ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད
Sanskrit title (Tibetan script, as in the text) པྲ་མཱ་ཎ་བི་ནིཤྩ་ཡ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 188 · folio 162a
དེའི་ཐ་སྙད་དེ་ལ་མི་རིགས་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། གཟུགས་ལ་ནི་ཉམས་སུ་མྱོང་བས་མིག་གི་ཁྱད་པར་ཅན་གྱི་ཐ་སྙད་བྱ་བ་མ་ཡིན་གྱི། འོན་ཀྱང་མིག་གིས་དབེན་པར་ཡུལ་ཉམས་སུ་མྱོང་བ་ལས་རིག་པའི་ཁྱད་པར་ཅན་ཉིད་ཀྱི་ཐ་སྙད་བྱ་བ་ཡིན་ནོ། །རིག་པ་མ་དམིགས་ན་དེའི་
ཁྱད་པར་ཅན་གྱི་དོན་ཡང་ཡིན་པས་ཇི་ལྟར་རིག་པའི་ཐ་སྙད་བྱེད། ཚིག་ལེའུར་བྱས་པའི་དོན་མཇུག་སྡུད་པ་ནི་དེའི་ཕྱིར་རིག་པ་འགའ་ཡང་མ་དམིགས་ན་དེ་མ་དམིགས་པའི་རྟོགས་པ་པོ་འགའ་ཡང་རིག་པར་བྱེད་པ་མ་ཡིན་ཏེ། ཤེས་པའི་ཁྱད་པར་དང་བྲལ་བའི་རིག་པ་མི་འཐད་པའི་ཕྱིར་རོ། །རང་རིག་པ་མ་ཡིན་ཡང་དམིགས་
པ་གཞན་གྱིས་དམིགས་པའི་ཤེས་པ་ཡུལ་བཞིན་དུ་མངོན་སུམ་ཉིད་མ་ཡིན་ནམ་ཞེས་དོགས་པ་ལ་རྟོགས་པ་འདི་ལ་ཕ་རོལ་པོའི་དོན་ཇི་ལྟ་བུར་འགྱུར་བ་དེ་བསྟན་པའི་དོན་དུ་བཤད་པ། ཡུལ་དེ་རང་གི་ཡུལ་ཅན་གྱི་ཤེས་པའི་དུས་སུ་ནི་གྲུབ་པའི་རྒྱུ་མཚན་དུ་གྱུར་པ་མ་གྲུབ་པ་སྟེ། མ་གྲུབ་པའི་ཕྱིར་མ་གྲུབ་པའོ། །གང་གི་
ཕྱིར་དོན་གྲུབ་པ་ནི་གྲུབ་པའི་ཁྱད་པར་ཅན་དུ་བརྗོད་པ་ཡིན་ན་དེ་མ་གྲུབ་པའི་ཕྱིར་སྔར་བཤད་པའི་ཚུལ་གྱིས་དེའི་ཁྱད་པར་ཅན་དེ་ཡང་མི་འགྲུབ་པོ། །གཞན་ཏེ་རང་ལ་དམིགས་པའི་ཤེས་པའི་དུས་སུ་ནི་གྲུབ་པ་ཡིན་ཏེ། དེའི་ཚེ་རང་གི་ཤེས་པ་གྲུབ་པའི་ཕྱིར་ཞེས་བྱ་བ་གཞན་གྱི་དོན་འདི་ཡིན་ཏེ། དོན་འདི་ལ་ཇི་ལྟ་བུར་གནས་
པ་དེ་སྟོན་པ་ན་ཕ་རོལ་པོ་ལ་བཞད་གད་དུ་བྱེད་པ་ནི་དམིགས་པར་གྱུར་ཀྱང་དམིགས་པ་ཡོད་པའི་དུས་དེའི་ཚེ་ནི་མ་གྲུབ་ལ། གཞན་གྱི་ཚེ་དམིགས་པ་མེད་པའི་དུས་སུ་ནི་གྲུབ་པོ་ཞེས་འབྲེལ་ཏོ། །ཕྱིན་ཅི་ལོག་ཏུ་ཤེས་པ་མེད་པའི་དུས་སུ་གྲུབ་པོ་ཞེས་ལེགས་པར་ཐ་སྙད་བྱས་སོ། །མ་འབྲེལ་པའི་དོན་བརྗོད་ཅེས་
དཔྱད་པའོ། །ཤེས་པ་ཡོད་པའི་དུས་ཤེས་པ་ཡོད་པ་ན་ནི་དོན་མ་ཤེས་ལ། ཤེས་པ་མེད་པའི་དུས་དེ་ལོག་པ་ན་ནི་ཤེས་སོ་ཞེས་བཞད་གད་ཀྱི་ཚིག་གོ། །གཞན་ཡང་ཡུལ་དམིགས་པའི་རིག་པ་ཡང་དམིགས་པ་ཐ་དད་པ་གཞན་གྱི་དམིགས་པར་རྟོག་ན་ནི། ཡུལ་གྱི་ཤེས་པ་མ་གྲུབ་པར་ཡུལ་གྲུབ་པར་ཐ་སྙད་བྱར་མི་
འདོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཡུལ་དམིགས་པའི་དམིགས་པ་དེ་ཡང་རང་ཉིད་མ་གྲུབ་པ་རིག་པ་གྲུབ་པའི་ཐ་སྙད་དུ་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་ཤེས་པའི་ཤེས་པ་ཡང་གཞན་གྱིས་ཁོང་དུ་ཆུད་པར་བྱའོ། །དེའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །རེ་ཞིག་ཞེས་བྱ་བ་ནི་དང་པོར་ཏེ། འདི་ནི་རིམ་པ་བརྗོད་པའི་ཕྱིར་རོ། །
Vol. 188 · folio 162b
དམིགས་པ་མཐར་ཐུག་པ་སྟེ་ཡོངས་སུ་གཏུགས་པ་ལ་སྡོད་པའི་སྐྱེས་བུ་འདིས་དོན་ཅུང་ཟད་ཀྱང་དམིགས་པར་མི་འགྱུར་རོ། །འདི་སྐད་དུ་ཇི་སྲིད་དམིགས་པ་མཐར་མ་ཕྱིན་པ་དེ་སྲིད་དུ་དམིགས་པ་ཕྱི་མ་ཕྱི་མ་ལ་སྡོད་པས་ན་རང་གི་དམིགས་པ་མ་གྲུབ་པའི་རྒྱུའི་ཕྱིར། ཡུལ་སྔ་མ་སྔ་མ་མི་འགྲུབ་པོ་ཞེས་བརྗོད་པ་ཡིན་ནོ། །འདི་སྙམ་
དུ་ཤེས་པ་ཕྱི་མ་མ་སྐྱེས་ན་ནི་ཤེས་པ་སྔ་མ་མི་འགྲུབ་ན། སྔ་མས་བསྐྱེད་པ་དེས་ན་སྔ་མ་དང་ཕྱི་མའི་ཡུལ་གྲུབ་པ་ཉིད་པས་ཅིའི་ཕྱིར་དོན་འགལ་ཡང་རྟོགས་པར་མི་འགྱུར་ཞེས་བརྗོད་ཅེས་དོགས་པ་ལ། བཤད་པ། ཤེས་པ་གཅིག་མ་གྲུབ་ན་ཡང་ཐམས་ཅད་མི་འགྲུབ་པའི་ཕྱིར་རོ། །གལ་ཏེ་ཤེས་པ་སྔ་མ་ཡོད་པས་
དོན་འགའ་ཞིག་དམིགས་པར་གྱུར་ན་ནི་ཤེས་པའི་ཤེས་པ་ཅུང་ཟད་ཀྱང་མི་རྟོག་པ་ཞིག་ན། གང་གི་ཕྱིར་ཤེས་པ་མ་གྲུབ་པར་དོན་མི་འགྲུབ་པ་དེའི་ཕྱིར་ཤེས་པའི་ཤེས་པ་ཚོལ་བ་ཡིན་ནོ། །དེས་ན་གཅིག་མ་གྲུབ་ན་ཐམས་ཅད་མི་འགྲུབ་པས་འགའ་ཡང་རྟོགས་པར་མི་འགྱུར་རོ་ཞེས་བརྗོད་དོ། །འདི་སྙམ་དུ་གང་གི་ཚེ་དམིགས་
པས་མཐར་ཐུག་པ་དེའི་ཚེ་ཐམས་ཅད་དམིགས་སོ་ཞེ་ན། དེ་སྐྱེ་བ་ལ་ཡང་མཐར་ཐུག་པ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་རང་ལ་དམིགས་པའི་ཤེས་པ་སྐྱེད་པར་རུང་བའི་ཕྱིར་རོ། །གལ་ཏེ་ཤེས་པ་གཅིག་རང་གི་ཡུལ་ཅན་གྱི་ཤེས་པ་གཞན་སྐྱེད་མི་ནུས་ན་ནི་ཐམས་ཅད་མི་འགྱུར་ཏེ། རང་རིག་པ་མེད་པས་ཐམས་ཅད་
ལ་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་འགའ་ཞིག་རང་རིག་པ་ཡིན་ན་ནི། མཐར་ཐུག་པར་ཡང་འགྱུར་གྱི། གཞན་དུ་ནི་མ་ཡིན་ནོ། །མཐར་ཐུག་པ་མེད་ན་ཡང་འགྲོ་བ་ལོང་བ་དང་ལྐུགས་པར་འགྱུར་རོ་ཞེས་ཉམས་སུ་མྱོང་བ་དང་འགལ་བར་ཐལ་ལོ། །འགའ་ཞིག་ཏུ་དམིགས་པ་མཐར་ཐུག་པར་ཁས་ལེན་ན་ནི་མཐར་
ཐུག་པའི་དམིགས་པ་དེ་རང་གི་བདག་ཉིད་ཅེས་བྱ་བ་གཞན་མེད་པར་བདག་དང་ཡུལ་གྱི་རྣམ་པ་དམིགས་པར་འགྱུར་ཞིང་། གཞན་ཏེ་དམིགས་པ་སྔ་མ་ཡང་རང་དང་གཞན་གྱི་རིག་པའི་རང་བཞིན་ཅན་དུ་འགྱུར་རོ། །གང་གི་ཕྱིར་བྱེ་བྲག་གི་རྒྱུ་མེད་པར་ནི་གཅིག་དེ་ཉིད་དང་གཞན་རང་རིག་པའི་རང་བཞིན་དང་བྲལ་བ་ཉིད་དུ་
རིགས་པ་མ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་གྲུབ་པོ། །གང་གི་ཕྱིར་ཐ་དད་པ་ནི་རིམ་པའི་རྒྱུ་མཚན་དུ་བཞག་གོ། །གཅིག་ཉིད་ཀྱིས་གཉིས་དམིགས་པ་ན་ནི་གཅིག་གི་བྱ་བ་ལ་རིམ་པ་མི་འཐད་དེ། གཅིག་པོ་དེ་སྐད་ཅིག་མ་ཡིན་ན་གཉིས་པའི་བྱེད་པའི་དུས་སུ་མི་གནས་པའི་ཕྱིར་རོ། །སྐད་ཅིག་མ་མ་ཡིན་པ་
Vol. 188 · folio 163a
ཉིད་ན་ཡང་དེ་ལ་ཁྱད་པར་མེད་པའི་ཕྱིར་ཏེ། བོགས་དབྱུང་དུ་མེད་པའི་ཕྱིར་རང་གི་རང་བཞིན་དང་འབྲེལ་པའི་བྱ་བ་ཐམས་ཅད་ཅིག་ཅར་འགྱུར་རོ། །དེའི་ཕྱིར་གཏན་ཚིགས་འགྲུབ་པོ། །གང་ཞིག་གང་དང་ལྷན་ཅིག་དམིགས་པ་ངེས་པ་དེ་ནི་དེ་ལས་ཐ་དད་པ་མ་ཡིན་ཏེ། དཔེར་ན་ཟླ་བ་གཅིག་
ལས་གཉིས་པ་བཞིན་ནོ། །སྔོན་པོ་ལ་སོགས་པའི་གཟུང་བའི་རྣམ་པ་ཡང་ཤེས་པ་དང་ལྷན་ཅིག་དམིགས་པ་ངེས་པ་ཡིན་ནོ། །ཐ་དད་པ་ནི་ལྷན་ཅིག་དམིགས་པ་མ་ངེས་པས་ཁྱབ་པ་ཡིན་ཏེ། འབྲེལ་པ་མེད་པའི་ཕྱིར་རོ། །དེ་དང་འགལ་བ་ནི་ལྷན་ཅིག་དམིགས་པ་ངེས་པ་ཡིན་ཏེ། དེས་ན་ཁྱབ་པར་བྱེད་པ་
འགལ་བ་དམིགས་པས་ཐ་དད་པ་བཀག་པ་ཡིན་ནོ། །ཡང་གི་སྒྲ་ནི་གཏན་ཚིགས་གཞན་གསལ་བ་སྟོན་པ་ནི་རིག་པ་ཞེས་བྱ་བ་ཡང་ཞེས་བྱ་བའོ། །ཞེས་བྱ་བའི་སྒྲ་ནི་རིག་པའི་སྒྲ་འཛིན་པའོ། །རིག་པ་ཞེས་བྱ་བའི་སྒྲ་འདིའི་དོན་ནི་དེ་ལྟར་གསལ་བའོ། །རིག་པ་ནི་དེ་ལྟར་ཏེ་རིག་པའི་རང་བཞིན་དུ་གསལ་བར་རབ་
ཏུ་སྣང་བ་ཡིན་གྱི་གཞན་མ་ཡིན་ནོ། །ཡང་ཇི་ལྟར་ན་རིག་པ་རིག་པའི་རང་བཞིན་དུ་གསལ་བ་ཡིན་ཞེ་ན། དེ་ཞེས་སྨོས་ཏེ། རིག་པ་དེ་ནི་དེའི་བདག་ཉིད་ཡིན་པའི་ཕྱིར་ཏེ། གསལ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །འདི་སྐད་དུ་གང་གི་ཕྱིར་རིག་པ་ནི་གསལ་བའི་བདག་ཉིད་ཅན་ཡིན་གྱི། གཞན་མ་ཡིན་པ་དེའི་ཕྱིར་
རིག་པ་ནི་རིག་པའི་བདག་ཉིད་དུ་གསལ་བ་ཡིན་ནོ། །རིག་པ་གསལ་བའི་བདག་ཉིད་ཡིན་དུ་ཆུག་མོད། རིག་པ་མྱོང་བའི་བདག་ཉིད་ཁོ་ནར་གསལ་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་དེ་དག་ཉིད་ག་ལས་ཤེ་ན། དེ་གཞན་འགའ་ཞིག་ནི་མ་ཡིན་ཏེ་ཞེས་སྨོས་སོ། །གང་གི་ཕྱིར་གསལ་བའི་བདག་ཉིད་ཅན་ཞེས་བྱ་བའི་
རིག་པ་དེ་གཞན་འགའ་ཞིག་གི་ངོ་བོ་ནི་མ་ཡིན་གྱི། འོན་ཀྱང་ཤེས་པ་ཉིད་ཡིན་པ་དེས་ན་རིག་པ་ནི་མྱོང་བའི་བདག་ཉིད་ཁོ་ནར་གསལ་བ་ཡིན་ནོ། །གལ་ཏེ་གསལ་བ་ཞེས་བྱ་བ་གསལ་བར་བྱེད་པ་ལས་གཞན་དུ་གྱུར་པའི་དངོས་པོའི་རང་བཞིན་ཡིན་ན་ནི་གསལ་བ་གསལ་བར་བྱེད་པའི་རང་བཞིན་ཉིད་དུ་གསལ་བར་མི་
འགྱུར་ཏེ། དཔེར་ན་སྒྲོན་མ་དང་ལྷན་ཅིག་ཤེས་པ་གཅིག་གི་ཡུལ་དུ་གྱུར་པ་ཞེས་བྱ་བའི་གསལ་བའི་གསལ་བར་བྱེད་པ་སྒྲོན་མ་ལས་གཞན་གྱི་ངོ་བོ་ཡིན་པ་དེས་ན། བུམ་པའི་གསལ་བ་སྒྲོན་མའི་བདག་ཉིད་དུ་གསལ་བ་ཡིན་གྱི། འོན་ཀྱང་སྒྲོན་མ་ལས་གཞན་གྱི་རང་བཞིན་ཡིན་པ་བཞིན་ནོ། །ཤེས་པས་དོན་གསལ་
Vol. 188 · folio 163b
བར་བྱས་པ་གང་ཡིན་པ་དེ་ནི་ཤེས་པ་ལས་གཞན་གྱི་རང་བཞིན་མ་ཡིན་གྱི། འོན་ཀྱང་ཤེས་པ་ཁོ་ནའོ། །བདག་རིག་པ་བཞིན་ནོ་ཞེས་བྱ་བ་ནི་དཔེར་ན་བདག་ཉིད་གསལ་བ་ནི་གསལ་བར་བྱེད་པ་ལས་རང་བཞིན་གཞན་མ་ཡིན་པ་དེས་ན། བདག་ཉིད་གསལ་བ་གསལ་བར་བྱེད་པའི་རང་བཞིན་ཁོ་ནར་གསལ་བ་དེ་བཞིན་དུ་
རིག་པར་བྱ་བའི་གསལ་བ་གང་ཡིན་པ་དེ་ཡང་རིག་པར་བྱེད་པ་ལས། རང་བཞིན་གཞན་མ་ཡིན་ཏེ། དེས་ན་རིག་པར་བྱ་བའི་རིག་པ་ནི་རིག་པར་བྱེད་པའི་རང་བཞིན་ཁོ་ནར་གསལ་ལོ་ཞེས་བྱ་བར་གནས་སོ། །གང་གི་ཕྱིར་རིག་པ་ནི་རིག་པའི་རང་བཞིན་ཁོ་ནར་གསལ་བ་དེའི་ཕྱིར་ཡང་ངོ་། །ལྷན་ཅིག་དམིགས་པ་ངེས་པ་འབའ་ཞིག་ལས་
མ་ཡིན་གྱི། གཏན་ཚིགས་དེའི་ཕྱིར་ཡང་མྱོང་བའི་བདག་ཉིད་དུ་གསལ་བའི་ཞེས་བྱ་བའི་རིག་པ་ནི་དོན་གཞན་དུ་མི་འཐད་དོ། །རིག་པར་བྱ་བ་རིག་པའི་རང་བཞིན་དུ་གསལ་བ་གང་ཡིན་པ་དེ་ནི་གསལ་བ་རིག་པའི་རང་བཞིན་ལས་རང་བཞིན་གཞན་མ་ཡིན་པ་ཁོ་ན་ཡིན་ལ། གསལ་བ་ནི་ཤེས་པའི་རང་བཞིན་དུ་བརྗོད་པ་ཡིན་ནོ། །གཞན་
གྱིས་ནི་དེ་གཞན་འགའ་ཞིག་ནི་མ་ཡིན་ཏེ་ཞེས་བྱ་བ་དང་། དེའི་དོན་གཞན་དུ་རིག་པ་མ་ཡིན་ནོ་ཞེས་བྱ་བའི་ངག་འདི་གཉིས་ཀྱི་དོན་ཐ་དད་པར་བསྟན་པར་མི་ནུས་སོ། །བདག་ཉིད་རིག་པ་བཞིན་ནོ་ཞེས་བྱ་བ་འདིའི་བར་གྱི་གཞུང་སྔར་གྱི་ཚིག་ལེའུར་བྱས་པ་ཉིད་ཀྱི་ལྷག་མར་བྱས་ནས་འདིའི་དོན་འདི་ལྟར་འཆད་དོ། །གལ་
ཏེ་ལྷན་ཅིག་དམིགས་པའི་ངེས་པའི་ཕྱིར་ཐ་དད་པ་མེད་ན་ཇི་ལྟར་སྔོན་པོའི་རིག་པ་ཞེས་ཐ་དད་པའི་ཐ་སྙད་དུ་འགྱུར་ཞེས་དོགས་པ་བསུ་ནས་རིག་པ་ཞེས་བྱ་བ་ཡང་ཞེས་བྱ་བའི་གཞུང་འགོད་དེ། མྱོང་བའི་བདག་ཉིད་དུ་གསལ་བ་ནི་སྔོན་པོའི་རིག་པ་ཡིན་གྱི། ཐ་དད་པ་མཐོང་བ་ནི་མ་ཡིན་ནོ་ཞེས་སོ། །དོན་འདི་ནི་སྔོན་པོ་ལ་སོགས་
པ་ཉམས་སུ་མྱོང་བ་ཞེས་བྱ་བ་ཡང་དེའི་རང་བཞིན་ཉམས་སུ་མྱོང་བའོ་ཞེས་བྱ་བ་འདིའི་ནང་དུ་བརྗོད་ཟིན་པས་ཟློས་བུ་འདིས་ཅི་ཞིག་བྱ། གཞན་ཡང་དེའི་ཕྱིར་ཡང་ཞེས་བྱ་བ་འདིས་བཤད་མ་ཐག་པའི་དོན་གཟུང་བ་ཡིན་ན། བཤད་མ་ཐག་པའི་དོན་དེ་ཡང་ཕྱིའི་དོན་བཟློག་ནས་གནས་པ་ཡིན་པས་དེ་ཇི་ལྟར་དེའི་ཕྱིར་ཡང་
དེའི་དོན་གཞན་དུ་རིག་པ་མ་ཡིན་ཞེས་དེ་ཉིད་ཀྱི་ཕྱིར་དོན་སེལ་བར་འགྱུར། ངག་འདི་གཉིས་ནི་དོན་ཐ་དད་པར་བསྟན་པ་ཉིད་དེ། ངག་སྔ་མའི་དོན་གང་ཡིན་པ་དེ་ནི་ཕྱིའི་དོན་སྨྲས་པས་ཀྱང་འདོད་པ་ཉིད་དོ། །རིག་པར་བྱ་བ་གསལ་བ་ནི་ཕ་རོལ་གྱི་རྣམ་པར་ཤེས་པ་ལས་གཞན་དུ་མི་འདོད་ལ། ཕ་རོལ་གྱི་འདོད་པའི་
Vol. 188 · folio 164a
དོན་དེ་ཉིད་ལ་བརྟེན་ནས་དེའི་ཕྱིར་ཡང་ཞེས་གཏན་ཚིགས་འདི་འགོད་དེ། གང་གི་ཕྱིར་གསལ་བ་ཞེས་བྱ་བ་ནི་གསལ་བྱེད་ཤེས་པ་ལས་རང་བཞིན་གཞན་དུ་ཁྱེད་མི་འདོད་པ་དེའི་ཕྱིར་དོན་གསལ་བྱ་ནི་རིག་པ་ལས་གཞན་མ་ཡིན་ནོ་ཞེས་སོ། །གལ་ཏེ་མྱོང་བའི་བདག་ཉིད་མ་ཡིན་པ་གང་ཡིན་པ་དེ་ལས་
མྱོང་བའི་བདག་ཉིད་དུ་གསལ་བའི་རིག་པ་མེད་པ་དེའི་ཕྱིར་ཤེས་པ་ལས་ཐ་དད་པའི་དོན་མི་རིག་ན། དེ་ལྟ་ན་འོ་ན་མྱོང་བའི་རང་བཞིན་མ་ཡིན་པའི་བརྫུན་པ་ཡང་རིག་པར་ཇི་ལྟར་འགྱུར་ཞེ་ན། དོན་གཞན་མ་ཡིན་ན་ཞེས་སྨོས་ཏེ། དོན་གཞན་ཡིན་ན་སྐྱོན་འདིར་འགྱུར་གྱི། དོན་གཞན་མ་ཡིན་པ་ལ་ནི་མ་ཡིན་ནོ། །གང་གི་ཕྱིར་
སྔོན་པོ་དང་དཀར་པོ་ལ་སོགས་པ་མྱོང་བ་ལས་གཞན་མ་ཡིན་པ་ཉིད་ན་སྔོན་པོ་ལ་སོགས་པ་ནི་ཉམས་སུ་མྱོང་བ་དེའི་བདག་ཉིད་དུ་གྱུར་པ་སྟེ། བདག་ཉིད་དུ་གྱུར་པ་ལྟ་བུ་དེ་ལྟར་ཏེ། མྱོང་བའི་བདག་ཉིད་དུ་རང་གསལ་ཏེ། རབ་ཏུ་སྣང་བའི་ཕྱིར་ཐ་དད་པ་མ་ཡིན་པའི་སྔོན་པོ་ལ་སོགས་པ་ཉམས་སུ་མྱོང་བར་འགྱུར་རོ། །
ཉམས་སུ་མྱོང་བ་དེ་ཡང་དེའི་བདག་ཉིད་དེ་སྔོན་པོ་ལ་སོགས་པ་གསལ་བའི་རང་བཞིན་ཡིན་པའི་ཕྱིར་དེ་ལྟར་ཏེ་སྔོན་པོ་ལ་སོགས་པའི་རང་བཞིན་དུ་སྣང་བ་གསལ་བ་ན་ཡང་ངོ་། །བྱ་བ་གཞན་འཛིན་པ་ནི་མ་ཡིན་གྱི། འོན་ཀྱང་དེ་ལྟར་གསལ་བ་ན་རང་དང་གཞན་གསལ་བར་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །དཔེར་
ན་སྒྲོན་མ་ལ་སོགས་པའི་གསལ་བ་རང་བཞིན་གཞན་དང་འབྲེལ་པའི་བདག་ཉིད་ཁོ་ན་གསལ་བ་ན་རང་དང་གཞན་གསལ་བར་བརྗོད་ཀྱི། རང་གསལ་བར་བྱེད་པ་ལས་གཞན་ནི་གསལ་བའི་བྱ་བ་ཡོད་པ་མ་ཡིན་ལ། གང་གི་ཕྱིར་གསལ་བའི་རང་བཞིན་དེ་དམིགས་པ་ན་གཞན་ཡང་དམིགས་པ་དེའི་ཕྱིར་ཡུལ་གཉི་ག་
གསལ་བའི་བྱ་བ་དང་ལྡན་པར་བརྟགས་པ་ཡིན་ནོ། །གང་གི་ཕྱིར་དུས་མཚུངས་པའི་སྒྲོན་མ་དང་གཟུགས་དག་ནི་གསལ་བྱ་གསལ་བྱེད་ཀྱི་དངོས་པོ་ཡིན་ཞིང་། དེ་ཡང་རྒྱུ་དང་འབྲས་བུ་སྔོན་དུ་སོང་བ་ཅན་ཡིན་ནོ་ཞེས་བརྗོད་དོ། །རྣམ་འགྲེལ་ལས་ཀྱང་། རང་ཉིད་ཤེས་པས་གཞན་བློ་ཡི། །རྒྱུ་ནི་གསལ་བྱེད་ཅེས་
བཤད་དོ། །དེ་བཞིན་དུ་རྣམ་པར་ཤེས་པའི་བདག་ཉིད་མྱོང་ཡང་མ་རིག་པས་བསླད་པ་ལ་རྣམ་པར་ཕྱེ་བ་ལྟ་བུར་གཟུང་བའི་རྣམ་པ་ཡོད་པ་ཉིད་མ་ཡིན་ཡང་དམིགས་པར་འགྱུར་རོ། །མི་བདེན་པའི་དོན་གསལ་བའི་ནུས་པའི་རང་བཞིན་མ་རིག་པ་ནི་བདེན་པ་མ་ཡིན་པའི་རྣམ་པ་ཡང་སྟོན་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་
Vol. 188 · folio 164b
དེའི་དབང་གིས་ཤེས་པ་རང་དང་གཞན་རིག་པར་བྱེད་པར་བརྗོད་ཀྱི། དོན་དམ་པར་ནི་རིག་པའི་རང་བཞིན་དུ་མ་གྱུར་པའི་དོན་འགའ་ཞིག་རིག་པར་བྱ་བ་ཡོད་པ་མ་ཡིན་ནོ། །དེས་ན་ཇི་ལྟར་སྒྲོན་མ་བདག་ཉིད་གསལ་བའི་བྱ་བ་དང་ལྡན་ན་ཡང་གཉི་ག་གསལ་བའི་བྱ་བ་བརྗོད་པ་དེ་བཞིན་དུ་ཤེས་པ་ཡང་བདག་གཅིག་
པུ་གསལ་བའི་བྱ་བ་བྱེད་པ་ན་མ་རིག་པས་བསླད་པས་གཉི་ག་གསལ་བར་བྱེད་པར་སྣང་བ་ཡིན་ནོ། །ཡང་འདི་ལ་དོན་དམ་པ་གང་ཡིན་ཞེ་ན། ཁ་ཅིག་ན་རེ་རེ་ཞིག་ཤེས་པའི་བདག་ཉིད་རང་གསལ་བ་ལ་ནི་གདོན་མི་ཟ་སྟེ་དེ་མེད་ན་མྱོང་བ་ཐམས་ཅད་མེད་པར་ཐལ་བའི་ཕྱིར་རོ། །བདག་ཉིད་མྱོང་བ་གང་ཡིན་པ་དེ་ཡང་ཇི་ལྟར་
གཞན་གྱི་ཡིན་ཏེ། བདག་དང་བདག་མ་ཡིན་པ་ནི་ཕན་ཚུན་སྤངས་ནས་གནས་པའི་ཕྱིར་དེ་དག་ནི་ཉམས་སུ་མྱོང་བ་ཡང་ཕན་ཚུན་འགལ་བར་རིགས་ཏེ། ཡུལ་ཐ་དད་ཀྱང་ཡུལ་ཅན་ཐ་མི་དད་པར་ནི་རིགས་པ་མ་ཡིན་ནོ་ཞེས་ཟེར་རོ། །གལ་ཏེ་དེ་ལྟར་ན་མི་བདེན་པའི་རྣམ་པ་དང་ཤེས་པའི་རང་བཞིན་འགལ་བ་ཡིན་
ཏེ། དངོས་པོ་དང་དངོས་པོ་མེད་པ་ཕན་ཚུན་སྤངས་ནས་གནས་པའི་ཕྱིར་ཡོད་པ་དང་མེད་པ་བཞིན་ནོ། །དེའི་ཕྱིར་འདི་ལ་དེ་ཡང་སྣང་བར་མི་འགྱུར་ན། ཇི་ལྟར་འཁྲུལ་པས་མཐོང་འགྱུར་བ། །ཞེས་གསུངས་པ་ན་སློབ་དཔོན་ཉིད་ཀྱིས་སྣང་བ་ནི་གསུངས་པ་ཡིན་ནོ། །གཞན་ཡང་རང་དང་གཞན་རིག་པ་གཉིས་ཀྱི་འགལ་
བ་ཇི་ལྟ་བུ་ཞིག་ཡིན། རིག་པ་དེ་གཉིས་གཞན་དུ་བདག་དང་བདག་མ་ཡིན་པའི་རང་བཞིན་ཡིན་ན་གཅིག་པར་གསལ་བར་འགྱུར་ན། རིག་པ་ནི་གཉི་གའི་རང་བཞིན་མ་ཡིན་གྱི་འོན་ཀྱང་ཤེས་པའི་རང་བཞིན་ཉིད་དོ། །གང་ཡང་གང་ཞིག་གསལ་བར་བྱེད་པའི་རང་བཞིན་མ་ཡིན་པ་དེ་ནི་གསལ་བ་མ་ཡིན་ནོ་ཞེས་བྱ་
བའི་དོན་འདི་བཞེད་པ་ཡིན་པར་སྨྲ་བ་དེ་ལ་ཡང་མི་བདེན་པའི་རྣམ་པར་མི་གསལ་བར་ཐལ་བར་འགྱུར་རོ། །དེའི་ཕྱིར་འདི་ནི་དོན་གཞན་ཡིན་ནོ་ཞེས་རིག་པར་བྱ་སྟེ། རིག་པར་བྱ་བ་གང་ཡིན་པའི་རིག་པ་གང་ཞིག་གང་དང་འབྲེལ་པར་སྣང་བའི་རིག་པ་དེ་ནི་དེ་ལས་ཐ་དད་པ་མ་ཡིན་ཏེ། དཔེར་ན་བདག་ཉིད་བཞིན་ནོ། །གཞན་
དང་འབྲེལ་པར་སྣང་བའི་རིག་པ་ཉིད་ལ་ནི་དེ་དང་འབྲེལ་པས་ཁྱབ་སྟེ། འབྲེལ་པ་མེད་པ་དེ་ལྟར་སྣང་ན་ཧ་ཅང་ཐལ་བའི་ཕྱིར་རོ། །ཐ་དད་པ་ཉིད་ཡིན་ན་དུས་མཚུངས་པར་སྣང་བ་དེ་གཉིས་ལ་རྒྱུ་དང་འབྲས་བུའི་དངོས་པོ་མེད་ལ། ཡོད་ཀྱང་དེ་ནི་འབྲེལ་པར་སྣང་བའི་རྒྱུ་མཚན་ཡང་མ་ཡིན་ཏེ། མེ་དང་དུ་བ་བཞིན་ནོ། །ཡུལ་
Vol. 188 · folio 165a
དང་ཡུལ་ཅན་གྱི་དངོས་པོར་འབྲེལ་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་རྣམ་པ་མེད་པའི་ཕྱོགས་ལ་འབྲེལ་པར་སྣང་བ་ཉིད་ཡུལ་དང་ཡུལ་ཅན་གྱི་དངོས་པོ་ཡིན་ལ། དེ་ཉིད་ལ་ཡང་རྒྱུ་མཚན་དུ་འབྲེལ་པ་ཚོལ་བ་ཡིན་ཏེ། འབྲེལ་པ་མེད་ན་རིག་པ་ཐམས་ཅད་དང་འབྲེལ་པར་སྣང་བར་ཐལ་བའི་
ཕྱིར་རོ། །དེས་ན་འདིར་ཐ་དད་པ་ལ་ནི་འདྲེས་པར་སྣང་བའི་རྒྱུ་འབྲེལ་པར་མི་འཐད་པའི་ཕྱིར་ཁྱབ་པར་བྱེད་པ་མི་དམིགས་པས་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ན། འདྲེས་པར་སྣང་བ་ལ་ཐ་མི་དད་པས་ཁྱབ་ལ། ཐ་མི་དད་པ་དང་ཐ་དད་པ་འགལ་བས་ཁྱབ་པ་དམིགས་པའོ། །མི་བདེན་པའི་རྣམ་པ་ཡང་རིག་པ་དང་
ལྷན་ཅིག་འབྲེལ་པ་མེད་པ་ཡིན་ནམ་ཞེ་ན། མེད་མོད་དངོས་པོ་ལ་མེད་པའི་འབྲེལ་པ་བསམས་པས་ཅི་ཞིག་བྱ། ཇི་ལྟར་གསལ་བར་འགྱུར་ཞེ་ན། མ་རིག་པའི་དབང་གིས་སོ་ཞེས་བཤད་ཟིན་ཏོ། །དེ་ཉིད་ཀྱི་ཕྱིར་སྔོན་པོ་ལ་སོགས་པ་སྣང་བ་ལ་རང་བཞིན་ཐ་དད་པ་མེད་པའི་ཕྱིར་སྔོན་པོ་ལ་སོགས་པ་དེ་དེའི་བདག་ཉིད་དུ་ཡིན་
པའི་ཕྱིར་ཞེས་སྣང་བའི་རང་བཞིན་ཉིད་དུ་ཐ་སྙད་དུ་བྱས་སོ། །རྣམ་པ་མེད་པའི་ཕྱོགས་ལ་དམིགས་པའི་དོན་ནི་འདྲེས་པར་སྣང་བའི་དོན་ཡིན་ཞིང་། དེ་ཡང་དེ་ལྟར་གསལ་བ་ཡིན་ནོ། །དེས་ན་དམིགས་པའི་དོན་གཞན་ཡིན་ལ། རིག་པའི་དོན་ཀྱང་གཞན་ཡིན་ནོ་ཞེས་གང་བརྗོད་པ་དེ་གསལ་བ་ཡིན་ནོ། །དེའི་ཕྱིར་
དེ་ལྟར་རྣམ་པ་མེད་པའི་ཕྱོགས་ལ་དུས་མཉམ་པར་སྣང་བའི་དོན་གསལ་བའི་དོན་དུ་ལྷན་ཅིག་དམིགས་པ་ངེས་པ་དང་། རིག་པ་གཏན་ཚིགས་སུ་བརྗོད་པ་ཡིན་ནོ། །རྣམ་པ་དང་བཅས་པའི་ཕྱོགས་ལ་ནི་གཟུང་བའི་རྣམ་པར་སྣང་བ་ཐ་དད་པར་མི་འདོད་དེ། དེའི་ཕྱིར་རྣམ་པ་དང་བཅས་པར་སྨྲས་པ་ལ་ཡང་། སློབ་དཔོན་
གྱིས། དེའི་ཕྱིར་སྣང་དོན་དེ་བློ་དག །ཅེས་བྱ་བ་ལ་སོགས་པས་རྣམ་པ་མེད་པའི་ཕྱོགས་སེལ་བ་གཉིས་པོ་འདི་ཉིད་སྟོན་པར་འགྱུར་རོ། །དེའི་ཕྱིར་རྣམ་པར་ཤེས་པའི་སྨྲ་བའི་ཚུལ་ལ་འཛིན་པའི་རྣམ་པར་རྟོག་པའི་རང་བཞིན་ནི་རང་རང་རིག་པའི་སྒྲུབ་པར་བྱེད་པར་འདོད་དེ། རྟོག་པའི་རང་བཞིན་དེ་
ལས་བདག་ཉིད་རིག་པ་འདི་བདག་ཉིད་རིག་པའི་རང་བཞིན་དེའི་དངོས་པོ་རྣམ་པར་འཇོག་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། རྣམ་པར་གཞག་འཇོག་གི་དངོས་པོ་ལས་བསྒྲུབ་བྱ་དང་བསྒྲུབ་བྱེད་ཀྱི་ཐ་སྙད་ཡིན་ཏེ། གང་གི་ཕྱིར་རྣམ་པར་ཤེས་པ་རྟོགས་པའི་རང་བཞིན་ཡིན་པ་དེའི་ཕྱིར་ཁྱད་པར་ཅན་གྱི་བདག་ཉིད་
Vol. 188 · folio 165b
རིག་པའི་ཐ་སྙད་དུ་བྱེད་པ་ཡིན་ནོ། །དེས་ན་རྣམ་པར་ཤེས་པར་སྨྲ་ལ་འཛིན་པའི་རྣམ་པ་ནི་བདག་ཉིད་རིག་པ་རྣམ་པར་འཇོག་པའི་རྒྱུའི་ཚད་མ་ཡིན་ནོ། །ཕྱི་རོལ་གྱི་དོན་ལ་འདྲ་བ་ཚད་མ་ཡིན་ལ། དེ་ཡང་འཁྲུལ་པས་ཐ་དད་པ་ཉིད་དུ་ངེས་པ་ཡིན་ནོ། །དགའ་བ་ལ་སོགས་པའི་རང་བཞིན་དུ་སྣང་བ་རིག་པའི་
རང་བཞིན་ཡང་འབྲས་བུ་ཡིན་པ་དེས་ན་དེ་ལ་ཚད་མ་དང་འབྲས་བུ་རྣམ་པར་གཞག་པར་འགྱུར་གྱི། རྣམ་པར་ཤེས་པར་སྨྲ་བ་ལ་ནི་འབྲས་བུ་དང་ཚད་མ་དག་གི་རྣམ་པར་དབྱེ་བར་མི་འགྲུབ་པོ་ཞེ་ན། བཤད་པ་དཔེར་ན་འདོད་ཆགས་ལ་སོགས་པ་རྣམས་ཀྱི་འདིས་རིག་པས་ན་ཚོར་བ་སྟེ། ཚོར་བར་བྱེད་པ་
རྟོགས་པའི་རང་བཞིན་ཉིད་དོ། །ཕྱི་རོལ་གྱི་དོན་དེར་རོ། །བདག་ཡུལ་དུ་ཞེས་བྱ་བ་ནི་རང་གི་རང་བཞིན་ཡུལ་ཡིན་པར་རོ། །གཞག་པ་ནི་རིག་པའི་མཚན་ཉིད་ཀྱི་འབྲས་བུར་གཞག་པར་བྱ་ནའོ། །འདི་སྐད་བརྗོད་པ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་རང་རིག་པའི་མངོན་སུམ་ལ། བདག་ཉིད་རིག་པར་བྱ་བ་
རིག་པར་བྱེད་པ་རྟོགས་པའི་རང་བཞིན་ཉིད་ནི་ཚད་མ། བདག་ཉིད་རྟོགས་པར་བྱེད་པའི་རང་བཞིན་ཉིད་ནི་འབྲས་བུ་ཡིན་ཞིང་དེར་ཚད་མ་དང་འབྲས་བུ་དག་ཐ་དད་པར་སྣང་བ་ཡང་མ་ཡིན་པ་དེ་བཞིན་དུ། རྣམ་པར་ཤེས་པར་སྨྲ་བ་ལ་ཤེས་པ་ཐམས་ཅད་ལ་གཞལ་བྱ་དང་། འཇལ་བྱེད་དང་། འབྲས་བུ་གནས་པ་འདི་ནི་ཀུན་ལ་
སྦྱར་བར་བྱའོ། །ཕྱི་རོལ་གྱི་དོན་གྱི་ཚུལ་དེ་ཉིད་གསལ་བར་བྱ་བའི་དོན་དུ་བཤད་པ། ཕྱིའི་དོན་དེ་ལས་ཉམས་སུ་མྱོང་བ་བདག་ཉིད་དེ། རྟོགས་པའི་བདག་ཉིད་ཡིན་པའི་ཕྱིར་འདོད་ཆགས་ལ་སོགས་པ་དེ་དག་རང་བཞིན་མྱོང་བ་ཏེ། མྱོང་བར་བྱེད་ནུས་པ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་དེ་དག་གི་རུང་བ་ཉིད་དེ་ནི་ཚད་མ།
བདག་ཉིད་གཞལ་བྱ། རང་རིག་པ་འབྲས་བུ་ཡིན་པ་དེ་བཞིན་དུ། རྣམ་པ་ཤེས་པར་སྨྲ་བ་ལ་ཡང་ངོ་། །དེ་ཡང་ན་དེ་ལ་ཡང་ཞེས་བྱ་བ་རྣམ་པར་ཤེས་པར་སྨྲས་པ་ལའོ། །ཚིག་ལེའུར་བྱས་པ་སྔ་མས་གཞག་པའི་ཚིག་ལེའུར་བྱས་པ་འདིས་བསྟན་པ་ཡིན་གྱི། ཕྱི་རོལ་གྱི་དོན་གྱི་ཚུལ་གསལ་བར་བྱས་པ་ནི་མ་ཡིན་ནོ། །
རྣམ་པར་ཤེས་པར་སྨྲ་བ་ལ་ཚད་མའི་སྒྲའི་རྣམ་གྲངས་བསྟན་པའི་ཕྱིར་བཤད་པ། ཡོངས་སུ་གཅོད་པའི་བདག་ཉིད་གང་ཡིན་པ་དེ་ནི་འཛིན་པའི་རྣམ་པ་ཞེས་བརྗོད་ཅིང་བསྙད་ལ། བདག་ཉིད་ལ་རུང་བ་ཞེས་ཀྱང་བརྗོད་པ་ནི་རྣམ་པར་ཤེས་པར་སྨྲ་བ་ལ་ཚད་མར་བརྗོད་པ་ཡིན་ཏེ། རང་བདག་ཉིད་རིག་པ་ནི་ཚད་མ་ཡིན་ནོ། །
Vol. 188 · folio 166a
འདིས་རིག་པས་རིག་པ་སྟེ། རྟོགས་པའི་རང་བཞིན་ཞེས་བྱ་བའི་རང་བཞིན་ཁྱད་པར་ཅན་གང་ཞིག་བྱེད་པར་འགྱུར་བས་རང་གི་བདག་ཉིད་པ་བྱེད་པར་འགྱུར་བ་དེ་ཉིད་རིག་པའི་སྒྲས་བརྗོད་དོ། །རིག་པས་རིག་པ་ཞེས་དེ་ལྟར་དངོས་པོ་བསྒྲུབ་པའི་ཕྱོགས་ཡོངས་སུ་བཟུང་ན་ནི་འབྲས་བུ་ཉིད་བརྗོད་པར་འགྱུར་
རོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་རང་གི་བདག་ཉིད་རིག་པ་ཚད་མའོ་ཞེས་གསུངས་པ་དེ་ལ། རིག་པའི་སྒྲ་དངོས་པོ་སྒྲུབ་པར་བསམས་ནས་དོག་པར་འགྱུར་རོ། །རིག་པས་རིག་པ་སྟེ་འབྲས་བུ་ལ་བརྗོད་པ་རྣམས་ཡིན་ནམ། གལ་ཏེ་དེ་ཉིད་ཚད་མ་ཡིན་ལ། འོ་ན་ནི་འབྲས་བུ་དང་ཚད་མ་དག་ཐ་དད་པ་མེད་པར་འགྱུར་རོ་ཞེས་
དོགས་པ་བཟློག་པའི་ཕྱིར་ཡོངས་སུ་གཅོད་པའི་ཕྱིར་བདག་ཉིད་ཁོ་ན་ཚད་མ་ཡིན་ལ། དེ་ཉིད་ཀྱི་རང་རིག་པར་བརྗོད་དོ་ཞེས་བཤད་པ་ཡིན་ནོ། །ཚིག་ལེའུར་བྱས་པ་སྔ་མས་མ་བཞག་པ་རིག་པས་ཐོབ་པའི་དོན་སྟོན་པའི་ཚིགས་སུ་བཅད་པའོ། །ལྷན་ཅིག་དམིགས་པ་དང་རིག་པ་དག་གིས་རྣམ་པ་མེད་པའི་ཕྱོགས་ལ་ཕྱི་
རོལ་གྱི་དོན་བཀག་པ་ཉིད་དོ། །དེ་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་དོན་ཡོད་ཀྱང་སྣང་བའི་དོན་དང་དེའི་བློ་དག་ཐ་དད་པ་མེད་པར་བལྟ་བར་བྱའོ། །འདི་ཉིད་རྣམ་པར་འགྲེལ་པ་ནི། ལྷན་ཅིག་དམིགས་པ་དང་རིག་པ་དག་གིས་སྔོན་པོ་ལ་སོགས་པ་གཟུང་བ་དང་དེ་རིག་པ་ཐ་དད་པ་མེད་པར་གྲུབ་པར་བལྟའོ། །རིག་པ་ནི་མྱོང་བའི་རང་བཞིན་ཉིད་
ཡིན་ལ། ལྷན་ཅིག་དམིགས་པ་ཡང་ཐ་དད་པ་མེད་པ་ཉིད་དོ། །འདིས་ནི་འདིར་ལྷག་པའི་དོན་གཞན་ཉིད་དོ། །ཕན་འདོགས་པ་དང་ཕན་གདགས་པའི་དངོས་པོ་མེད་པའི་ཕྱིར་དུས་གཅིག་ཏུ་ལྷན་ཅིག་དམིགས་པ་གཉིས་པོ་དག་ནི་ཡོངས་སུ་གཅོད་པ་དང་ཡོངས་སུ་གཅོད་པ་མེད་པ་ཉིད་དོ། །དེས་ན་སྟེ་དེའི་ཕྱིར་བློ་ནི་ཚུལ་
གཉིས་ཏེ་ཡུལ་གྱི་རང་བཞིན་གཟུང་བ་དང་། ཤེས་པའི་རང་བཞིན་འཛིན་པ་དག་གིས་གཟུང་བ་དང་འཛིན་པའི་རང་བཞིན་གྱིས་ཚུལ་གཉིས་སུ་གྲུབ་པ་ཡིན་ནོ། །ཅིག་ཤོས་ཀྱིས་སྣང་བ་ཤེས་པ་ལས་ཐ་མི་དད་ན་ཕྱི་རོལ་མི་འགྲུབ་པར་རྟོགས་པས་ག་ལས་ཤེས་སྨྲ་སྟེ། མངོན་སུམ་དུ་གྲུབ་པ་དེ་ཐ་དད་པའི་དངོས་པོ་མ་
ཡིན་ནོ་ཞེ་ན། འོ་ན་དེ་ཡོད་པར་ངེས་པར་ཇི་ལྟར་འགྱུར་ཞེ་ན། སློབ་དཔོན་གཟུ་བོར་གནས་པར་གྱུར་ནས་སྨྲས་པ། ཕྱི་རོལ་ནི་འབྲས་བུ་ལྡོག་པ་ལ་སྟེ། དངོས་པོ་མེད་པ་ལས་འགྲུབ་སྟེ་ངེས་པར་འགྱུར་རོ། །དཔེར་ན་རྒྱུ་གཞན་ཡོད་ཀྱང་མིག་གི་རྣམ་པར་ཤེས་པ་རེས་འགའ་འགྱུར་བ་ལས་མིག་རྗེས་སུ་དཔོག་ལ།
Vol. 188 · folio 166b
དེ་བཞིན་དུ་ནུས་པའི་རྒྱུ་གཞན་དབང་པོ་དང་ཡིད་ཀྱི་རྣམ་པར་ཤེས་པའི་མཚན་ཉིད་ཡོད་ཀྱང་འབྲས་བུ་རྩིག་པ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་མེད་པའི་ཕྱིར་རྗེས་སུ་དཔོག་ལ་རྒྱུ་གཞན་གང་ཡིན་པ་དེ་ཡང་ཕྱི་རོལ་གྱི་དོན་ཡིན་པར་འགྱུར་རོ། །གལ་ཏེ་རྩོད་པ་འདིར་རྣམ་པར་ཤེས་པར་སྨྲ་བ་འབའ་ཞིག་ཉེ་བར་ལེན་པ་སྟེ་བག་
ཆགས་ཡོངས་སུ་སྨིན་པ་དེ་ཉིད་ནི་ཁྱད་པར་ཡིན་ཏེ། ཕྱི་རོལ་གྱི་ལྷན་ཅིག་བྱེད་པའི་རྐྱེན་གཞན་ལས་ཁྱད་པར་དུ་གྱུར་པ་དེ་མེད་པས་འབྲས་བུ་ལྡོག་པ་སྟེ། མེད་པར་མི་སྨྲ་ན་ནི། ལྡོག་པའི་སྒོ་ནས་འགྱུར་རོ། །གལ་ཏེ་རིག་པར་སྨྲ་བ་དེ་ཡང་ཁོ་བོ་ཅག་ལ་སྨྲ་བ་ན་རང་གི་ཕྱོགས་ལ་ཚད་མ་དང་ཅིག་ཤོས་ཇི་ལྟར་སྨྲ་
ཅི་ཞིག་བྱེད་པ་ན་ཞེ་ན། སྨྲས་པ་ཤེས་པ་ཐམས་ཅད་ཀྱི་ཡུལ་བཟློག་པ་ནའོ། །དེ་ལྟར་བྱེད་པས་ཚད་མ་དང་ཅིག་ཤོས་རྣམ་པར་གཞག་པར་ཇི་ལྟར་འགྱུར་ཞེ་ན་སྨྲས་པ། བསླད་པ་དང་ཅིག་ཤོས་ཏེ། ཚད་མ་དང་ཚད་མ་མ་ཡིན་པ་དེ་ཉིད་ནི་དེ་དག་དང་འབྲེལ་པ་ཡིན་ལ། གང་ཞིག་ཐམས་ཅད་བསླད་པར་སྨྲ་བ་དེས་ཇི་
ལྟར་བསླད་པ་དང་མ་བསླད་པ་དང་འབྲེལ་པ་ཚད་མ་དང་ཅིག་ཤོས་རྣམ་པར་འཇོག་ཏེ། མི་བཞག་པ་ཉིད་དོ། །གཏན་ཚིགས་སྨྲས་པ། ཤེས་པ་ཐམས་ཅད་ཉེ་བར་བསླད་པར་ཆད་པར་མེད་པའི་ཕྱིར་ཞེ་ན། སློབ་དཔོན་གྱིས་དེ་ལ་ཡང་རྣམ་པར་གཞག་པ་བསྟན་པའི་ཕྱིར་སྨྲས་པ། ཉེ་བར་བསླད་པའི་མ་རིག་པའི་
བག་ཆགས་དེ་འཚམས་སྦྱོར་བ་མེད་པ་ནི་རྗེས་སུ་མི་སྦྱོར་བ་སྟེ། རྗེས་སུ་མཐུན་པའི་འབྲས་བུ་བྱེད་པ་མེད་པའོ། །དེ་ཉིད་ནི་སྐྱོན་ཏེ་སྐྱོན་དེས་ན་ཤེས་པ་དེས་བཅུག་པའི་ཐ་སྙད་ལ་ཡིད་བརྟན་མེད་པ་སྟེ། ཡིད་ཆེས་པ་བྱར་མེད་པར་མཐོང་བས་རྟོགས་པ་གཅིག་ནི་ཚད་མ་མ་ཡིན་པར་བརྗོད་དོ། །གལ་ཏེ་དོན་དམ་
པའི་རིག་པ་ཐ་སྙད་ཐམས་ཅད་ལ་ཡིད་བརྟན་པ་མེད་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། མི་མཁས་པས་ཀྱང་སྟེ་ཐ་སྙད་གང་ཞིག་བྱིས་པས་ཀྱང་ཡིད་བརྟན་དུ་མེད་པ་དེས་ན་ཚད་མ་མ་ཡིན་པར་རྣམ་པར་འཇོག་གོ། །མཚམས་སྦྱོར་བ་མེད་པའི་བག་ཆགས་དེས་ནི་སྔོན་པོར་སྣང་བའི་བློ་འབའ་ཞིག་བསྐྱེད་དེ། དེའི་དོན་བྱེད་པར་སྣང་བ་རྣམ་
པར་རིག་པས་བག་ཆགས་རྒྱས་པར་མི་བྱེད་དོ། །དེས་ན་སྔོན་པོར་སྣང་བའི་ཤེས་པ་འབའ་ཞིག་སྐྱེད་ཀྱི། སྣང་བ་དེའི་བསྒྲུབ་པར་བྱ་བའི་དོན་དུ་སྣང་བའི་ཤེས་པ་ནི་སྐྱེད་པ་མ་ཡིན་ནོ། །ཡང་དག་པའི་ཆུའི་འབྲས་བུ་ནི་དུས་ཇི་སྲིད་པར་གོས་དང་ལུས་བངས་པའི་གནས་སྐབས་དང་། དེ་བཞིན་དུ་དུས་དང་ལུས་ལ་ལྟོས་
Vol. 188 · folio 167a
ནས་དུས་ཇི་སྲིད་ཁྱབ་ཀྱི་བར་དུ་གྲང་བའི་རིག་པའི་གནས་སྐབས་དང་། ལུས་རྒྱས་པ་དང་། ལྕི་བའི་གནས་སྐབས་ཀྱི་མཚན་ཉིད་རང་བཞིན་ཡོངས་སུ་འགྱུར་བ་ཡིན་ན། དེའི་གནས་སྐབས་སུ་ནི་བདེན་པའི་ཆུ་དང་འབྲེལ་པའི་དོན་བྱ་བ་འདི་དག་གི་རང་གི་ངོ་བོར་འཛིན་པའི་རྣམ་པར་ཤེས་
པ་མ་སྐྱེད་པ་དེས་ན། ཆུར་སྣང་བའི་རྣམ་པར་ཤེས་པ་སླུ་བ་ཡིན་ཏེ། དེས་ན་ཚད་མ་མ་ཡིན་ནོ། །ཡང་རྣམ་པར་ཤེས་པར་གཞན་འཁོར་བ་ཇི་སྲིད་པར་ཞེས་བྱ་བ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་བར་དུ་མཐོང་བའི་དོན་གྱི་འབྲས་བུར་སྣང་བའི་ཤེས་པའི་ཚོགས་མི་འབྲལ་བར་རྗེས་སུ་འབྲེལ་པ་གང་ཡིན་པ་
དེ་ནི་ཚད་མར་བརྗོད་དོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་འབྲས་བུའི་ཤེས་པ་དང་མི་འབྲལ་ཞེ་ན། བག་ཆགས་བརྟན་པའི་ཕྱིར་རོ། །ཆུར་སྣང་བའི་ཤེས་པའི་བག་ཆགས་ནི་ཆུར་སྣང་བའི་ཤེས་པ་སྐྱེད་པར་བྱེད་ཅིང་། ཆུའི་བསྒྲུབ་པར་བྱ་བར་སྣང་བའི་ཤེས་པའི་བག་ཆགས་ཀྱང་རྒྱས་པར་བྱེད་དོ། །དེས་ན་
བག་ཆགས་དེ་ལས་ཆུར་སྣང་བའི་ཤེས་པ་དང་། བག་ཆགས་ཡོངས་སུ་སྨིན་པ་དང་ལྡན་པའི་ཆུའི་འབྲས་བུ་སྣང་བའི་ཤེས་པ་རིམ་གྱིས་སྐྱེ་བའི་ཕྱི་མི་འབྲལ་བར་རྗེས་སུ་འཇུག་པ་ཡིན་ནོ། །ཡང་དཔེར་ན་ཕྱི་རོལ་གྱི་དོན་སྨྲ་བ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ལས་ཡིད་ཀྱི་རྣམ་པར་ཤེས་པ་འགའ་ཞིག་སྐྱེས་པ་ནི།
འགག་པའི་རྣམ་པར་ཤེས་པའི་རྒྱུད་ལས་བག་ཆགས་གཞག་པ་དེ་དུས་མཐར་ཕྱིན་པས་ཡོངས་སུ་སྨིན་པར་བྱས་པ་ན་ཡང་སྔ་མ་དང་འདྲ་བའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པ་དེ་བཞིན་དུ། རྣམ་པར་ཤེས་པར་སྨྲ་བ་ལས་ཡང་ཡིན་པས་ཕ་རོལ་པོའི་ཉེས་པའི་སྐབས་ཡོད་པ་མ་ཡིན་ནོ། །གལ་ཏེ་ཐམས་ཅད་མཁྱེན་
པའི་མཁྱེན་པ་ལ་ལྟོས་ན། ཤེས་པ་འདི་ཐམས་ཅད་སླུ་བ་ཡིན་པ་དེ་ལྟར་ན་ཡང་འཁོར་བ་འདི་ན་ཐར་པའི་སྔ་རོལ་དུ་བྱིས་པའི་སྐྱེ་བོས་བྱས་པའི་ཐ་སྙད་གང་ཡིན་པ་དེ་ལ་མི་སླུ་བ་དེ་ལ་ལྟོས་ནས་ཚད་མ་ཡིན་གྱི། སངས་རྒྱས་པ་ཉིད་ཀྱི་གནས་སྐབས་ལ་ལྟོས་པ་ནི་མ་ཡིན་ནོ། །དོན་དམ་པའི་ཚུལ་ལ་ལྟོས་
ནས་མི་སླུ་བ་གང་ཡིན་པ་དེ་ཚད་མར་བརྗོད་པ་ཡིན་གྱི། ཐ་སྙད་ལ་ལྟོས་པས་ནི་མ་ཡིན་པ་ཡིན་ནམ་ཞེ་ན། འདི་ནི་ཐ་སྙད་ཀྱི་དགོས་པ་ཅན་ཐ་སྙད་ཀྱི་འབྲས་བུ་ཅན། ཀུན་དུ་ཐ་སྙད་པའི་ཚད་མའི་རང་བཞིན་ཏེ། མཚན་ཉིད་བརྗོད་པ་ཡིན་ནོ། །དེས་ན་ཀུན་དུ་ཐ་སྙད་པའི་ཡུལ་ཅན་ཉིད་ཚད་མ་དང་ཚད་མ་མ་ཡིན་པ་
Vol. 188 · folio 167b
ཡིན་ནོ། །དོན་དམ་པ་ལ་འཇུག་པའི་དོན་དུ་ཚད་མའི་མཚན་ཉིད་བཤད་པ་ཡིན་གྱི། མི་བདེན་པའི་ཡུལ་ཅན་ནི་མ་ཡིན་པ་མ་ཡིན་ནམ། འདི་ལྟར་བདག་དང་གཞན་མི་བདེན་པའི་རང་བཞིན་སྤངས་པ་དང་། བདེན་པའི་རང་བཞིན་ཐོབ་པར་བྱ་བའི་ཕྱིར་མཁས་པ་རྩོལ་བར་རིག་པ་ཡིན་ནོ་ཞེ་ན། འདི་ལ་ཡང་
ཞེས་སྨོས་ཏེ། གལ་ཏེ་ཐ་སྙད་ལ་རབ་ཏུ་སྦྱོར་བའི་ཤེས་པ་འདི་ལ་ཡང་འཇིག་རྟེན་རྨོངས་པར་མ་གྱུར་ན་ནི་དོན་དམ་པའི་ཤེས་པ་འབའ་ཞིག་གི་མཚན་ཉིད་བཤད་པར་རིགས་པ་ཡིན་ན། གང་གི་ཚེ་འདི་ལ་ཡང་གཞན་དག་བདག་ཉིད་རྨོངས་ཤིང་། གཞན་ཡང་རྨོངས་པར་བྱེད་པ་དེའི་ཚེ་དེ་དག་དོན་དམ་པའི་
ཚུལ་ལ་འཇུག་པའི་སྐབས་ག་ལ་ཡོད། དོན་དམ་པའི་ཚུལ་ལ་འཇུག་པར་བྱ་བ་ཁོ་ནའི་ཕྱིར་ཀུན་དུ་ཐ་སྙད་པའི་ཤེས་པ་བཤད་པ་ཡིན་ནོ། །བསམས་པ་ལས་བྱུང་བ་ཞེས་བྱ་བ་ནི་ཚུལ་འདིས་ཀྱང་སྐྱེ་བོ་དོན་དམ་པའི་ཚུལ་ལ་གཞུག་པར་ནུས་པ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །འདི་ལ་ཀུན་དུ་ཐ་སྙད་པའི་ཚད་མའི་དེ་ཁོ་ན་བཤད་ན་
རིགས་པའི་ཚུལ་དེ་ཉིད་ཀྱིས་དོན་སེམས་པ་ལ་ཞུགས་པ་ན། དེའི་རྒྱུ་ལས་བྱུང་བའི་ཤེས་རབ་ཁྱད་པར་དུ་འཕགས་པའི་དོན་སྣང་བའི་བློ་གོམས་པར་བྱས། འདྲིས་པར་བྱས་པས་རྣམ་པར་འཁྲུལ་པས་དབེན་ཞིང་བྲལ་བ་དྲི་མ་མེད་པ་ཡོངས་སུ་དག་པའི་ཕྱིར་ཕྱོགས་པས་ན་ལྡོག་པ་སྟེ་དོན་དམ་པར་ལས་ཕྱིར་ལྡོག་པའོ། །
དེ་ལ་ལྡོག་པ་ནི་ལྡོག་པ་མེད་པ་སྟེ། ཕྱིར་མི་ལྡོག་པའི་ཞེས་བྱ་བའི་དོན་ཏོ། །ཡང་ན་ལྡོག་པ་ནི་སྐྱོན་ཡིན་ལ། འཁོར་བར་སླར་ལྡོག་པ་ཡང་སྐྱོན་ཡིན་ནོ། །དེ་གང་ལ་མེད་པ་དེ་ནི་ལྡོག་པ་མེད་པའོ། །དོན་དམ་པར་ནི་དེ་ཁོ་ན་ཉིད་ཀྱི་ཡུལ་ལམ་དགོངས་པ་དམ་པའོ། །དེ་ལ་རབ་ཏུ་སྦྱོར་བ་ནི་དོན་དམ་པའོ། །མངོན་དུ་བྱེད་པ་
ནི་སྐྱེད་པའོ། །བསམ་པ་ནི་འདི་ཡིན་ཏེ། དོན་དམ་པའི་ཚད་མ་ཡང་རྒྱུ་མེད་པར་ནི་མ་ཡིན་ལ། རྒྱུ་ཡང་གོམས་པ་ལས་གཞན་མ་ཡིན་ནོ། །གོམས་པའི་ཡུལ་ཡང་ཀུན་དུ་ཐ་སྙད་པའི་ཚད་མས་དཔྱད་པའི་དོན་ཡིན་པ་དེའི་ཕྱིར་ཀུན་དུ་ཐ་སྙད་པའི་ཚད་མ་དེ་ཡང་དག་པར་རྟོགས་པ་ནི་དོན་དམ་པ་པའི་ཤེས་པའི་རྒྱུར་འགྱུར་
རོ། །དེ་ནས་དེའི་ཡུལ་ཅན་གྱི་འབད་པ་ནི་དོན་དམ་པའི་ཡུལ་ཅན་ཉིད་དོ། །ལོག་པའི་ཤེས་པས་ཡུལ་དུ་བྱས་པའི་དངོས་པོ་རྟག་པ་ལ་སོགས་པའི་རྣམ་པ་བསྒོམས་པ་ནི་དོན་དམ་པའི་ཤེས་པའི་རྒྱུར་མི་འགྱུར་ལ། མི་རྟག་པ་ལ་སོགས་པའི་རྣམ་པ་བསྒོམས་ན་ནི་འགྱུར་བ་ཉིད་ཡིན་པ་དེས་ན། སྐྱེ་བོ་དེ་ལས་རྨོངས་
Vol. 188 · folio 168a
པ་བཟློག་ནས་དོན་དམ་པ་པའི་ཤེས་པ་ལ་འཇུག་པར་བྱ་བ་ཡིན་ཏེ། རྨོངས་པ་འདིའི་ཡུལ་ནི་རགས་པ་ཡིན་པའི་ཕྱིར་རོ། །དོན་དམ་པ་ཐོབ་པ་ཡང་རྨོངས་པ་འདི་ལོག་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་འདི་ཉིད་ལ་འབད་པར་རིགས་སོ། །དེ་ཕྱིར་ཡང་དག་ཡང་དག་མིན། །ཞེས་བྱ་བ་ལ་སོགས་
པས་རྣམ་པར་ངེས་པ་འདིར་ནི་ཇི་ལྟར་ཀུན་དུ་ཐ་སྙད་པའི་ཤེས་པའི་རིམ་གྱིས། དོན་དམ་པ་པའི་ཤེས་པ་དེའི་ཆ་སྟེ། བག་ཙམ་ཞིག་བསྟན་པ་ཡིན་ལ། དེ་ཅི་འདྲ་བའི་ཚད་མ་ཡིན་པ་དེའི་ཡང་ཆ་ཙམ་ཞིག་བསྟན་པ་ཡིན་ཏེ། དེ་ནི་མངོན་སུམ་གྱི་རང་བཞིན་གྱི་ཚད་མ་ཡིན་ནོ། །གལ་ཏེ་དོན་དམ་པའི་ཤེས་པ་དེ་ནི་གཟུང་བ་
དང་། འཛིན་པའི་རྣམ་པ་དང་བྲལ་བའམ། དོན་ཐམས་ཅད་ཀྱང་འཛིན་པ་ཡིན་ཡང་བླ་སྟེ། གཉི་ག་ལྟར་ན་ཡང་དེ་ནི་མངོན་སུམ་ཉིད་ཡིན་ནོ། །ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད། སློབ་དཔོན་ཆོས་མཆོག་གིས་སྦྱར་བ་ལས་ལེའུ་དང་པོའོ།། །།སྟོང་ཕྲག་བཞི་དང་གསུམ་དང་བཞི། །བརྒྱ་ཕྲག་
ལྔ་དང་དྲུག་དང་གསུམ། །ཉི་ཤུ་གཉིས་དང་སུམ་ཅུ་སྟེ། །དེ་ནི་གཉིས་དྲུག་གསུམ་བཅས་སོ། །ལེའུ་དང་པོ་འདི་ལ་ཚིགས་སུ་བཅད་པ་བཞི་སྟོང་ལྔ་བརྒྱ་ཉི་ཤུ་རྩ་གཉིས་ཡོད་དོ།། །།མངོན་སུམ་དང་རྗེས་སུ་དཔག་པའི་བྱེ་བྲག་གིས་ཚད་མ་གཉིས་སུ་བསྟན་པ་ལས་ལོག་པར་རྟོགས་པ་རྣམ་པ་བཞི་བསལ་བའི་སྒོ་ནས་
མངོན་སུམ་བཤད་ཟིན་ནས། ཇི་ལྟར་བསྟན་པ་བཞིན་དུ་སྐབས་སུ་བབ་པ་བསྟན་པར་འདོད་པའི་རྗེས་སུ་དཔག་པའི་གྲངས་ལ་ལོག་པར་རྟོགས་པ་བསལ་བའི་དོན་དུ། རྗེས་དཔག་རྣམས་གཉིས་ཞེས་གསུངས་སོ། །ཇི་ལྟར་ཤེས་པའི་མཚན་ཉིད་ཀྱི་མངོན་སུམ་བཞི་ཆར་ལ་ཡང་མཚན་ཉིད་ཐུན་མོང་བ་གཅིག་
ཡོད་པ་དེ་བཞིན་དུ། རྗེས་སུ་དཔག་པ་རྣམ་པ་གཉིས་ལ་ནི་མཚན་ཉིད་གཅིག་ཡོད་པ་མ་ཡིན་ཏེ། རང་བཞིན་ཤིན་ཏུ་ཐ་དད་པའི་ཕྱིར་རོ། །དེ་ལ་གཅིག་ནི་ཤེས་པ་ཡིན་ལ། གཞན་ནི་བརྗོད་པ་ཡིན་ནོ། །རྣམ་པའི་དབྱེ་བ་བརྗོད་ན་ནི་རྣམ་པའི་མཚན་ཉིད་ཐ་དད་པར་བསྟན་པར་ནུས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་
འདིར་མཚན་ཉིད་ཙམ་བསྟན་ན། ཁྱད་པར་གྱི་མཚན་ཉིད་གཅིག་གམ་དུ་མར་འགྱུར་བ་ཡིན་ཏེ། དེའི་གྲངས་བསྟན་པས་ཅི་ཞིག་བྱ་ཞེས་གང་བརྩད་པ་དེ་སྤངས་པ་ཡིན་ནོ། །འདི་ལྟར་གསལ་བའི་ཁྱད་པར་ཉེ་བར་བསྟན་པ་མེད་པར་ནི་གསལ་བ་སོ་སོར་ངེས་པའི་མཚན་ཉིད་བསྟན་པར་མི་ནུས་སོ། །དེས་ན་གསལ་བའི་
Vol. 188 · folio 168b
དབྱེ་བ་ནི་བསྟན་པར་བྱ་བ་ཉིད་དོ། །རྣམ་པའི་དབྱེ་བ་ཡང་གསལ་བའི་དབྱེ་བ་ཉིད་ཡིན་པ་དེས་ན། རྣམ་པའི་དབྱེ་བ་བརྗོད་པ་ནི་མཚན་ཉིད་རྟོགས་པར་བྱ་བའི་དོན་ཁོ་ན་ཡིན་ནོ། །འདི་རང་གི་ཆེད་ཡིན་པས་ན་རང་གི་དོན་ལ། གཞན་གྱི་ཆེད་དུ་ཡིན་པས་ན་གཞན་གྱི་དོན་ཏོ། །རང་ལ་དགོས་པ་དང་གཞན་ལ་དགོས་པའོ། །
རྗེས་སུ་དཔག་པ་གང་ཞིག་རྒྱུར་གྱུར་པས་རང་རྟོགས་པར་འགྱུར་བ་དེ་ནི་རང་གི་དོན་ཏེ་ཤེས་པ་ཡིན་ནོ། །གལ་ཏེ་རྟོགས་པ་ནི་ཤེས་པ་ཉིད་ཡིན་པ་དེ་ལྟ་ན་ཡང་གཅིག་ཉིད་ལ་ཡང་བྱ་བ་དང་བྱེད་པ་ལས་ཐ་དད་པར་བསྟན་པ་ཡིན་ཏེ། དེས་ན་རྗེས་སུ་དཔག་པ་ནི་བྱེད་པ་ཡིན་ལ། ཁོང་དུ་ཆུད་པའི་རང་བཞིན་འབྲས་བུའི་གནས་
སྐབས་ནི་རྟོགས་པ་ཡིན་ནོ། །གལ་ཏེ་སྐྱེས་བུ་ལ་ངེས་པའི་ཚུལ་གསུམ་པའི་རྟགས་ཡོད་པ་མ་ཡིན་གྱི། དེ་ལས་སྐྱེས་པའི་ཤེས་པ་ཡང་མེད་ལ། ཚུལ་གསུམ་པའི་རྟགས་བརྗོད་པ་ཡང་མེད་པ་ཡིན་ཏེ། དེས་ན་རྗེས་སུ་དཔག་པ་གང་ཞིག་བདག་ཉིད་ཀྱི་ཡིན་ལ། གཞན་གྱི་མ་ཡིན་པའམ། གཞན་གྱི་ཡིན་
ལ་བདག་ཉིད་ཀྱི་མ་ཡིན་པ་དེ་ཡོད་དམ་ཅི་གང་། འདི་ལྟར་སྒྲས་ཀྱང་རེས་འགའ་སྨྲ་བ་པོ་འདི་རྟོགས་པར་བྱེད་པ་ཡིན་ལ། རེས་འགའི་ཚེ་ནི་གཞན་ལ་སྒྲས་རྟོགས་པར་བྱ་བ་ཡིན་ནོ། །དེ་ལས་ཀྱང་ཅི་སྲིད་དུ་སྒྲ་ཡང་གཞན་དོན་ཡིན་པར་མ་ངེས་པ་མ་ཡིན་ནམ་ཞེས་དགོས་པ་ལ། བཤད་པ་ཤེས་པ་དང་བརྗོད་
པའི་གོ་རིམས་བཞིན་དུ་རང་བཞིན་གང་དག་ཡིན་པ་དེ་དག་གི་ངོ་བོ་དེ་རྒྱུར་གྱུར་པའི་ལས། གཞན་དེ་ཕ་རོལ་དང་གཞན་མ་ཡིན་པ་དེ་ཉིད་ཏེ། གཞན་དག་གཞན་མ་ཡིན་པ་དེ་དག་གི་རྟོགས་པའི་རྒྱུ་རྒྱུ་མཚན་ནི་རྗེས་སུ་དཔག་པ་དེ་དག་མ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ། ཚུལ་གསུམ་པའི་རྟགས་ལས་སྐྱེས་
པའི་ཤེས་པ་གང་གི་རྒྱུད་ལ་སྐྱེས་པ་དེ་ནི་དེའི་དོན་དེ་ཉིད་དེ། དེས་ན་གཞན་རྟོགས་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་དོན་དུ་བརྗོད་པ་ཡིན་གྱི་གང་ལ་ལྟོས་ནས་རང་གི་དོན་དུ་བརྗོད་པར་འགྱུར་བ་ཤེས་པ་འགའ་ཡང་སྐྱེས་བུ་འགའ་ལ་ངེས་པ་ཡོད་པ་ནི་མ་ཡིན་ནོ། །དེ་བཞིན་དུ་བརྗོད་པའི་རང་བཞིན་
གྱི་རྗེས་སུ་དཔག་པ་སྐྱེས་བུ་ལ་ངེས་པ་ཡོད་པ་མ་ཡིན་པ་དེ་ལྟ་ན་ཡང་གཞན་གྱི་དོན་ཉིད་ཡིན་ནོ། །འདི་ལྟར་གང་ཞིག་གང་གི་དབང་དུ་བྱས་ནས་འཇུག་པ་དེ་ནི་དོན་ཡིན་པར་བརྗོད་དོ། །སྒྲ་ནི་གཞན་གྱི་དབང་དུ་བྱས་ནས་སྦྱོར་བ་ཡིན་གྱི། བདག་ཉིད་ཀྱི་ནི་མ་ཡིན་གྱི། དེས་ན་སྒྲ་གཞན་གྱི་དོན་དུ་མ་ངེས་པ་མ་ཡིན་
Vol. 188 · folio 169a
ནོ། །གང་གི་ཕྱིར་སྦྱོར་བ་པོ་མངོན་པར་འདོད་པའི་ཡུལ་གྱི་དོན་ལ་སྦྱོར་བར་བྱེད་པ་གཞན་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་སྒྲ་གཞན་གྱི་དོན་ཡིན་པ་དེ་ལྟ་ན་ཡང་རྗེས་སུ་དཔག་པ་ཡིན་པ་ཉིད་ཀྱིས་རང་གི་དོན་ལས་སྒྲ་ལ་ལོགས་ཤིག་ཏུ་བརྗོད་པ་སྨྲ་བར་ནི་མི་རིགས་ཏེ། ཁྱད་པར་
མེད་པའི་ཕྱིར་རོ། །དེ་ལ་དགོས་པའི་མཚན་ཉིད་ཀྱི་ཁྱད་པར་ཡོད་གྲང་ན། དེ་ལ་གང་ཞིག་བརྗོད་པར་བྱ་བའི་རྟགས་དེས་བསྒྲུབ་པར་བྱ་བའི་དེ་ཉིད་སྒྲའི་དོན་ཀྱང་ཡིན་པའི་ཕྱིར་ཡུལ་ཁྱད་པར་ཡོད་པ་མ་ཡིན་ནོ། །འདི་ལ་རང་གི་ངོ་བོར་འགྱུར་བའི་མཚན་ཉིད་ཀྱང་ཅུང་ཟད་ཡོད་པ་མ་ཡིན་ནོ། །སྒྲ་ནི་རྗོད་
པར་བྱེད་པ་ཙམ་ཡིན་པའི་ཕྱིར་འདི་ལ་མཚན་ཉིད་གཞན་ཅི་ཞིག་བརྗོད་པར་བྱ་བར་འགྱུར་རོ། །བརྗོད་པར་བྱ་བ་ལ་ལྟོས་ནས་ནི་མཚན་ཉིད་བརྗོད་པར་བྱ་བར་འགྱུར་རོ། །ཚུལ་གསུམ་པའི་རྟགས་འཆད་པ་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་པའི་ཕྱིར་བརྗོད་པར་བྱ་བ་ཡང་རང་གི་དོན་གྱི་རྗེས་སུ་དཔག་པ་གང་ཡིན་པ་
དེ་ཉིད་འབའ་ཞིག་ཏུ་ཟད་དོ། །རང་གི་དོན་གྱི་རྗེས་སུ་དཔག་པ་ནི་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་བརྗོད་པར་ནུས་པ་མ་ཡིན་གྱི་ཚུལ་གསུམ་པའི་རྟགས་ཉིད་བསྙད་པར་བྱ་བ་ཡིན་ནོ། །དེས་ན་བརྗོད་པར་བྱ་བའི་མཚན་ཉིད་ལ་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་ཕ་རོལ་པོ་དོགས་པ་ལ། ལན་དུ་མ་ཡིན་ཏེ་ཞེས་གསུངས་
ཏེ། ཁྱད་པར་མེད་པའི་ཕྱིར་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ་ཞེས་གང་སྨྲས་པ་དེ་ནི་མ་ཡིན་ཏེ། འཇུག་པ་ཐ་དད་པའི་ཕྱིར། བྱ་བའི་ཁྱད་པར་ཡོད་པའི་ཕྱིར་རོ། །བརྒྱུད་པས་ཡུལ་ཁྱད་པར་མེད་པ་ཡིན་ཡང་དངོས་ཀྱིས་འདི་དག་གི་བྱ་བ་ནི་ཐ་དད་ཡོད་པ་ཡིན་ནོ། །ཁྱད་པར་དེ་ཉིད་སྟོན་པར་བྱེད་དེ། དོན་ཏེ་
ཚུལ་གསུམ་པའི་རྟགས་བརྗོད་པའི་བརྗོད་བྱ་རང་གི་དོན་གྱི་རྗེས་སུ་དཔག་པ་ཞེས་བྱ་བ་ནི་རྟགས་ཅན་བསྒྲུབ་པར་བྱ་བའི་དོན་རྟོགས་པར་བྱེད་པ་ཡིན་ལ། བསྒྲུབ་པར་བྱ་བའི་དོན་དེའི་གོ་བར་བྱེད་པའི་རྟགས་ནི་ཚུལ་གསུམ་པའི་རྟགས་བརྗོད་པར་གྲགས་པའི་སྒྲས་ཡིན་ནོ། །ཅིག་ཤོས་ནི་ཁྱད་པར་འདིས་ཐ་དད་
པ་བརྗོད་པར་མི་རིགས་ཏེ། འདི་ལྟར་བསྒྲུབ་བྱའི་དབྱེ་བས་རང་བཞིན་གྱི་གཏན་ཚིགས་ཉིད་རྣམ་པ་དུ་མ་ཡིན་ཡང་། དེ་ཙམ་གྱིས་ནི་གཏན་ཚིགས་ཀྱི་མཚན་ཉིད་ཐ་དད་པར་འགྱུར་བ་མ་ཡིན་ནོ། །དེ་ལྟར་གྱུར་ན་རྗོད་པར་བྱེད་པའི་བྱ་བའི་ཁྱད་པར་ཡོད་ཀྱང་བརྗོད་པར་བྱ་བའི་སྒོ་ནས་མཚན་ཉིད་གཞན་བརྗོད་པར་བྱར་
Vol. 188 · folio 169b
མེད་པའི་ཕྱིར་ལོགས་ཤིག་ཏུ་བརྗོད་པར་མི་རིགས་སོ། །འདི་སྙམ་དུ་ཚུལ་གསུམ་པའི་རྟགས་བཤད་པས་ནི་རྟོགས་པར་བྱ་བ་རྟགས་ཤེས་པར་འགྱུར་གྱི། ཚིག་ཤེས་པར་མི་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་ཚིག་གི་ནི་རིམ་པ་བསྟན་པར་བྱ་བ་ཉིད་ཡིན་ནོ་ཞེས་དོགས་ན། ཅི་ལྟར་མཚན་ཉིད་བརྗོད་པ་ཉིད་ཀྱིས་
ཚིག་གི་རིམ་པ་ཡང་བསྟན་པར་འགྱུར་བ་དེ་བསྟན་པའི་ཕྱིར་གོ་བར་བྱེད་པའི་མཚན་ཉིད་སྟོན་པར་བྱེད་དེ། །དུ་བ་དང་བྱས་པ་ལ་སོགས་པའི་དངོས་པོ་གང་ཕྱོགས་སམ་སྒྲ་འགའ་ཞིག་ཏུ་མངོན་སུམ་མམ་རྗེས་སུ་དཔག་པ་འགའ་ཞིག་གིས་མཐོང་བ་ངེས་པ་སྟེ། འདིས་ནི་ཕྱོགས་ཀྱི་ཆོས་ཉིད་བརྗོད་དོ། །མཐོང་
བའི་དུ་བ་ལ་སོགས་པ་དེ་མེ་དང་མི་རྟག་པ་ལ་སོགས་པ་བསྒྲུབ་པར་བྱ་བ་གང་དང་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་འབྲེལ་པའོ། །འབྲེལ་པ་ཤེས་པ་ནི་དེ་ཤེས་པ་སྟེ། རྟོགས་པར་བྱེད་པའོ། །འདིས་ནི་གནོད་པར་བྱེད་པའི་ཚད་མའི་སྟོབས་ཀྱི་རྗེས་སུ་འགྲོ་ལྡོག་དག་ངེས་པ་དང་། རྗེས་སུ་དཔག་
པའི་དུས་སུ་དེ་གཉིས་དྲན་པ་ཡང་བཤད་པར་ལྟའོ། །འདི་ཐམས་ཅད་ཀྱིས་ནི་རྟོགས་པ་པོའི་གོ་བར་བྱེད་པའི་མཚན་ཉིད་ཤེས་པ་དང་། རྗེས་སུ་དཔག་པའི་དུས་ཀྱི་དྲན་པ་བཤད་པ་ཡིན་ནོ། །འབྲེལ་པ་ཤེས་ཤིང་དྲན་པའི་རྟགས་ཆོས་ཅན་ལ་མཐོང་བ་དང་ལྡན་པའི་རྟོགས་པ་པོ་དེ་ལ་འབྲེལ་
བའི་ཡུལ་གྱི་བསྒྲུབ་བྱ་དེ། རྟགས་ངེས་གང་དུ་མཐོང་བ་དེ་ཉིད་དུ་གོ་བར་བྱེད་པ་ཡིན་གྱི། ཆོས་ཅན་གཞན་དུ་ནི་མ་ཡིན་ནོ་ཞེས་དེ་ལྟར་མཚན་ཉིད་བརྗོད་པ་ལས་བརྗོད་པར་བྱ་བའི་རྟགས་ཀྱི་དངོས་པོ་རྟོགས་ཏེ། ངེས་པ་ཡིན་ནོ། །དེ་ལ་དངོས་པོ་དེ་རྟོགས་པ་ཡིན་ན་གོ་
བར་བྱེད་པའི་མཚན་ཉིད་བརྗོད་པས་རྟོགས་པར་འདོད་པའི་རྗོད་བྱེད་ཀྱི་རིམ་པ་སྟེ་ཚུལ་བསྟན་པར་འགྱུར་བ་ཡིན་ནོ། །འདི་སྐད་བཤད་པ་ཡིན་ཏེ། རང་གི་བསྒྲུབ་བྱ་དང་འབྲེལ་པ་ཤེས་པའི་དོན་གང་དུ་མཐོང་བ་དེར་རྟོགས་པར་བྱེད་པ་ལ། དེ་གོ་བར་བྱེད་པ་ཡིན་ནོ་ཞེས་དེ་ལྟར་ཤེས་པ་ལ། དོན་འདི་གཞན་ལ་
ཉེ་བར་སྟོན་པ་ན་རང་གི་བསྒྲུབ་བྱ་དང་འབྲེལ་པ་དང་། ཕྱོགས་འགའ་ཞིག་དང་འབྲེལ་པའི་རང་བཞིན་ཉེ་བར་བསྟན་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ངེས་པ་འདི་ཡང་ཡོད་པ་ཡིན་ནོ། །གཞན་དུ་ཕྱིན་ཅི་ལོག་ཏུ་བརྗོད་ན་གོ་བར་བྱེད་པའི་ཆོས་རང་བཞིན་ངེས་པའི་ཡུལ་གང་ཡིན་པ་དེ་མ་བསྟན་པར་འགྱུར་བའི་ཕྱིར། མ་
Vol. 188 · folio 170a
བཤད་པར་འགྱུར་བའི་ཕྱིར་རོ། །ཅི་ལྟར་གོ་བར་བྱེད་པར་ཤེས་པ་དེ་ལྟར་བསྟན་པར་བྱ་སྟེ། གཞན་དུ་བསྟན་ན་ནི་གཞན་ཉིད་དུ་བསྟན་པར་འགྱུར་རོ། །གལ་ཏེ་གོ་བར་བྱེད་པའི་མཚན་ཉིད་བརྗོད་པ་གཞན་ལ་བསྒྲུབ་པར་བྱ་བ་མ་ཡིན་ནམ། འདི་ནི་འདི་ལྟར་བརྗོད་པར་བྱའོ་ཞེས་
རྗོད་པར་བྱེད་པའི་རིམ་པ་མི་ཤེས་ན་ཅི་ལྟར་བསྒྲུབ་པར་བྱ་ཞེ་ན། འདི་ནི་གང་གི་ཕྱིར་གྱི་དོན་ཏེ། ཚིག་ཤེས་པ་སྒྲའི་དོན་རིག་པ་ནི་དོན་ཉིད་ཉེ་བར་བསྟན་པ་ལ་ལྟོས་པ་ཡིན་གྱི། ཅི་ལྟར་རྣམ་པ་གང་གིས་ཤེས་པ་དེ་ཉིད་ནི་ཡང་རྟོགས་པར་བྱ་བའི་ཕྱིར་ཉེ་བར་བསྟན་པ་གཞན་ཏེ་རང་གི་ངོ་བོའི་ཡུལ་ཅན་གྱི་ཉེ་བར་
བསྟན་པ་ལས། གཞན་ཕ་རོལ་པོ་དག་གིས་ཉེ་བར་བསྟན་པ་ལ་ལྟོས་པ་མ་ཡིན་ནོ། །དེའི་ཕྱིར་ཚིག་ཤེས་པ་དོན་གྱི་རང་བཞིན་ཡོངས་སུ་ཤེས་པ་ཉེ་བར་བསྟན་པ་གཞན་ལ་ལྟོས་པར་འགྱུར་གྱི། དེའི་རྗོད་པར་བྱེད་པ་ཡོངས་སུ་ཤེས་པ་ནི་མ་ཡིན་ནོ། །དོན་ནི་རང་གི་དོན་གྱི་རྗེས་སུ་དཔག་པའི་དུས་སུ་ཡོངས་སུ་བཅད་
པ་ཡིན་ལ། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་དེ་ནི་རྗོད་པར་བྱེད་པ་ཙམ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། སློབ་དཔོན་གྱིས་རྗེས་སུ་བརྗོད་པ་གསུངས་པ། ཉེ་བར་བསྟན་པ་ལ་ལྟོས་པ་མ་ཡིན་པ་དང་། ཚིག་ཤེས་པ་ལ་མཚན་ཉིད་བརྗོད་པར་བྱ་བ་མ་ཡིན་པ་དེ་ལྟར་བདེན་མོད་ཀྱི་འོན་ཀྱང་ཅི་
ལྟར་ཡང་དག་པའི་ཤེས་པ་ཡང་མཁས་པ་ལ་བསྟན་པའི་དོན་དུ་བརྩམས་པ་མ་ཡིན་གྱི། འོན་ཀྱང་རང་ཉིད་རྟོགས་པར་མི་ནུས་པ་དེ་དག་ལ་ཡིན་པ་དེ་བཞིན་དུ་ཚིག་ཀྱང་རང་ཉིད་བརྗོད་པར་མི་ནུས་པ་ལ་སྟོན་པ་ཡིན་ནོ། །འདི་ཉིད་རྗོད་པར་བྱེད་པ་ནི་བརྩམས་པ་གང་ཡིན་པ་ནི་བྱིས་པས་རྟོགས་པའི་རྒྱུར་ཡིན་ནོ། །
ཡང་དག་པའི་ཤེས་པ་ནི་རྟོགས་པར་མི་ནུས་པ་མ་ཡིན་ནམ། སྒྲ་དོན་གྱི་འབྲེལ་པ་ཤེས་པ་དོན་ཤེས་ཀྱང་དེ་རྟོགས་པར་བྱེད་པའི་སྒྲའི་སྦྱོར་བ་མི་ཤེས་པ་ནི་ཡོད་པ་མ་ཡིན་ནོ་ཞེས་དོགས་པ་བཟློག་པའི་ཕྱིར་སློབ་དཔོན་གྱིས་མི་ཤེས་པ་སྟོན་པར་མཛད་དེ། དངོས་པོ་ཇི་ལྟ་བ་བཞིན་དུ་རྟགས་ལས་མ་འདས་པར་
རྟགས་ཅན་གྱི་དོན་རྟོགས་པ་སྟེ། ཚུལ་གསུམ་པའི་རྟགས་དུ་བ་ལས་བསྒྲུབ་བྱ་རྟོགས་པ་ཡིན་ནོ། །དེ་ལྟར་རྟོགས་ཀྱང་རྟགས་དེ་བཞིན་དུ་སྨྲ་བ་བརྗོད་པ་མཐོང་ངོ་། །གཞན་ཉིད་སྟོན་པར་བྱེད་པ་ནི་རྟགས་དེའི་ཆོས་ཏེ་ངོ་བོ་ཉིད་གང་ཡིན་པ་དེ་མ་ཁྱབ་པར་མ་ཟིན་པ་དང་། ལྡོག་པ་ལྷག་པ་དེ་དག་གིས་ཞེས་བྱ་བ་དེ་
Vol. 188 · folio 170b
ལྟ་བུར་གྱུར་པའི་མཚན་ཉིད་གསུམ་པ་ཡིན་ནོ། །གནས་པ་སྤོང་བ་དང་ལྷག་པ་སྟོན་པའི་ཕྱིར་ཏེ། རིགས་པ་ཅན་ལ་སོགས་པ་དག་རྟགས་དེའི་ཆོས་ཡོད་པ་བཏང་ནས་ལྷག་པ་དང་ལྡན་པར་སྨྲ་བ་ཡིན་ནོ། །མ་ཁྱབ་པར་སྟོན་པར་བྱེད་པ་ནི་མེད་ན་མི་འབྱུང་བ་དེའི་བདག་ཉིད་དང་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་མི་
བརྗོད་པའི་ཕྱིར་མ་ཁྱབ་པ་བརྗོད་པ་ཡིན་ཏེ། རྟགས་ནི་མེད་ན་མི་འབྱུང་བས་གོ་བར་བྱེད་པ་ཡིན་ནོ། །ལྷག་པ་སྟོན་པར་བྱེད་དེ། ཉེ་བར་སྡུད་པ་ནི་ཉེ་བར་གཏོད་པའོ། །དཔེ་ལ་ནུས་པ་མཐོང་བའི་རྟགས་ཡང་བསྒྲུབ་བྱའི་ཆོས་ཅན་ལ་སྡུད་པ་དེ་ནི་ཉེ་བར་སྡུད་པ་ཡིན་ནོ། །དེ་ཡང་མཐུན་པའི་དཔེ་ལ་ལྟོས་ནས་དེ་
བཞིན་དུ་སྒྲ་ཡང་བྱས་པ་ཡིན་ནོ་ཞེས་དེ་ལྟར་བྱ་བ་ཡིན་ཏེ། དེས་ན་ཉེ་བར་གཏོད་པ་ཞེས་བརྗོད་དོ། །ཉེ་བར་སྡོམ་པ་ནི་ཉེ་བར་གཏོད་པ་ཡིན་ནོ། །བསྒྲུབ་པར་བྱ་བའི་དོན་བཅའ་བའི་དོན་ཏོ། །དེ་ཟློས་པ་ནི་མཇུག་བསྡུ་བའོ། །དེ་ཡང་ནུས་པ་མཐོང་བའི་གཏན་ཚིགས་ཆོས་ཅན་ལ་ཉེ་བར་བསྡུས་པའི་བྱ་བ་ལོག་
པར་རྟོགས་པ་བཟློག་པའི་དོན་དུ་དེའི་ཕྱིར་སྒྲ་མི་རྟག་གོ་ཞེས་མཇུག་སྡུད་པའི་རང་བཞིན་ཡིན་པར་བལྟའོ། །འདི་དག་གི་བརྗོད་པ་ཡང་དེ་དག་གི་སྦྱོར་བས་ཐ་དད་པར་བརྗོད་པ་ཡིན་ནོ། །དཔེ་ལ་བརྟེན་ནས་མེད་ན་མི་བྱུང་བར་ཤེས་པའི་གཏན་ཚིགས་ཆོས་ཅན་ལ་སྔར་བསྟན་པ་ཉིད་ན་ཆོས་ཅན་དང་འབྲེལ་པ་ངེས་པ་ཡིན་
ཏེ། དེ་ལ་ཉེ་བར་གཏད་པ་ཅི་ཞིག་བྱ། མེད་ན་མི་འབྱུང་བར་རབ་ཏུ་གྲུབ་པའི་གཏན་ཚིགས་ནི་རང་ཉིད་ཀྱི་བསྒྲུབ་པར་བྱ་བའི་ཡང་འགའ་ཞིག་ཡོད་པར་སྟོན་པར་བྱེད་དེ། མེད་ན་མི་འབྱུང་བའི་ཕྱིར་རོ། །དེ་ལ་གཏན་ཚིགས་ཀྱི་ཡུལ་ལ་འཁྲུལ་པ་མེད་པའི་ཕྱིར། དེ་བཟློག་པའི་དོན་དུ་མཇུག་བསྡུ་བས་ཀྱང་ཅུང་ཟད་ཀྱང་བྱན་
མེད་དོ། །དེས་ན་བྱིས་པ་རྟོགས་པར་བྱ་བའི་དོན་དང་། ལོག་པར་རྟོགས་པ་ཡང་མཐོང་བའི་ཕྱིར་བརྗོད་པར་བྱ་བའི་མཚན་ཐ་དད་པ་མེད་ཀྱང་སྒྲུབ་པར་བྱེད་པའི་རིམ་པ་བསྟན་པའི་ཕྱིར་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བརྗོད་པར་བྱ་བ་ཉིད་ཡིན་ནོ། །དེ་ལྟར་རྣམ་པར་དབྱེ་བ་བསྟན་ནས་མཚན་ཉིད་བསྟན་པར་བྱ་བའི་
ཕྱིར་བཤད་པ། དེ་ལས་རང་གི་དོན་དང་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་དག་གི་ནང་ནས། རང་གི་དོན་གྱི་རྗེས་སུ་དཔག་པ་ནི། ཚུལ་གསུམ་གང་ཡོད་པ་ནི་ཚུལ་གསུམ་རྟགས་ཏེ། དེ་ལས་ལྐོག་ཏུ་གྱུར་པའི་དོན་མཐོང་བ་ནི་ཤེས་པ་སྟེ། ངེས་པ་ཡིན་ནོ། །གལ་ཏེ་ཚུལ་གསུམ་པའི་རྟགས་ལས་རང་
Vol. 188 · folio 171a
བདག་ཉིད་ལ་ཡང་ཤེས་པ་སྐྱེ་བ་མ་ཡིན་ནམ། མོད་ལས་ལྐོག་ཏུ་གྱུར་པའི་དོན་ནི་སྨོས་པ་མ་བྱས་ཏེ། དེས་ན་ཚུལ་གསུམ་པའི་རྟགས་སྨོས་པ་ཉིད་ཀྱིས་དེ་མཐོང་བ་རྗེས་སུ་དཔག་པར་ཐལ་བར་ཅིའི་ཕྱིར་མི་འགྱུར་ཞེ་ན་སྨྲས་པ། རྟགས་ནི་གོ་བར་བྱེད་པ་ཡིན་པ། གོ་བར་བྱེད་པའི་ཡང་བསྒྲུབ་
པར་བྱ་བ་དང་འབྲེལ་པ་ཤེས་ཤིང་དྲན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དྲན་པས་བར་དུ་ཆོད་པའི་རྟགས་གོ་བར་བྱེད་པ་འདོད་པ་ཡིན་ཏེ། བསྒྲུབ་བྱ་མེད་ན་མི་འབྱུང་བ་དྲན་པས་བར་དུ་ཆོད་པའི་ཕྱིར་རོ། །དེའི་རང་གི་ཡུལ་ཅན་གྱི་མཐོང་བ་སྐྱེས་པའི་དུས་ན་ནི་རྟགས་ཉིད་དངོས་པོ་ཉིད་ཡིན་ཏེ། ད་རུང་དུ་ཡང་རྟགས་སུ་གྲུབ་པ་ནི་མ་
ཡིན་ནོ། །འབྲེལ་པ་མཐོང་ཞིང་དྲན་པས་སྐྱེས་པའི་ཤེས་པ་གང་ཡིན་པ་དེ་ནི་ཤུགས་ཀྱིས་རྟགས་ཀྱི་ཤེས་པ་ལས་གཞན་ཉིད་དུ་གྱུར་བའི་ལྐོག་ཏུ་གྱུར་པའི་ཡུལ་ཅན་དུ་གནས་སོ། །ཤུགས་ཀྱིས་ཐོབ་པ་དེ་ཉིད་སྟོན་པ་ནི་རྗེས་སུ་དཔག་པར་བྱ་བ་རྟོགས་པ་དེ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །
དེ་ལྟར་མཚན་ཉིད་བསྟན་ནས་འབྲས་བུ་ལ་ལོག་པར་རྟོགས་པ་སེལ་བར་བྱེད་དོ། །རྗེས་སུ་དཔག་པའི་འབྲས་བུའི་རྣམ་པར་རྟོག་པ་ནི། འབྲས་བུའི་ཁྱད་པར་ནི་མངོན་སུམ་བཞིན་དུ་ཤེས་པར་བྱ་སྟེ། དོན་དང་འདྲ་བ་ནི་ཚད་མ་ཡིན་ལ། དོན་རྟོགས་པའི་རང་བཞིན་ནི་འབྲས་བུ་ཡིན་ནོ། །ཡུལ་ལ་ལོག་པར་
རྟོགས་པ་ནི་མངོན་སུམ་གྱི་ཡུལ་གཏན་ལ་དབབ་པའི་སྐབས་སུ། དེའི་ཕྱིར་རྣམ་པར་རྟོག་པའི་ཡུལ་ནི་དོན་མེད་པ་ཡིན་ནོ་ཞེས་བརྗོད་པས་གསལ་བ་ཡིན་ནོ། །འོན་ཀྱང་འདི་ལ་རྩོད་པ་འདི་ཡོད་དེ། གལ་ཏེ་རྗེས་སུ་དཔག་པའི་རྣམ་པར་རྟོག་པའི་གཟུང་བའི་རྟགས་པའི་དོན་ཡིན་ན་འོ་ན་ཅི་ལྟར་ཚད་མ་ཡིན་ཏེ།
ཚད་མ་ནི་ཞེན་པར་བྱས་པའི་ཡུལ་ཐོབ་པར་བྱེད་པ་ལས་ཡིན་ན། གཟུང་བའི་དོན་ནི་དོན་མེད་པ་ཞེན་པར་བྱས་པ་ཡིན་ཏེ། དེ་ནི་ཐོབ་པར་ནུས་པ་མ་ཡིན་ནོ། །ཅི་སྟེ་ཞེན་པའི་རང་གི་མཚན་ཉིད་རྗེས་སུ་དཔག་པས་ཐོབ་པར་བྱ་བ་དེས་ན་ཚད་མ་ཡིན་ལ། འོན་ཏེ་ཅི་ལྟར་འཁྲུལ་པ་དོན་མེད་པའི་ཡུལ་ཅན་ཡིན་
འཁྲུལ་པ་དང་ཚད་མ་ཡིན་ནོ་ཞེས་གཉི་ག་ལྟར་ཡང་དམ་བཅས་པ་ནི་ཡིན་ནོ་ཞེས་རྩོད་པའི་ཡུལ་ལ་ལོག་པར་རྟོགས་པའི་ལྷག་མ་བསལ་བའི་དོན་དུ་འཁྲུལ་པ་དང་ཚད་མ་ཡང་བསྟན་པའི་ཕྱིར་བཤད་པ། རྗེས་སུ་དཔག་པའི་ཤེས་པ་དེ་ནི་འཁྲུལ་ཀྱང་ཚད་མ་ཉིད་ཅེས་འབྲེལ་ཏོ། །ཅི་སྟེ་འཁྲུལ་ཞེ་ན།
Vol. 188 · folio 171b
དེ་མ་ཡིན་ལ་དེའི་རང་བཞིན་མ་ཡིན་པ་ལ་ཡོད་པ་མ་ཡིན་པའི་རང་བཞིན་དེར་འཛིན་པའི་ཕྱིར་ཏེ། སྒྲོ་འདོགས་པའི་ཕྱིར་རྗེས་སུ་དཔག་པ་ནི་འཁྲུལ་པ་ཡིན་ནོ། །གལ་ཏེ་འཁྲུལ་ན་འོ་ན་ཅི་ལྟར་ཚད་མ་ཡིན་ཞེ་ན། བཤད་པ། འབྲེལ་པའི་ཕྱིར་ཏེ་འབྲེལ་པ་ལས་ཚད་མ་ཡིན་ནོ། །འཁྲུལ་པ་ཉིད་བཤད་པའི་
ཕྱིར་གསུངས་པ་ནི་རང་གི་སྣང་བ་ནི་བདག་ཉིད་ཀྱི་རྣམ་པ་སྟེ། ཕྱི་རོལ་གྱི་མེའི་རང་བཞིན་གྱི་དོན་མེད་པ་དོན་དུ་ཞེན་ནས་འཇུག་པའི་ཕྱིར་ཏེ་འཛིན་པའི་ཕྱིར་རོ། །བདག་ཉིད་ཀྱི་རང་གི་ངོ་བོ་ཕྱི་རོལ་མ་ཡིན་པ་ལ་ཕྱི་རོལ་དུ་འཛིན་པ་ཡིན་གྱི། དེ་ལ་ཕྱི་རོལ་གྱི་རང་བཞིན་ཡོད་པ་ཉིད་ནི་མ་ཡིན་ཏེ། དེའི་ཕྱིར་དོན་མེད་པ་འཛིན་
པའི་ཕྱིར་ནི་འཁྲུལ་པ་ཡིན་ཡང་། དོན་ཕྱི་རོལ་གྱི་མེ་དང་འབྲེལ་པ་དེས་ན་དོན་དེ་ལ་མི་འཁྲུལ་པ་ཡིན་ལ། མི་འཁྲུལ་པ་དེའི་ཕྱིར་ཚད་མ་ཡིན་ནོ། །འདི་ལྟར་བཤད་པ་ཡིན་ཏེ། གཟུང་བ་ལ་འཁྲུལ་པ་ཡིན་ཡང་ངེས་པར་བྱས་པ་འཇུག་པའི་ཡུལ་དང་འབྲེལ་པ་དེས་ན་ཚད་མ་ཡིན་ནོ། །རྗེས་སུ་དཔག་པ་ཕྱི་རོལ་གྱི་
དོན་དང་འབྲེལ་པ་དེ་ཉིད་ལྡོག་པའི་སྒོ་ནས་བསྟན་པའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐ་མི་དད་པའི་ཕྱིར་ཏེ་ངོ་བོ་དང་རང་བཞིན་དག་ཐ་མི་དད་པའི་ཕྱིར་དེ་མེད་ན་རང་བཞིན་སྲིད་པ་མ་ཡིན་ནོ། །འབྲས་བུའི་བདག་ཉིད་སྒྲུབ་པར་བྱེད་པ་ནི་རྒྱུ་ཡིན་པའི་ཕྱིར་དེ་མེད་ན་མེད་པ་ཡིན་ནོ། །ཅི་ལྟར་རྒྱུ་མེད་ན་
འབྲས་བུ་མི་འབྱུང་བ་དེ་བཞིན་དུ་འབྲས་བུ་དང་རང་བཞིན་དེ་དག་མེད་ན་དེ་ལས་སྐྱེས་པ་འབྲས་བུ་དང་རང་བཞིན་ལས་སྐྱེས་པའི་ཤེས་པ་མེད་པ་ཡིན་ནོ་ཞེས་འབྲེལ་ཏོ། །དེ་ལས་སྐྱེས་པའི་ཤེས་པ་ཡང་རང་གི་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བ་ཉིད་ཀྱི་ཡུལ་ཅན་ཡིན་གྱི། རྟགས་ཀྱི་རང་གི་མཚན་ཉིད་འཛིན་པ་ནི་མ་ཡིན་ནོ། །དུ་བའམ་
བྱས་པ་རང་གི་ངོ་བོས་གཟུང་བ་ནི་རྟགས་མ་ཡིན་གྱི། འོན་ཀྱང་བསྒྲུབ་བྱ་མེད་ན་མི་འབྱུང་བར་གཟུང་བ་ཡིན་ནོ། །དེའི་ཕྱིར་རྟགས་བསྒྲུབ་བྱ་དང་འབྲེལ་པར་འཛིན་པ་ནི་རྟགས་ཤེས་པ་ཡིན་ནོ། །དེ་ཡང་ཇི་ལྟར་རྟགས་ལས་སྐྱེ་བ་དེ་བཞིན་དུ་རྟགས་ཅན་ལས་ཀྱང་སྐྱེ་བ་ཡིན་ཏེ། དེའི་ཕྱིར་འབྲས་བུ་དང་རང་བཞིན་དག་གི་མེད་ན་མི་འབྱུང་བ་ཤེས་པ་ནི་
བསྒྲུབ་བྱའི་རྒྱུ་ཅན་དུ་ཁྱད་པར་མེད་པ་ཡིན་ནོ། །དེ་ལས་ནི་རྗེས་སུ་དཔག་པའི་ཤེས་པ་སྐྱེ་བ་མ་ཡིན་གྱི། འོན་ཀྱང་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་པ་ཉིད་དྲན་པ་ཉིད་ལས་ཡིན་ཏེ། དེའི་དྲན་པ་ཉིད་ནི་རྟགས་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་འབྲེལ་པ་འདིས་དྲན་པས་བར་དུ་ཆོད་པའི་རྟགས་རྗེས་སུ་དཔག་པ་སྐྱེད་པ་ལ་ཉེ་བར་སྦྱོར་བ་
Vol. 188 · folio 172a
ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལས་སྐྱེས་པ་དེ་ཉིད་བསྟན་པའི་ཕྱིར་བཤད་པ། དེ་ལས་བྱུང་བའི་ངོ་བོ་དང་རྒྱུ་རྟོགས་པ་གང་ཡིན་པ་དེ་མི་འབྱུང་ངོ་། །དེ་བཞིན་དུ་མི་དམིགས་པའི་ཡང་རང་བཞིན་འབྲེལ་པ་བསྟན་པའི་ཕྱིར་བཤད་པ། དེ་བཞིན་དུ་སྣང་བ་ལྟར་རུང་བའི་དངོས་
པོ་ཡོད་ན། དེ་ལས་གཞན་གྱི་རྒྱུ་མ་ཚང་བ་མེད་པ་ཅན་གྱི་མཐོང་བ་གང་ཡིན་པ་དེ་ལྡོག་པ་ཡང་རིགས་པ་མ་ཡིན་ཏེ། དངོས་པོ་ཡོད་པ་ལ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་དངོས་པོ་མེད་པ་དང་འབྲེལ་པ་སྣང་བ་མི་དམིགས་པའི་རང་བཞིན་གྱི་མཐོང་བ་ལྡོག་པ་ཡང་། དངོས་པོ་མེད་པའམ་མེད་པའི་ཐ་སྙད་ཀྱི་ཚད་མ་ཡིན་ནོ། །
གལ་ཏེ་རྗེས་སུ་དཔག་པ་དངོས་པོ་ཐོབ་པར་བྱེད་པར་འདོད་ན། འོ་ན་ནི་གང་གིས་འཁྲུལ་པ་མེད་པར་འགྱུར་བའི་དངོས་པོ་སྣང་བ་རྗེས་སུ་དཔག་པ་ཉིད་དུ་ཅི་སྟེ་མི་བརྗོད་ཅེ་ན་བཤད་པ་རྗེས་སུ་དཔག་པ་ལ་སྣང་བ་དེ་ཉིད་ནི་དོན་བྱེད་ནུས་པའི་དོན་དང་ལྡན་པ་མ་ཡིན་ཏེ། དོན་བྱེད་པར་ནུས་པ་དེ་ནི་མངོན་སུམ་གྱི་གཞན་དུ་དེ་
ལྟར་མ་ཡིན་པར་གསལ་བའི་སྣང་བ་མཐོང་བའི་ཕྱིར་ཏེ་གཟུང་བའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ། དངོས་པོ་གཅིག་ལ་ཕན་ཚུན་འགལ་བའི་རྣམ་པ་གཉིས་ཡོད་པ་ནི་མ་ཡིན་ནོ། །རྣམ་པ་གང་ཡང་རུང་བ་གཅིག་འཛིན་ན་ནི་རྗེས་སུ་དཔག་པའི་རྣམ་པ་དངོས་པོར་མི་འགྱུར་ཏེ། དེ་ལས་དོན་བྱ་བ་མི་འགྲུབ་
པའི་ཕྱིར་རོ། །དངོས་པོའི་རྣམ་པ་ནི་འགའ་ཞིག་མངོན་སུམ་གྱིས་ཡོངས་སུ་བཅད་པ་དེ་ཉིད་ཡིན་ཏེ། དེ་ལས་དོན་བྱ་བ་གྲུབ་པས་ན་བདེན་པའི་ཕྱིར་རོ། །ཚད་མར་བསྟན་པའི་ཕྱིར་དངོས་པོ་གང་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་བརྗོད་དོ། །དངོས་པོ་གང་ཅི་ལྟ་ཞེས་བྱ་བ་ནི་མེ་ལ་སོགས་པའི་རྣམ་
པར་འཛིན་པ་ལས་རྟོགས་པར་བྱ་བ་དང་། རྟག་པའི་དངོས་པོ་ལས་བཟློག་པས་རྣམ་པར་གནས་པའི་མི་རྟག་པ་ཉིད་དོ། །དེ་ནི་ཁྱད་པར་ཅན་གྱི་ཞེན་པས་རྟོགས་པར་བྱ་བ་དེ་འདྲ་བའི་རྟགས་གང་ཡིན་པ་དེའི་སེམས་ཀྱི་སྟེ། བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བར་འཛིན་པ་དེའི་རྒྱུ་ཡིན་ནོ། །དེ་ལས་ཁྱད་པར་ཅན་གྱི་
ཞེན་པའི་ཡུལ་གྱི་རྒྱུ་དང་རང་བཞིན་དེ་ལྟ་བུ་ལ་རྟགས་ཅན་བློ་རྗེས་སུ་དཔག་པའི་ཤེས་པ་རྟགས་ཀྱི་སེམས་ལས་སྐྱེ་བ་ཡིན་ནོ། །འདི་ལྟར་གྱི་སྒྲ་ནི་གང་གི་ཕྱིར་དོན་ཡིན་ལ། དེའི་ཕྱིར་ཞེས་ཀྱང་སྨོས་པ་དེས་ན་འདི་ལྟར་འབྲེལ་པ་ཡིན་ཏེ། གང་གི་ཕྱིར་རིམ་པ་འདིས་རྟགས་དང་རྟགས་ཅན་གྱི་བློ་སྐྱེ་བ་དེའི་ཕྱིར་དེ་
Vol. 188 · folio 172b
ལྟར་བརྒྱུད་པ་ཡིན་ནོ། །བརྒྱུད་པ་དེས་ན་གཉི་ག་ཡང་བསྒྲུབ་པར་བྱ་བའི་དོན་དང་འབྲེལ་པ་ཡིན་ནོ། །གང་གི་ཕྱིར་དེས་ན་སྐྱེ་བའི་རིམ་པ་འདི་ཡིན་པ་དེའི་ཕྱིར་གཉི་ག་ཡང་བརྒྱུད་ནས་བསྒྲུབ་བྱ་དང་འབྲེལ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟགས་དང་རྟགས་ཅན་གྱི་བློའི་ཡུལ་གྱི་དངོས་པོ་དང་འབྲེལ་པའི་རྒྱུའི་
ཕྱིར་རོ། །དངོས་པོ་དེར་སྣང་བ་གང་ཡིན་པ་དེས་སྟོང་ཡང་སླུ་བ་ཉིད་མ་ཡིན་གྱི། གང་གི་ཕྱིར་འདི་དག་དེ་ལྟར་སྐྱེ་བ་ཡིན་པ་དེའི་ཕྱིར་བརྒྱུད་ནས་དངོས་པོ་དང་འབྲེལ་པ་ཡིན་ལ། འབྲེལ་པ་དེས་ན་དངོས་པོ་སྣང་བས་སྟོང་པ་ཡིན་ཡང་མི་སླུ་བ་ཡིན་ཏེ། དེས་ན་ཚད་མ་ཡིན་ནོ། །གལ་ཏེ་ཇི་ལྟར་ཞེན་
པའི་དངོས་པོ་ཐོབ་པར་བྱེད་པ་མི་བསླུ་བ་མ་ཡིན་ནམ་རྟགས་ཀྱི་ཤེས་པས་ངེས་པ་ནི་རྟགས་ཡིན་ན། དེ་ཅི་ལྟར་རྟགས་ཀྱི་བློ་བསྒྲུབ་བྱའི་དོན་ལ་མི་སླུ་བ་ཡིན། གཞན་ཡང་དེ་ལྟར་རྟགས་ཅན་གྱི་བློའི་ཡུལ་ལ་མི་སླུ་བར་བརྗོད་པའི་སྐབས་ཡིན་ཏེ། དེའི་ཕྱིར་རྟགས་ཀྱི་བློ་མི་སླུ་བར་བརྗོད་པས་ཅི་
ཞིག་བྱ་ཞེ་ན། དེ་ལྟར་ནི་མི་རིགས་ཏེ། གང་གི་ཕྱིར་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བར་འཛིན་པ་ནི་རྟགས་ཤེས་པར་གཟུང་བར་བྱ་བ་ཡིན་ལ། དེ་ཡང་ཅི་ལྟར་རྟགས་ཀྱི་ཡུལ་ཅན་ཡིན་པ་དེ་བཞིན་དུ་རྟགས་སྲིད་པའི་རྒྱུ་མཚན་བསྒྲུབ་པར་བྱ་བའི་དངོས་པོའི་རྒྱུ་མཚན་ཅན་ཡང་ཡིན་ནོ། །དེའི་ཕྱིར་རྟགས་ཀྱི་ཤེས་
པ་ནི་མི་འཁྲུལ་བའི་ཡུལ་བསྒྲུབ་པར་བྱ་བ་ངེས་པ་ཁོ་ན་སྟེ། རྟགས་མི་འཁྲུལ་བར་རྟོགས་པ་ནི་དེ་ངེས་པ་མེད་ན་མེད་པ་ཡིན་པའི་ཕྱིར་རོ། །མི་འཁྲུལ་པའི་ཤེས་པ་མི་སླུ་བའི་ཕྱིར་ན་དེ་སྔོན་དུ་འགྲོ་བ་ཅན་གྱི་ཤེས་པ་ཡང་མི་བསླུ་བ་ཡིན་ཏེ། འདི་ལྟར་མེད་ན་མི་འབྱུང་བར་འཛིན་པ་འཁྲུལ་བར་གྱུར་ན་ནི།
དེ་སྔོན་དུ་འགྲོ་བ་ཅན་གྱི་རྗེས་སུ་དཔག་པར་བྱ་བའི་ཤེས་པ་མི་འཁྲུལ་བར་འཐད་པ་ཡིན་ནོ། །དེའི་ཕྱིར་འདི་འདྲ་བའི་རྟགས་ཉིད་ནི་རྒྱུ་མཚན་ཡིན་ལ། དེ་མི་འཁྲུལ་བས་ནི་རྗེས་སུ་དཔག་པ་འཁྲུལ་པ་མེད་པ་ཡིན་ནོ་ཞེས་བསྟན་པའི་དོན་དུ་རྟགས་ཀྱི་ཤེས་པ་ཡང་དངོས་པོ་ལ་མི་སླུ་བ་ཉིད་དུ་བརྗོད་པ་ཡིན་
ནོ། །གང་གིས་ན་རྟགས་ཉིད་དངོས་པོར་བརྗོད་པར་འགྱུར་བརྟགས་ཀྱི་དངོས་པོ་ཉིད་ལས་ནི་ཤེས་པ་བརྒྱུད་ནས་སྐྱེས་པ་མ་ཡིན་ཏེ། དེས་ན་མི་འཁྲུལ་བ་འཛིན་པ་རྟགས་ཀྱིས་ཤེས་པར་འདོད་པ་ཡིན་ནོ། །དངོས་པོ་ཉམས་སུ་མྱོང་བའི་བག་ཆགས་ཀྱིས་བསྐྱེད་པའི་གཟུང་བའི་རྣམ་པ་ཅན་ཉིད་ཀྱིས་རྣམ་པར་
Vol. 188 · folio 173a
རྟོག་པ་ཐམས་ཅད་དངོས་པོ་དང་འབྲེལ་པ་ཡིན་ཡང་། དངོས་པོ་དང་འབྲེལ་པའི་རྟགས་མཐོང་བ་མེད་ན་མི་འབྱུང་བ་ཉིད་ཐུན་མོང་མ་ཡིན་པའི་དངོས་པོ་དང་འབྲེལ་པ་འདི་ནི་རྗེས་སུ་དཔག་པའི་ཚད་མའི་རྒྱུ་མཚན་དུ་བཤད་པ་ཡིན་ནོ། །འོ་ན་གལ་ཏེ་མི་སླུ་བ་ཡིན་ན་འཁྲུལ་པ་ཉིད་དུ་ཇི་ལྟར་
རྣམ་པར་གཞག་ཅེ་ན། དེའི་ཕྱིར་བཤད་པ། དེ་དངོས་སླུ་བྱེད་ཉིད་མིན་ཡང་། །མི་སླུ་བ་ཉིད་ཡིན་ན་ཡང་རྟགས་ཀྱི་བློ་དེ་འཁྲུལ་པར་རྣམ་པར་གཞག་པ་བྱས་པ་ཡིན། ཅི་ལྟར་འཁྲུལ་པ་ཡིན་ཞེ་ན། དེའི་ངོ་བོས་སྟོང་པའི་ཕྱིར་རོ། །གལ་ཏེ་ཡང་སྔོན་པོའི་ཤེས་པ་སེར་པོས་སྟོང་པ་དེ་ལྟ་ན་ཡང་འཁྲུལ་བ་
ནི་མ་ཡིན་ཏེ། སེར་པོར་མ་ཞེན་པའི་ཕྱིར་རོ། །རྟགས་རྣམས་ཀྱི་ཤེས་པ་འདི་ནི་མེའི་རང་བཞིན་གྱིས་སྟོང་པ་ལ། དེའི་ངོ་བོར་ཞེན་པ་ཡིན་ཏེ། གཏན་ཚིགས་དེའི་ཕྱིར་འཁྲུལ་པ་ཉིད་དུ་རྣམ་པར་གཞག་པ་ཡིན་ནོ། །གལ་ཏེ་གང་ཞིག་མེད་པའི་ངོ་བོ་ཉིད་འཛིན་པར་ནི་མི་སླུ་བ་མ་ཡིན་ཏེ། དཔེར་ན་འདྲ་བ་ལ་
སོགས་པའི་ཤེས་པ་བཞིན་ནོ། །རྗེས་སུ་དཔག་པའི་ཤེས་པ་ཡང་འཁྲུལ་པ་ཡིན་ཏེ། དེས་ན་མི་སླུ་བ་མ་ཡིན་ནོ། །གཞན་ཡང་གང་ཞིག་མ་བཟུང་བ་དེ་ཞེན་པར་བྱས་པ་མ་ཡིན་པ་དེས་ན་དེ་ཐོབ་པར་བྱ་བ་མ་ཡིན་ཏེ། དཔེར་ན་བ་ལང་གི་ཤེས་པས་རྟ་བཞིན་ནོ། །དེ་བཞིན་དུ་རང་གི་མཚན་ཉིད་ཀྱང་གཟུང་བ་མ་
ཡིན་ནོ། །དེས་ན་ཐོབ་པར་བྱ་བ་མ་ཡིན་ནོ། །ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ནི་དེ་འཛིན་པར་བྱེད་པ་ཡིན་ལ། འཛིན་པར་བྱེད་པ་ཡིན་པའི་ཕྱིར་ནི་མ་འཁྲུལ་པ་ཉིད་ཡིན་ནོ་ཞེས་དེ་ལྟར་དོགས་པ་ལ་ལེན་གདབ་པའི་ཕྱིར། ནོར་བུ་སྒྲོན་མའི་འོད་དག་ལ་ཞེས་བྱ་བ་ལ་སོགས་པ་དཔེ་འཆད་དོ། །ནོར་བུ་དང་སྒྲོན་མའི་
འོད་ཀྱི་ཡུལ་དག་ལ། ནོར་བུའི་བློ་བྱེད་པར་གྱུར་པས་མངོན་དུ་རྒྱུག་པའི་སྐྱེས་བུ་དག །ལོག་པའི་ཤེས་པ་སྟེ་སླུ་བར་ཁྱད་པར་མེད་ཀྱང་ངོ་། །ནོར་བུའི་འོད་དང་མར་མེའི་འོད་ལ་ནོར་བུར་ཤེས་པ་གང་ཡིན་པ་དེ་དག་ལོག་པའི་ཤེས་པ་སླུ་བ་ཉིད་དུ་ནི་ཁྱད་ཡོད་པ་མ་ཡིན་ཏེ། གཉི་གས་ཀྱང་ཞེན་པར་བྱས་པའི་ཡུལ་
མི་ཐོབ་པའི་ཕྱིར་རོ། །འདི་ལྟར་སྒྲོན་མའི་འོད་ལ་ནོར་བུར་ཤེས་པ་དོན་བྱེད་ནུས་པ་ཐོབ་པའི་རྒྱུ་མཚན་ཉིད་གཏན་མ་ཡིན་པ་དེ་བཞིན་དུ། ནོར་བུའི་འོད་ལ་ནོར་བུར་འཛིན་པ་ནི་མ་ཡིན་ཏེ། འོན་ཀྱང་འདིར་རང་གི་ཡུལ་ཐོབ་པར་བྱེད་པ་མ་ཡིན་ཡང་བརྒྱུད་པས་ནོར་བུ་དང་འབྲེལ་པའི་ཕྱིར་ཐོབ་པར་བྱེད་པའི་ཤེས་པ་
Vol. 188 · folio 173b
གཞན་གྱི་རྒྱུ་ཡིན་པ་ན་ནོར་བུ་ཐོབ་པའི་རྒྱུར་འགྱུར་བ་ཡིན་ནོ། །དེས་ན་དོན་བྱེད་པ་ལ་ཁྱད་པར་ཡོད་པ་ཡིན་ནོ། །ཅི་ལྟར་འདི་དག་རང་གི་ཡུལ་ལ་སླུ་བ་ཁྱད་པར་མེད་ཀྱང་དོན་བྱེད་པར་ནུས་པ་ཐོབ་པའི་རྒྱུ་མཚན་གྱི་ཤེས་པའི་རྒྱུ་མཚན་ཡིན་པ་དང་མ་ཡིན་པས་ན་ཁྱད་པར་ཡོད་པ་ཡིན་ཏེ། གཅིག་རྒྱུད་ནས་ནོར་
བུ་དང་འབྲེལ་པའི་ཕྱིར་རོ། །དེ་བཞིན་དུ་རྗེས་སུ་དཔག་པ་དང་དེར་སྣང་བ་དག་ཇི་བཞིན་དོན་ཅན་མ་ཡིན་ཡང་། དོན་མེད་པ་ཅན་གཟུང་བའི་རྣམ་པ་ལ་འཁྲུལ་པ་ཡིན་ཡང་། རྗེས་སུ་དཔག་པ་ནི་དོན་བྱེད་པ་དང་རྗེས་སུ་འབྲེལ་པས་ན་ཚད་མ་ཉིད་དོ། །དེ་ལ་ནི་ཅི་འདྲ་བ་སྒྲོ་བཏགས་པ་བྱས་པ་དེ་འདྲ་བ་ཐོབ་པར་བྱེད་པ་
ཡིན་ཏེ། རྟགས་ཀྱིས་བར་དུ་ཆོད་པས་དངོས་པོ་དེ་དང་འབྲེལ་པའི་ཕྱིར་རོ། །ཅིག་ཤོས་ནི་ཐོབ་པར་བྱེད་པ་མ་ཡིན་ཏེ། དེ་ནི་སྒྲོ་བཏགས་པ་དང་འདྲ་བའི་ཕྱི་རོལ་དང་འབྲེལ་པ་མེད་པའི་ཕྱིར་རོ། །དེས་ན་དོན་འདི་ཡིན་ཏེ། ཇི་སྙེད་དོན་མེད་པ་འཛིན་པར་མཚུངས་པའི་ཤེས་པ་དེ་ཐམས་ཅད་ངེས་པའི་དོན་ཐོབ་པར་
བྱེད་པ་ལ་ཡང་མཚུངས་པར་མི་རིགས་ཏེ། ཅི་ལྟར་ནོར་བུ་དང་སྒྲོན་མའི་འོད་ཀྱི་ཡུལ་དག་ལ་སླུ་བ་ཁྱད་མེད་ཀྱང་རྒྱུད་ནས་འབྲེལ་པ་དང་མ་འབྲེལ་པ་དག་གིས་ཐོབ་པའི་རྒྱུ་མཚན་ཡིན་པ་དང་མ་ཡིན་པ་དེ་བཞིན་དུ་གཟུང་བའི་དོན་ལ་འཁྲུལ་པར་ཁྱད་པར་མེད་ཀྱང་འབྲེལ་པ་དག་མ་འབྲེལ་པ་དག་གིས་ནི་རྗེས་སུ་དཔག་
པ་གཅིག་པུ་ཉིད་སྒྲོ་བཏགས་པ་དེ་འདྲ་བ་དངོས་སུ་ཐོབ་པར་བྱེད་པ་ནི་ཚད་མ་ཡིན་ལ། ཅིག་ཤོས་ནི་མ་ཡིན་ནོ། །དེའི་ཕྱིར་གང་ཞིག་མེད་པ་འཛིན་པ་དེ་ནི་མེད་པ་འཛིན་པ་གཞན་དག་ལས་ཁྱད་པར་མེད་པ་ཡིན་ཏེ་ཞེས་གང་བརྗོད་པ་དེ་འདིས་མ་ངེས་པ་ཡིན་ནོ། །མ་བཟུང་བ་གང་ཡིན་པ་དེ་ཉིད་ངེས་པ་མ་ཡིན་ནོ་
ཞེས་བརྗོད་པ་དེ་ཡང་འདི་ཉིད་ཀྱིས་འཁྲུལ་པ་དང་བཅས་པ་ཡིན་ཏེ། འདི་ལྟར་ནོར་བུར་རྟོགས་པ་ཡིན་གྱི་གཟུང་བ་ནི་མ་ཡིན་པ་དེ་བཞིན་དུ་རྣམ་པར་རྟོག་པས་ཀྱང་མ་བཟུང་བའི་རང་གི་མཚན་ཉིད་ངེས་པ་ཡིན་ནོ། །གལ་ཏེ་དོན་བྱེད་པ་མི་འཛིན་ན་ཇི་ལྟར་རང་གི་མཚན་ཉིད་ངེས་པ་ཡིན་ཞེས་བྱ་བ་འདི་བརྗོད་དགོས་
སོ་ཞེ་ན། བརྗོད་པ། ཤེས་པ་དེ་ནི་བདག་ཉིད་ཀྱི་རྣམ་པ་ལ་མེ་མ་ཡིན་པ་ལས་ལྡོག་པ་དང་། ཡུལ་གཞན་དང་འབྲེལ་པ་ལས་ལྡོག་པ་མངོན་པར་འདོད་པའི་ཡུལ་གྱི་མེའི་རང་བཞིན་དུ་སྒྲོ་འདོགས་པ་ཡིན་ནོ། །དེས་ན་ཅི་འདྲ་བ་སྒྲོ་བཏགས་པ་རང་གི་མཚན་ཉིད་ཀྱང་དེ་འདྲ་བ་ཉིད་ཡིན་ཏེ། དེའི་ཕྱིར་སྒྲོ་
Vol. 188 · folio 174a
བཏགས་པའི་དོན་ཉིད་ངེས་པ་ན་རང་གི་མཚན་ཉིད་ངེས་པ་ཡིན་གྱི། རང་གི་མཚན་ཉིད་ངེས་པ་ཞེས་བྱ་བ་སྒྲོ་འདོགས་པ་ལས་བྱ་བ་གཞན་དུ་གྱུར་པ་མ་ཡིན་ནོ། །རང་གི་མཚན་ཉིད་དེ་ཡང་གང་ལ་ཇི་ལྟར་ངེས་པ་ཡོད་པ་དེ་ལ་འཇུག་པས་དེ་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་ཡིན་ཏེ།
དཔེར་ན་རྟགས་མཐོང་བ་ལས་སྐྱེས་པའི་ཤེས་པ་བཞིན་ནོ། །ཤེས་པ་གཞན་ནི་ཚད་མ་མ་ཡིན་གྱི་དེ་ཉིད་ཚད་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ནོར་བུའི་ཤེས་པ་སླུ་བ་ཡིན་ཡང་དངོས་པོ་དང་འབྲེལ་པའི་ཕྱིར་བརྒྱུད་པས་བྱས་པའི་ཐོབ་པའི་རྒྱུའི་དངོས་པོས་སླུ་བར་བྱེད་པ་གཞན་དག་ལས་ཁྱད་པར་ཡོད་པ་ཅི་ལྟ་བ་དེ་ལྟར་ལོག་
པར་འཛིན་པ་ཉིད་དུ་ཁྱད་པར་མེད་ཀྱང་རྗེས་སུ་དཔག་པ་ནི་དངོས་པོ་དང་འབྲེལ་པའི་ཕྱིར་མི་སླུ་བ་ཉིད་ཀྱིས་རྗེས་སུ་དཔག་པ་ལྟར་སྣང་བ་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་འདིར་འདོད་པ་ཡིན་ནོ། །གཞན་དག་ནོར་བུའི་འོད་ལ་ནོར་བུར་ཤེས་པ་ནི་རྗེས་སུ་དཔག་པར་དགོངས་ནས་སློབ་དཔོན་གྱིས་ཉེ་བར་བཀོད་
པ་ཡིན་ནོ་ཞེས་ཟེར་བ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་གཟུང་བའི་རྣམ་པ་ལ་ཕྱིན་ཅི་ལོག་པ་དེ་ནི་སླུ་བ་ཉིད་ཡིན་ཏེ། དཔེར་ན་རྗེས་སུ་དཔག་པ་ལྟར་སྣང་བ་བཞིན་ནོ་ཞེས་དེ་ལྟར་རྗེས་སུ་དཔག་པ་མ་ལུས་པ་ལ་བསྙོན་པ་ལ་རྗེས་སུ་དཔག་པ་ཅུང་ཞིག་ནི་གྲུབ་ལ་གཞན་དག་མ་གྲུབ་པར་ཅི་ལྟར་འགྱུར། འདི་དོན་མེད་པ་འཛིན་
པ་དང་མི་སླུ་བ་ཉིད་དུ་ནི་གཞན་ལས་ཁྱད་པར་ཡོད་པ་མ་ཡིན་ནོ། །ཅི་ལྟར་ནོར་བུའི་འོད་ལ་ནོར་བུར་ཤེས་པ་ལས་ནོར་བུ་ཐོབ་པ་དེ་བཞིན་དུ་དུ་བ་ལས་སྐྱེས་པ་མེ་ཤེས་པ་ལས། མེ་ཐོབ་པ་འཇིག་རྟེན་ན་གྲགས་པ་ཡིན་ཏེ། དེའི་ཕྱིར་གང་གིས་འདི་གཞན་གྱི་དཔེར་འགྱུར་བ་འདི་རྗེས་སུ་དཔག་པ་གཞན་དག་ལས་
གྲགས་པས་བྱས་པའི་ཁྱད་པར་ཡང་ཡོད་པ་མ་ཡིན་ནོ། །འདི་ནི་སློབ་དཔོན་རྗེས་སུ་དཔག་པར་བཞེད་པ་མ་ཡིན་ནོ། །གཞན་ཡང་འདི་ལྟར་རྗེས་སུ་དཔག་པ་ནི་མེད་ན་མི་འབྱུང་བར་ངེས་པ་སྔོན་དུ་འགྲོ་བ་ཅན་ཡིན་ན། འདི་ནི་ནོར་བུའི་འོད་ལ་ནི་ནོར་བུའི་འོད་ཉིད་དུ་ངེས་པ་མེད་དེ། དེས་ན་འདི་ཅི་ལྟར་རྗེས་སུ་དཔག་
པ་ཡིན། འདི་ལྟར་མིག་ནི་རང་བཞིན་གྱིས་མ་མཐོང་བར་དོན་གསལ་བར་བྱེད་པ་ཡིན་ལ། སྒྲོན་མ་ནི་རང་བཞིན་གྱིས་མཐོང་བ་ན་དོན་གསལ་བར་བྱེད་པ་ཡིན་གྱི། འབྲས་བུ་ནི་ངོ་བོ་ཉིད་ཁོ་ནས་མཐོང་ངམ་མ་མཐོང་ཡང་རུང་སྟེ། ལྐོག་ཏུ་གྱུར་པའི་དོན་རྟོགས་པའི་རྒྱུ་མ་ཡིན་ནོ། །དེས་ན་ལྐོག་ཏུ་གྱུར་པ་
Vol. 188 · folio 174b
རྟོགས་པར་བྱེད་པ་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ལ་ལྟོས་པ་ཡིན་ཏེ། དེའི་ཕྱིར་རྟགས་ཀྱི་ལྐོག་ཏུ་གྱུར་པ་རྟོགས་པའི་རྒྱུ་མཚན་ནི་འདི་ཁོ་ན་ཡིན་ཏེ། དེ་མེད་ན་མི་འབྱུང་བ་ཉིད་ངེས་པ་གང་ཡིན་པའོ། །དེ་ཉིད་ཀྱི་ཕྱིར་ཤེས་པར་བྱེད་པའི་བྱེད་པ་ལ་ཐ་དད་པ་ཡིན་ནོ། །འདི་ལྟར་མེད་ན་མེད་པ་རྣམ་པ་
ཐམས་ཅད་དུ་མ་ངེས་པར་ནི་དུ་བ་མེ་རྟོགས་པར་བྱེད་པ་མ་ཡིན་གྱི། ཕྱོགས་འགའ་ཞིག་ཏུ་དུ་བ་མེའི་འབྲས་བུ་ཉིད་དུ་གཟུང་བ་འདི་ཉིད་མེ་རྟོགས་པར་བྱེད་པ་ཡིན་ནོ། །དེས་ན་གཏན་ཚིགས་བསྒྲུབ་པར་བྱ་བ་དང་འབྲེལ་པའི་རང་བཞིན་དུ་དེས་ན་བསྒྲུབ་པར་བྱ་བའི་དོན་རྟོགས་པར་འགྱུར་བ་ཡིན་གྱི། གོ་བར་བྱེད་པའི་
དངོས་པོ་གཞན་ཡོད་པ་ནི་མ་ཡིན་ནོ། །ཤུགས་ཀྱིས་འདི་ནི་མེ་ཡོད་དོ་ཞེས་བྱ་བར་འགྱུར་རོ་ཞེས་བྱ་བ་དང་། སྒྲུབ་བྱེད་ཡན་ལག་མ་གྲུབ་ལ་ཞེས་བྱ་བ་དང་། རྟགས་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་ལ་ལྟོས་པ་ཡིན་ནོ་ཞེས་གང་འཆད་པར་འགྱུར་རོ། །རྟགས་མི་འཁྲུལ་བར་འཛིན་པ་ནི་རྣམ་པ་གཉིས་ཏེ། གཅིག་
ནི་ཆོས་ཅན་ལ་མི་ལྟོས་པར་ཁྱབ་པ་སྤྱིར་འཛིན་པ་ཡིན་ལ། གཞན་ནི་ཕྱོགས་ཀྱི་ཆོས་བཟུང་བ་ན་བཟུང་ཟིན་པ་ཉིད་ཀྱི་མི་འཁྲུལ་པ་གང་ཡིན་པ་དྲན་པ་སྟེ། བཟུང་ཟིན་པའི་མ་འཁྲུལ་པ་མ་དྲན་ན་ནི་བསྒྲུབ་བྱ་རྟོགས་པ་མེད་པའི་ཕྱིར་རོ། །འདི་ལྟར་དུ་བ་མཐོང་ནས་འདི་ནི་ཐམས་ཅད་དུ་མེ་ལས་སྐྱེས་པའི་ཕྱིར་
འདིར་ཡང་མེ་ལས་སྐྱེ་བ་ཡིན་ནོ་ཞེས་རྟོགས་པར་བྱེད་དོ། །ཐམས་ཅད་དུ་མེ་ལས་སྐྱེ་བ་དྲན་པ་གང་ཡིན་པ་འདི་ནི་རྟགས་ཤེས་པ་ཡིན་ལ། འདིར་ཡང་མེས་བསྐྱེད་པ་ཡིན་ནོ་ཞེས་བསྒྲུབ་བྱའི་ཆོས་ཅན་ལ་མི་འཁྲུལ་བ་ཉིད་དྲན་པ་གང་ཡིན་པ་འདི་ཉིད་ནི་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ཡིན་ནོ། །དེ་ཡང་སྤྱིར་
ཁྱབ་པ་འཛིན་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །དེས་ན་འདི་སྐད་དུ་རྟགས་ཤེས་པ་ནི་རྟགས་ཅན་ཤེས་པའི་རྒྱུ་ཡིན་ནོ་ཞེས་བརྗོད་པ་ཡིན་ཏེ། སྤྱིར་མི་འཁྲུལ་བར་འཛིན་པ་ནི་ཆོས་ཅན་ལ་མི་འཁྲུལ་པ་དྲན་པའི་ཡན་ལག་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་འདི་སྙམ་དུ་འདི་ནི་གདོན་མི་ཟ་བར་ནོར་བུའམ་ནོར་བུའི་
འོད་ཡིན་པ་དེའི་ཕྱིར་གོ་སྐབས་འདི་ན་ནོར་བུ་ཡོད་པ་ཡིན་ནོ་སྙམ་པའི་ཤེས་པ་སྐྱེ་བ་དེ་ཅི་ལྟར་ཞེ་ན། དེ་ཡང་རྗེས་སུ་དཔག་པ་མ་ཡིན་ཏེ། འདི་ལྟར་འདི་ནི་གདོན་མི་ཟ་བར་ལྷ་སྦྱིན་ནམ་མཆོད་སྦྱིན་ཡིན་ནོ་ཞེས་ཤེས་པ་ན། ལྷ་སྦྱིན་ཡང་ཡོད་པ་དང་མེད་པར་ཐེ་ཚོམ་ཟ་བར་རིགས་པ་ཡིན་ལ་མཆོད་སྦྱིན་
Vol. 188 · folio 175a
ཡང་ཡིན་ནོ། །གང་གི་ཚེ་ལྷ་སྦྱིན་ཡིན་པ་དེའི་ཚེ་ནི་མཆོད་སྦྱིན་མེད་པ་ཡིན་ལ། གང་གི་ཚེ་མཆོད་སྦྱིན་ཡིན་པ་དེའི་ཚེ་ལྷ་སྦྱིན་མེད་པ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་ནོར་བུ་དང་ནོར་བུའི་འོད་ཡོད་པ་དང་མེད་པར་བརྟགས་པ་ཡིན་ཏེ། དེས་ན་སྣང་བའི་དོན་ལ་ནོར་བུ་ཐེ་ཚོམ་ཟ་ལ། ནོར་བུའི་
འོད་དུ་ཡང་ཐེ་ཚོམ་ཟ་བ་ཡིན་ནོ། །དེའི་ཕྱིར་ཐེ་ཚོམ་ཟ་བའི་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་ལ། གཏན་ཚིགས་ལྟར་སྣང་བ་ལས་ནི་དོན་གྲུབ་པ་མ་ཡིན་ནོ། །དེ་བཞིན་དུ་འདི་ན་ནོར་བུ་ཡོད་དོ་སྙམ་པའི་ཤེས་པ་གང་ཡིན་པ་དེ་ཡང་སྣང་བའི་ནོར་བུའི་འོད་ལ་ནོར་བུར་ཞེན་པ་ན། ཟུར་གཅིག་ལ་ཕྱོགས་གཞན་
ན་ཡོད་པའི་ནོར་བུར་ངེས་པའི་ཕྱིར་འདི་ནོར་བུ་ཡིན་ནམ་འོན་ཏེ་ཡུལ་གཞན་ན་ཡོད་ཅེས་ཆ་གཉིས་ཀ་འཛིན་པའི་ཐེ་ཚོམ་ཉིད་དོ། །འདིའི་ཡུལ་ནི་དངོས་པོ་དང་དངོས་པོ་མེད་པར་བརྟགས་པ་ཡིན་ལ། དེ་འདྲ་བ་ནི་འགའ་ཡང་ཡོད་པ་མ་ཡིན་ན། གང་ཞིག་ཐོབ་པར་བྱེད་པས་ཤེས་པ་འདི་ཚད་མར་འགྱུར། དངོས་པོ་ནི་གཅིག་
ཉིད་དུ་ཡོད་པའམ་མེད་པར་འགྱུར་གྱི། རྒྱུ་གཉི་གའི་བདག་ཉིད་ནི་མ་ཡིན་ནོ། །གང་གི་ཕྱིར་ཐོབ་པའི་ནོར་བུ་ནི་ཡོད་པ་ཉིད་དུ་ངེས་པ་ཡིན་ལ། ཤེས་པ་འདིས་ནི་ཡོད་པར་མ་ངེས་པར་གཟུང་བ་ཡིན་པ་དེའི་ཕྱིར་གང་ཞིག་དེས་ངེས་པ་དེ་ནི་ཐོབ་པ་མ་ཡིན་ནོ། །མ་ངེས་པའི་དོན་ལ་ལྟོས་ནས་ཀྱང་ཚད་མར་འགྱུར་བ་ནི་མ་ཡིན་
ཏེ། ངེས་པར་བྱས་ནས་འདུག་པ་ན་ཞེས་བཤད་པ་དང་། རྣམ་འགྲེལ་ལས་ཀྱང་བསམ་པ་ལ་སླུ་བ་མེད་པའི་ཕྱིར་ཚད་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཐེ་ཚོམ་ནི་རྗེས་སུ་དཔག་པ་མ་ཡིན་ནོ། །འདི་ནི་ཚད་མ་གཞན་ཡང་མ་ཡིན་ཏེ། འདི་ལྟར་ཉེ་བར་བསྟན་པའི་འཇུག་པའི་ཡུལ་ཐོབ་པར་བྱེད་པའི་ཤེས་པ་ནི་ཚད་
མ་ཡིན་ན། འདིས་བསྟན་པའི་འཇུག་པའི་ཡུལ་ནི་ཐོབ་པར་བྱ་བ་མ་ཡིན་ནོ། །འདི་ལྟར་འདིས་ཡུལ་གང་གིས་ནོར་བུ་བསྟན་པ་དེ་ནི་མི་ཐོབ་ལ། ཡུལ་གང་ཐོབ་པ་དེ་ནི་འདིས་མ་བསྟན་པ་ཡིན་ནོ། །ཡུལ་དང་དུས་དང་རྣམ་པ་ཐ་དད་པ་ནི་འགལ་བའི་ཆོས་དང་འབྲེལ་པའི་ཡིན་ནོ་ཞེས་ནུས་པ་དང་སྣང་བ་ལ་སོགས་པ་ཐ་དད་
པའི་ཕྱིར་རོ་ཞེས་བྱ་བ་དེའི་སྐབས་སུ་བཤད་ཟིན་ཏོ། །འགལ་བའི་ཆོས་དང་ལྡན་པའི་རྒྱུ་མཚན་གྱིས་ཀྱང་ཐ་དད་པ་ཡིན་ཏེ། དེའི་ཕྱིར་ནོར་བུ་ཉིད་དུ་ཁྱད་པར་མེད་ཀྱང་ཡུལ་ཐ་དད་པའི་ཕྱིར་ན་ངེས་པ་གཞན་ཡིན་ཞིང་ཐོབ་པ་ཡང་གཞན་ཡིན་ནོ། །གལ་ཏེ་ཆ་གཞན་ལ་བསླུར་ཟིན་ཀྱང་ནོར་བུ་ཉིད་ལ་ནི་སླུ་བ་མ་ཡིན་
Vol. 188 · folio 175b
ནོ་ཞེས་དེ་སྐད་དུ་ནི་བརྗོད་པར་མི་ནུས་ཏེ། གང་གི་ཕྱིར་ནོར་བུ་ཉིད་ཁོ་ན་ཡུལ་གྱི་ཁྱད་པར་ཅན་དུ་ངེས་པ་ཡིན་པའི་ཕྱིར་རོ། །ཚད་མའི་འཇུག་པའི་ཡུལ་ཡང་ཤེས་པའི་བྱ་བ་ལ་ལྟོས་པ་ཡིན་གྱི་འདོད་པས་བྱས་པ་ནི་མ་ཡིན་ནོ། །དེས་ན་ཇི་ལྟར་སྨིག་རྒྱུ་ལ་ཆུར་ཤེས་པ་དངོས་པོ་ཉིད་དུ་མངོན་པར་ཞེན་པ་ཡིན་ཡང་། དེ་ལ་
ཚད་མ་ནི་མ་ཡིན་ཏེ་ཆུར་གཏོགས་པའི་དངོས་པོ་ཉིད་ནི་མ་ཐོབ་པའི་ཕྱིར་དང་། གཞན་ཡང་མ་བཟུང་བའི་ཕྱིར་རོ། །དེ་བཞིན་དུ་ཡུལ་ཕྱོགས་ཀྱང་ཁྱད་པར་ཅན་གྱི་ནོར་བུ་ཤེས་པ་ནི་ཚད་མ་མ་ཡིན་ཏེ། ནོར་བུ་རྐྱང་པ་མ་བཟུང་བའི་ཕྱིར་དང་། ཕྱོགས་ཀྱི་ཁྱད་པར་ཅན་དུ་གཟུང་བ་ཡང་མི་འཐོབ་པའི་ཕྱིར་རོ། །འོ་ན་ནི་མངོན་སུམ་
གྱིས་ཀྱང་སྐད་ཅིག་མ་མ་ཡིན་པ་གཅིག་ངེས་ལ། ཐོབ་པར་བྱ་བ་སྔོན་པོའི་དོན་ནི་སྐད་ཅིག་མ་དུ་མ་ཡིན་ནོ། །རྗེས་སུ་དཔག་པས་ཀྱང་ཅི་ལྟར་མཐོང་བ་ལྟར་སྐད་ཅིག་མ་མ་ཡིན་པ་གཅིག་ཉིད་ངེས་པ་ཡིན་ལ། ཐོབ་པར་བྱ་བ་ནི་གཞན་ཡིན་ནོ་ཞེ་ན། དེ་ལྟར་མི་རིགས་ཏེ། ཐམས་ཅད་ཀྱི་ཡོད་པ་ཉིད་ནི་དོན་བྱེད་པའི་རྒྱུ་མཚན་ཅན་
ཡིན་ནོ། །དོན་བྱེད་པར་ནུས་པ་ཡང་དམིགས་པའི་སྔོན་པོ་ཉིད་ཡིན་ཏེ། དེས་ན་ཡོད་པ་ནི་མཐོང་བ་དེ་ཉིད་ཡིན་ལ། སྐད་ཅིག་མ་ཉིད་དམ་རྡུལ་ཕྲ་རབ་ཉིད་ལ་སོགས་པ་གཞན་ཡང་རུང་སྟེ། ཡོད་པ་ནི་དེ་ལས་ཐ་མི་དད་པ་ཁས་བླང་བར་བྱ་བ་ཡིན་ནོ། །དེས་ན་སྐད་ཅིག་མ་ཉིད་ནི་མཐོང་བའི་སྔོན་པོ་ཉིད་ཡིན་མོད་ཀྱི། འོན་
ཀྱང་དེ་ལ་སྐད་ཅིག་མ་མ་ཡིན་པ་ཉིད་དུ་ངེས་པ་འབའ་ཞིག་ཏུ་ཟད་དོ། །དེས་ན་མངོན་སུམ་གྱིས་གཞན་ཐོབ་པ་ནི་མ་ཡིན་གྱི། འོན་ཀྱང་མཐོང་བའི་སྔོན་པོ་ཉིད་སྐད་ཅིག་མའི་རང་བཞིན་ཡིན་ནོ། །དེ་བཞིན་དུ་རྗེས་སུ་དཔག་པས་ཀྱང་འཆད་པར་ནུས་པའི་དངོས་པོ་ཞེན་པར་བྱས་ལ། སྐད་ཅིག་མ་ཡང་དེ་ཉིད་
ཡིན་ཏེ། དེ་ཡང་ཐོབ་པར་ནུས་སོ། །སྐད་ཅིག་མ་ཉིད་དུ་ངེས་པ་ནི་ཚད་མ་གཞན་གྱིས་ཡིན་གྱི། དེའི་རང་བཞིན་ནི་སྔོན་པོ་ལ་སོགས་པ་དེ་ཉིད་ཡིན་ནོ། །དེ་བཞིན་དུ་ཡུལ་གཞན་ན་གནས་པའི་ནོར་བུ་ནི་ཡུལ་གཞན་ན་གནས་པའི་རང་བཞིན་དུ་རྣམ་པར་གནས་པར་བསྒྲུབ་པར་ནུས་པ་མ་ཡིན་ནོ། །དེའི་ཕྱིར་
རང་བཞིན་གཞན་གཟུང་བ་ན་དེའི་ཁོངས་སུ་མ་གཏོགས་པའི་རང་བཞིན་གཟུང་བ་མ་ཡིན་པའི་ཕྱིར་ཡུལ་གཞན་ན་གནས་པའི་ནོར་བུ་འཛིན་པ་ནི་ཡུལ་གཞན་ན་གནས་པའི་ནོར་བུ་ཡོངས་སུ་གཅོད་པར་བྱེད་པ་མ་ཡིན་པས་དེ་ལ་ཚད་མ་མ་ཡིན་ནོ། །དེའི་ཕྱིར་དམ་པའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ངེས་པས་ཡུལ་དུ་
Vol. 188 · folio 176a
བྱས་པའི་དངོས་པོའི་ཆ་ཐམས་ཅད་མ་ཐོབ་པ་དེ་ལྟར་ན་ཡང་མཐོང་བ་ལས་གཞན་ཐོབ་པ་ནི་མ་ཡིན་ནོ། །འདི་ལྟར་འགལ་བས་ངེས་པའི་ཆ་ལས་ཕྱི་རོལ་དུ་གྱུར་པའི་རང་བཞིན་གང་ཡིན་པ་དེའི་ཤེས་པ་དེའི་ཡོངས་སུ་གཅོད་པར་བྱེད་པ་མ་ཡིན་ཏེ། དཔེར་ན་སྔོན་པོར་འཛིན་པའི་སེར་པོ་ཡོངས་སུ་གཅོད་པར་
བྱེད་པ་མ་ཡིན་པ་བཞིན་ནོ། །དེ་བཞིན་དུ་ཡུལ་གཞན་ན་གནས་པའི་ནོར་བུའི་རང་བཞིན་ཡང་མཐོང་བའི་རང་བཞིན་དང་འགལ་བ་ཡིན་ནོ། །ངེས་པར་མ་བྱས་པ་ཉིད་ཀྱང་ཚད་མའི་ཡུལ་མ་ཡིན་ནོ། །གལ་ཏེ་སྐད་ཅིག་པ་ཉིད་ཀྱང་སྔོན་པོའི་ཤེས་པས་མ་ངེས་པ་མ་ཡིན་ནམ། དེའི་ཕྱིར་དེ་ཇི་ལྟར་ཡུལ་ཡིན་ཞེ་ན།
སྐད་ཅིག་མ་ཉིད་མི་ངེས་ཀྱང་སྔོན་པོའི་ཡུལ་ཡིན་པར་ནི་མི་སྨྲའི། འདི་ཙམ་ཞིག་ནི་སྨྲ་སྟེ། སྐད་ཅིག་མ་ཉིད་ནི་མཐོང་བའི་སྔོན་པོ་ལས་གཞན་མ་ཡིན་ནོ། །དེས་ན་གཞན་ཐོབ་པ་ནི་མ་ཡིན་གྱི། འོན་ཀྱང་མཐོང་བའི་སྔོན་པོ་ཁོ་ན་ཐོབ་སྟེ། དེ་ལ་ངེས་པར་བྱས་པ་སྐད་ཅིག་མ་མ་ཡིན་པའི་ཆ་གཞན་ནི་ཐོབ་པར་བྱ་བ་མ་
ཡིན་ནོ། །འདིར་ནི་མཐོང་བའི་ཆ་ཉིད་ཐོབ་པ་མ་ཡིན་ཏེ། ཡུལ་གཞན་གནས་པ་ཉིད་མཐོང་ན་ཡུལ་གཞན་ན་གནས་པ་འགལ་བས་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་མངོན་སུམ་གྱིས་མཐོང་བའི་སྔོན་པོ་ནི་རགས་པ་ཡིན་ལ། ཐོབ་པ་ནི་ཕྲ་མོ་ཡིན་ནོ། །རགས་པ་དང་ཕྲ་བ་དག་ཀྱང་འགལ་ལོ་ཞེ་ན། དེ་ཡང་
མི་རིགས་ཏེ། དངོས་པོ་གཅིག་ཉིད་ནི་ཕྲ་བ་དང་ཕྲ་བ་མ་ཡིན་པ་འགལ་བ་ཡིན་ཏེ། འགལ་བ་ནི་གཞི་གཅིག་ལ་ཡིན་པའི་ཕྱིར་རོ། །གང་གི་ཚེ་གཅིག་གི་རང་བཞིན་ནི་ཕྲ་མོ་ཡིན་ལ། དུ་མ་ནི་རགས་པ་ཡིན་པ་དེའི་ཚེ་འགལ་བ་འགའ་ཡང་མེད་དོ། །འདི་ལྟར་སྐད་ཅིག་མ་ཉིད་ནི་སྔ་ཕྱི་དང་བྲལ་བ་ཡིན་ལ། མང་
པོའི་སྔ་ཕྱི་ཅན་དུ་སྣང་བ་དེ་བཞིན་དུ། རྡུལ་ཕྲ་རབ་གཅིག་ནི་ཕྲ་མོ་ཡིན་ལ་མང་པོ་ནི་རགས་པ་ཡིན་ནོ། །གལ་ཏེ་གཅིག་ཏུ་སྔོན་པོ་ཡིན་ན་མང་པོ་ཡང་སྔོན་པོ་ཉིད་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ་གཅིག་ཕྲ་མོ་ཡིན་ན་མང་པོ་ཡང་ཕྲ་མོར་འགྱུར་རོ་ཞེ་ན། བདེན་ཏེ། རང་རང་གི་ངོ་བོས་ཕྲ་བ་མང་པོ་རྣམས་ཀྱི་མང་པོའི་རང་བཞིན་མཐོང་བ་ན་
རགས་པར་སྣང་བ་ཡིན་ནོ། །འགའ་ཞིག་ནི་དངོས་པོའི་ཆོས་ཡིན་ཏེ། སྔོན་པོ་ཉིད་ཅེས་བྱ་བར་མང་པོ་ལས་ཡང་ཁྱད་པར་མེད་པ་ཡིན་ནོ། །འགའ་ཞིག་ནི་འཛིན་པའི་ཆོས་ཡིན་ཏེ། གཟུང་བར་བྱ་བ་མང་པོ་ཉིད་ལ་སྣང་བ་གང་ཡིན་པའོ། །སྐད་ཅིག་གཅིག་གཟུང་བ་ལ་ནི་སྔ་ཕྱིར་ཡོངས་སུ་མ་བཅད་ན། མང་པོ་
Vol. 188 · folio 176b
གཟུང་བ་ལ་སྔ་ཕྱིར་ཡོངས་སུ་བཅད་པ་ཡིན་ནོ། །ཆོས་དེ་ནི་མང་པོ་དག་ཤེས་པ་གཅིག་གིས་གཟུང་བ་ན་སྣང་བའི་ཕྱིར་འཛིན་པའི་ཆོས་སུ་བརྗོད་ཀྱི་གཟུང་བའི་ཆོས་ནི་མ་ཡིན་ནོ། །དེ་བཞིན་དུ་རྡུལ་ཕྲ་རབ་གཅིག་གཟུང་བ་ལ་ནི་རགས་པར་མི་སྣང་ལ། མང་པོ་ཡུལ་ཐ་དད་པ་ཅན་ཤེས་པ་གཅིག་གིས་གཟུང་ན་དུ་མའི་རང་
བཞིན་འཛིན་པའི་མཐར་ཐུག་པ་རགས་པར་སྣང་བར་གྱུར་ཏེ། མང་པོ་རྣམས་ཤེས་པ་གཅིག་ལ་སྣང་བ་འབྲེལ་པ་ཉིད་རགས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་ནི་སོ་སོ་ལ་ཡོད་པ་མ་ཡིན་ནོ། །འདི་ནི་བརྟགས་པ་ཡང་མ་ཡིན་གྱི། འོན་ཀྱང་དབང་པོའི་ཤེས་པ་ལ་བརྟེན་པ་དང་བརྟགས་པར་ཡོད་པ་ཡིན་ཏེ། མང་
པོ་རྣམས་གཅིག་གིས་གཟུང་བ་ན་སྣང་བའི་ཕྱིར་དང་། སོ་སོ་བ་ལ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ཕྲ་མོ་མང་པོ་ཤེས་པ་གཅིག་གི་ཡུལ་དུ་གྱུར་པའི་རང་བཞིན་ཡིན་ནོ། །དེ་ལ་ཡང་རྡུལ་ཕྲ་རབ་ཀྱི་རང་བཞིན་འགལ་བ་མེད་པའི་ཕྱིར་འདི་ཚད་མར་རིགས་པ་ཡིན་ནོ། །མཐོང་བའི་སྔོན་པོ་ནི་རྡུལ་ཕྲ་རབ་
དུ་མའི་རང་བཞིན་གྱི་རགས་པ་ཉིད་ཡིན་ནོ། །དེའི་ཕྱིར་ཇི་ལྟར་ཆུ་མཐོང་བ་སྨིག་རྒྱུ་རང་གི་མཚན་ཉིད་མཐོང་བ་ན། རྣམ་པར་འབྱེད་པར་བྱེད་མི་ནུས་པ་ལ་ཆོས་མཐུན་པའི་རྒྱུ་མཚན་ཅན་གྱི་ཆུར་འཁྲུལ་བ་སྐྱེ་བ་དེ་བཞིན་དུ་ནོར་བུ་མཐོང་བས་བུ་ག་ན་གནས་པའི་འོང་ཟླུམ་པོ་གཟུང་བ་ན། ཆོས་མཐུན་པའི་
རྒྱུ་མཚན་ཅན་གཉི་གའི་རང་གི་མཚན་ཉིད་འཛིན་པ་ལ་རག་ལས་པ་ཅན་ཡིད་ཀྱིས་འཁྲུལ་པ་འདིར་འགྱུར་བ་ཡིན་ནོ། །འོན་ཀྱང་འདིར་ཡུལ་གང་ལ་སྐྱེས་པ་དེ་ནོར་བུ་དང་འབྲེལ་པའི་ཕྱིར། དངོས་པོ་དང་འབྲེལ་པས་ནོར་བུ་ཐོབ་པའི་རྒྱུ་མཚན་གྱི་ཤེས་པ་གཞན་གྱི་རྒྱུར་འགྱུར་བ་ན་བརྒྱུད་པས་བྱས་
པའི་རྒྱུ་ཉིད་ཀྱིས་ན། ཅིག་ཤོས་སྒྲོན་མའི་འོད་ལ་ནོར་བུ་འཛིན་པ་ལས་ཁྱད་པར་ཡོད་པ་འབའ་ཞིག་ཏུ་ཟད་ཀྱི། རང་གི་ཡུལ་ལ་ལྟོས་ན་ནི་གཞན་ལས་ཁྱད་པར་ཡོད་པ་མ་ཡིན་པའི་ཕྱིར་བཤད་པ་སྔ་མ་ཉིད་སྐྱོན་མེད་པ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པ་རང་གི་མཚན་ཉིད་སྣང་བ་མ་ཡིན་ན། འོ་ན་འདི་དེ་
ལ་ཚད་མར་ཅི་ལྟར་འགྱུར། །འདིས་གཟུང་བ་སྒྲོ་བཏགས་པའམ་ཡོད་པའི་སྤྱི་འཛིན་པའི་བྱ་བའི་ཡུལ་དུ་གྱུར་པ་གང་ཡིན་པ་དེ་ཉིད་ལ་འདི་མངོན་སུམ་བཞིན་དུ་ཚད་མ་ཡིན་པར་རིགས་སོ་ཞེ་ན། དེ་ཉིད་ཀྱི་ཕྱིར་ཞེས་སྨོས་ཏེ། གང་གི་ཕྱིར་ཞེ་ན། དོན་བྱེད་པ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །དངོས་པོ་ནི་
Vol. 188 · folio 177a
དོན་བྱེད་ནུས་པ་ཡིན་ནོ། །དོན་བྱེད་པ་དང་རྗེས་སུ་འབྲེལ་པའི་ཕྱིར་ཚད་མ་འདིའི་ཡུལ་ནི་དངོས་པོ་ཡིན་གྱི། གཟུང་བ་ཙམ་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་གཟུང་བ་ལ་ལྟོས་ནས་ནི་ཚད་མ་མ་ཡིན་གྱི། འོན་ཀྱང་དོན་བྱེད་པར་ནུས་པའི་ཡུལ་ཅན་ཡིན་ཞེ་ན་བཤད་པ། ཚད་མ་ལ་སོགས་པ་དཔྱོད་པ་
གང་ཡིན་པ་དེ་ནི་དོན་དེ་དོན་དུ་གཉེར་བར་བྱ་བ་སྲེག་པ་ལ་སོགས་པ་བྱེད་པ་བསྒྲུབ་པ་དེར་རུང་བའི་ཡུལ་ཅན་ཏེ། ཡུལ་གང་ལ་ཡོད་པའོ། །འདི་ལ་དོན་བྱེད་པ་དོན་དུ་གཉེར་བས་མེ་ལ་སོགས་པ་དོན་དུ་གཉེར་བ་ཙམ་གྱིས་བསྒྲུབ་བྱ་ཡིན་པར་ནི་མ་མཐོང་སྟེ། དེ་བསྒྲུབ་པར་ནུས་པ་དོན་དུ་གཉེར་བ་ན་ཚད་མའམ། གཞན་
དཔྱོད་པ་ཡིན་ནོ། །དེའི་ཕྱིར་ཤེས་པའི་རང་བཞིན་གང་ཞིག་སྐྱེས་བུའི་དོན་སྒྲུབ་པར་བྱེད་པ་རྣམ་པར་དཔྱོད་པའི་ཡན་ལག་ཏུ་གྱུར་པ་དེ་ནི་ཚད་མར་བརྗོད་པ་ཡིན་ནོ། །གང་གིས་བཟུང་བ་ཙམ་གྱིས་ཡུལ་ཅན་ཚད་མར་འགྱུར་བ་བཟུང་བ་ཙམ་སྟོན་པ་ནི་སྐྱེས་བུའི་དོན་སྒྲུབ་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་འཇུག་
པའི་ཡུལ་རང་གི་མཚན་ཉིད་སྟོན་པར་བྱེད་པའི་མི་སླུ་བ་ཡིན་ནོ། །དེས་ན་དངོས་པོའི་ཡུལ་ཅན་དེ་ཉིད་ཚད་མ་ཡིན་ནོ། །གལ་ཏེ་དཔྱོད་པ་དོན་བྱེད་པར་རུང་བའི་ཡུལ་ཅན་ཡིན་ན། འོ་ན་ནི་རྟོག་པ་དང་ལྡན་པས་ཤེས་པས་དཔྱད་པར་མི་བྱ་སྟེ། དེ་ནི་ཕྱི་རོལ་གྱི་དོན་བསྒྲུབ་པར་བྱ་བའི་དོན་བྱེད་པ་སྒྲུབ་པར་བྱེད་པ་མ་
ཡིན་པའི་ཕྱིར་རོ་ཞེས་དོགས་པ་ལ། ཇི་ལྟར་དོན་བྱེད་པ་དོན་དུ་གཉེར་བས་དེ་དཔྱད་པར་བྱ་བ་དང་། ཇི་ལྟར་དོན་བྱེད་པའི་ཡན་ལག་ཏུ་འགྱུར་བ་དེ་གཉི་ག་འཇུག་པ་གཅིག་གིས་བསྟན་པའི་ཕྱིར། རྟོག་པ་སྔོན་དུ་གཏོང་བ་ཞེས་སྨོས་སོ། །བདེ་བ་དང་སྡུག་བསྔལ་སྨོས་པས་ནི་འདོད་པ་དང་མི་འདོད་པའི་མཚོན་
པ་སྟེ། འབྲས་བུའི་མཚན་ཉིད་ནི་འདོད་པ་ཡིན་པའི་ཕྱིར་རོ། །འདོད་པ་དང་མི་འདོད་པའི་བསྒྲུབ་པའི་བྱེད་པ་གང་ཡིན་པ་དེ་བསྒྲུབ་པར་ཏེ། ནན་ཏན་དུ་བྱ་བར་འདོད་པས་སོ། །ཅི་ལྟར་བསྒྲུབ་པར་འདོད་ཅེ་ན། ཅི་ལྟར་འོས་པར་རོ། །བསྒྲུབ་པ་ནི་རྣམ་པ་གཉིས་ཏེ། སྤོང་བའི་བདག་ཉིད་དང་ལེན་པའི་རང་བཞིན་
ནོ། །དེ་ལ་དངོས་པོ་ནི་སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་ཡིན་ལ། གཞན་ནི་བདེ་བ་བསྒྲུབ་པ་ཡིན་ནོ། །འདི་ལྟར་དངོས་པོ་ཡོད་པ་ཙམ་གྱིས་ནི་རང་གིས་བསྒྲུབ་པར་བྱ་བའི་དོན་བྱ་བ་མི་བྱེད་ཀྱི་འོན་ཀྱང་ཐོབ་པས་ཡིན་ནོ། །དེའི་ཕྱིར་དོན་དུ་གཉེར་བས་འདོད་པ་བསྒྲུབ་པ་ཐོབ་པར་བྱ་བ་དང་། ཅིག་ཤོས་སྤང་བར་བྱ་བ་ཡིན་ནོ། །
Vol. 188 · folio 177b
འཇུག་པ་ལས་ཇི་ལྟར་འོས་པར་བསྒྲུབ་པར་ནུས་པ་ཡང་ཤེས་པས་བསྟན་པ་ཡིན་ནོ། །དེ་སྨྲས་པ་ནི་ཤེས་ནས་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་ཇི་ལྟར་དོན་དུ་གཉེར་བ་དོན་བྱེད་པ་བསྒྲུབ་པས་དོན་དུ་གཉེར་བར་བྱེད་པ་དེ་བཞིན་དུ་དེ་སྟོན་པར་བྱེད་པའི་ཤེས་པས་ཀྱང་ཡིན་ནོ། །ལོག་པའི་ཤེས་པས་ཞུགས་པ་ལས་ནི་མངོན་པར་འདོད་
པ་ཅུང་ཟད་འགྲུབ་པ་ནི་མེད་དོ། །དེས་ན་ཇི་ལྟར་མེད་པ་བསྒྲུབ་པ་ལེན་ཅིང་གཞན་སྤོང་བ་དེ་བཞིན་དུ་དེ་དག་རབ་ཏུ་སྟོན་པའི་མི་སླུ་བ་ནི་བླང་བར་བྱ་བ་ཡིན་ལ་གཞན་ནི་སྤང་བར་བྱ་བ་ཡིན་ནོ། །དེས་ན་དོན་བྱེད་པའི་དོན་དུ་གཉེར་བ་འཇུག་པའི་ཡུལ་གྱི་དངོས་པོ་སྟོན་པ་མི་སླུ་བ་བླང་བར་བྱ་བ་དང་། གཞན་སྤངས་པའི་
དོན་དུ་རྟོག་པ་ཡིན་ནོ། །བདེ་བ་དང་སྡུག་བསྔལ་གྱི་སྒྲུབ་པར་བྱེད་པ་སྔར་ཤེས་པ་དང་རྗེས་སུ་མཐུན་པར་བསྒྲུབ་པར་འདོད་པ་ཡིན་གྱི། ཞེན་པས་ནི་མ་ཡིན་ནོ། །ཞེན་པ་ནི་དོན་མེད་པ་ལ་ཆགས་པ་ཡིན་ལ་རྟོག་པ་དང་ལྡན་པའི་འཇུག་པ་ནི་དགོས་པ་དང་ལྡན་པས་ཡིན་གྱི་ཆགས་པས་ནི་མ་ཡིན་ནོ། །དེའི་ཕྱིར་
ནུས་པ་མེད་པ་གཟུང་བར་བྱ་བ་ཙམ་རབ་ཏུ་སྟོན་པ་བརྒྱུད་པས་ཀྱང་དོན་བྱེད་པའི་ཡན་ལག་མ་ཡིན་པ་དོན་དུ་གཉེར་བར་བརྟགས་པར་ཇི་ལྟར་འགྱུར། འཇུག་པའི་ཡུལ་ནི་མི་སླུ་བའི་རབ་ཏུ་སྟོན་པར་བྱེད་པ་ནི་བརྒྱུད་ནས་དོན་བྱེད་པའི་ཡན་ལག་ཏུ་འགྱུར་བ་ཡིན་ནོ། །འདི་ལྟར་ཤེས་པ་ལས་ནི་འཇུག་པ་
ཡིན་ལ་དེ་ལས་ནི་དོན་སྒྲུབ་པར་བྱེད་པ་བསྒྲུབ་པ་ཉམས་སུ་ལེན་པ་དང་མཐུན་པར་འགྱུར་ཞིང་དེ་ལས་དོན་གྲུབ་པ་ཡིན་ཏེ། དེའི་ཕྱིར་དོན་སྒྲུབ་པར་བྱེད་པ་རབ་ཏུ་སྟོན་པའི་ཤེས་པའི་ངོ་བོ་དོན་བྱེད་པའི་ཡན་ལག་ཡིན་ནོ། །གང་ཅུང་ཞིག་དོན་དུ་གཉེར་བས་རྣམ་པར་དཔྱད་པར་བྱ་བ་དེ་ཐམས་ཅད་ནི་དངོས་སུ་དོན་
བྱེད་པའི་ཡན་ལག་མ་ཡིན་ཏེ། དངོས་སུ་དོན་བྱེད་པ་ནི་སྐད་ཅིག་མ་ཉིད་ཀྱིས་དཔྱོད་པ་འཇུག་པའི་སྔར་དོན་བྱས་པའི་ཕྱིར་རོ། །དེའི་ཕྱིར་བརྒྱུད་པས་ཀྱང་དོན་བྱེད་པའི་ཡན་ལག་ཏུ་གྱུར་པ་བཤད་པར་བྱ་བའི་ཤེས་པའི་རང་བཞིན་དོན་བྱེད་ནུས་པ་རབ་ཏུ་སྟོན་པ་དེ་ཉིད་བསྟན་བཅོས་སུ་དཔྱད་པ་ཡིན་ནོ། །གལ་ཏེ་དངོས་པོ་ཉིད་དུ་ངེས་
པའི་ཕྱིར་རྗེས་སུ་དཔག་པས་གཟུང་བར་བྱ་བ་དེ་ཉིད་དངོས་པོ་མ་ཡིན་ནམ་ཞེ་ན། རྗེས་སུ་དཔག་པའི་སྣང་བ་ཞེས་གསུངས་སོ། །གང་ཞིག་དོན་ཉིད་དུ་ངེས་པ་ཇི་ལྟར་དོན་མ་ཡིན་ཞེ་ན། དོན་སྒྲུབ་པར་བྱེད་པ་ཞེས་སྨོས་སོ། །དོན་ཉིད་དུ་ངེས་པའི་སྣང་བ་དེ་དོན་ལས་སྐྱེས་པའི་ཕྱིར་དོན་དུ་འགྱུར་ཏེ། དཔེར་ན་མངོན་སུམ་གྱིས་
Vol. 188 · folio 178a
སྣང་བ་ལྟ་བུའམ། དེ་ཉིད་དོན་བྱ་བ་བྱེད་པས་དོན་དུ་འགྱུར་གྲང་ན་རེ་ཞིག་དོན་ལས་སྐྱེས་པའི་ཕྱིར་ནི་དོན་མ་ཡིན་ཏེ། དེའི་འབྲས་བུ་ཉིད་མེད་པའི་ཕྱིར་རོ། །དེ་བཤད་པ་ནི། དོན་བྱེད་ནུས་པའི་དངོས་པོ་འགགས་ཀྱང་རྗེས་སུ་དཔག་པའི་སྣང་བ་མི་འགག་པའི་ཕྱིར། རང་ཉིད་དོན་བྱེད་པ་
ཡང་མ་ཡིན་ནོ་ཞེས་འཆད་པ་ནི་དེ་ལས་སྲེག་པ་ལ་སོགས་པའི་དོན་ཅུང་ཟད་འགྲུབ་པ་མེད་པའི་ཕྱིར་རོ། །གལ་ཏེ་ཤེས་པའི་རང་བཞིན་ཉིད་ཀྱིས་སྣང་བའི་དོན་ཉིད་ཡིན་ཡང་། ཇི་ལྟར་མེའི་བཞིན་དུ་ངེས་པ་དེ་ལྟར་དོན་བྱ་བ་ཅུང་ཟད་ཀྱང་སྒྲུབ་པར་བྱེད་པ་མ་ཡིན་ནོ། །བཤད་མ་ཐག་པའི་གཏན་ཚིགས་གཉིས་པོ་དེ་
ཉིད་ཀྱི་ཕྱིར་ཡོད་ཀྱང་ཡོད་པའི་སྤྱིའི་དོན་མ་ཡིན་ནོ་ཞེས་འབྲེལ་ཏེ། དོན་མ་ཡིན་ཏེ་མེ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཞེས་འཆད་པར་འགྱུར་བས་རེ་ཞིག་སྤྱི་ཡོད་པ་ནི་མ་ཡིན་མོད་ཀྱི། འོན་ཀྱང་དེ་ནི་ཡོད་དུ་ཆུག་ཀྱང་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཀྱང་གི་སྒྲའི་དོན་ཡིན་ནོ། །དེ་ནི་
དངོས་པོ་ལོག་ཀྱང་གནས་པ་དང་སྲེག་པ་ལ་སོགས་པའི་མཚན་ཉིད་ཀྱི་དོན་ཅུང་ཟད་ཀྱང་དེ་ལས་འགྲུབ་པ་མེད་པ་ཡིན་ནོ། །ཅིའི་ཕྱིར་ཡོད་པ་ཉིད་ཡིན་ཞེ་ན། རང་གི་ཤེས་པ་སྐྱེད་པའི་ཕྱིར་རོ། །མེའི་བསྒྲུབ་པར་བྱ་བ་བྱེད་པ་ནི་མ་ཡིན་ཏེ། དེས་ན་མེ་རྗེས་སུ་དཔག་པ་ནི་སྤྱི་ཡོད་པའི་ཡུལ་ཅན་དུ་ཡང་མི་རིགས་སོ་
ཞེས་བརྗོད་པར་འགྱུར་རོ། །དེས་ན་ཞེས་བྱ་བ་ནི་གང་གི་ཕྱིར་རྗེས་སུ་དཔག་པའི་སྣང་བ་ནི་དོན་མ་ཡིན་ལ། རྟོག་པ་དང་ལྡན་པའི་དཔྱོད་པ་ནི་དངོས་པོའི་ཡུལ་ཅན་ཡིན་པ་དེའི་ཕྱིར་དོན་བྱེད་ནུས་པའི་དངོས་པོའི་རང་བཞིན་ལ་མི་སླུ་བ་ཇི་ལྟར་བསྟན་པ་བཞིན་དུ་ཐོབ་པར་བྱེད་པ་གང་ཡིན་པ་དེ་ཉིད་ནི་རྗེས་སུ་དཔག་པ་
འདིའི་ཡང་ཚད་མ་ཡིན་གྱི་མངོན་སུམ་འབའ་ཞིག་གི་ཡིན་པར་ནི་མ་ཟད་དོ་ཞེས་བྱ་བ་ནི་ཡང་གི་སྒྲ་ཡིན་ནོ། །འདི་ནི་ཚད་མ་གཉི་ག་དངོས་པོའི་ཡུལ་ཅན་ཞེས་བྱ་བ་དེ་བཀྲལ་བ་ཡིན་ནོ། །དཔྱོད་པ་ནི་དོན་བྱེད་པར་རུང་བའི་ཡུལ་ཅན་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ནི་མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་
དངོས་པོའི་ཡུལ་ཅན་དུ་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་དག་ནི་ཚད་མ་དངོས་པོའི་ཡུལ་ཅན་གྱི་རྒྱུ་མཚན་ཅན་དུ་མཚུངས་པར་བསྟན་པའི་ཕྱིར་གཉི་ག་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པའི་ཡུལ་དཔྱོད་པ་ན་མངོན་སུམ་ཉེ་བར་བཀོད་པ་མི་རིགས་པར་འགྱུར་རོ། །ད་ནི་རྗེས་སུ་དཔག་
Vol. 188 · folio 178b
པའི་ངེས་པའི་གཏན་ཚིགས་འཆད་དེ་དངོས་པོ་དེ་དང་འབྲེལ་པའི་དངོས་པོ་འབྲེལ་པ་ངེས་པ་གང་ཡིན་པ་དེ་ཉིད་རྟགས་ཡིན་ནོ། །གཞན་ནི་གོ་བར་བྱེད་པ་མ་ཡིན་པ་དེའི་ཕྱིར་རྟགས་སྨོས་སོ། །རྟགས་དེ་ལ་ལྟོས་པའི་ཕྱིར་ན་རྗེས་སུ་དཔག་པའི་ཚད་མ་ནི་དངོས་པོའི་ཡུལ་ཅན་ཡིན་ནོ། །འབྲེལ་བ་གཏན་ལ་ཕེབས་
པའི་རང་གི་མཚན་ཉིད་མེད་ན་མི་འབྱུང་བ་ངེས་པར་རྟོགས་པ་མེད་ན་མི་འབྱུང་བ་གཉིས་པ་རྟོགས་པ་ནི་རྗེས་སུ་དཔག་པ་ཡིན་ཏེ། དེས་ན་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་རྟགས་གང་དུ་འབྲེལ་པ་སྲིད་པ་དེ་ཉིད་རྗེས་སུ་དཔག་པར་ངེས་པར་བྱས་པ་ནི་རྗེས་སུ་དཔག་པའི་ཤེས་པའི་ཡུལ་ཡིན་ནོ། །དོན་གང་རྟོགས་
པ་དེ་ཉིད་རྟོགས་པའི་ཡུལ་ཡིན་ནོ། །རྣམ་འགྲེལ་ལས། ངེས་པ་རྣམས་ཀྱི་མ་ངེས་གང་། །དེ་ནི་ཇི་ལྟར་དེ་དག་ཡུལ། །ཞེས་གང་བཤད་པ་ཡིན་ནོ། །རྟོགས་པའི་དོན་ཡང་མཐོང་བའི་རྟགས་དང་འབྲེལ་བ་ཅན་ཡིན་ཏེ། དེའི་ཕྱིར་དེ་ཉིད་ཡུལ་ཡིན་ནོ། །གང་གིས་མ་རྟོགས་པ་ཡང་ཚད་མའི་ཡུལ་དུ་འགྱུར་བ་
རྟོགས་པའི་སྒོ་ནས་འཇུག་པའི་སྟོན་པ་ལས་ཚད་མའི་བྱ་བ་གཞན་ནི་ཡོད་པ་མ་ཡིན་ནོ། །དོན་འདི་ནི་འདི་དག་གིས་དོན་ཡོངས་སུ་བཅད་ནས་ཞེས་བྱ་བ་དེ་ཉིད་དུ་གཏན་ལ་ཕབ་ཟིན་ཏོ། །མཐོང་བའི་དངོས་པོ་དང་འབྲེལ་བ་ཅན་རྟོགས་པའི་དོན་དེ་ཡང་རང་གི་མཚན་ཉིད་དེ་ཁོ་ན་ཡིན་ཏེ། ཀུན་བརྟགས་པའི་ངོ་བོ་ནི་རང་གི་
མཚན་ཉིད་གཞན་དག་གིས་རང་བཞིན་ནམ་རྒྱུར་འགྱུར་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གལ་ཏེ་ཡང་དེ་དང་འབྲེལ་བའི་དངོས་པོའི་རང་གི་ངོ་བོ་ཉིད་རྟགས་ཡིན་མོད་ཀྱི། འོན་ཀྱང་དེ་དང་འབྲེལ་པའི་དངོས་པོའི་རང་བཞིན་སྨོས་པས་ཁྱད་པར་དུ་བྱས་པ་ནི་རང་གི་ངོ་བོས་སམ་སྒྲོ་བཏགས་པས་ཀྱང་རུང་སྟེ། ཤེས་པའི་སྣང་བ་ནི་འདི་འདྲ་བའི་
དངོས་པོའི་རྟགས་ཀྱི་འབྲེལ་པ་ཅན་དུ་རྣམ་པ་ཇི་ལྟར་ཡང་མི་འཐད་པ་དེའི་ཕྱིར་འདི་ཚད་མའི་ཡུལ་ནི་རྟོགས་པར་གྱུར་པ་རང་དང་འབྲེལ་པ་ཅན་གྱི་དངོས་པོ་གང་ཡིན་པ་དེ་ཡིན་ནོ་ཞེས་ཅི་ནས་ཀྱང་ཤེས་པར་བྱ་བའི་ཆེད་དུ་ཡིན་ནོ། །དེས་ན་སྣང་བའི་རང་གི་མཚན་ཉིད་ལ་ལྟོས་ནས། མེད་ན་མེད་པ་རྟོགས་པའི་ཕྱིར་རྗེས་སུ་དཔག་པའི་
ཚད་མའི་ཡུལ་ནི་རྟོགས་པའི་རང་གི་མཚན་ཉིད་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །གལ་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་ཡུལ་རང་གི་མཚན་ཉིད་གཅིག་ཉིད་ཡིན་ན། འོ་ན་སློབ་དཔོན་གྱིས་ཇི་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་དག་ཡུལ་ཐ་དད་པར་གསུངས་ཤེ་ན། བཤད་པ། སྣང་བ་རྣམ་པ་ཐ་དད་པས་
Vol. 188 · folio 179a
ན་གཟུང་བའི་དངོས་པོ་གཅིག་ལ་དོན་བྱེད་པར་ནུས་པ་ལ་འཁྲུལ་པ་དང་མི་འཁྲུལ་པ་ཅན་གསལ་བར་སྣང་བ་དང་མི་གསལ་བར་སྣང་བ་རྣམ་པ་འགལ་བ་གཉིས་པོ་དེ་མི་འཐད་པའི་ཕྱིར་ན་མེད་པའི་ཕྱིར་ནའོ། །གསལ་བ་དང་མི་གསལ་བ་དག་གིས་ཐ་དད་པའི་སྣང་བ་ནི་དངོས་པོ་གཅིག་ལ་མི་ལྡན་པ་མ་
ཡིན་ཏེ། ཐག་ཉེ་རིང་གི་བྱེ་བྲག་གིས་དངོས་པོ་གཅིག་ལ་ཡང་རྣམ་པ་ཐ་དད་པར་མཐོང་བའི་ཕྱིར་རོ། །འོན་ཀྱང་དོན་བྱེད་པར་ནུས་པ་ལ་མི་འཁྲུལ་བའི་རྣམ་པ་གསལ་བ་དང་ནུས་པ་ལ་འཁྲུལ་པའི་མི་གསལ་བའི་རྣམ་པ་གང་ཡིན་པ་དེ་དག་ནི་ཐ་དད་པར་བྱེད་པ་ཉིད་དེ། དེས་ན་དེ་ལྟ་བུར་གྱུར་པ་དག་གཅིག་ལ་མི་འཐད་པ་
ཡིན་ནོ། །དེ་ཉིད་རྣམ་པར་འགྲེལ་པར་བཤད་པ་ནི། ཕན་ཚུན་རྣམ་པ་མི་མཐུན་པ་དེ་དག་ནི་གཅིག་པར་འཐད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེའི་ཕྱིར་དམིགས་པ་ཉིད་ནི་ཡུལ་ཏེ། དེ་ཐ་དད་པས་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཚད་མའི་ཡུལ་ཐ་དད་དུ་བཤད་ཀྱི་ཚད་མའི་བྱ་བ་འཇུག་པའི་ཡུལ་རབ་ཏུ་སྟོན་པ་ཞེས་བྱ་བ་
གང་ཡིན་པའི་བྱ་བ་དེའི་ཡུལ་ཐ་དད་པ་ལས་ནི་མ་ཡིན་ནོ། །ཤེས་པ་རྣམས་ཀྱི་ཡུལ་ནི་རྣམ་པ་གཉིས་ཏེ། གཟུང་བ་དང་ཞེན་པའོ། །རྣམ་པར་རྟོག་པས་ནི་སྒྲོ་བཏགས་པའི་རང་བཞིན་འཛིན་ཅིང་དེ་དང་འདྲ་བའི་རང་གི་མཚན་ཉིད་ནི་ངེས་པར་བྱེད་པ་ཡིན་ནོ། །དབང་པོའི་ཤེས་པས་སྐད་ཅིག་མ་འཛིན་ཅིང་དེའི་སྟོབས་ཀྱིས་
སྐྱེས་པའི་ངེས་པ་ནི་སྐད་ཅིག་མ་དེའི་ཆ་ཤས་རྒྱུན་མཐོང་ངོ་སྙམ་དུ་ངེས་པ་ཡིན་ནོ། །དེ་ལ་གཟུང་བ་ཡུལ་ཐ་དད་ཀྱི་འཇུག་པའི་ཡུལ་ནི་མ་ཡིན་ཏེ། གཉི་གས་ཀྱང་དེར་ཞེན་པས་རང་གི་མཚན་ཉིད་ཁོ་ན་ལ་འཇུག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མངོན་སུམ་གྱི་གཟུང་བའི་ཡུལ་གང་ཡིན་པ་དེ་ནི་ཐོབ་པར་བྱ་བ་མ་ཡིན་ཏེ།
སྐད་ཅིག་མ་དེ་ནི་ཐོབ་པར་མི་ནུས་པའི་ཕྱིར་རོ། །འོན་ཀྱང་མངོན་སུམ་གྱི་སྟོབས་ལས་སྐྱེས་པའི་ཡུལ་ངེས་པའི་གཟུང་བའི་སྐད་ཅིག་མ་གང་ཡིན་པ་དེའི་རྒྱུན་ཡུལ་དུ་བྱེད་ལ། དེ་ཡང་ངེས་པར་བྱས་པའི་དོན་ཡིན་པ་དེས་ན་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་ཞེན་པར་བྱ་བའི་འཇུག་པའི་ཡུལ་ཁྱད་པར་མེད་པ་
ཡིན་ནོ། །དེས་ན་མངོན་སུམ་བཞིན་དུ་རྗེས་སུ་དཔག་པ་ཡང་གཟུང་བའི་ཡུལ་ཅན་དུ་རིགས་སོ་ཞེས་གང་སྨྲས་པ་དེ་ལ་གསལ་བ་ཡིན་ནོ། །གང་གི་ཕྱིར་མངོན་སུམ་གྱི་ཚད་མའི་ཡུལ་ཡང་གཟུང་བའི་སྐད་ཅིག་ཉིད་ནི་མ་ཡིན་གྱི། འོན་ཀྱང་ཞེན་པ་ཡིན་ནོ། །གལ་ཏེ་ཐ་དད་པ་ནི་དངོས་པོའི་ཡུལ་ཅན་མ་ཡིན་ནམ། རྗེས་
Vol. 188 · folio 179b
སུ་དཔག་པའི་གཟུང་བའི་དོན་ནི་སྒྲོ་བཏགས་པ་ཡིན་པས་དེ་ལ་ཐ་དད་པ་ག་ལ་ཡོད་ཅེ་ན། ཐ་དད་ཅེས་བྱ་བ་ཡང་ཞེས་སྨྲས་སོ། །ཐ་དད་པའི་སྒྲས་ནི་གཉི་གའི་གཟུང་བའི་དོན་གཅིག་ཡིན་པར་མི་འཐད་དོ་ཞེས་རྗེས་སུ་དཔག་པའི་ཡུལ་འདི་ཐ་མི་དད་པ་ཡིན་པ་བཀག་པ་ཉིད་བྱེད་པ་ཡིན་གྱི། དོན་དམ་པའི་ཡུལ་
ཐ་དད་པ་ཡིན་པར་ནི་བརྗོད་པ་མ་ཡིན་ནོ། །དེས་ན་ཐ་དད་པའི་ཚིག་ནི་འདིར་ཐ་མི་དད་པ་འགོག་པ་ལྷུར་བྱེད་པ་ཡིན་གྱི་དུ་མ་ཉིད་ནི་ལས་བསྒྲུབས་པ་ནི་མ་ཡིན་ནོ། །ཡང་ཅིའི་ཕྱིར་ཡུལ་དུ་མ་ཉིད་དུ་མི་བརྗོད་ཅེ་ན། སྨྲས་པ། རྗེས་སུ་དཔག་པ་ཉིད་རྣམ་པར་རྟོག་པ་སྟེ། དེ་ནི་ཡུལ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་
རོ། །གལ་ཏེ་ཡུལ་ཞིག་ཡོད་ན་ནི་ཐ་དད་པའམ་ཐ་མི་དད་པར་འགྱུར་བ་ཞིག་ན་དེ་ནི་ཡོད་པ་མ་ཡིན་ཏེ། རྣམ་པར་རྟོག་པ་རྣམས་ནི་ཡུལ་མེད་པ་ཅན་ཉིད་ཡིན་པའི་ཕྱིར་རོ། །ཅི་ལྟར་ཡུལ་མེད་པ་ཅན་ཉིད་ཡིན་ཞེ་ན། བཤད་པ། རྣམ་པར་རྟོག་པ་དེའི་སྣང་བ་གང་ཡིན་པ་དེ་ནི་གང་ཞིག་རང་གི་ཡུལ་དུ་འདོད་པ་
དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པའི་རྒྱུའི་ཕྱིར་རོ། །བདག་ཉིད་དུ་གྱུར་པ་མ་ཡིན་པ་མེ་ལ་སོགས་པ་རྗེས་སུ་དཔག་པས་ངེས་པ་གང་ཡིན་པ་དེ་དེའི་ཡུལ་དུ་འགྱུར་བ་ཡིན་ཞིང་དེ་ཡང་ཕྱི་རོལ་དུ་འདོད་པ་ཡིན་ནོ། །རྗེས་སུ་དཔག་པའི་སྣང་བ་ནི་ཕྱི་རོལ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་མ་
ཡིན་ཏེ། དེའི་ཕྱིར་དངོས་པོ་ངེས་པ་མ་ཡིན་པས་དངོས་པོ་མེད་པའི་ཡུལ་ཅན་ཡིན་པའི་ཕྱིར་རྣམ་པར་རྟོག་པའི་ཤེས་པ་ནི་ཡུལ་མེད་པ་ཅན་ཡིན་ནོ། །གང་ཞིག་གཟུང་བའི་ཡུལ་དངོས་པོ་ཡོད་པ་ཡིན་པ་དེའི་སྣང་བ་ནི་མངོན་པར་འདོད་པའི་ཡུལ་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་འགྱུར་བ་ཡིན་ཏེ། དཔེར་ན་
མངོན་སུམ་བཞིན་ནོ། །འདི་ནི་དེ་ལྟ་མ་ཡིན་པ་དེས་ན་ཡུལ་མེད་པ་ཅན་ཉིད་དོ། །འདི་སྙམ་དུ་རྣམ་པར་རྟོག་པའི་སྣང་བ་གསལ་བའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་པ་ཡིན་གྱི། རྟག་པ་ཡིན་པའི་ཕྱིར་གསལ་བ་ལ་བརྟེན་པའི་སྤྱི་ལ་ནི་འཁྲུལ་པ་ཡོད་པ་མ་ཡིན་ནོ། །དེ་ཡང་གསལ་བ་དང་འདྲ་བ་ཡིན་པའི་
ཕྱིར་གསལ་བའི་རང་བཞིན་ལྟ་བུར་ངེས་པར་གཟུང་བར་འགྱུར་བ་ཡིན་པ་དེས་ན་དེ་ཡུལ་དུ་འགྱུར་རོ་ཞེ་ན་བཤད་པ་སྤྱི་ཡང་དངོས་པོ་ལས་གཞན་དུ་ཐ་དད་པར་བརྗོད་པར་མི་ནུས་པའི་ཕྱིར་ཡུལ་མེད་པ་ཅན་ཉིད་དོ། །གལ་ཏེ་སྤྱི་གསལ་བ་ལས་ཐ་དད་པ་བསྒྲུབ་པར་ནུས་ན་ནི་གསལ་བ་ཡུལ་མ་ཡིན་ན་སྤྱི་ཡུལ་དུ་འགྱུར་བ་
Vol. 188 · folio 180a
ཞིག་ཡིན་ན་མི་ནུས་པ་དེའི་ཕྱིར་སྤྱིའི་ཡུལ་ཅན་ནི་ཡུལ་མེད་པ་ཅན་དུ་གྲུབ་པ་ཡིན་ནོ། །གང་ཡང་རྗེས་སུ་དཔག་པའི་སྣང་བའི་སྤྱི་ནི་ཡོད་ཀྱང་དོན་མ་ཡིན་ཏེ། མེ་མ་ཡིན་ནོ་ཞེས་བཤད་པ་དེ་ཙམ་གྱིས་ནི་རྗེས་སུ་དཔག་པའི་ཡུལ་མེད་པར་བརྗོད་པ་མ་ཡིན་ཏེ། སྣང་བའི་སྤྱི་ནི་ཡོད་ཀྱང་མེའི་རང་
བཞིན་གྱི་དོན་མ་ཡིན་ནོ། །རང་གི་ངོ་བོས་ནི་དོན་ཡིན་ལ་གཟུང་བར་བྱ་བ་ཡང་དེ་ཉིད་ཡིན་གྱི་གཞན་ནི་མ་ཡིན་པ་དེས་ན་རྗེས་སུ་དཔག་པའི་ཡུལ་ཡོད་པར་འགྱུར་རོ། །དེའི་ཕྱིར་འདི་བརྗོད་པ་ཡིན་ཏེ་རང་གི་སྣང་བ་ནི་དོན་མ་ཡིན་ཏེ། ཕྱི་རོལ་དུ་དོན་རྟོགས་པ་དོན་ཡིན་པའི་ཕྱིར་རོ། །ཕྱི་རོལ་ཡང་མ་ཡིན་ཏེ། དེའི་རྗེས་སུ་
འགྲོ་ལྡོག་གི་རྗེས་སུ་མི་བྱེད་པའི་ཕྱིར་རོ། །སྤྱི་ནི་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ། །དེས་ན་རྗེས་སུ་དཔག་པ་ནི་ཡུལ་མེད་པ་ཅན་ཉིད་དོ། །གཉི་གའི་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་ཚད་མ་གང་ཡིན་པ་དེའི་ཡུལ་དངོས་པོའི་རང་གི་མཚན་ཉིད་ཡིན་པ་དེའི་རྗེས་སུ་དཔག་པའི་བདག་ཉིད་ཀྱི་རྟགས་ལས་ནི་
སྤྱི་རྟོགས་ལ། གཞན་མངོན་སུམ་ལས་ནི་རང་གི་མཚན་ཉིད་ཡིན་ཞེས་ཅི་སྟེ་བརྗོད་འདི་ལྟར་གཉི་གས་ཀྱང་ཞེན་པར་བྱ་བ་དང་ཐོབ་པར་བྱ་བ་ནི་རང་གི་མཚན་ཉིད་ཁོ་ན་ཡིན་ལ། འདི་དག་གི་ཚད་མ་ཡང་ཞེན་པར་བྱས་པ་ཐོབ་པར་བྱ་བ་ལ་ལྟོས་པ་ཡིན་ནོ་ཞེ་ན། འདིར་ཅི་ལྟར་རང་གི་མཚན་ཉིད་ཁོ་ན་སྤྱིར་བརྗོད་པ་དེ་ལྟར་
བསྟན་པའི་དོན་དུ་བཤད་པ། མངོན་པར་འདོད་པའི་དགོས་པ་བསྒྲུབ་པའི་རང་བཞིན་དེ་གང་ལ་མེད་པ་དེ་ནི་དེ་མིན་རང་བཞིན་ནོ། །དེ་ལས་ལྡོག་པ་ནི་ཐ་དད་པའོ། །དེ་ཉིད་ནི་དངོས་པོ་ཙམ་མོ། །དེ་རབ་ཏུ་གྲུབ་པ་ནི་ཉེ་བར་འཇོག་པ་སྟེ། རྒྱུ་དེའི་ཕྱིར་རྟགས་གང་ལ་སྤྱིའི་ཡུལ་ཡོད་པ་དེ་ནི་དེ་སྐད་དུ་བཤད་དོ། །
གལ་ཏེ་རྟགས་ཀྱིས་དེ་མ་ཡིན་པའི་རང་བཞིན་ལས་ལོག་པའི་དངོས་པོ་ཉེ་བར་འཇོག་པར་བྱེད་པ་དེ་ལྟ་ན་ཡང་། དེ་མ་ཡིན་པའི་རང་བཞིན་ལས་ལོག་པ་དེ་ཉིད་དངོས་པོའི་རང་གི་མཚན་ཉིད་ཉེ་བར་འཇོག་པར་ཁྱད་པར་ཉིད་ཡིན་པ་དེའི་ཕྱིར་ཅི་ལྟར་སྤྱིའི་ཡུལ་ཅན་དུ་བརྗོད་ཅེ་ན། བཤད་པ། ཁྱད་པར་ཐ་དད་པ་གནས་
པ་མེད་པའི་ཕྱིར་རོ། །དེ་སོ་སོར་ངེས་པར་མི་གནས་པའི་ཕྱིར་རོ། །འདི་སྐད་བརྗོད་པ་ཡིན་ཏེ་འདིར་རང་གི་མཚན་ཉིད་ཉེ་བར་འཇོག་པར་མི་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་གང་ཞིག་དེའི་སོ་སོར་ངེས་པའི་རང་གི་མཚན་ཉིད་ཀྱི་རང་བཞིན་གཅིག་པུ་དེ་ངེས་པ་ཁོང་དུ་ཆུད་པར་མི་ནུས་པ་ཡིན་ཏེ། འདིའི་དོན་བྱེད་པར་
Vol. 188 · folio 180b
འགྱུར་བ་འདི་ཁོ་ན་དེའི་རང་བཞིན་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་རང་བཞིན་གཞན་ཡོངས་སུ་སྤངས་ནས་སོ་སོར་ངེས་པའི་རང་བཞིན་མ་ངེས་པའི་ཕྱིར་ཁྱད་པར་གནས་པ་མེད་པ་ཡིན་ནོ། །གང་ཡང་དེའི་དོན་བྱེད་པར་རུང་བའི་དོན་གྱི་རང་བཞིན་དེ་ནི་ཁྱད་པར་ཐམས་ཅད་ལ་ཁྱད་པར་ཡོད་པ་མ་ཡིན་ཏེ། དེས་ན་
རུང་བའི་རང་བཞིན་འཛིན་པའི་ཕྱིར་རྗེས་སུ་དཔག་པའི་ཡུལ་རང་གི་མཚན་ཉིད་ཡིན་ནོ། །གང་ཡང་དེ་ནི་འདི་འདྲ་བ་ཁོ་ན་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་གཅིག་གི་རུང་བའི་རང་བཞིན་དེ་ངེས་པར་ནུས་པ་མ་ཡིན་ནོ། །ཁྱད་པར་མ་ངེས་པའི་རུང་བ་འཛིན་པ་དེའི་རང་གི་མཚན་ཉིད་གང་ཡིན་པ་དེ་སྤྱི་ལྟ་བུ་དང་ཐུན་མོང་པ་
ལྟ་བུ་རྗེས་སུ་དཔག་པས་རྣམ་པར་འཇོག་པར་བྱེད་པའི་ཕྱིར་རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཡིན་གྱི་ཐུན་མོང་བའི་རང་བཞིན་གཅིག་རྟོགས་པའི་ཕྱིར་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དང་པོ་ཁོ་ནར་དེ་མ་ཡིན་པའི་རང་བཞིན་ལས་ལྡོག་པའི་དངོས་པོ་ཙམ་རྟོགས་པ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འདི་ལྟར་འདིའི་
རང་བཞིན་ཞེས་བསྒྲུབས་པའི་ཚུལ་དུ་བསྟན་ན་ནི་ཁྱད་པར་ཅན་གྱི་རང་བཞིན་ཡང་ཉེ་བར་འཇོག་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེའི་རང་བཞིན་མ་ཡིན་པ་ལས་ལྡོག་པའི་ངོ་བོ་ནི་ཐམས་ཅད་ལ་ཁྱད་པར་མེད་པ་ཡིན་པའི་ཕྱིར་དེའི་སྒོ་ནས་སྤྱིའི་ཡུལ་ཅན་དུ་བཤད་དོ། །དེ་ཉིད་རྣམ་པར་འགྲེལ་པར་བཤད་
པ་ནི། གང་གི་ཕྱིར་བཙོ་བ་དང་བསྲེག་པ་ལ་སོགས་པའི་དགོས་པ་གང་དང་ལྡན་པའི་དོན་དེ་དག་ཤེས་པར་འདོད་པའི་དོན་བྱེད་པ་དོན་དུ་གཉེར་བ་ལ་དེ་ལས་བཟློག་པ་ཕྱིན་ཅི་ལོག་ཏུ་གྱུར་པའི་དོན་དེ་ལས་ཐ་དད་པ་དང་ལྡན་པའི་དོན་ཙམ་ཞིག་རྟགས་ཀྱི་ཉེ་བར་འཇོག་པར་བྱེད་དེ། སྟོན་པར་བྱེད་པའི་ཕྱིར་རོ། །དེའི་
ཕྱིར་འདིའི་ཡུལ་ནི་སྤྱི་ཡིན་ནོ། །འདི་སྐད་བཤད་པ་ཡིན་ཏེ། མང་པོ་རྣམས་ཀྱི་རང་བཞིན་ཐུན་མོང་བ་གང་ཡིན་པ་དེ་དེས་ཉེ་བར་འཇོག་པ་ནི་མ་ཡིན་གྱི། འོན་ཀྱང་རྟགས་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་གཅིག་ཉིད་ངེས་པར་འཇོག་མི་ནུས་པ་དེས་ན་སྤྱིའི་ཡུལ་ཡིན་ནོ། །སྤྱིའི་དོན་ནི་ཁྱད་པར་མེད་པའི་དོན་
ཡིན་གྱི། ཐུན་མོང་གི་ནི་དོན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ཉིད་སྟོན་པར་བྱེད་པ་ནི་དོན་རྟོགས་དེ་ལས་ཐ་དད་པ་ཁྱད་པར་གནས་པ་མེད་པའི་ཕྱིར་ཏེ། མི་རྟོགས་པའི་ཕྱིར་རོ། །དངོས་པོ་རང་གི་མཚན་ཉིད་ཡོད་པ་ནི་རང་གི་ངོ་བོས་ཏེ། དེ་བསྐལ་པ་ནི་ཉེ་བར་མི་འཇོག་པའོ། །འདི་སྐད་དུ།
Vol. 188 · folio 181a
དངོས་པོ་ཡོད་པ་སྟོན་པ་ཡིན་ཡང་མ་ངེས་པར་སྟོན་པའི་ཕྱིར་ན་རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཡང་ཅིའི་ཕྱིར་རྟགས་ལས་ཁྱད་པར་ངེས་པར་གནས་པ་མེད་ཅེ་ན། བཤད་པ། འབྲས་བུ་ལ་སོགས་པའི་རང་བཞིན་གྱི་རྟགས་རྟོགས་པ་ངེས་པ་ཡང་དེ་ལྟ་
བུའི་རང་བཞིན་ཡིན་པའི་ཕྱིར་ཏེ། སྤྱིའི་རང་བཞིན་ཡིན་པའི་ཕྱིར་རོ། །བསམ་པ་ནི་འདི་ཡིན་ཏེ། གང་གི་ཚེ་བསྒྲུབ་བྱ་དང་འབྲེལ་པར་ངེས་པ་དེའི་ཚེ་རྟགས་ཀྱང་སྤྱིའི་རང་བཞིན་དང་སྤྱིའི་ཡུལ་ཅན་དུ་ངེས་པ་ཡིན་ནོ། །འདི་ལྟར་མེའི་ཡུལ་ཅན་རྣམ་པ་ཅན་གྱི་ཤེས་པའི་རྒྱུ་ཉིད་ཀྱིས་མེ་དུ་བའི་རྒྱུ་ཉིད་ངེས་པ་ཡིན་ལ་དེའི་
ཤེས་པའི་ཡུལ་ཉིད་དུ་ནི་མེ་ཐམས་ཅད་ཁྱད་པར་མེད་པའི་ཕྱིར་དུ་བའི་རྒྱུ་སྤྱིར་ངེས་པ་ཡིན་ནོ། །དུ་བ་ཡང་མགྲིན་པ་དང་མིག་རྣམ་པར་འགྱུར་བའི་རྒྱུ་ཉིད་ཀྱིས་རྣམ་པ་གཅིག་ཏུ་འཛིན་པའི་རྒྱུར་གྱུར་པ་ཉིད་དེའི་འབྲས་བུར་ངེས་པ་ཡིན་ནོ། །དེའི་ཕྱིར་གང་གིས་ན་རྗེས་སུ་དཔག་པར་འགྱུར་བ་ཚང་བང་དུ་མཐོང་བ་ལས་ཕྱོགས་
གཞན་ན་ཡོད་པའི་དུ་བ་མེའི་འབྲས་བུར་ངེས་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་རྟག་པའི་དངོས་པོ་ལས་བཟློག་པས་རྣམ་པར་གནས་པའི་མི་རྟག་པ་ཉིད་གང་ཡིན་པ་དེ་དང་བྱས་པ་ཉིད་འབྲེལ་པར་ངེས་ཤིང་། བྱས་པ་ཉིད་ཀྱང་མ་བྱས་པ་ལས་བཟློག་པས་རྣམ་པར་གནས་པ་མཐའ་དག་ལ་སྤྱིའི་རང་བཞིན་དུ་ངེས་པ་ཡིན་ཏེ།
དེའི་བདག་ཉིད་ནི་གནོད་པའི་ཚད་མས་ངེས་པ་ཡིན་ལ། དེ་ཡང་ཕྱོགས་གཅིག་ལ་འཇུག་པ་ནི་མ་ཡིན་གྱི། འོན་ཀྱང་དོན་ཐམས་ཅད་བསྡུས་པའི་ཡུལ་ཅན་ཡིན་ཏེ། མཉན་པར་བྱ་བ་ཉིད་ཐུན་མོང་མ་ཡིན་པར་བསྒྲུབ་པ་ན་འཆད་པར་འགྱུར་རོ། །རྟགས་དེ་ཡང་སྤྱིའི་རང་བཞིན་དང་ཐུན་མོང་གི་རྣམ་པའི་རྟགས་ཅན་
དང་འབྲེལ་པ་ངེས་པ་ཡིན་པའི་ཕྱིར་རྟགས་དེ་ལས་རྟོགས་པ་ཡང་དེ་ལྟ་བུ་ཉིད་དུ་རིགས་སོ། །རྗེས་སུ་འགྲོ་བ་ལ་ལྟོས་པའི་ཕྱིར་རོ། །ཉེ་བའི་རང་གི་མཚན་ཉིད་ལ་ཡང་འབྲེལ་པ་ཐུན་མོང་བའི་ཡུལ་ཅན་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་བསྒྲུབ་བྱ་རྟོགས་པའི་དུས་སུ་ཡང་ཡིན་ནོ། །རྟགས་དེ་ནི་རྗེས་སུ་འགྲོ་བའི་བསྒྲུབ་པར་བྱ་བ་གང་ཡིན་
པ་དེ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཡིན་ནོ། །སོ་སོར་ངེས་པའི་ཁྱད་པར་ནི་དཔེ་དང་བསྒྲུབ་པར་བྱ་བའི་ཆོས་ཅན་ཁྱད་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་འབྲས་བུ་དེ་བྱེད་པ་ལ་ནུས་པ་ཐུན་མོང་བ་ཉིད་ཡིན་ནོ། །གང་ཞིག་དཔེའི་ཆོས་ཅན་ལ་ཡང་མཐོང་བ་དེ་རྗེས་སུ་འགྲོ་བའི་བསྒྲུབ་པར་བྱ་བའི་ཆོས་ཅན་ཉིད་ལ་གནས་པ་སོ་སོར་ངེས་པའི་
Vol. 188 · folio 181b
རང་བཞིན་གང་ཡིན་པ་དེས་ནི་རྗེས་སུ་འགྲོ་བ་མ་ཡིན་ནོ། །དཔེའི་ཆོས་ཅན་ལ་མཐོང་བའི་རྗེས་སུ་འགྲོ་བ་ལ་ལྟོས་པའི་ཕྱིར་ན་རྟགས་ནི་སྤྱིའི་ཡུལ་ཅན་ཡིན་ནོ། །དེའི་བསྡུས་པའི་དོན་ནི་འདི་ཡིན་ཏེ། རྟགས་ཀྱང་སྤྱིའི་རང་བཞིན་ནི་སྤྱི་དང་འབྲེལ་པར་ངེས་པ་ཡིན་ལ། རྗེས་སུ་དཔག་པར་བྱ་བ་རྟོགས་པའི་ཡུལ་ན་ཡང་དཔེའི་
ཆོས་ཅན་ལ་མཐོང་བའི་རང་བཞིན་རྗེས་སུ་འགྲོ་བ་ཐུན་མོང་བ་དང་ལྡན་པའི་རྟགས་ལ་བརྟེན་ནས་བསྒྲུབ་པར་བྱ་བ་རྟོགས་པར་འགྱུར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྣམ་འགྲེལ་ལས། འབྲེལ་པ་དྲན་པས་བར་དུ་ཆོད་པའི་རྟགས་ལས་ལྐོག་ཏུ་གྱུར་པའི་དོན་རྟོགས་པར་བཤད་པ་ཡིན་ནོ། །དེས་ན་བསྒྲུབ་པར་བྱ་བ་རྟོགས་
པའི་དུས་སུ་རྟགས་གང་གིས་ཁྱབ་པར་རྗེས་སུ་འགྲོ་བ་རྟོགས་པ་དེའི་སྒྲུབ་པར་བྱེད་པ་ཡིན་ལ། འབྲེལ་པ་འཛིན་པའི་དུས་སུ་ཡང་ཐུན་མོང་གི་རང་བཞིན་གྱི་རྟགས་རྣམ་པ་ཅི་ལྟ་བུའི་བསྒྲུབ་བྱའི་ཆོས་དང་འབྲེལ་པ་མཐོང་བ་དེ་ཉིད་ཀྱི་སྒྲུབ་པར་བྱེད་པ་ཡིན་པར་རིག་པ་ཡིན་ནོ། །དེ་ཡང་ཁྱད་པར་མེད་པ་ཡིན་པའི་ཕྱིར་གཏན་
ཚིགས་གཉི་གས་རྟགས་སྤྱིའི་ཡུལ་ཅན་དུ་བརྗོད་པ་ཡིན་ནོ། །ད་ནི་རྗེས་སུ་དཔག་པ་སྤྱིའི་ཡུལ་ཅན་ཉིད་གསལ་བར་བྱ་བའི་ཕྱིར་མངོན་སུམ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་སྟོན་པར་བྱེད་དོ། །ཅིག་ཤོས་མངོན་སུམ་ནི་མཐོང་བའི་ཁྱད་པར་དེ་ལས་གཞན་དུ་གྱུར་པའི་ཁྱད་པར་ནི་ཁྱད་པར་གཞན་ཏེ། རྒྱུན་གཞན་ནོ། །དེ་
འཛིན་པ་ནི་རྟོགས་པའོ། །དེ་དབེན་པ་ནི་བྲལ་བ་སྟེ། དེ་དང་བྲལ་བའི་རྒྱུས་ན་སོ་སོར་གནས་པ་སོ་སོར་ངེས་པ་གང་ཡིན་པ་དེའི་རང་བཞིན་གྱིས་རྣམ་པ་དང་ལྡན་པར་བྱེད་པ་རང་བཞིན་དང་ལྡན་པར་བྱེད་པས་ན་རྣམ་པ་ཅན་ཡིན་ནོ། །འདི་ལྟར་རྩྭ་ལས་བྱུང་བ་དང་སེང་ལྡེང་ལས་བྱུང་བ་ལ་སོགས་པ་མདུན་ན་གནས་པའི་
དོན་ཁྱད་པར་གྱི་ཁོངས་སུ་གཏོགས་པའི་དོན་དོན་གཞན་དུ་རྟོགས་པ་དང་འབྲེལ་པ་རྟོགས་པ་ཡིན་ནོ། །དེས་ན་རང་གི་མཚན་ཉིད་དེ་མངོན་སུམ་གང་ལ་རང་གི་ངོ་བོའི་ཡུལ་ཡོད་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །འདིར་སྐད་ཅིག་གི་ཁྱད་པར་གྱིས་ཐ་དད་པར་ནི་མི་རྟག་སྟེ། གང་གི་ཕྱིར་ཁྱད་པར་གང་ལ་མངོན་སུམ་གྱིས་
སྟོབས་ཀྱིས་ངེས་པའི་ཤེས་པ་སྐྱེས་པའི་ཁྱད་པར་དེ་ཉིད་ཀྱིས་མངོན་སུམ་དོན་དང་ལྡན་པར་བརྗོད་པ་ཡིན་ན། སྐད་ཅིག་མ་ཉིད་ལ་ནི་ཞེན་པའི་ཤེས་པ་ཡོད་པ་མ་ཡིན་ཏེ། དེའི་དེས་ནི་མངོན་སུམ་དོན་དང་ལྡན་པ་མ་ཡིན་ནོ། །སྐད་ཅིག་གི་དངོས་པོ་ནི་མངོན་སུམ་གྱིས་ཐོབ་པར་ཡང་མི་ནུས་ཏེ། དེས་ན་མངོན་སུམ་
Vol. 188 · folio 182a
གྱི་ཚད་མ་ནི་དེའི་ཡུལ་ཅན་མ་ཡིན་གྱི། འོན་ཀྱང་དེའི་རྒྱུན་གྱི་ཁོངས་སུ་གཏོགས་པའི་སྐད་ཅིག་གཞན་ཡུལ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཚད་མ་རྣམས་ཀྱི་འཇུག་པའི་ཡུལ་ནི་ངེས་པའི་དོན་ཡིན་ནོ། །དེའི་ཕྱིར་མངོན་སུམ་གྱིས་སོ་སོར་ངེས་པའི་རྒྱུན་རྒྱུན་གཞན་གྱིས་དབེན་པའི་རང་བཞིན་དུ་
གཟུང་བས་མངོན་སུམ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནོ། །རང་ལས་དེ་བདག་ཉིད་ལས་དོན་རྟོགས་པ་ཡིན་པའི་རྒྱུའི་ཕྱིར་རོ། །གང་གི་ཕྱིར་རང་ཉིད་ལས་དོན་དེ་རྟོགས་པ་ཡིན་གྱི། གཞན་རྟགས་ལས་ནི་མ་ཡིན་པ་དེའི་ཕྱིར་ཁྱད་པར་ངེས་པ་རྟོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །རྟོགས་པ་གང་ལ་རྒྱུའི་ཡན་
ལག་གཞན་ཡོད་པ་གཞན་དང་འབྲེལ་པ་ལས་རྟོགས་པ་དེ་ནི་ཁྱད་པར་ངེས་པའི་ཡུལ་ཅན་མ་ཡིན་ཏེ། སྒྲུབ་པར་བྱེད་པ་གཞན་དེ་ཉིད་ལ་ནུས་པ་མེད་པའི་ཕྱིར་རོ། །ཇི་ལྟར་ནུས་པ་མེད་ཅེ་ན། གང་གི་ཕྱིར་ཐུན་མོང་གི་རང་བཞིན་གྱིས་རྟགས་ཐུན་མོང་གི་རང་བཞིན་དང་འབྲེལ་པ་ཤེས་ཤིང་དཔེའི་ཆོས་ཅན་
དང་ཐུན་མོང་པའི་རང་བཞིན་དུ་ཁྱབ་པ་ཡང་ཤེས་ནས་བསྒྲུབ་པར་བྱ་བ་རྟོགས་པར་བྱ་བ་ཡིན་ནོ། །བསྒྲུབ་པར་བྱ་བའི་ཆོས་ཅན་ལ་རྟགས་བསྒྲུབ་བྱ་མེད་ན་མི་འབྱུང་བ་ཉིད་དུ་རྟོགས་པ་གང་ཡིན་པ་དེ་ཉིད་ནི་བསྒྲུབ་བྱ་རྟོགས་པ་ཡིན་ནོ། །རྟགས་ནི་སྒྲོན་མ་བཞིན་དུ་ལྐོག་ཏུ་གྱུར་པའི་དོན་གསལ་བར་བྱེད་པ་ནི་མ་ཡིན་
ནོ། །དེའི་ཕྱིར་རྟགས་གཞན་དེ་ཉིད་ནི་ཁྱད་པར་ཉེ་བར་འཇོག་པར་ནུས་པ་མ་ཡིན་ནོ། །འོ་ན་དེ་ཅི་ལྟར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ཞེ་ན། བཤད་པ། རང་གི་མཚན་ཉིད་ཀྱི་དོན་ལ་མི་སླུ་བ་ནི་ངེས་པ་སྔོན་དུ་འགྲོ་བ་ཅན་གྱི་ཐོབ་པར་བྱེད་པ་སྟེ། མི་སླུ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་གཉི་ག་ཡང་
མཚུངས་པའི་ཕྱིར་གཉི་གའི་ཚད་མ་ནི་དངོས་པོའི་ཡུལ་ཅན་ཉིད་དོ། །དེའི་ཕྱིར་དེ་ལྟར་མངོན་སུམ་གྱི་གཟུང་བ་ནི་རང་གི་མཚན་ཉིད་ཡིན་ལ་རྗེས་སུ་དཔག་པའི་ནི་སྤྱི་ཡིན་ནོ། །ཇི་ལྟར་གཟུང་བ་དང་དངོས་པོ་མ་ཡིན་པའི་ཕྱིར་དེ་ལ་ལྟོས་ནས་ཚད་མ་མ་ཡིན་པ་དེ་བཞིན་དུ། མངོན་སུམ་ཡང་གཟུང་བའི་ཡུལ་སྐད་ཅིག་མ་ཅིག་
ལ་ཚད་མ་མ་ཡིན་ཏེ། དེ་ཐོབ་པར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཚད་མ་གཉི་ག་ཡང་ངེས་པར་བྱས་པའི་རྒྱུན་ལ་ལྟོས་ན་རང་གི་མཚན་ཉིད་ཀྱིས་ཡུལ་ཅན་དུ་མཚུངས་སོ། །འོན་ཀྱང་སོ་སོར་ངེས་པའི་རྒྱུད་བདག་ཉིད་ཀྱི་རང་བཞིན་གྱིས་དོན་བྱེད་པ་རྒྱུད་གཞན་གྱིས་དབེན་པར་ཉེ་བར་འཇོག་པར་བྱེད་པའི་ཕྱིར་མངོན་སུམ་
Vol. 188 · folio 182b
རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ལ། རྗེས་སུ་དཔག་པས་ནི་རྒྱུན་གཞན་ལས་རྣམ་པར་བཅད་པའི་སོ་སོར་ངེས་པའི་ཁྱད་པར་གཅིག་ཉིད་འཇོག་པར་མི་ནུས་པའི་ཕྱིར་སྤྱིའི་ཡུལ་ཅན་ཡིན་ནོ། །ཡུལ་ལ་ལོག་པར་རྟོགས་པའི་ལྷག་མ་བསལ་ནས། ཚུལ་གསུམ་རྟགས་ལས་ཞེས་གང་བཤད་པའི་ཚུལ་གསུམ་པ་དེ་ཉིད་
བསྟན་པའི་ཕྱིར་བཤད་པ། འཆད་པར་འགྱུར་བའི་རྗེས་སུ་དཔག་པར་བྱ་བའི་རང་བཞིན་ལ་ཡོད་པ་དང་། དེ་དང་མཚུངས་པ་མཐུན་པའི་ཕྱོགས་ལ་ཡོད་པར་ངེས་པ་དང་། མེད་པ་མི་མཐུན་པའི་ཕྱོགས་ལ་མེད་པར་ངེས་པའོ། །རྗེས་སུ་དཔག་པར་བྱ་བ་ཡང་གང་ཞེ་ན། བཤད་པ། ཤེས་པར་འདོད་པ་སྟེ།
ཤེས་པར་བྱ་བའི་དོན་དུ་འདོད་པའི་བྱེ་བྲག་གང་ལ་ཡོད་པ། དེ་ལ་དེ་སྐད་ཅེས་བྱ་སྟེ། རྗེས་སུ་དཔག་པར་བྱ་བ་ནི་ཆོས་ཅན་ཡིན་ནོ། །རྗེས་སུ་དཔག་པར་བྱ་བའི་ཐ་སྙད་ནི་རྣམ་པ་གསུམ་ལ་ཡིན་ཏེ། སྒྲུབ་པར་བྱེད་པ་ལས་རྟོགས་པ་ཆོས་དང་ཆོས་ཅན་གྱི་སྤྱི་གང་ཡིན་པ་དེ་ནི་དངོས་སུ་རྗེས་སུ་དཔག་པར་བྱ་བ་
ཡིན་ཞིང་། ཁྱབ་པའི་ཡུལ་བསྒྲུབ་པར་བྱ་བའི་ཆོས་དང་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་ཡུལ་ཆོས་ཅན་ནི་བཏགས་ནས་རྗེས་སུ་དཔག་པ་ཡིན་ནོ། །འདིའི་ཡུལ་ལ་སྤྱིའི་ནི་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཏེ། དེ་ལྟ་བུའི་སྤྱི་ལ་རྟགས་མ་གྲུབ་པའི་ཕྱིར་རོ། །དེ་མ་གྲུབ་ན་ཡང་རྟགས་ཉིད་མ་ཡིན་ཏེ། བསྒྲུབ་པར་
བྱ་བ་མེད་པའི་ཕྱིར་རོ། །ཆོས་ཙམ་ཡང་འདིར་རྗེས་སུ་དཔག་པར་བྱ་བ་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པའི་སྒོ་ནས་དེ་ལྟ་བུའི་ཆོས་ཙམ་ལ་ཡོད་པར་འཆད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཆོས་ཅན་ཉིད་རྗེས་སུ་དཔག་པར་བྱ་ཞེས་ཁྱད་པར་དུ་བྱས་པ་ཡིན་ནོ། །འདིར་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་མཚན་
ཉིད་ཀྱི་སྐབས་འདིར་རོ། །རྗེས་སུ་དཔག་པར་བྱ་བ་དེ་ལ་མཐོང་བ་ནི་ངེས་པ་སྟེ། ས་ཕྱོགས་སུ་དུ་བ་ནི་མངོན་སུམ་གྱིས་ཡིན་ལ། སྒྲ་ལ་བྱས་པ་ཉིད་ནི་རྗེས་སུ་དཔག་པས་ཡིན་ནོ། །དེ་ལ་ཡོད་པ་ཚད་མ་ལས་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་བཞིན་དུ་དེ་དང་མཚུངས་པ་ཉིད་དེ་མཐུན་པའི་ཕྱོགས་ལ་
ཡང་ངོ་། །ཉིད་ཀྱི་སྒྲས་ནི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་སྟོན་པ་ཡིན་ལ། ཡང་གི་སྒྲ་ནི་སྡུད་པའོ། །རྗེས་སུ་དཔག་པར་བྱ་བའི་ཆོས་ཅན་གྱི་ཁྱད་པར་དུ་བྱས་པ་ནི་རྣམ་པར་བཅད་པར་གཞན་དཔེའི་ཆོས་ཅན་ལ་ཡོད་པ་སྲིད་པ་ནི་འགལ་ལོ། །དེ་སྟེ་ཡང་ཆོས་ཅན་གྱིས་ཁྱད་པར་དུ་མི་བྱེད་ན་ནི་དེའི་ཚེ་རྗེས་
Vol. 188 · folio 183a
སུ་དཔག་པར་བྱ་བའི་ཆོས་གཏན་ཚིགས་ཡིན་ནོ་ཞེས་གཏན་ཚིགས་རྗེས་སུ་དཔག་པར་བྱ་བའི་ཆོས་མ་ཡིན་པར་འགྱུར་ན་འདོད་པ་ནི་ཡིན་ནོ། །དོན་ནི་འདི་ཡིན་ཏེ། དཔེར་ན་རྒྱལ་པོའི་སྐྱེས་བུ་གཞན་ལས་རྣམ་པར་གཅད་པ་དེ་བཞིན་དུ་རྗེས་སུ་དཔག་པར་བྱ་བས་ཀྱང་ཆོས་ཆོས་ཅན་གཞན་
ལ་རྣམ་པར་གཅོད་པ་ཡིན་ནོ་ཞེས་གཞན་དོགས་པ་ལ་མ་ཡིན་ཏེ་ཞེས་སྨོས་ཏེ། གཞན་ལ་ཡོད་པ་འགལ་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མི་ལྡན་པ་མ་འབྲེལ་པ་རྣམ་པར་གཅོད་པ་བཟློག་པའི་རྒྱུས་ནི་ཆོས་ཁྱད་པར་བྱས་པའི་ཕྱིར་རོ། །འདི་སྐད་བཤད་པ་ཡིན་ཏེ། མི་ལྡན་པ་རྣམ་པར་གཅད་པ་ཉིད་བྱས་
ནས་ཆོས་ཅན་གྱི་ཆོས་རྣམ་པར་གཅད་ཀྱི། གཞན་དང་ལྡན་པ་རྣམ་པར་གཅོད་པ་ནི་མ་ཡིན་ནོ། །ཅི་གང་གིས་མ་འབྲེལ་པ་རྣམ་པར་གཅོད་པ་ཞེས་ཁྱད་པར་དུ་བརྗོད་པ་རྣམ་པར་གཅོད་པ་རྣམ་པ་དུ་མ་ཡོད་དམ་ཞེ་ན། ཡོད་དོ་ཞེས་བརྗོད་དོ། །ཆོས་ཅན་གྱི་གཞན་གྱི་དབང་བརྟེན་པ་ཆོས་ཀྱི་ཚིག་ཕྲད་ཉིད་ཅེས་བྱ་
བའི་སྒྲ་ཐ་དད་པར་བྱེད་པ་ཡིན་པས་མི་ལྡན་པ་མ་འབྲེལ་པ་དང་། གཞན་དང་ལྡན་པ་གཞན་དང་འབྲེལ་པ་དང་། གཏན་མི་ལྡན་པ་ཤིན་ཏུ་མི་སྲིད་པ་རྣམ་པར་གཅོད་བྱེད་ཟློག་པར་བྱེད་དོ། །ཉིད་ཀྱི་སྒྲ་ནི་རྣམ་པར་གཅོད་པ་ནི་འདི་ཙམ་མོ་ཞེས་རྣམ་པར་གཅོད་པ་ངེས་པར་སྟོན་ཏོ། །དང་གི་སྒྲས་ནི་ཡོད་པའི་
དངོས་པོ་སྡུད་པའོ། །ཡང་ཇི་ལྟར་ན་ཚིག་ཕྲད་གཅིག་གིས་བརྗོད་པར་བྱ་བའི་དོན་ཕན་ཚུན་འགལ་བ་གསུམ་འཇོག་པར་ནུས་ཤེ་ན། རྒྱུ་མཚན་བསྟན་པའི་ཕྱིར་སྨྲས་པ་ནི་ཁྱད་པར་དང་ཁྱད་པར་ཅན་ཏེ། དེ་དག་གི་རྗོད་པར་བྱེད་པ་དག་དང་ལྷན་ཅིག་བརྗོད་པ་དང་། བྱ་བ་ཞེས་བྱ་བའི་ཚིག་དང་ལྷན་ཅིག་བརྗོད་པའོ། །
འདི་ལ་བསམ་པ་ནི་འདི་ཡིན་ཏེ། ཚིག་ཕྲད་ནི་གསལ་བར་བྱེད་པ་ཡིན་ལ། གསལ་བར་བྱེད་པ་ལས་ནི་ཚིག་གཞན་གྱིས་བརྗོད་པར་བྱ་བའི་དོན་ཕྱིས་འབྱུང་བའི་ཁྱད་པར་གང་ཡིན་པ་དེ་གསལ་བར་བྱེད་པ་ཡིན་གྱི། རང་དབང་དུ་ནི་བརྗོད་པར་བྱ་བའི་དོན་དང་ལྡན་པ་མ་ཡིན་ནོ། །དེས་ན་གསལ་བར་བྱེད་པའི་ཚིག་གང་
དང་འབྲེལ་པར་བརྗོད་པ་དེས་ནི་ཚིགས་དེར་གཏོགས་པའི་ཁྱད་པར་གསལ་བར་བྱ་བ་མ་ཡིན་གྱི། གཞན་ནི་འགའ་ཡང་མ་ཡིན་ནོ། །དེའི་ཕྱིར་འདིའི་དོན་ནི་ཚིག་གཞན་དང་འབྲེལ་བས་རྣམ་པར་འཇོག་པར་བྱེད་དོ། །ཁྱད་པར་ནི་འདིར་བརྟེན་པ་སྟེ་ཆོས་ལ་བྱའོ། །ཁྱད་པར་ཅན་ནི་ཆོས་ཅན་ལ་བརྗོད་དོ། །དེས་ན་རྗེས་སུ་དཔག་
Vol. 188 · folio 183b
པར་བྱ་བ་ལ་ཞེས་བདུན་པའི་མཐའ་ཅན་ཡིན་ཡང་ཁྱད་པར་ཅན་ཉིད་དོ། །རྟེན་ཡིན་པའི་ཕྱིར་རོ། །ཆོས་ནི་དང་པོའི་མཐའ་ཅན་ཡིན་ཡང་ཁྱད་པར་ཉིད་དེ་བརྟེན་པའི་ཕྱིར་རོ། །འོ་ན་ནི་གང་གི་ཚེ་ཚིག་ཕྲད་མ་སྦྱར་བ་དེའི་ཚེ་ཇི་ལྟར་རྣམ་པར་བཅད་པ་རྟོགས་པར་བྱ་ཞེ་ན། སྨྲས་པ། དེ་སྦྱར་མེད་ཀྱང་བརྗོད་འདོད་དེ་བརྗོད་པར་འདོད་པ་ལས་ཚིག་ཕྲད་
དེའི་དོན་གང་ཡིན་པ་རྟོགས་པར་འགྱུར་ཏེ། གང་གིས་གང་སྦྱར་བ་དེ་ལས་དོན་དེ་རྟོགས་པར་འགྱུར་རོ། །གང་གི་ཕྱིར་གལ་ཏེ་དོན་དེ་སྟོན་པར་མི་འདོད་ན་ནི་ངག་སྦྱར་བ་དོན་མེད་པར་འགྱུར་རོ། །ཅི་ལྟར་དོན་མེད་ཅེ་ན། བཤད་པ། གང་ཕྱིར་ཏེ་གང་གི་ཕྱིར་དག་གང་ལ་འབྲས་བུ་རྣམ་པར་གཅོད་པ་ཡོད་པ་སྟེ་དེའི་ཕྱིར་རོ། །
དཔེར་ན་ཆུ་འོན་ཅིག་ཅེས་སྨྲས་པ་ན། གལ་ཏེ་ཆུའམ་གཞན་ཡང་རུང་བ་ཞིག་ཁྱེར་ཏེ་འོང་བར་འདོད་ན་ནི་ཆུ་སྨོས་པ་དོན་མེད་པར་འགྱུར་རོ། །ཅི་སྟེ་ཡང་ཁྱེར་ཏེ་འོང་བར་མི་འདོད་ན་ནི། འོན་ཅིག་ཅེས་སྨོས་པ་དོན་མེད་པར་འགྱུར་རོ། །དེ་བཞིན་དུ་ཚིག་གི་དོན་དུ་མ་བསྡུས་པའི་བདག་ཉིད་ངག་གི་དོན་ཀྱང་སྐབས་ཀྱི་དབང་གིས་
རྣམ་པ་ཅི་ཞིག་ལྟར་རྣམ་པར་གཅད་པ་སྨྲ་བ་པོ་དག་གི་འབྲས་བུར་འདོད་པ་ཡིན་ནོ། །འདི་ལྟར་གལ་ཏེ་ནག་པ་འཕོང་མི་སྐྱེན་ན། འཕོང་སྐྱེན་ཞེས་མི་བརྗོད་ཅིང་། དེ་བཞིན་དུ་འཕོང་སྐྱེན་པ་ཕུལ་དུ་བྱུང་བ་གཞན་ཡང་ཡོད་ན་སྲིད་སྒྲུབ་འཕོང་སྐྱེན་པར་བརྗོད་པར་མི་བྱ་སྟེ། དེ་འཕོང་སྐྱེན་པ་ནི་གྲུབ་པའི་ཕྱིར་རོ། །
གལ་ཏེ་སྔོན་པོ་པདྨ་མི་སྲིད་ན་ནི་སྔོན་པོ་ཞེས་བརྗོད་པར་མི་བྱའོ། །དེས་ན་གང་གི་དོན་བསྟན་པར་འདོད་པའི་བརྗོད་པར་འདོད་པ་གང་ཡིན་པ་དེ་ལས་ངེས་པར་གཟུང་བའི་དོན་རྟོགས་པ་ཉིད་དོ། །རྣམ་པར་གཅོད་པ་རྣམ་པ་གསུམ་ཀ་ལ་ཡང་དཔེ་སྟོན་པ་ནི་དཔེར་ན་ནག་པ་འཕོང་སྐྱེན་པའམ་ཞེས་བྱ་བ་ལ་སོགས་
པའོ། །འདི་ལ་གཞན་རྟོགས་པའི་དོན་དུ་ངག་སྦྱོར་བ་ན་ཕ་རོལ་པོས་རྨོངས་པ་གང་དོགས་པར་བྱས་པ་དེ་ཉིད་རྣམ་པར་གཅད་པར་བྱ་བ་ཡིན་ནོ། །ནག་པ་ནི་འཕོང་སྐྱེན་པར་འཇིག་རྟེན་ན་གྲགས་པ་མེད་དོ། །དེས་ན་ནག་པ་འཕོང་མི་སྐྱེན་པར་དོགས་པ་རྣམ་པར་གཅད་པར་བྱ་བའི་དོན་དུ་འཕོང་སྐྱེན་པ་བསྒྲུབ་པའི་
ཕྱིར་ངག་སྦྱོར་བ་ཡིན་ནོ། །དེས་ན་ངག་གི་རྣམ་པར་གཅད་པའི་འབྲས་བུ་འདི་འདྲ་བ་ཡིན་ནོ། །སྲིད་སྒྲུབ་ནི་འཕོང་སྐྱེན་པར་གྲགས་པའི་ཕྱིར་འགལ་བ་ཡང་དོགས་པ་མེད་དོ། །དེའི་ཕྱིར་འཕོང་སྐྱེན་པ་ཉིད་ཕུལ་དུ་བྱུང་བ་གང་ཡིན་པ་དེ་སྐྱེས་བུ་གཞན་དང་ཐུན་མོང་དུ་རྟོགས་པའི་ཕྱིར་དེ་རྣམ་པར་གཅད་པའི་
Vol. 188 · folio 184a
དོན་དུ་སྲིད་སྒྲུབ་ཉིད་འཕོང་སྐྱེན་ནོ་ཞེས་རྣམ་པར་གཅོད་པ་དག་གི་འབྲས་བུ་ཡིན་ནོ། །སྔོན་པོའི་ཁ་དོག་གི་དབྱེན་པའི་པདྨ་ནི་རབ་ཏུ་གྲུབ་ལ། ཅི་འདིའི་རང་བཞིན་ཅན་ལ་སྔོན་པོ་ཉིད་སྲིད་དམ་མི་སྲིད་ཅེས་དོགས་པ་དེའི་ཚེ། དེ་རྣམ་པར་གཅད་པའི་དོན་དུ་སྔོན་པོ་མཚོ་སྐྱེས་སྲིད་པ་ཉིད་དོ་ཞེས་
བྱ་བའི་ངག་ཡིན་ནོ། །གལ་ཏེ་ནག་པའི་དོན་འཕོང་སྐྱེན་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པའི་ངག་ལ་འཕང་སྐྱེན་པ་ལ་སོགས་པའི་སྒྲའི་བརྗོད་པར་བྱ་བར་མ་གྱུར་པ་དེ་དག་ཀྱང་འཕོང་སྐྱེན་པ་ཉིད་ལ་སོགས་པར་སྒྲའི་བརྗོད་པར་བྱ་བ་དག་ལས་གཞན་ཡིན་པས་ཐ་དད་པར་བྱེད་པའི་ཚིག་གི་ཕྲད་ལས་ལྡོག་པར་རྟོགས་ན།
འོ་ན་ནི་གཞན་ཡོད་པར་ཁྱད་པར་མེད་པའི་ཕྱིར་གཏོང་ཕོད་ལ་སོགས་པའི་ཆོས་གཞན་དག་ཀྱང་ལྡོག་པར་རྟོགས་པར་འགྱུར་རོ་ཞེས་དོགས་པ་ལ། བཤད་པ། རྣམ་པར་གཅོད་པར་བྱེད་པ་གསུམ་པོ་དེར་ཡང་ཟླ་བོ་འགལ་ཟླ་རྣམ་པར་གཅོད་པ་ལྡོག་པ་དོན་དེ་དག་གི་དོན་རྣམས་ལ་ནི་རྟོགས་པར་འགྱུར་ཏེ། ཆོས་འགའ་
ཞིག་ངེས་པ་གང་ཡིན་པ་དེ་ལས་བཟློག་པ་ཉིད་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཕོང་སྐྱེན་པ་བསྒྲུབས་ན་འགལ་ཟླ་འཕོང་མི་སྐྱེན་པ་རྣམ་པར་གཅོད་ཀྱི། གཞན་ཙམ་ནི་མ་ཡིན་ལ། སྲིད་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་འཕོང་སྐྱེན་པ་བསྒྲུབས་པས་ན་འགལ་ཟླ་འགྲོ་བ་ཐམས་ཅད་དང་ཐུན་མོང་དུ་གྱུར་པའི་
འཕོང་སྐྱེན་པ་རྣམ་པར་གཅོད་ཀྱི་གཏོང་ཕོད་ལ་སོགས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་སྔོན་པོ་ཉིད་སྲིད་པར་བསྒྲུབས་ན་མི་སྲིད་པར་རྣམ་པར་གཅོད་ཀྱི་གཞན་ནི་མ་ཡིན་ནོ། །ཕྱོགས་འདིས་ངག་ཐམས་ཅད་ལ་འབྲས་བུ་རྣམ་པར་གཅོད་པ་གསུམ་བལྟ་བར་བྱ་སྟེ། སྲོག་ནར་འགྲོ་བའི་ལམ་ནི་འདིའོ་ཞེས་སྨྲས་པ་
ནི། རྨོངས་པའི་དོགས་པའི་ཁྱད་པར་གྱི་རྣམ་པར་གཅོད་པ་རྣམ་པ་གསུམ་ཀ་ཡང་སྲིད་པ་ཡིན་ནོ། །ལམ་གཉིས་ལས་འདི་ཉིད་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་བྱ་བ་གཞན་དང་ལྡན་པ་རྣམ་པར་གཅོད་པའོ། །ཅི་འདི་སྲོག་ནར་འགྲོ་བ་ཡིན་ནམ་འོན་ཏེ་གྲོང་གཞན་དུ་འགྲོ་བ་ཡིན་ཞེས་ཐེ་ཚོམ་ཟ་ན་སྲོག་ནར་འགྲོ་བ་
ཉིད་དོ་ཞེས་མ་འབྲེལ་པ་རྣམ་པར་གཅོད་པ་ཡིན་ནོ། །ཅི་འགྲོ་འམ་འོན་ཏེ་མི་འགྲོ་ཞེས་ཐེ་ཚོམ་ཟ་ལ་འགྲོ་བ་ཉིད་དོ་ཞེས་གཏན་མི་ལྡན་པ་རྣམ་པར་གཅོད་པ་ཡིན་ནོ། །དེ་བཞིན་དུ་གཞན་དུ་ཡང་སྦྱར་རོ། །ཡང་ཅིའི་ཕྱིར་འགལ་ཟླ་ཉིད་བཟློག་པའི་གཞན་ཙམ་མ་ཡིན་ཞེ་ན། དེ་ལྟར་གྲགས་དང་ཞེས་སྨོས་ཏེ། འཇིག་
Vol. 188 · folio 184b
རྟེན་ཐ་དད་པར་བྱེད་པའི་ཚིག་ཕྲད་ཀྱི་འགལ་བ་ཉིད་ཟློག་གི་གཞན་ཙམ་ནི་མ་ཡིན་ནོ་ཞེས་གྲགས་པ་ཡིན་ཏེ། དེས་ན་དེ་ལྟར་གྲགས་ཕྱིར་ཏེ། དེ་ཉིད་ཟློག་པ་ཡིན་ནོ་ཞེས་རྟོགས་པར་འགྱུར་རོ། །དཔེར་ན་སྒྲའི་དོན་རྟོགས་པ་འཇིག་རྟེན་གྱི་གྲགས་པའི་རྗེས་སུ་འབྲང་བ་ལས་རྒྱུ་མཚན་གཞན་མེད་པ་དེ་བཞིན་དུ།
སྒྲའི་དོན་ལས་གཞན་བཟློག་པ་ཡང་གྲགས་པ་ལས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་སྒྲའི་བརྗོད་བྱ་མ་ཡིན་པར་ཁྱད་པར་མེད་པ་ལས་ཅིའི་ཕྱིར་འགའ་ཞིག་ཉིད་བཟློག་པར་གྲགས་ཀྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ཁྱོད་ལ་དྲིས་པ་མ་ཡིན་ནམ་ཞེ་ན། ནུས་པ་དང་ཞེས་སྨོས་ཏེ། སྒྲའི་
དོན་མ་ཡིན་པ་ཡང་། བཟློག་པར་གྲགས་པ་རྒྱུ་མཚན་མེད་པ་མ་ཡིན་གྱི། འོན་ཀྱང་སྒྲའི་ནུས་པ་ལས་སོ། །གལ་ཏེ་འཕོང་མི་སྐྱེན་པ་ཉིད་རྣམ་པར་མི་གཅོད་ན་ནི་འཕོང་སྐྱེན་པའི་ཚིག་དོན་མེད་པར་འགྱུར་བའི་ཕྱིར་རོ། །ཤུགས་ཀྱིས་འཕོང་སྐྱེན་པ་ཉིད་ཀྱིས་འཕོང་མི་སྐྱེན་པ་རྣམ་པར་གཅོད་པ་ཡིན་གྱི། དེ་ལྟར་
གཏོང་ཕོད་པ་ཉིད་རྣམ་པར་མི་གཅོད་ན་འཕོང་སྐྱེན་པའི་ཚིག་དོན་མེད་པར་འགྱུར་བ་ནི་མ་ཡིན་ནོ། །དེས་ན་གཞན་ཙམ་རྣམ་པར་གཅད་པ་ལ་ནི་སྒྲའི་ནུས་པ་ཡོད་པ་མ་ཡིན་པས་གཞན་ཙམ་རྣམ་པར་གཅོད་པར་མ་གྲགས་པ་ཡིན་ནོ། །སྒྲའི་ནུས་པའི་ཕྱིར་རོ་ཞེས་སྤྱིའི་ཕྱིར་བརྗོད་དེ། སྒྲ་སྦྱར་བ་ཅི་སྙེད་
པ་ནི་རང་གི་དོན་རྟོགས་པར་བྱ་བའི་ཕྱིར་ཡིན་ན་འདིར་ཟླ་བོའི་ཆོས་ནི་བརྗོད་བྱ་བ་མ་ཡིན་ནོ་ཞེ་ན། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཞིང་། །ཞེས་སྨོས་ཏེ། སྒྲ་ནི་ངག་གི་དོན་བསྟན་པར་འདོད་པའི་བསམ་པ་བརྗོད་པར་འདོད་པ་དེའི་རྗེས་སུ་འབྲང་བའི་ཕྱིར་རོ། །དེ་སྐད་བརྗོད་པ་ཡིན་ཏེ། བརྗོད་པར་འདོད་པ་ལ་
སྣང་བ་ཉིད་སྒྲས་བརྗོད་ཀྱི་མི་སྣང་བ་ནི་མ་ཡིན་ལ། བརྗོད་པར་འདོད་པ་ལ་ཡང་ཟླ་བོ་རྣམ་པར་བཅད་པ་ལ་འཇུག་པ་ཡིན་ནོ། །འདི་ལྟར་བློ་གྲོས་རྨོངས་པའི་དོགས་པའི་གནས་གཅོད་པར་བྱེད་པས། དོན་འགའ་ཞིག་བརྗོད་པར་འདོད་པ་ཡིན་ཏེ། དེས་ན་སྨྲ་བ་པོའི་བརྗོད་པར་འདོད་པ་ལ་སྣང་བའི་དོན་བརྗོད་པའི་སྒྲ་
བརྗོད་པར་འདོད་པའི་བརྗོད་བྱ་དོན་འགའ་ཞིག་བཟློག་པར་འདོད་པ་ཡིན་ལ། དེ་ཡང་འགལ་ཟླ་ཡིན་ནོ། །འདི་ལྟར་འགལ་ཟླ་ཅིག་ཤོས་མི་ཟློགས་ན་ནི་བརྗོད་བྱ་བརྗོད་པར་འདོད་པའི་དོན་མེད་པར་འགྱུར་གྱི། གཞན་ཙམ་མི་ཟློགས་པས་ནི་མ་ཡིན་ནོ། །དེའི་ཕྱིར་སྒྲ་རྣམས་ཀྱི་དོན་ནི་བརྗོད་པར་འདོད་པའི་རྗེས་སུ་འབྲང་བ་
Vol. 188 · folio 185a
ཡིན་ལ། བརྗོད་པར་འདོད་པ་ཡང་འགལ་ཟླ་ཟློག་པར་བྱེད་པར་མི་འཐད་པས་སྒྲ་རྣམས་ནི་རྗོད་པར་བྱེད་པ་ཡིན་པའི་ཤུགས་ཀྱིས་བརྗོད་བྱ་མ་ཡིན་ཡང་འགལ་ཟླའི་ཆོས་ཉིད་ཐ་དད་པར་བྱེད་པའི་ཚིག་ཕྲད་ཀྱིས་བཟློག་པར་བྱ་བ་ཡིན་པར་གྲགས་ཀྱི་གཞན་ཙམ་ནི་མ་ཡིན་ནོ། །གལ་ཏེ་རྣམ་
འགྲེལ་ལས་དེ་ལྟར་གྲགས་པའི་ཕྱིར་དང་། ནུས་པའི་ཕྱིར་དང་། སྒྲ་ནི་བརྗོད་པར་འདོད་པའི་རྗེས་སུ་འབྲང་བ་ཡིན་པའི་ཕྱིར་རོ་ཞེས་གཏན་ཚིགས་གསུམ་ལ་བསྡུ་བ་བྱས་པ་མ་ཡིན་ནམ་ཞེ་ན། བདེན་ཏེ། བསྡུ་བ་ནི་ཡི་གེ་དུ་མ་ཆུད་པ་དང་། མི་འཚམ་པ་ཡིན་ནོ། །དེས་ན་སློབ་དཔོན་གྱིས་བཞེད་པ་ནི་མ་ཡིན་
ནོ། །དཔེར་ན། འཚེ་བ་མེད་དང་ཡང་དག་དོན། །ངོ་བོ་ཉིད་ལ་ཞེས་བྱ་བ་ལ། བདག་མེད་པ་ལ་མཐོང་བ་ནི་འཚེ་བ་མེད་པ་དང་། ཡང་དག་པའི་དོན་ཤེས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་སློབ་དཔོན་གྱི་བཤད་པ་བོར་ནས་འགྲེལ་པ་བྱེད་པས་འཚེ་བ་མེད་པའི་ངོ་བོ་ཉིད་དང་། ཡང་དག་པའི་དོན་གྱི་ངོ་བོ་ཉིད་ཅེས་
བཤད་པ་དེ་བཞིན་དུ་གཞན་དུ་ཡང་འདོད་པ་མ་ཡིན་པ་སྲིད་དོ་ཞེས་རྟོགས་སོ། །གང་གི་ཕྱིར་གཞན་ལས་རྣམ་པར་གཅོད་པར་འགྱུར་བ་ཇི་ལྟར་སྲིད་སྒྲུབ་འཕོང་སྐྱེན་པ་གྲགས་པ་གཞན་ལས་རྣམ་པར་གཅད་པར་བྱ་བ་དེ་ལྟར་ནི་གཏན་ཚིགས་རྗེས་སུ་དཔག་པར་བྱ་བའི་ཆོས་སུ་མ་གྲགས་ཏེ། བསྟན་བཅོས་ཀྱི་
མཚན་ཉིད་ཀྱི་ཚིག་གཞན་མེད་པའི་ཕྱིར་རོ། །དེས་ན་རྗེས་སུ་དཔག་པར་བྱ་བའི་ཆོས་སུ་སྒྲུབ་པ་ཡིན་པའི་ཕྱིར་འདིར་མི་ལྡན་པ་ཉིད་རྣམ་པར་གཅོད་པ་ཡིན་ནོ་ཞེས་འཆད་པ་ནི། དེས་ན་མི་ལྡན་པ་རྣམས་གཅོད་པའི་རྒྱུ་དེས་ན་ཆོས་ཅན་ཆོས་ཀྱི་ཁྱད་པར་ཡིན་ཏེ། རྣམ་པར་གཅོད་པར་བྱེད་པ་བལྟ་བར་བྱའོ། །
དེས་ན་ཆོས་ཅན་གྱི་ཁྱད་པར་ཅན་གྱི་ཆོས་དཔེ་ལ་རྗེས་སུ་འགྲོ་བ་མེད་པའི་སྐྱོན་བརྟེན་པ་མ་ཡིན་ནོ། །གཞན་དང་ལྡན་པ་རྣམ་པར་གཅད་པས་ཁྱད་པར་ཡིན་པར་ཁས་ལེན་ན་སྐྱོན་བསྟན་པའི་ཕྱིར་བཤད་པ། སྒྲ་ལ་སོགས་པ་དང་འབྲེལ་པའི་བྱ་བ་གཅིག་གཏན་ཚིགས་ཉིད་དེར་འགྱུར་ན་ཆོས་ཅན་གཞན་དང་འབྲེལ་
པའི་བྱས་པ་གཞན་དེ་ཉིད་མ་ཡིན་པ་ཞེས་བྱ་བ་གཏན་ཚིགས་ཉིད་མ་ཡིན་པར་འགྱུར་རོ། །འདི་ལྟར་རྗེས་སུ་དཔག་པར་བྱ་བ་ཉིད་ཀྱི་ཆོས་གཏན་ཚིགས་ཡིན་གྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བའི་ངག་འདིར་འགྱུར་ན། དེ་ལྟར་ན་མི་འཐད་དེ་རང་བཞིན་མཚུངས་པ་དག་ལས་གཅིག་གཏན་ཚིགས་ཉིད་ཡིན་ན།
Vol. 188 · folio 185b
གཞན་གཏན་ཚིགས་མ་ཡིན་པར་ཇི་ལྟར་འགྱུར། སྒྲ་གཅིག་བྱས་པ་ཉིད་ཡིན་ན་གཞན་བུམ་པ་མ་བྱས་པ་ཉིད་དུ་ཐལ་ལོ་ཞེས་བྱ་བའི་དོན་འདི་ནི་མ་ཡིན་ཏེ། འདི་ལྟར་གང་ཞིག་རྗེས་སུ་དཔག་པར་བྱ་བ་ཉིད་དུ་ཡོད་པ་དེ་ནི་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་འདི་དག་གི་དོན་ཡིན་གྱི། གང་གིས་གཞན་མ་བྱས་པ་
ཉིད་དུ་འགྱུར་བ་གང་རྗེས་སུ་དཔག་པར་བྱ་བ་ཉིད་ལ་ཡོད་པ་དེ་ནི་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ནི་མ་ཡིན་ནོ། །གཏན་ཚིགས་མ་ཡིན་པ་ཉིད་དུ་ནི་ཐལ་བར་འགྱུར་ཏེ། འདི་ལྟར་གང་གི་ཚེ་རྟག་པའི་དངོས་པོ་ལས་ལྡོག་པས་མི་རྟག་པ་ཉིད་དུ་གཟུང་བ་དེའི་ཚེ་སྤྱིར་གཅིག་ཏུ་འགྱུར་བ་ཡིན་ལ། གང་གི་ཚེ་ལྡོག་པ་
གཞན་གྱི་ཁྱད་པར་དུ་བྱས་པ་དེའི་ཚེ་ནི་གཞི་སོ་སོ་ལ་ཐ་དད་པས་དུ་མར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་བྱས་པ་ཉིད་ཀྱང་དུ་མ་ཡིན་ནོ། །དེས་ན་གཅིག་གཏན་ཚིགས་ཉིད་ལ་གཞན་ནི་གཏན་ཚིགས་མ་ཡིན་པར་འགྱུར་རོ། །སྐྱོན་འདིར་མ་ཟད་དེ། འོན་ཀྱང་ཁྱད་པར་དང་ཁྱད་པར་ཅན་དང་འབྲེལ་པའི་ཚིག་ཕྲད་ཀྱང་
སྟེ། དེ་དག་གི་ཚིག་ཕྲད་ཁྱད་པར་མེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མ་འབྲེལ་པར་རྣམ་པར་བཅད་པའི་སྒོ་ནས་གཏན་ཚིགས་ཀྱི་ཆོས་ཅན་གྱིས་ཁྱད་པར་དུ་བྱས་པར་བཤད་པ་འདིས་ནི་བསྒྲུབ་པར་བྱ་བའི་ཆོས་ལ་ཡང་མ་འབྲེལ་པ་རྣམ་པར་གཅོད་པའི་རྒྱུ་མཚན་གྱིས་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་
ངེས་པར་བྱའོ། །དེས་ན་དེ་ལ་ཡང་རྗེས་སུ་འགྲོ་བ་མེད་པའི་སྐྱོན་སྤང་བར་འགྱུར་རོ། །འདི་ཉིད་སྟོན་པ་ནི་དེས་ན་རྗེས་སུ་འགྲོ་བ་མེད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདི་ནི་དམ་བཅའ་བ་སྦྱོར་བ་ཡིན་ན་བརྗོད་པར་བྱ་བ་མ་ཡིན་གྱི། དམ་བཅའ་བ་སྦྱོར་བ་མེད་ན་རྗེས་སུ་འགྲོ་བའི་དུས་སུ་ཆོས་ཅན་ཉིད་མེད་པའི་ཕྱིར་
རྗེས་སུ་འགྲོ་བ་མེད་པའི་སྐྱོན་གྱི་རྟོགས་པ་ཡོད་པ་མ་ཡིན་ནོ། །མ་འབྲེལ་པར་རྣམ་པར་གཅོད་པ་ལ་ཡོན་ཏན་གཞན་ཡང་སྟོན་པ་ནི་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ། །མི་རྟག་པ་ཉིད་ཀྱི་རང་བཞིན་ནམ། མེའི་རང་བཞིན་གྱི་སྤྱི་བསྒྲུབ་པར་བྱ་བ་ཡིན་ཡང་འདི་སྐད་ཅེས་མེ་ཙམ་དང་མི་རྟག་པ་ཙམ་བསྒྲུབ་པ་ན་གྲུབ་པ་
ལ་སྒྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེས་ནི་བརྗོད་པར་ནུས་པ་མ་ཡིན་ན། གང་གི་ཕྱིར་སྤྱིའི་རང་བཞིན་མེ་ཙམ་དང་མི་རྟག་པ་ཙམ་རབ་ཏུ་གྲུབ་ན། མ་འབྲེལ་པ་རྣམ་པར་གཅོད་པའི་མཚན་ཉིད་ཁྱད་པར་ཅན་གྱི་ཕྱོགས་སམ། སྒྲ་དང་འབྲེལ་པར་འགྲུབ་པར་འགྱུར། མ་འབྲེལ་པ་རྣམ་པར་གཅོད་པ་དེ་ནི་མ་གྲུབ་པ་སྒྲུབ་པར་
Vol. 188 · folio 186a
འགྱུར་བ་ཡིན་ནོ། །དེའི་ཕྱིར་ཁྱབ་པའི་ཚུལ་སྤྱིས་ཡིན་ཡང་མེད་ན་མི་འབྱུང་བའི་ཁྱད་པར་རྟོག་པར་འགྱུར་བ་ཡིན་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །དེ་ཉིད་སྟོན་པར་བྱེད་པ་ནི། སྒྲ་དེ་དང་མ་འབྲེལ་པ་རྣམ་པར་བཅད་པ་མ་གྲུབ་པའི་ཕྱིར་རོ། །མི་ལྡན་པ་རྣམ་པར་བཅད་པ་ནི་ལྡན་པ་སྟེ། འབྲེལ་པ་
ལ་བྱའོ། །འབྲེལ་པ་ཡང་འབྲེལ་པ་ཅན་ལས་ཐ་དད་པ་མེད་དེ། དེས་ན་མ་འབྲེལ་པ་རྣམ་པར་བཅད་པ་ནི་ཆོས་དང་ཆོས་ཅན་བསྡུས་པ་ཉིད་ཡིན་ནོ། །དེའི་ཕྱིར་ཇི་ལྟར་ཆོས་ཅན་ཆོས་ཀྱི་སྤྱིའི་ཕྱོགས་གཅིག་ཆོས་ལ་ཁྱབ་པའི་དུས་ན་ཉེ་བར་བརྟགས་ནས་བསྒྲུབ་བྱར་བརྗོད་པ་དེ་བཞིན་དུ། མ་འབྲེལ་པར་རྣམ་པར་
བཅད་པའི་ཆོས་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ལྟར་ཡིན་དང་ཅིའི་ཕྱོགས་གཅིག་ཆོས་ཙམ་ཁྱད་པར་མེད་པ་ལ། བསྒྲུབ་བྱར་བརྗོད་པ་ཡིན་ནོ་ཞེས་གང་སྨྲས་པ་དེ་བསལ་བ་ཡིན་ཏེ། ཆོས་དང་ཆོས་ཅན་བསྡུས་པ་ལས་མི་ལྡན་པ་རྣམ་པར་གཅོད་པ་གཞན་མེད་པའི་ཕྱིར་རོ། །སྤྱིའི་ཕྱོགས་གཅིག་ནི་མི་ལྡན་པ་རྣམ་
པར་བཅད་པའི་ཁྱད་པར་ཅན་ཉིད་མ་ཡིན་གྱི། འོན་ཀྱང་ཁྱད་པར་དང་འབྲེལ་པ་ཉིད་དུ་གྱུར་པ་ཡིན་པའི་དུས་སུ་བསྒྲུབ་བྱར་ཉེ་བར་བརྟགས་ནས་བརྗོད་པ་ཡིན་ལ། སྤྱི་ཡང་དེ་ཉིད་ཡིན་ནོ། །མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་ངེས་པར་གཟུང་བ་དེའི་ཕྱིར་བསྒྲུབ་བྱའི་ཆོས་ཅན་ལ་མེད་པར་ཏེ་མི་ལྡོག་པར་
འགྱུར་རོ། །འདི་ལྟར་ངེས་པར་གཟུང་བས་ནི་གཏན་ཚིགས་གཞན་ལས་ལྡོག་པར་བརྗོད་པ་ཡིན་ལ་མི་མཐུན་པའི་ཕྱོགས་དང་རྗེས་སུ་དཔག་པ་དག་ཀྱང་མཐུན་པའི་ཕྱོགས་ལས་གཞན་པར་ཁྱད་པར་མེད་དོ། །དེས་ན་གཉིས་ལས་ཀྱང་ལྡོག་པར་བརྗོད་པ་ཡིན་ནོ་ཞེས་ཕ་རོལ་དག་དོགས་པ་ལ་བཤད་པ་དེ་ལྟར་
ནི་མ་ཡིན་ཏེ། ཆོས་ཅན་ལ་མེད་པར་ཐལ་བ་མ་ཡིན་ནོ། །གཞན་དགག་པའི་ཁྱད་པར་དོན་གྱི་ཕྱིར་རོ་ཞེས་བྱ་བ་ནི་གཞན་མི་མཐུན་པའི་ཕྱོགས་ལ་དགག་པའི་དོན་དགོས་པ་ངེས་པར་གཟུང་བ་གང་ལ་ཡོད་པ་སྟེ། མི་མཐུན་པའི་ཕྱོགས་ལས་བཟློག་པའི་དོན་དུ་ངེས་པར་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་
ཏེ་འདི་སྙམ་དུ་དོན་འདི་འདོད་པ་དེ་ལྟ་ན་ཡང་ངེས་པ་ཁྱད་པར་མེད་པ་ཡིན་པའི་ཕྱིར་རྣམ་པར་དབྱེ་བ་འདི་ག་ལས་ཡིན་ཞེ་ན། བཤད་པ། བསྒྲུབ་པར་བྱ་བའི་ཆོས་ཅན་དེ་ལ་སྔར་ཡོད་པར་གྲུབ་པའི་ངེས་པར་གཟུང་བ་ངེས་པར་བརྗོད་པའི་སྒྲས་ནི་འཇུག་པའི་ཡུལ་གཞན་དེ་མ་ཡིན་པ་རྣམ་པར་གཅོད་པ་ཡིན་ནོ། །
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words