ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད

Sanskrit title (Tibetan script, as in the text) པྲ་མཱ་ཎ་བི་ནིཤྩ་ཡ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 188 · folio 110a

རང་གི་ངོ་བོ་ཡིན་པས་དེ་ལ་ཐེ་ཚོམ་ཟ་ན་འདི་ལ་ཡང་ཐེ་ཚོམ་ཟ་བ་ཉིད་ཡིན་པའི་ཕྱིར་བསྒྲག་པར་བྱ་བ་མ་ཡིན་ནོ། །ཐུན་མོང་བ་ལ་ལྟོས་ནས་བཤད་པ། བློ་བྱེ་བྲག་ཏུ་རྟོགས་པའི་ཡན་ལག་སྟེ་གོ་བར་བྱེད་པ་ཉིད་མ་ཡིན་ཏེ། ཐུན་མོང་དུ་གྱུར་པས་ཁྱད་པར་དུ་མེད་པའི་ཕྱིར་

རོ། །དེའི་ཕྱིར་དེས་ན་བསྒྲག་པར་བྱ་བ་མ་ཡིན་ཏེ། བློ་རྟོགས་པའི་ཡན་ལག་ཏུ་དགོད་པར་བྱ་བ་མ་ཡིན་ནོ། །ཐུན་མོང་བ་དེ་ཉིད་བསྟན་པའི་ཕྱིར་རྣམ་པ་དེ་ལྟ་བུ་ནི་ཞེས་སྨོས་ཏེ་ཁྱད་པར་མེད་པའོ། །ཤིན་ཏུ་དང་བ་ལ་སོགས་པ་གཞན་ལ་ཡང་སྟེ། མེ་ལོང་ལ་སོགས་པ་དང་མིག་ལ་

སོགས་པ་ལ་ཡང་ཡོད་པའི་ཕྱིར་རོ། །དེ་ལྟར་ན་ནང་གི་བྱེད་པ་ཙམ་ནི་མིག་ལ་སོགས་པ་ལ་ཡང་ཡོད་པ་ཡིན་ནོ། །ནང་ཉིད་དང་སྐྱེས་བུའི་ལོངས་སྤྱོད་དུ་ཉེ་བར་གནས་པའི་རྒྱུ་ཉིད་ཀྱང་དོན་གཞན་ལ་ལྟོས་པ་ཉིད་ཀྱིས་ཇི་ལྟར་རིགས་པར་མིག་དང་ཤེལ་ལ་སོགས་པ་ཡང་བློ་ཉིད་དུ་ཐལ་བའི་

ཕྱིར་བློའི་མཚན་ཉིད་མ་གྲུབ་བོ། །སྒྲ་ལ་སོགས་པའི་ཡུལ་རྣམ་པར་འཇོག་པ་ནི་ཡུལ་དང་དུས་དང་རང་བཞིན་ཐ་དད་པ་རྣམས་ཐ་སྙད་དུ་བྱེད་པའོ། །རྣམ་པར་འཇོག་པ་ནི་རང་གི་རང་བཞིན་ངེས་པ་སྒྲུབ་པའམ་ཐ་སྙད་དུ་བྱེད་པ་ལས་འདིར་ནི་ཐ་སྙད་དུ་བྱེད་པ་གཟུང་ངོ་། །ཡང་གི་སྒྲ་ནི་

འདྲ་བ་བློའི་མཚན་ཉིད་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། བློ་འདྲ་བ་དང་བཅས་པ་ཡིན་ཡང་བློ་དང་རྣམ་པ་མེད་པའི་སེམས་པ་ཅན་དུ་ཡུལ་གྱི་དོན་རྣམ་པར་འཇོག་པ་མ་ཡིན་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །མྱོང་བ་ཡིན་ཏེ་མྱོང་བར་བྱེད་པའོ། །མཐར་ཐུག་པ་སྟེ། མཐར་གཏུགས་

པ་གང་ཡིན་པ་དག་གོ། །གང་གི་ཕྱིར་མྱོང་བ་ཞེས་བྱ་བ་གཞན་བརྗོད་པ་ནི་མ་ཡིན་གྱི་འོན་ཀྱང་བལྟ་བར་བྱ་བའི་ངེས་པ་དང་རྗེས་སུ་འབྲེལ་པའི་མཐོང་བ་རྣམ་པར་བརྟག་པར་བྱ་བའི་རྣམ་པར་རྟོག་པ་ཉིད་མྱོང་བ་ཡིན་པར་ཉམས་སུ་མྱོང་བས་གྲུབ་པ་ཡིན་ནོ། །སྣང་བ་དང་རྣམ་པར་བརྟགས་པ་དག་

གི་ཐ་སྙད་དུ་བྱེད་པ་ནི་མཐོང་བ་དང་རྣམ་པར་རྟོག་པ་ཉིད་ཡིན་ཏེ། དེའི་ཕྱིར་མྱོང་བའི་མཐར་ཐུག་པ་མྱོང་བའི་ངོ་བོ་ཅན་མྱོང་བ་གང་ཡིན་པ་དེ་ཉིད་དོན་རྣམ་པར་འཇོག་པ་ཡིན་གྱི་གཞན་ནི་མ་ཡིན་ནོ། །མཐོང་བ་དང་རྣམ་པར་རྟོག་པའི་རང་བཞིན་གྱི་ཐ་སྙད་འདི་ནི་ཐ་དད་པ་དང་ལྡན་པ་ཡིན་ལ། མྱོང་བ་

Vol. 188 · folio 110b

ཡང་རྣམ་པ་མེད་པ་ཉིད་ཀྱི་དོན་སོ་སོ་ལ་ཁྱད་པར་དུ་འདོད་པ་མ་ཡིན་ན། དེ་ཇི་ལྟར་དོན་རྣམ་པར་འཇོག་པར་བྱེད་པར་འགྱུར། འདི་སྙམ་དུ་དོན་ཐ་དད་པ་དང་འབྲེལ་པའི་མྱོང་བ་ཐ་དད་པར་སྣང་བ་དེའི་ཕྱིར་བདག་ཉིད་ཐ་དད་ཅི་དགོས་ཤེ་ན། གལ་ཏེ་དོན་ཐ་དད་པ་མི་གསལ་བར་མྱོང་བ་

ཐ་དད་པར་བྱེད་པ་ཡིན་ན་ནི་དེ་དེ་ལྟར་འཐད་པ་ཞིག་ན། གང་གི་ཕྱིར་དེ་ཡང་གསལ་བཞིན་པ་ཁོ་ན་ཐ་དད་པར་བྱེད་པ་ཡིན་ཞིང་གསལ་བ་དེ་ཡང་མྱོང་བ་ཉིད་ཡིན་ལ། དེ་ཡང་ཐ་དད་པ་མེད་པ་དེས་ན། དོན་ཐ་དད་པས་ནི་མྱོང་བ་ཐ་དད་པར་མི་འགྱུར་གྱི། འོན་ཀྱང་རང་གི་ངོ་བོ་ཐ་དད་པས་ཡིན་

ནོ། །དེའི་ཕྱིར་དོན་ངེས་པ་ཡོད་དམ་མེད་ཀྱང་རུང་སྟེ་གསལ་བའི་རང་བཞིན་རིག་པ་ནི་དོན་སོ་སོ་ལ་ངེས་པར་འདོད་པར་བྱ་བ་ཡིན་ལ། གསལ་བ་ངེས་པ་ཡང་དོན་རྣམས་ཀྱི་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ། །སྐྱེས་བུ་ཡང་རྣམ་པར་མེད་པ་ཉིད་ཀྱིས་དོན་ཐམས་ཅད་ལ་ཁྱད་པར་མེད་པའི་

ཕྱིར། འདི་ནི་འདིའི་གསལ་བ་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བརྟག་པར་མི་ནུས་པས་མ་ངེས་པར་རིག་པའི་ཕྱིར་དེ་ལ་ནི་ཡུལ་ངེས་པའི་ཐ་སྙད་ཡོངས་སུ་རྫོགས་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་ན་དོན་རྣམ་པར་འཇོག་པར་བྱེད་པ་ནི་ཡུལ་གྱི་རྣམ་པ་ཅན་གྱི་བློས་བྱེད་པ་ཡིན་ནོ་ཞེ་ན། བཤད་

པ། སེམས་པ་མེད་པ་དེ་དོན་གྱི་རྣམ་པ་དང་ལྡན་ཡང་ཡུལ་གྱི་རྣམ་པར་གནས་པ་རྣམ་པར་འཇོག་པར་བྱེད་པར་ཇི་ལྟར་འགྱུར། ཐ་སྙད་དུ་བྱེད་པ་ནི་གསལ་བ་ཡིན་ལ། དེ་ནི་མི་གསལ་བའི་བདག་ཉིད་ཡིན་པའི་ཕྱིར་རྣམ་པར་འཇོག་པ་མ་ཡིན་ནོ། །གལ་ཏེ་དོན་དང་འདྲ་བ་ཙམ་ཉིད་ཡུལ་

རྣམ་པར་འཇོག་པར་བྱེད་པ་ཡིན་ན་ནི་དེའི་ཚེ་མེ་ལོང་ལ་སོགས་པ་ཡང་རྣམ་པར་འཇོག་པར་བྱེད་པར་ཐལ་ན། མེ་ལོང་ནི་འདྲ་བར་མཐོང་ཡང་རྣམ་པར་འཇོག་པར་བྱེད་པར་ངེས་པ་མ་ཡིན་ཏེ། དེའི་ཕྱིར་རྣམ་པར་འཇོག་པར་བྱེད་པ་མ་ཡིན་ནོ། །མིག་ཕྱེ་ནས་དོན་གྱི་གཟུགས་བརྙན་དང་ལྡན་

བཞིན་དུ་གཉིད་ལོག་པའི་སྐྱེས་བུ་ཡང་དོན་རྣམ་པར་འཇོག་པར་འགྱུར་ན་དེ་ལྟར་ནི་མ་ཡིན་ཏེ། དེས་ན་ཉམས་སུ་མྱོང་བ་དང་འགལ་བར་ཐལ་བའི་ཕྱིར་འདྲ་བ་ཙམ་ནི་རྣམ་པར་འཇོག་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བར་གནས་པར་ཡིན་ནོ། །གང་ཞིག་དོན་རྣམ་པར་འཇོག་པ་དེ་ནི་གསལ་བའི་བདག་ཉིད་

Vol. 188 · folio 111a

ཡིན་ཏེ། གང་གི་ཕྱིར་ཡུལ་རྣམ་པར་འཇོག་པ་དེ་ནི་མེ་ལོང་ལ་སོགས་པ་རྣམས་ལས་བཟློག་ནས་ངེས་པའི་རང་བཞིན་དུ་ཉམས་སུ་མྱོང་བ་ཡིན་ནོ། །གསལ་བའི་བདག་ཉིད་མ་ཡིན་པ་ཡང་རྣམ་པར་འཇོག་པར་བྱེད་པ་ཡིན་ན་ནི་ངེས་པ་མེད་པ་ཉིད་དུ་འགྱུར་བས། གསལ་བ་

ལས་གཞན་ནི་རྣམ་པར་འཇོག་པ་མ་ཡིན་ནོ་ཞེས་མི་མཐུན་པའི་ཕྱོགས་ལ་ཁྱབ་པར་བྱེད་པ་མེད་པས་དེའི་བདག་ཉིད་དུ་གྲུབ་བོ། །དེས་ན་ཁྱབ་པར་བྱེད་པ་གསལ་བ་ཉིད་མེད་པའི་ཕྱིར་གསལ་བའི་བདག་ཉིད་མ་ཡིན་པའི་བློ་ནི་རྣམ་པ་དང་ལྡན་པ་ཡིན་ཡང་རྣམ་པར་འཇོག་པར་བྱེད་པ་མ་ཡིན་ལ།

སྐྱེས་བུ་ཡང་སེམས་པ་ཅན་ཡིན་ཡང་འདྲ་བ་དང་བྲལ་བས་ངེས་པ་མེད་པའི་ཕྱིར་ཡུལ་རྣམ་པར་འཇོག་པ་ཞེས་བྱ་བ་ནི་མེད་པར་འགྱུར་རོ། །སྒྲ་ལ་སོགས་པའི་བདག་ཉིད་བློ་ལ་ཡོད་པའི་བདེ་བའི་འདྲ་བར་བྱེད་པའི་ཕྱི་རོལ་གྱི་བདེ་བ་ལ་ཁྱད་པར་ཡོད་པ་མ་ཡིན་ཡང་བློར་གཏོགས་པའི་བདེ་བ་བློའི་

བདེ་བ་ནི་བསྒོམས་པས་བྱས་པའི་བྱེ་བྲག་གི་ཁྱད་པར་དེ་དང་ལྡན་པ་ཡིན་ནོ་ཞེས་གང་བརྗོད་པ་དེ་ནི་ཚིག་ཙམ་ལས་འོངས་པ་ཡིན་གྱི། ཚད་མ་ལས་ནི་མ་ཡིན་ཏེ། དེས་ན་རིགས་པ་མ་ཡིན་ནོ། །ཡང་གི་སྒྲ་ནི་བློ་ཐ་དད་པ་མི་རིགས་པ་དང་ཡུལ་རྣམ་པར་གཞག་པ་མེད་པའི་ཉེས་པ་འབའ་ཞིག་

ཏུ་མ་ཟད་ཀྱི་ཕྱི་རོལ་གྱི་ཁྱད་པར་མེད་ན་དེ་ལ་གནས་པའི་བདེ་བ་ཡང་གོམས་པས་ཁྱད་པར་དུ་འགྱུར་བར་རིགས་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་པ་ཡིན་ནོ། །ཕྱི་རོལ་གྱིས་བསྐྱེད་པའི་བདེ་བའི་གཟུགས་བརྙན་ཉིད་སྐྱེས་བུས་ཤེས་པ་ཡིན་གྱི། བློའི་བདག་ཉིད་དུ་གྱུར་པ་ནི་མ་ཡིན་ནོ། །འདྲ་བར་བྱེད་པ་

དེ་ཡང་ཉམས་སུ་མྱོང་བ་ཅི་འདྲ་བ་དེ་འདྲ་བ་ཁོ་ན་ཡིན་ཏེ། གཞན་དུ་ན་དེ་དེས་མ་བྱས་པ་ཉིད་དུ་འགྱུར་རོ། །དེས་བྱས་པ་ཉིད་ཡིན་ཡང་ཧ་ཅང་ཐལ་བར་འགྱུར་རོ། །དེས་ན་དེའི་ཁྱད་པར་གྱིས་འདྲ་བར་བྱེད་པ་ཁྱད་པར་ཅན་དུ་གོ་བར་བྱེད་པ་ཡིན་ལ། ཕྱི་རོལ་ལ་ཁྱད་པར་ཡོད་པ་ཡང་མ་ཡིན་ནོ། །

གཟུགས་བརྙན་གྱི་དབང་གིས་ནི་ཁྱད་པར་དང་བཅས་པར་གནས་པ་ཡིན་ལ། ཉམས་སུ་མྱོང་བ་ནི་ཁྱད་པར་མེད་པས་ཐ་དད་པའི་ཐ་སྙད་ཀྱི་རྒྱུ་ཕན་ཚུན་འགལ་བ་འདི་ནི་གཅིག་ལ་རིགས་པ་མ་ཡིན་པ་དེའི་ཕྱིར་བཤད་པ་གཅིག་ལ་སྟེ་སྣ་ཚོགས་པར་མ་གྱུར་པའོ། །ཅིག་ཅར་ཞེས་བྱ་བ་ཡང་རྒྱུན་གཅིག་

Vol. 188 · folio 111b

ལ་ཁྱད་པར་སྒྲུབ་པ་མི་འགོག་པའི་ཕྱིར་རོ། །འགལ་བའི་ཕྱིར་ཞེས་བྱ་བ་ནི་གནོད་པའི་ཕྱིར་ཕྱི་རོལ་ལ་མ་ལྟོས་པར་བློ་ཁྱད་པར་དང་ལྡན་པར་རིགས་པ་མ་ཡིན་ནོ། །གང་གི་ཕྱིར་སེམས་པ་ལས་ཐ་དད་པ་རྣམ་པ་དང་ལྡན་པའི་ཞེན་པ་ལས་མཚན་ཉིད་མེད་པ་དང་། ཡུལ་རྣམ་པར་གཞག་པ་

མེད་པར་འགྱུར་བ་དང་གང་གི་དོན་དུ་བློ་ཁས་བླངས་པ་ཕྱི་རོལ་གྱིས་མ་བཞག་པའི་བློའི་བདེ་བ་ཁྱད་པར་ཅན་ཡང་གནས་པ་མེད་པ་ལས། ཡུལ་རྣམ་པར་གནས་པ་དང་ཕྱི་རོལ་ཁྱད་པར་མེད་ཀྱང་གོམས་པས་བྱས་པའི་བདེ་བ་ལ་སོགས་པའི་ཁྱད་པར་ཉམས་སུ་མྱོང་བ་ཡང་ཡོད་པ་དེའི་ཕྱིར་བདེ་བ་ལ་

སོགས་པའི་རྣམ་པ་ཅན་གྱི་བློ་ཕྱི་རོལ་གྱིས་བྱས་པ་མ་ཡིན་པ་དེ་སེམས་པ་ལས་ཐ་དད་པ་ཡང་མ་ཡིན་ཏེ། འོན་ཀྱང་དེའི་རང་བཞིན་དུ་ཉམས་སུ་མྱོང་བས་གྲུབ་པ་ཡིན་ནོ། །སེམས་པ་ཡོད་པ་ལས་ལྡོག་པ་ཐ་དད་པའི་བློ་ནི་རྟོགས་པ་མེད་པའི་ཕྱིར་ཏེ། མཚོན་པ་མེད་པའི་ཕྱིར་རོ། །སྔར་བཤད་

པའི་ཚུལ་གྱིས་ཡུལ་དང་འདྲ་བའི་སེམས་པ་ཡོད་པ་ཉིད་དོན་རྣམ་པར་འཇོག་པ་པོ་ཡིན་ལ། བདེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་རང་བཞིན་ཡང་དེ་ཉིད་ཡིན་ནོ། །བློ་ཡང་བདེ་བ་ལ་སོགས་པའི་ཁྱད་པར་ལྡན་པ་དང་། ཡུལ་གྱི་རྣམ་པ་དང་ལྡན་པར་འདོད་པ་ཡིན་ཏེ། དེས་ན་དེ་འདྲ་བའི་

བློ་ནི་སེམས་པ་ཡོད་པའི་རང་བཞིན་ཉིད་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར་འདི་ནི་ཞེས་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་ཉམས་སུ་མྱོང་བས་གྲུབ་པའོ། །དགའ་བ་དང་ཞུམ་པ་ལ་སོགས་པའི་རྣམ་པར་འགྱུར་བ་ཡོངས་སུ་འགྱུར་བ་རྣམ་པ་དུ་མ་གང་ཡིན་པ་དེར་གཅིག་ཏུ་སྟེ། མྱོང་བ་མ་ཡིན་པའི་ཆ་

དང་བྲལ་བར་མྱོང་བའི་རང་བཞིན་ཡུལ་འཛིན་པའི་རང་བཞིན་དུ་སྟེ་རྣམ་པ་འདི་དག་གིས་འཛིན་པར་བྱེད་པ་རྣམ་པར་འཇོག་པ་པོ་ཡང་དག་པར་རིག་པར་བྱེད་པར་ཉམས་སུ་མྱོང་ངོ་། །ཐ་དད་པ་དང་བྲལ་བར་ཉམས་སུ་མྱོང་བས་གྲུབ་པའི་ཡང་དག་པར་རིག་པ་དེ་ལ་མི་ནི་ཇི་ལྟར་འདོད་པ་དེ་ལྟར་བྱེད་ལ་རག་སྟེ།

མིང་ཐ་དད་པས་ནི་དོན་གཞན་དུ་འགྱུར་བ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །སེམས་པ་ཅན་ཉིད་བློའི་རང་བཞིན་ཡིན་པར་ཉམས་སུ་མྱོང་ངོ་ཞེས་བྱ་བ་འདི་མི་རིགས་པ་མ་ཡིན་ནམ། གང་གི་ཕྱིར་རང་བཞིན་ཕྲ་མ་ཉིད་ཀྱིས་མྱོང་བ་ནི་མངོན་སུམ་མ་ཡིན་ལ། བློའི་རྣམ་པར་འགྱུར་བ་ཡུལ་གྱི་རྣམ་པ་ཡོངས་

Vol. 188 · folio 112a

སུ་འཛིན་པ་ནི་མངོན་སུམ་དུ་གསལ་བ་ཡིན་ནོ་ཞེས་གཞན་དག་དོགས་པ་ལ། བཤད་པ། བློའི་རྣམ་པར་འགྱུར་བ་མངོན་སུམ་པའི་མངོན་སུམ་དུ་བྱེད་པ་གང་ཡིན་པ་ཡུལ་དམིགས་པའི་མཚན་ཉིད་ཡུལ་ལས་ལོངས་སྤྱོད་པ་འདི་ནི་ལོངས་སྤྱོད་པར་བྱ་བ་བཞིན་དུ་མངོན་སུམ་

ཡིན་ཏེ། འདི་ནི་གསལ་བའི་རང་བཞིན་དུ་ཁས་བླང་བར་བྱ་བ་ཡིན་ནོ། །སེམས་པ་ཡོད་པའི་རང་བཞིན་ལོངས་སྤྱོད་པ་ནི་མངོན་སུམ་མ་ཡིན་པ་ཉིད་ཡིན་ལ། ཡུལ་གྱི་རང་གི་ངོ་བོ་ཡང་དེ་དང་འདྲ་བར་མངོན་སུམ་ཉིད་མ་ཡིན་ནམ། དེའི་ཕྱིར་རྣམ་པར་རྟོག་པ་འདི་གོ་སྐབས་སུ་ཇི་ལྟར་འགྱུར་

ཞེ་ན། བརྗོད་པ་རེ་ཞིག་འདི་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའི་ཡུལ་གྱི་ཆོས་ནི་མ་ཡིན་ཏེ། གཅིག་གིས་ཉེ་བར་སྤྱོད་པ་ན་ཡང་ཐམས་ཅད་ཀྱིས་སྤྱད་པར་ཐལ་བའི་ཕྱིར་རོ། །འདི་སྐྱེས་བུའི་ངོ་བོ་རྟག་ཏུ་གནས་པ་ཡང་མ་ཡིན་ཏེ། རྟག་ཏུ་ཉེ་བར་ལོངས་སྤྱོད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་

རེས་འགའ་བའི་ཡུལ་ལ་ཉེ་བར་ལོངས་སྤྱོད་པ་འདི་ནི། གསལ་བ་སྐྱེས་བུའི་ཆོས་བྱ་བའི་བདག་ཉིད་ཅན་ཡིན་པར་རིགས་པ་ཡིན་ལ། ལོངས་སྤྱོད་པ་དེ་མངོན་སུམ་མ་ཡིན་ན་ནི་ལོངས་སྤྱད་པར་བྱ་བ་དང་ལོངས་སྤྱོད་པ་ཐམས་ཅད་མངོན་སུམ་མ་ཡིན་པར་འགྱུར་ཏེ། དཔེར་ན་གཞན་གྱི་མངོན་

སུམ་གཞན་གྱིས་མངོན་སུམ་དུ་བྱས་པའི་ལོངས་སྤྱོད་པ་དེ་མངོན་སུམ་མ་ཡིན་པ་བཞིན་དུ་བདག་ཉིད་ཀྱི་ཡང་འགྱུར་ན། མངོན་སུམ་ཡང་ཡིན་ཏེ། དེས་ན་ཉམས་སུ་མྱོང་བ་དང་འགལ་བ་ཐམས་ཅད་མངོན་སུམ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་ཉེ་བར་ལོངས་སྤྱོད་པ་ནི་མངོན་སུམ་ཡིན་ནོ། །

ལས་ཞེས་བྱ་བ་ནི་དེའི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་ཡུལ་ཡོད་པ་དེའི་ཕྱིར་ཡུལ་ལོངས་སྤྱོད་པར་ཐལ་བར་འགྱུར་ཏེ། ཡུལ་ལོངས་སྤྱོད་པ་ཙམ་ཉིད་ཡུལ་ལོངས་སྤྱོད་པར་འགྱུར་ཏེ། ཡང་གིས་ནི་སྐྱོན་གཞན་སྡུད་པའོ། །གང་གི་ཕྱིར་ཡུལ་མངོན་སུམ་པ་ཉེ་བར་སྤྱོད་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ།

དེས་ན་རིག་པར་བྱས་པའི་ཕྱིར་ན་སྤྱོད་པའི་ཡུལ་ཡོད་པ་ཙམ་ཉིད་ཉམས་སུ་མྱོང་བར་གྲུབ་པའི་ལོངས་སྤྱོད་པར་འགྱུར་རོ། །འདི་ལྟར་ལོངས་སྤྱད་པའི་ཡུལ་ནི་ཤེས་པར་བྱས་སོ་ཞེས་སྐྱེས་བུས་ཤེས་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ཏེ། དམིགས་པར་གྱུར་པའི་རང་བཞིན་དུ་ཡོངས་སུ་མ་ཤེས་ན་ནི་

Vol. 188 · folio 112b

ལོངས་སྤྱད་པར་བྱ་བ་ལ་ལོངས་སྤྱད་པ་ཉིད་དུ་མི་འགྱུར་རོ། །ལོངས་སྤྱོད་པ་ནི་དམིགས་པ་ཉིད་ཡིན་པས་དམིགས་པ་མ་ཤེས་ན་ནི་དེའི་ཁྱད་པར་ཅན་གྱི་དོན་ཡང་ཤེས་པར་མི་འགྱུར་ཏེ། དབྱིག་པ་མ་ཤེས་ན་དབྱིག་པ་ཅན་བཞིན་ནོ། །ལོངས་སྤྱོད་པ་ཤེས་པར་བྱེད་པའི་ཆོས་ཐ་དད་པར་

ཡང་ཤེས་པ་མེད་དོ། །དེས་ན་ལོངས་སྤྱད་བཞིན་པར་ཤེས་པའི་ཡུལ་ཉིད་ལོངས་སྤྱད་པ་ལོངས་སྤྱོད་པའི་རང་བཞིན་དུ་ཤེས་པར་འགྱུར་བས་ན། རིག་བཞིན་པའི་ཡུལ་ཡོད་པ་ཉིད་ལོངས་སྤྱོད་པ་རིག་པ་ཡིན་པར་འགྱུར་ན། དེ་ལྟར་ཡང་རིགས་པ་མ་ཡིན་ནོ། །འདི་ལྟར་ལོངས་སྤྱོད་

པའི་བདག་ཉིད་དུ་ཤེས་པའི་ཡུལ་ཙམ་ནི་ཐུན་མོང་བ་ཡིན་པའི་ཕྱིར་ཏེ། ཇི་ལྟར་གཟུགས་ལ་འདི་ནི་དེ་ཁོ་ནའི་ཡིན་ནོ་ཞེས་བདག་ཉིད་ལ་ངེས་པར་མི་ཤེས་པ་དེ་བཞིན་དུ་ལོངས་སྤྱོད་པ་ཡང་བདག་གིས་མཐོང་ངོ་ཞེས་ཁྱད་པར་ཅན་དུ་ངེས་པར་མི་འགྱུར་ཏེ། ཇི་ལྟར་ཡུལ་ཡོད་པ་ཙམ་གྱིས་

བདག་ཉིད་སོ་སོ་ལ་ཁྱད་པར་མེད་པ་དེ་བཞིན་དུ་ལོངས་སྤྱོད་པའི་བདག་ཉིད་ཀྱང་ཁྱད་པར་མེད་པར་འགྱུར་རོ། །གཞན་ཡང་དམིགས་པར་བྱ་བ་ཉིད་དམིགས་པ་ཡིན་པར་སྐྱེས་བུས་རྟོགས་པར་འགྱུར་ན། ལོངས་སྤྱོད་པར་བྱ་བ་ཉིད་ལ་ལོངས་སྤྱོད་པར་ངེས་པ་ནི་འགའ་ཡང་ཡོད་པ་མ་ཡིན་

ནོ། །དེའི་ཕྱིར་ལོངས་སྤྱོད་པར་ནི་བདག་ཉིད་སོ་སོ་ལ་ཐ་དད་པར་དམིགས་པར་བྱ་བ་ལས་གཞན་དམིགས་པའི་རང་བཞིན་དུ་ཁས་བླང་བར་བྱ་སྟེ། གཞན་དུ་ན་བདག་ཉིད་སོ་སོ་ལ་ཐ་དད་པའི་ལོངས་སྤྱོད་པ་དམིགས་པར་བྱ་བ་ལས་གཞན་གྱི་ཁྱད་པར་གྱིས་དེ་དང་ལྡན་པའི་ཡུལ་རིག་པར་མི་འགྱུར་རོ། །

འདི་སྙམ་དུ་ཡུལ་ལས་ཐ་དད་པའི་ལོངས་སྤྱོད་པ་མངོན་སུམ་མ་ཡིན་པ་ཡང་རང་གི་རྒྱུད་ལ་ཡོད་པ་ཡིན་ལ། ལོངས་སྤྱོད་པ་དེ་ཉིད་ནི་སྐྱེས་བུ་སོ་སོ་ལ་ངེས་པ་དང་། ལོངས་སྤྱད་པར་བྱ་བ་ལས་ཐ་དད་པ་ཡང་ཡིན་པ་དེའི་ཕྱིར་ཡུལ་ཡོད་པ་ཉིད་ལོངས་སྤྱོད་པར་འགྱུར་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། བཤད་པ།

ལོངས་སྤྱོད་པ་ཐ་དད་པ་ཡོད་ཀྱང་མེད་པ་དང་ཁྱད་པར་མེད་དེ། ཇི་ལྟར་མེད་པའི་ལོངས་སྤྱོད་པ་ནི་ངེས་པར་ལོངས་སྤྱོད་པ་མ་ཡིན་པ་དེ་བཞིན་དུ་ཡོད་ཀྱང་ངོ་། །དེས་ན་ཁྱད་པར་མེད་པ་དེའི་ཕྱིར་ཡུལ་ཡོད་པ་ཉིད་ལོངས་སྤྱོད་པ་རིག་པ་ཡིན་པར་འགྱུར་རོ། །གང་ཞིག་མེད་པ་དེ་ནི་རང་གི་བསྒྲུབ་པར་

Vol. 188 · folio 113a

བྱ་བའི་དོན་བྱེད་པར་མི་ནུས་པ་ཡིན་ལ། ཡོད་པ་ནི་ནུས་པ་མ་ཡིན་ནམ། དེས་ན་ཅིའི་ཕྱིར་ཁྱད་པར་མེད་ཅེ་ན། བཤད་པ། ཡུལ་དེའི་ལོངས་སྤྱོད་པ་དེ་ལས་ཐ་དད་པ་གང་ཡིན་པ་དེ་མ་གྲུབ་པ་མ་ཤེས་པའི་ཕྱིར་ཏེ། མི་སྣང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །

འདིར་ཤེས་པར་བྱས་པའི་དོན་ནི་ལོངས་སྤྱད་པ་ཡིན་ལ། ལོངས་སྤྱད་པར་ཡང་ལོངས་སྤྱོད་པའི་གནས་སྐབས་ཡིན་ཏེ། དེའི་ཕྱིར་ཤེས་པར་གྱུར་པའི་དོན་གྱི་གནས་སྐབས་འགའ་ཞིག་ཉིད་ལོངས་སྤྱད་པའི་ཁྱད་པར་དུ་གྱུར་པའི་ལོངས་སྤྱོད་པར་འཐད་པ་ཡིན་ནོ། །ཐ་དད་པར་གྱུར་པའི་

ལོངས་སྤྱོད་པ་ཤེས་པ་ཡང་མ་ཡིན་ཏེ། དེས་ན་གཞན་གྱི་ལོངས་སྤྱོད་པ་བཞིན་དུ་ལོངས་སྤྱད་པའི་དོན་གྱི་ཁྱད་པར་དངོས་པོ་ལ་ཡོད་ཀྱང་མེད་པ་དང་ཁྱད་པར་མེད་དོ། །དེའི་ཕྱིར་ཡུལ་ཡོད་པ་ཙམ་ཤེས་པར་གྱུར་པའི་ཡུལ་ཡོད་པ་ཙམ་ལོངས་སྤྱོད་པ་ཡིན་པར་འགྱུར་རོ། །ཤེས་པ་མ་ཤེས་ཀྱང་

ཡུལ་ཤེས་པ་ཡིན་ནོ་ཞེས་ཕ་རོལ་གྱི་འདོད་པ་སུན་དབྱུང་བའི་ཕྱིར་ཁས་བླངས་ནས་ཤེས་པར་འགྱུར་བའི་ཡོད་པ་ཉིད་ཙམ་ཞེས་བརྗོད་པ་ཡིན་ནོ། །མ་གྲུབ་པ་ཉིད་ཅིའི་ཕྱིར་ཞེ་ན། བཤད་པ། ལོངས་སྤྱོད་པ་མངོན་སུམ་མ་ཡིན་པས་སོ། །འོ་ན་ནི་ལྐོག་ཏུ་གྱུར་པའི་ལོངས་སྤྱོད་པ་རྟགས་ལས་

ཤེས་པ་ཡིན་ནོ་ཞེ་ན། བཤད་པ། རྟགས་ཅན་ནི་རྟགས་ཀྱིས་རབ་ཏུ་སྦྱར་བ་སྟེ། རྟགས་ཀྱི་རྒྱུ་མཚན་ཅན་གྱི་ཉེ་བར་ལོངས་སྤྱོད་པ་དེ་ནི་ལོངས་སྤྱོད་པ་མ་ཡིན་པའི་ཕྱིར་ཏེ། ལོངས་སྤྱོད་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་རོ། །ཡང་ནི་གཏན་ཚིགས་བསགས་པ་སྟེ། གཏན་ཚིགས་འདིས་ཀྱང་

རྟགས་གྲུབ་པ་ཡིན་ཡང་ཡུལ་ཡོད་པ་ཉིད་ལོངས་སྤྱོད་པར་འགྱུར་རོ། །ཇི་ལྟར་ན་གཞན་གྱི་ལོངས་སྤྱོད་བཞིན་དུ་འགྱུར་ཞིང་། ཇི་ལྟར་རྟགས་ཅན་གྱི་ལོངས་སྤྱོད་མ་ཡིན་ཞེ་ན། སྨྲས་པ། ལོངས་སྤྱོད་པ་ནི་མངོན་སུམ་དུ་གྱུར་པའི་དོན་ཡིན་གྱི་ལྐོག་ཏུ་གྱུར་པ་ནི་མ་ཡིན་ཏེ། དེའི་ཕྱིར་ལོངས་སྤྱོད་

ན་ནི་དོན་གྱི་མངོན་སུམ་གྱི་གནས་སྐབས་ཡིན་ན། ལྐོག་ཏུ་གྱུར་པའི་ཤེས་པ་ནི་མངོན་སུམ་དུ་གྱུར་པའི་གནས་སྐབས་མ་ཡིན་ཏེ། དེས་ན་དོན་གྱི་མངོན་སུམ་དུ་གྱུར་པ་ཡོད་པ་ཉིད་ལོངས་སྤྱོད་པར་འགྱུར་ལ། དེ་ལ་ཡང་ཉེས་པ་བརྗོད་ཟིན་ཏོ། །གལ་ཏེ་དོན་གྱི་མངོན་སུམ་དུ་གྱུར་པའི་གནས་

Vol. 188 · folio 113b

སྐབས་ལོངས་སྤྱོད་པ་ཡིན་ན། འོ་ན་ནི་ཤེས་པ་མངོན་སུམ་ཡིན་ཡང་ལོངས་སྤྱོད་པར་མི་འགྱུར་ཏེ། དེ་ནི་དོན་གྱི་མངོན་སུམ་གྱི་གནས་སྐབས་མ་ཡིན་པའི་ཕྱིར་རོ་ཞེ་ན། འོ་ན་དེའི་རང་བཞིན་འཛིན་པའི་ཤེས་པའི་མངོན་སུམ་གྱི་རང་བཞིན་སྤངས་ནས་དོན་གྱི་མངོན་སུམ་གྱི་གནས་སྐབས་

གཞན་གང་ཡིན་པར་བརྟག་པར་ནུས། དེ་ལྟར་ན་འོ་ན་མངོན་སུམ་དུ་གྱུར་པའི་གནས་སྐབས་ཀྱི་བདག་ཉིད་ཅན་ཡུལ་ཡོད་པ་ཉིད་ལོངས་སྤྱོད་པ་ཡིན་པར་འགྱུར་གྱི། ལྐོག་ཏུ་གྱུར་པའི་ཤེས་པ་ནི་མ་ཡིན་ནོ་ཞེས་ཇི་ལྟར་བརྗོད་ཅེ་ན། འདིར་སྨྲས་པ། ལོངས་སྤྱོད་པ་མངོན་སུམ་མ་ཡིན་ན་ནི་ལོངས་

སྤྱོད་པར་བྱ་བ་མངོན་སུམ་དུ་མི་འགྱུར་བས་ཐམས་ཅད་མངོན་སུམ་མ་ཡིན་པར་ཐལ་བར་འགྱུར་རོ་ཞེས་འདི་ཉིད་དུ་སྔར་བརྗོད་ཟིན་ཏོ། །ད་ལྟར་ནི་ལོངས་སྤྱོད་པ་མེད་པར་ལོངས་སྤྱོད་པར་བྱ་བ་མངོན་སུམ་དུ་ཁས་བླངས་ནས་ཡུལ་ཡོད་པ་ཉིད་ལོངས་སྤྱོད་པར་ཐལ་ལོ་ཞེས་ཉེས་པ་གཞན་འགོད་པ་ཡིན་ཏེ།

དེའི་ཕྱིར་མངོན་སུམ་གྱི་ཤེས་པ་ལ་མ་གཏོགས་པ་མངོན་སུམ་གྱི་རང་བཞིན་དུ་འགྱུར་བའི་དོན་ནི་གཞན་གྱི་ངོར་ཉེས་པ་བརྗོད་པར་འདོད་པ་ཡིན་གྱི་དེ་ཁོ་ནར་ནི་མ་ཡིན་པས་ཉེས་པ་མེད་དོ། །དེ་བཞིན་དུ་སྔར་ཡང་དོན་གྱི་ཤེས་པའི་གནས་སྐབས་ནི་ཤེས་པ་ཉིད་ཡིན་ཏེ། ཡོད་པ་ཉིད་འབའ་ཞིག་ནི་སྐྱོན་

བརྗོད་པའི་དོན་དུ་གཞན་གྱི་ངོར་ཁས་བླངས་པ་ཡིན་ནོ། །ལོངས་སྤྱོད་པའི་རྟགས་གྲུབ་པར་ཁས་བླངས་ནས་འདི་སྐད་བརྗོད་པ་ཡིན་ཏེ། རྟགས་མི་རིགས་པའི་ཕྱིར་རོ། །དེ་ལས་ཀྱང་ཞེས་བྱ་བ་ནི་རྟགས་ལས་ཀྱང་ཤེས་པ་ཞེས་བྱ་བའི་ལོངས་སྤྱོད་པ་མི་འགྲུབ་པ་ཉིད་དེ། སྔར་སྤྱོད་པའི་རྟག་པར་བྱ་

བ་རྟགས་མི་འཐད་པ་ཉིད་ཇི་སྐད་བཤད་པ་བཞིན་ནོ། །གལ་ཏེ་ཡུལ་ལོངས་སྤྱོད་པ་མངོན་སུམ་མ་ཡིན་ན་ཐམས་ཅད་མངོན་སུམ་མ་ཡིན་པ་ཉིད་དོ། །ལོངས་སྤྱོད་པར་བྱ་བ་མངོན་སུམ་ཡིན་ན་ཡང་ཡུལ་ཡོད་པ་ཉིད་ལོངས་སྤྱོད་པར་འགྱུར་ལ་དེ་ཡང་ཉེས་པ་སྔར་བརྗོད་ཟིན་ན་འོ་ན་ནི་ཡུལ་ལོངས་སྤྱོད་པ་

ནི་མངོན་སུམ་ཡིན་ཏེ། གང་གི་ཕྱིར་བློའི་མེ་ལོང་ལ་སྐྱེས་བུའི་གཟུགས་བརྙན་དང་ཡུལ་གྱི་གཟུགས་བརྙན་ཚོགས་པའི་ལོངས་སྤྱོད་པ་དེ་ནི་མངོན་སུམ་ཡིན་ལ། སྐྱེས་བུ་ནི་མངོན་སུམ་མ་ཡིན་པ་ཉིད་དོ་ཞེ་ན། དེ་ལྟར་ན་ཞེས་གསུངས་ཏེ། སྐྱོན་དེར་གྱུར་པ་ནའོ། །གང་ཡང་དངོས་པོས་དངོས་པོ་

Vol. 188 · folio 114a

མཚོན་པས་ཞེས་བྱ་བས་འདུན་པ་ཡིན་ནོ། །སྐྱོན་གྱི་དངོས་པོས་ཡུལ་ལོངས་སྤྱོད་པ་མངོན་སུམ་གྱིས་དངོས་པོར་མཚོན་པ་ཡིན་ཏེ། གང་གི་ཕྱིར་སྐྱོན་དུ་ཐལ་བ་ན་ཡུལ་དམིགས་པ་ལོངས་སྤྱོད་ཀྱི་བདག་ཉིད་མངོན་སུམ་གྱིས་གཟུང་བར་བྱ་བ་ཡིན་པ་དེ་ལྟར་གྱུར་ན་

ལོངས་སྤྱད་པར་བྱ་བ་དང་། ལོངས་སྤྱོད་པར་བྱེད་པ་དང་། ལོངས་སྤྱོད་པར་བྱེད་པ་པོ་ཡོད་པའི་ཐ་སྙད་རྫོགས་པ་ཡིན་ནོ། །ཕྱིར་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། གང་གི་ཕྱིར་རྫོགས་པ་དེའི་ཕྱིར་སེམས་པ་ཡོད་པ་གཞན་བརྟགས་པ་ནི་དོན་མེད་དེ། །དགོས་པ་དང་བྲལ་བ་ཡིན་ནོ། །གང་གི་

ཕྱིར་ལོངས་སྤྱད་པར་བྱ་བ་ལས་ཐ་དད་པའི་ལོངས་སྤྱོད་པར་བྱེད་པ་གང་ཡིན་པ་དེ་ཉིད་ནི་དེའི་རྣམ་པ་ཉིད་ཀྱིས་ལོངས་སྤྱད་པར་བྱ་བར་གསལ་བར་སྣང་བ་ཡིན་ནོ། །དེས་ན་བདག་ཏུ་འཛིན་པའི་གཞིར་གྱུར་པའི་དམིགས་པར་བྱེད་པ་དེ་ཉིད་བྱེད་པ་པོར་སྣང་བ་ནི་ལོངས་སྤྱོད་པར་བྱེད་པ་པོར་ཞེན་པ་ཡིན་

ནོ། །དེ་མངོན་སུམ་དུ་གྱུར་པ་ཉིད་ཀྱང་ཡུལ་མངོན་སུམ་དུ་གྱུར་པ་ཡིན་ལ། ལོངས་སྤྱོད་པར་བྱེད་པ་ཡང་དེ་ཉིད་ཡིན་ཏེ། མངོན་སུམ་ཉིད་རང་གི་ངོ་བོ་ལས་ཐ་དད་པ་ནི་མ་ཡིན་ནོ། །དེས་ན་ལོངས་སྤྱོད་པ་པོ་ཉིད་ལོངས་སྤྱོད་པར་བྱེད་པ་ཡིན་པའི་ཕྱིར་ཐ་སྙད་རྫོགས་པར་ལོངས་སྤྱོད་པར་བྱེད་

པ་མ་ཡིན་ལ་ལོངས་སྤྱོད་པ་པོ་ཡང་མ་ཡིན་ལ། ལོངས་སྤྱད་པར་བྱ་བ་ཡང་མ་ཡིན་པའི་ལྐོག་ཏུ་གྱུར་པ་སེམས་པ་ཅན་གཞན་བརྟགས་པ་ནི་དགོས་པ་མེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གང་ཞིག་བློ་ལ་གཟུགས་བརྙན་འཇོག་པར་བྱེད་པར་བརྟགས་པ་དེ་ནི་མངོན་སུམ་དང་འཐད་པས་སྟོང་པ་དང་

དགོས་པ་མེད་པས་དེ་ནི་རི་བོང་གི་རྭ་དང་འདྲ་བ་ཡིན་ནོ། །གང་སྐྱེས་བུ་སོ་སོ་ལ་ཐ་དད་པ་དང་། ལོངས་སྤྱད་པར་བྱ་བ་ལས་གཞན་དུ་གྱུར་པའི་ལོངས་སྤྱོད་པར་བྱེད་པ་དེ་ནི་གདོན་མི་ཟ་བར་སྣང་བར་ཁས་བླང་བར་བྱ་བ་ཡིན་ལ། དེ་ལྟར་གྱུར་པ་ན་ཡང་ཐ་སྙད་རྫོགས་པའི་ཕྱིར་སེམས་པ་ཅན་གཞན་

ནམ། གཟུགས་བརྙན་འཇོག་པར་བྱེད་པ་དེས་ཅི་ཞིག་བྱ། འདི་སྙམ་དུ་གལ་ཏེ་སེམས་པ་ཡོད་པ་ལྐོག་ཏུ་གྱུར་པ་མ་ཡིན་དུ་ཆུག་པ་དེ་ལྟ་ན་ཡང་ཉམས་སུ་མྱོང་བས་གྲུབ་པའི་དམིགས་པ་ནི་བློ་ལས་གཞན་ཡིན་ནོ་སྙམ་ན་དེ་ཡང་ཞེས་སྨོས་ཏེ། རེ་ཞིག་ཐ་སྙད་རྫོགས་པའི་ཡུལ་ལ་སེམས་པའི་བདག་

Vol. 188 · folio 114b

ཉིད་ཅན་གྱི་དམིགས་པ་དེ་ནི་བློ་དང་རང་བཞིན་གཅིག་ཏུ་མཐོང་ཞིང་གང་གིས་ཐ་དད་པར་བརྟག་པར་བྱ་བ་མཐོང་བ་འདི་ལ་ནི་རབ་རིབ་ཅན་གྱིས་མཐོང་བ་བཞིན་དུ་གནོད་པར་བྱེད་པ་ཡང་མ་མཐོང་ངོ་། །གནོད་པར་བྱེད་པ་མེད་པར་ནི་གཞན་དུ་ཉམས་སུ་མྱོང་བ་ལ་གཞན་དུ་བརྟགས་པ་མི་རིགས་ཏེ།

གནོད་པར་བྱེད་པ་མེད་པའི་ཕྱིར་འཁྲུལ་པར་མི་འགྲུབ་བོ་ཞེས་གང་འཆད་པར་འགྱུར་བ་ཡིན་ནོ། །རྣམ་འགྲེལ་ལས་ཀྱང་གནོད་པར་བྱེད་པའི་རིགས་པ་མེད་པར་ནི་ཉམས་སུ་མྱོང་བ་སྤང་བར་རིགས་པ་མ་ཡིན་ནོ་ཞེས་བཤད་དོ། །འདི་ལ་ཉམས་སུ་མ་མྱོང་བ་ཐ་དད་པའི་ཐ་སྙད་དུ་ཡང་འཐད་པ་མ་

ཡིན་ནོ། །ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །ཐ་སྙད་ཀྱི་ཡན་ལག་རྣམ་པ་དང་ལྡན་པའི་བློ་གང་ཡིན་པ་དང་། གང་ཡང་མྱོང་བ་དེ་དག་ཐ་དད་པ་མ་ཡིན་པ་ཉིད་དུ་གཞན་པ་ནི་མ་ཡིན་ནོ་ཞེས་གང་བརྗོད་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཡུལ་དམིགས་པ་ཞེས་བྱ་བ་ལོངས་སྤྱོད་པ་པོའི་བྱ་བའི་བདག་ཉིད་

ལོངས་སྤྱོད་པར་བྱེད་པ་མངོན་སུམ་ཡིན་པ་ན་ཉམས་སུ་མྱོང་བའི་རྗེས་སུ་འབྲང་བའི་ལོངས་སྤྱོད་པ་པོ་དང་ལོངས་སྤྱོད་པར་བྱེད་པ་དང་། ལོངས་སྤྱད་པར་བྱ་བའི་ཐ་སྙད་རྫོགས་པའི་ཕྱིར་ཐ་དད་པའི་སེམས་པ་ཡོད་པ་བཀག་པ་ལ་ཉམས་སུ་མྱོང་བ་ཉིད་སེམས་པ་ཅན་དུ་གནས་པར་རྟོགས་ནས་གཞན་རྩོད་པར་

བྱེད་དེ། ལྕགས་ཀྱི་གོང་བུ་ལས་མེ་བཞིན་དུ་བློ་དང་སེམས་པ་ཅན་དག་འདྲེས་པས་རྣམ་པར་དབྱེར་མེད་དེ། རྣམ་པར་དབྱེ་བའི་རྟོགས་པ་མེད་དོ། །སེམས་པ་དང་ཞེས་བྱ་བ་ནི་འདི་ཉིད་སྟོན་པར་བྱེད་པའོ། །སེམས་པ་ནི་སྐྱེས་བུའོ། །ཞེན་པ་ནི་བློ་སྟེ། འདི་ལྟར་དམིགས་པར་བྱ་བའི་ཡུལ་སྣང་བ་ན་

བློ་དང་སྐྱེས་བུའི་རང་བཞིན་དམིགས་པར་གྱུར་པ་དེའི་ཚེ་བློའི་བདག་ཉིད་ལ་སྐྱེས་བུའི་གྲིབ་མ་བབས་པའི་ཕྱིར་དེ་དག་ནི་རྣམ་པར་དབྱེ་བ་དམིགས་པར་འགྱུར་ཏེ། གང་གི་ཕྱིར་སྐྱེས་བུ་ནི་གཟུགས་བརྙན་འཇོག་པར་བྱེད་པ་ཡིན་ལ། གཟུགས་བརྙན་དང་ལྡན་པའི་བློ་ཡང་ལོངས་སྤྱོད་པ་པོ་དང་འདྲ་བའི་ཕྱིར་

རོ། །ལོངས་སྤྱོད་པ་པོ་ནི་དེ་ཉིད་ཡིན་ཏེ་འདི་ལྟ་སྟེ་གཟུགས་བརྙན་གཏོད་པར་བྱེད་པའོ། །དེའི་ཕྱིར་ལོངས་སྤྱོད་པའི་བདག་ཉིད་ཀྱིས་དེ་གཉིས་འདྲེས་པས་ན་རྣམ་པར་དབྱེ་བ་མེད་པ་ཡིན་ནོ། །ལོངས་སྤྱོད་པའི་གནས་སྐབས་ཀྱི་བདག་ཉིད་ཅན་འདྲེས་པ་དེས་བསླུས་པའི་རྟོགས་པ་པོ་ནི་ལོངས་སྤྱོད་པ་པོའི་སྐྱེས་

Vol. 188 · folio 115a

བུ་དང་དེའི་གཟུགས་བརྙན་ཅན་གྱི་བློ་ལོངས་སྤྱོད་པ་པོ་དང་འདྲ་བའི་ཕྱིར་ལོངས་སྤྱོད་པ་པོ་ཉིད་དུ་སྣང་བ་ཐ་དད་པར་མི་རྟོག་སྟེ། དཔེར་ན་འདྲེས་པས་བསླུས་པའི་ལྟ་བ་པོས་ལྕགས་ཀྱི་གོང་བུ་མེ་ལས་ཐ་དད་པར་མི་རྟོགས་པ་བཞིན་ནོ། །གང་གི་ཕྱིར་ཐ་དད་པ་མི་ཕྱེད་པར་

འགྱུར་བ་ལྕགས་ཀྱི་གོང་བུ་དང་མེ་དག་གཅིག་ལ་ཇི་ལྟར་ཡོད་ཅེ་ན། སྨྲས་པ། མེ་དང་ལྕགས་གོང་དེ་གཉིས་ཀྱི་གཟུགས་དང་རེག་པ་ནི་ངེས་པའི་ཕྱིར་རོ། །ལྕགས་གོང་གི་སྲ་བ་དང་དབྱིབས་དང་། མེའི་གཟུགས་དམར་པོ་དང་དྲོ་བའི་རེག་པ་ཡང་རྟོགས་པ་ཡིན་ཏེ། དེས་ན་ཇི་ལྟ་གཉི་ག་

ཡོད་པ་ལ་ཕན་ཚུན་ཞུགས་པའི་མཚན་ཉིད་ཀྱི་འདྲེས་པར་ཐ་དད་པར་མི་རྟོགས་པ་དེ་བཞིན་དུ་གཟུགས་བརྙན་འཇོག་པར་བྱེད་པའི་སྐྱེས་བུ་དང་གཟུགས་བརྙན་ཅན་གྱི་བློ་རྣམ་པ་གཅིག་པ་ཉིད་ཀྱིས་འདྲེས་པའི་ཕྱིར་རྣམ་པར་དབྱེ་བ་རྟོགས་པ་མེད་པ་ཡིན་ནོ་ཞེས་དེ་ལྟར་གཞན་དག་དོགས་པ་ལ། ལན་

གདབ་པའི་ཕྱིར་བཤད་པ། དེ་ལྟ་ཡིན་ན་སྟེ། རྒྱུ་མཚན་འཆོལ་པར་འགྱུར་བ་ན། དངོས་པོ་ཀུན་ལ་ཐ་དད་པ་དང་ཐ་དད་པ་མེད་པ་དེ་དག་གི་རྣམ་གཞག་ངེས་པའི་རྣམ་པར་དབྱེ་བ་འདི་ནི་ཐ་དད་པའོ། །འདི་ནི་ཐ་དད་པ་མེད་པའོ་ཞེས་བྱ་བའི་རྣམ་པར་གཞག་པ་དེ་ནི་ཉམས་པར་འགྱུར་ཏེ། འགའ་

ཞིག་ཏུ་ཡང་ཐ་དད་པ་དང་ཐ་མི་དད་པ་རྣམ་པར་གཞག་པར་མི་འགྱུར་རོ། །འདི་ཉིད་རྣམ་པར་འགྲེལ་པ་ན་ཇི་ལྟར་ཐ་དད་པ་མེད་པ་དེ་སྟོན་པར་བྱེད་དེ། དོན་དམིགས་པ་ཐམས་ཅད་ལ་ཇི་ལྟར་སྐྱེས་བུ་དང་བློ་ཐ་དད་པ་མེད་པར་སྣང་ཡང་ཐ་དད་པ་དེ་བཞིན་དུ་འདི་ཡང་ཐ་དད་པ་ཡིན་ནོ་ཞེས་འདྲེས་པར་དོགས་པར་

འགྱུར་ལ། འདྲེས་པར་དོགས་པ་དེས་ཀྱང་གཅིག་ཏུ་ངེས་པ་མེད་པར་འགྱུར་ལ། གཅིག་ཉིད་དུ་མ་རྟོགས་པ་ལས་ཀྱང་ཐ་དད་པ་མེད་པའི་རྣམ་པར་གཞག་པ་ཉམས་པ་ཡིན་ནོ། །འདི་ཙམ་ཞིག་ནི་ཐ་དད་པའི་རྣམ་པར་གཞག་པ་ཉམས་པ་ལ་ཡང་དགོད་པར་ནུས་པ་ཡིན་ཏེ། འདི་ལྟར་སྣ་ཚོགས་པའི་

རང་བཞིན་རྣམ་པ་ཐ་དད་པ་རྣམས་ལ་ནི་ཕན་ཚུན་རང་བཞིན་རྗེས་སུ་འབྲེལ་པ་ཡོད་པ་མ་ཡིན་ཏེ། དཔེར་ན་བུམ་པ་སྣམ་བུ་མ་ཡིན་ལ། སྣམ་བུ་ཡང་བུམ་པའི་རང་བཞིན་མེད་པ་དེའི་ཕྱིར་དུ་མ་ཉིད་དུ་ངེས་པར་བྱེད་པ་བཞིན་ནོ། །གང་གི་ཚེ་རྣམ་པ་གཅིག་ལ་ཡང་དུ་མ་ཉིད་དུ་དོགས་པ་དེའི་ཚེ་མ་དམིགས་

Vol. 188 · folio 115b

ཀྱང་བུམ་པ་ཡང་སྣམ་བུའི་རང་བཞིན་དུ་དོགས་པར་འགྱུར་ཞིང་། དེ་བཞིན་དུ་མ་དམིགས་ཀྱང་ཐམས་ཅད་ལ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་འཇུག་པའི་ཕྱིར་འགའ་ཡང་གང་ལས་ཀྱང་ཐ་དད་པར་མི་འགྱུར་རོ། །གང་གི་ཚེ་དམིགས་པའི་ཕྱིར་གཞན་མེད་པར་ངེས་པ་ཡིན་ན་ནི་གཅིག་གི་ཐ་སྙད་

དུ་འགྱུར་བས་དེའི་ཚེ་འདས་པ་ཉིད་ཀྱང་རྣམ་པར་གནས་པར་འགྱུར་རོ། །དེའི་ཕྱིར་དེ་ལྟར་གཅིག་གི་ཐ་སྙད་ཡོད་ན་ནི་དུ་མའི་ཐ་སྙད་དུ་འགྱུར་གྱི་དེ་མེད་ན་ནི་དུ་མ་ཉིད་དུ་མི་འགྱུར་བ་དེའི་ཕྱིར་གཉི་ག་ཉམས་པ་ཡིན་མོད་ཀྱི་འོན་ཀྱང་རང་གིས་ཁས་བླངས་པ་ཉིད་ཀྱིས་ཐ་དད་པའི་ཐ་སྙད་མེད་པར་བསྟན་

པའི་ཕྱིར་བཤད་པ། བདེ་བ་དང་དཀར་པོ་ལ་སོགས་པའི་རྣམ་པ་ཐ་དད་པར་དམིགས་པ་ཐ་དད་པར་རིག་པ་དག་ཀྱང་གཅིག་ཏུ་ཁས་བླངས་པའི་ཕྱིར་ཏེ། བདེ་བ་ལ་སོགས་པ་ནི་སྒྲ་ལ་སོགས་པའི་བདག་ཉིད་ཡིན་ནོ་ཞེས་གང་སྨྲས་པ་ཡིན་ནོ། །དེའི་ཕྱིར་ཐ་དད་པར་རྣམ་པར་གཞག་པ་ཡང་

ཉམས་པ་ཡིན་ནོ། །དེས་ན་གྲངས་ཅན་ལ་ཐ་དད་པར་དམིགས་པ་ནི་ཐ་དད་པའི་རྒྱུ་མཚན་མ་ཡིན་ཐ་དད་པ་ཐ་དད་པ་མེད་པར་དམིགས་པ་ཡང་ཐ་དད་པ་མ་ཡིན་པའི་རྒྱུ་མ་ཡིན་ཏེ། དེའི་ཕྱིར་འདི་དག་རྒྱུ་ཅི་ལ་བརྟེན་ནས་རྣམ་པར་འཇོག་ཅེས་གསུངས་ཏེ། ངེས་པ་དང་ལྡན་པའི་ཐ་དད་པ་དང་ཐ་དད་པ་

མེད་པའི་ཐ་སྙད་རྒྱུ་མེད་པ་ཅན་དུ་ནི་འཐད་པ་མ་ཡིན་ལ། ཐ་དད་པ་དང་ཐ་དད་པ་མེད་པར་དམིགས་པ་ལས་གཞན་པའི་རྒྱུ་ཡང་ཡོད་པ་མ་ཡིན་ནོ། །ཐ་དད་པ་དང་ཐ་དད་པ་མེད་པ་འདི་དག་ནི་ཐ་སྙད་མེད་ན་ཡང་ཆུ་དོན་དུ་གཉེར་བ་མེ་ལ་འཇུག་པར་སྡུག་བསྔལ་བས་འཚོ་བའི་ཕྱིར་ཨེ་མ་ཞེས་རྗེས་སུ་བརྩེ་བ་

སྟེ། ཐ་དད་པ་དང་ཐ་དད་པ་མེད་པ་འགའ་ཞིག་ཀྱང་ཡོད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐ་དད་པ་མེད་པ་རྣམ་པ་ཐ་དད་པ་མེད་པར་རིག་པ་གང་ཡིན་པ་དེ་གཅིག་སྟེ། གཅིག་གི་ཐ་སྙད་དུ་རུང་བ་ཉིད་ཡིན་ཏེ། གཅིག་གི་རྣམ་པ་ཅན་གྱི་ཤེས་པ་རྒྱུ་ཡིན་ན་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གང་གང་

མིན་ཞེས་བྱ་བ་ནི་རྣམ་པ་ཐ་དད་པར་རིག་པ་སྟེ། གང་གི་ཕྱིར་དེ་ཐ་དད་པ་དང་ལྡན་པར་ཐ་དད་པར་འགྲུབ་པར་འགྱུར་རོ། །ཐ་དད་པའི་རྒྱུ་ནི་དེ་སྤངས་པས་གནས་པ་ཡིན་ནོ་སྙམ་དུ་དགོངས་པའོ། །རྣམ་པ་ཐ་དད་པར་མེད་པར་རིག་པ་དེ་གཅིག་ཉིད་ཀྱི་ཐ་སྙད་ལ་སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་ན་ནི་ཐ་དད་དེ་

Vol. 188 · folio 116a

གཅིག་གི་ཐ་སྙད་དང་འགལ་བ་དུ་མའི་ཐ་སྙད་ལ་ཡང་ཤེས་པའི་རྣམ་པ་ཐ་དད་པ་སྒྲུབ་བྱེད་དུ་འགྲུབ་པར་མི་འགྱུར་ཏེ། གང་གི་ཕྱིར་གཅིག་གི་ཐ་སྙད་ཀྱི་སྒྲུབ་པར་བྱེད་པ་གང་ཡིན་པ་དེ་དང་འགལ་བ་དུ་མའི་ཐ་སྙད་ཀྱི་སྒྲུབ་པར་བྱེད་པ་ཡིན་ན། དེ་མ་གྲུབ་ན་ནི་འདི་ཡང་མ་གྲུབ་པའི་

ཕྱིར་རོ། །འདིས་ནི་ཐ་དད་པ་དང་ཐ་དད་པ་མེད་པའི་ཐ་སྙད་དག་གི་རྒྱུ་འགལ་བ་ཡིན་པར་བསྟན་ནས། ད་ནི་གྲངས་ཅན་གྱི་རྒྱུ་འདི་གཉིས་སྤངས་པར་བསྟན་པའི་ཕྱིར་བཤད་པ། གྲངས་ཅན་གྱི་དཀར་སྡུག་ལ་སོགས་ཏེ་སྔོན་པོ་དང་བདེ་བ་ལ་སོགས་པ་གང་ཡིན་པ་ཐ་དད་སྣང་སྟེ་སྣང་བ་ནི་ཤེས་

པའི་རང་བཞིན་ཏེ། ཤེས་པ་གང་ཡིན་པའོ། །དེ་ནི་ཐ་དད་པ་མ་ཡིན་ཏེ། དཀར་པོ་དང་བདེ་བ་ལ་སོགས་པ་རྣམ་པ་ཐ་དད་པར་སྣང་བའི་ཤེས་པས་གཟུང་བར་བྱ་བ་ཡིན་ཡང་གཅིག་ཏུ་འདོད་པ་ཡིན། བློ་མྱོང་ན་ནི་ཐ་དད་མེད་སྣང་སྟེ་སྣང་བ་ཁོང་དུ་ཆུད་པ་གང་ཡིན་པ་དེ་དག་སྟེ། རྣམ་པ་ཐ་

དད་པ་མེད་པའི་ཤེས་པའི་གཟུང་བ་ཡང་ཐ་དད་དེ་བཞིན་ཉིད་ཡིན་ནོ། །དེས་ན་ཤེས་པའི་རྣམ་པ་ཐ་དད་པ་དང་ཐ་དད་པ་མེད་པ། ཐ་དད་པ་དང་ཐ་དད་པ་མེད་པའི་རྒྱུ་མ་ཡིན་པ་གང་ཡིན་པ་དེ་ལ། ཐ་དད་པ་དང་ཐ་དད་པ་མ་ཡིན་པའི་རྟེན་ཅི་ཞིག་ཡིན་ཏེ། འགའ་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཚིག་

ལེའུར་བྱས་པར་སྤྱིར་བཀོད་པ་ཞེས་འགྲེལ་པས་ཀྱང་རྣམ་པར་བཀྲལ་བའི་དོན་སྦྲེལ་ཅིང་ལེགས་པར་བསྡེབས་ནས་ཡང་དག་པར་བསྡུ་བ་དེའི་དོན་གྱི་ཕྱིར་ཚིགས་སུ་བཅད་པ་འདི་གཉིས་ཏེ། བདེ་བླག་ཏུ་དོན་བསྡུས་ནས་རྟོགས་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པའོ། །གལ་ཏེ་སྣང་བ་ཐ་དད་པ་མེད་

པ་གཅིག་གི་རྒྱུ་ཡིན་ན་འོ་ན་སྣང་བ་ཐ་དད་པ་མེད་པའི་མེ་དང་ལྕགས་གོང་དག་ཐ་དད་པར་ཇི་ལྟར་འགྱུར་ཞེ་ན། ཐ་དད་པ་ཡིན་ནོ་ཞེས་སུ་ཞིག་སྨྲ། གང་གི་ཕྱིར་བློ་དང་སྐྱེས་བུ་འབའ་ཞིག་ཐ་མི་དད་པར་མ་ཟད་ཀྱི་དཔེ་ལྕགས་ཀྱི་གོང་བུ་ལ་ཡང་ངོ་། །དེ་ཉིད་སྟོན་པར་བྱེད་པ་ནི་ཉེ་བར་ལེན་པའི་རྒྱུར་གྱུར་

པ་ལྕགས་ཀྱི་གོང་བུ་ལ་མེ་ལྷན་ཅིག་བྱེད་པ་དང་འབྲེལ་པ་ལས་ཏེ། དེ་དག་ལས་དེ་ལྟར་ཁྱད་པར་ཅན་གྱི་གཟུགས་དང་རེག་པ་སྐྱེས་པའི་དོན་གཞན་གཅིག་ཉིད་ཅེས་བྱ་བ་གཉིས་འབྲེལ་པ་མ་ཡིན་པ་མཐོང་བ་ཡིན་ཏེ། དེས་ན་དེ་ལ་མཐོང་བ་ཉིད་ཚད་མ་ཡིན་ནོ། །འདི་སྐད་དུ་རིགས་པ་སྨྲས་པས་

Vol. 188 · folio 116b

ཉམས་སུ་མྱོང་བ་སྤོང་བ་ནི་དཀའ་བ་བྱེད་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །ཐ་དད་པར་གྱུར་པའི་མེ་དང་ལྕགས་གོང་དག་འདྲེས་པའི་ཕྱིར་རྣམ་པར་དབྱེ་བ་མ་མཐོང་བ་ནི་མ་ཡིན་ནོ། །ཉམས་སུ་མྱོང་བའི་དངོས་པོ་ལ་ཐ་དད་པའི་ཐ་སྙད་དུ་བྱེད་པ་ནི་རྟོགས་པར་སླ་བ་ལས་སྣང་བ་ཐ་དད་ལས་

སམ། རྟོགས་པར་དཀའ་བ་ཡིན་ནའང་འཐད་པས་སྒྲུབ་པར་བྱེད་པ་ཡིན་ཏེ། དཔེར་ན་སྔོན་པོ་དང་སྔོན་པོ་མ་ཡིན་པ་དག་གམ། གསེར་གྱི་ཆ་ཕལ་ཆེ་བ་ལ་དངུལ་གྱི་ཆ་ཅུང་ཟད་འདྲེས་པ་བཞིན་ནོ། །སེར་པོ་རོ་གཅིག་ཏུ་སྣང་ཡང་ཐ་དད་པར་ཁོང་དུ་ཆུད་པ་ཡིན་ཏེ། རྫས་དེ་དག་ཉིད་ལྷན་

ཅིག་བྱེད་པའི་རྒྱུ་དང་བཅས་པ་ལས་གསེར་དང་དངུལ་གྱི་ཆ་དག་སྐྱེས་པར་སྣང་བའི་ཕྱིར་ཏེ། འབའ་ཞིག་གམ་ལྷན་ཅིག་བྱེད་པ་ལ་ལྟོས་ཀྱང་བླ་སྟེ་ཉེ་བར་ལེན་པའི་རྒྱུ་གཅིག་ལས་འགལ་བ་སྐྱེས་པ་ནི་མེད་དོ་ཞེས་སྔར་ལན་མང་དུ་བཤད་ཟིན་ཏོ། །དངུལ་གྱི་ཆ་དང་འདྲེས་པའི་གསེར་ལ་སྣང་བ་

ཐ་དད་པ་མེད་པའི་ཕྱིར་ཐ་མི་དད་པ་ཉིད་དུ་རིགས་ཀྱི་ཐ་དད་པ་ནི་མ་ཡིན་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་གནོད་པར་བྱེད་པ་མཐོང་བའི་ཕྱིར་རོ། །འདི་ལ་དངོས་པོ་རྣམས་ཀྱི་ཡོད་པ་ཉིད་དུ་རྣམ་པར་གཞག་པ་ནི་དེར་སྣང་བའི་ཤེས་པ་སླུ་བ་མེད་པ་ཅན་ནམ་རྗེས་སུ་དཔག་པ་ལས་ཡིན་ཞིང་། དངོས་པོ་ཐ་

དད་པ་དང་ཐ་མི་དད་པ་ཡང་མི་སླུ་བ་ཅན་གྱི་སྣང་བ་ཐ་དད་པ་དག་གམ་རྗེས་སུ་དཔག་པ་ལས་ཡིན་ན། ཐ་མི་དད་པར་སྣང་བ་འདི་ལ་ནི་མི་སླུ་བ་ཡོད་པ་མ་ཡིན་ཏེ། ཉེ་བར་ལེན་པ་ལས་བྱུང་བ་ཐ་དད་པར་མཐོང་བ་ལས་ཐ་དད་པར་རྗེས་སུ་དཔོག་པ་གནོད་པར་བྱེད་པ་འཇུག་པའི་ཕྱིར་རོ། །ལྕགས་ཀྱི་གོང་བུ་ལ་ནི་

མེའི་མདོག་ཏུ་ཐ་མི་དད་པར་སྣང་བ་སླུ་བ་མེད་པ་ཅན་ཡིན་པའི་ཕྱིར་ཐ་མི་དད་པར་རིགས་པ་ཡིན་ནོ། །གལ་ཏེ་རྫས་གཞན་ཉིད་སྐྱེས་པ་ཡིན་ན། འོ་ན་རྫས་དེ་གློ་བུར་དུ་ལྡོག་པར་ཇི་ལྟར་འགྱུར་ཞེ་ན། ཇི་ལྟར་གློ་བུར་ཡིན། གང་གི་ཕྱིར་ཇི་སྲིད་གནས་པའི་རྒྱུ་ཡོད་པ་དེ་སྲིད་དུ་ནི་དེ་ཡོད་པ་ཉིད་ཡིན་ལ། ཕྱིས་

རྫས་དེའི་རྒྱུ་རྣམ་པར་གནས་པའི་རྒྱུ་མེ་གང་ཡིན་པ་དེ་རྒྱུན་ཆད་དེ་ལོག་པའི་ཕྱིར་དེ་ཡང་ལྡོག་པར་འགྱུར་ཏེ། ཏིལ་མར་ཟད་ན་སྒྲོན་མ་ལྡོག་པ་ཡིན་ནོ། །གལ་ཏེ་དེ་ལ་ལྕགས་ཀྱི་རྫས་མེད་ན་ཇི་ལྟར་གློ་བུར་དུ་སྐྱེ་བར་འགྱུར་ཞེ་ན། ཅིའི་ཕྱིར་གློ་བུར་བ་ཡིན། གང་གི་ཕྱིར་དེའི་ཉེ་བར་ལེན་པའི་རྒྱུ་ལ་ལྟོས་པ་

Vol. 188 · folio 117a

ཅན་གྲང་བའི་རེག་པ་ལ་སོགས་པ་སྨོས་པས་ནི་ཡུལ་གྱི་ཁྱད་པར་དང་། ཆུ་བཏབ་པ་ལ་སོགས་པ་སྟེ། གྲང་བའི་རེག་པ་ལ་སོགས་པ་དེ་དག་ལས་སོ། །ཀྱང་གི་སྒྲས་ནི་ཆུ་རྒྱུན་ཆད་པའི་ཕྱིར་སྔ་མ་ལྡོག་པ་ཡང་འཐད་པ་ཡིན་ལ། རྒྱུ་ཡོད་པའི་ཕྱིར་རྫས་གཞན་སྐྱེས་པ་

ཡང་ངོ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ། །གང་གི་ཕྱིར་ཕྱི་རོལ་ཁྱད་པར་མེད་ཀྱང་ཁྱད་པར་དུ་འགྱུར་བ་དེའི་ཕྱིར་བདེ་བ་ལ་སོགས་པ་ནང་ཡིན་ཞིང་། གང་གི་ཕྱིར་ཉམས་སུ་མྱོང་བར་བྱ་བ་ཡིན་ལ། ཉམས་སུ་མྱོང་བར་བྱེད་པ་དེ་དག་ཀྱང་བདེ་བའི་འབྲས་བུ་སིམ་པའི་རྣམ་པར་བསྒྲུབ་པར་ནུས་པ་དེའི་

ཕྱིར་གཞན་གྱི་ལྟ་བ་ལ་ཡང་བདེ་བ་ལ་སོགས་པ་སེམས་པ་ཅན་དུ་གྲུབ་པ་ཡིན་ན། ཁོ་བོ་ཅག་གི་ལྟ་བ་འཛིན་པའི་རྣམ་པར་གནས་པ་དེ་གྲུབ་པ་ནི་སྨོས་སུ་ཅི་ཡོད། རང་རིག་པའི་མངོན་སུམ་བཤད་ནས། རྣལ་འབྱོར་པའི་མངོན་སུམ་བཤད་པའི་ཕྱིར། འཇིགས་སོགས་བཞིན་དུ་ཞེས་གསུངས་

ཏེ། གསལ་བར་སྣང་བ་དོན་བྱེད་པར་བཟོད་པའི་དངོས་པོའི་རང་བཞིན་ལ་མ་འཁྲུལ་པ་དང་། རྟོག་པ་མེད་པའི་ཤེས་པ་ནི་མངོན་སུམ་ཡིན་ནོ། །དེ་ལ་ཡིད་ཀྱི་ཤེས་པ་ལ་གསལ་བར་སྣང་བ་ཉིད་འཐད་པར་དཀའ་བས་རེ་ཞིག་སྟོན་པར་བྱེད་དོ། །ཤེས་པ་འབའ་ཞིག་གསལ་བ་སྟེ་གཟུང་བར་

སྣང་བ་གང་ཡིན་པ་དེ་ནི་མངོན་སུམ་མོ། །གསལ་བར་སྣང་བ་ཉིད་གང་ལས་ཤེ་ན། བཤད་པ་བསྒོམས་པའི་སྟོབས་ནི་མཐུ་ཡིན་ལ། བསྒོམས་པའི་མཐུ་ཡང་རབ་ཏུ་གྱུར་པ་ཡིན་པས། བསྒོམས་པ་རབ་ཏུ་གྱུར་པ་དེ་ལས་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་སྣང་བ་ཡིན་ནོ། །འཇིགས་

སོགས་བཞིན་ཞེས་བྱ་བ་ནི་བསྒོམས་པའི་རྒྱུ་ཅན་དུ་རབ་ཏུ་གྲགས་པའི་གསལ་བར་སྣང་བ་དཔེ་ཉིད་དུ་སྟོན་པའོ། །གསལ་བར་སྣང་བ་ཡང་སླུ་བ་མེད་པ་ཅན་མ་འཁྲུལ་པའོ། །འདི་ལྟར་རྣམ་པར་རྟོག་པའི་རང་བཞིན་ཡིད་ཀྱི་རྣམ་པར་ཤེས་པ་ནི་བསྒོམས་པ་ན་བདེན་པ་དང་མི་བདེན་པའི་དངོས་པོ་གསལ་

བར་སྣང་བར་འགྱུར་ལ་མི་བདེན་པ་གསལ་བར་སྣང་བ་ཡང་མངོན་སུམ་མ་ཡིན་པ་དེས་ན་དེ་བཟློག་པར་བྱ་བའི་ཕྱིར་མ་འཁྲུལ་པ་སྨོས་པ་ཡིན་ནོ། །གསལ་བར་སྣང་བ་དེ་ནི་རྟོག་པ་མེད་པ་ཡིན་ལ། དེས་ན་མངོན་སུམ་ཡིན་ཏེ། བསྒོམས་པས་གསལ་བར་སྣང་ཞིང་། གསལ་བར་སྣང་བའི་ཕྱིར་རྣམ་

Vol. 188 · folio 117b

པར་རྟོག་པ་མེད་པར་གྲུབ་པ་ཡིན་ལ། ཚད་མས་ཡོངས་སུ་དག་པའི་དངོས་པོའི་ཡུལ་ཅན་ཡིན་པའི་ཕྱིར་མ་འཁྲུལ་པ་ཡིན་པས་ཅིའི་ཕྱིར་མངོན་སུམ་ཉིད་དུ་མི་འགྱུར། མངོན་སུམ་གཞན་ཡང་གསལ་བར་སྣང་བ་དང་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཡིན་ནོ། །འདི་ཉིད་རྣམ་པར་

འགྲེལ་པ་ན་གསལ་བར་སྣང་བ་ཉིད་ཀྱི་རྒྱུ་བསྒོམ་པའི་གོ་རིམས་སྟོན་པར་བྱེད་དོ། །འཇིག་རྟེན་ན་ནི་མཉམ་པར་གཞག་པ་ལ་རྣལ་འབྱོར་པ་ཡིན་ལ། བསྟན་བཅོས་ལས་ནི་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བདག་ཉིད་ཞི་གནས་དང་ལྷག་མཐོང་ལ་ཡིན་ཏེ། རྣལ་འབྱོར་པ་དེ་དག་ལ་ཡོད་པ་དེ་དག་

ནི་རྣལ་འབྱོར་པས་ཏེ། རྟག་ཏུ་མཉམ་པར་གཞག་པ་དང་། དེ་ཁོ་ན་རྣམ་པར་འབྱེད་པ་ལ་བརྩོན་པའོ། །དེ་དག་རྣམས་ཀྱི་གསལ་བར་སྣང་བ་གང་ཡིན་པ་ཞེས་བྱ་བར་འབྲེལ་ཏོ། །དེ་དག་རྣམས་ཀྱི་བསྒོམ་པའི་རིམ་པ་ཅི་འདྲ་བར་དེ་སྟོན་པར་བྱེད་དེ། ཐོས་པ་ལས་བྱུང་བས་བསྒོམས་པ་དང་རྗེས་

སུ་མཐུན་པའི་བསྟན་བཅོས་མཉན་པའི་རྒྱུ་ཅན་གྱིས་བཟུང་བ་ངེས་པའི་དོན་བསྒོམ་པར་བྱ་བ། རིགས་པས་ཏེ་ཚད་མས་སེམས་ཤིང་ངེས་པར་རྟོག་པ་ནི་རིགས་པ་སེམས་པའོ། །དེའི་རྒྱུ་ཅན་གྱི་ཤེས་པས་དོན་དེ་ཁྱད་པར་དུ་རྣམ་པར་ཕྱེ་བར་བློ་ལ་བཀོད་ཅིང་བཞག་ནས་སྒོམ་པར་བྱེད་པའི་སྒོམ་པར་བྱེད་

པ་དེ་རྣམས་ཀྱི་སྒོམ་པ་རྫོགས་ཤིང་དོན་རྣམས་ལ་གསལ་བའི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པར་ནུས་པའི་རྒྱུར་གྱུར་པའི་མཐུ་སྟེ་ཡོད་པ་ན་གསལ་བར་སྣང་བ་གང་ཡིན་པའོ། །གསལ་བར་སྣང་བའི་ཤུགས་ཀྱིས་ཤེས་པ་ཡིན་པར་གཟུང་བ་ཡིན་ནོ། །དཔེར་ན་འཇིགས་པ་དང་མྱ་ངན་ལ་སོགས་པ་གསལ་

བ་ཉིད་དུ་སྣང་བ་བཞིན་ནའོ། །འདིས་ནི་གསལ་བར་སྣང་བ་ཉིད་དང་བསྒོམས་པའི་རྒྱུ་དང་འབྲས་བུའི་དངོས་པོར་ཚད་མར་མཐོང་བའི་ཡུལ་བསྟན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་དེར་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཞིག་གསལ་བར་སྣང་བ་དེ་ནི་རྣམ་པར་རྟོག་པ་མེད་པ་ཡིན་ནོ་ཞེས་གསལ་བར་

སྣང་བ་ཉིད་རྣམ་པར་རྟོག་པ་མེད་པའི་རྒྱུར་བརྗོད་པ་ཡིན་ནོ། །ཕྱིན་ཅི་མ་ལོག་པ་སྟེ་བདེན་པའི་ཡུལ་ཅན་གང་ཡིན་པའོ། །འདིས་ནི་ཚིག་ལེའུར་བྱས་པ་ལས་གང་ཞིག་སླུ་བ་མེད་པ་ཅན་གྱི་སྒྲར་བརྗོད་པ་མ་འཁྲུལ་པ་ཉིད་བརྗོད་པ་ཡིན་ནོ། །དེས་ན་བསྒོམས་པ་ལས་གསལ་བར་སྣང་བ་ཉིད་ཡིན་

Vol. 188 · folio 118a

ལ། དེས་ན་རྣམ་པར་མི་རྟོག་པ་ཡིན་ཞིང་ཚད་མའི་ཡུལ་བསྒོམས་པས་ཀྱང་འཁྲུལ་པ་མེད་པ་ཉིད་ནི་རྣལ་འབྱོར་པའི་མངོན་སུམ་དུ་བསྟན་པ་ཡིན་ཏེ། མངོན་སུམ་གཞན་བཞིན་ནོ། །མངོན་སུམ་གཞན་ཡང་འདི་ལྟ་བུར་གྱུར་པ་ཁོ་ན་ཡིན་ནོ། །ཡང་འདི་འདྲ་བའི་

མངོན་སུམ་དེ་གང་ཞིག་ཡིན་ཞེ་ན། བཤད་པ། འཕགས་པ་རྣམས་ཀྱི་བདེན་པ་བཞི་ལ། འབྲས་བུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ། །དེ་དག་ཉིད་སྲེད་པ་དང་ལྷན་ཅིག་པས་རྒྱུར་གྱུར་པ་ནི་ཀུན་འབྱུང་ངོ་། །ངེས་པར་ལེགས་པའི་རང་བཞིན་དུ་གྱུར་པའི་སེམས་

ནི་འགོག་པའོ། །རང་བཞིན་དེ་ཉིད་ཐོབ་པའི་རྒྱུར་གྱུར་པ་བདག་མེད་པ་ལ་སོགས་པའི་རྣམ་པ་ཅན་གྱི་སེམས་ཀྱི་ཁྱད་པར་ནི་ལམ་མོ། །འདི་དག་མཐོང་བར་མངོན་སུམ་དུ་བྱེད་པའི་ཤེས་པ་གང་ཡིན་པ་དེ་མངོན་སུམ་ཡིན་པ་དེ་བཞིན་དུ་དེ་དང་འདྲ་བའི་དོན་ཅན་གྱི་རྣལ་འབྱོར་པའི་ཤེས་པ་མཐའ་

དག་མངོན་སུམ་གྱི་ཚད་མ་ཉིད་དོ། །འཕགས་པའི་བདེན་པ་བཞི་པོ་རྣམས་ཇི་ལྟར་ཚད་མས་རྣམ་པར་དག་པ་དང་། མི་རྟག་པ་ལ་སོགས་པ་དེ་དག་རྣམ་པ་ཇི་ལྟ་བུ་ཞིག་བསྒོམ་པར་བྱ་བ་དང་། སྐྱེ་བ་བརྒྱུད་པ་དུ་མས་དུས་ཇི་སྲིད་ཀྱི་མཐར་ཐུག་པར་གོམས་པར་བྱ་བ་དང་། རྒྱུ་གང་ལ་

གོམས་པར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་སྙིང་རྗེ་ལས་ཡིན་ལ། དེ་ལ་གཞན་རྣམས་ནི་འཁོར་བ་ལས་ཡིད་བྱུང་བ་ཞེས་བྱ་བ་གང་ཡིན་པ་དེ་ཐམས་ཅད་ནི། ཇི་ལྟར་ཚད་མ་རྣམ་འགྲེལ་དུ་གཏན་ལ་ཕབ་པའི་རྣམ་པ་དེ་ཉིད་ཀྱིས་འཕགས་པའི་བདེན་པ་མཐོང་བ་ཐབས་དང་བཅས།

ཡུལ་དང་བཅས། རྣམ་པ་དང་བཅས་པར་ཁོང་དུ་ཆུད་པར་བྱས་ཏེ། འདིར་ནི་ཡང་དག་པའི་ཡུལ་ཅན་གྱི་རྣམ་པར་རྟོག་པ་གོམས་པ་ལས་དེའི་དོན་ལ་དམིགས་པའི་མངོན་སུམ་སྐྱེ་བ་ཉིད་དོ་ཞེས་བྱ་བ་དེ་ཙམ་ཞིག་བསྒྲུབས་པར་འདོད་པ་འབའ་ཞིག་ཏུ་ཟད་དོ། །འདི་སྙམ་དུ་གང་གིས་འཇིགས་སོགས་

བཞིན་དུ་ཞེས་དེ་སྐད་བརྗོད་པར་འགྱུར་བ་བསྒོམས་པ་སྔོན་དུ་འགྲོ་བ་ཅན་གྱི་ཡིད་ཀྱི་ཤེས་པ་འཇིགས་པ་ལ་སོགས་པ་གསལ་བར་སྣང་བ་གང་དུ་མཐོང་ཞེ་ན། བཤད་པ། འདོད་པ་དང་འཇིགས་པ་དང་མྱ་ངན་དང་དེ་དག་གིས་བརླམས་པ་གང་ཡིན་པ་དེ་ནི་དེ་དག་གིས་བརླམས་པ་སྟེ། དེ་དང་ཆོམ་

Vol. 188 · folio 118b

རྐུན་གྱི་རྨི་ལམ་མོ། །རྨི་ལམ་གང་དུ་ཆོམ་རྐུན་མངོན་དུ་ལྷགས་པར་མཐོང་བ་དེ་ནི་ཆོམ་རྐུན་རྨི་ལམ་མོ། །དེ་ལ་སོགས་པ་རྣམ་པ་གཞན་གང་ཡིན་པ་དེ་ནི་ཆོམ་རྐུན་རྨི་སོགས་ཏེ། དེས་བསླད་པའོ། །ཡོད་པ་མ་ཡིན་ཡང་མདུན་ན་ནི་སྟེ་སྔོན་ན་གནས་པ་བཞིན་དུའོ། །འདིས་ནི་མཐོང་བ་དེ་

གསལ་བར་སྣང་བ་བཤད་པ་ཡིན་ནོ། །འདིར་ནི་འདོད་པ་ལ་སོགས་པས་བརླམས་པའི་གནས་སྐབས་སུ་དམག་ནང་ན་གནས་པའམ། ངུས་པ་ལ་སོགས་པའི་མྱ་ངན་གྱིས་མདོངས་པར་གྱུར་པའི་གསལ་བར་སྣང་བའི་ཤེས་པ་སྐྱེས་པ་གང་ཡིན་པ་དེ། ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པར་ངེས་

ནུས་ཀྱི་གཞན་དུ་ན་སྣང་བ་དང་བཅས་པར་མིག་གདངས་པའི་དབང་པོའི་འཁྲུལ་པ་ཡང་སྲིད་པ་ཡིན་ནོ། །འདིར་ནི་བསྒོམས་པའི་རྒྱུ་ལས་བྱུང་བའི་ཡིད་གསལ་བར་སྣང་བ་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་གྱི་དབང་པོ་ལས་སྐྱེས་པ་ནི་མ་ཡིན་ཏེ། དབང་པོ་ལས་སྐྱེས་པ་གསལ་བར་སྣང་བ་ལ་ནི་རྩོད་པ་མེད་

པའི་ཕྱིར་རོ། །བསྟན་དུ་ཟིན་ཀྱང་དེས་ནི་རྣལ་འབྱོར་པའི་ཡིད་ཀྱི་ཤེས་པ་གསལ་བར་སྣང་བར་བརྗོད་པར་ནུས་པ་མ་ཡིན་ནོ། །འདི་སྙམ་དུ་དབང་པོ་ཉམས་པ་གང་ཡིན་པ་དེ་ལ་ནི་རབ་རིབ་ཅན་བཞིན་དུ་དབང་པོ་ལས་སྐྱེས་པ་འགའ་ཞིག་ལ་འཁྲུལ་པར་འགྱུར་བ་ཡིན་གྱི་དངོས་པོ་གཞན་ལ་ནི་མི་

གསལ་བར་མཐོང་བ་ཡིན་ན་འདོད་པས་བརླམས་པ་ནི་འགའ་ཞིག་ཏུ་ཡང་ཞན་པར་མཐོང་བ་ཡོད་པ་མ་ཡིན་པས། དེ་ནི་དབང་པོའི་འཁྲུལ་པ་མ་ཡིན་ནོ་སྙམ་ན། དེ་ནི་དེ་ལྟར་སྙིང་པོ་ཡོད་པ་མ་ཡིན་ཏེ། བརླམས་པའི་དབང་གིས་མི་བདེན་པ་བསྒོམས་པའི་དངོས་པོ་གཅིག་པུ་ཉིད་དབང་པོ་ལས་གསལ་

བར་འགྱུར་བའི་ཕྱིར་སྔ་མ་ཁོ་ན་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །ཆོམ་རྐུན་གྱི་རྨི་ལམ་གྱིས་བསླད་པ་ནི་གཉིད་ལས་ལངས་པ་ཉིད་ལ་འདོད་པ་ཡིན་ཏེ། གཉིད་ལོག་པའི་གནས་སྐབས་ན་ནི་གསལ་བར་སྣང་བ་རྣམ་པ་དུ་མ་ཡང་ཡོད་པ་ཡིན་ཏེ། དེའི་ཕྱིར་ཁྱད་པར་དུ་བརྗོད་པས་ཅི་ཞིག་བྱ། གཉིད་ཀྱིས་

ཉམས་པའི་རྒྱུས་ཡིད་གསལ་བར་སྣང་བར་གྱུར་དུ་ཟིན་ཀྱང་བསྒོམས་པའི་རྒྱུ་ལས་གསལ་བར་སྣང་བར་བརྗོད་པར་མི་འགྱུར་ཏེ། སྣང་བའི་ཁྱད་པར་དེ་ནི་བསླད་པའི་རྒྱུ་ཅན་ཡིན་གྱི་བསྒོམས་པའི་རྒྱུ་ཅན་ནི་མ་ཡིན་པའི་ཕྱིར་རོ། །དེས་ན་ཆོམ་རྐུན་གྱི་རྨི་ལམ་ལས་ལངས་མ་ཐག་པ་ཉིད་དུ་མིག་མི་

Vol. 188 · folio 119a

གསལ་བར་ཕྱེ་བའམ། མུན་པའི་ནང་དུ་བསླད་པ་གང་ཡིན་པ་ད་འདིར་གཟུང་བ་ཡིན་ནོ། །ཡང་དེ་དག་གིས་དེ་མདུན་ན་གནས་པ་བཞིན་དུ་མཐོང་བ་ཞེས་བྱ་བ་འདི་གང་ལས་ཤེ་ན། བཤད་པ། བསླད་པ་ཇི་བཞིན་ཏེ། འདོད་པ་ལ་སོགས་པ་ལས་མ་འདས་པར་རོ། །

གུས་པས་ནི་གྲིམས་པ་སྟེ། སྤྲོ་བའི་དབང་གིས་འདར་བའི་མཚན་ཉིད་ཅན་ནམ། བ་སྤུ་ལངས་པའི་མཚན་ཉིད་ཀྱི་ལུས་ཀྱི་གནས་སྐབས་སོ། །བསྒྲུབ་པ་ནི་མཐོང་བ་དང་རྗེས་སུ་མཐུན་པར་ནན་ཏན་དུ་བྱེད་པ་སྟེ། སྡུག་པ་ལ་སོགས་པ་འདྲེན་པ་དང་། འདི་ན་སུ་སུ་ཞེས་སྨྲ་བ་དང་། ང་རྒྱལ་དང་

བཅས་པ་རལ་གྲི་ལ་སོགས་པ་ལ་འཇུ་བ་སྟེ། འདི་དག་མཐོང་བའི་རྒྱུའི་ཕྱིར་རོ། །འདི་སྙམ་དུ་གུས་པས་བསྒྲུབ་པ་མཐོང་དུ་ཟིན་ཀྱང་། མངོན་སུམ་བཞིན་དུ་དེ་དག་གསལ་བར་སྣང་བ་ཡིན་པར་ཇི་ལྟར་ངེས་ཤེ་ན། ལྐོག་ཏུ་གྱུར་པ་རྟོགས་པ་ནི་ཤེས་པའོ། །དེའི་འདུ་ཤེས་སམ་ནི་ངེས་པ་སྟེ། བདག་གིས་

ལྐོག་ཏུ་གྱུར་པའི་དོན་ཤེས་སོ་སྙམ་ནས་ངེས་པར་འགྱུར་བ་དེ་ལ་ནི་དེ་ལྟའི་སྟེ། བྱ་བའི་རང་བཞིན་གུས་པའི་རང་བཞིན་གྱི་རྣམ་པ་དེས་འཇུག་པ་མ་མཐོང་བའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། དཔེར་ན་ལུས་ངག་གི་བྱ་བ་འདོད་པ་སྔོན་དུ་འགྲོ་བ་ཅན་ཡིན་པ་བཞིན་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་

གུས་པས་བསྒྲུབ་པ་ནི་དངོས་སུ་མཐོང་བའི་རྒྱུ་ཅན་དུ་གཏན་ལ་ཕེབས་པ་ཡིན་ཏེ། དེ་མཐོང་བའི་ཕྱིར་དེ་དག་དངོས་སུ་མཐོང་བར་ངེས་པ་ཡིན་པར་རྗེས་སུ་དཔོག་པ་ཡིན་ནོ་ཞེས་བྱ་བའོ། །གང་གི་ཕྱིར་འདོད་པས་བརླམས་པ་ལ་སོགས་པས་བསླད་པ་ལས་བསྒོམས་པ་སྔོན་དུ་འགྲོ་བ་ཅན་གྱིས་ཡིད་ཀྱི་ཤེས་

པ་གསལ་བར་སྣང་བ་ཉིད་དུ་མཐོང་བ་དེའི་ཕྱིར་ཡང་དག་པ་སྟེ། བདེན་པའམ་ཡང་དག་པ་མ་ཡིན་པར་ཡང་རུང་སྟེ། གང་ཁོ་ན་ཤིན་ཏུ་བསྒོམས་པ་དེ་ཉིད་བསྒོམས་པ་མཐར་ཕྱིན་པ་ནི་གསལ་ཞིང་མི་རྟོག་པའི་བློའི་རྒྱུར་འགྱུར་རོ། །གང་ཞིག་མི་བདེན་པ་དེ་ལ་ནི་རྣམ་པར་ཤེས་པ་སྔ་མ་ལ་སྣང་བ་དེ་ལས་

ཐ་དད་པ་མེད་པར་ཤེས་པ་ཕྱི་མའི་རྒྱུར་བརྗོད་ལ། བདེན་པ་གང་ཡིན་པ་དེ་ལ་ནི་རྣམ་པར་རྟོག་པའི་རྣམ་པར་ཤེས་པས་བསྒོམ་པར་བྱ་བ་རང་གི་ངོ་བོ་ཉིད་ཀྱིས་གསལ་བའི་རྒྱུར་གྱུར་པ་ཡིན་གྱི་ཤེས་པ་ལ་སྣང་བ་ནི་མ་ཡིན་ནོ། །བསྒོམས་པའི་འབྲས་བུ་ཤེས་པ་ནི་དེའི་འབྲས་བུར་འགྱུར་ཏེ་སྣང་བ་དེའི་

Vol. 188 · folio 119b

རྗེས་སུ་བྱེད་པའི་ཕྱིར་རོ། །ཚིགས་སུ་བཅད་པས་མ་བརྗོད་པའི་དོན་ཅན་བར་སྐབས་སུ་གནས་པའི་ཚིགས་སུ་བཅད་པའོ། །འདོད་པ་གོམས་པས་ཉམས་པ་ལ་མི་བདེན་པའི་དོན་གསལ་བར་སྣང་དུ་ཆུག་ཀྱང་། བསྒོམས་པའི་འབྲས་བུའི་ཤེས་པ་གསལ་བར་སྣང་བ་གང་ཡིན་པ་དེ་ཡང་མི་

བདེན་པའི་དོན་ཅན་དུ་འགྱུར་རོ་ཞེས་བྱ་བ་ཇི་ལྟར་ཞེས་རང་གི་ཕྱོགས་པ་དག་ཟེར་བ་དེ་བཟློག་པའི་ཕྱིར་བཤད་པ། གདོན་མི་ཟ་བར་འདི་ཁས་བླང་བར་བྱ་སྟེ། གང་གི་ཕྱིར་མི་སྡུག་པ་ཞེས་བྱ་བ་ནི་རུས་པ་འབྲེལ་པའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ཏོ། །ཟད་པར་ས་ནི་དངོས་པོ་མཐའ་དག་པར་སྣང་བའི་ཏིང་ངེ་

འཛིན་ནོ། །སོགས་པ་སྨོས་པ་ནི་ཟད་པར་ཆུ་ལ་སོགས་པའོ། །ཡང་དག་པ་མ་ཡིན་པའི་ཡུལ་ཅན་གང་ཡིན་པ་དེ་ཡང་སྟེ། ཡང་གི་སྒྲས་ནི་བདེན་པའི་དོན་འབའ་ཞིག་གཟུང་བའི་རྣམ་པ་གསལ་བར་མ་ཟད་པའོ། །དེ་ཉིད་ཀྱི་ཕྱིར་བསྒོམས་པའི་སྟོབས་ཀྱིས་རྣམ་པར་རྟོག་པ་མེད་པ་གསལ་བ་

སྣང་བར་ནི་ཁྱོད་འདོད་པ་ཡིན་ལ། དེ་ལྟར་མོས་པས་བྱས་པ་རྣལ་འབྱོར་པའི་སྤྱོད་ཡུལ་དུ་འགྱུར་བ་རུས་པ་ལ་སོགས་པ་རྣམས་ཀྱིས་དེའི་བསྒྲུབ་པར་བྱ་བ་ནི་འགའ་ཡང་མི་འགྲུབ་པའི་ཕྱིར་རོ། །དེའི་ཕྱིར་འདིས་ནི་མི་བདེན་པའི་དོན་གསལ་བར་སྣང་བར་མི་འདོད་པར་བཟློག་པ་ཡིན་ནོ། །གལ་ཏེ་བསྒོམས་

པ་དང་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་སྣང་བ་རྒྱུ་དང་འབྲས་བུའི་དངོས་པོར་མཐོང་བའི་ཕྱིར། བསྒོམས་པའི་མཐུ་ལས་གསལ་བར་སྣང་བ་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ནི་སྲིད་པ་སྟེ། རྟོགས་པ་མེད་པར་ཇི་ལྟར་ཏེ་མི་འཐད་པ་ཉིད་དོ། །འདི་ལྟར་གང་ཞིག་ཇི་ལྟར་གོམས་པར་བྱས་པ་དེ་ཉིད་གཟུང་བ་གསལ་

བར་འགྱུར་ལ་གོམས་པར་བྱས་པ་ཡང་སྒྲ་དང་འདྲེས་པའི་དོན་ཡིན་པ་དེས་ན་དེ་ལྟར་གྱུར་པ་ཉིད་དུ་གསལ་བ་ན་རྣལ་འབྱོར་པའི་ཤེས་པ་ནི་རྣམ་པར་རྟོག་པ་ཅན་ཉིད་དུ་འཐད་པ་ཡིན་ནོ་ཞེ་ན། གལ་ཏེ་རྣམ་པར་རྟོག་པ་གསལ་བར་སྣང་བར་འགྱུར་ན་ནི་དེ་ལྟར་འགྱུར་བ་ན་གང་གི་ཕྱིར་སྒྲའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་དང་

རྗེས་སུ་འབྲེལ་པ་རྗེས་སུ་ཞུགས་པའི་ཤེས་པ་ལ་དོན་ཀྱང་དེ་ཡིན་ལ་གསལ་བ་ཡང་ཡིན་པ་དེ་སྣང་བ་དེ་གང་ལ་ཡོད་པ་དེའི་དངོས་པོ་སྟེ། དེ་ཡོད་པ་མ་ཡིན་ནོ། །དེ་དེ་ལྟར་ག་ལས་ཤེ་ན། གང་གི་ཕྱིར་བརྗོད་པ་སྟེ། སྒྲའི་རྣམ་པ་དང་འདྲེས་པའི་ཤེས་པ་གང་ཡིན་པའོ། །དེའི་རང་བཞིན་ཅན་གྱི་རྣམ་པར་

Vol. 188 · folio 120a

རྟོག་པ་གང་ཡིན་པ་ཐམས་ཅད་ལ་དོན་ཏེ། གཟུང་བར་བྱ་བ་གསལ་བ་སྟེ། གསལ་བར་སྣང་བ་ཉིད་ལྡོག་པ་སྟེ་མེད་པའི་ཕྱིར་རོ། །ཐམས་ཅད་སྨོས་པ་ནི་ཁྱད་པར་བརྗོད་པ་ཡིན་ནོ། །ཁྱབ་པ་དེ་ཉིད་བསྟན་པའི་ཕྱིར་རྣམ་པར་བསླད་པའི་བློ་ཡང་རུང་སྟེ་ཞེས་གསུངས་སོ། །

ཡང་གི་སྒྲས་ནི་མ་བསླད་པའི་བློ་ཡང་ངོ་། །འདི་སྐད་དུ་འཁྲུལ་པ་དང་མ་འཁྲུལ་པའི་རང་བཞིན་གྱི་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་གང་ཡིན་པ་དེ་ཐམས་ཅད་ནི། གསལ་བར་སྣང་བ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །འདི་ཉིད་མཇུག་སྡུད་པ་ནི་དེས་ན་རྣམ་པར་རྟོག་པའི་ཤེས་པ་འདི་ནི་

འགའ་ཞིག་ཏུ་ཡང་དོན་གྱི་རྣམ་པ་གསལ་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་དམ་བཅས་པ་ཙམ་གྱིས་ནི་དོན་གྲུབ་པ་མ་ཡིན་ནོ་ཞེ་ན། འོ་ན་ནི་རིགས་པ་གང་གི་ཕྱིར་རྨི་ལམ་ན་ཡང་དྲན་པའི་རྣམ་པར་ཤེས་པ་དྲན་པ་ཡིན་ནོ། །ཡང་གི་སྒྲས་ནི་ཁྱད་པར་དུའོ། །རྨི་ལམ་དུ་ཡང་ཇི་སྙེད་དྲན་པ་ནི་ཇི་ལྟར་

དེ་ཉིད་དུ་གཞན་གསལ་བར་སྣང་བ་དེ་འདྲ་བ་མ་ཡིན་ནོ། །འདི་ག་ལས་ཤེ་ན། གང་གི་ཕྱིར་དེ་འདྲ་བའི་དོན་ལྡན་མིན་པར་དྲན་ཏེ། ཇི་ལྟར་གསལ་བར་སྣང་བ་གཞན་བཞིན་དུའོ། །འདི་ཉིད་རྣམ་པར་འགྲེལ་པ་བཤད་པ། རྨི་ལམ་དུ་ཡང་ཉམས་སུ་མྱོང་བ་དྲན་པ་དེ་ཉིད་ཀྱི་རྣམ་པ་ཅན་གང་དག་

ཡིན་པ་སྟེ། དེ་དག་ནི་ཇི་ལྟར་དེ་ཉིད་དུ་གཞན་ད་ལྟར་བྱུང་བར་འཛིན་པའི་རྣམ་པ་གསལ་བར་སྣང་བ་ཅན། ད་ལྟར་སྣང་བའི་ངང་ཚུལ་གང་ལ་ཡོད་པ་དེ་དག་སྟེ། དེ་ལྟར་སྣང་བ་མ་ཡིན་ནོ་ཞེས་འདི་ཉིད་དུ་བཅད་དོ། །དེའི་ཕྱིར་འདི་ནི་བསྒྲུབ་པར་བྱ་བ་བསྟན་ཏོ། །དེ་ནས་དེ་ལྟར་དྲན་པ་མེད་དོ་ཞེས་བྱ་བ་ནི་གཏན་

ཚིགས་བསྟན་པ་སྟེ། གང་གི་ཕྱིར་གསལ་བའི་རྣམ་པ་ཅན་དུ་མ་དྲན་པ་དེའི་ཕྱིར་གསལ་བའི་རྣམ་པ་ཅན་དུ་མྱོང་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དྲན་པ་མེད་པར་ནི་རྨི་ལམ་གྱི་གནས་སྐབས་སད་པའི་དུས་སུ་ཐ་སྙད་དུ་ནུས་པ་མ་ཡིན་པའི་ཕྱིར་རོ། །འདི་ནི་ཇི་ལྟ་བ་བཞིན་དུ་དྲན་པ་ཡིན་ནོ་ཞེས་བྱ་བ་འདི་

ག་ལས་ཏེ། རྣམ་པར་རྟོག་པའི་བདག་ཉིད་ཀྱི་དྲན་པ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཡང་སྲིད་པའི་ཕྱིར་རོ་ཞེ་ན། དེ་ནི་མི་རིགས་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་དྲན་པ་ནི་ཉམས་སུ་མྱོང་བའི་རྗེས་སུ་འབྲང་བར་ངེས་པར་ཤེས་པའི་ཕྱིར་རོ། །འཁྲུལ་པའི་རྒྱུ་མཚན་འགའ་ཞིག་ལས་ཀྱང་ཉམས་སུ་

Vol. 188 · folio 120b

མྱོང་བ་ཇི་ལྟ་བ་བཞིན་མ་ཡིན་པ་ཡང་ཡོད་མོད་ཀྱི། དེ་ལ་ནི་གནོད་པར་བྱེད་པའི་ཚད་མ་ལས་ཕྱིན་ཅི་ལོག་གི་ཡུལ་ཅན་ཉིད་དུ་ཁོང་དུ་ཆུད་པར་བྱ་བ་ཡིན་ལ། གང་ལ་གནོད་པར་བྱེད་པ་མེད་པ་དེ་ལ་ནི་དོན་ཇི་ལྟ་བ་བཞིན་དྲན་པ་ཡིན་ནོ། །གཞན་ཡང་གཉིད་སད་པའི་གནས་སྐབས་ཀྱི་

གསལ་བར་ཉམས་སུ་མྱོང་བའི་ཡུལ་གྱི་དྲན་པ་ཡང་ཡོད་པ་ཡིན་ཏེ། གལ་ཏེ་རྨི་ལམ་གྱི་གནས་སྐབས་ཀྱི་དྲན་པའི་རྣམ་ཤེས་དེ་གསལ་བར་སྣང་བར་གྱུར་ན། དེ་ཅིའི་ཕྱིར་ཕྱིན་ཅི་ལོག་ཏུ་དྲན་པར་འགྱུར་བ་བསླད་པའི་གནས་སྐབས་སུ་མྱོང་བ་ཡིན་པ་དེས་ན་མི་གསལ་བར་དྲན་པ་ཡིན་ནོ་ཞེས་

བརྗོད་པར་ཡང་མི་ནུས་ཏེ། གང་གི་ཕྱིར་རྨི་ལམ་གྱི་ཤེས་པ་གསལ་བར་སྣང་བ་དག་ཀྱང་དྲན་པའི་ཕྱིར་རོ། །དུས་རིང་པོས་བར་དུ་ཆོད་པ་དེའི་ཕྱིར་ཡང་མ་ཡིན་ཏེ། དྲན་པའི་རྣམ་པར་ཤེས་པ་དང་ལྡན་པའི་རྨི་ལམ་ལས་མོད་ལ་སད་པ་ན་སྔར་སྐྱེས་པའི་རྨི་ལམ་གྱི་ཤེས་པ་ནི་གསལ་བར་སྣང་

བར་དྲན་ལ། དེ་མ་ཐག་ཏུ་སྐྱེས་པའི་དྲན་པ་ནི་མི་གསལ་བར་རེ། །དེའི་ཕྱིར་གནོད་པར་བྱེད་པའི་ཚད་མ་དང་ལྡན་པའི་འཁྲུལ་པའི་རྒྱུ་མཚན་མེད་པས་ན། གང་ཞིག་ཇི་ལྟ་བུའི་དོན་གྱི་རྣམ་པ་ཉམས་སུ་མྱོང་བར་དྲན་པ་དེ་ནི་དེ་ལྟ་བུའི་དོན་མྱོང་བ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་མངོན་པར་

འདོད་པ་སད་པའི་གནས་སྐབས་ཀྱི་ཉམས་སུ་མྱོང་བ་འགའ་ཞིག་གི་དྲན་པ་བཞིན་ནོ། །དེ་བཞིན་དུ་རྨི་ལམ་གྱི་དྲན་པའི་ཤེས་པ་ལ་དམིགས་པས་ཀྱང་མི་གསལ་བར་དྲན་པ་ཡིན་ནོ། །ཕྱི་རོལ་གྱི་དོན་གྱི་ཚུལ་ལ་ཤེས་པ་ཐམས་ཅད་ཀྱི་ཕྱིན་ཅི་ལོག་པ་ཉིད་ནི། གནོད་པར་བྱེད་པའི་ཚད་མས་ཉེ་བར་

བསྒྲུབས་པའི་མི་སླུ་བ་མ་ཡིན་པ་ཉིད་ཀྱིས་ཁྱབ་པ་ཡིན་ཏེ། བར་ཏི་ཀ་ལས་གནོད་པར་བྱེད་པའི་རིགས་པ་དམ་པ་མེད་ན་ཞེས་བྱ་བ་དང་། རྣམ་པར་ངེས་པ་ལས་ཀྱང་གནོད་པར་བྱེད་པ་མེད་པའི་ཕྱིར་འཁྲུལ་པར་མི་འགྲུབ་བོ་ཞེས་བཤད་དོ། །མངོན་སུམ་དང་རྗེས་སུ་དཔག་པ་འགའ་ཞིག་དོན་

ཡོད་པར་མཐོང་བའི་ཕྱིར་དང་། ཞེན་པར་བྱ་བའི་དོན་ལ་ལྟོས་ནས་མི་སླུ་བའི་རྒྱུ་ཡང་དོན་ཡོད་པ་ཉིད་ཡིན་པའི་ཕྱིར་མི་སླུ་བ་ནི་དོན་ཡོད་པ་ཉིད་ཀྱིས་ཁྱབ་པ་ཡིན་ནོ། །གནོད་པར་བྱེད་པ་ཡོད་ན་ནི་མི་སླུ་བ་མེད་པའི་ཕྱིར་གནོད་པར་བྱེད་པ་མེད་པ་ཉིད་ནི་མི་སླུ་བ་ཁོ་ནར་ངེས་པར་བྱ་བ་ཡིན་ལ། དྲན་

Vol. 188 · folio 121a

པ་ལས་ཡང་གནོད་པར་བྱེད་པའི་ཚད་མ་མེད་པས་མི་སླུ་བ་ཡིན་ནོ། །ཉམས་སུ་མྱོང་བའི་འབྲས་བུ་ཉིད་དུ་ནི་མཐོང་བའི་ཕྱིར་ཏེ། ཕྱིན་ཅི་ལོག་གི་དོན་ཅན་ཉིད་ཡིན་ན་ནི་རྗེས་སུ་འབྲེལ་པར་དྲན་པར་མི་འགྱུར་ན། རྨི་ལམ་གྱི་དྲན་པ་ནི་ཐམས་ཅད་ཀྱང་མི་གསལ་བར་

སྣང་བར་དྲན་ནོ། །རྗེས་སུ་འབྲེལ་པ་ཞེས་བྱ་བ་ནི་རྨི་ལམ་གྱི་དྲན་པ་ཐམས་ཅད་ལ་ཁྱབ་པར་ཡོད་པར་དྲན་པ་ཡིན་ལ། འདི་འདྲ་བའི་དྲན་པ་ནི་ཉམས་སུ་མྱོང་བའི་འབྲས་བུར་གྲུབ་བོ། །དེས་ན་འདི་ལས་གནོད་པར་བྱེད་པ་ཡོད་པ་མ་ཡིན་ཏེ། དུ་བ་མེའི་འབྲས་བུ་ཡིན་པ་ལ་ནི་གནོད་པར་བྱེད་པ་མེད་

པ་བཞིན་ནོ། །དེའི་ཕྱིར་དེ་ལྟར་ཁྱབ་པར་བྱེད་པ་མི་དམིགས་པས་རྨི་ལམ་གྱི་དྲན་པ་དྲན་པ་ལ་ཕྱིན་ཅི་ལོག་ཉིད་བཀག་པའམ། རང་བཞིན་གྱི་གཏན་ཚིགས་ཀྱིས་ཇི་ལྟར་ཞེན་པ་བཞིན་དུ་མི་གསལ་བར་སྣང་བའི་དྲན་པ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་པ་དེས་ན་རྨི་ལམ་གྱི་དྲན་པ་མི་གསལ་བར་སྣང་བ་

ཡིན་ནོ་ཞེས་གནས་སོ། །དེ་ལྟ་ན་ཡང་ཇི་ལྟར་རྣམ་པར་རྟོག་པ་གསལ་བར་སྣང་བར་མི་འགྱུར་ཞེ་ན། སྨྲས་པ། འདི་ལ་དབང་པོའི་རྣམ་པར་ཤེས་པ་ནི་རང་གི་ཉེ་བར་ལེན་པ་ལས་སྐྱེས་པ་ན་དབང་པོ་ལས་གསལ་བར་སྣང་བ་ཡིན་ཏེ། དབང་པོ་ལས་སྐྱེས་པ་འཁྲུལ་པ་རྣམས་ཀྱང་གསལ་བར་སྣང་

བའི་ཕྱིར་རོ། །ཡིད་ཀྱི་མངོན་སུམ་ནི་དོན་ལས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་སྣང་བ་མ་ཡིན་པ་གསལ་བར་སྣང་བར་བྱེད་པར་ནུས་པ་ཉིད་ཅེས་བྱ་བའི་རྣམ་པར་བསླད་པ་ཡིན་ན་རྣམ་པར་རྟོག་པ་ནི་གསལ་བར་བྱེད་ནུས་པ་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་དེར་སྒྲའི་རྣམ་པ་

དང་འབྲེལ་པ་ལས་གཞན་གཉིད་ཀྱིས་གསལ་བར་སྣང་བར་བྱེད་པའི་ནུས་པའི་གེགས་བྱེད་པའི་རྒྱུ་ནི་མ་མཐོང་ངོ་། །དེའི་ཕྱིར་སྒྲའི་རྣམ་པ་དང་འབྲེལ་པ་ཉིད་ནི་གསལ་བར་སྣང་བ་དང་འགལ་བར་ཁོང་དུ་ཆུད་དོ། །དེ་ནི་དེ་ཁོ་ན་ལྟར་ཡིན་ཏེ། གང་གི་ཕྱིར་རྨི་ལམ་དང་སད་པའི་སྒྲ་དང་འདྲེས་པར་འཛིན་པ་ནི་

གཉིད་ཀྱིས་བརླམས་པ་ལ་སོགས་པའི་རྒྱུ་ཅན་མ་ཡིན་གྱི། འོན་ཀྱང་ལྡོག་པ་དང་རྗེས་སུ་འགྲོ་བ་དག་ལས་བརྡའི་རྒྱུ་ཅན་ཉིད་ཡིན་པར་མཐོང་ངོ་། །དེའི་ཕྱིར་བརྡའི་དུས་སུ་མཐོང་བའི་དངོས་པོ་ཡུལ་ཅན་ཡིན་པའི་ཕྱིར་སྔར་མཐོང་བའི་ཡུལ་གྱི་རང་བཞིན་སྡོམ་པའི་རྒྱུ་ཅན་ཡིན་ལ། སྔོན་མཐོང་

Vol. 188 · folio 121b

བའི་ཡུལ་ཉིད་དུ་འཛིན་པས་དོན་ཉེ་བ་མ་ཡིན་པའི་རང་བཞིན་དུ་སྣང་བ་ན་ཡང་གསལ་བར་མི་འགྱུར་རོ། །གང་གི་ཕྱིར་ཉེ་བ་ཉིད་དུ་སྣང་ན་ནི་གསལ་བར་སྣང་བར་འགྱུར་ན། སྔོན་ཞུགས་པའི་མཐོང་བའི་ཡུལ་ཉིད་ཀྱིས་སྔོན་བྱུང་བའི་དངོས་པོར་གཟུང་བ་ནི་ཉེ་བའི་རང་བཞིན་དུ་སྣང་བ་མ་ཡིན་ཏེ།

དེས་ན་གསལ་བར་སྣང་བ་མ་ཡིན་ནོ། །རབ་རིབ་ཅན་གྱིས་མཐོང་བ་ནི་ཉེ་བ་མ་ཡིན་པའི་རང་བཞིན་དུ་མི་སྣང་བ་དེའི་ཕྱིར་སྒྲའི་ཚོགས་གསལ་བར་སྣང་བ་ཡིན་ནོ། །དེ་ལྟ་བུར་གྱུར་པ་ཡང་རེས་འགའ་གསལ་བར་སྣང་བའི་རྒྱུ་འགའ་ཞིག་གིས་གསལ་བར་བྱེད། སྲིད་པ་རྣམ་པར་རྟོག་པ་ནི་ཡིད་ཀྱི་

རྣམ་པར་ཤེས་པ་གསལ་བར་སྣང་བའི་རྒྱུ་ཁྱད་པར་ཅན་དོན་རྣམ་པ་སྣ་ཚོགས་སྟོན་པར་བྱེད་ནུས་པ་གཉིད་ཅེས་བྱ་བའི་རྣམ་པར་བསླད་པ་དེས་ཀྱང་གསལ་བར་སྣང་བར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་སྣང་བའི་རྒྱུ་གང་གིས་ཀྱང་གསལ་བར་སྣང་

བར་བྱེད་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་བསླད་པའམ་གཞན་གྱིས་ཀྱང་རྣམ་པར་རྟོག་པ་ནི་གསལ་བར་བྱེད་པ་མ་ཡིན་གྱི་ཞེས་གསུངས་སོ། །གང་ཞིག་བརྡའི་དུས་སུ་མཐོང་བ་ཉིད་ཀྱིས་དངོས་པོ་ལ་རེག་པ་ཅན་གྱི་ཤེས་པ་དེ་ནི་གང་གིས་ཀྱང་གསལ་བར་བྱ་བར་ནུས་པ་མ་ཡིན་ཏེ། དཔེར་ན་མཐོང་བ་

འགགས་ནས་ཡུན་རིང་དུ་ལོན་པའི་རྣམ་པར་རྟོག་པ་བཞིན་ནོ། །རྨི་ལམ་གྱི་རྣམ་པར་རྟོག་པ་ཡང་བརྡའི་དུས་སུ་མཐོང་བ་ཉིད་ཀྱིས་དངོས་པོ་ལས་རེག་པར་བྱེད་པ་ཅན་ཡིན་ནོ། །གསལ་བར་སྣང་བ་ཉིད་ནི་ཉེ་བའི་རང་བཞིན་དུ་སྣང་བ་ཡིན་ལ། སྔོན་མཐོང་བ་ཉིད་དུ་འཛིན་པ་ལ་ནི་ཉེ་བ་མ་ཡིན་པའི་

རང་བཞིན་གྱི་དངོས་པོར་སྣང་བས་ཁྱབ་པ་ཡིན་ནོ། །སྔོན་གྱི་ཤེས་པའི་ཡུལ་གྱི་དངོས་པོ་ཉིད་ནི་སྔོན་གྱི་ཤེས་པ་ལོག་པའི་ཚེ་ན་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཕྱིས་འབྱུང་བའི་ཤེས་པས་སྔོན་གྱི་ཤེས་པའི་ཡུལ་ཉེ་བ་མ་ཡིན་པ་ཉིད་ཀྱིས་དངོས་པོ་ལ་རེག་པ་ཡིན་ལ། བརྡའི་དུས་སུ་མཐོང་བའི་སྒྲས་

ཁྱད་པར་དུ་འཛིན་པ་ཡང་སྔོན་གྱི་ཤེས་པའི་ཡུལ་འཛིན་པ་ཉིད་ཡིན་ཏེ། དེས་ན་འདི་ནི་འགལ་བས་ཁྱབ་པ་དམིགས་པའོ། །གལ་ཏེ་འོ་ན་གསལ་བར་སྣང་བ་དང་འགལ་བས་ཁྱབ་པ་ཉིད་ཀྱིས་སྔོན་མཐོང་བ་འཛིན་པའི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་གང་གིས་ཀྱང་གསལ་བར་སྣང་བ་ཅན་དུ་བྱེད་མི་

Vol. 188 · folio 122a

ནུས་ན་འོ་ན་ནི་ཉེ་བ་མ་ཡིན་པ་སྔོན་མཐོང་བ་འཛིན་པའི་ཕྱིར་ན་གསལ་བར་སྣང་བ་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་གཏན་ཚིགས་སུ་བརྗོད་པར་བྱ་བ་ལས། ཅིའི་ཕྱིར་རྨི་ལམ་གྱིས་ཀྱང་གསལ་བར་བྱེད་པ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་གསལ་བར་བྱ་ནུས་པ་མ་ཡིན་ནོ་ཞེས་བརྗོད་ཅེ་

ན། བདེན་ཏེ། འོན་ཀྱང་ཁ་ཅིག་འདི་སྙམ་དུ་ཇི་ལྟར་ཡིད་ཀྱི་རྣམ་ཤེས་གསལ་བར་སྣང་བ་མ་ཡིན་པ་བསྒོམས་པས་གསལ་བར་བྱེད་པ་དེ་བཞིན་དུ་རྣམ་པར་རྟོག་པ་ཡང་ཡིན་ནོ་ཞེས་དོགས་པར་འགྱུར་བ་དེ་བཟློག་པའི་དོན་དུ་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་སྣང་བའི་རྒྱུ་ནི་རྣམ་པར་རྟོག་པ་གསལ་བར་

སྣང་བར་བྱ་བ་ལ་མཐུ་རྡུགས་པར་བསྟན་པ་ཡིན་ནོ། །དེའི་དོན་འདི་ཡིན་ཏེ། ཡིད་ཀྱི་རྣམ་ཤེས་གསལ་བར་སྣང་བའི་རྒྱུ་ཡིན་ནོ་ཞེས་ཏེ། དེ་ལྟར་རྣམ་པར་རྟོག་པ་ཡང་གསལ་བར་བྱེད་པ་མ་ཡིན་ཏེ། སྒྲ་དང་འདྲེས་པ་ལ་གསལ་བར་སྣང་བ་ཉིད་འགལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཉིད་ཀྱིས་ཀྱང་

གསལ་བར་བྱེད་པ་མ་ཡིན་ཏེ། འགལ་བ་ཉེ་བར་གནས་པའི་ཕྱིར་རོ། །བསྒོམ་པར་བྱ་བའི་དོན་ནི་གསལ་བར་སྣང་བར་འགྱུར་བ་ཡིན་ན་སྒྲ་ནི་བསྒོམ་པར་བྱ་བ་མ་ཡིན་ནོ། །སྒྲ་དང་དོན་བསྒོམ་པར་བྱ་བ་ཡིན་དུ་ཟིན་ཀྱང་། ཇི་སྲིད་སྔར་མཐོང་བ་ཉིད་དུ་སྣང་བ་དེ་སྲིད་དུ་རྣམ་པར་རྟོག་པ་ཅན་གྱི་ཤེས་པ་ཡིན་

ཞིང་དེ་སྲིད་དུ་ཡང་དེ་དག་གསལ་བར་སྣང་བ་མ་ཡིན་ཏེ། ཉེ་བ་མ་ཡིན་པ་ཉིད་དུ་སྣང་བའི་ཕྱིར་རོ། །ཡང་གང་གི་ཚེ་སྔར་མཐོང་བ་ཉིད་དུ་མི་འཛིན་པ་དེའི་ཚེ་ཡང་ཕན་ཚུན་གཙོ་བོ་དང་ཕལ་པའི་དངོས་པོར་སྣང་བ་མེད་པ་ནི་འབྲེལ་པར་སྣང་བ་མ་ཡིན་ནོ། །ཕལ་པ་དང་གཙོ་བོའི་དངོས་པོ་དང་བྲལ་བས་འབྲེལ་པས་

སྟོང་པར་འཛིན་པར་བྱེད་པ་ནི་རྣམ་པར་རྟོག་པ་དང་བཅས་པའི་ཤེས་པ་མ་ཡིན་ཏེ། དཔེར་ན་བུམ་པ་གཉིས་འཛིན་པར་བྱེད་པ་རྣམ་པར་རྟོག་པ་དང་བཅས་པ་མ་ཡིན་པ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་རྣལ་འབྱོར་པའི་ཤེས་པ་སྒྲ་ལ་སོགས་པའི་སྤྱོད་ཡུལ་དུ་མི་འཛིན་པར་བྱེད་པ་ཡིན་ཡང་། ཁྱད་པར་ཅན་གྱི་དངོས་པོའི་

མཚན་ཉིད་ཕལ་པ་དང་གཙོ་བོར་འཛིན་པ་མེད་པའི་ཕྱིར་རྣམ་པར་རྟོག་པ་ཅན་ཡིན་ནོ་ཞེས་ལན་མང་དུ་བཤད་ཟིན་ཏོ། །དེ་ལྟར་གནས་པ་ན་སྐབས་ཀྱི་དོན་ནི་འདི་ཡིན་ཏེ། ཁྱད་པར་ཅན་གྱི་དོན་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་གང་ཞིག་བསྒོམས་པས་ཁྱད་པར་དུ་འགྱུར་བར་སྲིད་པ་དེ་ནི་གསལ་བར་སྣང་བར་འགྱུར་

Vol. 188 · folio 122b

བ་ཡིན་ཏེ། དཔེར་ན་འཇིགས་པ་ལ་སོགས་པའི་དངོས་པོའི་ཁྱད་པར་དུ་སྣང་བའི་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་ནོ། །བསྒོམས་པས་ཁྱད་པར་དུ་འགྱུར་བ་ལ་ནི་གསལ་བར་སྣང་བར་བྱེད་ནུས་པས་ཁྱབ་པ་ཡིན་ལ། གལ་ཏེ་དེ་ཡོད་དུ་ཟིན་ཀྱང་གསལ་བར་སྣང་བར་མི་འགྱུར་ན་ནི་བསྒོམས་པའི་ནུས་པ་ཉིད་

སྤངས་པར་འགྱུར་བ་ཡིན་པས་དེའི་ཕྱིར་ལན་ཅིག་ཀྱང་གསལ་བར་མི་འགྱུར་བ་ལས་འཇིགས་པ་ལ་སོགས་པ་ལ་མཐོང་བ་ཡང་ཡིན་ནོ། །གང་གིས་ནུས་པ་མེད་པ་ཉིད་དུ་དོགས་པར་འགྱུར་བ་དེ་ལ་རྒྱུ་གཞན་ནི་ཡོད་པ་མ་ཡིན་ནོ། །དེས་ན་ཁྱབ་པར་བྱེད་པ་མི་དམིགས་པས་མི་མཐུན་པའི་ཕྱོགས་ལས་

ལྡོག་པ་ན་གཏན་ཚིགས་རང་བཞིན་ཉིད་དོ། །བདག་ཅག་ལ་སོགས་པའི་མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་བསྒོམས་པ་ཁྱད་པར་དུ་འགྲོ་བ་སྲིད་པ་ཡིན་ནོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་རེ་ཞིག་མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་གྱི་

རྣམ་པར་ཤེས་པ་དངོས་པོ་ཐམས་ཅད་ཀྱི་ཡུལ་ཅན་ནི་སྲིད་པ་ཉིད་ཡིན་པར་ཁོ་བོ་ཅག་ལ་སོགས་པའི་ཉམས་སུ་མྱོང་བས་གྲུབ་པ་ཡིན་ལ། དེ་སྒོམ་པར་བྱེད་པ་ན་རྒྱུན་གྱིས་བསྒྲུབ་པར་ནུས་པ་ཉིད་ཀྱང་ཉམས་སུ་མྱོང་བས་ཁོང་དུ་ཆུད་པ་ཡིན་ནོ། །བསྒོམས་པའི་རྒྱུ་སྙིང་རྗེ་ཡང་འགའ་ཞིག་ལ་སྲིད་པ་ལ།

འཇིག་རྟེན་ཕ་རོལ་ཡང་གཞན་དུ་བསྒྲུབས་པ་དེའི་ཕྱིར་བསྒོམས་པའི་དུས་ཀྱང་ཡོད་པས་མི་སྲིད་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཕུལ་དུ་ཕྱིན་པའི་དུས་སུ་གོམས་པར་བྱས་པ་དང་ལྷན་ཅིག་པའི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་གསལ་བར་སྣང་བ་སྐྱེ་བའི་རྒྱུ་མ་ཚང་བ་མེད་པ་ཡིན་པར་བསྟན་པ་ཡིན་

ཏེ། རྒྱུ་མ་ཚང་བ་མེད་པ་བསྟན་པ་ཉིད་འགའ་ཞིག་གི་སྲིད་པའི་ཚད་མར་བརྗོད་པ་ཡིན་ནོ། །འདི་ལྟར་རྒྱུའི་ཚོགས་པ་འདི་ཡོད་ལ་གེགས་བྱེད་པ་མེད་ན་ནི་ངེས་པར་འབྲས་བུ་དེ་འབྱུང་བ་ཡིན་ནོ་ཞེས་བྱ་བ་འདི་སྲིད་པའི་དོན་ཡིན་གྱི། དེ་འགོག་པའི་གཏན་ཚིགས་མེད་པ་དེའི་ཕྱིར་སྲིད་པར་ཡང་འགྱུར་རོ་ཞེས་

བྱ་བ་འདི་ནི་སྲིད་པའི་དོན་མ་ཡིན་ཏེ། རྒྱུ་རྣམས་ཚོགས་པས་འབྲས་བུ་སྐྱེ་བར་རྗེས་སུ་དཔོག་པ་ནི་སྲིད་པའི་ཚད་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་འདི་རང་བཞིན་གྱི་གཏན་ཚིགས་ཀྱི་ཁོངས་སུ་འདུ་བ་དེ་ལྟར་ནི་རྒྱུ་ཚོགས་པ་ལས་འབྲས་བུ་སྐྱེ་བ་ཞེས་འདི་ཉིད་དུ་སྟོན་པར་འགྱུར་རོ། །དེ་ལྟ་ན་ཡང་ཁ་ཅིག་ན་རེ་ཡིད་

Vol. 188 · folio 123a

ཀྱི་རྣམ་པར་ཤེས་པ་ནི་མ་རིག་པའི་རང་བཞིན་ཉིད་ཡིན་པས་དེ་ཇི་ལྟར་དག་པར་བྱེད་ནུས་ཤིང་གང་གིས་ན་མངོན་སུམ་དུ་འགྱུར་ཞེས་གང་སྨྲས་པ་དེ་ལ་ཡང་གསལ་བ་ཡིན་ཏེ། བསྒོམས་པས་གསལ་བར་སྣང་བ་ཉིད་ཡིན་པ་དེའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཡིན་ལ། ཚད་མས་

ཡོངས་སུ་དཔག་པའི་དོན་ཅན་ཉིད་ཀྱིས་ཀྱང་མི་སླུ་བ་ཉིད་ཡིན་ཏེ། དེའི་ཕྱིར་བསྡོམས་པས་མངོན་སུམ་ཉིད་དུ་འགྱུར་བ་གང་ཡིན་པ་དེའི་ཇི་ལྟར་མ་རིག་པའི་རང་བཞིན་དོན་མེད་པ་འཛིན་པར་འགྱུར། གཞན་ཡང་རྣམ་པར་ཤེས་པ་ནི་དོན་འཛིན་པར་ངེས་པ་མ་ཡིན་ཏེ། དོན་མེད་པ་ཡང་འཛིན་པའི་ཕྱིར་

རོ། །དོན་མེད་པར་འཛིན་པར་ངེས་པ་ཡང་མ་ཡིན་ཏེ། དབང་པོའི་རྣམ་པར་ཤེས་པས་དོན་ཡང་འཛིན་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་ཤེས་པ་བདག་ཉིད་དུ་མ་གྱུར་པ་གསལ་བར་བྱེད་པའི་ནུས་པ་དང་ལྡན་པའི་ཕྱིར་ཡོད་པ་དང་མེད་པ་ཁྱད་པར་མེད་པར་གསལ་བར་བྱེད་པ་ཡིན་ནོ། །རྣམ་

པའི་ཁྱད་པར་དང་ལྡན་པའི་ཤེས་བྱ་འཛིན་པར་བྱེད་པ་ཉིད་ཡིན་པའི་ཕྱིར་ཡོད་པ་ནི་ངོ་བོ་ཉིད་ལས་འཛིན་པ་ཡིན་ཏེ། གང་གི་ཕྱིར་གཟུང་བར་བྱ་བའི་རང་བཞིན་དེ་དང་འཛིན་པར་བྱེད་པའི་རང་བཞིན་གྱི་ཤེས་པ་ཡོད་པས་དེ་ཅིའི་ཕྱིར་མི་འཛིན། འཛིན་པར་བྱེད་པ་ཡོད་ཅིང་དངོས་པོ་ཡང་ཡོད་པ་ན་ཡོད་པའི་

དོན་མི་འཛིན་པ་ནི་རྒྱུ་ལས་ངེས་པའི་ཕྱིར་ཏེ། དཔེར་ན་གསལ་བའི་བདག་ཉིད་དུ་ཡོད་པའི་སྒྲོན་མ་ནི་རྒྱུའི་སྟོབས་ཀྱིས་ཉེ་བ་ན་འདུག་པ་ཉིད་གསལ་བར་བྱེད་པ་བཞིན་ནོ། །དེའི་ཕྱིར་རང་བཞིན་དང་བཅས་པའི་དངོས་པོ་འཛིན་པ་ནི་རང་གི་ངོ་བོ་ཁོ་ན་ལས་ཡིན་པའི་ཕྱིར་ངོ་བོ་ཉིད་དང་བཅས་པའི་རྣམ་པར་ཤེས་

པའི་རང་གི་ངོ་བོ་ཡིན་པར་གྲུབ་བོ། །མེད་པ་ནི་རྣམ་པ་དང་བཅས་པའི་རང་བཞིན་གྱིས་སྟོང་པའི་ཕྱིར་རང་གི་ངོ་བོ་འཛིན་པ་མ་ཡིན་ནོ། །རྒྱུ་མཚན་གཞན་གྱིས་ཀྱང་མ་ཡིན་ཏེ། རྒྱུ་མཚན་གཞན་མ་མཐོང་བའི་ཕྱིར་རོ། །འོན་ཀྱང་ཉམས་སུ་མྱོང་བའི་དངོས་པོ་དང་འདྲ་བའི་མེ་ཏོག་དོན་གྱི་རྣམ་པ་ནི་ལོག་

པར་འཛིན་པ་གོམས་པ་ལས་རྣམ་པར་ཤེས་པས་བདག་ཉིད་ལ་སྟོན་པར་བྱེད་པ་ཡིན་ནོ། །གང་གི་ཕྱིར་དེ་སྔོན་དུ་འགྲོ་བ་ཅན་གྱི་མེད་པའི་དོན་འཛིན་པའི་ཐོག་མ་དང་བཅས་པར་འགྱུར་བ་དོན་ཉམས་སུ་མྱོང་བ་དང་ལོག་པར་འཛིན་པའི་བག་ཆགས་ལ་ཐོག་མ་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་དོན་འཛིན་པ་ལ་

Vol. 188 · folio 123b

ལྟོས་པའི་ལོག་པར་འཛིན་པ་གོམས་པ་ནི་རྒྱུ་ཡིན་ནོ། །དེ་ཁོ་ན་ཉིད་ངེས་པར་རྟོགས་པ་ན་ལྡོག་པའི་ཆོས་ཅན་ཡིན་པ་ཉིད་ཀྱིས་རང་གི་རང་བཞིན་མ་ཡིན་པའི་དོན་མེད་པ་འཛིན་པ་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་ཏེ། དེའི་ཕྱིར་མ་རིག་པའི་རང་བཞིན་ནི་གློ་བུར་བ་ཡིན་ནོ། །དངོས་པོའི་རང་

བཞིན་འཛིན་པ་ནི་རང་གི་དངོས་པོ་ཙམ་ལ་ལྟོས་པ་དང་། དངོས་པོ་རྣམས་ཀྱི་དེ་ཁོ་ནའི་རང་བཞིན་ཡང་ལྡོག་པ་མེད་པས་མི་ལྡོག་པའི་ཆོས་ཅན་ཡིན་པའི་ཕྱིར་རྣམ་པར་ཤེས་པའི་རང་གི་རང་བཞིན་ཡིན་ན། དེ་ཇི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་དོན་མེད་པར་འཛིན་པར་འགྱུར་ཏེ། རྣམ་འགྲེལ་ལས།

རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །དེ་ནི་ཇི་ལྟར་ཡོད་པ་བཞིན། །ཞེས་ཤེས་པ་ནི་དངོས་པོ་འཛིན་པའི་རང་བཞིན་དུ་བཤད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མ་རིག་པ་ལ་སོགས་པ་གློ་བུར་གྱི་དྲི་མ་རྣམས་ལོག་པ་ལས་ཀྱང་སྐྱེས་པར་མི་འགྱུར་ཏེ། རྒྱུ་དྲུངས་ཕྱུང་བའི་ཕྱིར་དང་། དེ་དག་ཤེས་པའི་རང་

བཞིན་མ་ཡིན་པའི་ཕྱིར་རོ། །རྣམ་འགྲེལ་ལས། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཞེས་བདག་མེད་པ་མཐོང་བའི་བདག་ཉིད་ཀྱི་རྣམ་པར་ཤེས་པ་ལྡོག་པ་མེད་པའི་ཆོས་སུ་བཤད་དོ། །དེའི་ཕྱིར་དེ་ལྟར་ཐམས་ཅད་མཁྱེན་པ་དང་། འདོད་ཆགས་དང་བྲལ་བ་གྲུབ་པ་ལ་གསལ་

བར་སྣང་བ་ཉིད་བསྒོམས་པའི་རྒྱུ་ཅན་ཡིན་པར་འབད་པས་བསྒྲུབ་པར་བྱ་བ་ཡིན་ཏེ། ཐམས་ཅད་མཁྱེན་པའི་མཁྱེན་པ་དང་། བདག་མེད་པ་མཐོང་བ་ཡིན། མངོན་སུམ་ཉིད་ཡིན་པའི་ཕྱིར་རོ། །གསལ་བར་སྣང་བ་དང་རྣམ་པར་རྟོག་པ་དག་འགལ་བར་བརྗོད་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ཡང་

དོན་དམ་པ་ཡིན་ནོ། །དེ་ལྟར་ན་གང་གི་ཕྱིར་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་དབང་པོ་ཉིད་ལྟ་བ་པོ་ཡིན་པ་དང་། སློབ་དཔོན་གྱིས་ལུང་ལ་བརྟེན་པའི་ཡིད་ཀྱི་མངོན་སུམ་བཀོད་པ་ལ་གཞན་གྱིས་སྐྱོན་བརྗོད་པ་དང་། ཁ་ཅིག་རང་རིག་པ་དང་རྣལ་འབྱོར་པའི་ཤེས་པ་ཁས་མི་ལེན་པ་དེའི་ཕྱིར་རོ། །ལོག་པར་

རྟོགས་པ་འདི་ཐམས་ཅད་བསལ་བའི་དོན་དུ་མངོན་སུམ་རྣམ་པ་བཞི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པའི་མཚན་ཉིད་དང་བཅས་པར་བཤད་ནས། སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་བདག་ཉིད་ལྷན་ཅིག་འདོད་པ་གཅིག་ཏུ་བསྟན་པའི་ཕྱིར། མ་འཁྲུལ་པའི་རྣམ་པར་གཅད་པར་བྱ་བ་སྟེན་པ་ན། སློབ་

Vol. 188 · folio 124a

དཔོན་ཕྱོགས་ཀྱི་གླང་པོའི་རྗེས་སུ་འབྲང་བ་རྟོག་པ་དང་བྲལ་བ་ཙམ་ཞིག་ཐོས་པ་དང་ལྡན་པས་མ་འཁྲུལ་པ་སྨོས་པ་ལ། སྨད་པ་དང་བཅས་པའི་གུད་ན་གནས་པ་སློང་བར་བྱེད་དེ། གལ་ཏེ་གསལ་བར་སྣང་བ་ཐམས་ཅད་རྣམ་པར་རྟོག་པ་མེད་པ་ཡིན་ལ། རྟོག་པ་མེད་

པ་ཡང་མངོན་སུམ་དུ་བརྗོད་པ་དེ་ལྟ་ན་འོ་ན་ནི་རྨི་ལམ་གྱི་ཤེས་པ་གསལ་བར་སྣང་བའི་ཕྱིར་རྟོག་པ་མེད་པ་ཡིན་ལ། དེའི་ཕྱིར་མངོན་སུམ་དུ་འགྱུར་རོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། མ་འཁྲུལ་པ་ཞེས་བསྟན་པའི་ཕྱིར་རོ། །གང་ཞིག་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་དེ་ནི་མངོན་སུམ་མོ་ཞེས་

ཁོ་བོས་བརྗོད་ཟིན་པའི་ཕྱིར་དང་། ཇི་ལྟར་སློབ་དཔོན་གྱི་དགོངས་པ་ཡང་འདི་ཡིན་པ་དེ་ལྟར་ནི་དེ་མ་ཐག་པ་ཉིད་དུ་སྟོན་པར་འགྱུར་རོ། །དེས་ན་རྨི་ལམ་གྱི་ཤེས་པ་གསལ་བར་སྣང་བ་ཡང་གང་གིས་འཁྲུལ་པ་དེའི་ཕྱིར་མངོན་སུམ་མ་ཡིན་ནོ། །གང་གི་ཕྱིར་རྨི་ལམ་གྱི་ཤེས་པ་གསལ་བར་སྣང་ཡང་

མངོན་སུམ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་མངོན་སུམ་ལྟར་སྣང་བ་རྣམ་པ་གཉིས་སུ་བདག་གིས་བརྗོད་ལ། སློབ་དཔོན་གྱིས་ཀྱང་ཇི་ལྟར་བརྗོད་པ་དེ་ལྟར་འཆད་པར་འགྱུར་རོ། །རེ་ཞིག་གཅིག་ནི་རྣམ་པར་རྟོག་པ་སྟེ། དེ་ཡང་དངོས་པོ་མི་སྣང་བའི་ཕྱིར་དངོས་པོ་སྣང་བ་དང་བྲལ་བའི་ཕྱིར་མངོན་སུམ་ལྟར་

སྣང་བའོ། །ཉེ་བར་བསླད་པ་ནི་ཕྱིན་ཅི་ལོག་གི་དོན་ཅན་གྱི་ཤེས་པའོ། །སླུ་བའི་ཕྱིར་ཏེ་དོན་མི་འཐོབ་པའི་ཕྱིར་མངོན་སུམ་ལྟར་སྣང་བའོ། །ཚིག་ལེའུར་བྱས་པ་ལས་དོན་གྱིས་ཐོབ་པའི་རྣམ་པ་གཉིས་པོ་འགྲེལ་པར་དངོས་སུ་ཁ་བསྐངས་ནས་རྣམ་པ་གཉིས་ཀྱི་སྒྲས་བསྟན་ཏོ། །འདི་སྐད་

བསྟན་པ་ཡིན་ཏེ། གལ་ཏེ་རྣམ་པར་རྟོག་པ་ཅན་གྱི་ཤེས་པ་ཐམས་ཅད་མི་བདེན་པའི་དོན་ཅན་ཡིན་པ་དེ་ལྟ་ན་ཡང་ཐ་སྙད་ཀྱི་དབང་གིས་འགའ་ཞིག་མི་སླུ་བ་ཉིད་དུ་འདོད་པ་ཡིན་ལ། དེ་ཡང་དངོས་པོའི་རྣམ་པ་དང་བྲལ་བའི་ཕྱིར་མངོན་སུམ་ལྟར་སྣང་བའོ། །ལོག་པར་སྣང་བའི་རྣམ་པར་ཤེས་པ་

ཡང་མངོན་པར་འདོད་པ་གང་ཡིན་པ་དེ་ལ་སླུ་བ་ཉིད་ཀྱིས་དོན་སྣང་བ་དང་བྲལ་བ་དེས་ན་འཁྲུལ་པ་ཡིན་ནོ། །འདི་གཉིས་ཀ་ཡང་མ་འཁྲུལ་པ་སྨོས་པ་ཉིད་ཀྱིས་བསལ་ཏོ། །མ་འཁྲུལ་པ་སྨོས་པས་ནི་བསླད་པ་བསལ་བ་ཡིན་ལ་རྣམ་པར་རྟོག་པ་མེད་པས་ནི་རྣམ་པར་རྟོག་པ་ཞེས་དེ་སྐད་ནི་བརྗོད་པར་མི་

Vol. 188 · folio 124b

ནུས་ཏེ། འདི་ལྟར་མཚན་ཉིད་བསྟན་པའི་ཕྱིར་འདི་བརྗོད་པ་ནི་མ་ཡིན་ཏེ། གཞན་དུ་ན་ནི་རྟོག་པ་དང་བྲལ་བ་སྨོས་པས་ནི་རྣམ་པར་རྟོག་པ་བསལ་ལ། བསླད་པ་ནི་ལོག་པའི་ཤེས་པ་ཡིན་པ་ན་ཧ་ཅང་ཐལ་བར་མི་འགྱུར་བས་མ་འཁྲུལ་པ་སྨོས་པར་ལྷག་པར་འགྱུར་རོ། །གཞན་ཡང་དེ་མ་

ཐག་ཏུ་བརྗོད་པའི་གང་གི་ཕྱིར་མངོན་སུམ་ནི་དངོས་པོ་སྣང་བ་ཡིན་ཏེ་ཞེས་བྱ་བ་དེ་མཚན་ཉིད་གང་གིས་བསྡུས། གལ་ཏེ་མཚན་ཉིད་ལས་ཕྱི་རོལ་དུ་གྱུར་པར་བརྗོད་ན་ནི། དེའི་ཚེ་མཚན་ཉིད་གཉིས་ཀྱིས་གཉིས་བསལ་བར་བྱ་བ་ལས་སྔ་ན་མེད་པའི་མཚན་ཉིད་ཀྱིས་མ་བསྡུས་པའི་གཞན་གྱིས་བསལ་

བར་རྩོམ་པས་ཅི་ཞིག་བྱ། དེའི་ཕྱིར་མངོན་སུམ་ལྟར་སྣང་བའི་ཤེས་པ་ནི་འདི་དག་ཙམ་ཞིག་སྲིད་དེ། འདི་དག་སྟེ། རྟོག་པ་དང་བཅས་པ་དང་རྟོག་པ་མེད་པའོ་ཞེས་བྱ་བ་འདི་བརྗོད་པར་བཞེད་པ་ཡིན་ལ། དེ་གཉི་ག་ཡང་མ་འཁྲུལ་པ་སྨོས་པ་ཉིད་ཀྱིས་བསྡུས་པ་ཡིན་ནོ། །མ་འཁྲུལ་པ་

སྨོས་པ་མེད་པར་རྣམ་པར་རྟོག་པ་མེད་པ་སྨོས་པས་ནི་རྣམ་པར་རྟོག་པ་ཁོ་ན་བསལ་བར་འགྱུར་ལ། མི་འཁྲུལ་པ་སྨོས་པ་ཡོད་ན་ཡང་གཉི་ག་བསལ་བའི་ཕྱིར་རྣམ་པར་རྟོག་པ་མེད་པ་སྨོས་པ་ནི་ལོག་པར་རྟོགས་པ་བསལ་བའི་དོན་ཉིད་དོ། །ཡང་དག་པའི་ཤེས་པའི་དབང་དུ་བྱས་པའི་ཕྱིར་རྨི་ལམ་གྱི་

ཤེས་པ་གཅོད་པ་གྲུབ་ཀྱང་། མི་སླུ་བར་མངོན་པར་འདོད་པའི་གསལ་བར་སྣང་བ་གཞན་བཅད་པའི་དོན་དུ་མ་འཁྲུལ་པ་སྨོས་པར་བྱ་བ་ཡིན་ནོ་ཞེས་མཚན་ཉིད་གསལ་བར་བརྗོད་ཟིན་ཏོ། །རྨི་ལམ་གྱི་ཤེས་པ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་རྨི་ལམ་གྱི་ཤེས་པའི་སྐབས་ཡིན་པའི་ཕྱིར་ཏེ། མ་འཁྲུལ་

པ་སྨོས་པ་ནི་ཇི་ལྟར་ཡང་རུང་བའི་དགོས་པ་དང་ལྡན་པ་ཡིན་ནོ་ཞེས་བསྟན་པའི་དོན་དུའོ། །ཡང་ཇི་ལྟར་ན་དངོས་པོ་མི་སྣང་བའི་ཕྱིར་རྣམ་པར་རྟོག་པ་མངོན་སུམ་ལྟར་སྣང་བ་ཡིན་ཞེ་ན། བཤད་པ། གང་གི་ཕྱིར་མངོན་སུམ་གང་ལ་དངོས་པོ་སྣང་བ་ཡོད་པ་དེ་ནི་དེ་ལྟ་བུ་སྟེ་ཁོ་བོ་དང་སློབ་དཔོན་གྱིས་བརྗོད་

ཟིན་ཏོ། །དེ་ག་ལས་ཤེ་ན། དེ་མེད་ན་ཞེས་གསུངས་ཏེ། དངོས་པོ་དེ་མེད་ན་མངོན་སུམ་དེའི་རྣམ་པ་གཟུང་བའི་རྣམ་པ་དེ་ཉམས་པ་སྟེ་ལྡོག་པའི་ཕྱིར་རོ། །གང་གི་ཕྱིར་འདིས་མངོན་སུམ་གྱི་སྣང་བ་ནི་དོན་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་ནོ་ཞེས་བྱ་བ་དང་། གང་ཞིག་ཤེས་པའི་སྣང་

Vol. 188 · folio 125a

བ་ཞེས་བྱ་བ་ལ་སོགས་པ་དང་། ཡང་དེ་བཞིན་དུ་ལྡོག་པ་དང་རྗེས་སུ་འགྲོ་བའི་རྗེས་སུ་མི་བྱེད་པ་ནི་རྒྱུ་མ་ཡིན་ཞིང་། རྣམ་པར་གཏོད་པར་ནུས་པའི་རྒྱུ་ནི་ཡུལ་ཡིན་ནོ་ཞེས་བྱ་བ་འདིས་བརྗོད་ཟིན་ཏོ། །རྣམ་པར་རྟོག་པ་ནི་དེ་ལྟར་དངོས་པོ་སྣང་བ་མ་ཡིན་ཏེ། དེའི་སྟེ་རྣམ་པར་

རྟོག་པའི་སྣང་བ་དངོས་པོ་སྟེ་རང་གི་མཚན་ཉིད་དང་མཐུན་པ་མ་ཡིན་ཏེ། ཡོད་པ་དང་མེད་པའི་རྗེས་སུ་མི་འགྲོ་བའི་ཕྱིར་རོ། །འདི་ག་ལས་ཤེ་ན། དངོས་པོ་མེད་ཀྱང་རྣམ་པར་རྟོག་པའི་རྣམ་པ་མི་ཉམས་པའི་ཕྱིར་རོ། །འདི་ཡང་། འདི་ནི་བརྗོད་མེད་རྟོགས་བྱེད་ཡིན། །ཞེས་བྱ་བ་དེའི་ནང་དུ་རྒྱས་པར་བསྟན་ཟིན་

ཏོ། །དངོས་པོ་དང་མཐུན་པ་མ་ཡིན་པའི་ཕྱིར་རྣམ་པར་རྟོག་པ་མངོན་སུམ་ལྟར་སྣང་བ་ཡིན་པར་མ་ཟད་ཀྱི། ཉེ་བར་བསླད་པ་ཡང་མངོན་སུམ་ལྟར་སྣང་བ་ཡིན་ཏེ། དབང་པོ་ལས་སྐྱེས་པ་ཡིན་དུ་ཟིན་ཀྱང་ངོ་། །དབང་པོ་ལས་སྐྱེས་པའི་གཏན་ཚིགས་བཤད་པ། དབང་པོ་ལས་སྐྱེས་པ་

གཞན་ལས་བསླད་པ་དེ་ཁྱད་པར་མེད་པའི་ཕྱིར་རོ། །བསླད་པ་ནི་ཡིད་འབའ་ཞིག་ཏུ་མ་ཟད་ཀྱི་ཉེ་བར་བསླད་པ་གང་ཡིན་པ་འགའ་ཞིག་ནི་དབང་པོ་ལས་སྐྱེས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་ཡང་གི་སྒྲའི་དོན་ཏོ། །ཅིའི་ཕྱིར་དབང་པོ་ལས་སྐྱེས་པ་ཡིན་ཞེ་ན། བཤད་པ། རྣམ་པར་བསླད་པ་ཞེས་

བརྗོད་པ་དེ་ལས་གཞན་པའི་དབང་པོ་ལས་སྐྱེས་པའི་ཤེས་པ་དེ་དང་ཁྱད་པར་མེད་པའི་ཕྱིར་རོ། །ཁྱད་པར་ཡོད་པ་མ་ཡིན་པའི་ཕྱིར་བསླད་པ་དབང་པོ་ལས་སྐྱེས་པ་འདི་ཡང་མངོན་སུམ་ལྟར་སྣང་བ་སྟེ། གང་གི་ཕྱིར་དངོས་པོ་དང་མཐུན་པ་མ་ཡིན་པའི་ཕྱིར་ཏེ། རྣམ་པར་བསླད་པ་འདི་སྣང་བ་དངོས་

པོ་དང་མཐུན་པ་ཅན་མ་ཡིན་པ་དེའི་ཕྱིར་སྣང་བ་དངོས་པོ་ལ་མི་ལྟོས་པས་མངོན་སུམ་ལྟར་སྣང་བ་ཡིན་ཏེ། རྣམ་པར་རྟོག་པ་བཞིན་ནོ། །སྐྲ་ཤད་དུ་སྣང་བ་དངོས་པོ་དང་མཐུན་པར་སྣང་བ་མ་ཡིན་དུ་ཟིན་ཀྱང་དབང་པོ་ལས་སྐྱེས་པའི་བསླད་པའི་ཤེས་པ་འགའ་ཞིག་ཟླ་བ་ལ་སོགས་པ་འགའ་ཞིག་ཡོད་པ་

ཉིད་ལ་སྐྱེ་བར་འདོད་པ་མ་ཡིན་ནམ། དེའི་ཕྱིར་སྣང་བ་ཐམས་ཅད་དངོས་པོ་དང་མཐུན་པ་མ་ཡིན་པར་བརྗོད་ཅེ་ན། སླུ་བའི་ཕྱིར་ཞེས་བཤད་པ་དེ། དཔེར་ན་ཇི་ལྟར་སྣང་བ་བཞིན་དུ་ཕྱི་རོལ་ན་དངོས་པོ་མེད་པའི་ཕྱིར་སྐྲ་ཤད་དུ་སྣང་བའི་ཤེས་པ་ལ་ཡུལ་འགའ་ཡང་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཟླ་བ་

Vol. 188 · folio 125b

གཉིས་ལ་སོགས་པར་སྣང་བ་ལ་ཡང་ཡུལ་ཡོད་པ་མ་ཡིན་ཏེ། ཇི་ལྟར་སྣང་བ་བཞིན་དུ་ཟླ་བ་གཉིས་དང་འགྲོ་བ་ལྗོན་ཤིང་ཕྱི་རོལ་ན་མེད་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་བསླད་པའི་སྣང་བ་སླུ་ཞིང་འདྲིད་པ་ཡིན་ལ་དེ་ལས་ཀྱང་དངོས་པོ་དང་མཐུན་པ་མ་ཡིན་པ་དེའི་ཕྱིར་མངོན་སུམ་ལྟར་སྣང་

བའོ། །སླུ་བའི་ཕྱིར་དངོས་པོ་སྣང་བ་མ་ཡིན་པར་བརྗོད་པ་འདིས་ནི་རྨི་ལམ་གྱི་ཤེས་པ་ཞེས་བྱ་བའི་ཡིད་ཀྱི་རྣམ་པར་བསླད་པ་ཡང་སླུ་བའི་ཕྱིར་དངོས་པོ་སྣང་བ་མ་ཡིན་པར་བཤད་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། མ་འཁྲུལ་པ་སྨོས་པས་རྟོག་པ་དང་བཅས་པ་དང་བསླད་པ་བསལ་བ་ན་ཧ་

ཅང་ཐལ་བ་མེད་ཀྱང་། རྟོག་པ་དང་བྲལ་བ་སྨོས་པ་ནི་ལོག་པར་རྟོགས་པ་བསལ་བའི་དོན་དུ་བྱས་པ་ཡིན་ཏེ། དངོས་སུ་རྣམ་པར་རྟོག་པ་བཟློག་པར་འགྱུར་བའི་ཕྱིར་རོ། །ཟླ་བ་གཉིས་ལ་སོགས་པར་འཁྲུལ་པ་ནི་ཇི་ལྟར་ཡང་དབང་པོས་བསྐྱེད་པ་མ་ཡིན་པ་ཉིད་དེ། འོན་ཀྱང་འདི་ནི་ཡིད་

ཡིན་ནོ། །ཟླ་བའི་ཡུལ་ལ་ནི་གྲངས་འཁྲུལ་པ་ཡིན་ཞིང་། མགལ་མེ་ལ་ནི་དབྱིབས་འཁྲུལ་པ་ལྗོན་ཤིང་ལ་ནི་བྱ་བ་འཁྲུལ་པ་ཡིན་ལ། གྲངས་ལ་སོགས་པ་འདི་དག་ཀྱང་སྒྲོ་བཏགས་ཀྱི་སྤྱོད་ཡུལ་ཁོ་ནའོ། །ཡང་འདི་དག་གི་གསལ་བར་སྣང་བ་ཉིད་ནི་དཔེར་ན་སྨིག་རྒྱུ་ལ་ཆུར་འཁྲུལ་པ་

དེ་བཞིན་དུ་བལྟ་བར་བྱའོ་ཞེས་ཁ་ཅིག་གིས་རྟོགས་སོ། །དེ་ནི་དེ་ལྟར་རིགས་པ་མ་ཡིན་ཏེ། དབང་པོ་ལས་བྱུང་བ་དབང་པོ་ལས་སྐྱེས་པ་ལ་ནི་ཡོད་པ་དང་མེད་པའི་རྗེས་སུ་བྱེད་ཅིང་རྗེས་སུ་འགྲོ་བ་གང་ཡིན་པ་སྟེ། དབང་པོའི་ཤེས་པའི་སྐབས་ཡིན་པའི་ཕྱིར་དབང་པོ་ཡོད་པ་དང་མེད་པ་དག་གི་

རྗེས་སུ་འགྲོ་བ་གང་ཡིན་པ་དེ་ནི་དབང་པོ་ལས་བྱུང་བ་ཉིད་དེ་ཉིད་ཀྱི་མཚན་ཉིད་དེ་ངོ་བོ་ཉིད་དུ་གནས་པ་ཡིན་ལ། གང་གི་ཕྱིར་དེ་ནི་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་འདི་ལ་ཡང་མཚུངས་པ་ཡིན་པ་དེའི་ཕྱིར་ཡིད་ཉིད་དུ་རིགས་པ་མ་ཡིན་ནོ། །གང་ལ་གང་གི་ཐ་སྙད་ཀྱི་རྒྱུ་མཚན་ཡོད་པ་དེ་ལ་

ནི་དེའི་ཐ་སྙད་དུ་བྱ་བ་ཡིན་ཏེ། དཔེར་ན་དབྱིབས་ཀྱི་ཁྱད་པར་དང་ལྡན་པའི་རྫས་ཆུ་ལ་སོགས་པ་འཛིན་པའི་ནུས་པའི་བུམ་པ་ལ་བུམ་པའི་ཐ་སྙད་དུ་བྱེད་པ་བཞིན་ནོ། །ཟླ་བ་གཉིས་ལ་སོགས་པར་སྣང་བའི་ཤེས་པ་ལ་ཡང་དབང་པོ་ལས་སྐྱེས་པའི་ཐ་སྙད་དུ་བྱ་བའི་རྒྱུ་མཚན་དབང་པོ་ཡོད་པ་དང་མེད་པའི་

Vol. 188 · folio 126a

རྗེས་སུ་བྱེད་པ་ཡོད་པ་ཡིན་ནོ། །རྒྱུ་མཚན་མེད་པར་མི་འཐད་པའི་ཕྱིར་ཐ་སྙད་འཇུག་པར་བྱ་བ་ཉིད་ལ་ནི་རྒྱུ་མཚན་ཡོད་པ་དང་ལྡན་པས་ཁྱབ་པ་ཡིན་ནོ། །འཇུག་པར་བྱ་བ་མ་ཡིན་ན་ནི་རྒྱུ་མཚན་གཞན་ལ་ལྟོས་པར་འགྱུར་བས་དེ་ཙམ་གྱི་རྒྱུ་མཚན་ཅན་དུ་མཐོང་བར་

མི་འགྱུར་ཏེ། དེའི་ཕྱིར་མི་མཐུན་པའི་ཕྱོགས་ལ་ཁྱབ་པར་བྱེད་པ་ལྟོས་པ་མེད་པ་ཉིད་མི་དམིགས་པས། དེ་ཙམ་གྱི་རྒྱུ་མཚན་ཉིད་དེ་ལས་ལྡོག་པ་ན་ཡོད་ན་འཇུག་པར་བྱ་བ་ཉིད་ཀྱིས་ཁྱབ་པའི་ཕྱིར་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་གཞན་དབང་པོ་ལས་སྐྱེས་པར་མི་འདོད་ན་དབང་པོ་

ཡོད་པ་དང་མེད་པའི་རྗེས་སུ་བྱེད་པར་འདོད་པར་ཇི་ལྟར་འགྱུར། དབང་པོའི་བྱེད་པ་ཡོད་པ་ན་མཐོང་བ་ཇི་ལྟར་ཞེ་ན། རེ་ཞིག་དབང་པོ་ལས་ནི་མ་འཁྲུལ་པ་ཟླ་བ་གཅིག་ཏུ་སྣང་བའི་ཤེས་པ་དངོས་སུ་འབྱུང་ལ། དེ་ལས་ཟླ་བ་གཉིས་སུ་སྣང་བའི་རྣམ་པར་རྟོག་པ་སྐྱེ་བ་ན་དབང་པོ་ཡོད་པ་དང་མེད་

པའི་རྗེས་སུ་བྱེད་པར་ཞེན་པར་འགྱུར་རོ་ཞེ་ན། འོ་ན་ཟླ་བ་གཅིག་ཏུ་སྣང་བའི་ཤེས་པ་དེ་ཅིའི་ཕྱིར་ཉམས་སུ་མ་མྱོང་། ཅི་སྟེ་ཉམས་སུ་མྱོང་ན་ནི་ཇི་ལྟར་མ་ངེས། མ་ངེས་པར་ཁས་ལེན་ན་ནི་དབང་པོའི་ཤེས་པ་ཐམས་ཅད་ལ་ཉམས་སུ་མ་མྱོང་བའི་ཤེས་པ་འགའ་ཞིག་ཀྱང་ཡོད་པར་ཁས་བླང་བར་

བྱ་བ་ཡིན་པ་དེའི་ཕྱིར་ཉམས་སུ་མྱོང་བའི་ཐ་སྙད་ངེས་པར་འཇིག་པར་འགྱུར་བའམ། ཟླ་བ་གཉིས་སུ་སྣང་བའི་ཤེས་པ་དབང་པོའི་བྱེད་པའི་དེ་མ་ཐག་པ་ཉིད་ཡིན་པར་ཉམས་སུ་མྱོང་བས་གྲུབ་པ་གནོད་པར་བྱེད་པ་མེད་པས་བར་དུ་ཆོད་པ་ཡིན་ནོ་ཞེས་བརྗོད་པར་ཇི་ལྟར་ནུས། གང་གི་ཕྱིར་གནོད་

པར་བྱེད་པ་མེད་པར་ནི་མི་སླུ་བ་དང་བཅས་པར་ཉམས་སུ་མྱོང་བས་ངེས་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བར་བརྗོད་པ་འཐད་པ་མ་ཡིན་ཏེ། གནོད་པར་བྱེད་པ་མེད་པའི་ཕྱིར་འཁྲུལ་པར་མི་འགྲུབ་བོ་ཞེས་གང་འཆད་པར་འགྱུར་རོ། །རྣམ་འགྲེལ་ལས་ཀྱང་གནོད་པར་བྱེད་པའི་རིགས་པ་དམ་པ་མེད་པར་ནི་

ཤེས་པ་དུས་ཅིག་ཅར་བར་ཉམས་སུ་མྱོང་བས་གྲུབ་པ་སྤང་བར་ནུས་པ་མ་ཡིན་ནོ་ཞེས་བཤད་དོ། །འདི་སྙམ་དུ་ཟླ་བ་གཅིག་ཏུ་སྣང་བའི་ཤེས་པ་ཉིད་ལ་དེའི་དེ་མ་ཐག་ཏུ་བྱུང་བའི་རྣམ་པར་རྟོག་པའི་ཤེས་པས་གཉིས་སུ་སྒྲོ་བཏགས་པ་ཡིན་ཏེ། དེའི་ཕྱིར་ཟླ་བ་གཅིག་ཉིད་གསལ་བར་ཉམས་སུ་མྱོང་

Vol. 188 · folio 126b

བ་ན་གྲངས་གཞན་དུ་སྒྲོ་བཏགས་པའི་ཕྱིར་ཟླ་བ་གཉིས་སུ་སྣང་བར་ཞེན་པ་ཡིན་ནོ་ཞེ་ན། དེ་ནི་དེ་ལྟར་ཤིན་ཏུ་མ་འབྲེལ་ཏེ། བུམ་པ་གཅིག་མཐོང་བ་ལ་སྐྱེས་བུས་བཅུར་ཡོངས་སུ་བཏགས་པ་ན་ཡུལ་ཐ་དད་པར་བུམ་པ་བཅུའི་རང་བཞིན་དུ་སྣང་བ་ནི་མེད་ཀྱི། འོན་ཀྱང་གཅིག་ཉིད་གསལ་བའི་

རང་བཞིན་དུ་སྣང་བ་ན་བཅུར་ཞེན་པ་ཉིད་དོ། །འདིར་ནི་ཡུལ་གཅིག་པ་སྤངས་ནས་ཡུལ་གཞན་དུ་ཁ་དོག་དང་དབྱིབས་མཚུངས་པའི་ཟླ་བའི་དཀྱིལ་འཁོར་གཞན་ཉིད་དུ་གཟུང་བར་སྣང་བ་ཡིན་པ་དེའི་ཕྱིར་འདི་ནི་གཅིག་སྣང་བ་ན་གྲངས་བཏགས་པ་མ་ཡིན་གྱི། འོན་ཀྱང་རྣམ་པར་ཤེས་པ་འདི་ནི་

ཟླ་བ་གཉིས་སུ་སྣང་བ་ཉིད་ཡིན་ནོ། །དེ་ཡང་དབང་པོ་ལས་སྐྱེས་པ་མ་ཡིན་ལ། དབང་པོ་ལས་སྐྱེས་པ་གང་ཡིན་པ་དེ་ནི་ཉམས་སུ་མ་མྱོང་བའི་ཕྱིར་ཐལ་བ་སྔ་མ་ཉིད་དུ་འགྱུར་རོ། །གཞན་ཡང་ཉམས་སུ་མྱོང་བའི་ཐ་སྙད་ཐམས་ཅད་ལ་ཡིད་བརྟན་དུ་མེད་པར་མ་གྱུར་ཅིག་ཅེས་གཞན་ལ་

གཞན་དུ་ཉམས་སུ་མྱོང་བ་ལ་ནི་རྣམ་པར་རྟོག་པ་གཞན་དུ་སྐྱེ་བ་མ་ཡིན་ནོ། །འདིར་དབང་པོ་འཁྲུལ་པའི་ཕྱིར་རྣམ་པར་རྟོག་པ་གཞན་དུ་འགྱུར་བ་ཡིན་ནོ་ཞེ་ན། དབང་པོའི་རྣམ་པར་འགྱུར་བ་དངོས་སུ་སྐྱེད་པར་བྱེད་པའི་ཤེས་པ་གང་ཡིན་པ་དེའི་རྣམ་པར་འགྱུར་བའི་རྒྱུ་མ་ཡིན་ན། བར་དུ་ཆོད་པ་ཡིན་

པར་ཇི་ལྟར་འགྱུར། རྣམ་པར་འགྱུར་བའི་ཤེས་པ་སྐྱེད་པར་ནུས་ན་ནི་དེའི་དངོས་སུ་སྐྱེད་པར་བྱེད་ལ། མི་ནུས་ན་ཡང་བར་དུ་ཆོད་ནས་ཀྱང་སྐྱེད་པར་མི་བྱེད་དོ། །བར་དུ་ཆོད་པ་འགགས་པ་ནི་འགའ་ཞིག་གི་རྒྱུ་མ་ཡིན་ནོ། །དབང་པོའི་རྣམ་པར་ཤེས་པ་རྣམ་པར་རྟོག་པའི་དངོས་སུ་སྐྱེད་པའི་རྒྱུ་ཡིན་ན་

ཡང་ཉམས་སུ་མྱོང་བའི་དངོས་པོ་ལ་རྣམ་པར་རྟོག་པ་སྐྱེད་པར་བྱེད་པའམ། གསལ་བ་མེད་པའི་ཕྱིར་ཉམས་སུ་མྱོང་བ་དང་འདྲ་བ་ལ་ཡིན་ཏེ། དཔེར་ན་སྨིག་རྒྱུའི་རང་གི་མཚན་ཉིད་གཟུང་བ་ལས་དེ་དང་འདྲ་བའི་ཆུའི་རྣམ་པར་རྟོག་པ་བཞིན་ནོ། །རང་གི་མཚན་ཉིད་འཛིན་པ་འདིས་ནི་ཇི་ལྟར་ཉམས་

སུ་མྱོང་བའམ། ཉམས་སུ་མྱོང་བ་དང་འདྲ་བའི་ངེས་པ་སྐྱེད་པ་མེད་དེ། ཟླ་བ་གཅིག་པ་ཉམས་སུ་མྱོང་བའི་ཕྱིར་དང་། མི་འདྲ་བའི་ཕྱིར་རོ། །དེའི་ཕྱིར་དབང་པོའི་རྣམ་པར་ཤེས་པའི་རྣམ་པར་རྟོག་པ་སྐྱེད་པའི་རྣམ་པ་འདི་ཅི་ཞིག་ཡིན། གཞན་ཡང་སྔར་བཤད་པའི་ཚུལ་གྱིས་རྣམ་པར་རྟོག་པའི་རྣམ་

Vol. 188 · folio 127a

པར་ཤེས་པ་ནི་གསལ་བར་སྣང་བ་མ་ཡིན་ལ། ཟླ་བ་གཉིས་ཀྱི་ཤེས་པ་གང་ཡིན་པ་དེ་ནི་རྟག་ཏུ་གསལ་བར་སྣང་བས་དེ་ཇི་ལྟར་ན་རྣམ་པར་རྟོག་པ་ཅན་དུ་འགྱུར། འོ་ན་སྨིག་རྒྱུ་ལ་ཆུའི་རྣམ་པར་རྟོག་པ་གསལ་བར་སྣང་བར་ཇི་ལྟར་འགྱུར་ཞེ་ན། གསལ་བར་སྣང་བ་ནི་མ་ཡིན་གྱི་

སྨིག་རྒྱུའི་རང་གི་མཚན་ཉིད་འཛིན་པར་བྱེད་པ་གསལ་བར་སྣང་བའི་ཤེས་པ་དང་དངོས་པོ་འདྲ་བའི་ཡུལ་ཅན་གྱི་རྣམ་པར་རྟོག་པའི་ཤེས་པ་ཅིག་ཅར་འཇུག་པ་ན་སྣང་བ་དང་རྣམ་པར་བརྟགས་པའི་དོན་དག་གཅིག་ཏུ་བྱས་ནས་གསལ་བར་སྣང་བར་འཁྲུལ་པ་ཡིན་ནོ། །འདིས་ནི་ནོར་བུའི་འོད་ལ་ནོར་བུར་

རྣམ་པར་རྟོག་པ་ཡང་བཤད་པ་ཡིན་ནོ། །དེ་ལྟར་འདིར་ནི་ཁྱེད་ལ་དབང་པོ་ལས་སྐྱེས་པ་ཟླ་བ་གཉིས་ཀྱི་ཤེས་པ་གསལ་བར་སྣང་བ་ཡོད་པ་མ་ཡིན་པས་ན་གང་གིས་ན་ལྷན་ཅིག་ཏུ་འཇུག་པའི་རྣམ་པར་རྟོག་པའི་ཤེས་པ་ལ་དོན་ཐ་དད་པ་མེད་པར་སྒྲོ་འདོགས་པ་གསལ་བ་ཉིད་དུ་འཁྲུལ་པར་འགྱུར།

དེའི་ཕྱིར་དབང་པོའི་བྱེད་པའི་དེ་མ་ཐག་པ་ཉིད་དུ་བྱུང་བར་ཉམས་སུ་མྱོང་བ་གསལ་བར་སྣང་བའི་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ནི་དབང་པོ་ལས་སྐྱེས་པ་ཉིད་དོ་ཞེས་བྱ་བ་གནས་སོ། །གཞན་ཡང་ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་ནི་དབང་པོར་འགྱུར་ན་འགྱུར་བར་མཐོང་སྟེ། དེས་

ན་འགྱུར་བའི་ཕྱིར་དེ་དབང་པོ་ལས་སྐྱེས་པ་མ་ཡིན་པར་མི་འཐད་དོ། །གལ་ཏེ་དབང་པོར་འགྱུར་བའི་རྗེས་སུ་བྱེད་པ་ཡིན་ཡང་དབང་པོ་ལས་སྐྱེས་པ་མ་ཡིན་ནོ་ཞེས་བྱ་བ་ལ་མི་འཐད་པ་ཅི་ཡོད་ཅེ་ན། འགྱུར་བའི་རྗེས་སུ་བྱེད་པ་གང་གི་རྒྱུ་མཚན་ཡིན་པ་སྟེ། གང་གི་ཞེ་ན། རྟེན་ཏེ་བརྟེན་པར་

འཇོག་པ་སྟེ། རྣམ་པར་འཇོག་ཅིང་ཐ་སྙད་དུ་བྱེད་པ་གང་ཡིན་པ་དེའི་རྟེན་དེའི་རྒྱུ་མཚན་ནི་དེ་ཡིན་ནོ། །གང་གི་ཕྱིར་དབང་པོ་ལས་སྐྱེས་པའི་ཤེས་པ་གཞན་ལ་ཡང་བརྟེན་པ་ཉིད་ཀྱི་ཐ་སྙད་ཀྱི་རྒྱུ་ནི་དེ་ཉིད་ཡིན་པ་དེའི་ཕྱིར་འདིར་ཡང་རྒྱུ་ཡོད་པ་ན་ཐ་སྙད་འཇུག་པར་བྱ་བ་ཡིན་ནོ། །དེའི་སྦྱོར་བའི་ཚུལ་

ནི་སྔར་བརྗོད་ཟིན་ཏོ། །སྦྲུལ་ལ་སོགས་པའི་འཁྲུལ་པ་དེ་བཞིན་དུ་དབང་པོའི་རྣམ་པར་འགྱུར་བ་དབང་པོའི་འགྱུར་བ་ཡོད་ཀྱང་ལྡོག་པར་ཐལ་བར་འགྱུར་ཏེ། ཐལ་བར་འགྱུར་བ་དེའི་ཕྱིར་དང་། དེ་བཞིན་དུ་དབང་པོའི་རྣམ་པར་འགྱུར་བ་ལོག་ཀྱང་སྟེ། མེད་ཀྱང་མི་ལྡོག་པར་ཐལ་ཏེ་ཐལ་བ་

Vol. 188 · folio 127b

འདིས་ཀྱང་ཡིད་ལས་སྐྱེས་པ་ཉིད་དུ་མི་རིགས་སོ། །གང་ཞིག་ཡིད་ལས་སྐྱེས་པ་དེ་ནི་དབང་པོར་འགྱུར་བའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མ་ཡིན་ཏེ། དཔེར་ན་སྦྲུལ་དུ་འཁྲུལ་པ་བཞིན་ནོ། །ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ཡང་ཡིད་ལས་སྐྱེས་པ་ཡིན་ནོ། །དེ་རྣམ་པར་

འགྱུར་བའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཉིད་ལ་ནི་དབང་པོ་ལས་སྐྱེས་པའི་ཐ་སྙད་དུ་རུང་བས་ཁྱབ་པ་ཡིན་ཏེ། ཐ་སྙད་ཀྱི་རྒྱུ་མཚན་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །ཡིད་ལས་སྐྱེས་པ་ཉིད་ཀྱང་དེ་དང་འགལ་བ་ཡིན་པའི་ཕྱིར་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཐལ་བའི་གཏན་

ཚིགས་སོ། །ཐལ་བ་བཟློག་པ་ནི་གང་ཞིག་དབང་པོའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་དེ་ནི་ཡིད་ལས་སྐྱེས་པ་མ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སོགས་པར་སྣང་བ་བཞིན་ནོ། །ཟླ་བ་གཉིས་པ་ལ་སོགས་པའི་ཤེས་པ་ཡང་དེ་བཞིན་ཏེ། སྦྱོར་བ་འདི་ནི་འགལ་བས་ཁྱབ་པ་ཡིན་ནོ། །སྦྱོར་

བ་གཉི་གའི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ནི་དབང་པོ་ལས་བྱུང་བའི་ཐ་སྙད་སྒྲུབ་པར་གཏན་ལ་ཕབ་མ་ཐག་པ་ཡིན་ནོ། །ཡན་ལག་ཅན་གཅིག་ཉིད་དེ་དང་། ནམ་མཁའ་དམའ་བ་ལ་སོགས་པའི་རྣམ་པར་རྟོག་པ་རྣམ་པར་དཔྱད་པས་ཀྱང་མི་ལྡོག་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་འོན་

ཀྱང་ཡིད་ཀྱི་ཤེས་པ་འཁྲུལ་པ་ནི་རྣམ་པར་དཔྱད་པས་ལྡོག་པར་འགྱུར་རོ་ཞེས་བྱ་བའི་སློབ་དཔོན་གྱིས་བཞེད་པའི་དོན་འདི་ཡོངས་སུ་བཟུང་ནས་སྐྱོན་འདི་སྤང་ངོ་། །འདི་ལ་ཡིད་ཀྱི་འཁྲུལ་པ་འགའ་ཞིག་ནི་མཐོང་བའི་རྣམ་པའི་རྗེས་སུ་འབྲང་བ་ཡིན་ཏེ། དཔེར་ན་གྲུ་བཞི་ལ་སོགས་པའི་དབྱིབས་ཀྱི་འཁྲུལ་པ་

བཞིན་ནོ། །ཁ་ཅིག་ནི་མཐོང་བ་ལ་མི་ལྟོས་པ་ཡིན་ཏེ། དཔེར་ན་སྦྲུལ་ལ་སོགས་པར་འཁྲུལ་པ་བཞིན་ནོ། །སྦྲུལ་དུ་འཁྲུལ་པ་ནི་ཐག་པ་མཐོང་བའི་རྗེས་སུ་འབྲང་བ་མ་ཡིན་གྱི། འོན་ཀྱང་མཐོང་བའི་རྒྱུ་རྣམས་མི་གསལ་བ་ན་དེ་འབྱུང་བ་ཡིན་ནོ། །དེ་ལས་གང་ཞིག་རྟག་ཏུ་མཐོང་བའི་རྗེས་སུ་འགྲོ་བ་

དེ་ནི་རྣམ་པར་དཔྱད་པས་མི་ལྡོག་ལ། ནམ་མཁའ་དམའ་བ་དང་ཡན་ལག་ཅན་གྱི་རྫས་ལ་སོགས་པའི་རྣམ་པར་རྟོག་པ་ཡང་དེ་ལྟ་བུའི་རང་བཞིན་ཅན་ཡིན་ནོ། །གང་ཡང་བལྟ་བར་བྱ་བའི་དངོས་པོ་སྣང་བ་ནི་མི་གསལ་བ་འགའ་ཞིག་ལས་མ་ངེས་པ་ན་འདྲ་བའི་དངོས་པོར་སྒྲོ་འདོགས་པ་འཇུག་པ་དེ་ནི་མཐོང་

Vol. 188 · folio 128a

བའི་དངོས་པོ་ལ་ཇི་ཞིག་ལྟར་དཔྱད་པ་ལས་ངེས་པ་ན་ལྡོག་པ་ཡིན་ནོ། །ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ཡང་ཟླ་བ་གཉིས་མཐོང་བའི་རྗེས་སུ་རྟག་ཏུ་འབྲང་བ་ནི་མ་ཡིན་གྱི། འོན་ཀྱང་རྣམ་པ་གཞན་དུ་མཐོང་བའི་ཟླ་བ་ལ་རྒྱུ་མཚན་འགའ་ཞིག་ལས་གཞན་དུ་འཇུག་པ་

ཡིན་ལ། དེ་ལ་རྣམ་པར་དཔྱད་པ་ལས་ཟླ་བ་གཅིག་ཏུ་ངེས་པར་གཏན་ལ་ཕེབས་པ་ན་ངེས་པར་ལྡོག་པ་ཡིན་ན། མ་ལོག་པ་དེའི་ཕྱིར་འདི་ནི་ཡིད་ལས་བྱུང་བ་མ་ཡིན་ནོ། །གང་ཞིག་ཟླ་བ་གཉིས་པ་ལ་སོགས་པ་དབང་པོ་ལས་སྐྱེས་པ་མ་ཡིན་ཡང་རྣམ་པར་མི་རྟོག་ཅིང་གསལ་བར་སྣང་བའི་རྨི་

ལམ་གྱི་ཤེས་པ་བཟློག་པའི་དོན་དུ་མ་འཁྲུལ་པ་སྨོས་པར་བྱ་བ་ཉིད་དོ་ཞེས་ཟེར་བ་དེ་ནི་མི་རིགས་ཏེ། རྨི་ལམ་གྱི་ཤེས་པ་ལ་ནི་ཡང་དག་པའི་ཤེས་པ་ཉིད་མེད་པ་དེའི་ཕྱིར་དེའི་དབང་དུ་བྱས་པ་ཉིད་ཀྱིས་དེ་བསལ་བའི་ཕྱིར་རོ། །གང་ཞིག་ཡང་དག་པའི་ཤེས་པར་འདོད་པ་དང་རྟོག་པ་མེད་པ་དེ་ལ་ནི་མ་འཁྲུལ་

པ་སྨོས་པ་མེད་ན་མངོན་སུམ་ཉིད་དུ་དོགས་པ་ཡོད་པའི་ཕྱིར་མ་འཁྲུལ་པ་ནི་དེའི་དོན་དུ་སྨོས་པར་བྱ་བ་ཡིན་ཏེ། དཔེར་ན་དུང་ལ་སེར་པོར་ཤེས་པ་བཟློག་པའི་དོན་ཡིན་པ་ལྟ་བུའོ། །འོ་ན་ཇི་ལྟར་འོ་ན་ནི་རྨི་ལམ་གྱི་ཤེས་པ་ཞེས་བརྗོད་ཅེ་ན། སྨྲས་པ། རྩོད་པ་པོས་རྨི་ལམ་གྱི་ཤེས་པ་རྟོག་པ་མེད་པ་ལོག་

པའི་ཤེས་པ་དང་། ཟླ་བ་གཉིས་ལ་སོགས་པའི་ཤེས་པ་རྣམས་ཡང་དག་པའི་ཤེས་པ་ཉིད་མཐོང་ཞིང་གཉི་ག་ཡང་བཟློག་པའི་དོན་དུ་མ་འཁྲུལ་པ་སྨོས་པར་མི་རིགས་པས་ན་དེ་ཅིའི་དོན་དུ་བྱས་སྙམ་དུ་སེམས་པ་ན། གང་ཞིག་མ་འཁྲུལ་པས་བཟློག་པ་དེ་ཉིད་འདྲི་བ་ཡིན་ལ་སློབ་དཔོན་གྱིས་ནི་ཡང་དག་

པའི་ཤེས་པར་འདོད་པའི་དབང་པོ་ལས་སྐྱེས་པ་འགའ་ཞིག་ལོག་པའི་ཤེས་པ་ཉིད་དང་། དེ་བཟློག་པའི་དོན་དུ་མ་འཁྲུལ་པ་སྨོས་པ་ཡང་གདོན་མི་ཟ་བར་བྱ་དགོས་པར་གཟིགས་ནས་མ་འཁྲུལ་ཞེས་བསྟན་པའི་ཕྱིར་རོ་ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་དབང་པོ་ལས་སྐྱེས་པར་འཐད་པས་བསྒྲུབས་

པ་མཇུག་སྡུད་དེ། དེའི་ཕྱིར་འཁྲུལ་པ་ཉིད་ཀྱིས་མ་འཁྲུལ་པ་སྨོས་པས་བསལ་བའི་འཁྲུལ་པ་འདི་ལ་ནི་དབང་པོ་ལས་སྐྱེས་ཀྱང་མངོན་སུམ་ལྟར་སྣང་བ་ཡིན་ནོ། །གང་གི་ཕྱིར་འཁྲུལ་པ་ནི་དབང་པོ་ལས་སྐྱེས་ཀྱང་མངོན་སུམ་ལྟར་སྣང་བ་ཡིན་པ་དེ་ཉིད་ཀྱི་ཕྱིར་ཏེ། རྒྱུ་དེས་ན། དྲན་དང་འདོད་པར་བྱེད་པའོ། །

Vol. 188 · folio 128b

ཞེས་བྱ་བ་ཡོངས་སུ་རྫོགས་པའི་ཚིག་འདིས། འཁྲུལ་དང་ཀུན་རྫོབ་ཤེས་པ་དང་། །ཞེས་བྱ་བ་ལ་སོགས་པ་རྣམ་པར་རྟོག་པ་རྣམས་ཀྱི་སྡེ་ཚན་ཏེ། ཚོམས་ལས་ལོགས་ཤིག་ཏུ་སྟེ། ཐ་དད་པར་རྣམ་པར་གཅད་དེ་སོ་སོར་བྱས་ནས་སོ། །རབ་རིབ་ཀྱི་རྒྱུ་མཚན་གྱིས་མཚོན་པ་རྒྱུ་མཚན་གཞན་ལས་

སྐྱེས་པའི་མངོན་སུམ་ལྟར་སྣང་བ་ཡང་ཡོད་པ་དེའི་ཕྱིར་རབ་རིབ་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ཏེ། རབ་རིབ་བཅས་ཞེས་བྱ་བའི་ཚིག་འདིས་ནི་རབ་རིབ་ཀྱིས་མཚོན་པ་མངོན་སུམ་ལྟར་སྣང་བར་སློབ་དཔོན་ཕྱོགས་ཀྱི་གླང་པོས་གསུངས་སོ། །གཞན་དུ་ན་རབ་རིབ་ལས་བྱུང་བ་ཡང་རྣམ་པར་རྟོག་པ་ཡིན་ན་ནི་

འཁྲུལ་པ་སྨོས་པ་ཁོ་ནས་བསྡུས་པའི་ཕྱིར་ལོགས་ཤིག་ཏུ་བྱས་པ་དོན་མེད་པར་འགྱུར་རོ། །ཇི་ལྟར་ཇི་ལྟར་ཡང་རུང་བར་ལོགས་ཤིག་ཏུ་བྱེད་ན་ནི་སྨྲ་བ་པོ་མི་མཁས་པར་འགྱུར་ལ། དབྱེ་བ་བརྗོད་པར་ཁས་ལེན་ན་ཡང་ཐུག་པ་མེད་པར་ཐལ་ལོ། །དེའི་ཕྱིར་རབ་རིབ་ནི་རྣམ་པར་རྟོག་པ་མེད་པའི་མངོན་

སུམ་ལྟར་སྣང་བ་གཞན་རྣམས་ཀྱིས་ཉེ་བར་མཚོན་བྱེད་ཡིན་ནོ། །མངོན་སུམ་ནི་རྟོག་པ་དང་བྲལ་བའོ་ཞེས་བྱ་བའི་མཚན་ཉིད་འདི་ལ། འདི་ནི་དམིགས་ཀྱིས་བསལ་བ་ཡིན་ཏེ། འདིར་དམིགས་ཀྱིས་བསལ་བ་ཞེས་བྱ་བས་སོ། །རབ་རིབ་ལ་སོགས་པ་ལས་བྱུང་བ་ལ་སོགས་པ་མ་གཏོགས་པའི་རྣམ་

པར་རྟོག་པ་མེད་པ་ནི་མངོན་སུམ་མོ་ཞེས་རབ་རིབ་ལས་སྐྱེས་པ་ལ་སོགས་པ་དམིགས་ཀྱིས་བསལ་བར་བསྟན་པའི་དོན་དུ་སྟེ། དེས་ན་རབ་རིབ་ལས་སྐྱེས་པ་ལྟར་འཁྲུལ་པར་མ་གྱུར་པའི་རྟོག་པ་མེད་པ་གང་ཡིན་པ་དེ་ནི་མངོན་སུམ་མོ་ཞེས་ཡུལ་འདིས་སྤང་བའི་དོན་དུ་མཚན་ཉིད་ཀྱི་ལྷག་མ་དཔག་པར་

བྱའོ། །དེའི་ཕྱིར་ཇི་ལྟ་ཇི་ལྟར་ཡང་རུང་བས་རྣམ་པར་རྟོག་པའི་སྡེ་ཚན་ལས་རབ་རིབ་ལས་བྱུང་བ་ལ་སོགས་པ་ལོགས་སུ་བྱས་པ་ནི་མ་ཡིན་ནོ། །ཚད་མ་ཀུན་ལས་བཏུས་པར་མངོན་སུམ་གྱི་མཚན་ཉིད་བསྒྲུབ་པ་ལས་གཞན་རྩོད་པ་བསྒྲུབ་པར་ཡང་མིག་ལ་སོགས་པའི་རྡུལ་ཕྲ་རབ་དེ་དག་རྣམས་ཟླ་བ་

གཉིས་དང་། སྔོན་པོ་ལ་སོགས་པ་དེ་དག་གང་ལ་སྣང་བའི་ཤེས་པ་དེའི་རྒྱུ་ཡིན་པར་གསུངས་སོ། །དེ་ལས་ནི་གལ་ཏེ་ཇི་ལྟར་ཡོད་པ་རྣམ་པ་གཞན་དུ་སྣང་བའི་ཤེས་པའི་ཡང་རྒྱུ་ཡིན་པ་དེ་ལྟར་དེ་དག་ཡུལ་ཡིན་ན་དེ་ལྟ་ན་ནི་འོ་ན་མིག་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཀྱང་ཟླ་བ་གཉིས་སུ་སྣང་བ་

Vol. 188 · folio 129a

དང་། སྔོན་པོ་ལ་སོགས་པར་སྣང་བའི་ཡུལ་ཉིད་དུ་ཐལ་བར་འགྱུར་ཏེ། རྒྱུ་ཡིན་པའི་ཕྱིར་རོ་ཞེས་གསུངས་སོ། །མངོན་སུམ་གྱི་ཡུལ་བརྟག་པ་ནི་མིག་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་དེ་ཉིད་ལ་ཡུལ་གྱི་དངོས་པོར་ཧ་ཅང་ཐལ་བར་འཐད་པ་ཡིན་གྱི། ཡིད་ཀྱི་ཤེས་པའི་

ཡུལ་གྱི་དངོས་པོར་ནི་མ་ཡིན་པའི་ཕྱིར་ན་ཡིད་ཀྱི་ཤེས་པ་ལ་ལྟོས་ནས་དེ་སྐད་བརྗོད་དོ་ཞེས་ནི་ནུས་པ་མ་ཡིན་ནོ། །དེས་ན་དེ་ལྟར་མངོན་སུམ་གྱི་དབྱེ་བ་དང་མཚན་ཉིད་དང་། སྤྱོད་ཡུལ་ལ་ལོག་པར་རྟོགས་པ་བསལ་ནས། འབྲས་བུ་ཚད་མ་ལས་ཐ་དད་དོ་ཞེས་འབྲས་བུ་ལས་ལོག་པར་རྟོགས་པ་

བསལ་བར་བཞེད་ནས་གང་ཡིན་ཞེས་འདྲི་བར་རྩོམ་མོ། །འདིའི་ནི་བཤད་མ་ཐག་པའོ། །ཐོབ་པར་བྱེད་པ་ནི་ཚད་མ་ཡིན་ལ། གདོན་མི་ཟ་བར་བྱ་དགོས་པའི་དོན་ཐོབ་པར་བྱེད་པ་ནི་དེའི་འབྲས་བུ་ཡིན་ནོ། །དེ་ཡང་རང་བཞིན་གང་ཡིན་ཞེ་ན། གཞལ་བྱ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་

རྟོགས་ན་འཇུག་ལ་དེས་ལས་ཀྱང་ཐོབ་པ་དེའི་ཕྱིར་དོན་རྟོགས་པའི་བྱ་བ་ནི་དོན་ཐོབ་པའི་བྱ་བ་ཡིན་པས་གདོན་མི་ཟ་བར་བྱ་དགོས་པའི་ཚད་མའི་འབྲས་བུ་ནི་དེ་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །གཞན་གྱིས་སྨྲས་པ་ནི་བྱེད་པ་པོའི་ངོ་བོར་གྱུར་པའི་དངོས་པོ་ལ་ནི་ཚད་མར་བརྗོད་པ་ཡིན་ལ། བྱེད་པ་ཡང་བྱ་

བའི་སྒྲུབ་པར་བྱེད་པ་དམ་པ་ཡིན་ཏེ། དེའི་ཕྱིར་གང་ལ་ལྟོས་ནས་དེ་དེའི་བྱེད་པར་འགྱུར་བ་འབྲས་བུར་གྱུར་པའི་བྱ་བ་འགའ་ཞིག་གདོན་མི་ཟ་བར་ཡོད་དགོས་སོ་ཞེས་བྱ་བ་ཡིན་ལ། ཅིག་ཤོས་ཀྱིས་ཀྱང་འཇལ་བའི་བྱ་བ་བྱེད་པ་ཚད་མ་ཡིན་པ་དེའི་ཕྱིར། དེ་ཉིད་འབྲས་བུ་ཡིན་ལ་ཚད་མའི་འབྲས་བུ་དེ་

ཡང་ལས་ངེས་པར་གཅོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གཞལ་བྱ་རྟོགས་པའོ་ཞེས་གསུངས་པ་ཡིན་ནོ། །གང་གི་ཕྱིར་གཞལ་བྱ་རྟོགས་པ་དེ་ནི་ཤེས་པ་ཡིན་ལ་དེ་ཡང་འབྲས་བུ་ཡིན་པ་དེས་ན་ཤེས་པ་ཉིད་འབྲས་བུར་འགྱུར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ད་ནི་སྟེ། ད་ལྟར་ཤེས་པ་འབྲས་

བུའི་དངོས་པོར་ཁས་བླངས་ན། ཇི་ལྟར་མངོན་པར་འདོད་པའི་ཚད་མ་ལུས་པ་གང་ཞིག་ཡིན་ཏེ། ཅུང་ཟད་ཀྱང་མ་ཡིན་ནོ། །གང་གི་ཕྱིར་ཁྱེད་ནི་ཤེས་པ་ཚད་མར་འདོད་པ་ཡིན་ན། ད་ལྟ་ན་ནི་ཤེས་པ་ཡང་ཚད་མའི་འབྲས་བུར་བརྗོད་པས། འབྲས་བུ་ལས་ཐ་དད་པས་ཚད་མ་ཤེས་པ་མ་ཡིན་པའི་

Vol. 188 · folio 129b

བདག་ཉིད་དུ་ངེས་པར་འགྱུར་དགོས་པ་དེས་ན་འབྲས་བུ་ཐ་དད་པར་སྨྲ་བ་ལ་མི་འདོད་པ་ཐོག་ཏུ་བབ་བོ་ཞེ་ན། སློབ་དཔོན་གྱིས་ཤེས་པ་གཅིག་ལ་རྣམ་པར་གཞག་པར་བྱ་བ་དང་། རྣམ་པར་འཇོག་པར་བྱེད་པའི་དངོས་པོས་ཚད་མ་དང་འབྲས་བུའི་དངོས་པོ་མི་འགལ་བར་དགོངས་ནས་བཤད་

པ། གང་ལས་ཏེ་བྱེད་པ་པོ་གང་གཞལ་བྱ་རྟོགས་པ་འདིའི་དེ་ཉིད་དེ། གཞལ་བྱ་རྟོགས་པ་ཉིད་རྣམ་པར་གཞག་པ་གྲུབ་པའོ། །རང་གི་བྱེ་བྲག་གིས་བྱ་བའི་བྱེ་བྲག་ཏུ་བྱེད་པ་པོ་ནི་བྱེད་པ་ཡིན་ཏེ། བྱེད་པ་པོ་ཐམས་ཅད་བྱེ་བྲག་ཏུ་བྱེད་པ་པོ་ཉིད་ཡིན་ཡང་། གང་ཞིག་བྱེད་པ་པོ་གཞན་ལ་

ལྟོས་པ་མེད་པར་བྱ་བ་བྱེ་བྲག་ཏུ་བྱེད་པ་པོ་དེ་ནི་བྱེད་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་རང་གི་བྱེ་བྲག་གིས་རྣམ་པར་གཞག་པར་བྱ་བ་དོན་རྟོགས་པ་བྱེ་བྲག་ཏུ་སྒྲུབ་པའི་བྱེད་པ་ནི་གང་ཞིག་རྣམ་པར་འཇོག་པའི་རྒྱུ་མཚན་ལྟོས་པར་བྱ་བའི་བྱེད་པ་པོ་གཞན་གྱིས་མ་ཆོད་པ་ཉིད་ཡིན་ནོ། །འདི་ལྟར་

གང་ལ་ལྟོས་ཀྱང་དོན་རྟོགས་པ་རྣམ་པར་མི་གནས་ན་ནི་རྣམ་པར་འཇོག་པའི་རྒྱུ་མཚན་དེ་ལས་གཞན་ལ་ལྟོས་པར་བྱ་བ་ཡིན་ཏེ། དེས་ན་སྔ་མ་དེ་བར་དུ་ཆོད་པ་ན་རང་གི་བྱེ་བྲག་གིས་བྱ་བའི་བྱེ་བྲག་ཏུ་བྱེད་པ་པོར་མི་འགྱུར་གྱི། འོན་ཀྱང་ལྟོས་པར་བྱ་བ་གཞན་གང་ཡིན་པ་དེ་ཉིད་བར་དུ་མ་ཆོད་པར་རང་

གི་བྱེ་བྲག་གིས་བྱེ་བྲག་ཏུ་བྱེད་པ་པོར་འགྱུར་རོ། །དེ་སྟོན་པ་ནི་བར་ཆད་མེད་པར་ཞེས་བྱ་བ་ཡིན་ནོ། །གང་ལས་འདི་ལ་བར་ཆད་བར་དུ་གཅོད་པ་པོ་ལྟོས་པར་བྱ་བ་གཞན་མེད་པ་སྟེ། གཞན་གྱིས་བར་དུ་མཆོད་པར་གྱུར་པ་ན་འདིའི་དེ་ཉིད་འགྲུབ་པར་བྱེད་པ་གང་ཡིན་པ་དེ་ནི་བྱེད་པ་ཡིན་ནོ། །དེ་ལ་

སྟེ་ཚུལ་དེ་ལྟར་གནས་པ་ནའོ། །ལྟོས་པར་བྱ་བ་གཞན་གྱིས་བར་དུ་མ་ཆོད་པར་རང་གི་བྱེ་བྲག་གིས་བྱེ་བྲག་ཏུ་བྱེད་པ་པོ་བྱེད་པ་ཡིན་པ་དང་། དོན་གྱི་ཁྱད་པར་རྟོགས་པ་ནི་ཚད་མའི་འབྲས་བུ་ཡིན་ནོ་ཞེས་ཚུལ་དེ་ལྟ་ཡིན་པ་ནའོ། །དོན་དང་འབྲེལ་པར་བྱས་པ་རྟོགས་པ་འདིའི་དོན་དང་འབྲེལ་པར་

བྱེད་པ་ནི་དོན་ལྟ་བུའི་རང་བཞིན་གང་ཡིན་པ་དེའི་དངོས་པོ་དོན་གྱི་རང་བཞིན་ཉིད་མིན་པ་གཞན་ནི་འགའ་ཡང་མེད་དོ། །འབྲེལ་པར་བྱེད་པ་ཡང་སྒྲུབ་བྱེད་ཡིན་ལ། འབྲེལ་པར་བྱས་པ་རྟོགས་པ་ཡང་འབྲས་བུ་སྟེ། དེའི་ཕྱིར་གཞལ་བྱ་རྟོགས་པ་གཞལ་བྱ་དང་འབྲེལ་པར་བྱས་པ་རྣམ་པར་གཞག་

Vol. 188 · folio 130a

པར་བྱ་བའི་ཚད་མ་སྟེ། རྣམ་པར་འཇོག་པར་བྱེད་པ་ཉིད་ཀྱིས་སྒྲུབ་བྱེད་དམ་པར་གྱུར་པ་ནི་གཞལ་བྱའི་རང་བཞིན་ཉིད་དེ། དོན་དང་འདྲ་བ་ཉིད་ཡིན་ནོ། །སྐྱེད་པར་བྱེད་པའི་རྒྱུ་དེ་ཉིད་རྣམ་པར་འཇོག་པར་བྱེད་པ་ཡིན་པའི་ཕྱིར་དོན་དང་འདྲ་བ་ཉིད་སྒྲུབ་པར་བྱེད་པར་ཅིའི་ཕྱིར་

བརྗོད། གང་གི་ཕྱིར་དེ་རྟོགས་པའི་བྱ་བ་སྐྱེད་པར་ནུས་ན་རྣམ་པར་འཇོག་པ་ཡང་ཇི་ལྟར་མི་ནུས། རྣམ་པར་འཇོག་པ་པོ་ཡིན་ན་ཡང་ཇི་ལྟར་དེའི་སྐྱེད་པར་བྱེད་པ་པོར་མི་འགྱུར་ཞེ་ན། གང་གི་ཕྱིར་བསྒྲུབ་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་ཐམས་ཅད་ཐམས་ཅད་ཀྱི་བསྒྲུབ་པར་བྱ་བ་མ་ཡིན་ལ། གང་གི་

ཕྱིར་སྒྲུབ་པར་བྱེད་པ་ཡིན་པ་དེའི་ཕྱིར་ཐམས་ཅད་གང་ཅུང་ཟད་བྱ་བ་ཡིན་པ་དེའི་སྒྲུབ་པར་བྱེད་པ་ཡང་མ་ཡིན་ནོ། །འོ་ན་ཇི་ལྟར་ཡིན་ཞེ་ན། བཤད་པ། འོན་ཀྱང་ཞེས་བྱ་བ་ནི་ཁྱད་པར་སྟོན་པའོ། །སྒྲུབ་པར་བྱེད་པ་གང་ལས་བྱ་བ་གང་འགྲུབ་པ་དེ་ནི་དེའི་སྒྲུབ་པར་བྱེད་པ་ཡིན་ནོ། །དེས་ན་འགའ་

ཞིག་ནི་རྣམ་པར་ཤེས་པ་བསྐྱེད་པའི་བྱ་བའི་སྒྲུབ་པར་བྱེད་པ་ཡིན་ཏེ། གང་ཞིག་གི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་རྟོགས་པའོ། །འགའ་ཞིག་གིས་ལས་སོ་སོར་ངེས་པ་རྣམ་པར་འཇོག་པའི་སྒྲུབ་པར་བྱེད་པ་ཡིན་ཏེ། གང་ལས་ཤེས་པ་དེ་སྔོན་པོ་ལ་སོགས་པའི་ལས་ལ་ངེས་པར་

རྣམ་པར་འཇོག་ནུས་པའོ། །དེས་ན་འདི་ནི་དོན་དམ་པ་ཡིན་ཏེ། འགའ་ཞིག་གིས་འགའ་ཞིག་བསྐྱེད་པའི་བྱ་བ་བྱེད་པ་ན། བྱེད་པ་པོ་ཡིན་པའི་ཕྱིར་རྣམ་པར་འཇོག་པ་ཡང་དེ་ཉིད་ཀྱིས་བྱེད་པའམ། རྣམ་པར་འཇོག་པར་བྱེད་པ་ན་ཡང་དེའི་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་དེ་ལྟར་རྣམ་པར་གཞག་པར་ནི་

ནུས་པ་མ་ཡིན་ནོ། །གང་གི་ཕྱིར་བསྐྱེད་བྱ་སྐྱེད་བྱེད་ཀྱི་དངོས་པོར་རྣམ་པར་གཞག་པའམ། རྣམ་པར་གཞག་འཇོག་གི་དངོས་པོ་ཕོངས་པས་རྣམ་པར་བརྟགས་པ་ནི་མ་ཡིན་གྱི། འོན་ཀྱང་རེག་པས་ངེས་པར་བརྟགས་པ་ན་གང་ཞིག་ཇི་ལྟར་འབྱོར་པ་སྟེ། དེ་ལྟར་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །

འགའ་ཞིག་ནི་སྐྱེ་བའི་སྒྲུབ་པར་བྱེད་པ་ཡིན་ལ། འགའ་ཞིག་ནི་རྣམ་པར་གཞག་པའི་ཡིན་ཏེ། གང་ལས་སྐྱེས་པ་དང་གང་ལས་རྣམ་པར་གཞག་པར་རིག་པའོ། །གང་གི་ཕྱིར་སྐྱེད་པར་བྱེད་པ་དག་ལས་ནི་དོན་རྟོགས་པར་རྣམ་པར་གཞག་པ་མི་འཐད་པ་དེའི་ཕྱིར་སྒྲུབ་པར་བྱེད་པ་གཞན་ཚོལ་བ་

Vol. 188 · folio 130b

ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་གང་གི་སྒྲུབ་པར་བྱེད་པའི་དངོས་པོར་འཐད་པ་དེ་ནི་དེའི་སྒྲུབ་པར་རྣམ་པར་གཞག་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཚུལ་འདི་རྣམ་པར་གནས་པ་ནའོ། །ཉམས་སུ་མྱོང་བ་ནི་འཛིན་པར་བྱེད་པ་ཉིད་དེ། འཛིན་པའི་རྣམ་པ་དེ་ཁོ་ནའམ། དེ་ཙམ་མོ། །འཛིན་པར་

བྱེད་པའི་རང་བཞིན་དེ་འདྲ་བའི་བདག་ཉིད་དང་འདྲ་བའི་རང་བཞིན་གྱི་རྣམ་པར་ཤེས་པ་ནིའོ། །འདིས་ནི་རྣམ་པར་དབྱེ་བ་མི་ནུས་པ་ཉིད་ཀྱི་རྒྱུ་བསྟན་ཏེ། ཉམས་སུ་མྱོང་བ་རང་བཞིན་ཁྱད་པར་མེད་པ་ལ་ཁྱད་པར་དུ་རྣམ་པར་གཞག་པ་མི་ནུས་པའི་ཕྱིར་རོ། །གང་གི་ཕྱིར་སྔོན་པོའི་དོན་དམིགས་

པ་ནི་ཤེས་པའི་རང་གི་རང་བཞིན་དམིགས་པའི་བདག་ཉིད་ཁོ་ན་སྟེ། གཅིག་ནི་དོན་གྱི་ཡིན་ལ། གཞན་ནི་བདག་ཉིད་ཀྱི་ཡིན་པ་དམིགས་པ་གཉིས་ནི་མེད་པའི་ཕྱིར་རོ། །ཡུལ་དམིགས་པ་བདག་ཉིད་དམིགས་པའི་བདག་ཉིད་ཡིན་ན་ཡང་རྣམ་པར་ཤེས་པའི་བདག་ཉིད་ལ་ཁྱད་པར་མེད་

པའི་ཕྱིར་ཤེས་པ་ཐམས་ཅད་ཀྱི་བདག་ཉིད་དམིགས་པ་ཁྱད་པར་མེད་པ་དང་། དེ་དང་ཐ་དད་པ་མེད་པས་དོན་དམིགས་པ་ཡང་ཁྱད་པར་མེད་པར་འགྱུར་ཏེ། དེའི་ཕྱིར་ན་སྔོན་པོ་དམིགས་ཀྱི་སེར་པོ་ནི་མ་ཡིན་ནོ་ཞེས་ཤེས་པའི་ཡུལ་སོ་སོ་ལ་འབྲེལ་པ་ངེས་པ་འདིར་མི་འགྱུར་ལ། འབྲེལ་པ་ངེས་

པ་མེད་ན་ཡང་དོན་ངེས་པར་མྱོང་བར་རབ་ཏུ་གྲགས་པ་ཉམས་པར་འགྱུར་རོ། །དེས་ན་ཉམས་སུ་མྱོང་བའི་རང་བཞིན་དུ་བྱེ་བྲག་མེད་པ་འདི་ནི་གང་གིས་ལས་སོ་སོ་ལ་སྟེ། ལས་དང་ལས་ལ་རྣམ་པར་འབྱེད་པ་ཞེས་བྱ་བ་གཞན་དང་གཞན་དུ་རྣམ་པར་གནས་པ་ཡུལ་ངེས་པ་དེའི་བདག་ཉིད་དུ་འགྱུར་

བར་བྱ་དགོས་སོ། །གང་གི་ཕྱིར་ལས་ཀྱི་གནས་སུ་གྱུར་པའི་ཡོངས་སུ་གཅད་པའི་ཡུལ་ནི་ལས་སུ་བརྗོད་དོ། །རྣམ་པར་གནས་པའི་རྣམ་པ་སྟོན་པ་ནི་འདི་ནི་སྔོན་པོའི་ཡིན་ལ། འདི་ནི་གཞན་གྱི་ཡིན་ནོ་ཞེས་བྱ་བའོ། །གང་གི་ཕྱིར་བདག་ཉིད་ཀྱི་ཁྱད་པར་རམ་འབྲེལ་པ་ཅན་གྱི་ཁྱད་པར་ལས་

འགྱུར་ཏེ། འབྲེལ་པ་ཅན་གྱི་ཁྱད་པར་གང་གིས་ཁྱད་པར་མེད་པའི་ཤེས་པ་དེ་ཁྱད་པར་ཅན་དུ་རྣམ་པར་འཇོག་པའི་ཕྱིར་དེའི་བདག་ཉིད་དུ་འགྱུར་བར་བྱ་དགོས་སོ་ཞེས་ཅིའི་ཕྱིར་རྗོད་པར་བྱེད། ཤེལ་གྱི་རང་བཞིན་ཁྱད་པར་མེད་ཀྱང་ཉེ་བར་གཞག་པ་དེ་དང་དེ་དག་འབྲེལ་པས་ཁྱད་པར་ཅན་དུ་རྟོགས་

Vol. 188 · folio 131a

པ་དེ་བཞིན་དུ་ཤེས་པ་ཡང་འབྲེལ་པ་ཅན་གྱི་དབང་གིས་རྣམ་པར་འབྱེད་པ་ཡིན་ནོ་ཞེ་ན་དེའི་ཕྱིར་དེའི་བདག་ཉིད་མ་ཡིན་པ་ཞེས་སྨོས་སོ། །ནིའི་སྒྲ་ནི་གང་གི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་བདག་ཉིད་མ་ཡིན་པ་ངེས་པར་བྱེད་པ་མ་ཡིན་པ་དེའི་ཕྱིར་ཞེས་རྒྱང་རིང་པོར་བརྗོད་པ་དང་

འབྲེལ་པར་བྱའོ། །བདག་ཉིད་དུ་མ་གྱུར་པ་གང་ཡིན་པ་དེ་ཡོད་པ་ནི་དབང་པོ་ལ་སོགས་པ་འབྲེལ་པ་ཅན་རྣམས་ལ་ཡོད་པར་འགྱུར་ཏེ། དེ་དག་ནི་རྒྱུའི་དངོས་པོས་ཉེ་བ་ཡིན་གྱི་གཞན་ནི་མ་ཡིན་པའི་ཕྱིར་རོ། །དབང་པོ་དང་དོན་དང་ཕྲད་པ་ཞེས་བྱ་བ་དབང་པོ་དང་དོན་དག་གི་འབྲེལ་པ་དང་། དེ་

དག་ལ་སོགས་པ་ནི་ཡིད་ལ་སོགས་པ་གང་ཡིན་པ་དེ་དག་སྟེ། ཤེས་པའི་རྒྱུ་དེ་རྣམས་ལ་ཡོད་ཀྱང་སྟེ། རེ་ཞིག་བྱེ་བྲག་ནི་མེད་མོད་ཀྱི་འགའ་ཞིག་ལ་བྱེ་བྲག་ཡོད་ཀྱང་ཡུལ་ཞེས་བྱ་བའི་ལས་ཀྱི་བྱེ་བྲག་ཐ་དད་པར་གྱུར་པ་ལ་བདག་ཉིད་ཐ་དད་པ་མེད་པའི་ཁྱད་པར་མེད་ཅིང་མཚུངས་པའི་རང་བཞིན་

གྱི་བདག་ཉིད་ཀྱི་ཤེས་པ་དེའི་ངེས་པར་བྱེད་པ་པོ་མ་ཡིན་པ་དེའི་ཕྱིར་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་ཤེས་པ་ཡུལ་ཐ་དད་པ་ལ་ངེས་པ་ཉིད་ཡིན་ན་ནི་ཕྱི་རོལ་གྱི་བྱེ་བྲག་ཀྱང་ཤེས་པར་གཏོགས་པའི་བྱེ་བྲག་གི་རྒྱུ་ཉིད་ཀྱིས་ཤེས་པར་གཏོགས་པའི་བྱེ་བྲག་ངེས་པའི་རྒྱུར་འགྱུར་བ་ཡིན་ན་དབང་པོ་ལ་སོགས་

པར་གཏོགས་པའི་ཐ་དད་པ་ནི་ཤེས་པ་བྱེ་བྲག་ཏུ་བྱེད་པ་མ་ཡིན་ཏེ། ཤེས་པའི་བྱེ་བྲག་དེ་ཉིད་བྱེད་པར་ཐལ་བའི་ཕྱིར་དང་། ཕྱི་རོལ་ནི་བརྟག་པར་བྱ་བ་ཡིན་པའི་ཕྱིར་ཏེ། བདག་ཉིད་ཐ་དད་པ་མེད་པ་ཞེས་གང་བརྗོད་པ་ཡིན་ནོ། །དེའི་ཕྱིར་ཤེས་པ་དང་ཤེས་བྱ་དག་མི་འབྲེལ་ལ། ཤེས་པ་དང་དོན་

མ་འབྲེལ་ན་ཡང་བྱེ་བྲག་འདི་གཞལ་བྱ་རྟོགས་པའི་སྒྲུབ་པར་བྱེད་པར་མི་འགྱུར་རོ། །གལ་ཏེ་བྱེད་པར་གྱུར་པའི་བྱེ་བྲག་ནི་རང་གི་ངོ་བོ་ཉིད་ཀྱིས་འདི་ལྟར་གྱུར་པ་ཡིན་ཏེ། གང་གིས་རྣམ་པར་ཤེས་པའི་བྱེ་བྲག་མ་བྱས་ཀྱང་ངེས་པར་བྱེད་པ་པོར་འགྱུར་བ་དེའི་ཕྱིར་དོན་ལ་སོ་སོར་ངེས་པ་ནི་ཤེས་པའི་བྱེ་བྲག་སྔོན་དུ་

འགྲོ་བ་ཅན་མ་ཡིན་ནོ་ཞེ་ན་དེ་ནི་དེ་ལྟར་མི་རིགས་ཏེ། གང་གི་ཕྱིར་གང་ཞིག་གི་མཐུས་རང་བཞིན་ཁྱད་པར་མེད་ཀྱང་རང་གི་ངོ་བོས་བྱ་བ་བྱེ་བྲག་ཏུ་འགྱུར་བ་རང་བཞིན་གྱིས་བྱེད་པ་ཞེས་བྱ་བར་གནས་པ་ནི་འགའ་ཡང་མེད་ཀྱི། འོན་ཀྱང་བྱེད་པའི་དེ་ཉིད་ནི་བྱེད་པ་ཉིད་དེ་བྱེ་བྲག་ཏུ་བྱེད་པ་པོ་ཉིད་ཅེས་བྱ་བའི་

Vol. 188 · folio 131b

དོན་ནོ། །བསྒྲུབ་པར་བྱ་བའི་རྒྱུ་མཚན་ནི་བྱེ་བྲག་གི་རྒྱུའོ། །རང་གི་བྱེ་བྲག་གིས་བྱ་བའི་བྱེ་བྲག་བྱེད་པ་ན་སྒྲུབ་པར་བྱེད་པ་འགའ་ཞིག་བྱེད་པར་འགྱུར་བ་ཡིན་གྱི། བྱ་བའི་བྱེ་བྲག་བྱེད་པ་མེད་པར་ནི་འགའ་ཡང་བྱེད་པ་ཞེས་བྱ་བ་མ་ཡིན་ནོ། །གང་གི་ཕྱིར་བྱེད་པའི་བྱེད་པ་ཉིད་ནི་བྱེ་བྲག་གི་རྒྱུ་ཉིད་ཡིན་པ་

དེས་ན་དེ་བྱ་བའི་རྒྱུ་ཡིན་པའི་ཕྱིར་དབང་པོ་ལ་སོགས་པ་རྣམས་ལ་བྱེ་བྲག་རྣམ་པར་གནས་ཀྱང་ཤེས་པའི་མཚན་ཉིད་ཀྱི་བྱ་བ་བྱེ་བྲག་ཏུ་མི་བྱེད་ན། ངེས་པར་བྱེད་པ་མ་ཡིན་པ་ནི་བྱེད་པ་མ་ཡིན་ནོ། །འདི་སྙམ་དུ་འོ་ན་ནི་འབྲེལ་པ་ཅན་ཉིད་ཀྱིས་ཤེས་པ་བྱེ་བྲག་ཏུ་བྱེད་པར་འགྱུར་གྱི་གང་ལས་རྣམ་

པ་དང་བཅས་པར་ཐལ་བར་འགྱུར་བ་རང་བཞིན་གྱི་ཁྱད་པར་འཇོག་པས་ནི་མ་ཡིན་ནོ། །འབྲེལ་པ་པ་ཡང་བྱེ་བྲག་ཏུ་བྱེད་པ་པོ་ཡིན་པ་དེས་ན་ངེས་པར་བྱེད་པར་འགྱུར་རོ་སྙམ་ན། བཤད་པ། བྱེད་པར་འདོད་པའི་བྱེ་བྲག་དེ་ཁྱད་པར་མེད་ན། རང་ཉིད་ལ་བྱེ་བྲག་མེད་ན་བྱ་བ་དེའི་ཁྱད་པར་ཡང་མི་

འགྲུབ་བོ། །དེས་ན་དེ་ངེས་པར་བྱེད་པ་མ་ཡིན་ནོ། །གང་གི་ཕྱིར་དབང་པོ་ལ་གནས་པའི་ཁྱད་པར་འབྲེལ་པ་ཅན་གྱིས་ཀྱང་རང་བཞིན་བྱེ་བྲག་མེད་པའི་བྱ་བ་ཡང་ཁྱད་པར་དུ་བྱས་པ་ཡིན་ལ། བྱེད་པར་འདོད་པའི་ཁྱད་པར་འབྲེལ་པ་ཅན་དེ་ཡང་དོན་རྣམས་ལ་ཐུན་མོང་དུ་ཁྱད་པར་མེད་པའི་ཕྱིར་འབྲེལ་པ་

ཅན་དེས་བྱ་བ་ཁྱད་པར་དུ་བྱེད་པར་ག་ལ་འགྱུར། འདི་སྙམ་དུ་དོན་ལ་གནས་པའི་རྣམ་པའི་ཁྱད་པར་ནི་འབྲེལ་པ་ཅན་ཡིན་ལ། འབྲེལ་པ་ཅན་དེས་ནི་ཤེས་པའི་དོན་སོ་སོ་ལ་ངེས་པ་རྣམ་པར་འཇོག་པའི་ཕྱིར་ངེས་པར་བྱེད་པ་ཡིན་ཏེ། དོན་ལ་གནས་པའི་རྣམ་པ་ནི་ཐུན་མོང་མ་ཡིན་ནོ་སྙམ་ན། དོན་

ལ་གནས་པའི་སྔོན་པོ་ལ་སོགས་པའི་རྣམ་པའི་ཁྱད་པར་ཡོད་ཀྱང་བྱ་བའི་ཁྱད་པར་དེའི་ཡན་ལག་མ་ཡིན་པས་བྱེད་པ་མ་ཡིན་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གལ་ཏེ་དོན་ལ་གནས་པའི་མཚན་ཉིད་ཀྱི་རྣམ་པའི་བྱེ་བྲག་དོན་སོ་སོ་ལ་ཐ་དད་པ་ཡིན་པ་དེ་ལྟ་ན་ཡང་། འདི་ཤེས་པའི་ཁྱད་པར་

རྣམ་པར་འཇོག་པའི་ཡན་ལག་ནི་མ་ཡིན་ཏེ། གང་གི་ཕྱིར་དེ་ནི་ཉམས་སུ་མ་མྱོང་བ་ཁོ་ན་ཡིན་ལ། རྟོགས་པ་ཉམས་སུ་མྱོང་བ་ན་ཡང་མ་ཤེས་པ་དེ་དང་འབྲེལ་པ་ཉིད་དུ་ཤེས་པར་ནུས་པ་མ་ཡིན་པས་ན་དེ་དང་འབྲེལ་པ་ཉིད་ཀྱིས་ཁྱད་པར་དུ་རྣམ་པར་གཞག་པ་ལྟ་ཅི་སྨོས། འདི་ལྟར་འདི་སྔོན་པོ་དང་

Vol. 188 · folio 132a

འབྲལ་ལམ་འོན་ཏེ་གཞན་དང་འབྲེལ་པ་ཞེས་རང་བཞིན་ཁྱད་པར་མེད་པའི་ཕྱིར་རྣམ་པར་ཤེས་པ་ལ་ཐེ་ཚོམ་ཟ་བས་ཇི་ལྟར་ན་ཐེ་ཚོམ་ཟ་བའི་རང་བཞིན་གྱི་སྔོན་པོ་དང་འབྲེལ་པ་ཅན་དེས་ཐེ་ཚོམ་ཟ་བའི་རང་བཞིན་དེ་ཉིད་ངེས་པར་བྱེད། གཞན་ལ་གནས་པའི་ཁྱད་པར་

ཡང་མ་ངེས་པ་ཁོ་ན་ཡིན་ནོ། །དེ་ངེས་པ་ནི་ཤེས་པ་ཁོ་ནས་བྱས་པ་ཡིན་ན་ཁྱད་པར་མ་ཤེས་པ་དེ་ཡང་ཇི་ལྟར་ཁྱད་པར་ཅན་འཛིན་པར་བྱེད་པར་འགྱུར་ཞིང་ཁྱད་པར་གང་གིས་དེ་ཁྱད་པར་ཅན་དུ་རྣམ་པར་གཞག །དེའི་ཕྱིར་ཇི་སྲིད་དུ་རྣམ་པར་ཤེས་པ་ལས་ཐ་དད་པའི་ཁྱད་པར་འབྲེལ་པ་ཅན་ཤེས་པའི་

བྱེ་བྲག་རྣམ་པར་གནས་པའི་རྒྱུ་བརྟགས་པ་དེ་ནི་རྣམ་པ་གཉིས་ཀྱིས་འབྲེལ་པ་མ་ཡིན་ཏེ། ཐུན་མོང་བའི་ཕྱིར་དང་ཐུན་མོང་མ་ཡིན་པ་ཉིད་ཀྱང་མ་ཤེས་པའི་ཕྱིར་རོ། །དེ་ཤེས་ན་ནི་དེ་དང་འབྲེལ་པའི་ཁྱད་པར་ཅན་ཡང་ཤེས་པར་འགྱུར་ན། ཤེས་པ་ལས་ཐ་དད་པ་དེ་ནི་རང་གི་ངོ་བོས་ཤེས་པར་བྱ་བ་

མ་ཡིན་ནོ། །ད་ལྟར་ནི་འཛིན་པར་བྱེད་པའི་ཤེས་པ་ཡང་འགའ་ཞིག་འཐད་པ་མ་ཡིན་ཏེ། དེ་ཉིད་དཔྱོད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཐ་དད་པའི་ཁྱད་པར་ཉམས་སུ་མ་མྱོང་བའི་ཕྱིར་མེད་པ་དང་འདྲ་བ་ནི་ཁྱད་པར་རྣམ་པར་གནས་པའི་ཡན་ལག་མ་ཡིན་ཞིང་། ཡན་ལག་མ་ཡིན་པའི་ཕྱིར་

ཡང་ངེས་པར་བྱེད་པ་མ་ཡིན་ལ། དེས་ན་བྱེད་པ་མ་ཡིན་ནོ། །དེ་ལྟར་ན་གང་གི་ཕྱིར་བདག་ཉིད་ཐ་དད་པ་མེད་པའི་ཤེས་པའི་རྒྱུར་གྱུར་པའི་བྱེ་བྲག་ངེས་པར་བྱེད་པ་མ་ཡིན་པ་དང་། རང་གི་ངོ་བོ་ཁྱད་པར་མེད་པ་དང་། ཁ་ཅིག་མ་ཤེས་པའི་ཕྱིར་འབྲེལ་པ་ཅན་ཉིད་ཀྱི་སྒོ་ནས་བྱེ་བྲག་ཏུ་བྱེད་པ་པོ་

ཉིད་མ་ཡིན་པའི་ཕྱིར་ན་གཞན་བྱེ་བྲག་ཏུ་བྱེད་པ་པོ་མ་ཡིན་པ་དེའི་ཕྱིར། ཤེས་པ་འདིའི་བདག་ཉིད་ཀྱི་བྱེ་བྲག་ནི་རང་བཞིན་གྱི་ཁྱད་པར་རོ། །གང་ལས་ཏེ་བདག་ཉིད་ཀྱི་ཁྱད་པར་གང་གི་ཕྱིར་ཡུལ་ཞེས་བྱ་བའི་ལས་མ་ངེས་པའོ། །ངེས་པ་ཅི་འདྲ་བ་ཞིག་ཅེ་ན། བཤད་པ། སྔོན་པོ་

འདིའི་རྟོག་པ་ནི་འདི་ཡིན་ནོ་ཞེས་འདི་འདྲ་བའི་དོན་གཞན་རྣམ་པར་བཅད་ནས་རྟོགས་པ་འདིའི་དོན་གཅིག་ལ་ངེས་པ་སྟེ། ངེས་པ་འདི་ཉིད་ནི་དོན་དང་འབྲེལ་པར་བརྗོད་པ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་བདག་ཉིད་ཀྱི་བྱེ་བྲག་གང་ལས་འགྱུར་བའི་བདག་ཉིད་ཀྱི་བྱེ་བྲག་དེ་ནི་སྒྲུབ་པར་བྱེད་པ་ཡིན་

Vol. 188 · folio 132b

ནོ། །དེ་ནི་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་སྒྲ་དང་གཞི་མཐུན་པའི་ཕྱིར་མ་ནིང་ངོ་། །འདི་སྙམ་དུ་བདག་ཉིད་ཀྱི་བྱེ་བྲག་ཁོ་ན་ལས་དོན་དང་འབྲེལ་པ་ཡིན་དུ་ཆུག་ཀྱང་། དོན་དང་འདྲ་བས་བྱས་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཤེ་ན། ཤེས་པའི་ཞེས་གསུངས་ཏེ། གལ་ཏེ་འདྲ་བ་ལས་གཞན་ལས་

ཀྱང་སྲིད་ན་ནི་འདྲ་བས་བྱས་པར་གཟུང་བར་མི་བྱ་བ་ཞིག་ན་ཤེས་པའི་དོན་དང་འབྲེལ་པ་འདི་ལྟ་བུ་ནི་དོན་དང་འདྲ་བ་ལས་གཞན་ལས་ནི་སྲིད་པ་མ་ཡིན་ནོ། །ཤེས་པ་ལས་ཐ་དད་པའི་དབང་པོ་ལ་སོགས་པ་ལ་གནས་པའི་བྱེ་བྲག་ནི་མི་ཤེས་པའི་ཕྱིར་འབྲེལ་པར་བྱེད་པར་མི་འགྱུར་གྱི། དབང་པོ་ལ་སོགས་

པས་བྱས་པ་ཤེས་པ་ལ་གནས་པའི་བྱེ་བྲག་ནི་རྣམ་པར་ཤེས་པའི་སྤྱིར་འབྲེལ་པར་བྱེད་པ་པོར་འགྱུར་བར་དེའི་ཕྱིར་གཞན་ལས་ནི་སྲིད་པ་ནི་མ་ཡིན་ནོ་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། དབང་པོ་ལ་སོགས་པ་ཞེས་སྨོས་སོ། །དབང་པོ་དེ་གསལ་བ་དང་མི་གསལ་བ་དེའི་དངོས་པོ་ནི་གསལ་བ་དང་མི་གསལ་བ་ཉིད་

དོ། །དེ་ལ་སོགས་པ་གང་དག་ཡིན་པ་སྟེ། སོགས་པ་སྨོས་པས་ནི་གོམས་པ་བོགས་པ་དང་། མ་བོགས་པ་དང་ཡུལ་ཉེ་བ་དང་མི་ཉེ་བ་ལ་སོགས་པ་གཟུང་ངོ་། །འདི་དག་གི་རང་གི་བྱེ་བྲག་གིས་དབང་པོའི་རྣམ་པར་ཤེས་པ་ལ་སོགས་པ་བྱེ་བྲག་ཏུ་འགྱུར་ཏེ། ཟས་ཟོས་པ་དང་མ་ཟོས་པ་ལ་སོགས་པས་

གནོད་པར་བྱས་པས་མི་གསལ་བ་དང་། ཕན་བཏགས་པས་གསལ་བར་གྱུར་པའི་དབང་པོས་ནི་རྣམ་པར་ཤེས་པ་གསལ་བ་དང་མི་གསལ་བ་འཛིན་པར་བྱེད་པ་དང་། སྔོན་གོམས་པས་འདུས་བྱས་པའི་ཡིད་ལ་བྱེད་པ་ཡང་འདོད་པ་དང་མི་འདོད་པའི་ཤེས་པའི་རྒྱུར་འགྱུར་ཏེ། འདི་ཡང་སྐབས་ཇི་ལྟ་བ་

བཞིན་དུ་སྒྲུབ་པར་འགྱུར་རོ། །ཡུལ་ཉེ་ན་གསལ་ལ་ཉེ་བ་མ་ཡིན་ན་མི་གསལ་བ་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་འབྲངས་ནས་རྟོགས་པར་བྱ་བའོ། །དེ་ལྟར་དབང་པོ་དང་ཡིད་ལ་བྱེད་པ་དང་ཡུལ་གྱི་བྱེ་བྲག་རྣམས་རང་གི་བྱེ་བྲག་གིས་བྱེ་བྲག་ཏུ་གྱུར་པ་ན་དེ་ལྟར་ཤེས་པ་དགའ་བ་ལ་སོགས་པའི་བྱེ་བྲག་

རྣམས་དང་སྦྱོར་བར་བྱེད་པ་ཡིན་ཡང་དོན་དང་སྦྱོར་བར་བྱེད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ལས་ཞེས་སྨོས་ཏེ། དབང་པོ་ལ་སོགས་པ་བྱེ་བྲག་ཏུ་བྱེད་པར་གྱུར་པ་ལ་ཉེ་བ་སྟེ། འབྲེལ་པའི་རྒྱུ་གང་ཡིན་པ་དེ་མེད་པའི་ཕྱིར་རོ། །དབང་པོ་ལ་སོགས་པའི་བྱེ་བྲག་ཏུ་བྱེད་པའི་དངོས་པོས་འབྲེལ་པའི་

Vol. 188 · folio 133a

རྒྱུ་མེད་པ་མཚོན་པར་བྱས་པའོ། །དབང་པོ་ལ་སོགས་པའི་བྱེ་བྲག་ལ་ནི་ཤེས་པ་དང་ཉེ་བའི་རྒྱུ་ཡོད་པ་མ་ཡིན་ཏེ། འདི་ལྟར་ཉམས་སུ་མྱོང་བ་ཞེས་བྱ་བ་དབང་པོས་བྱས་པའི་ཤེས་པའི་བྱེ་བྲག་ཡོད་ཀྱང་དོན་ཐམས་ཅད་ལ་ཐུན་མོང་བ་ཡིན་པ་ཉིད་ཀྱིས་ངེས་པ་མ་ཡིན་པའི་དང་ཉེ་

བའི་རྒྱུ་མ་ཡིན་ནོ། །ཇི་ལྟར་དབང་པོས་བྱས་པའི་གསལ་བ་ནི་སྔོན་པོ་ལ་ཇི་ལྟ་བར་སེར་པོ་ལ་ཡང་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་ཐུན་མོང་བར་སྦྱར་བར་བྱའོ། །དོན་གྱིས་བྱས་པའི་བྱེ་བྲག་དོན་དང་འདྲ་བ་ཞེས་གྲགས་པ་ཉིད་ནི་ཉེ་བའི་རྒྱུ་ཡིན་ཏེ། དོན་སོ་སོ་ལ་ཐ་དད་པའི་ཕྱིར་རོ། །དེས་ན་

དབང་པོ་ལ་སོགས་པ་ཞེས་སྨོས་པས་ཡུལ་མ་བཟུང་བ་ཡིན་ནོ། །གང་གི་ཕྱིར་ཡུལ་ཐ་དད་པར་བྱེད་པ་ཡིན་ན་ནི་ཤེས་པ་ལ་ཡུལ་གྱིས་བསྐྱེད་པའི་འདྲ་བ་ཉིད་ཉེ་བའི་རྒྱུར་འགྱུར་རོ། །གལ་ཏེ་དབང་པོ་ལ་སོགས་པས་བྱས་པའི་བྱེ་བྲག་བྱེ་བྲག་ཏུ་བྱེད་པ་པོ་མ་ཡིན་པ་དེ་ལྟ་ན། འོ་ན་ནི་དོན་གྱིས་བྱས་པའི་

ཉམས་སུ་མྱོང་བའི་བྱེ་བྲག་སྟེ། ཉམས་སུ་མྱོང་བའི་ཁྱད་པར་གང་ལས་དོན་ངེས་པར་རྟོགས་པའི་རྟོགས་པར་འགྱུར་བ་ཡིན་གྱི་དོན་དང་འདྲ་བ་ལས་ནི་མ་ཡིན་ནོ་ཞེ་ན། དེ་ལྟར་འདོད་ན་ད་ནི་སྟེ་དེ་ལྟར་ཁས་བླངས་པ་ན་ཡོད་པ་དོན་བྱེད་པའི་རང་བཞིན་གྱི་ཁྱད་པར་དོན་དང་འདྲ་བ་མི་བཟོད་པས་ཁས་བླངས་པ་

དེའི་རང་བཞིན་ཏེ་དེ་ཁོ་ན་ཇི་ལྟར་མི་བརྗོད། ཡོད་པར་ཐ་སྙད་དུ་བྱ་བའི་ཡུལ་ནི་ཚད་མས་རྟོགས་པའི་རང་བཞིན་ཡིན་ལ། ཚད་མས་རྟོགས་པ་ཡང་ངེས་པ་ལ་གནས་པའི་དོན་བསྟན་པར་ནུས་པ་ཁོ་ན་ཡིན་ཏེ། རྣམ་པར་རྟོག་པ་ལ་གནས་པ་ནི་སྒྲའི་དོན་ཡིན་པའི་ཕྱིར་རོ། །ཅིག་ཤོས་ཀྱིས་ཀྱང་ཉམས་

སུ་མྱོང་བ་ཐམས་ཅད་འདིའོ་ཞེས་བྱ་བར་བསྟན་པར་ནུས་པ་མ་ཡིན་ཏེ། དཔེར་ན་ནོར་བུ་དང་ལྕགས་ལ་སོགས་པའི་གཟུགས་རྣམས་མི་མཁས་པས་མཐོང་དུ་ཟིན་ཀྱང་ཁྱད་པར་བརྗོད་པར་མི་ནུས་པ་བཞིན་ནོ། །ཚད་མས་ཡུལ་དུ་བྱས་པ་ཐམས་ཅད་ཀྱང་འདིའོ་ཞེས་བསྟན་པར་ནུས་པ་མ་ཡིན་ཏེ། དཔེར་ན་རྗེས་

སུ་དཔག་པའི་མིག་བཞིན་ནོ། །དེའི་ཕྱིར་བརྒལ་བ་འདི་ཅི་ཞིག་ཡིན་ཞེས་སྨྲས་པ་ནི། དེ་ནི་ཞེས་བྱ་བ་དོན་གྱིས་བྱས་པའི་ཁྱད་པར་གྱི་རང་བཞིན་ནོ། །འདིའི་དངོས་པོ་ནི་འདི་ཉིད་དེ་མངོན་སུམ་ཉིད་དོ། །དེ་བྱེད་པར་གྱུར་པས་མངོན་སུམ་ཉིད་དུ་རྭ་ནས་བཟུང་ནས་བསྟན་པར་མི་ནུས་ཀྱི། དོན་ངེས་པར་

Vol. 188 · folio 133b

རྟོགས་པའི་རྟོགས་པ་མཐོང་བའི་ཕྱིར། དེའི་རྒྱུ་མཚན་དུ་གྱུར་པ་དོན་གྱིས་བྱས་པའི་ཉམས་སུ་མྱོང་བའི་ཁྱད་པར་ཡོད་དོ་ཞེས་ནི་སྨྲ་བར་ནུས་པ་ཡིན་ནོ་ཞེ་ན། ཅིག་ཤོས་ཀྱིས་སྨྲས་པ། རིགས་པ་སྨྲ་བ་འདི་རྟོགས་པ་མེད་པ་མཚོན་པ་མེད་པ་འདིའོ་ཞེས་ངེས་པ་མེད་པས་དངོས་པོ་སྟེ་ཤེས་པའི་རང་བཞིན་

རྣམ་པར་འཇོག་པར་བྱེད་པ་སྟེ། ངེས་པའི་རང་བཞིན་དུ་རྟོགས་པར་བྱེད་པའོ་ཞེས་བྱ་བའི་དོན་ནི་གཞན་གྱི་འདི་ནི་མི་སྲིད་དོ་ཞེས་བྱ་བའོ། །ཇི་ལྟར་རྣམ་པར་འཇོག་ཅེ་ན། བཤད་པ་མྱོང་བའི་རང་བཞིན་འདི་ནི་སྔོན་པོ་འདི་ཡིན་གྱི་གཞན་སེར་པོའི་ནི་མ་ཡིན་ནོ་ཞེས་བྱ་བར་ཏེ། དེའི་ཕྱིར་ལེགས་པར་རྣམ་པར་

གཞག་པ་ཡིན་ནོ། །འདི་ནི་བསྟིང་ཚིག་སྟེ་གཞན་གྱིས་བཞག་པ་འགོག་པའོ། །འདིའོ་ཞེས་བྱ་བར་ངེས་པར་རྟོགས་པ་མེད་ཀྱི་མིག་ལ་སོགས་པའི་རང་བཞིན་གྱི་བྱེ་བྲག་རྣམ་པར་འཇོག་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། དེ་ལས་ནི་ངེས་པར་རྟོགས་པའི་རང་བཞིན་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བ་

འབྲས་བུ་རྣམ་པར་འཇོག་པ་ཡོད་པས་འདི་དབང་གིས་མིག་ལ་སོགས་པ་ངེས་པར་རྟོགས་པ་མེད་པའི་རང་བཞིན་ཡང་རྣམ་པར་གཞག་པ་ཡིན་ན། རྣམ་པར་ཤེས་པ་ནི་ངེས་པར་རྟོགས་པའི་རང་བཞིན་གཞན་གྱིས་རྣམ་པར་གཞག་པ་མ་ཡིན་གྱི། འོན་ཀྱང་བདག་ཉིད་ཁོ་ནས་ཡིན་ནོ། །དེའི་ཕྱིར་དེ་ངེས་

པར་མ་རྟོགས་ན་ནི་རྟོགས་པ་ངེས་པར་རྣམ་པར་གཞག་པ་ཡོད་པ་མ་ཡིན་ནོ། །ནོར་བུ་དང་དངུལ་ལ་སོགས་པ་བྱེ་བྲག་ཏུ་རྣམ་པར་གཞག་པའི་རྒྱུ་ངེས་པར་མ་ཟིན་པ་གང་ཡིན་པ་དེ་དག་ཀྱང་བྱེ་བྲག་མེད་པའི་ཐ་སྙད་དུ་བྱའོ། །འདི་སྐད་དུ་འབྲས་བུ་བྱེ་བྲག་ཏུ་རྟོགས་པ་མཐོང་བའི་ཕྱིར་བྱེ་བྲག་ཏུ་རྣམ་པར་

འཇོག་གོ་ཞེས་ནི་བརྗོད་པར་མི་ནུས་ཏེ། སྔོན་པོ་ལ་སོགས་པའི་དོན་གྱིས་བྱས་པའི་མྱོང་བའི་བྱེ་བྲག་ངེས་པ་ཡིན་ན་ནི་སྔོན་པོ་རྟོགས་པའི་ངེས་པར་ཡོངས་སུ་བཅད་པར་འགྱུར་བ་ཡིན་ཏེ། དོན་ངེས་པར་རྟོགས་པར་ཡོངས་སུ་གཅོད་པ་ནི་དོན་གྱིས་བྱས་པའི་ཁྱད་པར་ཡོངས་སུ་གཅོད་པ་ཉིད་ཡིན་གྱི་གཞན་ནི་མ་ཡིན་

པའི་ཕྱིར་རོ། །གང་གི་རང་བཞིན་ངེས་པ་ཉིད་ཤེས་པའི་ལས་ལ་ངེས་པར་འགྱུར་བ་ན་དེ་མ་ངེས་ན་དེའི་བདག་ཉིད་ལས་ལ་ངེས་པའི་རྟོགས་པ་ཇི་ལྟར་འགྱུར། དེའི་ཕྱིར་བྱེ་བྲག་གི་རྟོགས་པ་མཐོང་བའི་ཕྱིར་བྱེ་བྲག་རྣམ་པར་འཇོག་གོ་ཞེས་གང་སྨྲས་པ་དེ་ལ་དོན་འདིར་འགྱུར་ཏེ། བྱེ་བྲག་རྟོགས་པའི་

Vol. 188 · folio 134a

ཕྱིར་བྱེ་བྲག་རྟོགས་སོ་ཞེས་བྱ་བ་ཡིན་ན་དེ་ལྟར་ནི་རིགས་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདག་ཉིད་ངེས་པར་རྟོགས་པ་མེད་པ་ཞེས་གསུངས་ཏེ། གང་གི་བདག་ཉིད་དུ་དངོས་པོ་ངེས་པར་རྟོགས་པར་བྱ་བ་དེ་ཉིད་ངེས་པར་རྟོགས་པ་མེད་པ་ཞེས་བྱ་བར་ཇི་ལྟར་འགྱུར། དེ་ངེས་

པར་མ་རྟོགས་ན་ཡང་དངོས་པོ་དེའི་རང་བཞིན་ཅི་འདྲ་བ་ཞིག་ཏུ་རྣམ་པར་འཇོག །རང་བཞིན་གང་ཞིག་མ་རྟོགས་ན་ནི་དངོས་པོ་དེའི་རང་བཞིན་དུ་རྟོགས་པར་མི་འགྱུར་ཏེ། དཔེར་ན་སྐད་ཅིག་མ་ཉིད་ངེས་པར་མ་རྟོགས་པར་སྔོན་པོ་ལ་སོགས་པ་དེའི་རང་བཞིན་དུ་ངེས་པར་མི་རྟོགས་པ་བཞིན་ནོ། །ཤེས་

པའི་དོན་གྱིས་བྱས་པའི་བྱེ་བྲག་ཀྱང་ངེས་པར་རྟོགས་པ་མ་ཡིན་ཏེ། དེས་ན་ཤེས་པ་དེའི་རང་བཞིན་དུ་ངེས་པར་རྟོགས་པར་མི་འགྱུར་བའི་ཕྱིར། དོན་ངེས་པར་རྟོགས་པའི་རྟོག་པར་མི་འགྱུར་རོ། །དངོས་པོ་དེའི་རང་བཞིན་དུ་རྟོགས་པ་ནི་རང་བཞིན་རྟོགས་པའི་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། འདི་ལྟར་

འགའ་ཞིག་ལ་ལྟོས་པས་རང་བཞིན་འགའ་ཞིག་བརྟགས་པ་ཡིན་ལ། དངོས་པོ་ཡང་ལྡོག་པ་གཞན་ལས་བརྟགས་པ་ཡིན་ནོ། །དེ་ལ་ལྡོག་པ་གཞན་དང་ལྡན་པའི་ལྡོག་པ་གཞན་གྱི་རྟོགས་པ་ཁྱད་པར་དུ་གྱུར་པའི་རང་བཞིན་རྟོགས་པའི་ཕྱོགས་གཅིག་ཏུ་གྱུར་པ་གང་ཡིན་པ་འདི་ལ་ནི་དེའི་རྟོགས་

པས་ཁྱབ་པ་ཡིན་ཏེ། དཔེར་ན་དབྱིག་པ་རྟོག་པའི་ཕྱོགས་གཅིག་ཏུ་གྱུར་པ་དབྱིག་པ་ཅན་རྟོགས་པ་ནི་དབྱིག་པ་རྟོགས་པས་ཁྱབ་པ་ཡིན་པ་བཞིན་ཡིན་པས་ན་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདྲ་བ་ཡང་རྟོགས་པ་མེད་པ་མ་ཡིན་ནམ། གཟུང་བའི་རྣམ་པ་ཉམས་སུ་མྱོང་བའི་ཕྱིར་མ་རྟོགས་

པས་སོ་ཞེས་ཅིའི་ཕྱིར་བརྗོད་ཅེ་ན། བདེན་ཏེ། ཉམས་སུ་མྱོང་ཡང་འདྲ་བའི་བདག་ཉིད་དུ་ནི་མ་ཡིན་ཏེ། གང་གི་ཕྱིར་ཉམས་སུ་མྱོང་བ་ནི་རྟོགས་ཀྱིས་འདི་ནི་འདྲ་བའོ་ཞེས་ཞེན་པ་མེད་ཀྱི་འོན་ཀྱང་དོན་ཡིན་ནོ་ཞེས་སོ། །དེ་ལྟ་ན་འོ་ན་ནི་རྗེས་སུ་དཔག་པས་འདྲ་བའི་བདག་ཉིད་དུ་ངེས་པར་བྱེད་དེ། རང་

བཞིན་ནི་གསལ་བ་ཉིད་དུ་མངོན་སུམ་དུ་གྱུར་པས་མ་རྟོགས་པ་མ་ཡིན་པ་དེའི་ཕྱིར་དེ་ནི་སྒྲུབ་པར་བྱེད་པར་འཐད་པ་ཡིན་ནོ། །གང་གི་ཕྱིར་འདྲ་བ་ལས་གཞན་དོན་དང་འབྲེལ་པར་བྱེད་པ་མ་ཡིན་པ་དེའི་ཕྱིར་གཞལ་བྱ་རྟོགས་པ་སྟེ། གཞལ་བྱ་རྟོགས་པར་རྣམ་པར་གཞལ་བའི་སྒྲུབ་བྱེད་དེ་བྱེད་པ་ནི་གཞལ་

Vol. 188 · folio 134b

བྱའི་རང་བཞིན་ལྟ་བུ་གང་ཡིན་པ་དེའི་དངོས་པོ་ནི་གཞལ་བྱའི་རང་བཞིན་ཉིད་དེ། རྣམ་པར་ཤེས་པའི་གཞལ་བྱ་དང་འདྲ་བ་ཉིད་དོ། །སྒྲུབ་བྱེད་འདྲ་བ་ལས་གཞན་ཤེས་པ་ལས་ཕྱི་རོལ་དུ་གྱུར་པའམ། རང་བཞིན་དུ་གྱུར་ཀྱང་དབང་པོ་ལ་སོགས་པས་བྱས་པ་ཡིན་ན་ནི་ཤེས་པ་དེའི་ལས་དང་

འབྲེལ་པ་ངེས་པ་འདི་ནི་སྔོན་པོ་མྱོང་བ་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུར་གྱུར་པ་མི་འགྲུབ་སྟེ། རྟོགས་པ་མ་ཡིན་ནོ། །གལ་ཏེ་སྒྲུབ་པར་བྱེད་པ་དོན་དང་འདྲ་བ་དེ་ཉིད་ཀྱང་འབྲས་བུ་ལས་གཞན་དུ་འགྱུར་རོ་ཞེ་ན། བཤད་པ་གཞལ་བྱའི་རང་བཞིན་དེ་ཡང་ཤེས་པ་དེའི་བདག་ཉིད་དུ་གྱུར་

པ་ཡིན་ནོ། །གང་གི་ཕྱིར་བདག་ཉིད་ཡིན་པ་དེས་ན་འབྲས་བུ་ཚད་མ་ལས་གཞན་ཐ་དད་པ་མ་ཡིན་ནོ། །བྱེད་པ་ཐམས་ཅད་ནི་བྱེད་པ་པོའི་གཞན་གྱི་དབང་དང་རང་གི་བྱ་བ་དང་ལྡན་པ་དང་། གཙོར་གྱུར་པའི་བསྒྲུབ་པར་བྱ་བ་ལ་ཉེ་བར་སྦྱོར་བར་མཐོང་སྟེ། དཔེར་ན་ཤིང་སྐྱེས་བུས་བྱིན་གྱིས་བརླབས་

ཤིང་འབར་བའི་བྱ་བ་དང་ལྡན་པ་ཚོས་པའི་བསྒྲུབ་པར་བྱ་བ་ལ་ཉེ་བར་སྦྱོར་བ་མཐོང་བ་བཞིན་ནོ། །འདྲ་བ་ནི་བྱེད་པ་པོའི་གཞན་གྱི་དབང་དང་བྱ་བ་དང་ལྡན་པ་དང་། གཙོར་གྱུར་པའི་བསྒྲུབ་པར་བྱ་བ་ལ་ཉེ་བར་སྦྱོར་བར་མ་མཐོང་ཞིང་། བྱེད་པ་པོ་འགའ་ཞིག་ཀྱང་མཐོང་བ་མེད་པས་དེ་ཇི་ལྟར་ན་

དོན་དང་འདྲ་བར་བྱེད་པར་འགྱུར་ཞེ་ན། སྨྲས་པ། ཅུང་ཟད་ཀྱང་ཕོངས་པས་བྱེད་པས་རྟོག་པ་ནི་མ་ཡིན་གྱི་འོན་ཀྱང་འདི་ནི་དངོས་པོ་ལ་གནས་པ་ཡིན་ཏེ། བྱེད་པ་འགའ་ཞིག་ལ་མ་བརྟེན་པར་ནི་བསྒྲུབ་པར་བྱ་བ་སྒྲུབ་པར་མི་བྱེད་པའི་ཕྱིར་རོ། །འདི་ཙམ་ཞིག་ནི་ཁྱད་པར་ཡིན་ཏེ། བྱེད་པ་འགའ་ཞིག་ནི་

རང་ལས་ངེས་པ་ཡིན་ཏེ། དཔེར་ན་གཅོད་པ་ལ་སྟེའུ་བཞིན་ནོ། །གཞན་ལ་ནི་བསྒྲུབ་པར་བྱ་བ་དང་ལྡན་པའི་བྱེད་པ་པོ་མཐོང་བ་ལས་བྱེད་པ་པོ་རྣམ་པར་འཇོག་པ་ཡིན་ནོ། །བྱེད་པ་མེད་པར་ནི་བསྒྲུབ་པར་བྱ་བ་འགྲུབ་པ་མི་འཐད་པའི་ཕྱིར་རོ། །འདིར་དོན་དམ་པར་ནི་བྱེད་པ་པོ་འགའ་ཡང་ཡོད་པ་མ་

ཡིན་གྱི་འོན་ཀྱང་ཐ་སྙད་པ་ཁོ་ནའོ། །བྱེད་པ་ཡང་ཐ་སྙད་ཀྱི་རྒྱུ་མཚན་ཡིན་གྱི་འདིར་སྐྱེད་པ་པོར་འདོད་པ་ལ་ནི་མ་ཡིན་ནོ། །དེ་ལ་ཤེས་པའི་འཛིན་པའི་རྣམ་པ་གཟུང་བའི་རྣམ་པ་ལས་ཐ་དད་པར་བདག་ཏུ་འཛིན་པའི་གཞིར་གྱུར་པ་དགའ་བ་ལ་སོགས་པའི་རང་བཞིན་གྱིས་འཛིན་པ་ལ་ནི་ངས་མཐོང་ངོ་ཞེས་

Vol. 188 · folio 135a

བྱེད་པ་པོར་ཞེན་པ་ཡིན་ཞིང་། དེ་ཡང་དོན་རྟོགས་པའི་རང་བཞིན་དུ་ཞེན་པ་ན་བསྒྲུབ་པར་བྱ་བའི་རང་བཞིན་དུ་ཞེན་པར་འགྱུར་བ་ཡིན་ནོ། །དེས་ན་བསྒྲུབ་པར་བྱ་བ་དང་ལྡན་པའི་བྱེད་པ་པོ་དེའི་བསྒྲུབ་པར་བྱ་བའི་བྱེ་བྲག་འདིའི་རྒྱུ་བྱེད་པ་འགའ་ཞིག་ཏུ་འགྱུར་དགོས་ལ་དེ་ཡང་

ཐ་སྙད་པར་བརྟག་པའི་ནི་མི་འཐད་དོ། །གང་གི་ཕྱིར་ཁྱད་པར་དང་ལྡན་པ་མ་ཡིན་རང་བཞིན་གྱི་ཉམས་སུ་མྱོང་བ་ན་ཁྱད་པར་ཅན་གྱི་དོན་རྟོགས་པར་རྣམ་པར་གཞག་པ་ནི་རིགས་པ་དང་ལྡན་པ་མ་ཡིན་པ་དེའི་ཕྱིར་རྣམ་པར་འཇོག་པའི་རྒྱུ་ཤེས་པའི་རང་བཞིན་གྱི་བྱེ་བྲག་ཉམས་སུ་མྱོང་བར་གྱུར་པ་ནི་

བྱེད་པར་འགྱུར་དགོས་སོ། །འདིར་བྱེད་པ་དེ་ཤེས་པ་ལས་ཐ་དད་པ་མེད་པ་ཉིད་ནི་བྱེད་པ་པོའི་དབང་དུ་གྱུར་པ་ཉིད་ཡིན་ལ། ཉམས་སུ་མྱོང་བར་གྱུར་པ་ཉིད་ཀྱང་བྱ་བ་དང་ལྡན་པ་ཞེས་བྱ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གང་ཞིག་བྱེད་པར་འགྱུར་བ་འཛིན་པའི་རྣམ་པའི་ཁྱད་པར་ཅན་གྱི་

རང་བཞིན་ནི་ཉམས་སུ་མྱོང་བ་མེད་པ་དེས་ན། གལ་ཏེ་གཟུང་བའི་རྣམ་པ་ངར་འཛིན་པས་ལས་ཕྱི་རོལ་དང་བདེ་བའི་རྣམ་པ་དང་བྲལ་བ་མི་ཤེས་པའི་བདག་ཉིད་དུ་ཞེན་པ་དེ་ལྟ་ན་ཡང་གཞན་དུ་མི་འཐད་པས་ན་རྗེས་སུ་དཔག་པ་ལས་ཤེས་པའི་ངོ་བོ་དེ་དང་འདྲ་བའི་རང་བཞིན་དུ་བཞག་པ་ཡིན་གྱི་

མངོན་སུམ་ལས་ནི་མ་ཡིན་ནོ། །གཟུང་བའི་རྣམ་པ་འདྲ་བའི་བདག་ཉིད་ཅན་ཤེས་པའི་རང་བཞིན་དུ་མངོན་སུམ་གྱིས་ནི་ངེས་པ་མ་ཡིན་གྱི། འོན་ཀྱང་དོན་གྱི་ཁྱད་པར་རྟོགས་པ་གཞན་དུ་མི་འཐད་པས་རྗེས་སུ་དཔག་པ་ཡིན་ནོ། །རིག་བཞིན་པའི་འདྲ་བ་དེ་ཡང་ཤེས་པ་ལས་ཐ་མི་དད་པ་

ཡིན་ན་ཤེས་པ་དོན་ངེས་པ་འཛིན་པར་འཇོག་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་འདིར་རང་གི་ངོ་བོ་ཉིད་ཀྱིས་བྱེད་པ་ཉིད་དུ་ཤེས་པའི་བྱེད་པ་ནི་མེད་ཀྱི་འོན་ཀྱང་བྱེད་པ་པོའི་བྱ་བའི་ཁྱད་པར་ཅན་མཐོང་བ་ལས་རྗེས་སུ་དཔག་པ་ཡིན་ཞིང་དེ་ལས་ཀྱང་གཙོར་གྱུར་པའི་བསྒྲུབ་པར་བྱ་བ་ལ་འདིའི་བྱ་བ་རྗེས་སུ་དཔག་

པ་ཡིན་ནོ། །བྱེད་པ་པོའི་བདག་ཉིད་ཀྱང་ཤེས་པའི་བདག་ཉིད་ཀྱི་ཕྱིར་དང་། ཤེས་པའི་བདག་ཉིད་དུ་ཉམས་སུ་མྱོང་བའི་བྱ་བ་དང་ལྡན་པ་ཞེས་བྱ་བ་ཡང་རྗེས་སུ་དཔག་པར་བྱ་བ་ཡིན་ཏེ། མངོན་སུམ་གྱིས་ནི་གཟུང་བའི་རྣམ་པར་ཤེས་པའི་ངོ་བོར་ངེས་པ་མ་ཡིན་པའི་ཕྱིར་རོ། །བྱེ་བྲག་ཏུ་

Vol. 188 · folio 135b

རྣམ་པར་འཇོག་པའི་རྒྱུ་ནི་དེའི་བདག་ཉིད་དུ་ཉམས་སུ་མྱོང་བ་ཡིན་གྱི་གཞན་གྱི་རང་བཞིན་དུ་ནི་མ་ཡིན་པས་ན་དེ་ཅིའི་ཕྱིར་གང་གི་ཕྱིར་སྒྲུབ་པར་བྱེད་པ་ཉིད་དུ་མ་མཐོང་བ་འདི་ཇི་ལྟར་སྒྲུབ་པར་བྱེད་པ་ཡིན་ཞེས་བརྗོད། བྱེད་པ་པོའི་བྱ་བ་མཐོང་བའི་ཕྱིར་ན་འདི་ཉིད་གཙོར་གྱུར་པའི་བསྒྲུབ་པར་བྱ་བའི་

ཡན་ལག་ཏུ་རྗེས་སུ་དཔག་པ་ཡིན་ལ། བྱེད་པ་པོའི་རང་བཞིན་ཉིད་ཀྱང་བྱེད་པ་པོའི་གཞན་གྱི་དབང་དང་། དེའི་བདག་ཉིད་དུ་ཉམས་སུ་མྱོང་བ་ཡང་བྱ་བ་དང་ལྡན་པ་ཡིན་པར་བསྟན་པའི་ཕྱིར། དེ་ཡི་བདག་ཉིད་འཛིན་དེ་ནི། །ཞེས་སྨོས་ཏེ། དོན་དང་འདྲ་བ་ཉིད་འཛིན་པའི་ཤེས་པ་བྱེད་པ་པོར་གྱུར་པ་

དེའོ། །འདིས་ནི་བྱ་བ་དང་ལྡན་པ་དང་བྱེད་པ་པོའི་དབང་དུ་གྱུར་པ་བརྗོད་པ་ཡིན་ནོ། །ངེས་པའི་དོན་རྟོགས་པ་དེ་ཉིད་ཀྱི་བདག་ཉིད་ཀྱི་བྱ་བ་གང་ཡིན་པའི་བྱ་བ་དེས་བྱ་བ་དང་བཅས་པར་གཙོར་གྱུར་པའི་བསྒྲུབ་པར་བྱ་བ་དང་ལྡན་པར་སྣང་ངོ་། །དེའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་འདྲ་བའི་དབང་

གིས་བྱེད་པ་པོ་ཤེས་པའི་དོན་ངེས་པར་འཛིན་པ་བཞིན་དུ་སྣང་བ་དེའི་ཕྱིར། དེ་བྱེད་པ་པོར་ཤེས་པ་ཡིན་གྱི་མངོན་སུམ་གྱིས་ནི་མ་ཡིན་ནོ། །རང་གི་ལས་ཏེ་ཡུལ་ཞེས་བྱ་བའི་ལས་ལའོ། །དེ་ལྟ་བུའི་སྒྲ་སྦྱར་བ་ནི་ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར་རོ། །བསྒྲུབ་པར་བྱ་བ་དང་བྱེད་པ་དག་ཐ་དད་

པ་མེད་ན་འདྲ་བ་བྱེད་པ་ཉིད་ཇི་ལྟར་ཡིན་ཞེ་ན། དེའི་ཞེས་སྨོས་ཏེ་འདྲ་བའི་དབང་གིས་ཏེ་ཉམས་སུ་མྱོང་བས་སོ། །གང་གི་ཕྱིར་ཤེས་པ་ལ་གནས་པའི་འདྲ་བ་མྱོང་བ་དེའི་ཕྱིར་ཤེས་པ་དེ་སྔོན་པོའི་དོན་རྟོགས་པར་ངེས་པ་ཡིན་ན། དེའི་ཕྱིར་འདྲ་བའི་ནི་རྣམ་པར་འཇོག་པར་བྱེད་པ་ནི་བྱེད་པ་ཡིན་ནོ། །

ངེས་པའི་ཤེས་པས་རྣམ་པར་གཞག་པ་ན་ཡང་ཤེས་པ་དེ་ཉིད་འབྲས་བུ་ཡིན་པ་དེའི་ཕྱིར་རྟོགས་པའི་ཆ་ནི་འབྲས་བུ་ཡིན་ལ། འདྲ་བའི་ཆ་ནི་སྒྲུབ་པར་བྱེད་པ་ཡིན་ནོ། །སྔ་ན་མེད་པའི་དོན་བརྗོད་པའི་ཕྱིར་བར་སྐབས་བར་མ་དོར་འཕྲོས་པའི་ཚིགས་སུ་བཅད་པའོ། །འདིས་ནི་ཞེས་བྱ་བ་ནི་འབྲེལ་པའི་

རྒྱུ་མཚན་སྒྲུབ་པར་བྱེད་པ་གཞན་མེད་པར་བརྗོད་པས་སོ། །དབང་པོ་དང་ཕྲད་པ་དང་དོན་ལ་ལྟ་བ་དང་ཁྱད་པར་གྱི་ཤེས་པ་དེ་རྣམས་ཚད་མ་ཡིན་པ་སྤངས་པ་ཡིན་ནོ། །དེ་ལས་ཏེ་དབང་པོ་ལ་སོགས་པ་དེ་དག་ལས་ཤེས་པའི་སྔོན་པོ་དང་སེར་པོ་ལ་སོགས་པའི་ངེས་པའི་ལས་དང་འབྲེལ་པ་མྱོང་བ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words