏེ། དེའི་ཞེས་

Vol. 188 · folio 245b

བྱ་བ་ནུས་པའི་རང་གི་ངོ་བོ་ནི་ཕྱིས་ཀྱང་ཞེས་བྱ་བ་སྐད་ཅིག་དང་པོའི་འོག་རོལ་དུ་ཡང་མི་བྱེད་པ་མི་འཐད་པའི་ཕྱིར་རོ། །དངོས་པོ་དེའི་རང་བཞིན་གང་གིས་སྐད་ཅིག་དང་པོར་འབྲས་བུ་བྱེད་པའི་རང་བཞིན་དེ་ནི་སྐད་ཅིག་གཉིས་པ་ན་ཡང་ཡོད་པའི་ཕྱིར་སྐད་ཅིག་དང་པོ་བཞིན་དུ་མ་ཚང་བ་མེད་པར་ཐམས་ཅད་བྱེད་

པར་འགྱུར་རོ། །སྐད་ཅིག་གཉིས་པར་གང་བྱས་པ་དེ་བྱེད་པའི་ནུས་པའི་རང་བཞིན་ནི་སྐད་ཅིག་དང་པོར་ཡོད་པའི་ཕྱིར་སྐད་ཅིག་དང་པོར་འབྲས་བུ་དེ་བྱེད་པར་འགྱུར་ལ། སྐད་ཅིག་དང་པོར་བྱས་པ་གང་ཇི་སྙེད་པ་དེ་ཐམས་ཅད་ནི་སྐད་ཅིག་མ་གཉིས་པ་ལ་ཡང་བྱེད་པར་འགྱུར་ཏེ། དེའི་རང་བཞིན་ཡོད་པའི་

ཕྱིར་རོ། །དེའི་ཕྱིར་དེ་ལྟར་དངོས་པོ་སྐད་ཅིག་གཉིས་གནས་པ་ཡང་། རིམ་དང་ཅིག་ཅར་དོན་བྱེད་པར་མི་འཐད་པའི་ཕྱིར་རོ། །སྐད་ཅིག་མ་ཡིན་པ་ལ་ནི་དོན་བྱེད་ནུས་པ་མེད་དོ། །དེས་ན་གང་གི་ཕྱིར་ཐམས་ཅད་ལས་ནུས་པ་ལྡོག་པ་དེའི་ཕྱིར་འདིའི་སྐད་ཅིག་མ་ཡིན་པའི་དོན་དེ་ནི་ཡོད་པའི་རང་བཞིན་ལས་འདས་

པ་ཡིན་ཏེ། མཚན་ཉིད་ཡོད་པ་མ་ཡིན་ནོ་ཞེས་མཇུག་སྡུད་པ་སྟེ་དེས་ན་མེད་པ་ཡིན་ནོ། །དེ་ཉིད་བསྡུ་བའི་ཕྱིར་བཤད་པ། དོན་བྱེད་པར་ནུས་པ་གང་ཡིན་པ་དེ་ནི་དངོས་པོ་དེ་ཁོ་ན་རྣམ་པར་དཔྱོད་པའམ། འགྲོ་བ་འདིར་དོན་དམ་པ་མ་བཅོས་པའི་རང་བཞིན་དུ་ཡོད་པ་ཡིན་ནོ། །ཤིན་ཏུ་སྐུར་པ་

ལྷུར་ལེན་པས་ཀྱང་དོན་དམ་པར་དོན་བྱེད་པར་ནུས་པ་ལ་བསྙོན་པ་དང་། ཀུན་རྫོབ་ཏུ་ཡང་རྣམ་པར་བཞག་ནས་དངོས་པོ་ཡོད་པར་བརྗོད་པར་བྱའི། དོན་དམ་པར་དོན་བྱེད་ནུས་པ་ཉིད་ནི་མ་ཡིན་ནོ། །གང་གི་ཕྱིར་དོན་བྱེད་པར་ནུས་པ་ཡོད་པ་ཡིན་པ་དེས་ན་སྐད་ཅིག་མ་མ་ཡིན་པ་ནི་མེད་པ་ཡིན་ཏེ། རིམ་

དང་ཅིག་ཅར་དོན་བྱེད་པ་འགལ་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རིམ་དང་ཅིག་ཅར་མེད་པ་ཉིད་གནོད་པར་བྱེད་པའི་ཚད་མར་ཉེ་བར་བསྟན་པ་ཡིན་ནོ། །འཇིག་པ་རྒྱུ་མེད་པ་ཉིད་ནི་གཞི་འདིང་བར་བྱེད་པ་ཡིན་ནོ། །ཡང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རང་བཞིན་གང་ཡིན་པ་དེའི་བྱས་པ་མི་རྟག་

པར་གྲུབ་པ་ཡིན་ཏེ། དེས་ན་འདི་ཡང་ངེས་པ་མེད་པ་ཡིན་ཏེ་ཞེས་གང་བརྗོད་པའི་སྐྱོན་དེ་མེད་དོ། །འདི་སྐད་བརྗོད་པ་ཡིན་ཏེ། གཟུགས་ལ་སོགས་པ་མཐོང་བ་ལས་ཐ་དད་པའི་དངོས་པོ་སྲིད་པ་གང་ཡིན་པའི་ཡུལ་དེ་ལ་ནི་ཁོ་བོ་ཅག་གིས་ཁྱབ་པ་བསྟན་པ་མ་ཡིན་ནོ། །གང་དག་ལ་ཁྱབ་པ་

Vol. 188 · folio 246a

བསྟན་པར་བྱ་བ་དེ་དག་ནི་འཇིག་པའི་རང་བཞིན་ཡིན་པའི་ཕྱིར་རྣམ་པ་དེ་ལྟ་བུའི་རྒྱུ་དག་ལ་ངེས་པ་མེད་པ་དེ་ཙམ་དང་རྗེས་སུ་འབྲེལ་པར་མཐོང་བ་ཡིན་ནོ། །དེས་ན་རྣམ་པ་འདིས་ནི་འཇིག་པའི་རྒྱུ་མེད་པ་ཉིད་ནི་རྒྱུ་ངེས་པ་མེད་པའི་མཚན་ཉིད་དུ་བསྟན་པ་ཡིན་ལ། དེ་ལྟར་བསྟན་

པས་ཀྱང་རྒྱུ་དང་ལྡན་པ་ཐམས་ཅད་འཇིག་པར་གྲུབ་པར་འགྱུར་གྱི། རིམ་དང་ཅིག་ཅར་འགལ་བའི་སྟོབས་ཀྱིས་ནི་མ་ཡིན་ནོ། །ཡང་ཇི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མཚན་ཉིད་མི་རྟག་པར་སྒྲུབ་ཅེ་ན། བཤད་པ། དེའི་རང་བཞིན་མ་ཡིན་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་

མ་ཡིན་པ་ལ་ནི་ཚད་མ་མེད་པས་མ་གྲུབ་པའི་ཕྱིར་ཏེ་མ་ངེས་པའི་ཕྱིར་རྗེས་སུ་འགྲོ་བ་སྒྲུབ་པ་རྗེས་སུ་འགྲོ་བ་སྟོན་པ་གང་ཡིན་པ་དེ་མི་འཐད་པའི་ཕྱིར་རོ། །ཚད་མ་ངེས་པའི་དངོས་པོ་ལ་བྱས་པའམ་ཡོད་པ་བསྒྲུབ་པར་བྱ་བ་མི་རྟག་པས་རྗེས་སུ་འགྲོ་བ་བསྟན་པར་ནུས་པ་ཡིན་ཏེ། དེའི་ཕྱིར་ཚད་མས་

མཐོང་བའི་ཕུང་པོ་ལྔ་པོ་ཉིད་ལ་གཏན་ཚིགས་བསྒྲུབ་བྱས་རྗེས་སུ་འགྲོ་བར་བསྟན་པར་བྱ་བ་ཡིན་ནོ། །མ་མཐོང་བའི་རྣམ་པ་འགའ་ཞིག་བརྟགས་པ་གང་ཡིན་པ་དེ་ནི་རྣམ་པ་དེ་ལྟ་བུ་མ་ཡིན་པའི་ཕྱིར་དེ་ལ་ཁྱབ་པ་བསྟན་པར་བྱ་བ་ནི་མ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་བྱས་པའམ་ཡོད་པ་དེ་ཙམ་

འགའ་ཞིག་གཟུང་ན་ནི་དེའི་ཚེ་གྲུབ་པའི་མཐའ་དང་འགལ་ལོ་སྙམ་ན། བཤད་པ། ཁོ་བོ་ཅག་གིས་བྱས་པ་ནི་དེ་ཉིད་ཡིན་ཏེ། ཕུང་པོ་ལྔའི་བདག་ཉིད་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་བཤད་པ། ཇི་སྐད་དུ་ཆོས་མངོན་པ་ལས་འདུས་བྱས་ཏེ། བྱས་པའི་ཆོས་གང་ཡིན་ཞེ་ན་ཞེས་དྲི་

བ་བྱས་ནས་ཕུང་པོ་ལྔའོ་ཞེས་གསུངས་པས་དེ་ཉིད་དུ་ལན་བཏབ་པ་ཡིན་ནོ། །ཕུང་པོ་ལྔ་པོ་དེ་ལ་དབང་པོ་ལྔ་ནིའོ། །འཕོ་བའི་རང་བཞིན་དེ་གང་དག་ལ་ཡོད་པའོ། །ཡང་ཇི་ལྟར་ན་ལྐོག་ཏུ་གྱུར་པའི་དབང་པོ་རྣམས་ཀྱི་རང་བཞིན་འཕོ་བ་ཅན་ཡིན་ཞེ་ན། བཤད་པ། དེའི་འབྲས་བུ་རྣམ་

པར་ཤེས་པ་གང་ཡིན་པ་དེ་རྣམ་པར་འཆད་པ་དང་རྣམ་པར་འགྱུར་བའོ། །འབྲས་བུ་རྣམ་པར་ཤེས་པ་ལྡོག་པ་ལས་དབང་པོ་དེ་དག་ཡོད་པ་ཡིན་པ་དེ་བཞིན་དུ་དེའི་འབྲས་བུ་རྣམ་པར་ཆད་པ་མཐོང་བའི་ཕྱིར་རྒྱུ་ཡང་རྣམ་པར་ཆད་པར་རྗེས་སུ་དཔོག་ལ། གསལ་བ་དང་མི་གསལ་བ་རྣམ་པར་འགྱུར་

Vol. 188 · folio 246b

བ་མཐོང་བའི་ཕྱིར་ནི་དེ་དག་ཀྱང་རྣམ་པ་གཞན་དུ་འགྱུར་བ་ཉིད་དུ་རྗེས་སུ་དཔོག་གོ། །འདི་ལྟར་རྒྱུ་ལྡོག་པའམ་རྣམ་པ་གཞན་དུ་འགྱུར་བ་མེད་པར་ནི་འབྲས་བུ་དེ་དག་ཏུ་འགྱུར་བ་མ་ཡིན་ནོ་ཞེས་གང་བཤད་པ་ནི་རང་བཞིན་དེ་ཉིད་ཡིན་ན་ནི་ཞེས་བྱ་བ་ཡིན་ནོ། །དེ་དག་གི་སྔར་གྱི་གནས་སྐབས་རྣམ་པར་འགྱུར་

བ་མེད་པ་རྣམ་པར་ཆད་པ་མེད་པ་གང་ཡིན་པའི་རང་བཞིན་དེ་ཉིད་དེ། དེ་ཡིན་ན་ནི་རྣམ་པར་ཆད་པ་དང་རྣམ་པར་འགྱུར་བ་དེ་མི་འཐད་པའི་ཕྱིར་རོ། །སྐད་ཅིག་མ་མ་ཡིན་པའི་དོན་ནི་ལྷན་ཅིག་བྱེད་པ་ལ་ལྟོས་ནས་འབྲས་བུ་བྱེད་པ་ཡང་མ་ཡིན་ནོ། །བཤད་པ་ནི་ལྟོས་པར་འགལ་བའི་ཕྱིར་རོ་ཞེས་བྱ་བ་

ཡིན་ནོ། །འབྲས་བུ་རྣམ་པར་ཤེས་པ་རེས་འགའ་བ་ཉིད་ཀྱིས་ནི་ཡུལ་རྣམས་ཀྱང་མི་རྟག་པ་ཉིད་དུ་བརྟག་པར་ནུས་མོད་ཀྱི། འོན་ཀྱང་མངོན་སུམ་ཉིད་ཀྱིས་ཤེས་པར་ནུས་སོ་ཞེས་བཤད་པ་ནི་དེ་བཞིན་དུ་ཡུལ་སྐྱེ་བ་དང་འགག་པ་སོ་སོར་རིག་པ་ཉིད་དོ། །རེ་ཞིག་སྐྱེ་བ་ནི་དམིགས་པའི་མཚན་ཉིད་

དུ་གྱུར་པ་རྣམས་ཀྱི་སོ་སོར་རིག་པ་ཉིད་དོ། །དེ་བཞིན་དུ་བལྟར་རུང་བ་རྣམས་ཀྱི་འགག་པ་ཡང་དེས་དབེན་པའི་ས་ཕྱོགས་ལ་སོགས་པ་དམིགས་པ་ལས་སོ་སོར་རིག་པ་ཉིད་དོ། །གཟུགས་ཀྱི་ཕུང་པོ་བཤད་ཟིན་ཏོ། །དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་དག་ནི་རང་རིག་པའི་མངོན་སུམ་གྱིས་སོ་སོར་རིག་པ་ཡིན་ནོ། །

དེ་ཉིད་ཀྱི་ཕྱིར་སྐྱེ་བ་དང་འགག་པ་ཡང་སོ་སོར་རིག་པ་ཉིད་ཡིན་ནོ། །འདིས་ནི་ཚོར་བའི་ཕུང་པོ་བཤད་དོ། །མཚན་མ་སྟེ་དོན་རྣམས་ཀྱི་ཕན་ཚུན་དབེན་པ་ཉེ་བར་རྟོགས་པ་སྟེ། རྟོགས་པའི་རང་བཞིན་གང་ཡིན་པ་དེ་ཡང་སོ་སོར་རིག་པ་ཡིན་ནོ། །འདིས་ནི་འདུ་ཤེས་ཀྱི་ཕུང་པོ་བཤད་དོ། །གང་གི་ཕྱིར་འདུ་ཤེས་ནི་དོན་རྣམས་ཀྱི་རིགས་

གཅིག་པ་དང་རིགས་ཐ་དད་པ་ཉིད་དུ་རྣམ་པར་གཞག་པའི་མཚན་མ་རྒྱུ་མཚན་དུ་གྱུར་པ་ཐུན་མོང་གི་རང་བཞིན་རྣམ་པར་འབྱེད་པ་ཡིན་ནོ། །དེ་ལྟར་གྱུར་པ་རྟོགས་པའི་རང་བཞིན་དེ་ཡང་མངོན་སུམ་གྱིས་གྲུབ་པས་དེའི་སྐྱེ་བ་དང་འཇིག་པ་ཡང་གྲུབ་པ་ཡིན་ནོ། །འདུ་བྱེད་ཀྱི་ཕུང་པོ་བསྟན་པའི་ཕྱིར་འདོད་ཆགས་ལ་སོགས་པ་

ཞེས་སྨོས་སོ། །ཀུན་ནས་ཉོན་མོངས་པའི་དངོས་པོ་ལ་ཞེན་པའི་ནི་འདོད་ཆགས་ཡིན་ནོ། །དེ་ཡང་སྐྱེ་བ་དང་འགག་པ་སོ་སོར་རིག་པ་ཡིན་ནོ། །སོགས་པ་སྨོས་པ་ནི་ཞེ་སྡང་ལ་སོགས་པའོ། །ཡུལ་ཉེ་བར་དམིགས་པ་ནི་འཛིན་པ་སྟེ་རྣམ་པར་ཤེས་པའོ། །དེ་ཡང་སྐྱེ་བ་དང་འགག་པ་སོ་སོར་

Vol. 188 · folio 247a

རིག་པ་ཡིན་ནོ། །འདིར་ཡང་ཡུལ་ཙམ་འཛིན་པ་ནི་རྣམ་པར་ཤེས་པ་ཡིན་ལ། རིགས་གཅིག་པ་དང་རིགས་ཐ་དད་པ་ཉིད་དུ་རྣམ་པར་གཞག་པའི་མཚན་མའི་རང་བཞིན་རྣམ་པར་དབྱེ་བར་ནུས་པ་རྟོགས་པའི་ངོ་བོ་ནི་འདུ་ཤེས་ཡིན་ཞིང་། རྟོགས་པའི་རང་བཞིན་མངོན་པར་

ཞེན་པ་ནི་འདོད་ཆགས་ཡིན་ཏེ། ཕུང་པོ་གསུམ་པོ་དེ་དག་གི་རྣམ་པའི་རབ་ཏུ་དབྱེ་བ་ནི་འདི་ཉིད་ཡིན་ནོ། །སྐྱེ་བ་ཞེས་བྱ་བ་ནི་འབྱུང་བའོ། །འགག་པ་ཞེས་བྱ་བ་ནི་འཇིག་པའོ། །དེའི་ཕྱིར་མི་རྟག་པ་ཡིན་ནོ། །དེ་ལྟ་བུའི་རང་བཞིན་ཅན་འཇིག་པའི་ངོ་བོ་ཉིད་ཀྱི་ཕུང་པོ་ལྔ་པོ་དེ་དག་ནི་རང་གི་རྒྱུའི་རང་བཞིན་

དེ་ལྟ་བུའི་ངོ་བོར་འཇིག་པ་སྐྱེད་པར་ནུས་པ་ཉིད་དུ་སྒྲུབ་པར་བྱེད་པ་སྟེ། རྟོགས་པར་བྱེད་པ་ཡིན་ནོ། །འདི་ནི་གཏན་ཚིགས་བརྗོད་པའོ། །གང་གི་ཕྱིར་རང་གི་རྒྱུའི་རང་གི་ངོ་བོ་དེ་ལྟ་བུའི་རང་བཞིན་དུ་རྟོགས་པར་བྱེད་པ་དེའི་ཕྱིར་རྣམ་པ་དེ་ལྟ་བུའི་ངག་སྐྱེས་པ་གང་ཡིན་པ་དེ་དག་ཀྱང་བདག་ཉིད་དང་འདྲ་བར་

འཇིག་པའི་རང་གི་ངོ་བོར་རྟོགས་པར་བྱེད་པ་ཡིན་ནོ། །དེ་བཤད་པ་ནི་རང་གི་ངོ་བོ་དེ་ལ་སྦྱོར་བར་བྱེད་པ་ཡིན་ཏེ་འབྲེལ་པར་བྱེད་པ་ཡིན་ནོ། །འདི་སྐད་བཤད་པ་ཡིན་ཏེ། གཟུགས་ལ་སོགས་པ་ཐམས་ཅད་འཇིག་པའི་ངོ་བོར་མཐོང་བས་གཟུགས་ལ་སོགས་པ་སྐྱེད་པར་ནུས་པའི་རང་བཞིན་

ཐམས་ཅད་འཇིག་པའི་རང་བཞིན་སྐྱེད་པར་ནུས་པར་རྗེས་སུ་དཔོག་པ་ཡིན་ཏེ། དེས་ན་གཟུགས་ལ་སོགས་པ་རྣམས་ཀྱི་འཇིག་པའི་རང་བཞིན་ནི་གཟུགས་ལ་སོགས་པའི་རྒྱུ་ལ་ངེས་པ་མེད་པར་ཐམས་ཅད་ལས་སྐྱེ་བ་ཡིན་ནོ། །དེའི་ཕྱིར་གཟུགས་ལ་སོགས་པ་བྱས་

པ་ཐམས་ཅད་མི་རྟག་པའི་ངོ་བོར་འགྲུབ་པར་འགྱུར་བའི་ཕྱིར་ཁྱབ་པ་གྲུབ་པོ། །དེའི་ཕྱིར་དེ་ལྟར་དོན་གྱི་རྣམ་པ་སྐྱེད་པར་ནུས་པའི་རྒྱུ་ཐམས་ཅད་ལ་ངེས་པ་མེད་པའི་འཇིག་པའི་རང་བཞིན་རྒྱུ་མེད་པ་ཉིད་ནི་ཁྱབ་པ་སྒྲུབ་པར་བྱེད་པ་གནོད་པའི་ཚད་མར་འགྱུར་བ་ཡིན་ནོ། །ཕུང་པོ་རྣམས་མི་རྟག་པ་ཉིད་དུ་

བསྒྲུབས་པ་འདིས་ནི་ཁམས་དང་སྐྱེད་མཆེད་དག་ནི་ཁམས་དང་སྐྱེ་མཆེད་དེ་དག་ཀྱང་བཤད་པ་ཡིན་ནོ། །འདི་ལྟར་མིག་ལ་སོགས་པའི་དབང་པོ་ལྔ་ནི་སྐྱེ་མཆེད་དང་ཁམས་ལྔ་ཡིན་ནོ། །དེ་བཞིན་དུ་ཡུལ་ཡང་སྐྱེ་མཆེད་ལྔ་དང་ཁམས་ལྔ་ཡིན་ནོ། །ཡུལ་ཉེ་བར་དམིགས་པ་ནི་ཡིད་ཀྱི་

Vol. 188 · folio 247b

སྐྱེ་མཆེད་ཡིན་ལ། ཕུང་པོ་གསུམ་པོ་ནི་ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཡིན་ནོ། །ཡིད་ཀྱི་སྐྱེ་མཆེད་ཉིད་ཀྱང་སེམས་ཀྱི་ཁམས་བདུན་ཡིན་ཏེ། མིག་གི་རྣམ་པར་ཤེས་པའི་ཁམས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དང་། རྟེན་ཐ་དད་པས་ཐ་དད་པའི་སེམས་ཀྱི་ཁམས་དྲུག་པོ་དེ་དག་

ཉིད་གང་དང་གང་འདས་མ་ཐག་པ་ཕྱི་མ་སྐྱེད་པར་བྱེད་པ་དེ་ཉིད་ནི་ཡིད་ཅེས་བརྗོད་པའོ། །དེའི་ཕྱིར་ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་བཅོ་བརྒྱད་ཀྱི་བྱས་པའམ་ཡོད་པ་ནི་མི་རྟག་པར་བསྟན་པ་ཡིན་ནོ། །གལ་ཏེ་ཆོས་ཀྱི་མིང་ཅན་གྱི་ཁམས་དང་སྐྱེ་མཆེད་ནམ་མཁའ་དང་སོ་སོར་བརྟགས་པ་དང་། སོ་སོར་

བརྟགས་པ་མ་ཡིན་པའི་འགོག་པ་དག་ནི་རྟག་ཏུ་ཡོད་པ་དང་མ་བྱས་པ་མ་ཡིན་ནམ། དེས་ན་སྐྱེ་མཆེད་དང་ཁམས་ཀྱང་མི་རྟག་པར་གྲུབ་པོ་ཞེས་ཇི་ལྟར་བརྗོད་ཅེ་ན། ཆོས་ཀྱི་ཞེས་སྨོས་ཏེ། ཆོས་ཀྱི་སྐྱེ་མཆེད་དང་ཁམས་དེ་དག་ཀྱང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དེ་ཕུང་པོ་གསུམ་པོ་དེ་ཉིད་ཀྱི་

རང་བཞིན་གང་ཡིན་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཁམས་དང་སྐྱེ་མཆེད་དག་ཀྱང་མི་རྟག་པར་འགལ་བ་མེད་དོ། །འདི་ལྟར་ཕུང་པོ་གསུམ་པོ་དེ་དག་ནི་མི་རྟག་པ་སྒྲུབ་པ་ཡིན་ལ། དེ་ལས་ཐ་དད་པ་ནམ་མཁའ་ལ་སོགས་པ་ནི་མདོ་སྡེ་པས་བཀག་པ་དང་ཁས་མ་བླངས་པ་ཡིན་ནོ། །

ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་བྱས་པ་མི་རྟག་པས་ཁྱབ་པ་བསྒྲུབས་པ་འདིས་ནི་ཡོད་པའང་མི་རྟག་པ་ཉིད་ཀྱིས་ཁྱབ་པ་བསྒྲུབས་པ་ཡིན་ནོ། །འདི་ལྟར་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ཉིད་རྒྱུས་ཡོད་པ་བྱས་པ་ཡིན་ལ། དེ་ཡང་རྒྱུ་དང་བཅས་པ་ཡིན་ནོ། །རྒྱུ་རྣམས་ལ་

ཡང་འཇིག་པ་ངེས་པ་མེད་པར་བསྒྲུབ་པའི་ཕྱིར་འཇིག་པ་ཉིད་ཀྱིས་ཁྱབ་པོ། །གལ་ཏེ་དབང་པོ་རྣམས་རྗེས་སུ་དཔག་པ་གཞན་གྱིས་ཡིན་ཞིང་། དེ་ལས་གཞན་རྣམས་ནི་མངོན་སུམ་གྱིས་གྲུབ་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་མི་རྟག་པ་ཉིད་དུ་གྲུབ་པ་ཡིན་ན། འོ་ན་དངོས་པོ་འཇིག་

པ་ལྟོས་པ་མེད་པ་ལ་ནུས་པ་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་དངོས་པོ་རྣམས་འཇིག་པ་ལ་ལྟོས་པ་མེད་པ་ལས་འཇིག་པ་ཉིད་དུ་གྲུབ་པ་དེ་ལྟ་ན་ནི་ལྟོས་པ་མེད་པ་ནུས་པར་འགྱུར་ན། དེ་ལྟ་ནི་དེ་ལྟ་མ་ཡིན་ནོ། །དེ་ཉིད་སྟོན་པར་བྱེད་པ་ནི་ཕུང་པོ་ལ་སོགས་པ་དག་ནི་ཞེས་བྱ་བ་ཡིན་ནོ། །སོགས་པས་

Vol. 188 · folio 248a

ནི་ཁམས་དང་སྐྱེ་མཆེད་གཟུང་ངོ་། །གཏན་ཚིགས་གཞན་ཁོ་ནས་ཞེས་བྱ་བ་ནི་དབང་པོ་རྣམས་ནི་འབྲས་བུ་རྣམ་པར་འཆད་པ་དང་འགྱུར་བ་མཐོང་བ་ལས་མི་རྟག་པ་ཡིན་ཞིང་། གཞན་རྣམས་ནི་ཉམས་སུ་མྱོང་བ་ཉིད་ཀྱིས་སོ། །འདི་བཟློག་པའི་ཕྱིར་བཤད་པ། ཉམས་སུ་མྱོང་བ་དང་

འབྲས་བུ་མཐོང་བ་ལས་ནི་འགའ་ཞིག་མི་རྟག་པར་གྲུབ་ཀྱང་རྣམ་པ་དེ་ལྟ་བུ་ཞེས་བྱ་བ་དེ་དང་འདྲ་བ་གཟུགས་ལ་སོགས་པ་མ་མཐོང་བའི་བྱས་པའམ་ཡོད་པ་དག་མི་རྟག་པ་ཉིད་དེས་ཁྱབ་པ་ནི་ལྟོས་པ་མེད་པ་ལས་ཡིན་ནོ། །གལ་ཏེ་རྒྱུ་དང་ལྡན་པ་ཉིད་དུ་གྱུར་ན་ཅིའི་ཕྱིར་ཁྱབ་པ་མེད་པར་འགྱུར་ཞེ་ན། འཇིག་པ་ལ་

རྒྱུ་ཡོད་པ་ཉིད་ཡིན་ན་ཞེས་སྨོས་སོ། །གལ་ཏེ་གཟུགས་ལ་སོགས་པ་མཐོང་བ་དག་གི་འཇིག་པ་རྒྱུ་དང་བཅས་པར་གྱུར་ན་ནི་དེའི་ཚེ་འཇིག་པའི་རང་བཞིན་གཟུགས་ལ་སོགས་པ་སྐྱེད་པའི་རྒྱུ་ལ་རག་ལས་པ་མ་ཡིན་པར་འགྱུར་བ་དེས་ན། གཟུགས་ལ་སོགས་པ་གང་དག་ལ་འཇིག་པའི་རྒྱུ་ཉེ་བ་དེ་དག་ཉིད་

འཇིག་པར་འགྱུར་གྱི་གཞན་དག་ལ་འཇིག་པའི་རྒྱུའི་གགས་ཡོད་པ་དང་མ་ཚང་བ་སྲིད་པའི་ཕྱིར་ཉེ་བ་མེད་པ་ན་མི་འཇིག་པར་ཡང་འགྱུར་བའི་ཕྱིར་མ་ཁྱབ་པར་ཡང་འགྱུར་རོ། །དེས་ན་གང་གི་ཕྱིར་དེ་ལྟར་དངོས་པོ་འཇིག་པ་སྐྱེད་པར་བྱེད་པ་ལས་གཞན་པའི་རྒྱུ་ལ་མི་ལྟོས་པ་དེའི་ཕྱིར། སྐྱེད་པར་བྱེད་པ་

ཙམ་ལ་རག་ལས་པ་ནི་འདིའི་ལྟོས་པ་མེད་པ་ཉིད་དོ། །རྒྱུ་མེད་པ་ཉིད་འདིས་ནི་འཇིག་པ་ཞེས་བྱ་བ་འཇིག་པའི་རང་བཞིན་རྫས་འགའ་ཞིག་ལ་འགའ་ཞིག་གི་ཚེ་ཞེས་བྱ་བ་དུས་འགའ་ཞིག་ཏུ་འགྱུར་བ་གང་ཡིན་པ་དེ་དང་འགལ་བ་ན་རྫས་དང་དུས་ཀྱི་ཁྱད་པར་ཅན་གྱི་དངོས་པོ་དེ་མེད་པའི་རང་གི་ངོ་བོ་

ཉིད་དུ་སྒྲུབ་པར་བྱེད་དོ། །ཅིའི་ཕྱིར་འགལ་ཞེ་ན་ལྟོས་པའི་རང་བཞིན་གང་ཡིན་པ་དེ་ནི་ཞེས་སྨོས་ཏེ། ནི་ཞེས་བྱ་བ་ནི་གང་གི་ཕྱིར་རོ། །གང་གི་ཕྱིར་རེས་འགའ་འགྱུར་བའི་འཇིག་པ་ནི་དུས་དེ་ལ་ལྟོས་པ་དང་འགའ་ཞིག་ལ་འགྱུར་བ་ནི་ཐོགས་པ་དང་བཅས་པ་བཞིན་དུ་རྫས་དེའི་རྒྱུ་ལ་སོ་སོར་ངེས་པ་དེ་

ལ་ལྟོས་པར་འགྱུར་བ་དེའི་ཕྱིར་རེས་འགའ་འམ་འགའ་ཞིག་ལ་འགྱུར་ན་ནི་ལྟོས་པ་དང་བཅས་པས་ཁྱབ་པ་ཡིན་ལ། ལྟོས་པ་མེད་པ་ཉིད་ནི་དེ་དང་འགལ་བ་ཡིན་པ་དེའི་ཕྱིར་ཁྱབ་པར་བྱ་བ་དང་ཡང་འགལ་བ་ཡིན་ནོ། །འགའ་ཞིག་ལ་འགྱུར་བ་འགལ་བས་ནི་ཐམས་ཅད་འཇིག་པ་ཡིན་ལ།

Vol. 188 · folio 248b

རེས་འགའ་འགྱུར་བ་འགལ་བས་ནི་སྐྱེས་པ་ཉིད་ན་འཇིག་པ་སྐད་ཅིག་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །འོ་ན་ནི་ཞེས་བྱ་བ་ལ་འཇིག་པ་ཉིད་རང་གི་ངོ་བོ་སྟེ་འཇིག་པ་དེ་ནི་དེ་དང་དེར་བཤད་ཟིན་ལ། དེ་ཡང་ལྟོས་པ་མེད་པའི་ཕྱིར་རྒྱུ་མེད་པ་ཅན་དུ་འགྱུར་རོ་ཞེ་ན། འདི་བཟློག་པའི་ཕྱིར་མི་འགྱུར་ཏེ་ཞེས་

སྨོས་སོ། །དངོས་པོ་ཡོད་པའི་རྒྱུའི་དངོས་པོ་གང་ཡིན་པ་དེ་ཉིད་ལས་དེ་ལྟར་འཇིག་པའི་རང་གི་ངོ་བོ་ཉིད་དུ་སྐྱེའོ། །གལ་ཏེ་གང་ལས་ཡོད་པར་སྐྱེ་བ་དེ་ལས་འཇིག་པ་ཇི་ལྟར་སྐྱེ་འདི་ལྟར་འབྲས་བུའི་ཁྱད་པར་ནི་ལྷན་ཅིག་བྱེད་པའི་ཁྱད་པར་ཉིད་ལས་ཡིན་ཏེ། དཔེར་ན་བུམ་པའི་དབྱིབས་ཀྱི་ཁྱད་པར་ནི་

རྫ་མཁན་ལས་ཡིན་ལ། འཇི་བ་ལས་ནི་དེའི་ངོ་བོ་ཡིན་པ་བཞིན་དུ་འདིར་ཡང་འཇིག་པ་ཉིད་རྒྱུ་གཞན་ལས་བརྟག་པར་བྱ་བ་ཡིན་ནོ་ཞེ་ན། ཡོད་པ་འབྱུང་བ་ནི་ཞེས་སྨོས་ཏེ། ཡོད་པ་ཉིད་དུ་གྲུབ་པ་ནི་དེ་འདྲ་བ་འཇིག་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །གང་ཞིག་ཕན་ཚུན་འཁྲུལ་པ་དེ་ལ་ནི་རྒྱུ་ཐ་དད་པར་

རྟོགས་པ་ཡིན་ཏེ། དཔེར་ན་དབྱིབས་དང་སའི་རང་བཞིན་དག་བཞིན་ནོ། །འདིར་ཕན་ཚུན་འཁྲུལ་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གང་ཅུང་ཟད་ཡོད་པ་དེ་དག་ཐམས་ཅད་ནི་འཇིག་པ་ཁོ་ན་སྟེ། དེས་ན་འདིར་ཡོད་པའི་རྒྱུ་གང་ཡིན་པ་དེ་ཉིད་འཇུག་པའི་རྒྱུ་ཡིན་ནོ། །འབྲས་བུའི་ཁྱད་པར་

ལས་འགའ་ཞིག་ཏུ་རྒྱུའི་ཁྱད་པར་རྟོགས་པ་ཡིན་ན། འབྲས་བུ་ཐམས་ཅད་དུ་ཁྱད་པར་མེད་ན་ནི་རྒྱུ་ཡང་ཁྱད་པར་ཡོད་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཡོད་པའི་རྒྱུ་ཉིད་ལས་འཇིག་པ་སྐྱེ་ན། འོ་ན་ནི་རྒྱུ་མེད་པ་ཅན་གྱི་ཡོད་པ་གང་ཡིན་པ་དེ་མི་འཇིག་པར་འགྱུར་ཏེ། འདི་ལྟར་

ཡོད་པའི་དོན་ནི་གདོན་མི་ཟ་བར་འགའ་ཞིག་ལས་འབྱུང་བ་མ་ཡིན་ཏེ། མ་སྐྱེས་པ་ཡང་ཡོད་པའི་ཕྱིར་རོ་ཞེ་ན། བཤད་པ། གློ་བུར་བ་ནི་རྒྱུ་མེད་པ་སྟེ་དེའི་ཕྱིར་ཡོད་པ་འདི་རྫས་འགའ་ཞིག་ལ་ལྡོག་པར་མི་འགྱུར་རོ། །གལ་ཏེ་བུམ་པ་ལ་སོགས་པའི་རྫས་གཞན་ནི་རྒྱུ་དང་ལྡན་པ་ཡིན་ལ། རྒྱུ་

མེད་པ་ནི་གཞན་དེ་དག་དང་རིགས་མི་མཐུན་པ་མ་ཡིན་ནམ། དེའི་ཡོད་པ་ཇི་ལྟ་བ་གཞན་གྱི་གྱུར་ཞེ་ན། བདེན་ཏེ་འོན་ཀྱང་འགའ་ཞིག་ལ་ལྡོག་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། རང་བཞིན་འདིར་མ་གྱུར་པའི་དོན་གང་ཡིན་པ་དེ་ནི་འགའ་ཡང་མེད་དེ། ཐམས་ཅད་ཀྱི་བདག་ཉིད་ཅན་

Vol. 188 · folio 249a

དུ་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་རང་བཞིན་ཐ་དད་པར་དམ་བཅས་པ་མ་ཡིན་ནམ། དེས་ན་ཐམས་ཅད་ཀྱི་བདག་ཉིད་ཅན་དུ་ཇི་ལྟར་ཐལ་ཞེ་ན། བུམ་པ་ལ་སོགས་པའི་རྣམ་པ་དང་མདོག་གང་ཡིན་པར་ཐལ་ལོ་ཞེས་ནི་མི་བརྗོད་ཀྱི། འོན་ཀྱང་ཁྱད་པར་ཅན་གྱི་འབྲས་

བུ་བྱེད་ནུས་པ་སྟེ། དཔེར་ན་མེ་དྲོ་བ་བྱེད་ནུས་པ་དེ་བཞིན་དུ་བདག་ཉིད་གཞན་དུ་གནས་པ་འདི་ཡང་འགྱུར་རོ། །དེ་བཞིན་དུ་ཇི་ལྟར་གཟུགས་ལ་སོགས་པ་མིག་ལ་སོགས་པའི་རྣམ་པར་ཤེས་པས་ཡོངས་སུ་གཅད་པར་བྱ་བ་དེ་བཞིན་དུ་དེ་ཡང་འགྱུར་རོ། །གང་ལ་རྒྱུའི་ཁྱད་པར་ཡོད་པ་དེ་ནི་ནུས་པ་ངེས་པར་

འགྱུར་བ་ཡིན་ན། རྒྱུ་མེད་པ་ལ་ནི་ངེས་པར་བྱེད་པ་མེད་པས་མི་ལྡོག་པར་འགྱུར་རོ། །རང་བཞིན་འགལ་བ་ཅན་གྱི་ནུས་པ་ཐམས་ཅད་དུ་ཐལ་བར་འགྱུར་ཏེ། ནུས་པ་ཐམས་ཅད་དང་ལྡན་པའི་ཕྱིར་རོ། །ཤེས་པ་ཐམས་ཅད་ཀྱིས་བཅད་པར་ཐལ་བ་ནི་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་ཚེ། ཐམས་ཅད་དུ་

མཐོང་བར་འགྱུར་ལ། འབྲས་བུ་རྣམས་ལ་ཡང་སྦྱོར་བར་འགྱུར་རོ། །དོན་འདི་ནི། དེ་དང་དེ་མིན་རང་བཞིན་ཅན། །ཞེས་བྱ་བ་དེར་ངེས་པར་བརྟགས་ཟིན་ཏོ། །ཡུལ་འགའ་ཞིག་གི་ཚེ་ཞེས་བྱ་བ་དུས་ལ་ལར་རོ། །འདི་ཉིད་སྨྲས་པ་ནི་དངོས་པོ་གང་འགའ་ཞིག་ལ་ཞེས་བྱ་བ་ནི་ལས་ཀྱི་ཚིག་སྟེ།

ཡུལ་དང་དུས་དང་རང་བཞིན་འགའ་ཞིག་ལ་ཉེ་བར་བརྟེན་པ་སྟེ། གནས་པའམ་མ་ཡིན་པ་ཡོངས་སུ་འདོར་བར་བྱེད་པ་དེའི་འགའ་ཞིག་པོ་དེ་འདོར་བའམ་བརྟེན་པའི་དངོས་པོ་དེ་ཉིད་ནི་གང་ལ་ཞེས་བྱ་བ་ཡུལ་དང་དུས་དང་རང་བཞིན་ལ་ཅུང་ཟད་འབྲེལ་པའི་རྒྱུ་ཡོད་པ་ཡིན་ཏེ། རྒྱུ་དང་ལྡན་པའི་ཡུལ་

དང་དུས་དང་དེ་དང་ལྡན་པའི་རང་བཞིན་ལ་ནི་རྟེན་ལ། དེ་ལས་བཟློག་པ་ནི་དངོས་པོས་སྤོང་བ་ཡིན་ནོ། །ཡང་ན་རྒྱུར་གྱུར་པའི་ཡུལ་དང་དུས་ལ་ནི་རང་བཞིན་འབྲེལ་པར་སྦྱར་ལ། རང་བཞིན་ལ་སྐྱེད་པར་བྱེད་པའི་རྒྱུ་སྦྱར་བར་བྱའོ། །གལ་ཏེ་འདི་འདྲ་བའི་ཡོད་པ་འདི་ཡུལ་དང་དུས་དང་རང་

བཞིན་དང་འབྲེལ་པ་དང་བྲལ་བ་ཡིན་ན་ནི། རང་བཞིན་ལ་སོགས་པ་ངེས་པ་དང་ལྡན་པར་མི་འགྱུར་རོ། །གང་ཞིག་ཐམས་ཅད་དུ་ཐམས་ཅད་ཀྱིས་རྟོགས་པར་མི་འགྱུར་བའི་ངེས་པ་ཡང་ཁས་བླང་བར་བྱ་བ་ཡིན་ནོ། །དེའི་ཕྱིར་གློ་བུར་བ་ནི་མེད་དོ། །གལ་ཏེ་ཡོད་པ་གློ་བུར་བ་མེད་ན་

Vol. 188 · folio 249b

འཇིག་པ་ཞེས་བྱ་བའི་དངོས་པོ་རྒྱུ་མེད་པར་ཇི་ལྟར་བཤད་ཅེ་ན། སྐྱེས་པ་གྲུབ་པ་འཇིག་པ་དེའི་ངོ་བོར་གྱུར་པ་སྐྱེད་པར་བྱེད་པའི་རྒྱུ་ལས་གཞན་ལ་མི་ལྟོས་པའི་ཕྱིར་རོ། །དོན་འདི་ཡིན་ཏེ། གང་གི་ཕྱིར་སྐྱེད་པར་བྱེད་པ་ལས་གཞན་ལ་མི་ལྟོས་པ་དང་། གཟུགས་ལ་སོགས་པ་ལ་ངེས་པ་

ཡང་མ་ཡིན་པ་དེའི་ཕྱིར། འཇིག་པའི་རང་བཞིན་ལྟོས་པ་མེད་པ་ཡིན་གྱི། རྒྱུ་མེད་པ་ཉིད་ཀྱི་ཕྱིར་ནི་མ་ཡིན་ནོ། །གལ་ཏེ་འཇིག་པ་ལས་འཇིག་པ་དང་ལྡན་པའི་དངོས་པོ་གཞན་མ་ཡིན་ནམ། དེས་ན་ཡོད་པའི་རྒྱུ་ཉིད་ལས་འཇིག་པ་སྐྱེས་པར་ཇི་ལྟར་འགྱུར་ཞེ་ན། གཞན་ཡང་ཞེས་སྨོས་སོ། །འཇིག་

པ་ནི་ཡོད་པའི་རྒྱུ་ལས་སྐྱེས་པ་ཡིན་ཏེ་དངོས་པོ་ལས་གཞན་འགའ་ཞིག་ནི་མ་ཡིན་ནོ། །གལ་ཏེ་གཞན་ཡིན་ན་ནི་ཡོད་པའི་རྒྱུ་ལས་སྐྱེ་བར་མི་འགྱུར་རོ། །འཇིག་པའི་སྒྲས་ནི་ལྡོག་པའི་ཆོས་ཀྱི་དངོས་པོ་ཉིད་བརྗོད་པ་ཡིན་ནོ་ཞེས་བཤད་པ་ནི། དེ་ཉིད་སྐད་ཅིག་མར་གནས་པར་སྐྱེས་པའི་ཕྱིར་རོ་

ཞེས་བྱ་བ་ཡིན་ནོ། །སྐད་ཅིག་མར་གནས་པའི་ངང་ཚུལ་འདི་ལ་ཡོད་པའོ། །དངོས་པོ་ཡོད་པའི་དུས་གང་ཡིན་པ་འདི་ཉིད་སྐད་ཅིག་མ་གཅིག་ཡིན་པའི་ཕྱིར་སྐད་ཅིག་མར་གནས་པ་ཞེས་བརྗོད་ཀྱི། སྐྱེས་ནས་ནི་སྐད་ཅིག་ཀྱང་མི་གནས་ཏེ་གནས་ན་ནི་ནམ་ཡང་ལྡོག་པར་མི་འགྱུར་རོ་ཞེས་མང་དུ་བཤད་

ཟིན་ཏོ། །གལ་ཏེ་དོན་གྱི་བདག་ཉིད་ནི་འཇིག་པར་འཇིག་རྟེན་ན་མི་བརྗོད་ཀྱི། འོན་ཀྱང་དངོས་པོ་མེད་པ་ཉིད་ཡིན་ཞེ་ན། ཞན་པ་རྣམས་ཀྱིས་འདིའི་རང་བཞིན་དེ་ཞེས་སྨོས་ཏེ། འཁོར་བ་ཇི་སྲིད་པར་མ་རིག་པ་དང་རྗེས་སུ་འབྲེལ་པ་ཞན་པ་ནི་སྣང་བཞིན་པ་དེའི་ཆོས་ཐམས་ཅད་ཁོང་དུ་ཆུད་པར་མི་ནུས་

སོ། །དེ་ལ་མི་གནས་པ་ཞེས་བྱ་བའི་ཆོས་ནི་ཡོད་པའི་དུས་ལས་ཕྱིས་ངེས་པར་འགྱུར་གྱི། ཡོད་པའི་དུས་ཉིད་དུ་མཐོང་བ་ཡིན་ཡང་སྔར་ནི་མ་ཡིན་ཏེ། དེ་ལྟར་གྱུར་པའི་རང་བཞིན་ནི་མཐོང་བ་ཡིན་ཡང་། མཐོང་བའི་དུས་སུ་རྣམ་པར་འཇོག་པ་ནི་མ་ཡིན་ཏེ། མ་རིག་པ་དང་ལྡན་པའི་ཞན་པ་རྣམས་ལ་

མཐོང་བ་གསལ་བ་མེད་པའི་ཕྱིར་རོ། །གང་གི་ཕྱིར་དེའི་རང་བཞིན་ནི་ལྡོག་པའི་དུས་སུ་ངེས་པ་དེས་ན་ཕྱིས་ཞེས་བྱ་བ་དུས་གང་དང་དེའི་རང་བཞིན་ངེས་པའི་དུས་སུ་དེའི་ཁྱད་པར་ཅན་ཉིད་དུ་དེའི་དབང་གིས་ཏེ། ངེས་པ་དེའི་དབང་གིས་དངོས་པོ་དེ་མི་གནས་པའི་ངང་ཅན་འཇིག་པར་རྣམ་པར་འཇོག་གི །

Vol. 188 · folio 250a

འཇིག་པ་ལྡོག་པའི་གནས་སྐབས་ཉིད་ཡིན་པར་ནི་འཇིག་རྟེན་པས་ཀྱང་རྟོགས་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་བུམ་པ་ཞིག་གོ། །བུམ་པའི་འཇིག་པ་ཞེས་བྱ་བའི་འབྲེལ་པར་མི་འགྱུར་བ་ཉིད་དོ། །དངོས་པོ་དང་དངོས་པོ་མེད་པ་ཕན་ཚུན་སྤངས་ཏེ་གནས་པ་དག་ནི་འབྲེལ་པ་འགའ་

ཡང་མེད་ལ། འབྲེལ་པའི་ཐ་སྙད་ཀྱང་ཡོད་པ་ཡིན་ནོ། །དེའི་ཕྱིར་དངོས་པོའི་རང་བཞིན་ལྡོག་པའི་ཆོས་དེ་ཉིད་ལྡོག་པར་ངེས་པའི་དུས་ཀྱི་ཁྱད་པར་ཅན་གྱི་འཇིག་པར་ཐ་སྙད་བྱེད་པ་པོས་རྟོགས་མོད་ཀྱི། འོན་ཀྱང་ཡོད་པ་དང་མེད་པ་འགལ་བའི་ཕྱིར་རོ། །ཡོད་པའི་གནས་སྐབས་དང་འགལ་བ་མེད་

པའི་གནས་སྐབས་ནི་ཁོ་བོས་འཇིག་པར་རྟོགས་སོ་ཞེས་རློམ་པ་འབའ་ཞིག་ཏུ་ཟད་དོ། །ངོ་བོ་ཉིད་དོན་འགའ་ཞིག་ལ་མཐོང་ཡང་ལྡོག་པའི་ཆོས་ཅན་བཞིན་དུ་མ་ངེས་པ་ཕྱིས་ངེས་པར་འགྱུར་བ་འགའ་ཞིག་ཡོད་དམ་ཞེ་ན། ཡོད་དོ་ཞེས་བཤད་པ་ནི་མི་ཤེས་པ་རྣམ་པར་འགྱུར་བ་མཐོང་ནས་ཞེས་བྱ་བ་ཡིན་

ནོ། །ཇི་ལྟར་དུག་མི་ཤེས་པ་མཐོང་ཡང་འཆི་བའི་ནུས་པ་དང་ལྡན་པ་ཉིད་ནི་དེའི་ཚེ་ངེས་པར་མི་ནུས་ཏེ་རྣམ་པར་འགྱུར་བའི་གནས་སྐབས་སུ་ངེས་པར་བྱེད་དོ། །དེ་མཐོང་བའི་དུས་སུ་མི་ངེས་པའི་ཆོས་ནི་སྲིད་དོ་ཞེས་བྱ་བའི་ཆ་དེ་ཙམ་གྱིས་དཔེ་ཡིན་གྱི། དུག་གིས་འཆི་བའི་ནུས་པ་དུས་ཕྱིས་འབྱུང་བར་འགྱུར་

བ་ཉིད་དུ་རྣམ་པར་གཞག་པར་བྱ་བ་ནི་མ་ཡིན་ནོ། །འདི་ལྟར་འཆི་བའི་ནུས་པ་ནི་འབྲས་བུ་བྱེད་པའི་ནུས་པ་ཉིད་ཡིན་ལ། ནུས་པ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པས་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །དངོས་པོ་རྣམས་ཀྱི་རྗེས་སུ་འགྲོ་བ་དང་ལྡོག་པ་ཁོང་དུ་ཆུད་པ་ཡང་རང་བཞིན་གྱི་ཡུལ་ཅན་ཡིན་ནོ། །

དེའི་ཕྱིར་ནུས་པ་ནི་རང་བཞིན་ཡིན་མོད་ཀྱི། འོན་ཀྱང་འགའ་ཞིག་ལ་ལྟོས་ནས་ནུས་པ་ཐ་དད་པར་ཐ་སྙད་དུ་བྱེད་པ་འབའ་ཞིག་ཏུ་ཟད་དོ། །ནུས་པ་དང་ནུས་པ་དང་ལྡན་པ་དག་ནི་འགལ་བ་ཅུང་ཟད་ཀྱང་མེད་དེ། དེས་ན་ཕྱི་མ་གནས་སྐབས་ཀྱི་ཁྱད་པར་ཅན་ནི་དངོས་པོའི་ནུས་པ་རྣམ་པར་གཞག་པ་མ་ཡིན་ནོ། །

དངོས་པོ་དང་དངོས་པོ་མེད་པ་དག་ནི་འགལ་བའི་ཕྱིར་བུམ་པའི་འཇིག་པ་བུམ་པའི་ཞིག་པ་ཞེས་དངོས་པོ་ལ་ལྡོག་པའི་ཆོས་ཅན་གྱི་རང་བཞིན་དུ་ཐ་སྙད་དུ་བྱེད་ཀྱང་དེའི་རང་བཞིན་ཕྱིས་ངེས་པའི་ཕྱིར་དང་། མེད་པའི་གནས་སྐབས་དང་ཡོད་པའི་གནས་སྐབས་ཀྱང་འགལ་བའི་ཕྱིར་ན་དུས་ཕྱིས་

Vol. 188 · folio 250b

འབྱུང་བ་ལྟ་བུར་ཐ་སྙད་དུ་བྱེད་དོ། །འཇིག་པ་ནི་རང་གི་ངོ་བོར་བརྗོད་པ་དེ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་འབྲེལ་པ་མི་འཐད་པའི་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པ་ནི་འཇིག་རྟེན་པའི་ཐ་སྙད་དུ་གྲུབ་པ་ཡིན་ནོ། །དེ་བས་ན་ཞེས་བྱ་བ་ནི་གང་གི་ཕྱིར་འཇིག་པ་འདི་ནི་སྐྱེད་པར་བྱེད་པ་ཙམ་ལ་རག་

ལས་པའི་རང་བཞིན་ཡིན་པ་དེའི་ཕྱིར། ཡོད་པ་མ་གཏོགས་པ་ཡོད་པའི་རྒྱུའི་ཁྱད་པར་རམ། འཇིག་པར་བྱེད་པའི་རྒྱུ་འགའ་ཞིག་ལ་ལྟོས་པ་མེད་པ་ཡོད་པ་དེ་ལ་ཁྱབ་པར་བྱེད་པ་ཡིན་ནོ། །གང་ལ་གང་གི་ཚེ་འཇིག་པ་ཙམ་ཡོད་པ་དེ་ལ་དེའི་ཚེ་འཇིག་པ་ཉིད་ཡོད་པས་མཐའ་དག་སྐད་ཅིག་ཙམ་

གནས་པ་ཡིན་ནོ། །གང་གིས་སྐྱེད་པར་བྱེད་པ་ཙམ་རག་ལས་པར་རྟོགས་པར་འགྱུར་བ་ཡོད་པའི་རྒྱུ་ལས་གཞན་ལ་རག་ལས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ག་ལས་ཤེས་ཤེ་ན། བཤད་པ། འཇིག་པ་དེའི་རྒྱུ་དེ་ལ་ནུས་པ་མེད་ཕྱིར་ཡང་། ཡང་གི་སྒྲས་ནི་རྒྱུ་མ་ཡིན་པ་ཉིད་ཀྱང་ངོ་། །འདི་

ཉིད་རྣམ་པར་འགྲེལ་པ་བཤད་པ་ནི། ཡང་གི་སྒྲས་ནི་དངོས་པོ་མེད་པ་དོན་མེད་པ་བྱེད་པའི་ངང་ཚུལ་འདི་ལ་ཡོད་པས་ན་དངོས་པོ་མེད་པ་བྱེད་པ་སྟེ། དེར་མངོན་པར་འདོད་པ་དེའི་བྱ་བ་བཀག་པའི་ཡང་ཕྱིར་རོ། །གང་ཞིག་དངོས་པོ་མེད་པར་བྱེད་པར་འདོད་པ་དེ་ནི་བྱེད་པ་མ་ཡིན་པ་ཉིད་དོ། །ནུས་

པ་མེད་པ་བསྟན་པའི་དོན་དུ་བཤད་པ། དངོས་པོ་གྲུབ་ན་ནི་ཞེས་བྱ་བ་སྐྱེས་ན་ནི་རྒྱུའི་དངོས་པོས་དེ་བྱེད་པ་མ་ཡིན་ནོ། །རེ་ཞིག་ཐོ་བ་ལ་སོགས་པ་རྣམས་ཀྱིས་གྱོ་མོའི་གནས་སྐབས་སྐྱེད་པ་ནི་མི་འགོག་ལ། ལྡོག་པ་ཙམ་བྱེད་པ་ཡང་ད་ལྟ་ཉིད་འགོག་པར་འདོད་པ་ཡིན་ནོ། །ལྷག་པར་གྱུར་པས་བྱེད་

པའི་རྒྱུས་འཇིག་པའི་རང་བཞིན་བྱེད་པར་འགྱུར་ན་བྱ་བའི་རང་བཞིན་དེ་ཡང་གལ་ཏེ་དངོས་པོ་ལས་ཐ་དད་པར་མེད་པ་ཡིན་ན་ནི། དངོས་པོའི་རང་གི་རྒྱུ་ཉིད་ལས་གྲུབ་ཟིན་པ་ཡང་དེས་བྱ་བས་མ་ཡིན་ནོ། །གཞན་བྱེད་ན་ཡང་དེ་ལ་འཇིག་པའམ་གཞན་ཡང་རུང་སྟེ་ཅུང་ཟད་བྱས་པ་མེད་དོ། །འཇིག་པ་བྱས་

པའི་སྔོན་རོལ་དུ་དེའི་གནས་སྐབས་གང་ཡིན་པའི་སྔར་གྱི་གནས་སྐབས་དེ་ཉིད་ཡིན་ཏེ། དེའི་ཕྱིར་གནས་སྐབས་དེ་ལ་ཅུང་ཟད་ཀྱང་བྱས་པ་མེད་དོ། །གཏན་ཚིགས་དེས་ན་དངོས་པོ་དེ་ལ་འཇིག་པར་བྱེད་པས་གཞན་བྱེད་པ་ནི་མ་ཡིན་ནོ། །དེས་ན་འདི་དོན་དེའི་རང་བཞིན་གང་ཡིན་པ་དང་གཞན་དེ་དག་མི་

Vol. 188 · folio 251a

བྱེད་པས་ན་ཅུང་ཟད་ཀྱང་མི་བྱེད་པ་ཉིད་ནི་ལྟོས་པར་བྱ་བ་མ་ཡིན་ནོ། །ཅུང་ཟད་མི་བྱེད་པ་ཡང་ལྟོས་པར་བྱ་བ་ཡིན་ན་ནི། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ནུས་པ་མེད་པ་ཡིན་ནོ། །ཇི་ལྟར་བྱ་བ་འགོག་ཅེ་ན། བཤད་པ། འདི་ལྟར་འཇིག་པ་ཞེས་བྱ་བ་ནི་

དངོས་པོ་མེད་པར་འགྱུར་བ་ཡིན་པར་གཞན་དག་སེམས་ལ། ཁོ་བོ་ཅག་གིས་ནི་འཇིག་པ་དངོས་པོའི་རང་བཞིན་ཉིད་ཡིན་པར་བརྗོད་དོ། །དེས་ན་འཇིག་པའི་རྒྱུས་འཇིག་པར་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་མེད་པ་བྱེད་དོ་ཞེས་བྱ་བར་ཐལ་ལོ། །དེ་ལ་ཞེས་བྱ་བ་ཐལ་བ་དེར་གྱུར་པ་ན་གལ་ཏེ་མེད་པ་ཞེས་བྱ་བའི་ངོ་བོ་འགའ་

ཞིག་བྱ་བ་ཡིན་པར་གྱུར་ན་ནི་དེ་ཉིད་དངོས་པོ་ཡིན་པས་སོ། །འདི་ལྟར་གང་ཞིག་དངོས་པོ་དང་དངོས་པོ་མེད་པའི་རྗེས་སུ་བྱེད་པ་ཅན་དེ་ནི་བྱ་བར་བརྗོད་ལ། དངོས་པོ་དང་དངོས་པོ་མེད་པ་དང་ལྡན་པ་ཡང་གཞན་ལས་ལྡོག་པའི་རང་བཞིན་ཉིད་ཡིན་ཏེ། གཞན་གྱི་རང་བཞིན་ནམ་རང་བཞིན་མེད་པ་ཉིད་ལ་ཡོད་པ་

དང་མེད་པའི་རྗེས་སུ་མི་རིགས་པའི་ཕྱིར་རོ། །ཐ་དད་པའི་རང་བཞིན་གྱི་དོན་ཀྱང་དངོས་པོ་ཡིན་ཏེ། དེ་འདྲ་བ་ཉིད་ནི་དོན་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ཡང་དངོས་པོ་ཡོད་པ་ཡིན་པ་དེས་ན་དངོས་པོ་མེད་པ་ཉིད་མ་ཡིན་ནོ། །དངོས་པོའི་ཕྱོགས་ཀྱི་རྣམ་པར་རྟོག་པ་ལ་ཡང་སྔར་བཤད་ཟིན་ཏོ། །དེ་བས་ན་དངོས་

པོ་མེད་པར་བྱེད་དོ་ཞེས་བྱ་བ་ནི་ལྡོག་པ་ཙམ་ཡོད་པ་མ་ཡིན་པ་ནི་དངོས་པོ་མེད་པ་ཡིན་ལ་དེ་ཡང་བྱ་བ་མ་ཡིན་པའི་ཕྱིར་བྱེད་དོ་ཞེས་བྱ་བའི་བསྡུ་བའི་དོན་དང་ལྷན་ཅིག་འབྲེལ་པ་མ་ཡིན་པས་དགག་པ་དང་ལྷན་ཅིག་འབྲེལ་པར་འགྱུར་རོ། །དེས་ན་ངག་གི་དོན་ནི་དངོས་པོ་མི་བྱེད་དོ་ཞེས་པར་ཐལ་བ་དེས་ན་བྱ་བ་

སྟེ་བྱེད་པ་དགག་པར་བྱས་པར་འགྱུར་རོ། །དེ་ལྟ་ན་ཡང་ཅུང་ཟད་མི་བྱེད་པས་འདི་ལྟོས་པར་བྱ་བ་མ་ཡིན་པར་འགྱུར་རོ། །ལྟོས་པ་མེད་པ་དེའི་ཕྱིར་འཇིག་པ་དེའི་རང་བཞིན་ནི་ངོ་བོ་ཉིད་ཀྱིས་ཏེ་དངོས་པོ་ཡོད་པ་ཉིད་ཀྱིས་འགྱུར་བ་ཡིན་ཏེ། ལྷག་པའི་རྒྱུའམ་སྐྱེད་པར་བྱེད་པ་ངེས་པ་ལ་ལྟོས་པ་ནི་མ་ཡིན་ནོ། །

དེས་ན་དངོས་པོའི་རང་བཞིན་ལས་འགྱུར་བ་ཡིན་ཏེ། དངོས་པོའི་རང་བཞིན་ཡོད་ན་ཡོད་དོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་འདི་ལས་འགྱུར་བ་ན་རང་གི་ངོ་བོ་སྟེ་རྒྱུ་ལ་བརྗོད་པ་དེའི་ཚེ་ནི་དངོས་པོའི་སྐྱེད་པར་བྱེད་པ་ཉིད་ལས་འགྱུར་བ་ཡིན་ལ། གཞན་ལས་མ་ཡིན་ཞིང་ཐོགས་པ་དང་བཅས་པ་བཞིན་དུ་ཁྱད་པར་གྱི་

Vol. 188 · folio 251b

སྐྱེད་པར་བྱེད་པ་ལས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་འདི་གང་ལ་འགྱུར་བར་གྲུབ་པ་ཞེས་བྱ་བ་གང་འགའ་ཞིག་ལ་རང་གི་ངོ་བོས་འགྱུར་བ་ཡིན་ཏེ། རྒྱུ་དེ་ལས་རང་གི་ངོ་བོས་ཡོད་པ་ཡིན་པས་ན་གཞན་ལའང་རང་གི་ངོ་བོའི་རང་བཞིན་ཙམ་དུ་ཡོད་པ་ཙམ་མམ། སྐྱེད་པར་བྱེད་པ་ཙམ་ལས་འགྱུར་

རོ་ཞེས་ཤེས་སོ། །དེས་ན་དོན་ནི་འདི་ཡིན་ཏེ། དངོས་པོའི་རང་བཞིན་ལ་ལྟོས་པར་བྱ་བ་གཞན་མེད་པའི་ཕྱིར་འཇིག་པའི་རང་བཞིན་འདི་ཐམས་ཅད་ལ་ཡོད་པ་ཡིན་པ་དེ་ཉིད་ཀྱི་ཕྱིར་འདི་ནི་དང་པོ་ཉིད་ནས་ཡོད་པ་ཡིན་ཏེ། གང་གིས་སྐྱེས་པ་ཉིད་ན་འཇིག་པའི་ཕྱིར་མཐའ་དག་སྐད་ཅིག་མ་ཡིན་ནོ། །འདི་ཉིད་

རྣམ་པར་དགྲོལ་བའི་ཕྱིར་འགའ་ཞིག་ལ་འགྱུར་བར་མཐོང་བ་འདི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཟུགས་ལ་སོགས་པ་འགའ་ཞིག་ལ་འགྱུར་ཞིང་ཡོད་པར་མཐོང་བ་ནི་ངོ་བོ་ཉིད་ཀྱིས་ཏེ་རང་བཞིན་ཙམ་གྱིས་སོ། །སྐྱེད་པར་བྱེད་པ་ཙམ་ལས་འགྱུར་བ་ཡིན་ཏེ། སྐྱེད་པར་བྱེད་པ་ལས་གཞན་ནམ། སྐྱེད་པར་

བྱེད་པའི་ཁྱད་པར་ལ་ལྟོས་པ་མེད་པའི་ཕྱིར་རོ། །ཇི་ལྟར་གཅིག་ལ་སྐྱེད་པར་བྱེད་པ་ཙམ་ཉིད་ལས་འགྱུར་བ་དེ་བཞིན་དུ་གཞན་ལ་ཡང་ཡིན་ཏེ། སྐྱེད་པར་བྱེད་པའི་ཁྱད་པར་དང་རྒྱུ་ཐ་དད་པ་ལ་ལྟོས་པའི་མཚན་ཉིད་ཀྱི་ཁྱད་པར་མེད་པའི་ཕྱིར་རང་གི་ངོ་བོ་ཙམ་དང་རྗེས་སུ་འབྲེལ་པར་གྲུབ་པོ། །དེས་ན་འདིར་མཐོང་

བའི་གཟུགས་ལ་སོགས་པའི་རྣམ་པ་དག་ལས་རིགས་ཐ་དད་པ་སྲིད་པ་ལས་བྱས་པ་དང་ཡོད་པ་ཉིད་ཀྱིས་ཁྱབ་པར་བྱེད་པར་རབ་ཏུ་གྲུབ་པའི་རིམ་དང་ཅིག་ཅར་བ་མི་མཐུན་པའི་ཕྱོགས་སྐད་ཅིག་མ་མ་ཡིན་པ་ལས་རང་གི་ཁྱབ་པར་བྱ་བ་དང་བཅས་ཏེ་ལྡོག་པ་ན་ཁྱབ་པར་བྱ་བ་ཉིད་དང་ལྷན་ཅིག་སྐད་ཅིག་མ་ཉིད་དུ་གནས་པར་འགྱུར་རོ། །

དེས་ན་སྐད་ཅིག་མ་ཉིད་ཀྱིས་ཁྱབ་པ་གྲུབ་པོ། །གང་གི་ཚེ་ཚད་མས་གྲུབ་པའི་ཕུང་པོ་ལྔ་ཉིད་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོའི་ཡུལ་ཡིན་པ་དེའི་ཚེ་ནི་དངོས་པོ་འཇིག་པའི་རྒྱུ་མེད་པར་བསྒྲུབས་པ་ན། ཡོད་པ་དང་བྱས་པ་ཡང་འཇིག་པའི་རང་བཞིན་དུ་འགྱུར་བ་ལ་ལྟོས་པ་མེད་པས་ཁྱབ་པ་ཡིན་ནོ། །འགའ་

ཞིག་འཇིག་པ་ཡིན་ན་ནི་ཐོགས་པ་དང་བཅས་པ་བཞིན་དུ་སྐྱེད་པར་བྱེད་པའི་ཁྱད་པར་ལ་ལྟོས་པས་འཇིག་པའི་རང་བཞིན་དུ་སྐྱེ་བ་མཐོང་བ་འགའ་ཞིག་པོ་གང་ཡིན་པ་དེའི་སྐྱེད་པར་བྱེད་པ་དེ་ཉིད་མེད་པས་དེ་ལ་ལྟོས་པའི་ཕྱིར་བྱས་པ་ལྟོས་པ་མེད་པ་ཉིད་དུ་མི་འགྱུར་རོ། །སྐྱེས་པ་ཕྱིས་འཇིག་པ་ཡིན་ན་ཡང་དེ་འཇིག་པར་བྱེད་

Vol. 188 · folio 252a

པའི་དུས་གང་ཡིན་པ་དེ་ཉིད་འདི་ལ་ཉེ་བ་མ་ཡིན་པ་ཡིན་ལ། དེ་ཡང་རྒྱུ་གཞན་མ་ཚང་བ་ཡིན་པ་དེས་ན་དེ་ལ་ལྟོས་པའི་ཕྱིར་ལྟོས་པ་མེད་པ་མ་ཡིན་ནོ། །དེས་ན་འགའ་ཞིག་གམ་རེས་འགའ་འཇིག་ན་ནི་ཁྱབ་པར་བྱེད་པ་ལ་ལྟོས་པ་མེད་པ་ཉིད་ལྡོག་པས་ན། ཁྱབ་པར་བྱ་བ་མི་དམིགས་པས་སྐད་ཅིག་མ་ཉིད་

ཀྱིས་ཁྱབ་པ་གྲུབ་པོ། །ཇི་ལྟར་ཡོད་པ་དང་བྱས་པ་དག་གི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་བསྒྲུབས་པ་དེ་བཞིན་དུ་རང་བཞིན་གྱི་གཏན་ཚིགས་གཞན་དག་ལ་ཡང་འབྲེལ་པ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར་དེ་བཞིན་དུ་ཞེས་སྨོས་སོ། །རང་བཞིན་གྱི་གཏན་ཚིགས་མཐའ་མེད་པས་གནོད་པར་བྱེད་

པའི་ཚད་མ་ཡང་མཐའ་ཡས་པའི་ཕྱིར། བདག་ཉིད་ཇི་ལྟ་བའི་ཚད་མ་དག་གིས་ཤེས་པ་མང་པོའི་ཚིག་གོ། །དེ་ཙམ་དང་རྗེས་སུ་འབྲེལ་པ་རྗེས་སུ་འགྲོ་བ་གྲུབ་པའི་བསྒྲུབ་བྱ་གང་ཡིན་པ་དེ་ཉིད་ཀྱི་གོ་བར་བྱེད་པ་ཡོད་པ་ཡིན་ནོ། །ཅིའི་ཕྱིར་དེ་ལྟར་ཡིན་ཞེ་ན། དངོས་པོ་དེ་ཙམ་དང་རྗེས་སུ་འབྲེལ་པའི་རང་བཞིན་

གང་ཡིན་པ་ནི་ཞེས་སྨོས་ཏེ་གང་གི་ཕྱིར་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་དངོས་པོ་ཙམ་དང་རྗེས་སུ་འབྲེལ་པའི་རང་བཞིན་ཡིན་པས་ན་དེ་ཉིད་ལས་ཏེ། ཡུལ་དེ་ཁོ་ན་ལ་མེད་ན་མི་འབྱུང་བ་ངེས་པ་ཡིན་ནོ། །རྒྱུ་གཞན་དང་འབྲེལ་པ་དེ་ཙམ་གྱི་རྗེས་སུ་འགྲོ་བ་ཅན་མ་ཡིན་པའི་རང་བཞིན་གང་ཡིན་པ་ནི་མ་ཚང་བ་དང་

གེགས་བྱེད་པ་སྲིད་པས་རྒྱུ་ཉེ་བར་རེས་འགའ་བ་ཉེ་བར་གནས་པའི་ངེས་པ་མེད་པ་ལ་འཁྲུལ་པར་ཡང་འགྱུར་རོ། །དེའི་ཕྱིར་དེ་ལྟ་བུར་གྱུར་པའི་བསྒྲུབ་པར་བྱ་བ་ལ་ནི་གཏན་ཚིགས་ཐམས་ཅད་འཁྲུལ་པ་ཡིན་ནོ། །འོ་ན་ཇི་ལྟར་ངོ་བོ་ཉིད་གཞན་སྒྲུབ་པར་བྱེད་པ་ཙམ་གྱི་རྗེས་སུ་འཇུག་པ་ཡིན་ནོ་ཞེ་ན། བཤད་པ།

དངོས་པོ་ཙམ་དང་རྗེས་སུ་འབྲེལ་པའི་རང་བཞིན་ཞེས་བྱ་བ་དེ་ལྟ་བུས་ནི་གང་གི་ཕྱིར་གཞན་ནི་འགའ་ཡང་མི་བརྗོད་ཀྱི། འོན་ཀྱང་སྒྲུབ་པར་བྱེད་པར་འགྱུར་བའི་དངོས་པོ་དེ་ཉིད་དོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་དད་པ་མེད་པར་ཐལ་བ་ཡང་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ཐ་མི་དད་པ་ནི་དངོས་སུ་

ཡོད་པ་ཡིན་གྱི། བློས་བརྟགས་ནས་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཐ་དད་པར་ཤེས་སོ། །དེ་ལས་ཅིར་འགྱུར་ཞེ་ན། དེའི་ཕྱིར་བསྒྲུབ་པར་བྱ་བའི་རང་བཞིན་གྱི་བདག་ཉིད་དེ་བོར་ནས་ཡོད་པ་མ་ཡིན་ལ། ཡོད་ན་ཡང་བདག་མེད་པའམ་གཞན་གྱི་བདག་ཉིད་དུ་ཐལ་བར་འགྱུར་ཏེ། ཐ་དད་པའི་

Vol. 188 · folio 252b

བདག་ཉིད་ནི་འགལ་བའི་ཆོས་དང་ལྡན་པ་ཡིན་པའི་ཕྱིར་དང་། གྲུབ་པ་དང་མ་གྲུབ་པ་དག་ཀྱང་འདིར་འགལ་བ་ཡིན་པའི་ཕྱིར་རོ། །གལ་ཏེ་དངོས་པོ་གང་ཞིག་བྱས་པའམ་ཡོད་པར་མཐོང་བ་དེ་ནི་ཚད་མ་གང་གིས་ཡོད་པ་དང་ལྡན་པར་མཐོང་བའི་ཚད་མ་དེ་ཉིད་ཀྱིས་བརྟག་པར་ངེས་པ་མ་ཡིན་ནམ། དེས་ན་ཚད་

མས་ཡུལ་དུ་བྱས་པའི་ཡོད་པ་གང་ཡིན་པ་དེ་ནི་རྟག་པའི་ཁྱད་པར་ཅན་ཉིད་དུ་ངེས་སོ། །དེས་ན་གལ་ཏེ་ཡོད་པ་ཉིད་རྟགས་སུ་ཉེ་བར་ལེན་ན་ནི་དེ་མི་རྟག་པ་ཉིད་དང་འགལ་བའི་རང་བཞིན་དུ་ངེས་པ་ཡིན་ལ་འགལ་བའི་རང་བཞིན་དུ་ངེས་པར་བྱ་བའི་ཡོད་པ་ཡང་འགལ་བའི་རང་བཞིན་གཞན་ཉེ་བར་སྡུད་ནུས་པ་མ་

ཡིན་ནོ། །ཅི་སྟེ་ཡང་རྟག་པ་དང་བྲལ་བའི་ཡོད་པ་ཉིད་འབའ་ཞིག་རྟགས་སུ་འགོད་པར་འདོད་པ་ཡིན་ན། དེ་ཡང་མི་རིགས་ཏེ། གང་གི་ཕྱིར་འགའ་ཞིག་ཚད་མས་གྲུབ་པ་དེ་ཉིད་རྟགས་ཉིད་ཉེ་བར་དགོད་པར་རིགས་ཏེ། མ་གྲུབ་པ་ནི་རྟགས་སུ་མི་འཐད་པའི་ཕྱིར་རོ། །དེ་ལྟ་བུར་གྱུར་པའི་འབའ་ཞིག་པ་ནི་

གྲུབ་པ་ཡང་མ་ཡིན་ནོ་ཞེ་ན། འདི་ནི་ཚད་མའི་བྱ་བ་མི་ཤེས་པའི་འགྱུར་བ་ཡིན་ནོ། །འདི་ལྟར་མ་ངེས་པའི་དོན་འཇུག་པའི་ཡུལ་དུ་བྱ་བར་ནུས་པ་མ་ཡིན་ལ་འཇུག་པར་བྱེད་པ་མ་ཡིན་པ་ཡང་ཚད་མ་མ་ཡིན་ནོ། །དེའི་ཕྱིར་ངེས་པའི་ཡུལ་ལ་འཇུག་པར་བྱེད་པ་ཚད་མ་ཡིན་པ་ན་ངེས་པ་སྐྱེད་པར་ནུས་པ་ལ་

ལྟོས་པ་ཉིད་དུ་འགྱུར་རོ། །ངེས་པ་ཡང་རང་གི་མཚན་ཉིད་ཕན་ཚུན་ལྡོག་པའི་ཁྱད་པར་ལྟོས་ནས་བརྟག་པའི་ཆོས་ཀྱི་ཡུལ་ཅན་ཡིན་ལ། བརྟགས་པའི་ཆོས་ཀྱང་ལྡོག་མཚམས་ཀྱི་ཁྱད་པར་ལ་ལྟོས་ནས་ཕན་ཚུན་ཐ་དད་པར་འགྱུར་རོ། །ངེས་པའི་ཆ་གང་ལ་མི་སླུ་བར་རྗེས་སུ་རྫོགས་པ་དེ་ཉིད་ལ་ནི་ཚད་མ་ཡིན་

ལ། གང་སླུ་བ་དེ་ལ་ནི་ཚད་མ་མ་ཡིན་ཏེ། དཔེར་ན་སྐྲ་ཤད་ཀྱི་ཚོགས་སུ་འཛིན་པའི་རབ་རིབ་ཅན་གྱི་ཤེས་པ་སྐྲ་ཤད་ཀྱི་ཆ་ལ་ནི་ཚད་མ་མ་ཡིན་ལ། རང་གི་ངོ་བོའི་ཆ་ལ་ནི་ཚད་མ་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་ངེས་པ་ལ་མི་སླུ་བ་ལ་ལྟོས་ནས་ཚད་མ་ཡིན་པ་དང་། ངེས་པའི་ཡུལ་གྱི་ཆོས་རྣམས་ཀྱང་

ལྡོག་མཚམས་ལ་ལྟོས་ནས་ཐ་དད་པ་ཡིན་པ་ལ། ཚད་མའི་བྱ་བ་ནི་ཆོས་སོ་སོ་ཐ་དད་པ་ལ་ཡིན་ནོ། །དེས་ན་མེད་པ་ལས་ལྡོག་པས་བརྟགས་པའི་ཡོད་པ་ཉིད་གང་ཡིན་པ་དེ་ནི་རྟག་པ་ཉིད་དང་ལྷན་ཅིག་ཚད་མའི་ཡུལ་མ་ཡིན་ཏེ། ཡོད་པ་ཉིད་དེ་ནི་རྟག་པ་ལས་ཐ་དད་པར་མངོན་སུམ་གྱི་ཚད་མས་གྲུབ་པ་

Vol. 188 · folio 253a

ཡིན་ལ། རྟག་པ་ཉིད་ཀྱང་ཡོད་པ་ལས་ཐ་དད་པར་བྱ་བ་གཞན་གྱི་ཡུལ་ཡིན་ནོ། །དེས་ན་མི་སླུ་བ་དང་ལྡན་པའི་ཡོད་པ་ཙམ་ཉིད་ལ་བརྟེན་ནས་མངོན་སུམ་གྱིས་ངེས་པའི་རྟག་པ་གང་ཡིན་པ་དེ་ལ་མི་སླུ་བར་ཐེ་ཚོམ་ཟ་བ་ན་རྣམ་པར་དཔྱད་པ་ཡིན་པའི་ཕྱིར་མ་གྲུབ་པའམ། འགལ་བ་ཉིད་ཀྱི་

སྐྱོན་མེད་དོ། །ཇི་སྟེ་གང་དུ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་གྲུབ་པར་འགྱུར་བ་ནི་རྟག་པ་ཉིད་སྒྲུབ་པ་ལ་དཔེ་ཅི་ཡོད་གཞུང་ལ་བརྟེན་ནས་ནི་གཏན་ཚིགས་དགོད་པར་བྱ་བ་མ་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །གཞན་གཞུང་ལུགས་ལ་མི་བརྟེན་པ་དག་གང་གི་ཚེ་སྐད་ཅིག་མ་ཉིད་ལ་ཕྱིར་ཟློག་

པར་བྱེད་པ་དེའི་ཚེ་འདིས་སུན་འབྱིན་པས་ཀྱང་དོན་འགའ་ཞིག་སྐད་ཅིག་མ་ཉིད་དུ་ཁས་ལེན་དུ་གཞུག་དགོས་ཏེ། དེ་ལྟ་མ་ཡིན་ན་དཔེ་མེད་པས་གཏན་ཚིགས་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་མ་གྲུབ་པ་ལ་ནི་དཔེ་འགའ་ཡང་མེད་དོ། །དེ་དང་དེར་དཔེ་གཟུང་བར་བཤད་པ་གང་

ཡིན་པ་དེར་ནི་དགོངས་པ་འདི་ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་ཅན་ལས་གཞན་པའི་དངོས་པོ་ལ་གཏན་ཚིགས་ཡོད་པ་ལ་བརྟེན་ནས་གནོད་པར་བྱེད་པའི་ཚད་མ་འཇུག་པ་ནུས་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ནོ། །དེས་ན་གཏན་ཚིགས་ཡོད་པའི་ཡུལ་གནོད་པར་བྱེད་པའི་ཚད་མ་རབ་ཏུ་སྟོན་པའི་

སྤྱོད་ཡུལ་གྱི་དོན་ནི་དཔེ་ཡིན་གྱི། ཕྱིར་རྒོལ་བ་ལ་བསྒྲུབ་བྱའི་ཆོས་དང་ལྡན་པར་གྲུབ་པ་ནི་མ་ཡིན་ནོ། །གལ་ཏེ་གནོད་པར་བྱེད་པའི་ཚད་མ་བསྒྲུབ་བྱའི་ཆོས་གྲུབ་པ་ལ་ལྟོས་པ་མ་ཡིན་ནོ། །དེ་ལྟ་ན་ནི་འོ་ན་གནོད་པར་བྱེད་པའི་ཚད་མ་གང་གིས་དཔེའི་ཆོས་ཅན་ལ་བྱས་པ་མི་རྟག་པས་ཁྱབ་པ་སྟོན་པའི་

ཚད་མ་དེ་ཉིད་ཀྱིས་བསྒྲུབ་བྱའི་ཆོས་ཅན་ལ་ཡང་མི་རྟག་པ་ཉིད་གྲུབ་པས་ཐམས་ཅད་དུ་གནོད་པར་བྱེད་པའི་ཚད་མ་ཉིད་བསྒྲུབ་བྱ་སྒྲུབ་པར་ནུས་པ་ཡིན་ཏེ། དེའི་ཕྱིར་རང་བཞིན་གྱི་གཏན་ཚིགས་ཉིད་མ་ཡིན་པར་ཐལ་ལོ། །ཇི་སྟེ་ཡང་ཡོད་པ་འམ་བྱས་པ་ལ་མ་བརྟེན་པར་གནོད་པར་བྱེད་པ་ཉིད་མི་འཇུག་པས་

ཡོད་པ་ལ་བརྟེན་པར་བྱ་བ་ཡིན་ན། དེ་ལྟ་ན་ཡང་གནོད་པར་བྱེད་པའི་ཚད་མ་དང་ལྷན་ཅིག་པའི་ཕྱོགས་ཀྱི་ཆོས་ཉིད་ལས་བསྒྲུབ་བྱ་གྲུབ་པའི་ཕྱིར་ཚུལ་གསུམ་མེད་པར་ཐལ་ལོ་ཞེ་ན། སྨྲས་པ། བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་ལ་ཁྱབ་པ་གྲུབ་པ་དེས་ན་ཆོས་ཅན་གཞན་ཡོངས་སུ་གཟུང་བས་

Vol. 188 · folio 253b

ཅི་བྱ་ཞེས་གང་སྨྲས་པ་དེ་ནི་མི་རིགས་ཏེ། འདི་ལྟར་བསྒྲུབ་པར་བྱ་བའི་ཆོས་ཅན་ལས་མ་གཏོགས་པའི་མཐོང་བའི་དངོས་པོ་ཡོངས་སུ་སྤངས་ཏེ། ཆོས་ཅན་གཅིག་ཉིད་ལ་ནི་གནོད་པར་བྱེད་པའི་ཚད་མ་བསྟན་པར་མི་ནུས་སོ། །གལ་ཏེ་སྒྲ་སྐད་ཅིག་མ་མ་ཡིན་ན་ཡོད་པ་ཉིད་དུ་མི་འགྱུར་རོ་ཞེས་དེ་ལྟར་གནོད་

པ་བྱེད་པའི་ཚད་མ་བསྟན་པར་བྱ་བ་ཡིན་ན་གལ་ཏེ་གཞན་དག་ཇི་ལྟར་བུམ་པ་ལ་སོགས་པ་མཐོང་བའི་དངོས་པོ་སྐད་ཅིག་ཉིད་མ་ཡིན་ཡང་དོན་བྱེད་པ་ཡིན་པ་དེ་བཞིན་དུ་སྒྲ་འདི་ཡང་ཡིན་ནོ་ཞེས་དེ་སྐད་སྨྲ་བ་ན། མཐོང་བའི་བུམ་པ་ལ་སོགས་པ་དེ་དག་ཀྱང་གནོད་པར་བྱེད་པའི་ཚད་མས་ཡུལ་དུ་བྱ་

དགོས་ཤིང་། དེ་དག་ཡུལ་དུ་བྱས་པ་ན་ཡང་དངོས་པོ་མི་སྣང་བ་འགའ་ཞིག་དོན་བྱེད་ཀྱང་། སྐད་ཅིག་མ་མ་ཡིན་པར་འགྱུར་བ་དེ་བཞིན་དུ་མཐོང་བ་འདི་དག་ཀྱང་ཡིན་ནོ་ཞེས་ཀྱང་སྨྲ་བ་ན། གཞན་གྱི་དཔེར་བྱས་པ་མི་སྣང་བའི་དངོས་པོ་ཡང་གནོད་པར་བྱེད་པའི་ཚད་མས་ཡུལ་དུ་བྱ་དགོས་

པའི་ཕྱིར། ཇི་ལྟར་བསྒྲུབ་པར་བྱ་བའི་ཆོས་ཅན་གཅིག་ཉིད་ལ་གནོད་པར་བྱེད་པའི་ཚད་མ་རབ་ཏུ་བསྟན་པར་བྱ་བ་ཡིན། དེ་ཉིད་ཀྱི་ཕྱིར་སློབ་དཔོན་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་སྒྲུབ་པར་བྱེད་པ་ནི་དོན་ཐམས་ཅད་ཉེ་བར་བསྡུས་པའི་ཡུལ་ཅན་དུ་བཞེད་པ་ཡིན་ཏེ། གང་ཅུང་

ཟད་བྱས་པ་དེ་ཐམས་ཅད་ནི་མི་རྟག་པའོ་ཞེས་གང་བཤད་པ་ཡིན་ནོ། །ཕྱོགས་ལ་སོགས་པའི་རྣམ་པར་དབྱེ་བ་ལ་ལྟོས་པ་ནི་ཁྱབ་པར་མི་འདོད་དེ། དེའི་ཕྱིར་དོན་ཐམས་ཅད་ཀྱི་ཡུལ་ཅན་གྱི་རྟགས་ཉིད་གནོད་པར་བྱེད་པའི་ཚད་མས་རང་གི་བསྒྲུབ་པར་བྱ་བས་ཁྱབ་པ་གྲུབ་པ་ངེས་པར་བྱའོ། །གལ་

ཏེ་དོན་ཐམས་ཅད་ཉེ་བར་བསྡུས་པ་དང་ལྡན་པའི་ཁྱབ་པ་ཉེ་བར་སྟོན་པ་ན་ཐམས་ཅད་ཀྱི་ནང་དུ་འདུས་པས་སྒྲ་ཡང་སྐད་ཅིག་མར་གྲུབ་པའི་ཕྱིར་ཕྱོགས་ཀྱི་ཆོས་ཉེ་བར་བསྡུ་བ་དོན་མེད་དོ་ཞེ་ན། དེ་ཅི་ད་ནི་སྐྱེས་བུས་གང་ཡོད་པ་དེ་ཐམས་ཅད་མི་རྟག་གོ་ཞེས་ངེས་པས་རི་བོང་གི་རྭ་ཡང་ཡོད་དོ་ཞེས་ཤེས་

སམ། གལ་ཏེ་རི་བོང་གི་རྭ་ནི་མེད་པའི་ཕྱིར་མི་ཤེས་ཀྱི་སྒྲ་ནི་ཡོད་པ་ཉིད་དོ་ཞེ་ན། འོ་ན་ནི་དེ་ཚད་མ་གཞན་གྱིས་ཤེས་པར་བྱ་བ་ཡིན་ཏེ། གང་ཞིག་ཤེས་ན་རི་བོང་གི་རྭ་ལྟར་སྒྲ་ནི་མ་ཡིན་ནོ་ཞེས་རྟོགས་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་ཁྱབ་པའི་དུས་སུ་སྤྱིས་སྒྲ་ནང་དུ་འདུས་ཀྱང་སྐད་ཅིག་མ་

Vol. 188 · folio 254a

ཉིད་དུ་ངེས་པར་བྱ་བའི་ཕྱིར་ཡོད་པ་ཉིད་ཁྱད་པར་དུ་ཚད་མ་གཞན་གྱིས་ཤེས་པར་བྱ་བ་ཡིན་ནོ། །གང་ཞིག་སྒྲུབ་པར་བྱེད་པའི་ཚིག་གི་སྔོན་རོལ་དུ་ཡོད་པ་ཉིད་ཤེས་པ་དེ་ལ་ནི་དེ་ཉིད་ཕྱོགས་ཀྱི་ཆོས་ཡོངས་སུ་ཤེས་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་འབྲེལ་པ་དང་ཕྱོགས་ཀྱི་ཆོས་དག་ལ་གོ་རིམས་

ངེས་པ་འགའ་ཡང་མེད་དོ་ཞེས་བཤད་དོ། །འབྲས་བུའི་གཏན་ཚིགས་བསྟན་པའི་ཕྱིར་དོན་གཞན་རྟོགས་པར་བྱ་བ་ལ་ནི་ཞེས་སྨོས་སོ། །རྟགས་ནི་སྒྲོན་མ་ལ་སོགས་པ་བཞིན་དུ་རུང་བ་ཙམ་གྱིས་དོན་གོ་བར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་མི་འཁྲུལ་པ་ཉིད་དུ་ཤེས་པ་ཡིན་ནོ། །འཁྲུལ་པ་མེད་པ་ཡང་

འབྲས་བུ་ཉིད་ཡིན་ཏེ། དེས་ན་འཁྲུལ་པ་མེད་པའི་ཕྱིར་གོ་བར་བྱེད་པ་ཡིན་ནོ། །གལ་ཏེ་ལྡན་པ་ཅན་དང་འདུ་བ་ཅན་ལ་སོགས་པ་ཡང་འཁྲུལ་པ་མེད་པ་མ་ཡིན་ནམ་ཞེ་ན། བཤད་པ། འདི་ལྟར་བསྒྲུབ་པར་བྱ་བ་དེ་དེ་ལས་སྐྱེས་པ་མ་ཡིན་པ་གང་ཡིན་པ་དེ་ནི་མི་འཁྲུལ་པ་མ་ཡིན་ལ། ལྡན་པ་ཅན་ལ་

སོགས་པ་ཡང་དེ་ལས་སྐྱེས་ན་ནི་དེ་ཉིད་ཀྱིས་དེ་ལས་མི་འཁྲུལ་པ་ཡིན་ནོ། །མ་སྐྱེས་ན་ནི་མི་འཁྲུལ་པ་ཉིད་མ་ཡིན་ནོ་ཞེས་འཆད་པ་ནི་རག་མ་ལས་པ་མ་འབྲེལ་པའི་ངོ་བོ་གང་ཡིན་པ་རྣམས་ཏེ་དེའི་བདག་ཉིད་དང་དེ་ལས་བྱུང་བ་མེད་པ་ལ་ནི་འབྲེལ་པ་འགའ་ཡང་མེད་པས་ན་རག་མ་ལས་པ་ཉིད་ནི་ལྷན་ཅིག་

འབྱུང་བར་ངེས་པ་མེད་དོ། །གང་ཞིག་གང་ལ་རག་མི་ལས་པ་དེ་ནི་འབྲེལ་པའི་ཡུལ་མ་ཡིན་པ་དེ་དང་ལྷན་ཅིག་ངེས་པར་ཡོད་པ་མ་ཡིན་ཏེ། དཔེར་ན་བ་ལ་སོགས་པ་དང་རྟ་བཞིན་ནོ། །དེ་དེའི་ཆོས་སུ་ཇི་ལྟར་འགྱུར་ཞེས་བྱ་བ་ནི་འདི་ལྟར་གཏན་ཚིགས་ནི་བསྒྲུབ་པར་བྱ་བའི་ཆོས་དང་ཆོས་ཅན་ལས་ཐ་དད་

པ་ཡིན་ན་དེ་དག་གི་འབྲས་བུ་ཡིན་ལ། དུས་མཚུངས་པ་ཉིད་ཀྱི་རྒྱུ་ཅན་གྱི་ཆོས་དང་ཆོས་ཅན་གྱི་དངོས་པོ་ནི་རྒྱུ་དང་འབྲས་བུ་མི་འཐད་དོ་ཞེས་བྱ་བ་ནི་བསམ་པ་ཡིན་ནོ། །ཅིག་ཤོས་ནི་དུས་མཉམ་པ་ཉིད་ནི་ཅིར་ཡང་མི་དགོས་ཀྱི། ཆོས་དང་ཆོས་ཅན་གྱི་དངོས་པོ་ནི་རྟེན་དང་བརྟེན་པ་ལས་ཡིན་ནོ་སྙམ་ནས་སྨྲས་

པ། དེ་ལ་བརྟེན་པའི་ཕྱིར་རོ། །ཅིག་ཤོས་ཀྱིས་ནི་ཆོས་དང་ཆོས་ཅན་གྱི་རྒྱུ་མཚན་དེའི་རྟེན་ཉིད་དུས་གཅིག་པར་བསམས་ནས་སྨྲས་པ། ཇི་ལྟར་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ཏེ། དེ་དག་ནི་དུས་ཐ་དད་པར་གྲུབ་པའི་ཕྱིར་རོ་ཞེ་ན། སློབ་དཔོན་ནི་འཁར་གཞོང་དང་རྒྱ་ཤུག་བཞིན་དུ་ཐ་དད་པའི་རྟེན་གྱི་རྒྱུ་

Vol. 188 · folio 254b

མཚན་ནི་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་ཡིན་པར་དགོངས་ནས་བཤད་པ། དེ་ཉིད་ཀྱི་ཕྱིར་ཏེ། རྟེན་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་རྟེན་ཡིན་པ་དེ་ཉིད་ཀྱིས་ན། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་མ་ཡིན་ཏེ་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་ན་ནི་རྟེན་ཉིད་མི་འགྲུབ་པའི་ཕྱིར་

ཏེ། ཐམས་ཅད་ལ་ཧ་ཅང་ཐལ་བར་འགྱུར་རོ། །ཅིག་ཤོས་ནི་ཡུལ་ཐ་དད་པས་ན་རྒྱུ་དང་འབྲས་བུའི་དངོས་པོ་དང་། རྟེན་དང་བརྟེན་པའི་དངོས་པོ་ཐ་དད་པར་བསྟན་པའི་ཕྱིར་གལ་ཏེ་དུ་བའི་རྟེན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེས་ན་རྒྱུ་དང་འབྲས་བུའི་རྒྱུ་མཚན་ཅན་ཉིད་རྟེན་ཡིན་པར་ཇི་ལྟར་འགྱུར་ཞེ་ན།

དེ་ཡང་ཞེས་སྨོས་ཏེ། གང་ཡང་རྟེན་དུ་མངོན་པར་འདོད་པའི་ས་ཕྱོགས་ཀྱང་དུ་བའི་གཞི་ཡིན་པའི་གནས་ཡིན་པའི་ཕྱིར་རྒྱུ་ཉིད་དོ། །འདི་ལྟར་དུ་བ་ཡང་ཡུལ་གཞན་སྤངས་ནས་མེ་དང་ཉེ་བར་གནས་པ་ཞེས་བྱ་བ་ནི་སྣང་བའི་མིང་ཅན་གྱི་ཡུལ་ལ་བརྟེན་ནས་འཇུག་པ་ན། སྣང་བའི་མིང་ཅན་གྱི་ཡུལ་གྱི་འབྲས་

བུ་ཡིན་ནོ། །གང་གི་ཚེ་བུད་ཤིང་གི་རྟེན་གྱི་ཡུལ་གཟུང་བ་དེའི་ཚེ་ནི་གཞིར་གྱུར་པའི་ཡུལ་དེ་བུད་ཤིང་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་བརྒྱུད་ནས་དུ་བའི་རྒྱུ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་རྒྱུ་མ་ཡིན་པ་ནི་རྟེན་མ་ཡིན་ནོ། །གལ་ཏེ་རྒྱུ་དང་འབྲས་བུའི་དངོས་པོ་ཐམས་ཅད་ལ་ཡོད་པ་དེ་ལྟ་ན་ཡང་རྟེན་དང་བརྟེན་

པའི་དངོས་པོ་ནི་རྒྱུ་དང་འབྲས་བུའི་ཁྱད་པར་ཉིད་ཡིན་ཏེ། དེས་ན་ཐམས་ཅད་ལ་ཐལ་ཆེས་པ་ནི་མེད་དེ་དཔེར་ན་རྒྱུ་ཉིད་ལས་འགའ་ཞིག་གསལ་བར་བྱེད་པ་ཡིན་པ་བཞིན་ནོ། །དེ་ལས་བྱུང་བ་ནི་དེ་ལས་སྐྱེ་བ་སྟེ། གལ་ཏེ་གཏན་ཚིགས་དེའི་ཕྱིར་འབྲས་བུ་གོ་བར་བྱེད་པ་ཡིན་ན། དེའི་ཚེ་སྐྱེད་པར་བྱེད་པ་

ཡིན་པའི་ཕྱིར་མེ་ནི་གོ་བར་བྱ་བ་ཡིན་ལ། བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་དུ་བ་ནི་གོ་བར་བྱེད་པ་ཡིན་ནོ། །བསྐྱེད་པར་བྱ་བ་ཡང་དེ་དང་དེ་ལས་ལྡོག་པའི་དུ་བ་ཆ་ཤས་མེད་པ་ཡིན་ཞིང་། སྐྱེད་པར་བྱེད་པ་ཡང་མེ་ཆ་ཤས་མེད་པ་ཡིན་ཏེ། དེས་ན་ཇི་ལྟར་ལྡོག་པ་ཐམས་ཅད་ཀྱིས་མེ་སྐྱེད་པར་བྱེད་པ་ཡིན་པ་དང་།

དུ་བ་བསྐྱེད་པར་བྱ་བ་ཡིན་པ་དེ་བཞིན་དུ་ལྡོག་པ་ཐམས་ཅད་ཀྱིས་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོར་འགྱུར་ཏེ། དེ་ནི་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ་ཞེས་དོགས་པ་བསལ་བའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་སོ། །གང་ཞིག་གང་མེད་པར་ཡང་འབྱུང་བའི་དངོས་པོ་དེ་ནི་དེ་

Vol. 188 · folio 255a

མེད་པར་འབྱུང་བ་སྟེ། དེས་ན་དངོས་པོ་དེ་ལས་སྐྱེ་བར་ངེས་པ་གང་ཡིན་པ་མེད་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ་སྐྱེ་བར་ངེས་པ་མེད་པའི་ཕྱིར་ན་གང་ལས་རྒྱུ་དང་འབྲས་བུ་ཉིད་མེད་པ་དེར། ཇི་ལྟར་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོར་འགྱུར། དེར་ནི་ལྡོག་པའི་རྒྱུ་

མཚན་ཅན་གྱི་ཆོས་འགའ་ཞིག་ཁོ་ན་རྒྱུ་དང་འབྲས་བུ་དང་འབྲེལ་པ་བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོའི་ཡུལ་དུ་གྱུར་པ་ཡིན་ཏེ། དེས་ན་ཆོས་འགའ་ཞིག་ཁོ་ན་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་བཤད་པ།

གང་གི་ཕྱིར་འགའ་ཞིག་ཁོ་ན་ལ་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་དེའི་ཕྱིར། ཕན་ཚུན་ལྡོག་པ་ལ་ལྟོས་ནས་རྣམ་པར་གཞག་པ་རྒྱུ་ལ་རྣམ་པར་གནས་པའི་རང་བཞིན། ཇི་སྙེད་ཅིག །མེད་ན་མི་འབྱུང་བ་འབྲེལ་པའི་འབྲས་བུ་ནི་རྒྱུ་ལ་གནས་པ་དེ་དག་ཉིད་ཀྱི་གོ་བར་བྱེད་པ་ཡིན་གྱི། ཙན་དན་

གྱི་མེ་ལ་སོགས་པའི་རང་བཞིན་གང་དག་དང་མེད་ན་མི་འབྱུང་བའི་ངེས་པ་མེད་པ་དེ་དག་གི་གོ་བར་བྱེད་པ་ནི་མ་ཡིན་ནོ། །ཡང་ཇི་ལྟར་ན་འབྲས་བུ་མེད་ན་མི་འབྱུང་བའི་ཡུལ་གྱི་ཆོས་རྣམས་ཁོ་ནའི་གོ་བར་བྱེད་པ་ཡིན་ཞེ་ན། བཤད་པ། དེ་ནི་དེ་དག་གི་འབྲས་བུ་ཉིད་དུ་ངེས་པ་ཡིན་ཏེ། དེས་ན་དེ་ནི་

ཆོས་དེ་དག་ཁོ་ནའི་འབྲས་བུ་ཉིད་དུ་ངེས་ཀྱི་གཞན་དག་གི་ནི་མ་ཡིན་ནོ། །དེའི་ཕྱིར་དེ་དག་ཁོ་ནའི་གོ་བར་བྱེད་པ་ཡིན་ནོ། །ད་ནི་འབྲས་བུ་རྟོགས་པའི་ཆོས་རྣམས་ལས་ཀྱང་གང་དག་གོ་བར་བྱེད་པ་ཡིན་པའི་ཆོས་དེ་དག་བསྟན་པའི་ཕྱིར། གང་དག་དེ་དག་དེ་མེད་ན་མི་འབྱུང་བ་དེ་དག་ཁོ་ནས་ཡིན་

ནོ་ཞེས་སྨོས་སོ། །འབྲས་བུ་ལ་ཡོད་པའི་ཁྱད་པར་གྱི་ཆོས་གང་དག་རྒྱུ་ལ་ཡོད་པའི་སྤྱིའི་ཆོས་དེ་དག་མེད་ན་མི་འབྱུང་བ་དེ་ཁོ་ན་གོ་བར་བྱེད་པ་ཡིན་གྱི། སྤྱིའི་ཆོས་དངོས་པོ་དང་ལུས་ཅན་ཉིད་ལ་སོགས་པ་ནི་མ་ཡིན་ཏེ། དེ་དག་ནི་མེ་མེད་ཀྱང་འབྱུང་བའི་ཕྱིར་རོ། །སྔར་གྱི་དེ་དག་གི་འབྲས་བུ་ཉིད་དུ་ངེས་པའི་

ཕྱིར་རོ་ཞེས་བྱ་བ་ཡང་འདིར་གཏན་ཚིགས་སུ་བལྟའོ། །གལ་ཏེ་ཆོས་འགའ་ཞིག་ཁོ་ན་དང་མེད་ན་མི་འབྱུང་བ་ངེས་པ་ཡིན་ན་ནི་དེའི་ཚེ་ཆོས་དེ་དག་ཁོ་ན་དང་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོར་འགྱུར་རོ་ཞེས་དོགས་པ་ལ་མ་ཡིན་ཏེ་ཞེས་སྨོས་སོ། །དེས་བསྐྱེད་པར་བྱ་བའི་ཁྱད་པར་དེ་གཟུང་

Vol. 188 · folio 255b

ན་ནི་སྐྱེད་པར་བྱེད་པ་དང་འབྲེལ་པའི་ཆོས་གོ་བར་བྱ་བ་ཉིད་ཡིན་པར་འདོད་པའི་ཕྱིར་རོ། །གང་གི་ཚེ་འབྲས་བུར་གཏོགས་པའི་དེས་བསྐྱེད་པར་བྱ་བའི་ཁྱད་པར་ངེས་པ་དེའི་ཚེ་ནི་རྒྱུ་ལ་ཡོད་པའི་ཁྱད་པར་གྱི་ཆོས་གོ་བར་བྱ་བར་འགྱུར་བ་ཉིད་དོ། །དེས་ན་གང་གིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་

པོ་ཡང་ངེས་པའི་ཡུལ་ཅན་དུ་འགྱུར་བ། གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ནི་ངེས་པའི་ཡུལ་ཅན་ཉིད་མ་ཡིན་ནོ། །དེས་ན་འདི་ལ་དོན་ནི་འདི་ཡིན་ཏེ། དངོས་པོ་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོ་ཡོད་དོ་ཞེས་དེ་ཙམ་གྱིས་ནི་གོ་བྱ་གོ་བྱེད་ཀྱི་དངོས་པོ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བསྐྱེད་བྱ་སྐྱེད་བྱེད་

ཀྱི་དངོས་པོ་ངེས་པ་ནི་གོ་བྱ་གོ་བྱེད་ཀྱི་རྒྱུ་མཚན་ཡིན་ནོ། །ལྡོག་པ་འགའ་ཞིག་ཏུ་ངེས་ན་ནི་དངོས་པོ་དེ་ལ་འཁྲུལ་པར་ཤེས་པ་ཡིན་ཏེ། དཔེར་ན་ཙན་དན་གྱི་མེར་ངེས་པ་ནི་དུ་བ་ཙམ་གྱི་སྐྱེད་བྱེད་དུ་ངེས་པ་མ་ཡིན་ཏེ། དེ་མེད་ཀྱང་དུ་བ་ཙམ་མཐོང་བའི་ཕྱིར་རོ། །དུ་བ་ཡང་དངོས་པོ་ཉིད་ལ་སོགས་པ་དང་

ལྡན་པར་ངེས་ན་མེའི་འབྲས་བུ་ཉིད་དུ་ངེས་པར་འགྱུར་བ་མ་ཡིན་ཏེ། མེ་མེད་ཀྱང་དངོས་པོ་ཙམ་ཡོད་པའི་ཕྱིར་རོ། །དེས་ན་དངོས་པོ་ལ་བདག་ཉིད་ཐམས་ཅད་ཀྱིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོ་ཡིན་ཡང་། གོ་བྱ་གོ་བྱེད་ཀྱི་ངོ་བོ་ནི་ཆ་ཐམས་ཅད་ལ་བསྐྱེད་བྱ་སྐྱེད་བྱེད་དུ་ངེས་པར་འགྱུར་

བ་ཡིན་ནོ། །དེ་མེད་པ་ནི་མ་ངེས་པ་ཡིན་གྱི་གཞན་དུ་ནི་མ་ཡིན་ལ། ངེས་པ་ལ་ལྟོས་པས་ནི་བསྐྱེད་བྱ་སྐྱེད་བྱེད་དག་ཆ་ཤས་ཅན་དུ་ཐལ་བ་ཡང་མ་ཡིན་ནོ། །རྒྱུ་ལ་ཡོད་པའི་ཁྱད་པར་རྣམས་གོ་བར་བྱ་བ་ཉིད་དུ་བསྒྲུབས་ནས། འབྲས་བུ་ལ་ཡོད་པའི་སྤྱི་ཡང་གོ་བར་བྱེད་པ་ཉིད་དུ་བསྟན་

པའི་ཕྱིར་བཤད་པ། རྟགས་ཉིད་བྱེ་བྲག་སྟེ་ཁྱད་པར་དེ་དག་ལ་ཡོད་པའི་སྤྱི་གང་ཡིན་པ་རྣམས་ནི་གོ་བར་བྱེད་པ་ཉིད་ཡིན་པར་འདོད་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། དངོས་པོ་ཉིད་འབའ་ཞིག་ངེས་པ་ན་འཁྲུལ་པ་ནི་དུ་བ་ལ་བརྟེན་པ་མ་ཡིན་ནོ། །གལ་ཏེ་ཁྱད་པར་ཉེ་བར་བཀོད་ན་གོ་བྱ་

རྟོགས་པའི་ཕྱིར་ཉེ་བར་བཀོད་པ་དོན་མེད་དོ་ཞེ་ན། བདེན་ཏེ། འདིར་འཁྲུལ་པ་སྤང་བའི་ཕྱིར་ནི་སྤྱི་ཉེ་བར་བཀོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གོམས་པའི་ཕྱིར་ན་རྟོགས་པ་པོ་འགའ་ཞིག་མཐོང་བའི་དངོས་པོ་ལ་ཡང་དངོས་པོ་འདི་ནི་ལུས་ཅན་ནོ་ཞེས་ཀྱང་ངེས་པ་སྐྱེ་བའམ། ཡང་ན་

Vol. 188 · folio 256a

རྟོགས་པ་པོ་ཐམས་ཅད་ཀྱང་མཐོང་བའི་དངོས་པོ་ལ་སྤྱིའི་རྣམ་པར་རྟོགས་པར་འགྱུར་ལ། ཁྱད་པར་ངེས་པ་ནི་ཕྱིས་འགྱུར་རོ། །དེ་ལ་ཉེ་བར་གཟུང་བའི་སྤྱི་གང་ཡིན་པ་དེ་ནི་མ་སྤངས་པ་ཉིད་དོ། །དེའི་ཕྱིར་རྟོགས་པ་པོའི་ཞེན་པའི་ངོར་ཁྱད་པར་གྱིས་ཟིན་པའི་སྤྱི་གོ་

བར་བྱེད་པ་ཡིན་གྱི། ཁྱད་པར་འཁྲུལ་པའི་ཕྱིར་ནི་མ་ཡིན་ཏེ། དཔེར་ན་འདི་ནི་གཡོར་མོ་ཡིན་ཏེ། རྩེ་མོར་བྱ་ཚང་བཅས་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུ་སྟེ། རྩེ་མོ་ཉིད་དང་བྱ་ཚང་བཅས་པ་དག་ཉེ་བར་བཀོད་པ་ནི་སོ་སོར་འཁྲུལ་པའི་ཕྱིར་རོ། །གང་གི་ཚེ་ཁྱད་པར་རྟོགས་པར་བྱ་བ་ལ་

སྤྱི་ཁྱད་པར་དུ་མ་བྱས་པ་སེམས་ལ་གནས་པར་གྱུར་ན་ནི། སྤྱི་དེའི་རང་བཞིན་དེས་དངོས་པོ་ལ་འཁྲུལ་པར་འགྱུར་བའི་ཕྱིར་སྤྱི་དེ་གོ་བར་བྱེད་པ་ཉིད་དུ་མི་འདོད་དོ། །མི་འཁྲུལ་པའི་ཕྱིར་འབྲས་བུ་གོ་བར་བྱེད་པར་འགྱུར་ན། གལ་ཏེ་ཡང་དུ་བ་མེ་ལས་སྐྱེས་པ་དེ་ལྟ་ན་ཡང་དེ་འཁྲུལ་པ་

མེད་དོ་ཞེས་ག་ལ་ཡིན་ཞེ་ན། མི་འཁྲུལ་པའི་རྒྱུ་བཤད་པ། རྒྱུ་མེ་དེ་ལ་འཁྲུལ་ན་ནི་འབྲས་བུ་འདི་རྒྱུ་དང་ལྡན་པ་ལས་འདས་པར་འགྱུར་ཏེ། མེ་ལ་འཁྲུལ་ན་ནི་དུ་བ་རྒྱུ་དང་ལྡན་པ་ལས་འདས་པར་འགྱུར་རོ། །གང་དག་དམིགས་ན་ཞེས་བྱ་བ་འདིས་ནི་རྒྱུའི་ཡུལ་ཅན་གྱི་དམིགས་པ་སྟོན་

ཏེ། ཤ་ཟ་ལ་སོགས་པ་མི་དམིགས་པ་ནི་རྒྱུའི་དངོས་པོ་མ་ཡིན་ནོ། །མི་དམིགས་པ་གང་དག་དམིགས་ན་དམིགས་པའི་དངོས་པོ་དེ་ནི་འབྲས་བུ་ཡིན་ནོ། །དེའི་མཚན་ཉིད་དུ་གྱུར་པ་ཞེས་བྱ་བ་ནི། གལ་ཏེ་མ་དམིགས་པ་དེ་མ་དམིགས་པའི་དུས་སུ་དེ་དམིགས་པའི་མཚན་ཉིད་ཀྱི་

ཡུལ་ཡིན་ནོ། །འདི་སྐད་བརྗོད་པ་ཡིན་ཏེ། གང་ཞིག་མ་དམིགས་པས་དམིགས་པའི་དངོས་པོ་དེ་མ་དམིགས་པའི་དུས་སུ་ཡང་གལ་ཏེ་ཡོད་ན་སྣང་བ་ཉིད་དུ་གྱུར་ན་ནི་སྣང་བར་ངེས་པར་ནུས་པས་དེ་ལྟར་ན་འབྲས་བུར་ངེས་པ་ཡིན་ནོ། །མ་དམིགས་པ་ལས་དམིགས་པ་ན་སྣང་བར་ངེས་པར་ནུས་པ་དེ་

ཡང་གང་ཡིན་ཞེ་ན། མ་དམིགས་པའི་གནས་སྐབས་སུ་ཡང་སྣང་བའི་ས་ཕྱོགས་དེ་དང་ཤེས་པ་གཅིག་ལ་འདུ་བ་ངེས་པར་ནུས་པ་གང་ཡིན་པའོ། །དེ་ལྟར་ངེས་པར་ནུས་པ་དེ་ཡང་གང་ཡིན་ཞེ་ན། ཡུལ་དེ་ཉིད་དུ་རྒྱུན་སྐྱེ་བཞིན་པར་ངེས་པ་གང་ཡིན་པའོ། །གལ་ཏེ་འདི་ནི་འདིར་སྐྱེས་པ་ཡིན་

Vol. 188 · folio 256b

ལ། འདི་ནི་ཡུལ་གཞན་ནས་འོངས་པ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ངེས་པ་མེད་པ་མ་ཡིན་ནམ་ཞེ་ན། ངེས་པ་མེད་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ངེས་པ་ནི། གང་ལ་དོན་འདི་ནི་སྐྱེ་བའི་རང་བཞིན་ཡིན་ལ། འདི་ནི་སྐྱེས་ཟིན་པ་ཡིན་ནོ་ཞེས་རྣམ་པར་འབྱེད་པར་བྱེད་པའི་ནུས་པ་ཡོད་པ་

དེའི་དབང་དུ་བྱས་པའི་ཕྱིར་རོ། །གང་ཞིག་མཐོང་བའི་རང་བཞིན་སྐྱེ་བཞིན་པ་དང་། སྐྱེས་ཟིན་པའི་རང་བཞིན་དུ་རྣམ་པར་འབྱེད་མི་ནུས་པ་དེ་ནི་བསྐྱེད་བྱ་ཉིད་དུ་མི་ཤེས་པས་ན། ཇི་ལྟར་བསྐྱེད་བྱ་སྐྱེད་བྱེད་ཀྱི་ངོ་བོར་ངེས་པར་བྱེད། བསྐྱེད་པར་བྱ་བ་ཉིད་ངེས་པར་ཤེས་ན་ནི་བསྐྱེད་བྱ་སྐྱེད་

བྱེད་ཀྱི་ངོ་བོ་ངེས་པར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེས་ན་བོང་བུ་མ་རྟོགས་པས་གལ་ཏེ་མི་དམིགས་ནས་བོང་བུ་དམིགས་ལ། མེ་མ་དམིགས་ན་ཡང་སྐྱེ་བོས་བར་དུ་ཆོད་པས་མ་དམིགས་པ་དེ་ལྟ་ན་ཡང་སྐྱེས་བུ་དེས་བོང་བུ་དེ་ཉིད་དུ་སྐྱེ་བར་མཐོང་བ་ནི་མ་ཡིན་ཏེ། འོན་ཀྱང་སྐྱེས་ཟིན་པའི་རང་

བཞིན་མིག་མངོན་དུ་གཏད་མ་ཐག་ཏུ་དམིགས་པ་ཡིན་ནོ། །དེས་ན་དམིགས་པའི་སྔོན་རོལ་དུ་ནི་དེས་དེ་སྣང་བའི་ས་ཕྱོགས་དང་ཤེས་པ་གཅིག་ལ་འདུ་བའི་བལྟར་རུང་བ་ཉིད་དུ་མ་ངེས་པ་ཉིད་དོ། །འདི་ལྟར་རྣམ་པ་དེ་ལྟ་བུ་སྐྱེས་ཟིན་པ་དག་ནི་ཡུལ་གཞན་ནས་འོངས་པ་དག་ཏུ་མེད་པ་ཉིད་དོ། །གང་

ཞིག་དམིགས་པའི་སྔོན་རོལ་དུ་རྒྱུ་གཞན་དམིགས་པ་ན། མིག་མངོན་དུ་ཕྱོགས་པས་ཡུལ་གཞན་དུ་འོངས་པ་སྲིད་པ་བཀག་ཅིང་། མཐོང་བའི་ས་ཕྱོགས་དེ་ཉིད་དུ་རྒྱུ་དང་ལྡན་པ་ཅིག་ཅར་རམ་རིམ་གྱིས་སྐྱེ་བཞིན་པའི་རང་བཞིན་དུ་མཐོང་བ་དེ་ཉིད་ནི་སྣང་བའི་ས་ཕྱོགས་དང་ལྷན་ཅིག་དམིགས་པའི་སྔོན་

རོལ་དུ་ཤེས་པ་གཅིག་ལ་འདུ་བར་སྲིད་པ་ཡིན་པས་ན་དེའི་མཚན་ཉིད་དུ་གྱུར་པ་མི་དམིགས་པར་འགྱུར་བ་ཡིན་ནོ། །དེས་ན་རྣམ་པ་དེ་ལྟ་བུའི་ཡུལ་ལ་འབྲས་བུ་ཉིད་དུ་ཁོང་དུ་ཆུད་པའི་ཕྱིར་འཁྲུལ་པ་མེད་དོ། །གང་ཡང་མུན་ཁུང་དུ་སྒྲོན་མ་དམིགས་ན་སྔ་ན་མེད་པའི་བུམ་པ་དམིགས་ལ།

དེ་ལ་དམིགས་ན་ནི་དེ་ཡང་མི་དམིགས་སོ་ཞེས་ཇི་སྐད་བརྗོད་པ་དེ་ཡང་བསལ་བ་ཡིན་ཏེ། འདི་ལྟར་དེར་ནི་དམིགས་པའི་བུམ་པ་དམིགས་པའི་སྔོན་རོལ་དུ་བལྟར་རུང་བའི་རང་བཞིན་དུ་ངེས་པ་མ་ཡིན་ཏེ། སྐྱེས་ཟིན་པའི་རང་བཞིན་དུ་མཐོང་བའི་ཕྱིར་དང་། སྒྲོན་མ་ཉེ་བའི་སྔོན་རོལ་

Vol. 188 · folio 257a

དུ་ཤེས་པ་གཅིག་ལ་འདུ་བའི་ས་ཕྱོགས་འགའ་ཡང་མ་མཐོང་བའི་ཕྱིར་རོ། །གང་གིས་དེ་འབྲས་བུ་ཉིད་དུ་ངེས་པར་འགྱུར་བ་སྒྲོན་མ་དམིགས་པ་ན་དམིགས་པའི་རྒྱུ་མཚན་ཉིད་ཀྱིར་གྱུར་པའི་བུམ་པ་མ་དམིགས་པ་ཡང་མ་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོ་འདི་ལ་ནི་དམིགས་

པའི་མཚན་ཉིད་དུ་གྱུར་པ་མ་དམིགས་པས་གང་གི་ཚེ་མེད་པར་ངེས་པ་དེའི་ཚེ་དེ་འབྲས་བུ་ཉིད་དུ་ངེས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་མེད་པར་ངེས་པ་དེ་ཡང་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་ལ། གང་གི་ཚེ་དམིགས་པའི་མཚན་ཉིད་ཀྱིར་གྱུར་

པ་ཉིད་ཀྱི་འབྲས་བུ་དེ་མ་དམིགས་པ་དེའི་ཚེ་རྒྱུ་དང་འབྲས་བུའི་དངོས་པོར་ངེས་པ་ཡིན་ནོ་ཞེས་བརྗོད་དོ། །དེས་ན་འབྲས་བུ་དམིགས་པའི་སྔོན་རོལ་གྱི་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་དམིགས་པ་གཅིག་དང་། དམིགས་པ་ཡང་ཕྱིས་རྒྱུ་མི་དམིགས་པ་སྔོན་དུ་འགྲོ་བ་ཅན་གྱི་མི་དམིགས་པ་གཞན་

ཏེ། དེ་ལྟར་མི་དམིགས་པ་གཉིས་དང་དམིགས་པ་གཅིག་ནི་འབྲས་བུའི་ཡུལ་ཅན་ཡིན་ལ། རྒྱུའི་ཡུལ་ཅན་ཡང་དམིགས་པ་དང་མི་དམིགས་པ་གཉིས་ཡིན་ནོ། །དེ་ལ་དམིགས་པ་དང་མི་དམིགས་པ་ལྔ་པོ་གང་དག་ཡིན་པ་དེ་དག་ཐམས་ཅད་མདོར་བསྡུས་ནས་རྒྱུ་དང་འབྲས་བུའི་དངོས་པོ་

སྒྲུབ་པར་བྱེད་པའི་མངོན་སུམ་དང་མི་དམིགས་པར་བཤད་པ་ཡིན་ནོ། །དམིགས་པ་དང་མི་དམིགས་པའི་སྒྲུབ་པར་བྱེད་པ་ཅན་གྱི་འབྲས་བུ་ཞེས་བྱ་བ་དེ་ཡང་དུ་བ་ལ་ཡོད་དོ། །ལན་ཅིག་སྟེ་ཕྱོགས་གཅིག་དེ་ལྟར་ཞེས་བྱ་བ་བསྐྱེད་པར་བྱ་བ་ཉིད་དུ་མཐོང་བས་ཀྱང་དུ་བ་དེ་མེ་དེའི་འབྲས་བུར་ཞེས་

བྱ་བ་བསྐྱེད་པར་བྱ་བར་འགྲུབ་སྟེ། མེ་རྒྱུ་མ་ཡིན་ལ་དུ་བ་ཡང་འབྲས་བུ་མ་ཡིན་ན་ནི་ཆུ་བཞིན་དུ་རྒྱུ་མ་ཡིན་པའི་མེ་ལས་ལན་ཅིག་ཀྱང་འབྱུང་བར་མི་འགྱུར་རོ། །ད་ནི་དུ་བ་མེ་མེད་པར་སྐྱེ་བ་མངོན་སུམ་དུ་གྲུབ་པར་བསྟན་པའི་ཕྱིར་གལ་ཏེ་གཙུབ་ཤིང་གཙུབས་པ་ལ་སོགས་པ་དག་ལས་ཞེས་བྱ་བ་ལ་

སོགས་པ་སྨོས་སོ། །སོགས་པའི་སྒྲས་ནི་མེ་ཤེལ་ལ་སོགས་པ་གཟུང་ངོ་། །མེ་མེད་ཀྱང་གཙུབ་ཤིང་གཙུབས་པ་དང་མེ་ཤེལ་དང་ཕྲད་པ་ཙམ་ལས་ཀྱང་དུ་བ་འབྱུང་བའི་ཕྱིར་རོ་ཞེ་ན། དེའི་འབྲས་བུ་མ་ཡིན་པ་ཉིད་དགག་པའི་ཕྱིར་མ་ཡིན་ཏེ་ཞེས་སྨོས་སོ། །བུད་ཤིང་གི་འགྱུར་བ་ནི་ཚིག་པ་ཉིད་

Vol. 188 · folio 257b

དེའི་རྒྱུའོ། །འདིས་ནི་འབྲས་བུའི་ཁྱད་པར་བསྟན་ཏོ། །དྲོ་བའི་རེག་པའི་ཁྱད་པར་ཞེས་བྱ་བ་ནི་རང་བཞིན་གྱི་ཁྱད་པར་ཏེ། འབྲས་བུ་དང་རང་བཞིན་གྱི་ཁྱད་པར་གྱིས་ཉེ་བར་མཚོན་པ་ནི་མེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཙུབ་ཤིང་གཙུབས་པ་དང་། མེ་ཤེལ་དང་ཕྲད་པ་དེར་ཡང་འབྲས་བུ་

བུད་ཤིང་འགྱུར་བ་དང་། རང་བཞིན་རེག་པའི་ཁྱད་པར་ཡང་ཡོད་པ་ཡིན་ན། དེས་ན་ཇི་ལྟར་མེ་མེད་པ་ཡིན། གཞན་ཡང་འབྲས་བུ་རྒྱུ་མེད་པར་འབྱུང་ན་ནི་རྒྱུ་མེད་པ་ཅན་ཉིད་དུ་འགྱུར་རོ། །མངོན་སུམ་གྱི་ཡུལ་ལ་འཁྲུལ་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འཐད་པས་ཀྱང་འཁྲུལ་པར་མི་རིགས་སོ་

ཞེས་བྱ་བའི་ཐ་ཚིག་གོ། །འཐད་པ་སྟོན་པར་བྱེད་པ་ནི་གང་ཞིག་ཅེས་བྱ་བ་ཡིན་ནོ། །འབྲས་བུ་གང་ཞིག་སྐྱེད་པར་བྱེད་པའི་དངོས་པོ་གང་མེད་པར་འབྱུང་བའི་དངོས་པོ་དེ་ནི་དེའི་རྒྱུ་ཅན་མ་ཡིན་ནོ། །དེའི་རྒྱུ་ཅན་ཉིད་ནི་དེ་ལ་མི་འཁྲུལ་པས་ཁྱབ་པ་ཡིན་ཡང་དེ་དང་འགལ་བ་ནི་འཁྲུལ་པ་ཡིན་ཏེ།

དེས་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པས་དེའི་རྒྱུ་ཅན་ཉིད་བཀག་པ་ཡིན་ནོ། །དུ་བ་ཡང་མེ་མེད་པར་འབྱུང་སྟེ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་ཉེ་བར་བསྡུ་བའོ། །དེས་ན་དེའི་རྒྱུ་ཅན་དུ་མི་འགྱུར་རོ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་འབྲས་བུའོ། །གལ་ཏེ་འདི་སྙམ་དུ་མེ་ཡོངས་སུ་སྤངས་ནས་

གཞན་དུ་སྐྱེ་བ་དེ་ལྟ་ན་ཡང་གཞན་གྱི་རྒྱུ་ཅན་དུ་འགྱུར་གྱི། རྒྱུ་མེད་པ་ཅན་ནི་མ་ཡིན་ནོ་སྙམ་ན་མ་ཡིན་ཏེ་ཞེས་སྨོས་ཏེ། རྒྱུའི་ཚོགས་པ་གཞན་ཡིན་པ་དེ་ལ་ཡང་འབྲས་བུ་མ་ཡིན་པ་ཉིད་དུ་ཐལ་བ་མཚུངས་པའི་ཕྱིར་རོ། །འབྲས་བུ་མ་ཡིན་པ་ཉིད་སྟོན་པ་ནི་མངོན་པར་འདོད་པའི་རྒྱུའི་ཚོགས་དེ་

མེད་ཀྱང་མེ་ཡོད་ན་འབྱུང་བའི་ཕྱིར་དེའི་འབྲས་བུ་ཉིད་མ་ཡིན་ནོ། །དེ་ལྟར་མེ་དང་གཞན་ལས་ཀྱང་འབྱུང་བར་ཁས་བླངས་ཏེ་རྒྱུ་མེད་པ་ཉིད་དུ་བསྟན་ནས། ད་ནི་ཡང་ན་ཞེས་བྱ་བ་ལ་སོགས་པས་གཞན་ལས་འབྱུང་བ་ནི་མེ་ལས་སྐྱེ་བ་མ་ཡིན་ལ། མེ་ལས་འབྱུང་བ་ནི་གཞན་ལས་སྐྱེ་བ་མ་ཡིན་པར་

བསྟན་པས་རྒྱུ་མེད་པ་ཉིད་དུ་བསྟན་ཏོ། །མེ་དེའམ་དངོས་པོ་གཞན་གང་ཡང་རུང་སྟེ། དེ་བསྐྱེད་པ་དེ་ལྟ་བུའི་རང་བཞིན་མ་ཡིན་པ་གང་ཡིན་པ་དེ་ལས་ཇི་ལྟར་འབྱུང་བར་འགྱུར་ཏེ། དུ་བ་མེ་ལས་སྐྱེ་བར་མཐོང་ན་ནི་རྒྱུའི་ཚོགས་པ་གཞན་དེའི་སྐྱེད་པར་བྱེད་པ་མ་ཡིན་ཏེ། རྒྱུ་རྣམས་ཀྱི་ནུས་པ་སོ་སོར་

Vol. 188 · folio 258a

ངེས་པའི་ཕྱིར་རོ། །དེ་བཞིན་དུ་དུ་བ་གཞན་ལས་སྐྱེ་ན་ནི་མེ་དེ་སྐྱེ་བའི་རང་བཞིན་མ་ཡིན་པར་ཤེས་ཏེ། དེས་ན་དུ་བ་བསྐྱེད་པའི་རང་བཞིན་མ་ཡིན་པ་གཉི་ག་ལས་དུ་བ་སྐྱེ་བ་མ་ཡིན་པ་དང་། འདི་སྐྱེ་བར་ཡང་སྣང་བ་དེའི་ཕྱིར་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེ་ཉིད་སྟོན་པ་ནི་རང་གིས་

དེ་བདག་ཉིད་ཀྱིས་སྐྱེད་པར་བྱེད་པ་དེའི་རང་བཞིན་མ་ཡིན་པ་གང་ཡིན་པ་ནི་དེ་སྐྱེད་པར་བྱེད་པ་མ་ཡིན་པའི་ཕྱིར་ཏེ། རྒྱུ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་རང་ཉིད་སྐྱེད་པར་བྱེད་པ་མ་ཡིན་ཡང་འབྲས་བུ་སྐྱེད་ན་ནི་ཐམས་ཅད་ཐམས་ཅད་ཀྱིས་སྐྱེད་པའི་ཕྱིར་འགའ་ཡང་གང་ལས་ཀྱང་མི་སྐྱེ་བ་མེད་

པར་འགྱུར་རོ། །དེས་ན་ཐམས་ཅད་ལ་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བ་དེའི་ཕྱིར་རྒྱུ་མེད་པ་ཉིད་ལ་སྐྱོན་གང་འགྱུར་བ་དེ་འདི་ལ་འགྱུར་རོ། །ཅིག་ཤོས་ཀྱིས་སྐྱོན་སྤང་བའི་ཕྱིར་སྨྲས་པ། མེ་ལས་སྐྱེ་བར་མཐོང་བའི་དུ་བ་དེ་ཉིད་ལས་གཞན་ལས་སམ། གཞན་གྱི་རྒྱུ་ཅན་ཡང་མེ་ལས་

འབྱུང་ངོ་ཞེས་སུ་ཟེར། འོ་ན་དེ་ཇི་ལྟར་ཡིན་ཞེ་ན། སྨྲས་པ། དངོས་པོ་གང་ཞིག་མེ་ལས་སྐྱེ་བ་དེ་དང་འདྲ་བ་གཞན་ལས་འབྱུང་བའི་ཕྱིར་རོ་ཞེ་ན། ཅིག་ཤོས་ཀྱིས་སྨྲས་པ། མེ་ལ་སོགས་པའི་ཚོགས་པ་དང་མི་མཐུན་པ་མི་འདྲ་བའི་རྒྱུ་ཚོགས་ལས་བྱུང་བའི་འབྲས་བུ་ཇི་ལྟར་དེ་དང་འདྲ་བ་ཡིན་

ཏེ། འདྲ་བ་ཉིད་ནི་དོན་གཅིག་བྱེད་པར་ནུས་པ་ཅན་རྣམས་ཀྱི་ཁྱད་པར་ཅན་གྱི་དོན་བྱེད་པའི་རྒྱུ་མཚན་ཅན་དང་། རྣམ་པ་གཅིག་ཏུ་འཛིན་པ་སྐྱེད་པར་ནུས་པས་བྱས་པ་ཡིན་ནོ། །རྒྱུའི་ཚོགས་ཐ་དད་པ་ལས་སྐྱེས་པ་ནི་རང་བཞིན་མི་འདྲ་བ་ཉིད་དུ་འགྱུར་བར་རིགས་པ་ཡིན་ཏེ། དཔེར་ན་

སཱ་ལུའི་ས་བོན་དང་ནས་ཀྱི་ས་བོན་ལ་སོགས་པའི་ཚོགས་པ་ལས་མྱུ་གུ་མི་འདྲ་བ་ཉིད་ཡིན་པ་བཞིན་ནོ། །འདི་ཉིད་སྟོན་པ་ནི་དེ་དང་འདྲ་བ་ལས་བྱུང་བའི་ཕྱིར་དེ་དང་འདྲ་བའི་དངོས་པོར་འགྱུར་བ་ཡིན་ནོ། །གལ་ཏེ་མཐོང་བའི་རྣམ་པའི་རྒྱུའི་ཚོགས་དང་མི་འདྲ་བའི་རྒྱུའི་ཚོགས་པ་དག་ལས་དེ་དང་

འདྲ་བ་འབྱུང་ན་ནི། རྒྱུ་དེ་དག་གི་ནུས་པ་ངེས་པ་དེ་མེད་པས་རྒྱུའི་ཐ་དད་པ་འབྲས་བུ་ཐ་དད་པར་བྱེད་པ་མ་ཡིན་ནོ། །འབྲས་བུ་དག་ནི་ཕན་ཚུན་རིགས་མི་མཐུན་པ་དང་འགའ་ཞིག་ནི་རིགས་མཐུན་པར་ཡང་མཐོང་བ་ཡིན་ནོ། །དེ་ལས་ཐ་དད་པར་འདྲ་བ་ལས་འགའ་ཞིག་ནི་འགའ་ཞིག་དང་འདྲ་

Vol. 188 · folio 258b

བ་དང་འགའ་ཞིག་ནི་མི་འདྲ་བར་མཐོང་བ་ཡིན་ལ། གཅིག་ཅིག་འགའ་ཞིག་དང་འདྲ་བ་དང་འགའ་ཞིག་དང་མི་འདྲ་བ་གང་ཡིན་པ་དེ་ནི་རྒྱུ་མཚན་མེད་པ་ཅན་ཡང་མ་ཡིན་ནོ། །འདྲ་བ་དང་མི་འདྲ་བ་ལས་མ་གཏོགས་པའི་དངོས་པོའི་ངོ་བོ་འགའ་ཞིག་ཡོད་པ་ཡང་མ་ཡིན་ཏེ། དེས་ན་དངོས་

པོའི་རང་བཞིན་གྱི་རྒྱུ་གང་ཡིན་པ་དེ་ཉིད་འདྲ་བ་དང་མི་འདྲ་བའི་རྒྱུ་ཡིན་ནོ། །དེ་ལྟ་ན་ཡང་རྒྱུ་ཐ་དད་པ་ཅན་གྱི་ནས་ཀྱི་མྱུ་གུ་དང་། སཱ་ལུའི་མྱུ་གུ་དག་ནི་ནུས་པ་ཐ་དད་པ་དང་། རྣམ་པ་ཐ་དད་པར་གཟུང་བར་བྱ་བ་རང་བཞིན་ཐ་དད་པ་ཡིན་ལ། རྒྱུ་མཚུངས་པ་ཅན་སཱ་ལུའི་མྱུ་གུ་དག་ནི་དོན་གཅིག་བྱེད་

པར་ནུས་པ་དང་། རྣམ་པ་གཅིག་ཏུ་གཟུང་བར་བྱ་བའི་རང་བཞིན་ཡིན་ནོ། །གང་གི་ཚེ་རྒྱུ་ཐ་དད་པ་དང་འབྲེལ་ཀྱང་ཅིག་ཤོས་དང་མཚུངས་ན་ནི་དེའི་ཚེ་ཅིག་ཤོས་དེའི་གཞན་ལས་ཐ་དད་པ་དེ་ནི་རྒྱུ་མེད་པ་ཅན་ཉིད་དོ། །རང་བཞིན་གཞན་ཡང་མེད་པའི་ཕྱིར་ཐམས་ཅད་དུ་རྒྱུ་མེད་པ་ཅན་དུ་འགྱུར་རོ། །

དེ་ལ་ཡང་ཞེས་བྱ་བ་མཐའ་དག་གི་སྣ་ཚོགས་ཀྱི་རང་བཞིན་རྒྱུ་མེད་པ་ལ་ཡང་ཡུལ་དང་དུས་དང་རང་བཞིན་ངེས་པ་མི་རུང་བའི་ཕྱིར་རོ་ཞེས་ཉེས་པ་བཤད་ཟིན་ཏོ། །ཐམས་ཅད་ཐམས་ཅད་ལས་སྐྱེ་བར་ཡང་འགྱུར་རོ་ཞེས་བྱ་བ་འདི་ནི་སྐྱོན་གཞན་ཡིན་ཏེ་གང་གི་ཚེ་རྒྱུ་རྣམས་ཀྱི་ནུས་པ་མ་ངེས་པ་

དེའི་ཚེ་བསྐྱེད་པར་བྱ་བ་ཡིན་པ་ཉིད་ཀྱིས་ཐམས་ཅད་སྐྱེད་པར་བྱེད་པ་ཡིན་པའི་ཕྱིར་ཐམས་ཅད་ལས་སྐྱེ་བར་འགྱུར་རོ། །དེའི་ཕྱིར་ཇི་སྲིད་དུ་འགྲོ་བ་ན་དངོས་པོ་གཅིག་གནས་པ་དེ་སྲིད་དུ་དེའི་འབྲས་བུ་སྐྱེ་བ་ལྡོག་པ་མེད་པར་འགྱུར་རོ། །དེའི་ཕྱིར་འདི་གཉི་ག་ལས་སྐྱེ་ན་གཅིག་ལ་འཁྲུལ་པའི་ཕྱིར།

རྒྱུ་མེད་པ་ཉིད་དམ་ཐ་དད་པ་དང་ཐ་མི་དད་པ་དག་རྒྱུ་མེད་པའི་ཕྱིར་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །ཐམས་ཅད་ཐམས་ཅད་ལས་སྐྱེ་བར་ཐལ་བ་ནི་རྒྱུ་མེད་པའི་སྐབས་ཉིད་ཡིན་ཏེ། རྒྱུ་མེད་ན་ནི་ཐམས་ཅད་ལ་ཐམས་ཅད་ཡོད་པར་ཐལ་ཞིང་། ཐམས་ཅད་རྒྱུ་ཡིན་པ་ཉིད་ལ་ཡང་ཐལ་བ་འདི་ཁྱད་

པར་མེད་པས་རྒྱུ་མེད་པ་ཉིད་དོ། །གང་གི་ཕྱིར་དེ་ལྟར་ཐམས་ཅད་ལས་སྐྱེ་བར་ཐལ་བ་དེའི་ཕྱིར་རྒྱུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ལས། འབྲས་བུ་ཐ་དད་པ་དང་ཐ་དད་པ་མ་ཡིན་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་དུ་བ་ནི་མཐོང་བའི་རྣམ་པ་དང་རིགས་མི་མཐུན་པའི་དོན་ལས་མི་འབྱུང་གི །གང་

Vol. 188 · folio 259a

ལས་སྐྱེ་བར་མཐོང་བ་དེ་ཁོ་ན་ལས་འབྱུང་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་ནི་རྒྱུ་མེད་པར་ཐལ་བར་འགྱུར་རོ། །རྒྱུ་མེད་པ་ཉིད་ཡིན་ན་ཡང་དངོས་པོ་རྟག་ཏུ་ཡོད་པའམ་མེད་པར་འགྱུར་ཏེ། དངོས་པོ་རྒྱུ་མེད་པ་ནི་དོན་གཞན་ལ་མི་ལྟོས་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། རེས་འགའ་འབྱུང་བ་ནི་

འབྲས་བུའི་ཡུལ་ཉིད་དུ་ལྟོས་པ་ལས་ཡིན་པའི་ཕྱིར་རོ། །འདི་ཉིད་རྣམ་པར་དགྲོལ་བའི་ཕྱིར་དུ་བ་དེ་ཞེས་བྱ་བ་སྨོས་སོ། །དུ་བ་རྒྱུ་མེད་པ་ལས་བྱུང་ན་ནི་རེས་འགའ་བར་མི་འགྱུར་ཏེ། དེ་འབྱུང་བ་ལ་མ་ཚང་བ་མེད་པའི་ཕྱིར་རོ། །འདོད་པ་ཞེས་བྱ་བ་ནི་ཡོད་པའི་དུས་སོ། །དེའི་ཚེ་ཡང་ཞེས་བྱ་བ་ནི་

ཡོད་པའི་དུས་སུ་ཡང་ངོ་། །དེ་ཡོད་པའི་དུས་ནི་དེ་བསྐྱེད་པར་བྱ་བ་ལ་མེད་པའི་དུས་དང་ཁྱད་པར་མེད་པའི་ཕྱིར་རོ། །འདི་སྙམ་དུ་གལ་ཏེ་དངོས་པོ་རྒྱུ་ལ་མི་ལྟོས་ཀྱང་རེས་འགའ་བར་འགྱུར་བ་ཅི་འགལ་ཞེ་ན། ལྟོས་པ་དང་བཅས་པ་རྣམས་ནི་ཞེས་སྨོས་སོ། །རེས་འགའི་དངོས་པོ་ནི་རེས་འགའ་བའོ། །

བསམ་པ་ནི་འདི་ཡིན་ཏེ། ཡུལ་དེ་ལ་ལྟོས་པ་ལས་རྒྱུ་མཚན་གཞན་ནི་མེད་དོ། །འགའ་ཞིག་འགའ་ཞིག་གི་རྒྱུ་ཞེས་བྱ་བར་འདོད་པ་གང་ཡིན་པ་དེ་ཡང་། གང་གི་ཕྱིར་དེ་ཡོད་ན་འབྲས་བུ་ཡོད་ལ། མེད་ན་མེད་པས་ན་དེ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པའི་མཚན་ཉིད་ཅན་གྱི་ལྟོས་པས་རྒྱུར་

འགྱུར་བ་ཡིན་ལ་དེ་ནི་འབྲས་བུའི་དུས་ལ་ཡང་ཁྱད་པར་མེད་དེ། དེས་ན་དུས་ནི་རྒྱུ་ཡིན་ནོ་ཞེས་གང་བཤད་པ་ནི། ཡོད་པ་དང་མེད་པའི་དུས་ཏེ། དུས་དེ་དག་ཏུ་དོན་དེ་འབྱུང་བར་རུང་བ་དང་མི་རུང་བ་གང་ཡིན་པ་དེ་དང་ལྡན་པའི་ཕྱིར་རོ། །ཡོད་པའི་དུས་སུ་ནི་དེ་སྐྱེད་པར་རུང་བ་དང་ལྡན་པ་ཡིན་ལ། མེད་

པའི་དུས་ན་ནི་དེ་སྐྱེད་པར་མི་རུང་བ་དང་ལྡན་པ་ཡིན་ཏེ། དེས་ན་རེས་འགའ་བ་ཡིན་ལ། རེས་འགའ་བ་ཡིན་ན་ཡང་ལྟོས་པ་དང་བཅས་པ་ཡིན་ནོ། །ཇི་ལྟར་ན་ཡོད་པ་དང་མེད་པའི་དུས་དེ་དག་རུང་བ་དང་མི་རུང་བ་ཡིན་ཞེ་ན། ཡུལ་དང་དུས་རུང་བ་དང་མི་རུང་བ་འདྲ་བ་ཅན་ཞེས་སྨོས་ཏེ། གལ་ཏེ་ཡོད་པ་དང་མེད་པའི་

ཡུལ་དང་དུས་དག་འདྲ་བར་རུང་བ་དང་མི་རུང་བ་ཉིད་དུ་འདོད་ན། དེ་ལྟ་ན་ནི་དེའི་ཡུལ་དང་དུས་ཞིག་དེ་དང་ལྡན་པ་འབྲས་བུ་དང་ལྡན་པའམ། ཅིག་ཤོས་ཏེ་དེ་དང་མི་ལྡན་པ་དེ་དག་ཏུ་ངེས་པ་མི་འཐད་དོ། །རུང་བ་དང་མི་རུང་བར་ཁྱད་པར་མེད་ན་ནི་ཐམས་ཅད་དེ་དང་ལྡན་པའམ་དེ་དང་མི་ལྡན་པར་

Vol. 188 · folio 259b

འགྱུར་གྱི་ཡུལ་དང་དུས་འགའ་ཞིག་ནི་དེ་དང་ལྡན་པ་ཡིན་ལ། གཞན་ནི་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པའི་ངེས་པ་འདིར་ནི་མི་འགྱུར་རོ། །དེ་ལྟར་མི་འཐད་པ་ཡིན་ཏེ། མི་རུང་བ་དེའི་ཕྱིར་གང་ན་དངོས་པོ་འགྱུར་བའི་ཡུལ་དང་དུས་དེ་ནི་དངོས་པོའི་རྒྱུ་ཡིན་ལ། གང་དུ་མི་འགྱུར་བ་དེ་དག་ནི་མི་

རུང་བ་ཉིད་ཀྱི་རྒྱུ་མ་ཡིན་ནོ། །རུང་བ་ཉིད་དེ་ཡང་རྒྱུའི་དངོས་པོ་ལས་གཞན་པའི་དོན་ནི་མ་ཡིན་གྱི། འོན་ཀྱང་རྒྱུའི་དངོས་པོ་ཉིད་དོ། །དུས་ནི་འདུ་བྱེད་དག་ལས་གཞན་མ་ཡིན་གྱི། འོན་ཀྱང་དོན་དེ་སྐྱེ་བའི་རྒྱུ་གྲང་བའི་རེག་པ་ལ་སོགས་པའི་རྡུལ་ཕྲ་རབ་ཐམས་ཅད་དུ་ཁྱབ་པ་

ནི་དགུན་ལ་སོགས་པའི་ཐ་སྙད་བརྟེན་པ་ཡིན་ནོ། །དེའི་ཕྱིར་ལྟོས་པར་བྱ་བའི་ཡུལ་དང་དུས་ཀྱི་ཁྱད་པར་གང་ཡིན་པ་དེ་ཉིད་རྒྱུ་ཡིན་ནོ། །དེའི་ཕྱིར་ཡུལ་དང་དུས་འགའ་ཞིག་སྤངས་ནས་ཡུལ་དང་དུས་གཞན་དག་ན་ཡོད་པའི་དངོས་པོ་ཡུལ་དང་དུས་དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་

པས་དེའི་རྒྱུ་ཅན་ཡིན་ཏེ། དེ་ལྟ་ན་ལྟོས་པ་དང་བཅས་པ་ཡིན་ནོ། །གལ་ཏེ་ཡུལ་དང་དུས་ངེས་སུ་ཆུག་མོད། དེ་ལྟ་ན་ཡང་ལྟོས་པ་དང་བཅས་པར་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་ཞེས་སྨོས་སོ། །གང་གི་ཕྱིར་ཡུལ་དང་དུས་འགའ་ཞིག་སྤངས་ནས། ཡུལ་དང་དུས་འགའ་ཞིག་

ན་ཡོད་པ་ཉིད་ནི་ལྟོས་པར་བརྗོད་པ་ཡིན་ནོ། །གལ་ཏེ་ལྟོས་པ་ཕན་འདོགས་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། འདི་ལ་ཡང་ཡུལ་དང་དུས་ནི་ཕན་འདོགས་པར་བྱེད་པ་ཁོ་ན་སྟེ། ཡུལ་དང་དུས་དེ་དག་གིས་བྱས་པའི་ཕན་པ་ལ་མི་ལྟོས་པ་ནི་ཡུལ་དང་དུས་དེར་ཡོད་པར་ངེས་པ་མི་རུང་བའི་

ཕྱིར་རོ། །འདི་ལྟར་དེ་ལས་རང་བཞིན་གྱི་ཁྱད་པར་མ་སྐྱེས་པ་ནི། རང་གི་ངོ་བོས་ཡུལ་ལམ་དུས་འགའ་ཞིག་ཏུ་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ། །འབྱུང་བའི་ཆོས་ཅན་ཡིན་པའི་ཕྱིར་ན་ཐམས་ཅད་དུ་འབྱུང་བར་འགྱུར་རོ། །ལ་ལར་འགྱུར་བ་ནི་ཡུལ་དང་དུས་དེ་དག་གིས་

རང་བཞིན་གྱི་ཁྱད་པར་སྐྱེད་པ་ཡིན་པས། སྐྱེད་པར་བྱེད་པ་ལ་རྒྱུའི་དངོས་པོར་ལྟོས་པ་ཡིན་ནོ། །ཁྱད་པར་ལྟོས་པ་གང་ཡིན་པ་དེ་ཉིད་ནི་རྒྱུ་ཡིན་ལ། རྒྱུ་དང་ལྡན་པའི་ཆོས་ཡུལ་དང་དུས་ངེས་པ་ཉིད་གང་ཡིན་པ་དེ་ནི་དུ་བ་ལ་ཡང་ཡོད་དེ། དེའི་ཕྱིར་དུ་བ་ནི་རྒྱུ་དང་ལྡན་པ་ཡིན་ནོ། །

Vol. 188 · folio 260a

རྒྱུ་དང་ལྡན་པར་ཤེས་པ་ན་ཡང་ཡུལ་དུས་དང་ལྡན་པའི་རྫས་ཡོད་པ་གང་དུ་དུ་བ་བསྐྱེད་པར་མཐོང་ལ། དེ་མེད་ན་མ་མཐོང་བ་ནི་མེ་དེ་སྐྱེད་པར་བྱེད་པ་ཉིད་དུ་ལྟོས་པའི་ཕྱིར་འདིའི་ངེས་པ་བསྐྱེད་པར་བྱ་བ་དེའི་རྒྱུ་ཅན་གྱི་རང་བཞིན་ཡིན་ཏེ། གཞན་དུ་ན་དེས་བསྐྱེད་པར་བྱ་བ་ཉིད་

མ་ཡིན་ན་ནི་ལན་འགའ་སྟེ། ཕྱོགས་གཅིག་ཀྱང་སྐྱེད་པར་བྱེད་པ་མ་ཡིན་པའི་མེ་དེ་ལས་མེད་པའི་ཕྱིར་ཏེ། ཆུ་ལས་བཞིན་ནོ། །འབྱུང་བ་འང་ཡིན་ཏེ་དེའི་ཕྱིར་མེ་དེར་ངེས་པ་ཡིན་ན། ཇི་ལྟར་གཞན་ལས་འབྱུང་བར་འགྱུར། འབྱུང་ན་ནི་དེ་དུ་བ་མ་ཡིན་ཏེ། འོན་ཀྱང་དངོས་པོ་གཞན་ཉིད་དུ་

འགྱུར་རོ། །གང་གི་ཕྱིར་མེ་དེས་བསྐྱེད་པའི་དོན་ནི་འཇིག་རྟེན་ན་དུ་བ་ཞེས་བརྗོད་པ་ཡིན་ནོ། །ཇི་ལྟར་མེས་བསྐྱེད་པའི་རང་བཞིན་དུ་བ་ཡིན་པ་དེ་བཞིན་དུ་རྒྱུ་ཡང་འབྲས་བུ་དེ་ལྟ་བུ་སྐྱེད་པའི་རང་བཞིན་གང་ཡིན་པའོ། །དེ་ལས་ཅིར་འགྱུར་ཞེ་ན། དེས་ན་འབྲས་བུ་དུ་བ་དེ་གཞན་ལས་ཞེས་བྱ་བ་མངོན་

པར་འདོད་པའི་རྒྱུ་ཚོགས་པ་ལས་གཞན་མེ་མ་ཡིན་པ་ལ་སོགས་པ་དེ་ལས་ཀྱང་འབྱུང་ན་ནི་མངོན་པར་འདོད་པའི་རྒྱུ་ཚོགས་པ་དེ་དུ་བ་སྐྱེད་པ་དེའི་རང་བཞིན་མ་ཡིན་ནོ། །ཡོད་པ་དང་མེད་པའི་རྗེས་སུ་ངེས་པས་ལྟོས་པར་བྱ་བ་ནི་འབྲས་བུའི་སྐྱེད་པར་བྱེད་པར་བརྗོད་པ་ཡིན་ནོ། །རྒྱུའི་ཚོགས་པ་འདི་ནི་དུ་བས་

ལྟོས་པར་བྱ་བ་མ་ཡིན་པས་སྐྱེད་པར་བྱེད་པ་མ་ཡིན་ནོ། །དེས་ན་ལན་འགའ་ཡང་སྐྱེད་པར་མི་འགྱུར་རོ། །ཡང་ན་མེ་ལས་གཞན་དེས་སྐྱེད་པ་དེ་དུ་བ་མ་ཡིན་ཏེ། དུ་བ་སྐྱེད་པའི་རང་བཞིན་མ་ཡིན་པ་གང་ཡིན་པ་དེ་ལས་བྱུང་བའི་ཕྱིར་རོ། །གལ་ཏེ་དུ་བ་སྐྱེད་པའི་རང་བཞིན་མ་ཡིན་པ་ནི་མ་ཡིན་ཏེ།

དེ་ལས་ཀྱང་དུ་བ་སྐྱེ་བའི་ཕྱིར་རོ་ཞེ་ན། དེའི་ཞེས་བྱ་བ་ནི་དུ་བ་སྐྱེད་པའི་རང་བཞིན་ཉིད་དུ་ཁས་ལེན་ན་ནི་དེ་ཉིད་མེ་ཡིན་ནོ། །གལ་ཏེ་དུ་བའི་སྐྱེད་པར་བྱད་པ་ནི་གཉིས་ཏེ། མེ་ལ་སོགས་པའི་ཚོགས་དང་མངོན་པར་འདོད་པ་གཞན་ཡིན་ཏེ། དེས་ན་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་མེ་ཡིན་ནོ་ཞེས་བྱ་བར་

མི་འགྱུར་ཞིང་ཐམས་ཅད་ལས་སྐྱེ་བ་ཡང་མ་ཡིན་ཏེ། གཉིས་ཉིད་སྐྱེད་པར་བྱེད་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེ་ན། འདི་ལ་བསམ་པ་འདི་ཡིན་ཏེ། དུ་བའི་གཞན་ལས་ཐ་དད་པ་ནི་རྒྱུ་མེད་པའམ། གཞན་གྱི་རྒྱུ་ཅན་ནི་མ་ཡིན་གྱི། འོན་ཀྱང་རྒྱུ་ཐ་དད་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །དེ་ལ་

Vol. 188 · folio 260b

མཐོང་བ་དང་རིགས་མི་མཐུན་པ་ལས་ཀྱང་རྐྱེན་ནི་རྒྱུ་ཐ་དད་པ་ལས་ཐ་དད་པར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཐ་མི་དད་པ་ལས་ཀྱང་ཐ་མི་དད་པ་མ་ཡིན་པའི་ཕྱིར་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །དེས་ན་འབྲས་བུ་རྒྱུ་དང་ལྡན་པར་ཁས་ལེན་པས་རྒྱུ་ཐ་དད་པ་ལས་ཐ་དད་པར་ཁས་བླང་བར་བྱའོ། །དེས་ན་མེ་ལས་

སྐྱེ་བར་མཐོང་བའི་རང་བཞིན་གང་ཡིན་པ་དེ་འདྲ་བའི་སྐྱེད་པར་བྱེད་པ་ནི་མེ་ཁོ་ན་ཡིན་པས་དུ་བ་མེ་ལས་འཁྲུལ་པ་མེད་དོ། །གལ་ཏེ་མེས་བསྐྱེད་པར་བྱ་བ་ཉིད་དུ་བ་ཡིན་ནོ་ཞེས་བྱ་བའི་ངེས་པ་མེད་པ་མ་ཡིན་ནམ། སྒྲ་རང་འདོད་ཀྱིས་སྦྱོར་བ་ན་གཞན་ཡང་དུ་བར་འགྱུར་རོ་ཞེ་ན། གཞན་ལ་ཡང་དུ་བར་

བརྗོད་ལ་ནི་རག་ན། དེ་དག་ལས་གང་ཞིག་མེས་བསྐྱེད་པའི་དུ་བ་དེ་ནི་གཞན་ལས་མ་ཡིན་པའི་ཕྱིར་ངེས་པ་ཉིད་དོ། །ད་ལྟ་ནི་འཇིག་རྟེན་ན་མགྲིན་པ་དགུ་བ་ལ་སོགས་པའི་དོན་གཅིག་བྱེད་པ་ཉིད་ཀྱི་རྣམ་པ་གཅིག་ཏུ་ཞེན་པར་རུང་བའི་དོན་ལ་དུ་བའི་སྒྲ་འཇུག་ཅིང་། དུ་བ་དེ་ཡང་ཁྱད་པར་ཅན་གྱི་

དོན་བྱེད་པ་རྣམ་པ་གཅིག་ཏུ་ཤེས་པའི་ཡུལ་གྱི་དོན་ལ་ངེས་པའི་ཕྱིར་མེས་བསྐྱེད་པ་ཉིད་ཡིན་གྱི་དུ་བའི་སྒྲས་བརྗོད་པར་བྱ་བ་ཉིད་ནི་མ་ཡིན་ནོ། །དེ་བཞིན་དུ་བུད་ཤིང་འགྱུར་བའི་རྒྱུ་ཉིད་ཀྱིས་རྣམ་པ་གཅིག་ཏུ་འཛིན་པའི་གཟུང་བར་བྱ་བའི་མེ་ནི་དུ་བའི་སྐྱེད་བྱེད་དུ་མཐོང་བ་ཡིན་ཏེ། དེའི་ཕྱིར་སྲེག་པའི་

རྣམ་པར་ཞེན་པར་རུང་བ་དང་། འབྲེལ་པ་དུ་བའི་རྣམ་པར་འཛིན་པར་རུང་བའི་དོན་ཡིན་ནོ་ཞེས་བརྗོད་པ་ཡིན་ཏེ། འདི་སྐད་དུ་རྣམ་འགྲེལ་ལས་དེ་བཞིན་དུ་མེ་ཐ་དད་ཀྱང་མེ་ཤེས་པའི་རྟེན་ཡིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་གཞན་ལ་ལྟོས་པའི་མེར་རྟོགས་པའི་ཡན་ལག་ཉིད་ལས་བྱུང་བ་ན།

དུ་བ་དེ་ལ་འཁྲུལ་པ་མེད་པའི་ཕྱིར། འབྲས་བུར་གྱུར་པ་དེ་བཞིན་དུ་གཞན་ཡང་མ་ཡིན་ནོ་ཞེ་ནའོ། །དོན་འདི་ཉིད་སྨོས་པ་ནི་གལ་ཏེ་བརྒྱ་བྱིན་སྤྱི་བོ་མེ་ཉིད་ཀྱི་རང་བཞིན་གང་ཡིན་པ་སྟེ། མེས་བསྐྱེད་པར་བྱ་བའི་དུ་བ་སྐྱེད་པ་ཡིན་ན་ནི་དེ་ཉིད་མེ་ཡིན་ཏེ། མེའི་བསྐྱེད་པར་བྱ་བ་སྐྱེད་པར་བྱེད་

པའི་ཕྱིར་རོ། །འོན་ཏེ་མེའི་རང་བཞིན་གང་ཡིན་པ་དེ་མ་ཡིན་ན་ནི་ཇི་ལྟར་ནི་གཞི་དེ་ལས་དུ་བ་འབྱུང་བ་ཡིན། ཅིའི་ཕྱིར་མེའི་རང་བཞིན་མ་ཡིན་པ་ལས་དུ་བ་མི་འབྱུང་ཞེ་ན། བཤད་པ། དུ་བ་རྒྱུའི་རང་བཞིན་གང་ཡིན་པ་སྟེ། དེ་ལས་སྐྱེ་བའི་ཕྱིར་དེའི་ནུས་པ་སྟེ། དུ་བ་སྐྱེད་པར་བྱེད་པའི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words