རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ
Sanskrit title (Tibetan script, as in the text) ན་ཡ་བིནྡུ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 189 · folio 36b
༄༅༅། །རྒྱ་གར་སྐད་དུ། ན་ཡ་བིནྡུ་ཊཱི་ཀཱ། བོད་སྐད་དུ། རིགས་པའི་ཐིགས་པའི་རྒྱ་ཆེར་འགྲེལ་པ།
འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱེ་བའི་གདུང་བ་རྒྱུན་རབ་འབྱུང་རྒྱུ་ཅན། །འགྲོ་ལས་རྣམ་པར་རྒྱལ་བ་འདོད་ཆགས་ལས། །སོགས་པའི་དགྲ་ལྡན་བདེ་བར་གཤེགས་པའི་གསུང་། །ཡིད་ཀྱི་མུན་པ་སྤྱོད་པར་མཛད་པ་རྒྱལ། །ཡང་དག་པའི་ཤེས་པ་ནི་ཞེས་བྱ་བ་ལ་སོགས་
པས་ནི་རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བའི་དགོས་པ་བརྗོད་དོ། །རབ་ཏུ་བྱེད་པའི་ལུས་ནི་རྣམ་པ་གཉིས་ཏེ། སྒྲ་དང་དོན་ཏོ། །དེ་ལ་སྒྲའི་དགོས་པ་ནི་བརྗོད་པར་བྱ་བ་བསྟན་པ་ཉིད་ཡིན་གྱི་གཞན་མ་ཡིན་པ་དེའི་ཕྱིར་དེ་མི་དཔྱད་དོ། །ཅི་སྟེ་བརྗོད་པར་བྱ་བ་ཡང་དགོས་པ་མེད་པ་ཉིད་ཡིན་ན་ནི་དེ་བསྟན་པའི་ཕྱིར་སྒྲ་དགོད་པའི་རྩོམ་
པ་ཡང་མི་བྱ་བར་འགྱུར་ཏེ། དཔེར་ན་བྱ་རོག་གི་སོ་དགོས་པ་མེད་པའི་ཕྱིར་རྟོགས་པ་དང་ལྡན་པ་དེ་བརྟག་པའི་རྩོམ་པ་མི་བྱེད་པ་བཞིན་ནོ། །དེ་བས་ན་རབ་ཏུ་བྱེད་པ་འདི་བརྩམ་པར་བྱ་བ་ཉིད་དུ་བསྟན་པའི་ཕྱིར་འདིས་བརྗོད་པར་བྱ་བའི་དགོས་པ་བསྟན་ཏོ། །འདི་དག་གི་དོན་ནི་གང་གི་ཕྱིར་ཡང་དག་པའི་ཤེས་པ་སྐྱེས་བུའི་དོན་
ཐམས་ཅད་འགྲུབ་པའི་སྔོན་དུ་འགྲོ་བ་དེ་བས་ན་དེ་བསྟན་པའི་ཕྱིར་འདི་བརྩམས་སོ་ཞེས་བྱ་བ་ཡིན་ནོ། །འདིར་ནི་རབ་ཏུ་བྱེད་པའི་བརྗོད་པར་བྱ་བ་ཡང་དག་པའི་ཤེས་པའི་དགོས་པ་དེ་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པའི་རྒྱུ་ཉིད་དུ་བསྟན་པས་དགོས་པ་བརྗོད་པ་ཡིན་ནོ། །དོན་འདི་བརྗོད་པ་ན་ཡང་འབྲེལ་པ་དང་། དགོས་
པ་དང་། བརྗོད་པར་བྱ་བ་རྣམས་བསྟན་པ་ཡིན་ཏེ། འདི་ལྟར་སྐྱེས་བུའི་དོན་ལ་ཕན་པའི་ཡང་དག་པའི་ཤེས་པ་རབ་ཏུ་བྱེད་པ་འདིས་བསྟན་པར་བྱ་བ་ཡིན་པར་སྨྲ་བ་ན་ཡང་དག་པའི་ཤེས་པ་ནི་སྒྲ་བཀོད་པ་འདིའི་བརྗོད་པར་བྱ་བ་ཡིན་ལ། དེ་བསྟན་པ་ནི་དགོས་པ་ཡིན་ནོ། །རབ་ཏུ་བྱེད་པ་འདི་ནི་དགོས་པའི་ཐབས་སུ་
Vol. 189 · folio 37a
སྨྲས་པ་ཡིན་ཏེ། དེ་བས་ན་བརྗོད་པར་བྱ་བའི་དགོས་པ་བསྟན་པའི་ཤུགས་ཀྱིས་འབྲེལ་བ་ལ་སོགས་པ་བསྟན་པ་ཡིན་ནོ། །ངག་གཅིག་པོ་འདིས་ནི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་རྣམས་དངོས་སུ་སྨྲ་བར་མི་ནུས་ཀྱི། གཅིག་སྨྲ་བ་ན་གསུམ་ནི་ཤུགས་ཀྱིས་བསྟན་ཏེ།
དེ་ལ་དེ་ཞེས་བྱ་བ་ནི་བརྗོད་པར་བྱ་བའི་ཚིག་གོ། །བསྟན་ཏོ་ཞེས་བྱ་བ་ནི་དགོས་པའི་ཚིག་གོ། །སྨྲ་བ་པོ་རབ་ཏུ་བྱེད་པ་མཛད་པར་རྩོལ་བའི་དགོས་པ་དང་། ཉན་པ་རྣམས་ཉན་པའི་དགོས་པ་ཡང་འདིར་བསམ་པར་བྱ་སྟེ། འདི་ལྟར་རྟོག་པ་དང་ལྡན་པ་ཐམས་ཅད་ཀྱི་འཇུག་པ་ནི་དགོས་པ་བརྟགས་ནས་འཇུག་གོ། །དེ་བས་ན་སློབ་
དཔོན་གྱིས་རབ་ཏུ་བྱེད་པ་ཅིའི་ཕྱིར་བྱས། ཉན་པ་རྣམས་ཀྱང་ཅིའི་ཕྱིར་ཉན་ཅེས་ཐེ་ཚོམ་དུ་གྱུར་པ་ལ་བསྟན་པ་ནི་དགོས་པ་ཡིན་ནོ་ཞེས་བརྗོད་དོ། །ཡང་དག་པའི་ཤེས་པ་ཁོང་དུ་ཆུད་པར་བྱེད་པ་རྣམས་ཀྱི་སྟོན་པ་པོར་བདག་ཉིད་བྱ་བའི་ཕྱིར་རབ་ཏུ་བྱེད་པ་འདི་བྱས་ལ། སློབ་མ་རྣམས་ཀྱང་སློབ་དཔོན་གྱིས་སྦྱར་བ་
བདག་ཉིད་ཁོང་དུ་ཆུད་པར་འདོད་ནས་རབ་ཏུ་བྱེད་པ་ཉན་པས་ན་རབ་ཏུ་བྱེད་པ་མཛད་པ་དང་། ཉན་པ་གཉིས་ཀྱི་དགོས་པ་ནི་ཁོང་དུ་ཆུད་པ་ཡིན་ནོ། །འབྲེལ་པ་སྟོན་པའི་ཚིག་ནི་མེད་དེ་ཤུགས་ཀྱིས་ཁོང་དུ་ཆུད་པར་བྱའོ། །འདི་ལྟར་ཡང་དག་པའི་ཤེས་པ་བསྟན་པའི་ཕྱིར་རྟོག་པ་དང་ལྡན་པ་རྣམས་རབ་ཏུ་བྱེད་པ་འདི་རྩོམ་པ་ནི་
འདི་ཉིད་ཐབས་ཡིན་གྱི་གཞན་མ་ཡིན་པར་བསྟན་པ་ཉིད་ཀྱིས་རབ་ཏུ་བྱེད་པ་དང་དགོས་པ་གཉིས་ཐབས་དང་ཐབས་ལས་བྱུང་བའི་འབྲེལ་པ་ཡིན་ནོ། །རབ་ཏུ་བྱེད་པ་ཉན་པའི་སྔོན་རོལ་དུ་བརྗོད་པར་བྱ་བ་ལ་སོགས་པ་བསྟན་དུ་ཟིན་ཀྱང་ཚད་མ་མེད་པའི་ཕྱིར་རྟོག་པ་དང་ལྡན་པ་རྣམས་འཛིན་པར་མི་འགྱུར་བ་ཉིད་མ་ཡིན་ནམ།
རྩོམ་པའི་ཕྱོགས་སུ་དེ་དག་བསྟན་པས་ཅི་ཞིག་བྱ་ཞེ་ན། རབ་ཏུ་བྱེད་པ་མ་ཐོས་པར་ནི་སྨྲས་སུ་ཟིན་ཀྱང་ངེས་པར་མི་འགྱུར་བ་བདེན་མོད་ཀྱི། བསྟན་ན་ཚད་མ་མེད་པའི་བརྗོད་པར་བྱ་བ་ལ་སོགས་པ་ལ་ཐེ་ཚོམ་སྐྱེ་ལ། ཐེ་ཚོམ་ལས་ཀྱང་རབ་ཏུ་འཇུག་པར་འགྱུར་རོ། །རྟོག་པ་དང་ལྡན་པ་རྣམས་དོན་ལ་ཐེ་ཚོམ་ཡོད་པ་ནི་འཇུག་
པའི་ཡན་ལག་ཡིན་ལ། དོན་དུ་མི་འགྱུར་བ་ལ་ཐེ་ཚོམ་ཡོད་པ་ཡང་ལྡོག་པའི་ཡན་ལག་ཡིན་པ་དེ་བས་ན། བསྟན་བཅོས་མཛད་པ་ཉིད་ཀྱིས་འབྲེལ་པ་ལ་སོགས་པ་ནི་བརྗོད་པར་རིགས་སོ། །འཆད་པ་པོ་རྣམས་ཀྱི་ཚིག་ནི་བརྩེ་བ་ལ་སོགས་པའི་དོན་དུ་གཞན་དུ་སྲིད་ཀྱི། བསྟན་བཅོས་མཛད་པ་རྣམས་རབ་ཏུ་བྱེད་པ་རྩོམ་པ་ལ་
Vol. 189 · folio 37b
ནི་བརྗོད་པར་བྱ་བ་ལ་སོགས་པའི་ལོག་པར་སྟོན་པའི་དགོས་པ་མ་མཐོང་ལ་འཇུག་པ་ཡང་མེད་དེ། དེ་བས་ན་དེ་དག་ལ་ཐེ་ཚོམ་བྱ་བར་རིགས་སོ། །མ་བསྟན་ན་ནི་རྟོག་པ་པོ་རྣམས་རབ་ཏུ་བྱེད་པ་འདིའི་བརྗོད་པར་བྱ་བ་ནི་བྱ་རོག་གི་སོ་བརྟག་པ་བཞིན་དགོས་པ་མེད་དོ་ཞེས་བྱ་བར་སྲིད་པར་འགྱུར་བའམ། ཀླུ་འཇོག་པོའི་སྤྱི་
བོ་ན་རིམས་ནད་སེལ་བའི་རིན་པོ་ཆེའི་རྒྱན་གྱི་མན་ངག་བཞིན་དུ་བསྒྲུབ་པར་མི་ནུས་པའམ། མ་བག་མར་ལེན་པའི་རིམ་པའི་མན་ངག་བཞིན་དུ་དགོས་པའི་འདོད་པར་བྱ་བ་མ་ཡིན་པའམ། རབ་ཏུ་བྱེད་པ་འདི་བས་དགོས་པའི་ཐབས་སླ་བ་ཡོད་པའམ། རབ་ཏུ་བྱེད་པ་ཐབས་མ་ཡིན་པ་ཁོ་ནའོ་ཞེས་བྱ་བར་ཡང་སྲིད་པར་
འགྱུར་ཏེ། དོན་མེད་པར་སྲིད་སྙམ་པ་དེ་དག་ལས་དོན་མེད་པར་སྲིད་སྙམ་པ་གཅིག་ཡོད་ན་ཡང་རྟོག་པ་དང་ལྡན་པ་རྣམས་འཇུག་པར་མི་འགྱུར་རོ། །བརྗོད་པར་བྱ་བ་ལ་སོགས་པ་སྨྲས་ན་ནི་དོན་མེད་པར་སྲིད་སྙམ་པ་དང་མི་མཐུན་པར་སྲིད་སྙམ་པ་འབྱུང་བར་འགྱུར་ལ། དེས་ཀྱང་རྟོག་པ་དང་ལྡན་པ་རྣམས་འཇུག་པར་
འགྱུར་རོ། །དེ་བས་ན་རྟོག་པ་དང་ལྡན་པ་རྣམས་འཇུག་པར་འགྱུར་བས་ན། རྟོག་པ་དང་ལྡན་པ་རྣམས་འཇུག་པའི་ཡན་ལག་ཏུ་དོན་ཡོད་པར་སྲིད་དོ་སྙམ་དུ་བྱ་བའི་ཕྱིར་འབྲེལ་པ་ལ་སོགས་པ་བསྟན་པར་བྱའོ་ཞེས་བྱ་བར་གནས་སོ། །མི་སླུ་བར་བྱེད་པའི་ཤེས་པ་ནི་ཡང་དག་པའི་ཤེས་པ་ཡིན་ནོ། །འཇིག་རྟེན་ན་ཡང་སྔོན་ཉེ་
བར་བསྟན་པའི་དོན་དང་ཕྲད་པར་བྱེད་པ་ལ་མི་སླུ་བར་བྱེད་པ་ཞེས་བརྗོད་དོ། །དེ་བཞིན་དུ་ཤེས་པ་ཡང་བསྟན་པའི་དོན་དང་ཕྲད་པར་བྱེད་ན་མི་སླུ་བར་བྱེད་པ་ཞེས་བརྗོད་དོ། །ཕྲད་པར་བྱེད་པ་ཉིད་ཀྱང་བསྟན་པའི་དོན་ལ་འཇུག་པར་བྱེད་པ་ཁོ་ན་ཕྲད་པར་བྱེད་པ་ཉིད་ཡིན་གྱི་གཞན་མ་ཡིན་ཏེ། འདི་ལྟར་ཤེས་པ་ནི་སྐྱེས་
བར་བྱེད་པས་དོན་དང་ཕྲད་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་དོན་ལ་སྐྱེས་བུ་འཇུག་པར་བྱེད་པས་ན་དོན་དང་ཕྲད་པ་ཡིན་ནོ། །འཇུག་པར་བྱེད་པ་ཡང་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཉིད་ཀྱིས། སྐྱེས་བུ་རྣམས་བཙན་ཐབས་སུ་ཤེས་པས་གཞུག་པར་ནི་མི་ནུས་སོ། །དེ་བས་ན་དོན་རྟོགས་པ་ཁོ་ན་ཚད་མའི་འབྲས་བུ་ཡིན་
ལ། རྟོགས་པའི་དོན་ལ་སྐྱེས་བུ་བཅུག་པར་གྱུར་པ་ནི་དོན་དང་ཕྲད་པར་གྱུར་པ་ཡང་ཡིན་ནོ། །དེ་ལྟར་ན་དོན་རྟོགས་པར་འགྱུར་བའི་ཕྱིར་ཚད་མའི་བྱ་བ་རྫོགས་པ་ཡིན་ནོ། །དེ་བས་ནམ་བཅད་པའི་ཡུལ་ཅན་ནི་ཚད་མ་ཡིན་ཏེ། ཤེས་པ་གང་གིས་ཐོག་མ་ཉིད་དུ་དོན་རྟོགས་པ་དེ་ཉིད་ཀྱིས་སྐྱེས་བུ་བཅུག་པར་གྱུར་ཅིང་དོན་
Vol. 189 · folio 38a
དང་ཕྲད་པར་གྱུར་པ་ཡང་ཡིན་ཏེ། དོན་དེ་ཁོ་ན་ལ་ནི་ཤེས་པ་གཞན་གྱིས་ལྷག་པ་ཅི་བྱར་ཡང་མེད་དོ། །དེ་བས་ན་བཅད་པའི་ཡུལ་ཅན་ནི་ཚད་མ་མ་ཡིན་ནོ། །དེ་ལ་མཐོང་བ་ཉིད་དུ་ཤེས་པའི་དོན་གང་ཡིན་པ་དེ་ནི་མངོན་སུམ་ཉིད་ཀྱིས་འཇུག་པའི་ཡུལ་དུ་བྱས་པ་ཡིན་ནོ། །གང་གི་ཕྱིར་དོན་གང་
ལ་རྣམ་པར་རྟོག་པས་མངོན་སུམ་གྱི་བྱེད་པ་ཉིད་རྗེས་སུ་རྟོག་པ་དེའི་མངོན་དུ་བྱས་པ་སྟོན་པར་བྱེད་པ་ནི་མངོན་སུམ་ཡིན་ནོ། །དེ་བས་ན་མ་མཐོང་བ་ཉིད་དུ་ཤེས་པར་བྱས་པ་ནི་མངོན་སུམ་གྱིས་བསྟན་པ་ཡིན་ནོ། །རྗེས་སུ་དཔག་པ་ཡང་རྟགས་མཐོང་བ་ལས་ངེས་པ་འཇུག་པའི་ཡུལ་སྟོན་པར་བྱེད་པ་ཡིན་ནོ། །དེ་ལྟ་ཡིན་དང་མངོན་
སུམ་ཡང་སྣང་བཞིན་པའི་དོན་ངེས་པར་སྟོན་པར་བྱེད་པ་དང་། རྗེས་སུ་དཔག་པ་ཡང་རྟགས་དང་འབྲེལ་པའི་ངེས་པར་སྟོན་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་གཉིས་ནི་ངེས་པའི་དོན་སྟོན་པར་བྱེད་ལ་ངེས་ན་ཚད་མ་ཡིན་ནོ། །རྣམ་པར་ཤེས་པ་གཞན་ནི་མ་ཡིན་ཏེ། ཐོབ་པར་ནུས་པའི་དོན་སྟོན་པ་ནི་ཐོབ་པར་བྱེད་པ་ཡིན་ལ།
ཚད་མ་ཡང་ཐོབ་པར་བྱེད་པ་ལས་ཡིན་ན་ཚད་མ་གཉིས་ལས་གཞན་པའི་ཤེས་པས་བསྟན་པའི་དོན་ནི་སྨིག་རྒྱུ་ལ་ཆུ་བཞིན་དུ་ཁ་ཅིག་ཤིན་ཏུ་ཕྱིན་ཅི་ལོག་པ་ཡིན་ལ། དེ་ཡང་མེད་པའི་ཕྱིར་ཕྲད་པར་བྱ་མི་ནུས་སོ། །ཁ་ཅིག་ནི་ཡིད་གཉིས་ཀྱི་དོན་བཞིན་ནི་ཡིད་གཉིས་ནི་དོན་བཞིན་དུ་དངོས་པོ་དང་དངོས་པོ་མེད་པ་མ་ངེས་པ་ཡིན་ལ། དངོས་
པོ་དང་དངོས་པོ་མེད་པ་གཉི་གའི་དོན་དང་ལྡན་པའི་འགྲོ་བ་ཡང་ཡོད་པ་མ་ཡིན་ལ་དེ་བས་ན་དེ་དང་འདྲ་བ་ཕྲད་པར་མི་ནུས་སོ། །རྟགས་མེད་པར་རྣམ་པར་རྟོག་པ་ངེས་པར་མ་མཐོང་བར་འཇུག་པ་ཐམས་ཅད་ཀྱིས་བསྟན་པར་བྱ་བའི་དོན་ནི་དངོས་པོ་དང་དངོས་པོ་མེད་པ་དག་ཏུ་མ་ངེས་པ་ཁོ་ན་ཡིན་པ་དེ་ཡང་ཐོབ་པར་མི་ནུས་སོ། །
དེ་བས་ན་ཕྲད་པར་མི་ནུས་པ་ཤིན་ཏུ་ཕྱིན་ཅི་ལོག་པ་དང་དངོས་པོ་མེད་པ་མ་ངེས་པའི་དོན་སྟོན་པར་བྱེད་པས་ཤེས་པ་གཞན་ནི་ཚད་མ་མ་ཡིན་ནོ། །དོན་བྱེད་པ་དོན་དུ་གཉེར་བ་རྣམས་ཀྱིས་ཀྱང་དོན་བྱེད་པར་ནུས་པ་ཐོབ་པའི་རྒྱུ་མཚན་གྱི་ཤེས་པ་བཙལ་བར་བྱ་བ་ཡིན་ལ། དེས་བཙལ་བ་གང་ཡིན་པ་དེ་ཉིད་བསྟན་བཅོས་
ལས་ཀྱང་དཔྱད་པར་བྱ་བ་ཡིན་ཏེ། དེ་བས་ན་དོན་བྱེད་པར་ནུས་པའི་དངོས་པོ་བསྟན་པ་ནི་ཡང་དག་པའི་ཤེས་པ་ཡིན་ནོ། །གང་ཞིག་དེས་རབ་ཏུ་བསྟན་པ་ཉིད་དེས་ཐོབ་པར་བྱ་བ་ཡིན་ཏེ། དེ་ཐོབ་པར་བྱེད་པ་ཉིད་ནི་དོན་ཐོབ་པ་རྟོགས་པ་ཉིད་ནི་དོན་ཐོབ་པའི་བདག་ཉིད་ཡིན་ནོ་ཞེས་བརྗོད་པ་ཟིན་པ་ཡིན་ནོ་ཞེས་དེ་ལ་ཡུལ་
Vol. 189 · folio 38b
ཐ་དད་པ་དང་། དུས་ཐ་དད་པ་དང་། རྣམ་པ་ཐ་དད་པ་ནི་རབ་ཏུ་བསྟན་པ་ལས་དངོས་པོ་གཞན་ཉིད་དེ་འདི་ལྟར་དངོས་པོ་གཞན་ཉིད་འགལ་བའི་ཆོས་དང་ལྡན་པ་ལས་ཡིན་ལ། ཡུལ་དང་། དུས་དང་། རྣམ་པ་ཐ་དད་པ་ཡང་འགལ་བའི་ཆོས་དང་ལྡན་པ་ཡིན་ནོ། །དེའི་ཕྱིར་རྣམ་པ་གཞན་དང་ལྡན་པའི་དངོས་པོ་འཛིན་པ་
ནི་རྣམ་པ་གཞན་དང་ལྡན་པའི་དངོས་པོ་ལ་ཚད་མ་ཡིན་ཏེ། དཔེར་ན་དུང་དཀར་པོ་ལ་སེར་པོར་འཛིན་པ་བཞིན་ནོ། །རྣམ་པ་གཞན་གྱི་དངོས་པོ་འཛིན་པ་ནི། རྣམ་པ་གཞན་དང་ལྡན་པའི་དངོས་པོ་ལ་ཚད་མ་མ་ཡིན་ནོ། །ཡུལ་གཞན་ན་གནས་པར་འཛིན་པ་ཡང་ཡུལ་གཞན་ན་གནས་པ་ལ་ཚད་མ་མ་ཡིན་ཏེ། ཇི་ལྟར་སྒོའི་བུ་གའི་
གསེབ་ཀྱི་ཡུལ་ན་ནོར་བུའི་འོད་གནས་པ་ལ་ནོར་བུར་འཛིན་པའི་ཤེས་པ་ནི་ཁང་པའི་ཕུག་ན་ནོར་བུ་གནས་པ་ལ་ཚད་མ་མ་ཡིན་པ་བཞིན་ནོ། །དུས་གཞན་དང་ལྡན་པ་འཛིན་པ་ཡང་། དུས་གཞན་དང་ལྡན་པའི་དངོས་པོ་ལ་ཚད་མ་མ་ཡིན་ནོ། །ཇི་ལྟར་ནམ་ཕྱེད་ཡིན་པ་ལ་ཉི་མའི་གུང་གི་ངོ་བོར་འཛིན་པའི་རྨི་ལམ་གྱི་ཤེས་
པ་ནི་ནམ་ཕྱེད་ཀྱི་ངོ་བོ་ལ་ཚད་མ་མ་ཡིན་པ་བཞིན་ནོ། །ཡུལ་ངེས་པ་དང་རྣམ་པ་ངེས་པ་དེ་ནི་ཕྲད་པར་ནུས་པ་ཡིན་གྱི་དུས་གང་ཡིན་པ་གོ་ཡོངས་སུ་བཅད་པའི་དུས་གང་ཡིན་པ་དེ་ཉིད་དང་ཕྲད་པར་མི་ནུས་པ་མ་ཡིན་ནམ་ཞེ་ན། གང་གི་དུས་ན་ཡོངས་སུ་བཅད་པའི་དུས་དེ་ཉིད་ཀྱི་ཚེ་ནི་ཕྲད་པར་བྱ་བ་ཡིན་པར་མི་སྨྲ་སྟེ། མཐོང་
བའི་དུས་ཀྱང་གཞན་ཕྲད་པའི་དུས་ཀྱང་གཞན་ཡིན་པའི་ཕྱིར་རོ། །འོན་ཀྱང་དུས་གང་དུ་ཡོངས་སུ་བཅད་པའི་དངོས་པོ་དེ་ཉིད་དང་ཕྲད་པར་བྱ་བ་ཡིན་ཏེ། ཐ་དད་པ་མེད་པར་མངོན་པར་ཞེན་པའི་ཕྱིར་རྒྱུན་གྱིས་ཞུགས་པ་ལ་གཅིག་པ་ཉིད་དུ་བལྟ་བར་བྱའོ། །གང་གི་སྔོན་དུ་ཤེས་པ་འགྲོ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། འབྲས་
བུ་བས་རྒྱུ་སྔ་བ་ལ་སྔོན་དུ་སང་བ་ཞེས་བྱའོ། །རྒྱུའི་སྒྲ་སྨོས་ན་ནི་སྐྱེས་བུའི་དོན་འགྲུབ་པའི་དངོས་ཀྱི་རྒྱུ་ཡིན་པར་ཤེས་པར་འགྱུར་རོ། །སྔོན་དུ་སོང་བའི་སྒྲ་ནི་སྔ་བ་ཙམ་ལ་བྱའོ། །ཡང་དག་པའི་ཤེས་པ་ནི་གཉིས་ཏེ། དོན་བྱེད་པར་སྣང་བ་དང་། དོན་བྱེད་པར་ནུས་པ་ལ་རབ་ཏུ་འཇུག་པར་བྱེད་པའོ། །དེ་ཉིད་ལ་རབ་
ཏུ་འཇུག་པར་བྱེད་པ་གང་ཡིན་པ་དེ་འདིར་དཔྱད་པར་བྱ་བ་ཡིན་ལ། དེ་ཡང་སྔོན་དུ་སོང་བ་ཙམ་ཡིན་གྱི། དངོས་པོ་རྒྱུ་ནི་མ་ཡིན་ཏེ། ཡང་དག་པའི་ཤེས་པ་ཡོད་ན་སྔར་མཐོང་བ་དྲན་ནོ། །དྲན་པ་ལས་མངོན་པར་འདོད་དོ། །མངོན་པར་འདོད་པ་ལས་རབ་ཏུ་འཇུག་གོ། །རབ་ཏུ་ཞུགས་པ་ན་ཕྲད་པར་འགྱུར་ཏེ། དེའི་
Vol. 189 · folio 39a
ཕྱིར་མངོན་སུམ་གྱི་རྒྱུ་མ་ཡིན་ནོ། །དོན་བྱེད་པར་སྣང་བ་ནི་མངོན་སུམ་དུ་ཕྲད་པའི་རྒྱུ་ཡིན་མོད་ཀྱི། འོན་ཀྱང་དེ་བརྟག་པར་བྱ་བ་མ་ཡིན་ཏེ། རྟོག་པ་དང་ལྡན་པ་རྣམས་གང་ལ་དོན་དུ་གཉེར་བ་རྟོག་པ་དང་ལྡན་པ་ཐེ་ཚོམ་ཟ་བ་དེ་ཉིད་ནི་བརྟག་པར་བྱ་བ་ཡིན་ནོ། །དོན་བྱེད་པར་སྣང་བའི་
ཤེས་པ་ཡོད་ན་ནི་སྐྱེས་བུ་དོན་གྲུབ་ཟིན་པས་དེས་ན་དེ་ལ་དོན་དུ་གཉེར་བ་རྣམས་ཡིད་གཉིས་མེད་དེ། དེའི་ཕྱིར་དེ་བརྟག་པར་བྱ་བ་མ་ཡིན་ནོ། །དེ་བས་ན་བརྟག་པར་བྱ་བར་འོས་པ་དངོས་ཀྱི་རྒྱུ་མ་ཡིན་པ་ཡང་དག་པའི་ཤེས་པ་བསྟན་པར་བྱ་བའི་ཕྱིར་རྒྱུའི་སྒྲ་གཞན་ནས་སྔོན་དུ་སོང་བ་སྨོས་སོ། །སྐྱེས་བུའི་དོན་ནི་
དོན་དུ་གཉེར་བར་བྱ་བའི་དོན་ཏེ། འདོད་པར་བྱ་བ་ཞེས་བྱ་བའི་དོན་ཏོ། །དོར་བར་བྱ་བའམ་བླང་བར་བྱ་བ་ཡིན་ནོ། །དོར་བར་བྱ་བའི་དོན་ནི་དོར་བར་འདོད་ལ། བླང་བར་བྱ་བ་ཡང་བླང་བར་འདོད་པ་ཡིན་ནོ། །དོར་བར་བྱ་བ་དང་བླང་བར་བྱ་བ་ལས་མ་གཏོགས་པ་ཕུང་པོ་གཞན་ནི་མེད་དེ། བཏང་སྙོམས་སུ་བྱ་བ་
ཡང་བླང་བར་མི་བྱ་བ་ཡིན་པའི་ཕྱིར་དོར་བར་བྱ་བ་ཉིད་དོ། །དེ་འགྲུབ་པ་ནི་དོར་བ་དང་ལེན་པ་དང་། རྒྱུ་ལ་རག་ལས་ནས་འགྲུབ་པ་ནི་སྐྱེ་བ་ལ་བརྗོད་ལ། ཤེས་པ་ལ་རག་ལས་ཏེ་འགྲུབ་པ་ནི་རྗེས་སུ་སྒྲུབ་པ་སྟེ། དོར་བར་བྱ་བ་ལ་ནི་དོར་བར་བྱ་བར་རྗེས་སུ་བསྒྲུབ་པའོ། །བླང་བར་བྱ་བ་ཡང་བླང་བར་རྗེས་སུ་སྒྲུབ་པའོ། །
དེ་བས་ན་དོར་བར་བྱ་བ་དང་། བླང་བར་བྱ་བ་གཉིས་ལ་འདོར་བ་དང་ལེན་པའི་མཚན་ཉིད་རྗེས་སུ་སྒྲུབ་པ་ནི་འགྲུབ་པ་ཞེས་བྱའོ། །འདི་ནི་ཐམས་ཅད་ཀྱང་ཡིན་ལ་སྐྱེས་བུ་དོན་འགྲུབ་པ་ཡང་ཡིན་ནོ། །ཐམས་ཅད་ཀྱི་སྒྲ་ནི་འདིར་རྫས་མ་ལུས་པ་ལ་འཇུག་གི། རྣམ་པ་མ་ལུས་པ་ལ་མ་ཡིན་ནོ། །དེ་བས་ན་ཡང་དག་
པའི་ཤེས་པའི་རྒྱུས་རྣམ་པ་གཉི་ག་ཡང་འགྲུབ་པོ་ཞེས་བྱ་བའི་དོན་འདི་ནི་མ་ཡིན་ལ་སྐྱེས་བུའི་དོན་འདི་ནི་མ་ཡིན་གྱི། འོན་ཀྱང་གང་ཇི་ཙམ་གྲུབ་པ་དེ་དག་ཐམས་ཅད་མ་ལུས་པར་སྒྲུབ་པ་འདིའི་རྒྱུ་ནི་ཡང་དག་པའི་ཤེས་པ་ཡིན་ནོ། །ལོག་པའི་ཤེས་པ་ལས་བྱ་རོག་དང་ཏ་ལ་ཙམ་དུ་ཡང་དོན་འགྲུབ་པ་མེད་དེ། འདི་ལྟར་
ཅི་སྟེ་བསྟན་པའི་དོན་དང་ཕྲད་པར་བྱེད་པ་དེ་ལྟ་ན་དེ་ལས་དོན་འགྲུབ་པ་ཡིན་ལ། བསྟན་པ་དང་ཕྲད་པར་བྱེད་པ་ཡང་ཡང་དག་པའི་ཤེས་པ་ཁོ་ན་ཡིན་ནོ། །བསྟན་ཀྱང་མ་ཕྲད་པ་ནི་ལོག་པའི་ཤེས་པ་ཡིན་ལ། ཐོབ་པར་བྱེད་པ་མ་ཡིན་ཡང་ཇི་ལྟར་དོན་འགྲུབ་པའི་རྒྱུར་འགྱུར། དེ་བས་ན་ལོག་པའི་ཤེས་པ་གང་ཡིན་
Vol. 189 · folio 39b
པ་དེ་ལས་ནི་དོན་གྲུབ་པ་མ་ཡིན་ལ། གང་ལས་དོན་འགྲུབ་པ་དེ་ནི་ཡང་དག་པའི་ཤེས་པ་ཁོ་ན་ཡིན་ནོ། །དེ་བས་ན་ཡང་དག་པའི་ཤེས་པ་ཉིད་ནི་འབད་དེ་བསྟན་པར་བྱ་བ་ཡིན་ནོ། །གང་གི་ཕྱིར་དེ་ཉིད་སྐྱེས་བུའི་དོན་འགྲུབ་པའི་རྒྱུ་ཡིན་པ་དེ་བས་ན། ཇི་ཙམ་དུ་སྐྱེས་བུའི་དོན་འགྲུབ་པ་ནི་ཡང་དག་པའི་ཤེས་པའི་
རྒྱུ་ཅན་ཁོ་ན་ཡིན་ནོ་ཞེས་ཇི་སྙེད་སྨྲས་པ་དེ་ཐམས་ཅད་ནི་ཡང་དག་པའི་ཤེས་པ་ནི་སྐྱེས་བུའི་དོན་གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཞེས་བྱ་བས་བསྟན་པ་ཡིན་ནོ། །ཡིན་པས་ན་ཞེས་བྱ་བའི་སྒྲ་ནི་འདིར་དེ་བས་ན་ཞེས་བྱ་བའི་དོན་ཡིན་ལ། གང་དང་དེ་ཡང་རྟག་ཏུ་འབྲེལ་པ་ཡིན་ནོ། །དེས་ན་དོན་འདི་ཡིན་ཏེ།
གང་གི་ཕྱིར་ཡང་དག་པའི་ཤེས་པ་ནི་སྐྱེས་བུའི་དོན་ཐམས་ཅད་འགྲུབ་པར་སྔོན་དུ་འགྲོ་བ་ཡིན་པ་དེ་བས་ན་དེ་བསྟན་ནོ། །ཅི་སྟེ་སྒྲའི་སྦྱོར་བ་ལ་ཡང་དག་པའི་ཤེས་པ་གཙོ་བོར་མ་གྱུར་མོད་ཀྱི། འོན་ཀྱང་རབ་ཏུ་བྱེད་པ་འདིར་བརྗོད་པར་བྱ་བ་ཡིན་པའི་ཕྱིར་གཙོ་བོར་ཡིན་ནོ། །དེ་བས་ན་དེ་ཞེས་བྱ་བའི་སྒྲ་དེ་ཉིད་དང་སྦྱར་
བར་བྱའོ། །བསྟན་པར་བྱ་བ་ཡིན་པས་ལོག་པར་རྟོགས་པ་བསལ་བའི་སྒོ་ནས་སོ་སོར་བསྟན་པ་ནི་བསྟན་ཏོ་ཞེས་བྱ་བ་ཡིན་ནོ། །འདིར་ལོག་པར་རྟོགས་པ་རྣམ་པ་བཞི་སྟེ། གྲངས་དང་། མཚན་ཉིད་དང་། སྤྱོད་ཡུལ་དང་། འབྲས་བུའི་ཡུལ་ལོ། །དེ་ལ་གྲངས་ལས་ལོག་པར་རྟོགས་པ་བསལ་
བའི་ཕྱིར། རྣམ་པ་གཉིས་ཏེ་ཞེས་བྱ་བ་སྨོས་ཏེ། འདི་ལ་རྣམ་པ་གཉིས་ཏེ་བྱེ་བྲག་གཉིས་ཡོད་པས་ན་རྣམ་པ་གཉིས་སོ། །ཡང་དག་པའི་ཤེས་པའི་གསལ་བ་ནི་གཉིས་ཡིན་ནོ་ཞེས་གྲངས་བསྟན་པའི་སྒོ་ནས་ཀྱང་གསལ་བའི་དབྱེ་བ་བསྟན་པ་ཡིན་ནོ། །གསལ་བའི་དབྱེ་བ་བསྟན་པ་ནི་གསལ་བ་སོ་སོ་
ལ་ངེས་པའི་ཡང་དག་པའི་ཤེས་པའི་མཚན་ཉིད་བསྟན་པར་ནུས་ཀྱི། གསལ་བའི་དབྱེ་བ་མ་བསྟན་ན་ནི་གསལ་བ་མཐའ་དག་ལ་ཁྱབ་པའི་ཡང་དག་པའི་ཤེས་པའི་མཚན་ཉིད་གཅིག་པོ་མི་སླུ་བ་དེ་རྟེན་སོ་སོ་ལས་ཡོད་པར་སྨྲ་བར་མི་ནུས་སོ། །དེ་བས་ན་གྲངས་ཀྱི་དབྱེ་བ་བསྟན་པས་ནི། མཚན་ཉིད་བསྟན་པའི་
ཡན་ལག་ཁོ་ན་ཡིན་ཏེ། གསལ་བའི་བདག་ཉིད་ཀྱང་གྲངས་ཀྱི་དབྱེ་བ་མ་བསྟན་པར་ནི་མཚན་ཉིད་ཀྱི་དབྱེ་བ་བསྟན་པར་མི་ནུས་པའི་ཕྱིར་རོ། །དེ་ལྟར་ན་མཚན་ཉིད་བསྟན་པའི་ཡན་ལག་ཉིད་ཡིན་པའི་ཕྱིར་གྲངས་ཀྱི་དབྱེ་བ་ཐོག་མར་བསྟན་ཏོ། །རྣམ་པ་དེ་གཉིས་ཀྱང་གང་ཞེ་ན། མངོན་སུམ་དང་ཞེས་བྱ་བ་སྨོས་ཏེ།
Vol. 189 · folio 40a
དབང་པོ་ལ་བརྟེན་པའི་དོན་ནི་མངོན་སུམ་ཡིན་ནོ། །དབང་པོ་ལ་བརྟེན་པ་ཡང་སྒྲ་བཤད་པའི་རྒྱུ་མཚན་ཡིན་གྱི། འཇུག་པའི་རྒྱུ་མཚན་ནི་མ་ཡིན་ནོ། །དབང་པོ་ལ་བརྟེན་པ་ཉིད་འདིས་ནི་དོན་གཅིག་ཏུ་འདུས་པའི་དོན་མངོན་སུམ་དུ་བྱེད་པ་ཉིད་མཚོན་པ་ཡིན་ཏེ། དེ་ཉིད་སྒྲ་འཇུག་པའི་རྒྱུ་མཚན་
ཡིན་ནོ། །དེ་བས་ན་གང་ཅུང་ཟད་དོན་མངོན་སུམ་དུ་བྱེད་པའི་ཤེས་པ་དེ་ནི་མངོན་སུམ་ཞེས་བྱའོ། །ཅི་སྟེ་དབང་པོ་ལ་བརྟེན་པ་ཁོ་ན་འཇུག་པའི་རྒྱུ་མཚན་དུ་གྱུར་པ་ཡིན་ན་ནི་དབང་པོའི་ཤེས་པ་འབའ་ཞིག་མངོན་སུམ་ཡིན་པར་སྨྲས་ཀྱི། ཡིད་ལ་སོགས་པ་ནི་མ་ཡིན་པར་འགྱུར་རོ། །དཔེར་ན་འགྲོ་བས་ན་བ་ལང་
ཞེས་བྱ་བ་ལ། བ་ལང་གི་སྒྲས་འགྲོ་བའི་བྱ་བ་བཤད་པ་ཡིན་མོད་ཀྱི། འོན་ཀྱང་འགྲོ་བའི་བྱ་བས་ཉེ་བར་མཚོན་པ་དོན་གཅིག་ལ་འདུས་པའི་བ་ལང་ཉིད་སྒྲ་འཇུག་པའི་རྒྱུ་མཚན་ཉིད་དུ་བྱེད་ལ། དེ་ལྟར་ན་འགྲོ་ཡང་རུང་མི་འགྲོ་ཡང་རུང་། བ་ལང་ནི་བ་ལང་གི་སྒྲར་གྲུབ་པ་བཞིན་ནོ། །འདིས་དཔོགས་པས་ན་དཔག་
པ་སྟེ། བྱེད་པ་བསྒྲུབ་པའི་རྗེས་སུ་དཔག་པའི་སྒྲས་ནི་རྟོག་པ་དང་བཅས་པའི་མཚན་ཉིད་ཀྱི་ཚད་མ་བསྟན་ཏེ། རྟགས་བཟུང་ཞིང་འབྲེལ་པ་དྲན་པའི་རྗེས་ལ་དཔོགས་པ་ལ་ནི་རྗེས་སུ་དཔག་པ་སྟེ། ཕྱོགས་ཀྱི་ཆོས་བཟུང་ནས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་འབྲེལ་པར་དྲན་ན་རྗེས་སུ་དཔག་པ་འཇུག་
པ་ནི་དུས་ཕྱིས་འབྱུང་བ་ཞེས་བྱའོ། །དང་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་ལ་དཔག་པ་ནི་གཉིས་ཀ་ཡང་མཐུ་མཚུངས་པར་སྡུད་པ་ཡིན་ཏེ། ཇི་ལྟར་དོན་མེད་པའི་མི་འབྱུང་བའི་ཕྱིར་དོན་དང་ཕྲད་པར་བྱེད་པས་མངོན་སུམ་ཚད་མ་ཡིན་པ་དེ་བཞིན་དུ་རྗེས་སུ་དཔག་པ་ཡང་དོན་མེད་ན་མི་འབྱུང་བའི་ཕྱིར་ཡོངས་སུ་
བཅད་པའི་དོན་དང་ཕྲད་པར་བྱེད་པས་ཚད་མ་ཡིན་ནོ་ཞེས་སོ། །དེ་ལ་ཞེས་བྱ་བ་ནི་བདུན་པའི་དོན་དང་སྦྱར་ནས་དམིགས་ཀྱིས་དགར་བ་བྱེད་པ་ཡིན་ནོ། །དེ་བས་ན་ཚིག་གི་དོན་འདི་ཡིན་ཏེ། དེ་ལ་སྟེ་མངོན་སུམ་དང་རྗེས་སུ་དཔག་པ་དེ་གཉིས་ལ་ཞེས་ཚོགས་པ་བསྟན་པ་ཡིན་ནོ། །མངོན་སུམ་ནི་ཞེས་
ཕྱོགས་གཅིག་ཏུ་བྱེད་པ་ཡིན་ཏེ། དེ་ལ་ཚོགས་པ་ལས་མངོན་སུམ་ཉིད་ཀྱི་རིགས་ཀྱིས་ཕྱོགས་གཅིག་པོ་ཐ་དད་དུ་བྱེད་པ་ནི་དམིགས་ཀྱིས་དགར་བའོ། །དེ་ལ་མངོན་སུམ་ཉིད་རྗེས་སུ་བརྗོད་ནས། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ཉིད་སྒྲུབ་པ་ཡིན་ཏེ། ཁྱེད་དང་ངེད་ཅག་ལ་དོན་ལ་མངོན་སུམ་དུ་བྱེད་པའི་ཤེས་
Vol. 189 · folio 40b
པ་གྲགས་པ་གང་ཡིན་པ་དེ་ནི་རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཉིད་ཡིན་པར་བལྟའོ། །རྟོག་པ་དང་བྲལ་ཞིང་མ་འཁྲུལ་པ་ཉིད་མ་གྲུབ་པ་ཡིན་ན་མངོན་སུམ་གྱིས་ཤེས་པའི་ངོ་བོ་གཞན་ཅི་ཞིག་ལུས་ཏེ། གང་ཞིག་མངོན་སུམ་གྱི་སྒྲས་བརྗོད་པར་བྱ་བ་ཡིན་ན་རྗེས་སུ་བརྗོད་ཅེས་དེ་སྙམ་དུ་ནི་བསམ་པར་མི་
བྱ་སྟེ། འདི་ལྟར་དབང་པོའི་རྗེས་སུ་འགྲོ་བ་དང་ལྡོག་པར་བྱེད་ཅིང་དོན་ལ་ཡང་མངོན་སུམ་དུ་བྱེད་པའི་ཤེས་པ་ནི་ཐམས་ཅད་ལ་རབ་ཏུ་གྲུབ་པ་ནི་མངོན་སུམ་གྱི་སྒྲས་བརྗོད་པར་བྱ་བ་ཡིན་ལ། དེ་རྗེས་སུ་བརྗོད་ནས་རྟོག་པ་དང་བྲལ་ཞིང་མ་འཁྲུལ་བ་ཉིད་སྒྲུབ་པར་བྱེད་དོ། །རྟོག་པ་དང་
བྲལ་ཏེ་མི་ལྡན་པ་ནི་རྟོག་པ་དང་བྲལ་བ་ཡིན་ཏེ། རྟོག་པའི་ངོ་བོ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །མ་འཁྲུལ་བ་ཉིད་སྒྲུབ་པར་བྱེད་ནུས་པའི་དངོས་པོའི་ངོ་བོ་ལ་ཕྱིན་ཅི་མ་ལོག་པར་འགྱུར་བའི་ངོ་བོ་ལ་བྱའོ། །དོན་བྱེད་པར་ནུས་པའི་དངོས་པོའི་ངོ་བོ་ནི་
དབྱིབས་སུ་བཀོད་པའི་ཁྱད་པར་ཅན་གྱི་ཁ་དོག་གི་བདག་ཉིད་དེ། དེ་ལ་མ་འཁྲུལ་པ་གང་ཡིན་པ་དེ་དག་ནི་མ་འཁྲུལ་བ་ཞེས་བྱའོ། །མཚན་ཉིད་དེ་གཉི་ག་ཡང་ལོག་པར་རྟོགས་པ་བསལ་བའི་ཕྱིར་ཡིན་གྱི། རྗེས་སུ་དཔག་པ་བསལ་བའི་ཕྱིར་ནི་མ་ཡིན་ཏེ། འདི་ལྟར་རྟོག་པ་དང་བྲལ་བ་སྨོས་པ་ཉིད་ཀྱིས་རྗེས་སུ་
དཔག་པ་བསལ་བ་ཡིན་མོད་ཀྱི། དེ་ལ་མ་འཁྲུལ་པ་མ་སྨོས་ན་ནི་ལྗོན་ཤིང་འགྲོ་བར་སྣང་བ་ལ་སོགས་པ་དང་བྲལ་བ་ཡིན་པའི་ཕྱིར་མངོན་སུམ་ཡིན་པར་འགྱུར་རོ། །དེ་ལ་ཞུགས་པའི་ལྗོན་ཤིང་ཙམ་དང་ཡང་ཕྲད་པར་མི་སླུ་བ་ཡིན་པའི་ཕྱིར་ཡང་དག་པའི་ཤེས་པ་ཡང་ཡིན་ལ། རྟོག་པ་དང་བྲལ་བ་ཡིན་པའི་ཕྱིར་མངོན་
སུམ་ཡང་ཡིན་པར་རྟོག་པར་འགྱུར་བ་དེ་བསལ་བའི་ཕྱིར། མ་འཁྲུལ་པ་སྨོས་ཏེ། འདི་ལྟར་དེ་ནི་འཁྲུལ་པའི་ཕྱིར་མངོན་སུམ་མ་ཡིན་ལ། ཚུལ་གསུམ་པའི་རྟགས་ཀྱིས་བསྐྱེད་པ་མེད་པའི་ཕྱིར་རྗེས་སུ་དཔག་པ་ཡང་མ་ཡིན་ནོ། །ཚད་མ་གཞན་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་ལྗོན་ཤིང་འགྲོ་བར་མཐོང་
བ་ལ་སོགས་པ་ནི་ལོག་པའི་ཤེས་པ་ཡིན་པར་བསྟན་ཏོ། །ཅི་སྟེ་ལོག་པའི་ཤེས་པ་ཡིན་ན་དེ་ལ་ཇི་ལྟར་ཤིང་དང་ཕྲད་པར་འགྱུར་ཞེ་ན། དེ་ལས་ཤིང་དང་ཕྲད་པ་མ་ཡིན་ཏེ། དེས་ནི་ཡུལ་སྣ་ཚོགས་སུ་འགྲོ་བའི་ཤིང་ཡོངས་སུ་བཅད་པ་ཡིན་ལ། ཕྲད་པའི་ཤིང་ནི་ཡུལ་གཅིག་ན་ངེས་པ་ཡིན་ནོ། །དེ་བས་ན་ལྗོན་ཤིང་གི་ཡུལ་འགྲོ་
Vol. 189 · folio 41a
བར་སྣང་བ་གང་ཡིན་པ་ཡུལ་དེ་དང་ནི་མ་ཕྲད་པ་ཡིན་ལ། ཡུལ་གང་དང་ཕྲད་པ་དེ་ནི་མ་མཐོང་བས། དེ་ལས་དོན་གང་ཡང་ཕྲད་པ་མེད་ཀྱི། ཤེས་པ་གཞན་ཞིག་ཁོ་ན་ལས་ཤིང་ལ་སོགས་པའི་དོན་དང་ཕྲད་པ་ཡིན་ནོ། །དེ་ལྟར་ན་མ་འཁྲུལ་བ་སྨོས་པ་ནི་ལོག་པར་རྟོགས་པ་གསལ་བའི་ཕྱིར་ཡིན་ནོ། །དེ་བཞིན་དུ་མ་འཁྲུལ་པ་སྨོས་
པས་ཀྱང་རྗེས་སུ་དཔག་པ་གསལ་བ་ཡིན་མོད་ཀྱི། རྟོགས་པ་དང་བྲལ་བ་སྨོས་པ་ནི་ལོག་པར་རྟོག་པ་བསལ་བའི་ཕྱིར་རོ། རྗེས་སུ་དཔག་པ་ནི་འཁྲུལ་པ་ཡིན་ཏེ། རང་གི་སྣང་བ་དོན་མེད་པ་ལ་དོན་དུ་མངོན་པར་ཞེན་པར་ཞུགས་པའི་ཕྱིར་རོ། །མངོན་སུམ་ནི་གཟུང་བའི་ཡུལ་ལ་ཕྱིན་ཅི་མ་ལོག་པ་ཡིན་ནོ། །
མ་འཁྲུལ་པ་ནི་འདིར་མི་སླུ་བ་ཡིན་པར་གཟུང་བར་མི་བྱ་སྟེ། འདི་ལྟར་ཡང་དག་པའི་ཤེས་པ་ཁོ་ན་མངོན་སུམ་ཡིན་གྱི། གཞན་ནི་མ་ཡིན་ནོ། །དེ་ལ་ཡང་དག་པའི་ཤེས་པ་ཡིན་པའི་ཕྱིར་མི་སླུ་བ་ཡིན་པར་གྲུབ་ཟིན་པ་ལ་ཡང་མི་སླུ་བ་སྨོས་པ་ནི་དགོས་པ་མེད་པ་ཁོ་ན་ཡིན་ནོ། །དེ་ལྟར་ན་ངག་གི་དོན་ནི་མི་སླུ་བའི་
ཤེས་པ་མངོན་སུམ་ཞེས་བྱ་བ་གང་ཡིན་པ་དེ་ནི་རྟོག་པ་དང་བྲལ་ཞིང་མི་སླུ་བ་ཡིན་ནོ་ཞེས་བྱ་བར་འགྱུར་ཏེ། མི་སླུ་བ་ལན་གཉིས་སྨོས་པ་འདི་ལ་དགོས་པ་ཅི་ཡང་མེད་དོ། །དེ་བས་ན་དོན་བྱེད་ནུས་པའི་དངོས་པོ་གཟུང་བར་བྱ་བ་ལ་ཕྱིན་ཅི་མ་ལོག་པ་གང་ཡིན་པ་དེ་མ་འཁྲུལ་པ་ཡིན་པར་རིག་པར་བྱའོ། །རྟོག་པ་
ཡང་ཅི་འདྲ་བ་ཞིག་འདིར་གཟུང་བར་བྱ་ཞེ་ན། བརྗོད་པ་དང་ཞེས་བྱ་བ་སྨྲོས་ཏེ། འདིས་རྗོད་པར་བྱེད་པས་ན་བརྗོད་པ་སྟེ་སྨྲ་བར་བྱེད་པའི་སྒྲའོ། །བརྗོད་པ་དང་འདྲེ་བ་ནི་རྗོད་པར་བྱེད་པའི་རྣམ་པ་དང་ལྷན་ཅིག་ཤེས་པ་གཅིག་ལ་གཟུང་བའི་རྣམ་པ་ཉིད་དུ་ཚོགས་པ་སྟེ། དེ་བས་ན་གང་གི་ཚེ་ཤེས་པ་
གཅིག་ལ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་རྣམ་པ་གཉིས་ཚོགས་པར་ཡོད་པ་དེའི་ཚེ་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་གཉིས་འདྲེས་པ་ཞེས་བྱའོ། །མངོན་པར་བརྗོད་པ་དང་འདྲེ་བར་རུང་བའི་བརྗོད་པར་བྱ་བའི་སྣང་བ་ཤེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལ་ཤེས་པ་ཁ་ཅིག་ནི་བརྗོད་པ་
དང་འདྲེས་པར་སྣང་བ་ཡིན་ཏེ། དཔེར་ན་བརྡ་ལ་བློ་བྱང་བ་རྣམས་ཀྱིས་བུམ་པའི་དོན་ལ་རྟོག་པ་ན་བུམ་པའི་སྒྲ་དང་འདྲེས་པའི་དོན་སྣང་བ་ཡིན་ནོ། །ཁ་ཅིག་ནི་མངོན་པར་བརྗོད་པ་དང་མ་འདྲེས་པར་ཡང་མངོན་པར་བརྗོད་པ་དང་འདྲེར་རུང་བར་སྣང་བ་ཡིན་ཏེ། དཔེར་ན་བྱིས་པ་བརྡ་ལ་བློ་མ་བྱང་བ་རྣམས་ཀྱི་རྟོག་
Vol. 189 · folio 41b
པ་ལྟ་བུའོ། །དེ་ལ་རྟོག་པ་ནི་བརྗོད་པ་དང་འདྲེས་པའོ་ཞེས་སྨོས་ན་ནི་བརྡ་ལ་བློ་མ་བྱང་བའི་རྟོག་པ་བསྡུས་པར་འགྱུར་བས་རུང་བ་སྨོས་པས་དེ་ཡང་བསྡུས་པ་ཡིན་ནོ། །ཅི་སྟེ་བརྗོད་པ་དང་འདྲེས་པ་སྣང་བ་མ་ཡིན་དུ་ཟིན་ཀྱང་དེར་སྐྱེས་པ་ཉིད་ཀྱིས་རྟོག་པ་ནི་བརྗོད་པ་དང་འདྲེར་རུང་བར་སྣང་བ་ཁོ་ན་ཡིན་ནོ། །
བརྗོད་པ་དང་འདྲེས་པ་གང་ཡིན་པ་དེ་ཡང་རུང་བ་ཞེས་བྱའོ། །དེ་བས་ན་གཉི་ག་ཡང་རུང་བ་སྨོས་པས་བསྡུས་པ་ཡིན་ནོ། །བརྗོད་པ་དང་འདྲེས་པ་མེད་ན་ཇི་ལྟ་རུང་བ་ཉིད་དུ་ཤེས་པར་བྱ་ཞེ་ན། སྣང་བ་ངེས་པ་མེད་པའི་ཕྱིར་རོ། །སྣང་བ་ངེས་པ་མེད་པ་ཡང་སྣང་བ་ངེས་པའི་རྒྱུ་མེད་པའི་ཕྱིར་རོ། །གཟུང་བའི་དོན་
གྱིས་རྣམ་པར་ཤེས་པ་སྐྱེད་པ་ན་སྣང་བ་ངེས་པར་སྐྱེད་པར་བྱེད་པ་ཡིན་ཏེ། དཔེར་ན་གཟུགས་ཀྱིས་མིག་གི་རྣམ་པར་ཤེས་པ་སྐྱེད་པ་ན་སྣང་བ་ངེས་པ་སྐྱེད་པ་བཞིན་ནོ། །རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ནི་དོན་ལས་སྐྱེས་པ་མ་ཡིན་ནོ། །དེ་བས་ན་སྣང་བ་ངེས་པའི་རྒྱུ་ངེས་པ་མེད་པའི་ཕྱིར་སྣང་བ་ངེས་པ་མེད་པ་
ཡིན་ནོ། །རྣམ་པར་རྟོག་པ་དོན་ལས་མི་སྐྱེའོ་ཞེས་བྱ་བ་དེ་ཡིན་པར་ཅི་མངོན་ཞེ་ན། དོན་ཉེ་བ་ལ་མི་ལྟོས་པའི་ཕྱིར་རོ། །བྱིས་པ་རྣམས་ཀྱང་ཇི་སྲིད་དུ་ནུ་མ་མཐོང་བ་ན་དེ་ཉིད་འདི་ཡིན་ནོ་ཞེས་སྔོན་མཐོང་བ་ཉིད་དུ་མི་འཛིན་པ་དེ་སྲིད་དུ་ངུ་བ་བཏང་ནས་ནུ་མ་ཁར་འཇུག་པར་མི་བྱེད་དོ། །སྔོན་མཐོང་བ་དང་ཕྱིས་མཐོང་བ་
གཉིས་གཅིག་ཏུ་བྱེད་པའི་རྣམ་པར་ཤེས་པ་ནི་ཡུལ་ཉེ་བ་ཅན་མ་ཡིན་ཏེ། སྔོན་མཐོང་བ་ཉེ་བ་མ་ཡིན་པའི་ཕྱིར་རོ། ཡུལ་ཉེ་བ་མ་ཡིན་པ་ཅན་ནི་དོན་ལ་མི་ལྟོས་ལ། མི་ལྟོས་ན་སྣང་བ་ངེས་པའི་རྒྱུ་མེད་པའི་ཕྱིར་སྣང་བ་ངེས་པ་མེད་པ་ཡིན་ཏེ། དེ་འདྲ་བ་ནི་བརྗོད་པ་དང་འདྲེར་རུང་བ་ཡིན་ནོ། །དབང་པོའི་རྣམ་
པར་ཤེས་པ་ནི་ཉེ་བ་ཙམ་འཛིན་པའི་ཕྱིར་དོན་ལ་ལྟོས་པ་ཡིན་ལ། དོན་ཀྱང་སྣང་བ་ངེས་པའི་རྒྱུ་ཡིན་པའི་ཕྱིར་སྣང་བ་ངེས་པ་ཡིན་ནོ། །དེ་བས་ན་མངོན་པར་བརྗོད་པ་དང་འདྲེར་རུང་བ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་གི་མཚན་ཉིད་སྨྲ་བར་བྱ་བ་དང་སྨྲ་བར་བྱེད་པའི་དངོས་པོར་ཁས་བླངས་ཀྱང་དེ་རྣམ་པར་མི་རྟོག་
པར་བརྗོད་དོ། །གལ་ཏེ་རང་གི་མཚན་ཉིད་ཁོ་ན་སྨྲ་བར་བྱ་བ་དང་སྨྲ་བར་བྱེད་པ་ཡིན་པ་དེ་ལྟ་ན་ཡང་མངོན་པར་བརྗོད་པ་དང་འདྲེས་བའི་དོན་གྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་ཡིན་ནོ། །དབང་པོའི་རྣམ་པར་ཤེས་པ་ནི་དོན་གྱི་སྒོ་ནས་སྣང་བ་ཡིན་པའི་ཕྱིར་མངོན་པར་བརྗོད་པ་དང་འདྲེར་རུང་བ་སྣང་
Vol. 189 · folio 42a
བ་མ་ཡིན་པས་རྣམ་པར་མི་རྟོག་པ་ཡིན་ནོ། །འོ་ན་རྣ་བའི་རྣམ་པར་ཤེས་པ་ནི་སྒྲའི་རང་གི་མཚན་ཉིད་ལ་འཛིན་པ་ཡིན་ལ། སྒྲའི་རང་གི་མཚན་ཉིད་ཀྱང་ཁ་ཅིག་ནི་སྨྲ་བར་བྱ་བ་ཡིན་ལ། ཁ་ཅིག་ནི་སྨྲ་བར་བྱེད་པ་ཡིན་པས་མངོན་པར་བརྗོད་པ་དང་འདྲེར་རུང་བ་སྣང་བར་འགྱུར་ལ།
དེ་ལྟ་ན་ནི་རྣམ་པར་རྟོག་པ་དང་བཅས་པ་ཉིད་དུ་འགྱུར་རོ་ཞེ་ན། དེ་ལྟ་བུའི་སྐྱོན་མེད་དེ་རང་གི་མཚན་ཉིད་སྨྲ་བར་བྱ་བ་དང་སྨྲ་བར་བྱེད་པར་དངོས་པོ་ཡོད་དུ་ཟིན་ཀྱང་། རང་གི་མཚན་ཉིད་བརྡའི་དུས་ན་མཐོང་བ་ཉིད་དུ་བཟུང་ན་སྨྲ་བར་བྱ་བ་དང་སྨྲ་བར་བྱེད་པ་ཡང་བཟུང་བར་འགྱུར་རོ། །བརྡའི་དུས་ན་ཡོད་པའི་མཐོང་
བའི་ཡུལ་གྱི་དངོས་པོ་ཉིད་ནི་ད་ལྟར་ཡོད་པ་མ་ཡིན་ནོ། །དཔེར་ན་བརྡའི་ཚེ་ན་ཡོད་པའི་མཐོང་བ་ད་ལྟར་འགགས་པ་དེ་བཞིན་དུ་དེའི་ཡུལ་གྱི་དོན་ཡང་ད་ལྟར་མེད་པ་ཡིན་ནོ། །དེ་བས་ན་རྣ་བའི་རྣམ་པར་ཤེས་པས་སྟོན་གྱི་དུས་ན་མཐོང་བ་ཉིད་མི་འཛིན་པས་ན་སྨྲ་བར་བྱ་བ་དང་སྨྲ་བར་བྱེད་པའི་དངོས་པོ་འཛིན་པ་མ་ཡིན་ནོ། །
ཚུལ་འདིས་རྣལ་འབྱོར་པའི་ཤེས་པ་ཡང་སྒྲ་དང་དོན་མཐའ་དག་སྣང་བ་ཡིན་མོད་ཀྱི། བརྡའི་དུས་ཀྱི་མཐོང་བ་མི་འཛིན་པའི་ཕྱིར་རྣམ་པར་མི་རྟོག་པ་ཡིན་ནོ། །དེ་དང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་སྟེ། རྣམ་པར་རྟོག་པའི་རང་གི་ངོ་བོ་དང་བྲལ་བ་སྟེ། སྟོང་པར་གྱུར་ཅིང་མ་འཁྲུལ་པའི་ཤེས་པ་གང་ཡིན་པ་དེ་
མངོན་སུམ་ཡིན་ནོ་ཞེས་འོག་མ་དང་སྦྱར་བར་བྱ་སྟེ། རྟོག་པ་དང་བྲལ་ཞིང་འཁྲུལ་པ་མེད་པ་ནི་ཕན་ཚུན་ལྟོས་པས་ནི་མངོན་སུམ་གྱི་མཚན་ཉིད་ཡིན་གྱི། སོ་སོར་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་དེ་དང་བྲལ་ཞིང་མ་འཁྲུལ་པ་གང་ཡིན་པ་དེ་མངོན་སུམ་ཡིན་ནོ་ཞེས་མཚན་ཉིད་གཉིས་ཕན་ཚུན་ལྟོས་པ་ནི་མངོན་སུམ་
གྱི་ཡུལ་ཅན་ཉིད་དུ་བསྟན་པ་ཡིན་ནོ། །རབ་རིབ་ནི་མིག་ལ་གནོད་པ་སྟེ། འཁྲུལ་པའི་རྒྱུ་འདི་ནི་དབང་པོ་ལ་ཡོད་པའོ། །མྱུར་དུ་བསྐོར་བ་ནི་མགལ་མེ་ལ་སོགས་པ་ཡིན་ཏེ། མགལ་མེ་ལ་སོགས་པ་དལ་བུས་བསྐོར་ན་འཁོར་ལོས་འཁྲུལ་པ་མི་འབྱུང་བས་དེའི་ཕྱིར་མྱུར་དུ་ཞེས་སྨོས་པས་འཁྲུལ་པ་ལ་
བྱེ་བྲག་ཏུ་བྱས་སོ། །རྒྱུ་དེ་ནི་ཡུལ་ལ་ཡོད་པའོ། །གྲུས་འགྲོ་བ་ནི་གྲུར་ཞུགས་པ་སྟེ། གྲུས་འགྲོ་བ་ནི་ཤིང་ལ་སོགས་པ་འགྲོ་བར་འཁྲུལ་པ་འབྱུང་བས་ཞུགས་པ་ཞེས་སྨོས་སོ། །འཁྲུལ་པའི་རྒྱུ་འདི་ནི་ཕྱི་རོལ་གྱི་རྟེན་ལ་གནས་པ་ཡིན་ནོ། །འཁྲུགས་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་ལ་
Vol. 189 · folio 42b
སོགས་པ་སྟེ། རླུང་ལ་སོགས་པས་འཁྲུལ་པར་གྱུར་པ་ན་ཀ་བ་ལ་སོགས་པ་ལ་འབར་བ་འཁྲུལ་པ་སྐྱེའོ། །འཁྲུལ་པའི་རྒྱུ་འདི་ནི་ནང་ལ་ཡོད་པ་ལ། །འཁྲུལ་པའི་རྒྱུ་དབང་པོ་ལ་ཡོད་པ་དང་། ཡུལ་ལ་ཡོད་པ་དང་། ཕྱི་རོལ་གྱི་རྟེན་ལ་ཡོད་པ་དང་། ནང་ལ་ཡོད་པ་དེ་ཐམས་ཅད་ཀྱིས་ནི་དབང་པོ་
ཉིད་སྒྱུར་བར་བྱེད་དེ། དབང་པོ་མ་བསྒྱུར་བར་དབང་པོ་འཁྲུལ་པར་མི་རིགས་པའི་ཕྱིར་རོ། །འཁྲུགས་པ་ལ་མཐར་ཐུག་པ་དེ་དག་ལ་སོགས་པ་གང་ཡིན་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །སོགས་པ་སྨོས་པ་ནི་ལིང་ཏོག་དང་། མིག་སེར་ལ་སོགས་པ་ནི་དབང་པོ་ལ་གནས་པ་ཡིན་པར་གཟུང་ངོ་། །མྱུར་དུ་
བསྐོར་བ་ལ་སོགས་པ་ནི་ཡུལ་ལ་གནས་པ་ཡིན་ཏེ། མགལ་མེ་ཡན་མན་དུ་བསྐོར་བ་བྱས་ན་མེའི་ཁ་དོག་ཅན་གྱི་འབིགས་པར་སྣང་བའི་འཁྲུལ་པ་འབྱུང་ངོ་། །གླང་པོ་ཆེ་བཞོན་པ་ལ་སོགས་པ་ནི་ཕྱི་རོལ་གྱི་རྟེན་ལ་གནས་པ་ཡིན་ནོ། །གནད་མི་བཟད་པར་བསྣུན་པ་ལ་སོགས་པ་ནི་འཁྲུལ་པའི་རྒྱུ་ནང་གི་རྟེན་
ལ་གནས་པ་གཟུང་ངོ་། །དེ་དག་གིས་འཁྲུལ་པ་གང་དུ་ཡང་མ་སྐྱེས་པའི་རྣམ་པ་དེ་ལྟ་བུའི་ཤེས་པ་དེ་ནི་མངོན་སུམ་ཡིན་ནོ།། །།དེ་ལྟར་མཚན་ཉིད་བསྟན་ནས་གང་དག་དབང་པོ་ཁོ་ན་ལྟ་བ་པོ་ཡིན་པར་རྟོག་པ་དང་། ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད་ལ་སྐྱོན་བརྗོད་པ་དང་། རང་རིག་པ་དང་། རྣལ་
འབྱོར་པའི་ཤེས་པ་ཁས་མི་ལེན་པ་དེ་དག་གི་ལོག་པར་རྟོག་པ་བསལ་བའི་ཕྱིར་མངོན་སུམ་གྱི་རྣམ་པར་དབྱེ་བ་སྟོན་པས། དེ་ནི་རྣམ་པ་བཞི་སྟེ་ཞེས་བྱ་བ་སྨོས་སོ། །དབང་པོ་དང་འབྲེལ་པའི་ཤེས་པ་ནི་དབང་པོའི་ཤེས་པ་ཞེས་བྱ་བ་སྟེ། དབང་པོ་ལ་བརྟེན་པ་གང་ཡིན་པ་དེ་མངོན་སུམ་ཡིན་ནོ། །ཡིད་ཀྱི་
མངོན་སུམ་ལ་གཞན་དག་སྐྱོན་བརྗོད་པ་དེ་བསལ་བའི་ཕྱིར་ཡིད་ཀྱི་མངོན་སུམ་གྱི་མཚན་ཉིད་བཤད་པ། དབང་པོའི་རྣམ་པར་ཤེས་པ་རང་བདག་ཉིད་ཀྱི་ཡུལ་དེའི་དེ་མ་ཐག་པ་ནི་འདི་ལ་བར་མེད་པས་དེ་མ་ཐག་པའོ། །བར་ཡང་བར་ཆད་དང་ཁྱད་པར་ལ་བརྗོད་དེ། དེ་བས་ན་བར་བཀག་པས་ན་དབང་པོའི་རྣམ་
པར་ཤེས་པའི་ཡུལ་གྱི་ཉེ་བར་ལེན་པ་ལས་བྱུང་བ་རིགས་འདྲ་བའི་སྐད་ཅིག་མ་གཉིས་པར་འབྱུང་བ་གཟུང་སྟེ། དེ་ལྟ་ཡིན་དང་རྒྱུད་གཅིག་ཏུ་གཏོགས་པའི་དབང་པོའི་རྣམ་པར་ཤེས་པའི་ཡུལ་གྱི་སྐད་ཅིག་ལ་སྐད་ཅིག་མ་ཕྱི་མ་བཟུང་བ་ཡིན་ནོ། །དེ་ནི་དབང་པོའི་རྣམ་པར་ཤེས་པ་གང་ཡིན་པ་དང་ལྷན་ཅིག་བྱེད་
Vol. 189 · folio 43a
པ་དེ་དབང་པོའི་རྣམ་པར་ཤེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ལྷན་ཅིག་བྱེད་པ་ཡང་རྣམ་པ་གཉིས་ཏེ། ཕན་ཚུན་ཕན་པ་བྱེད་པ་དང་། བྱ་བ་གཅིག་ལ་བྱེད་པའོ། །འདིར་ནི་སྐད་ཅིག་གི་དངོས་པོ་ལ་ཁྱད་པར་སྒྲུབ་པ་མི་འཐད་པའི་ཕྱིར་བྱ་བ་གཅིག་ལ་བྱེད་པ་ཉིད་ལྷན་ཅིག་
བྱེད་པར་བཟུང་སྟེ། ཡུལ་དང་རྣམ་པར་ཤེས་པ་གཉིས་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་ལ་བྱེད་དོ། །འདི་ལྟར་དེ་གཉིས་ནི་དེ་ལ་གཉི་ག་ལྷན་ཅིག་བྱེད་པ་ཉིད་ཡིན་ནོ། །འདི་འདྲ་བའི་དབང་པོའི་རྣམ་པར་ཤེས་པ་ནི་དམིགས་པའི་སྐྱོན་བྱེད་པའི་ཚུལ་གྱིས་ཀྱང་རྣལ་འབྱོར་པའི་རྣམ་པར་ཤེས་པ་གཉིད་པ་དེ་
བསལ་བའི་ཕྱིར་མཚུངས་པ་དེ་མ་ཐག་པའི་རྐྱེན་སྨོས་སོ། །མཚུངས་པ་མི་ཤེས་པ་ཉིད་ཀྱིས་མཚུངས་པ་ཡང་ཡིན་ལ་བར་མ་ཆོད་པས་དེ་མ་ཐག་པ་ཡང་ཡིན་ནོ། །དེའང་ཡིན་ལ་རྒྱུ་ཉིད་ཀྱིས་ན་རྐྱེན་ཀྱང་ཡིན་པའི་དེ་མ་ཐག་པའི་རྐྱེན་ཏེ་དེས་བསྐྱེད་པའོ། །འདིས་ནི་རྒྱུ་གཅིག་ཏུ་གཏོགས་པ་ཁོ་ནའི་དབང་པོའི་
ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་གཉིས་བསྐྱེད་པར་བྱ་བ་དང་སྐྱེད་པར་བྱེད་པའི་དངོས་པོར་གྱུར་པ་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་མངོན་སུམ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་པའི་ཤེས་པ་རྒྱུད་གཞན་གྱི་རྗེས་སུ་འབྲང་བ་ཡང་བསལ་བ་ཡིན་ནོ། །གང་གི་ཚེ་དབང་པོའི་རྣམ་པར་ཤེས་པའི་ཡུལ་ལས་ཡིད་
ཀྱི་རྣམ་པར་ཤེས་པའི་ཡུལ་གཞན་ཡིན་པ་དེའི་ཚེ་བཟུང་ཟིན་པ་འཛིན་པས་ཚད་མར་མི་རུང་བའི་སྐྱོན་ཡོད་དོ་ཞེས་བྱ་བ་བསལ་བ་ཡིན་ནོ། །གང་གི་ཚེ་དབང་པོའི་རྣམ་པར་ཤེས་པའི་ཡུལ་གྱི་ཉེ་བར་ལེན་པ་ལས་བྱུང་བའི་སྐད་ཅིག་མ་འཛིན་པ་དེའི་ཚེ་དབང་པོའི་ཤེས་པས་གཟུང་བ་མ་ཡིན་པའི་ཡུལ་གཞན་མི་འཛིན་པའི་
ཕྱིར་ལོང་བ་དང་འོན་པ་ལ་སོགས་པ་མེད་པའི་སྐྱོན་དུ་ཐལ་བར་འགྱུར་བ་བསལ་བ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་མིག་གི་བྱ་བ་འདས་པའི་ཚེ་མངོན་སུམ་དུ་འདོད་དོ། །མིག་བྱེད་པ་དང་ལྡན་པ་དེའི་ཚེ་གཟུགས་ཤེས་པ་གང་ཡིན་པ་དེ་ཐམས་ཅད་མིག་ལ་བརྟེན་པ་ཁོ་ན་ཡིན་ཏེ། དེ་ལྟར་མ་ཡིན་ན་ནི་རྣམ་པར་ཤེས་
པ་གང་ཡང་མིག་ལ་བརྟེན་པ་མི་འཐད་པར་འགྱུར་རོ། །ཡིད་ཀྱི་མངོན་སུམ་དེ་ནི་གྲུབ་པའམ་མ་གྲུབ་པའི་མཐའ་ལས་གྲགས་པ་ཡིན་ནོ། །འདི་སྒྲུབ་པར་བྱེད་པའི་ཚད་མ་ནི་ཡོད་པ་མ་ཡིན་ནོ། །ཇི་སྟེ་དེ་ལྟ་བུ་དེ་ཡོད་དུ་བཅུག་ན་ཡང་ཉེས་པ་འགའ་ཡང་མེད་དོ་ཞེས་བསྟན་པའི་ཕྱིར་འདིའི་མཚན་ཉིད་བསྟན་པ་ཡིན་ནོ། །
Vol. 189 · folio 43b
རང་རིག་པ་བསྟན་པའི་ཕྱིར་སྨྲས་པ། སེམས་ནི་དོན་ཙམ་འཛིན་པའོ། །སེམས་ལས་བྱུང་བ་བདེ་བ་ལ་སོགས་པ་ནི་བྱེ་བྲག་གི་གནས་སྐབས་འཛིན་པའོ། །ཐམས་ཅད་ཀྱང་དེ་ཡིན་ལ་སེམས་དང་སེམས་ལས་བྱུང་བ་ཡང་ཡིན་ནོ། །བདེ་བ་ལ་སོགས་པ་འབའ་ཞིག་ཉམས་སུ་མྱོང་བ་གསལ་བ་ཡིན་
པའི་ཕྱིར་རང་རིག་པ་ཡིན་གྱི་སེམས་ཀྱི་གནས་སྐབས་གཞན་ནི་མ་ཡིན་ནོ་སྙམ་དུ་དོགས་པ་བསལ་བའི་ཕྱིར་ཐམས་ཅད་ཅེས་བྱ་བ་སྨོས་ཏེ། སེམས་ཀྱི་གནས་སྐབས་གང་དག་བདག་ཉིད་རིག་ཅིང་མངོན་སུམ་དུ་མ་གྱུར་པ་ནི་འགའ་ཡང་མེད་དོ། །ངོ་བོ་གང་གིས་བདག་ཉིད་རིག་པའི་ངོ་བོ་དེ་ནི་བདག་ཉིད་
རིག་པའི་མངོན་སུམ་མོ། །འདིར་གཟུགས་ལ་སོགས་པ་སྣང་བ་ན་དུས་གཅིག་ཏུ་ནང་གི་བདེ་བ་ལ་སོགས་པའི་རྣམ་པ་ནི་མྱོང་བ་ཡིན་ནོ། །གཟུང་བར་བྱ་བའི་རྣམ་པ་སྔོན་པོ་ལ་སོགས་པ་ཉིད་སིམ་པ་ལ་སོགས་པའི་རང་བཞིན་དུ་མྱོང་བ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། འདི་ལྟར་སྔོན་པོ་ལ་སོགས་པ་སིམ་
པ་ལ་སོགས་པའི་ངོ་བོར་མྱོང་བ་ནི་ངེས་པ་མེད་དོ། །གལ་ཏེ་འདི་ནི་སིམ་པའི་རང་བཞིན་ཉིད་ཡིན་ན་ནི་སྔོན་པོ་ལ་སོགས་པ་འདི་བདེ་བའི་རང་བཞིན་ནོ་ཞེས་བྱ་བ་ངེས་པར་འགྱུར་རོ། །རང་བཞིན་གང་ལ་རྣམ་པར་རྟོག་པས་མངོན་སུམ་གྱི་བྱེད་པ་དོན་མངོན་སུམ་དུ་བྱེད་པ་ཉིད་རྗེས་སུ་རྟོགས་པ་དེ་ནི་མངོན་སུམ་ཡིན་ན། སྔོན་
པོ་ལ་ནི་བདེ་བའི་རང་བཞིན་རྗེས་སུ་རྟོགས་པ་མེད་དོ། །དེ་བས་ན་སྔོན་པོ་མྱོང་བའི་ཚེ་བདེ་བ་མ་ཡིན་པའི་སྔོན་པོའི་དོན་ལས་གཞན་ཁོ་ནའི་བདེ་བ་མྱོང་བ་ཡིན་ནོ། །དེ་ཡང་ཤེས་པ་ཉིད་ཡིན་པ་དེ་བས་ན་ཤེས་པ་ཉམས་སུ་མྱོང་བ་ནི་ཡོད་དོ། །ཤེས་པའི་ངོ་བོ་རིག་པ་དེ་ཡང་བདག་ཉིད་ཀྱིས་མངོན་སུམ་དུ་
བྱེད་ཅིང་རྣམ་པར་མི་རྟོག་པ་དང་། མ་འཁྲུལ་བ་ཡིན་ཏེ། དེ་བས་ན་མངོན་སུམ་ཡིན་ནོ། །རྣལ་འབྱོར་པའི་མངོན་སུམ་བཤད་པའི་ཕྱིར་སྨྲས་པར་དང་ཡང་དག་པའི་དོན་ནི་བདེན་པའི། བདེན་པ་ཡང་ཚད་མས་མཐོང་བའི་དོན་ཏེ། ཇི་ལྟར་འཕགས་པའི་བདེན་པ་བཞི་ལྟ་བུའོ། །ཡང་དག་པའི་
དོན་བསྒོམ་པ་ནི་ཡང་ནས་ཡང་དུ་སེམས་ལ་བསླན་པའོ། །སྒོམ་པའི་རབ་ནི་བསྒོམ་པར་བྱ་བའི་དོན་སྣང་བའི་ཤེས་པ་གསལ་བར་སྣང་བ་རྩོམ་པའོ། །རབ་ཀྱི་མཐའ་ནི་གང་གི་ཚེ་གསལ་བའི་སྣང་བ་ཅུང་ཟད་མ་རྫོགས་པ་ཡིན་ཏེ། འདི་ལྟར་ཇི་སྲིད་དུ་གསལ་བར་སྣང་བ་ཉིད་མ་རྫོགས་པར་དེ་སྲིད་
Vol. 189 · folio 44a
དུ་དེ་ཁྱད་པར་དུ་འགྲོ་བ་ཡིན་ལ་གང་གི་ཚེ་རྫོགས་པ་དེའི་ཚེ་ནི་ཁྱད་པར་དུ་འགྲོ་བ་མེད་དོ། །དེ་བས་ན་རྫོགས་པའི་གནས་སྐབས་ལས་སྔ་རོལ་གྱི་གནས་སྐབས་ཀྱི་གསལ་བའི་སྣང་བ་ནི་རབ་ཀྱི་མཐའ་ཞེས་བྱའོ། །མཐའ་དེ་ལས་བྱུང་བ་གང་ཡིན་པ་ཉེ་བར་གནས་པ་བཞིན་དུ་བསྒོམ་
པར་བྱ་བའི་དོན་གྱི་རྣམ་པ་ཤིན་ཏུ་གསལ་བར་འཛིན་པའི་ཤེས་པ་ནི་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་ཡིན་ནོ། །དེས་ན་འདིར་གསལ་བའི་རྣམ་པ་བརྩམ་པའི་གནས་སྐབས་ནི་སྒོམ་པའི་རབ་ཡིན་ལ། འདི་ལྟར་ལྷང་ཚེར་གྱིས་བར་དུ་ཆོད་པ་བཞིན་ནོ། །གང་གི་ཚེ་བསྒོམ་པར་བྱ་བའི་དོན་མཐོང་བ་དེ་
ནི་རབ་ཀྱི་མཐའི་གནས་སྐབས་ཡིན་ཞིང་། ལག་མཐིལ་དུ་ཤེལ་སྒོང་བཞག་པ་བཞིན་དུ་བསྒོམ་པའི་དོན་མཐོང་བ་གང་ཡིན་པ་དེ་ནི་རྣལ་འབྱོར་པའི་མངོན་སུམ་ཡིན་ནོ། །དེ་ནི་གསལ་བར་སྣང་བ་ཡིན་ལ། གསལ་བར་སྣང་བ་ཉིད་ཀྱི་ཕྱིར་ཡང་རྣམ་པར་མི་རྟོག་པ་ཡིན་ནོ། །རྣམ་པར་རྟོག་པའི་རྣམ་པར་
ཤེས་པ་ནི་བརྡའི་ཚེ་མཐོང་བ་ཉིད་དུ་དངོས་པོ་འཛིན་པས་སྒྲ་དང་འདྲེར་རུང་བ་འཛིན་པ་ཡིན་ལ། བརྡའི་ཚེ་ན་མཐོང་བ་ཡང་བརྡའི་ཚེ་ན་སྐྱེས་པའི་ཤེས་པའི་ཡུལ་ཉིད་ཡིན་ནོ། །དེ་ལྟར་སྟོན་གྱི་ཤེས་པ་ཞིག་པ་ནི་ད་ལྟར་མེད་པ་དེ་བཞིན་དུ་སྔོན་གྱི་ཤེས་པ་ཞིག་པའི་ཡུལ་གྱི་དངོས་པོ་ཡང་ད་ལྟར་ཡོད་པ་མ་ཡིན་
ནོ། །དེས་ན་མེད་པའི་རང་བཞིན་ཅན་གྱི་དངོས་པོ་ཉེ་བར་མ་ཡིན་པ་འཛིན་པའི་ཕྱིར་རྣམ་པར་རྟོག་པ་ནི་མི་གསལ་བར་སྣང་བ་ཡིན་ནོ། །དེ་བས་ན་གསལ་བར་སྣང་བའི་ཕྱིར་རྣམ་པར་མི་རྟོག་པ་ཡིན་ལ། ཚད་མས་དག་པའི་དོན་འཛིན་པའི་ཕྱིར་མི་སླུ་བ་ཡིན་ནོ། །དེ་བས་ན་མངོན་སུམ་གཞན་བཞིན་དུ་རྣལ་
འབྱོར་མངོན་སུམ་ཡིན་ནོ། །རྣལ་འབྱོར་ནི་ཏིང་ངེ་འཛིན་ཏོ། །དེ་དག་ལ་ཡོད་པ་ནི་རྣལ་འབྱོར་པ་སྟེ། དེའི་ཤེས་པ་ནི་མངོན་སུམ་ཡིན་ནོ། །འོ་འི་སྒྲ་ནི་ཡོངས་སུ་རྫོགས་པའི་ཚིག་སྟེ། མངོན་སུམ་ནི་འདི་དག་ཙམ་དུ་ཟད་དོ། །དེ་ལྟར་མངོན་སུམ་ནི་རྟོགས་པ་དང་བྲལ་ཞིང་། མ་འཁྲུལ་
བ་ཉིད་དང་ལྡན་པའི་རྣམ་པར་ཕྱེ་བ་བསྟན་ནས་སྤྱོད་ཡུལ་ལ་ལོག་པར་རྟོག་པ་བསལ་བའི་ཕྱིར། དེའི་ཞེས་བྱ་བ་སྨོས་ཏེ། མངོན་སུམ་རྣམ་པ་བཞི་པོ་དེའི་ཡུལ་དེ་རྟོགས་པར་བྱ་བ་ནི་རང་གི་མཚན་ཉིད་ཡིན་ཏེ། རང་ཐུན་མོང་མ་ཡིན་པ་དེ་ཁོ་ན་ཉིད་ནི་རང་གི་མཚན་ཉིད་དོ། །དངོས་པོ་ལ་ནི་ཐུན་
Vol. 189 · folio 44b
མོང་མ་ཡིན་པ་དེ་ཉིད་དང་སྤྱི་ཡང་ཡོད་ལ། ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ནི་མངོན་སུམ་གྱིས་གཟུང་བར་བྱ་བ་ཡིན་ནོ། །ཚད་མའི་ཡུལ་ནི་རྣམ་པ་གཉིས་ཏེ། གང་ཞིག་རྣམ་པར་བསྐྱེད་པ་སྟེ་གཟུང་བར་བྱ་བ་དང་། གང་ཞིག་ཞེན་པའི་བྱ་བ་སྟེ་ཐོབ་པར་བྱའོ། །གཟུང་བར་བྱ་བ་ཡང་གཞན་ལ་ཞེན་
པར་བྱ་བ་ཡང་གཞན་ཡིན་ནོ། །འདི་ལྟར་མངོན་སུམ་གྱིས་གཟུང་བར་བྱ་བ་ནི་སྐད་ཅིག་མ་གཅིག་ཡིན་ལ། མངོན་སུམ་གྱི་སྟོབས་ཀྱིས་བསྐྱེད་པའི་ངེས་པའི་ཞེན་པའི་བྱ་བ་ནི་རྒྱུན་ཉིད་ཡིན་ནོ། །མངོན་སུམ་གྱིས་ཐོབ་པར་བྱ་བ་ཡང་རྒྱུན་ཉིད་ཡིན་ནོ། །སྐད་ཅིག་མ་ནི་ཐོབ་པར་མི་ནུས་པའི་ཕྱིར་རོ། །དེ་
བཞིན་དུ་རྗེས་སུ་དཔག་པ་ཡང་རང་གི་སྣང་བ་དོན་མེད་པ་ལ་ཡང་རང་གི་སྣང་བ་དོན་དུ་ཞེན་པས་འཇུག་པའི་ཕྱིར་དོན་མེད་པ་འཛིན་པ་ཡིན་ནོ། །ཡང་སྒྲོ་བཏགས་པའི་དོན་འཛིན་པ་ན་རང་གི་མཚན་ཉིད་དུ་འཛིན་ཏེ། དེ་བས་ན་རྗེས་སུ་དཔག་པ་འདི་འཇུག་པའི་ཡུལ་ནི་ཞེས་བྱ་བ་རང་གི་མཚན་ཉིད་ཡིན་ལ།
གཟུང་བར་བྱ་བ་ནི་དོན་མེད་པ་ཡིན་ནོ། །དེས་ན་འདིར་ཚད་མའི་གཟུང་བར་བྱ་བའི་ཡུལ་སྟོན་པས་མངོན་སུམ་གྱི་ཡུལ་རང་གི་མཚན་ཉིད་ཡིན་པར་བསྟན་ཏེ། །ཤེས་པའི་ཡུལ་གང་ཞིག་རང་གི་མཚན་ཉིད་དུ་རྟོགས་པར་བྱ་བ་དེ་ཡང་གང་ཡིན་ཞེ་ན། དོན་གང་ཞེས་སྨོས་ཏེ། དོན་གྱི་སྒྲས་ནི་ཡུལ་གྱི་རྣམ་
གྲངས་ཡིན་ནོ། །དོན་དེ་ཤེས་པའི་ཡུལ་གང་ཉེ་བ་ན་གནས་པ་དང་། མི་ཉེ་བ་ཡུལ་ཐག་རིང་པོ་ན་གནས་པ། ཉེ་བ་དང་མི་ཉེ་བ་དེ་དག་ལས་ཤེས་པ་ལ་སྣང་བ་གཟུང་བའི་རྣམ་པ་གསལ་བ་དང་མི་འགལ་བ་དག་ཏུ་ཐ་དད་པའོ། །ཤེས་པའི་ཡུལ་ཞིག་ཉེ་བས་ནི་ཤེས་པའི་རྣམ་པ་གསལ་བར་སྣང་
བར་བྱེད་ལ། ཉེ་བ་མ་ཡིན་པ་ན་རིང་བའི་ཡུལ་ན་གནས་པ་ཉིད་ཀྱི་ནི་མི་གསལ་བར་བྱེད་དེ་དེ་ནི་རང་གི་མཚན་ཉིད་ཡིན་ནོ། །དངོས་པོ་ཐམས་ཅད་ཀྱང་རིང་བ་ལས་ནི་མི་གསལ་བར་སྣང་ངོ་། །ཉེ་བ་ལས་ནི་གསལ་ཏེ་དེ་ཉིད་རང་གི་མཚན་ཉིད་ཡིན་ནོ། །ཅིའི་ཕྱིར་མངོན་སུམ་གྱི་ཡུལ་ཁོ་ན་རང་གི་མཚན་
ཉིད་ཡིན། འདི་ལྟར་རྣམ་པར་རྟོག་པའི་ཡུལ་གྱི་མེ་ལ་ཡང་མཐོང་བའི་བདག་ཉིད་ཁོ་ནར་ངེས་པ་ཡིན་ནོ་ཞེ་ན། དེ་ཉིད་དོན་དམ་པར་ཡོད་པ་ཞེས་སྨོས་ཏེ། དོན་དམ་པ་དང་བཅོས་མ་མ་ཡིན་པ་སྟེ་སྒྲོ་མ་བཏགས་པའི་རང་བཞིན་ཡིན་ལ། དེས་ཡོད་པས་དོན་དམ་པར་ཡོད་པའོ། །གང་གི་ཕྱིར་དོན་
Vol. 189 · folio 45a
གང་ཉེ་བ་དང་མི་ཉེ་བ་དག་ལས་སྣང་བ་གསལ་བར་བྱེད་པ་དེ་ཉིད་དོན་དམ་པར་ཡོད་པ་ཡིན་ལ། མངོན་སུམ་གྱི་ཡུལ་ཡང་དེ་ཉིད་ཡིན་པ་དེའི་ཕྱིར་དེ་ཁོ་ན་རང་གི་མཚན་ཉིད་ཡིན་ནོ། །ཡང་ཅིའི་ཕྱིར་དེ་ཉིད་ནི་དོན་དམ་པར་ཡོད་པ་ཡིན་ཞེ་ན། དངོས་པོའི་མཚན་ཉིད་དོན་བྱེད་ནུས་པ་ཁོ་
ན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དོན་དུ་གཉེར་བར་བྱ་བ་ཡིན་པས་ན་དོན་ཏེ། དོར་བར་བྱ་བ་དང་། བླང་བར་བྱ་བའོ། །དོར་བར་བྱ་བ་ནི་དོར་བར་བསྒྲུབ་པར་བྱ་བ་ཡིན་ལ། བླང་བར་བྱ་བ་ཡང་བླང་བར་བསྒྲུབ་པར་བྱའོ། །དོན་དགོས་པའི་བྱེད་པ་ནི་འགྲུབ་བའོ། །དེ་ལ་ནུས་པ་ནི་མཐུ་སྟེ།
དེ་ཉིད་དངོས་པོ་གང་ཡིན་པའི་མཚན་ཉིད་དེ་རང་བཞིན་ཡིན་པ་དེ་ནི་མཚན་ཉིད་དོན་བྱེད་ནུས་པའོ། །དེའི་དངོས་པོ་ནི་དོན་ཉིད་དེ་དེའི་ཕྱིར་རོ། །དངོས་པོ་ནི་དེ་ཉིད་དོན་དམ་པར་ཡོད་པའི་རྣམ་གྲངས་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། གང་གི་ཕྱིར་དོན་བྱེད་ནུས་པ་ལ་ནི་དོན་དམ་
པར་ཡོད་པ་ཞེས་བརྗོད་ལ། ཉེ་བ་དང་མི་ཉེ་བ་ལས་ཤེས་པའི་སྣང་བ་ཐ་དད་པར་བྱེད་ཀྱང་དོན་བྱེད་ནུས་པ་ཡིན་པ་དེའི་ཕྱིར་དེ་ཉིད་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་བྱ་བའོ། །དོན་བྱ་བ་ནི་མངོན་སུམ་གྱི་ཡུལ་དེ་ཉིད་ལས་འགྲུབ་ཀྱི་རྣམ་པར་རྟོག་པའི་ཡུལ་ལ་སྣང་བ་ཉིད་དུ་ངེས་པ་དེ་ལྟ་ན་ཡང་དེ་མཐོང་བ་ཉིད་ནི་མ་
ཡིན་ཏེ། དེ་ལས་དོན་བྱ་བ་མེད་པའི་ཕྱིར་དང་མཐོང་བ་ལས་ནི་དོན་ཡོད་པའི་ཕྱིར་རོ། །དེ་བས་ན་དེ་ཉིད་རང་གི་མཚན་ཉིད་ཡིན་གྱི། རྣམ་པར་རྟོག་པའི་ཡུལ་ནི་མ་ཡིན་ནོ། །རང་གི་མཚན་ཉིད་དུ་ངེས་པ་དེ་ལྟ་ན་ཡང་དེ་མཐོང་བ་ཉིད་ནི་མ་ཡིན་གང་ཞིག་རང་གི་མཚན་ཉིད་མ་ཡིན་པ་དེ་ནི་སྤྱིའི་མཚན་ཉིད་ཡིན་ནོ། །རྣམ་
པར་རྟོག་པའི་ཤེས་པས་ངེས་པའི་དོན་ནི་ཉེ་བ་དག་ལས་ཤེས་པའི་སྣང་བ་ཐ་དད་པར་མི་བྱེད་དོ། །འདི་ལྟར་སྒྲོ་བཏགས་པར་བྱ་བའི་མེ་ནི་སྒྲོ་བཏགས་ནས་ཡོད་པ་དང་། སྒྲོ་བཏགས་ནས་ཉེ་བ་དང་རིང་བར་གནས་པ་ཡིན་ནོ། །སྒྲོ་བཏགས་པ་དེ་ཉེ་བ་དང་རིང་བ་ལས་ནི་ཤེས་པའི་སྣང་བ་ཐ་དད་པ་མེད་དོ། །དེ་
བས་ན་རང་གི་མཚན་ཉིད་ལས་གཞན་ཞེས་བཤད་དོ། །སྤྱི་ཉིད་དུ་མཚོན་པས་སྤྱིའི་མཚན་ཉིད་དེ་ཐུན་མོང་གི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །སྒྲོ་བཏགས་པའི་ངོ་བོ་ནི་མེ་མཐའ་དག་གི་སྤྱིའི་མཚན་ཉིད་ཡིན་ལ་དེ་ཡང་རྗེས་སུ་དཔག་པའི་གཟུང་བར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ནི་རྗེས་སུ་
Vol. 189 · folio 45b
དཔག་པའི་ཡུལ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ། གཟུང་བར་བྱ་བའི་ངོ་བོ་ཡིན་ནོ། །སྤྱིའི་མཚན་ཉིད་ནི་རྗེས་སུ་དཔག་པའི་མཚན་ཉིད་ཡིན་ནོ་ཞེས་བཤད་པར་འདོད་པས་རང་གི་མཚན་ཉིད་ཀྱི་ངོ་བོ་བཤད་པའི་གཞུང་འདི་བཟླས་པར་བྱ་དགོས་པས་དེ་བས་ན་ཚེགས་ཆུང་བར་བྱ་བའི་ཕྱིར་མངོན་སུམ་གྱི་སྐབས་
འདི་རྗེས་སུ་དཔག་པའི་ཡུལ་བསྟན་ཏོ། །ཡུལ་ལ་ལོག་པར་རྟོགས་པ་བསལ་ནས་འབྲས་བུ་ལ་ལོག་པར་རྟོགས་པ་བསལ་བའི་ཕྱིར། མངོན་སུམ་གྱི་ཤེས་པ་དེ་ཉིད་ཅེས་བྱ་བ་སྨོས་ཏེ། མངོན་སུམ་གྱི་ཤེས་པ་བསྟན་མ་ཐག་པ་གང་ཡིན་པ་དེ་ཉིད་ཚད་མའི་འབྲས་བུ་ཡིན་ནོ། །ཇི་ལྟར་ཚད་
མའི་འབྲས་བུ་ཡིན་ཞེ་ན། བཤད་པ་དོན་རྟོགས་པ་ཁོང་དུ་ཆུད་པའོ། །མངོན་སུམ་གྱི་ཤེས་པ་གང་ལ་ངོ་བོ་ཉིད་ཡོད་པ་དེ་ནི་དོན་རྟོག་པའི་ངོ་བོ་ཡིན་ཏེ། དེའི་དངོས་པོ་དེ་ནི་དེ་ཉིད་དེ་དེའི་ཕྱིར་རོ། །འདི་སྐད་བསྟན་ཏེ། ཕྲད་པར་བྱེད་པའི་ཤེས་པ་ནི་ཚད་མ་ཡིན་ནོ། །ཕྲད་པར་ནུས་པ་ཡང་དོན་མེད་
ན་མི་འབྱུང་བ་ཙམ་འབའ་ཞིག་ལས་ནི་མ་ཡིན་ཏེ། ས་བོན་ལ་སོགས་པ་མེད་ན་མི་འབྱུང་བ་ཡིན་ཡང་མྱུ་གུ་ལ་སོགས་པ་ཕྲད་བྱེད་མ་ཡིན་པའི་ཕྱིར་རོ། །དེ་བས་ན་གཟུང་བར་བྱ་བའི་དོན་ལས་སྐྱེས་བུ་ཟིན་ཀྱང་ཤེས་པ་འདིའི་གདོན་མི་ཟ་བར་བྱ་བ་གང་བྱས་ན་དོན་དང་ཕྲད་པར་བྱེད་པའི་ལས་སུ་བྱ་བ་
འབའ་ཞིག་ཡོད་པ་ཡིན་ལ། གང་རྗེས་སུ་བསྒྲུབས་པས་ཤེས་པ་བྲད་བྱེད་དུ་གྱུར་པ་དེ་ཉིད་ཀྱང་ཚད་མའི་འབྲས་བུ་ཡིན་ནོ། །ཕྲད་པར་བྱེད་པའི་ཕྲད་བྱེད་ཀྱི་བྱ་བ་ཡང་འཇུག་པའི་ཡུལ་རབ་ཏུ་སྔོན་པོ་ཁོ་ན་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དོན་རབ་ཏུ་སྔོན་པོའི་ངོ་བོ་ཡང་དོན་རྟོགས་པའི་རང་བཞིན་
གྱི་མངོན་སུམ་དེ་ཉིད་ཡིན་ཏེ། དེའི་ཕྱིར་དེ་ཉིད་ཚད་མའི་འབྲས་བུ་ཡིན་ནོ། །གལ་ཏེ་ཤེས་པ་ནི་དོན་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་ཚད་མའི་འབྲས་བུ་ཡིན་ན་འོ་ན་ཚད་མ་ཅི་ཡིན་ཞེ་ན། སྨྲས་པ། ཤེས་པ་འདིའི་དོན་དང་འདྲ་བ་གང་ཡིན་པ་སྟེ་མཚུངས་པ་གང་ཡིན་པ་ཚད་མ་ཡིན་ནོ། །འདི་ལ་
རྣམ་པར་ཤེས་པ་ཡུལ་གང་ལས་སྐྱེས་པ་དེ་ནི་ཡུལ་དེ་དང་འདྲ་བ་ཡིན་ཏེ། ཇི་ལྟར་སྔོན་པོའི་དོན་ལས་སྐྱེས་པ་ན་སྔོན་པོ་འདྲ་བ་བཞིན་ནོ། །ཇི་ལྟར་འདྲ་བ་དེ་ཡང་རྣམ་པ་དང་སྣང་བ་ཞེས་ཀྱང་བྱའོ། །ཤེས་པ་ལས་མ་གཏོགས་པ་འདྲ་བ་མེད་པ་མ་ཡིན་ནམ། དེ་ལྟ་ཡིན་ན་ནི་ཤེས་དེ་ཉིད་ཚད་མ་
Vol. 189 · folio 46a
ཡིན་ལ་དེ་ཉིད་འབྲས་བུ་ཡིན་ནོ། །དངོས་པོ་གཅིག་ལ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་འཐད་པ་མ་ཡིན་ན་ཇི་ལྟར་འདྲ་བ་དེ་ཚད་མ་ཡིན་ཞེ་ན། དེའི་དབང་པོ་ཞེས་སྨོས་ཏེ། དེའི་ཞེས་བྱ་བ་ནི་འདྲ་བ་ལ་བྱའོ། །དེའི་དབང་གིས་ཏེ་འདྲ་བའི་མཐུས་དོན་རྟོགས་
པ་དེ་ཁོང་དུ་ཆུད་པ་དེ་འགྲུབ་པ་སྟེ་འགྲུབ་པའི་གཏན་ཚིགས་དེའི་ཕྱིར་ཏེ། མངོན་སུམ་གྱི་ཤེས་པ་དོན་རྟོག་པའི་ངོ་བོ་ནི་འདྲ་བའི་དབང་གིས་འགྲུབ་པ་ཡིན་ཏེ། རྟོགས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་རྣམ་པར་ཤེས་པ་སྔོན་པོར་སྣང་བ་དེའི་ཕྱིར་སྔོན་པོར་རྟོགས་པར་ངེས་པ་
ཡིན་ནོ། །མིག་ལ་སོགས་པ་གང་དག་ལས་ཤེས་པ་སྐྱེས་པ་དེའི་དབང་གིས་ནི་ཤེས་པ་དེ་སྔོན་པོ་མྱོང་བ་ཡིན་པར་གཞག་པར་མི་ནུས་ཀྱི། སྔོན་པོ་འདྲ་བ་མྱོང་བས་ན་སྔོན་པོ་རིག་པར་རྣམ་པར་གཞག་གོ། །གང་གིས་དངོས་པོ་གཅིག་ལ་འགལ་བར་འགྱུར་བ་འདིར་བསྐྱེད་བྱ་སྐྱེད་བྱེད་ཀྱི་
རྒྱུ་མཚན་གྱིས་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་ནི་མ་ཡིན་མོད་ཀྱི། འོན་ཀྱང་རྣམ་པར་གཞག་པ་དང་རྣམ་པར་འཇོག་པའི་སྒོ་ནས་ཡིན་ནོ། །དེ་བས་ན་དངོས་པོ་གཅིག་ལ་ངོ་བོ་འགས་ནི་ཚད་མ་ཡིན་ལ། ངོ་བོ་འགས་ནི་ཚད་མའི་འབྲས་བུ་ཡིན་པར་འགལ་བ་མེད་དོ། །འདི་ལྟར་
ཤེས་པ་དེ་དང་འདྲ་བ་ནི་རྣམ་པར་འཇོག་པའི་རྒྱུ་ཡིན་ལ། རྣམ་པར་གཞག་པར་བྱ་བ་ནི་སྔོན་པོ་མྱོང་བའི་ངོ་བོ་ཡིན་ནོ། །རྣམ་པར་གཞག་པ་དང་རྣམ་པར་འཇོག་པའི་ངོ་བོ་ཡང་ཤེས་པ་གཅིག་ལ་ཇི་ལྟར་རུང་ཞེ་ན། བཤད་པ་གང་གི་ཕྱིར་རྣམ་པར་ཤེས་པ་དེ་ནི་འདྲ་བ་ཉམས་སུ་མྱོང་ནས་ངེས་པར་
བྱེད་པའི་ཤེས་པས་སྔོན་པོ་འཛིན་པར་འཇོག་སྟེ། དེ་བས་ན་མྱོང་བར་འགྱུར་བའི་འདྲ་བ་ནི་རྣམ་པར་འཇོག་པའི་རྒྱུ་ཡིན་ལ། ངེས་པར་བྱེད་པའི་ཤེས་པས་ཤེས་པ་དེ་ལ་སྔོན་པོ་མྱོང་བར་རྣམ་པར་གཞག་པ་ནི་རྣམ་པར་གཞག་པར་བྱ་བ་ཡིན་ནོ། །དེ་བས་ན་ཤེས་པའི་མི་འདྲ་བ་ལས་བཟློག་ནས་
འདྲ་བའི་རྣམ་པར་འཇོག་པའི་རྒྱུའོ། །སྔོན་པོར་མ་རྟོགས་པ་ལས་བཟློག་སྟེ་སྔོན་པོར་རྟོགས་པའི་ངོ་བོ་ཉིད་ནི་རྣམ་པར་གཞག་པ་ཡིན་ནོ། །རྣམ་པར་འཇོག་པར་བྱེད་པ་ནི་མངོན་སུམ་གྱིས་རྟོག་པ་བྱུང་བའི་རྣམ་པར་རྟོག་པའི་ཤེས་པ་ཡིན་གྱི། མངོན་སུམ་ཉིད་ནི་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་བདག་
Vol. 189 · folio 46b
ཉིད་སྔོན་པོར་རྟོགས་པར་རྣམ་པར་འཇོག་པར་མི་ནུས་སོ། །ངེས་པར་བྱེད་པའི་ཤེས་པས་རྣམ་པར་མ་བཞག་པ་ནི་སྔོན་པོར་རྟོགས་པའི་ངོ་བོའི་ཤེས་པ་ཡོད་དུ་ཟིན་ཀྱང་མེད་པ་དང་འདྲ་བ་ཁོ་ན་ཡིན་ནོ། །དེ་བས་ན་ངེས་པར་བྱེད་པའི་ཤེས་པས་རྣམ་པར་ཤེས་པ་སྔོན་པོར་རྟོགས་པའི་ངོ་བོར་རྣམ་པར་
གཞག་པ་ནི་སྔོན་པོར་རྟོགས་པའི་བདག་ཉིད་དུ་ཡོད་པར་འགྱུར་རོ། །དེ་བས་ན་མངོན་པར་ཞེན་པར་བྱེད་པ་ཉིད་མངོན་སུམ་གྱི་ཚད་མ་ཡིན་ནོ། །ཞེན་པར་མ་བྱས་པར་ནི་རྣམ་པར་ཤེས་པ་སྔོན་པོར་རྟོགས་པའི་བདག་ཉིད་དུ་རྣམ་པར་གཞག་པ་མེད་དོ། །དེ་ལྟ་བས་ན་ཡང་ཚད་མའི་འབྲས་དུ་དོན་རྟོགས་
པའི་ངོ་བོ་ཉིད་མ་གྲུབ་པ་ཡིན་ནོ། །དེ་བས་ན་སྒྲུབ་པར་བྱེད་པ་དམ་པ་མེད་པའི་ཕྱིར་ཤེས་པ་ཚད་མ་ཉིད་དུ་མི་འགྱུར་རོ། །ཞེན་པ་བསྐྱེད་པས་འདྲ་བའི་དབང་གིས་ཤེས་པ་སྔོན་པོར་རྟོགས་པའི་ངོ་བོར་རྣམ་པར་གཞག་ན་ནི་འདྲ་བ་རྣམ་པར་འཇོག་པའི་རྒྱུ་ཡིན་པའི་ཕྱིར་ཚད་མ་གྲུབ་པ་ཡིན་ནོ། །ཅི་
སྟེ་དེ་ལྟ་ན་མངོན་སུམ་ཞེན་པ་དང་བཅས་པ་ཉིད་ཚད་མ་ཡིན་གྱི། ཉི་ཚེ་བ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་མངོན་སུམ་གྱི་སྟོབས་ཀྱིས་བྱུང་བའི་ཞེན་པས་ནི་དོན་མཐོང་བ་ཉིད་དུ་ཞེན་པར་བྱེད་ཀྱི། རྟོག་པར་བྱེད་པ་ཉིད་དུ་མ་ཡིན་ནོ། །མཐོང་བ་ཡང་དོན་མངོན་སུམ་དུ་བྱེད་པ་ཞེས་བྱ་
བ་མངོན་སུམ་གྱི་བྱེད་པ་ཡིན་ནོ། །རྣམ་པར་རྟོག་པ་ཡིན་ཏེ། འདི་ལྟར་དོན་ལྐོག་ཏུ་གྱུར་པ་རྣམ་པར་རྟོག་པ་ན་བདག་ཉིད་རྟོག་པར་བྱེད་ཀྱི། མཐོང་བ་ནི་མ་ཡིན་ནོ་ཞེས་རྟོག་པའི་བདག་ཉིད་རྣམ་པར་རྟོག་པའི་བྱེད་པ་ཡིན་པར་ནི་མྱོང་བ་ཉིད་ལས་ངེས་པ་ཡིན་ནོ། །དེ་བས་ན་རང་གི་བྱེད་པ་བཏང་སྟེ་
མངོན་སུམ་གྱི་བྱེད་པ་སྟོན་པར་བྱེད་པ་ལས་དོན་གང་ལ་མངོན་སུམ་དུ་སོང་བའི་ཞེན་པ་ཡོད་པ་དེར་མངོན་སུམ་ཁོ་ན་འབའ་ཞིག་ཚད་མ་ཡིན་ནོ། །མངོན་སུམ་གྱི་ལེའུ་སྟེ་དང་པོའོ།། །།དེ་ལྟར་མངོན་སུམ་བཤད་ནས། རྗེས་སུ་དཔག་པ་བསྟན་པའི་ཕྱིར་རྗེས་སུ་དཔག་པ་ནི་རྣམ་པ་
གཉིས་ཏེ་ཞེས་བྱ་བ་སྨོས་ཏེ་བྱེ་བྲག་གཉིས་སོ། །འོ་ན་རྗེས་སུ་དཔག་པའི་མཚན་ཉིད་བརྗོད་པར་བྱ་བ་ལ་རྣམ་པར་དབྱེ་བ་གློ་བུར་དུ་ཅིའི་ཕྱིར་བསྟན་ཅེ་ན། བཤད་པ། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ནི་སྒྲའི་བདག་ཉིད་དོ། །རང་གི་དོན་གྱི་རྗེས་སུ་དཔག་པ་ནི་ཤེས་པའི་བདག་ཉིད་ཡིན་ནོ། །
Vol. 189 · folio 47a
དེ་གཉིས་ནི་ཤིན་ཏུ་ཐ་དད་པས་མཚན་ཉིད་གཅིག་ཏུ་ཡོད་པ་མ་ཡིན་ནོ། །དེ་བས་ན་དེ་གཉིས་སོ་སོའི་མཚན་ཉིད་ངེས་པར་བསྟན་པའི་ཕྱིར་རྣམ་པར་དབྱེ་བ་བསྟན་ཏོ། །རྣམ་པར་དབྱེ་བ་ནི་གསལ་བའི་དབྱེ་བ་ཡིན་ལ། གསལ་བའི་དབྱེ་བ་བསྟན་ནས་ནི་གསལ་བ་སོ་
སོ་ལ་ངེས་པའི་མཚན་ཉིད་བསྟན་པར་ནུས་ཀྱི། གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་མཚན་ཉིད་བསྟན་པའི་ཆེད་ཁོ་ནར་རྣམ་པར་དབྱེ་བ་སྨོས་སོ། །རྣམ་པར་དབྱེ་བ་བསྟན་པ་མེད་པར་ནི་མཚན་ཉིད་བསྟན་པར་མི་ནུས་པར་རྟོགས་ནས་ཐོག་མར་རྣམ་པར་དབྱེ་བ་སྨྲས་པ་ཡིན་ནོ། །རྣམ་པ་
གཉིས་པོ་དེ་ཡང་གང་ཞེ་ན། རང་གི་དོན་ཞེས་བྱ་བ་སྨྲས་ཏེ། རང་གི་ཡིན་ཏེ་གང་གིས་རང་ཁོང་དུ་ཆུད་པར་བྱེད་པ་དེ་ནི་རང་གི་དོན་ཏོ། །གཞན་གྱི་དོན་ནི་གཞན་གྱི་ཡིན་ཏེ། གང་གིས་གཞན་ཁོང་དུ་ཆུད་པར་བྱེད་པ་དེ་ནི་གཞན་གྱི་དོན་ཏོ། །རང་གི་དོན་དང་གཞན་གྱི་དོན་གྱི་རྗེས་སུ་དཔག་
པ་དེ་གཉིས་ཀྱི་ནང་ནས་རང་གི་དོན་ཤེས་པའི་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན། རྗེས་སུ་དཔག་པར་བྱ་བ་ལ་ཚུལ་གསུམ་པའི་རྟགས་ལས་ཞེས་བྱ་བ་སྨོས་ཏེ། གང་ལ་འཆད་པར་འགྱུར་བའི་ཚུལ་གསུམ་པོ་ཡོད་པ་དེ་ནི་ཚུལ་གསུམ་པའོ། །མཚོན་པར་བྱེད་ཅིང་འདིས་དོན་སྟོན་པར་བྱེད་པས་ན་
རྟགས་སོ། །ཚུལ་གསུམ་པའི་རྟགས་དེ་ལས་སྐྱེས་བུའི་ཤེས་པ་གང་ཡིན་པ་ཞེས་པ་འདི་ནི་རྒྱུའི་སྒོ་ནས་བྱེ་བྲག་ཏུ་བྱས་པའོ། །ཚུལ་གསུམ་པའི་རྟགས་ལས་སྐྱེས་ཤིང་ཚུལ་གསུམ་པའི་རྟགས་ལ་དམིགས་པ་ཡང་ཡོད་པས་རྗེས་སུ་དཔག་པར་བྱ་བ་ལ་ཞེས་བྱ་བས་བྱེ་བྲག་ཏུ་བྱས་ཏེ།
འདི་ནི་ཡུལ་གྱི་སྒོ་ནས་བྱེ་བྲག་ཏུ་བྱས་པ་ཡིན་ནོ། །ཚུལ་གསུམ་པའི་རྟགས་ལས་སྐྱེས་ཤིང་རྗེས་སུ་དཔག་པར་བྱ་བ་ལ་དམིགས་པ་ཤེས་པ་དེ་ནི་རང་གི་དོན་གྱི་རྗེས་སུ་དཔག་པ་ཡིན་ནོ། །མཚན་ཉིད་ལ་ལོག་པར་རྟོགས་པ་བསལ་ནས། འབྲས་བུ་ལ་ལོག་པར་རྟོགས་པ་བསལ་བའི་
ཕྱིར་སྨྲས་པ། ཚད་མའི་འབྲས་བུ་གང་ཡིན་པ་དེའི་རྣམ་པར་གཞག་པ་གང་ཡིན་པ་དེ་ནི་འདིར་རྗེས་སུ་དཔག་པར་བྱ་བ་ལ་ཡང་མངོན་སུམ་དང་འདྲ་སྟེ། མངོན་སུམ་བཞིན་དུ་རིག་པར་བྱའོ། །ཇི་ལྟར་མངོན་སུམ་སྔོན་པོ་དང་འདྲ་བ་ཉམས་སུ་མྱོང་བ་ན་སྔོན་པོར་རྣམ་པར་གཞག་པ་སྟེ། དེ་བས་ན་
Vol. 189 · folio 47b
རྣམ་པར་འཇོག་པའི་རྒྱུ་སྔོན་པོ་དང་འདྲ་བ་ནི་ཚད་མ་ཡིན་ལ། སྔོན་པོ་ཁོང་དུ་ཆུད་པའི་ངོ་བོ་ཉིད་དུ་རྣམ་པར་གཞག་པ་ནི་ཚད་མའི་འབྲས་བུ་ཡིན་ནོ། །དེ་བཞིན་དུ་རྗེས་སུ་དཔག་པ་ཡང་སྔོན་པོའི་རྣམ་པ་ཅན་དུ་སྐྱེ་བ་ན་སྔོན་པོ་ཁོང་དུ་ཆུད་པའི་དངོས་པོར་རྣམ་པར་གཞག་པ་དེ་བས་ན་དེ་སྔོན་པོ་དང་འདྲ་
བ་ནི་འདིའི་ཚད་མ་ཡིན་ལ། སྔོན་པོར་རྣམ་པར་རྟོག་པའི་ངོ་བོ་ཉིད་ནི་ཚད་མའི་འབྲས་བུ་ཡིན་ནོ། །སྔོན་པོར་རྟོག་པའི་རང་བཞིན་དེ་ནི་འདྲ་བའི་དབང་གིས་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་ལྟར་འདིར་ནི་གྲངས་དང་མཚན་ཉིད་དང་འབྲས་བུ་ལ་ལོག་པར་རྟོགས་པ་དང་སྤྱོད་ཡུལ་ལ་
ལོག་པར་རྟོགས་པ་ནི་མངོན་སུམ་གྱི་ལེའུར་བསལ་ནས། བསྟན་པའི་ཞར་ལ་ཚུལ་གསུམ་པའི་རྟགས་ཀྱི་སྐབས་སུ་བབ་ནས་དེ་ཉིད་བསྟན་པའི་ཕྱིར། ཚུལ་གསུམ་པ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་ཀྱི་ཚུལ་གསུམ་གང་ཡིན་པ་སྟེ། དེ་བརྗོད་པ་ནི་འདི་ཡིན་ནོ་ཞེས་བྱ་བ་ནི་ཚིག་
གི་ལྷག་མའོ། །ཚུལ་གསུམ་ཡང་གང་ཞེ་ན། འཆད་པར་འགྱུར་བའི་མཚན་ཉིད་རྗེས་སུ་དཔག་པར་བྱ་བ་དེ་ལ་རྟགས་ཡོད་པ་ཉིད་དུ་ངེས་པ་ནི་ཚུལ་གཅིག་ཡིན་ནོ། །འདིར་ངེས་པའི་སྒྲ་སྨོས་པ་མ་བྱས་མོད་ཀྱི། འོན་ཀྱང་ཐ་མར་བྱས་པ་ལ་གོང་དུ་ཐལ་བའི་ཚུལ་དེ་གཉིས་ཀྱང་ལྟོས་པར་འགྱུར་བ་
ཡིན་ནོ། །གང་གི་ཕྱིར་ཇི་ལྟར་མྱུ་གུ་ལ་ས་བོན་བཞིན་དུ་རུང་བ་ཙམ་གྱི་སྒོ་ནས་ནི་རྟགས་ལྐོག་ཏུ་གྱུར་པ་ཤེས་པའི་རྒྱུ་མཚན་མ་ཡིན་ཏེ། མ་མཐོང་བའི་དུ་བ་ལས་མི་རྟོགས་པའི་ཕྱིར་རོ། །བུམ་པ་ལ་སོགས་པ་ལ་སྒྲོན་མ་བཞིན་དུ་རང་གི་ཡུལ་ཅན་གྱི་ཤེས་པ་སྐྱེད་པ་ལ་ལྟོས་ནས་ལྐོག་ཏུ་གྱུར་པ་
གསལ་བར་བྱེད་པ་ཡང་མ་ཡིན་ཏེ། མཐོང་ཡང་འབྲེལ་པ་མ་ངེས་པ་ལས་མི་རྟོགས་པའི་ཕྱིར་རོ། །དེ་བས་ན་རྟགས་ཀྱིས་ལྐོག་ཏུ་གྱུར་པའི་དོན་རྟོགས་པའི་བྱེད་པ་ནི་ལྐོག་ཏུ་གྱུར་པའི་དོན་མེད་ན་མི་འབྱུང་བར་ངེས་པ་ཁོ་ན་ཡིན་གྱི། གཞན་ནི་འགའ་ཡང་མ་ཡིན་ནོ། །དེ་བས་ན་རྟགས་ནི་
བྱེད་པའི་བདག་ཉིད་ཡིན་པའི་ཕྱིར་རྗེས་སུ་འགྲོ་བ་དང་། ལྡོག་པ་དང་ཕྱོགས་ཀྱི་ཆོས་ཉིད་དུ་ངེས་པ་གདོན་མི་ཟ་བར་བྱ་དགོས་པས་ཚུལ་ཀུན་ངེས་པའི་སྒྲ་ལ་ལྟོས་པར་བྱ་བ་ཡིན་ནོ། །དེ་ལ་ཡོད་པའི་ཚིག་གིས་ནི་མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་མ་གྲུབ་པ་བསལ་
Vol. 189 · folio 48a
བ་ཡིན་ནོ། །ཉིད་ཀྱི་ཚིག་གིས་ནི་ཕྱོགས་གཅིག་ལ་མ་གྲུབ་པ་བསལ་བ་ཡིན་ཏེ། ཇི་ལྟར་ལྗོན་ཤིང་ནི་སྲོག་དང་བཅས་པ་ཡིན་ཏེ། ཉལ་བའི་ཕྱིར་རོ་ཞེས་ལྗོན་ཤིང་ཕྱོགས་སུ་བྱས་པ་ལ་ལོ་མ་འཁུམ་པའི་མཚན་ཉིད་ཀྱི་ཉལ་བ་ནི་ཕྱོགས་གཅིག་ལ་མ་གྲུབ་པ་
ཡིན་ཏེ། འདི་ལྟར་ཤིང་ཐམས་ཅད་ནི་མཚན་མོ་ལོ་མ་འཁུམ་པ་ལ་བརྟེན་པ་མ་ཡིན་ཏེ། འགའ་འགའ་ཙམ་ཁོ་ནར་ཟད་པ་ལྟ་བུའོ། །ཡོད་པའི་ཚིག་གི་རྗེས་ལ་ཉིད་སྨོས་པས་ནི་ཐུན་མོང་མ་ཡིན་པའི་ཆོས་གསལ་བ་ཡིན་ནོ། །ཅི་སྟེ་རྗེས་སུ་དཔག་པར་བྱ་བ་ཉིད་ལ་ཡོད་པ་ཞེས་སྨྲས་ན་
ནི་མཉན་པར་བྱ་བ་ཁོ་ན་གཏན་ཚིགས་ཡིན་པར་འགྱུར་རོ། །རེས་པ་སྨོས་པས་ནི་ཐེ་ཚོམ་ཟ་བ་མ་གྲུབ་པ་ཐམས་ཅད་བསལ་བ་ཡིན་ནོ། །མཐུན་པའི་ཕྱོགས་ནི་མཚན་ཉིད་འཆད་པར་འགྱུར་བའོ། །དེ་ཉིད་ལ་ཡོད་པར་ངེས་པ་ནི་ཚུལ་གཉིས་པ་ཡིན་ནོ། །འདིར་ཡང་ཡོད་པ་སྨོས་པས་འགལ་བ་
བསལ་བ་ཡིན་ཏེ། དེ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་མ་ཡིན་ནོ། །ཉིད་སྨོས་པས་ཐུན་མོང་གི་མ་ངེས་པ་ཉིད་བསལ་ཏེ། དེ་ནི་མཐུན་པའི་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། གཉིས་ཀ་ལ་ཡང་ཡོད་པ་ཡིན་ནོ། །ཡོད་པ་སྨོས་པ་ལས་སྔར་ངེས་པར་གཟུང་བ་སྨོས་པ་ནི་ཡོད་པ་ཡིན་
ཡང་མཐུན་པའི་ཕྱོགས་ལ་མ་ཁྱབ་པ་རྩོལ་བ་ལས་བྱུང་བ་དག་ཀྱང་གཏན་ཚིགས་ཉིད་དུ་བསྟན་པ་ཡིན་ནོ། །ཕྱིས་ངེས་པས་གཟུང་བ་བྱས་ན་ནི་དོན་འདིར་འགྱུར་ཏེ། གང་ཞིག་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་དེ་གཏན་ཚིགས་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། རྩོལ་བ་ལས་བྱུང་བ་ཉིད་གཏན་
ཚིགས་མ་ཡིན་པར་འགྱུར་རོ། །ངེས་པའི་ཚིག་གིས་ནི་རྗེས་སུ་འགྲོ་བ་ལ་ཐེ་ཚོམ་ཟ་བའི་མ་ངེས་པ་ཉིད་བསལ་བ་ཡིན་ཏེ། ཅི་ལྟར་སྨྲས་པའི་ཕྱིར་འགའ་ཞིག་ནི་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། མཐུན་པའི་ཕྱོགས་ཐམས་ཅད་མཁྱེན་པ་ལ་སྨྲ་བ་ཉིད་ཐེ་ཚོམ་ཟ་བ་ཡིན་ནོ། །
མི་མཐུན་པའི་ཕྱོགས་འཆད་པར་འགྱུར་བ་ནི་མཚན་ཉིད་དེ་ལ་མེད་པ་ཉིད་དུ་ངེས་པ་ནི་ཚུལ་གསུམ་པ་ཡིན་ནོ། །དེ་ལ་མེད་པ་སྨོས་པས་ནི་འགལ་བ་བསལ་བ་ཡིན་ཏེ། འགལ་བ་ནི་མི་མཐུན་པའི་ཕྱོགས་ལ་ཡོད་པ་ཡིན་ནོ། །ཉིད་སྨོས་པའི་མི་མཐུན་པའི་ཕྱོགས་གཅིག་ལ་ཐུན་མོང་དུ་
Vol. 189 · folio 48b
ཡོད་པ་བསལ་བ་ཡིན་ཏེ། རྩོལ་བ་ལས་བྱུང་བ་ཉིད་དུ་བསྒྲུབ་པར་བྱ་བ་ལ་མི་རྟག་པ་ཉིད་ནི་མི་མཐུན་པའི་ཕྱོགས་གཅིག་གློག་ལ་སོགས་པ་ལ་ནི་ཡོད་པ་ཡིན་ལ། ནམ་མཁའ་ལ་སོགས་པ་ལ་ནི་མེད་པ་ཡིན་ནོ། །དེ་བས་ན་ངེས་པར་བྱེད་པས་འདི་བསལ་ཏོ། །མེད་པའི་སྒྲའི་སྔ་
རོལ་དུ་ངེས་པར་གཟུང་བ་བྱས་ན་ནི་དོན་འདིར་འགྱུར་ཏེ། མི་མཐུན་པའི་ཕྱོགས་ཉིད་ལ་མེད་པ་གང་ཡིན་པ་དེ་གཏན་ཚིགས་ཡིན་ལ། དེ་ལྟ་ན་ཡང་རྩོལ་བ་ལས་བྱུང་བ་ཉིད་མཐུན་པའི་ཕྱོགས་ལ་ཡང་མེད་དོ། །དེའི་ཕྱིར་གཏན་ཚིགས་མ་ཡིན་པར་འགྱུར་བས་དེ་ལྟར་ན་དེ་སྔར་མ་བྱས་སོ། །
ངེས་པས་ནི་མི་མཐུན་པའི་ཕྱོགས་ཡས་ལྡོག་པ་ལ་ཐེ་ཚོམ་ཟ་བ་བསལ་བ་ཡིན་ནོ། །མཐུན་པའི་ཕྱོགས་ཉིད་ལ་ཡོད་པ་ཞེས་བསྟན་ན་མི་མཐུན་པའི་ཕྱོགས་ལ་མེད་པ་ཉིད་ཡིན་ནོ་ཞེས་ཁོང་དུ་ཆུད་པ་མ་ཡིན་ནམ། ཅིའི་ཕྱིར་དེ་གཉི་ག་གདུང་བར་བྱས་ཤེ་ན། བཤད་པ། རྗེས་སུ་འགྲོ་བའམ་ལྡོག་
པ་ངེས་པ་དང་ལྡན་པ་ཁོ་ན་རབ་ཏུ་སྦྱར་བར་བྱའི། གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་གཉི་ག་གཟུང་བར་བྱས་སོ། །སྦྱོར་བ་འདི་གཉི་ག་ཡང་མ་ངེས་པ་ཉིད་ཡིན་ན་ནི་མཐུན་པའི་ཕྱོགས་ལ་ཡོད་པ་དང་། མི་མཐུན་པའི་ཕྱོགས་ལ་མེད་པ་ཙམ་ཉེ་གཏན་ཚིགས་ཡིན་ནོ་ཞེས་བྱ་བའི་དོན་
འདིར་འགྱུར་རོ། །དེ་ལྟ་ན་ཡང་དེའི་བུ་ཡིན་པའི་ཕྱིར་དེ་སྔོ་བསངས་ཡིན་ཏེ། སྣང་བའི་བུ་བཞིན་ནོ་ཞེས་བྱ་བའི་དེའི་བུ་ཉིད་གཏན་ཚིགས་ཡིན་པར་འགྱུར་རོ། །དེའི་ཕྱིར་གང་གིས་སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བ་དང་འབྲེལ་བར་རྟོགས་པར་འགྱུར་བ་རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་དང་
ལྡན་པ་དག་ཁོ་ནར་སྦྱར་བར་བྱ་བ་ཡིན་ནོ། །ངེས་པ་དང་ལྡན་པ་ཁོ་ནར་གདོན་མི་ཟ་བར་སྦྱར་བར་བྱ་བ་ན་ཡང་གཉིས་ལས་གཅིག་ཁོ་ན་སྦྱར་བར་བྱའི། གཉི་ག་ནི་མ་ཡིན་ཏེ། དེ་བས་རྗེས་སུ་འགྲོ་བའམ་ལྡོག་པའི་ངེས་པ་དང་ལྡན་པ་ཁོ་ན་སྦྱར་བར་བྱའོ་ཞེས་བསླབ་པའི་ཕྱིར་གཉི་ག་གཟུང་བ་ཡིན་
ནོ། །ཚུལ་དེ་སུམ་བསྟན་པའི་ཞར་ལ་རྗེས་སུ་དཔག་པར་བྱ་བ་དང་། མཐུན་པའི་ཕྱོགས་དང་། མི་མཐུན་པའི་ཕྱོགས་བསྟན་པས་དེ་དག་གི་མཚན་ཉིད་བརྗོད་དགོས་སོ། །དེ་ལ་རྗེས་སུ་དཔག་པར་བྱ་བ་གང་ཡིན་ཞེ་ན། རྗེས་སུ་དཔག་པ་བྱ་བ་ནི་འདིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
Vol. 189 · folio 49a
གཏན་ཚིགས་ཀྱི་མཚན་ཉིད་གཏན་ལ་འབེབས་པ་འདིར་ཆོས་ཅན་ནི་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །གཞན་དུ་བསྒྲུབ་པར་བྱ་བ་ཁོང་དུ་ཆུད་པར་བྱ་བའི་ཚེ་ནི་སྤྱི་རྗེས་སུ་དཔག་པར་བྱ་བ་ཡིན་ལ། ཁྱབ་པ་ངེས་པར་བྱེད་པའི་ཚེ་ནི་ཆོས་རྗེས་སུ་དཔག་པར་བྱ་བ་ཡིན་
པར་བསྟན་པའི་ཕྱིར། འདིར་ཞེས་བྱ་བ་སྨོས་སོ། །ཤེས་པར་འདོད་པ་སྟེ་ཁོང་དུ་ཆུད་པར་འདོད་པའི་བྱེ་བྲག་གི་ཆོས་ཆོས་ཅན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །མཐུན་པའི་ཕྱོགས་གང་ཞེ་ན། མཐུན་པའི་ཕྱོགས་ནི་དོན་མཚུངས་པའོ། །མཚུངས་པ་འདྲ་བའི་དོན་ཉེ་
བར་བཏགས་ནས་མཐུན་པའི་ཕྱོགས་སུ་བརྗོད་པ་ཡིན་ལ། དེ་ཡང་མཚུངས་པའི་སྒྲས་ཁྱད་པར་དུ་བྱས་པ་ཡིན་ནོ། །མཐུན་པའི་ཕྱོགས་ནི་མཚུངས་པའི་ཕྱོགས་ཏེ། མཚུངས་པ་ལ་མཐུན་པའི་བསྟན་པ་ཡིན་ནོ། །གང་གིས་ཕྱོགས་དང་མཐུན་པའི་ཕྱོགས་མཐུན་པ་ཡིན་ནོ་ཞེས་བྱ་བ། ཕྱོགས་དང་
མཐུན་པའི་ཕྱོགས་གཉིས་ཀྱི་སྤྱིའི་གང་ཡིན་སྙམ་པ་ལ། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་ཞེས་བྱ་བ་སྨྲས་ཏེ། བསྒྲུབ་པར་བྱ་བ་ཡང་འདི་མ་གྲུབ་པ་ཡིན་པའི་ཕྱིར་དང་། ཆོས་ནི་གཞན་ལ་བརྟེན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཆོས་སོ། །བྱེ་བྲག་བསྒྲུབ་པར་བྱ་བ་མ་ཡིན་གྱི། འོན་ཏེ་སྤྱི་
ཡིན་པ་དེ་བས་ན་འདིར་སྤྱི་བསྒྲུབ་བྱར་བསྟན་ཏོ། །དེ་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱང་ཡིན་ལ། སྤྱི་ཡང་ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱིས་ཕྱོགས་དང་མཚུངས་པ་ནི་མཐུན་པའི་ཕྱོགས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་མཐུན་པའི་ཕྱོགས་གང་ཞེ་ན། མཐུན་པའི་ཕྱོགས་ནི་ཞེས་བྱ་བ་སྨོས་ཏེ།
མཐུན་པའི་ཕྱོགས་མ་ཡིན་པ་དེ་ནི་མི་མཐུན་པའི་ཕྱོགས་སོ། །མཐུན་པའི་ཕྱོགས་མ་ཡིན་པ་གང་ཞེ་ན། མཐུན་པའི་ཕྱོགས་དེ་ལས་གཞན་པ་དང་། དེ་དང་འགལ་བ་དང་། མཐུན་པའི་ཕྱོགས་དེ་མེད་པའོ། །མཐུན་པའི་ཕྱོགས་ལ་གཞན་པ་དང་། དེ་དང་འགལ་བ་ནི་ཇི་སྲིད་དུ་ཕྱོགས་
ཀྱི་རང་གི་ངོ་བོ་མེད་པའི་ནི་མི་ཤེས་པ་དེ་སྲིད་དུ་ཁོང་དུ་ཆུད་པར་མི་ནུས་སོ། །དེ་བས་ན་གཞན་པ་ཉིད་དང་འགལ་བ་ཉིད་དུ་རྟོག་པའི་ཤུགས་ཀྱིས་ན་གཞན་པ་དང་འགལ་བ་གཉིས་ནི་མཐུན་ཕྱོགས་མེད་པའི་རང་བཞིན་དུ་རྟོགས་སོ། །དེ་བས་ན་མེད་པའི་དངོས་པོ་མཐུན་པའི་ཕྱོགས་མེད་པའི་ངོ་
Vol. 189 · folio 49b
བོར་རྟོགས་པ་ཡིན་ལ། གཞན་པ་དང་འགལ་བ་གཉིས་ནི་ཤུགས་ཀྱིས་ན་མེད་པའི་ངོ་བོར་རྟོགས་པ་ཡིན་ནོ། །དེ་བས་ན་གསུམ་ཆར་ཡང་མི་མཐུན་པའི་ཕྱོགས་ཡིན་ནོ། །ཚུལ་གསུམ་པོ་ཡང་རྟགས་གསུམ་ཁོ་ན་དང་ལྡན་པ་སྟེ་ཞེས་བྱ་བ་ནི་བཤད་ཟིན་པའི་ཚུལ་གྱིས་སོ། །ཡང་གི་
སྒྲས་ནི་བརྗོད་པར་བྱ་བ་གཞན་བསྡུས་པའི་ཕྱིར་རོ། །གཞན་གྱིས་སྔར་ཚུལ་གསུམ་དང་ཚུལ་གསུམ་པའི་རྟགས་དྲིས་པ་ཡིན་ནོ། །ཚུལ་གསུམ་ཉིད་ནི་བཤད་ཟིན་པས་ཚུལ་གསུམ་པའི་མི་དམིགས་པ་ཡིན་ནོ། །ཚུལ་གསུམ་པའི་རྟགས་ཀྱང་གསུམ་ཁོ་ན་ཡིན་ཏེ། ཚུལ་གསུམ་
པའི་རྟགས་ནི་རྣམ་པ་གསུམ་ཡིན་ནོ་ཞེས་བྱ་བའི་དོན་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན་སྨྲས་པ། དགག་པ་བསྒྲུབ་པར་བྱ་བ་ལས་ཚུལ་གསུམ་པའི་མི་དམིགས་པ་དང་། ཡོད་པ་བསྒྲུབ་པར་བྱ་བ་ལས་ཚུལ་གསུམ་པའི་རང་བཞིན་དང་འབྲས་བུའོ། །དེ་ལ་མི་དམིགས་པ་བརྗོད་པའི་ཕྱིར་
དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་དོན་ཏེ། ཇི་ལྟར་མི་དམིགས་པ་འདི་ཇི་ལྟ་བ་དེ་བཞིན་དུ་གཞན་ཡང་ཡིན་གྱི། འདི་འབའ་ཞིག་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་ནི་ཕྱོགས་གཅིག་གོ། །བྱེ་བྲག་ཏུ་གྱུར་པ་ནི་བྱེ་བྲག་སྟེ་རྟོགས་པ་
པོའི་མངོན་སུམ་ལ་བྱའོ། །དེ་ལྟ་བུ་ཡང་ཐམས་ཅད་མ་ཡིན་པ་དེའི་ཕྱིར་འགའ་ཞིག་ན་ཞེས་བྱ་བ་སྨོས་ཏེ། རྟོགས་པར་བྱེད་པའི་མངོན་སུམ་གྱི་ཕྱོགས་འགའ་ཞིག་ན་ཞེས་བྱ་བ་ནི་ཆོས་ཅན་ནོ། །བུམ་པ་མེད་དེ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །དམིགས་པ་ནི་ཤེས་པའོ། །དེའི་
མཚན་ཉིད་ནི་སྐྱེད་པར་བྱེད་པ་ཚོགས་པ་ཡིན་ཏེ། འོན་ཏེ་གང་གི་ཕྱིར་དེང་དམིགས་པ་མཚོན་པར་བྱེད་པའོ། །དེར་འགྱུར་བའི་དོན་ནི་སྐྱེད་པ་ཉིད་དུ་ཚོགས་པར་འདུས་པའི་ཕྱིར་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་པ་ནི་སྣང་བ་ཞེས་བྱ་བའི་དོན་ཏོ། །མི་དམིགས་པ་དེའི་ཕྱིར་རོ་ཞེས་
བྱ་བ་འདི་ནི་གཏན་ཚིགས་ཡིན་ནོ། །འོན་ཏེ་གང་ཞིག་གང་ལ་མེད་པ་དེ་ཇི་ལྟར་དེར་སྣང་ཞེ་ན། སྣང་བ་ཉིད་དུ་སྒྲོ་བཏགས་པའི་ཕྱིར་མེད་དུ་ཟིན་ཀྱང་དེར་སྣང་བ་ཞེས་བྱ་སྟེ། གལ་ཏེ་འདི་ན་ཡོད་ན་ནི་ལྟ་བ་ཁོ་ནར་འགྱུར་རོ་ཞེས་དེ་ལྟར་བརྟག་ཏུ་རུང་བ་གང་ཡིན་པ་དེ་ནི་དེར་མེད་ཀྱང་སྣང་
Vol. 189 · folio 50a
བར་སྒྲོ་གདགས་པར་བྱ་བ་ཡིན་ནོ། །དེ་ལྟར་བརྟག་ཏུ་རུང་བ་ཡང་གང་ཡིན་ཞེ་ན། གང་གི་རང་ལ་དམིགས་པ་མཐོང་བའི་རྒྱུ་ཚོགས་པར་གྱུར་པའོ། །གང་གི་ཚེ་དེ་ཚོགས་པར་རིག་པར་བྱ་ཞེ་ན། གང་གི་ཚེ་ཤེས་པ་གཅིག་ལ་འདྲེ་བའི་དངོས་པོ་གཞན་དམིགས་པ་སྟེ།
དབང་པོ་གཅིག་གི་ཤེས་པའི་གཟུང་བར་བྱ་བ་མིག་ལ་སོགས་པ་འདོད་པ་ལ་མངོན་དུ་ཕྱོགས་པའི་དངོས་པོ་གཉིས་གཅིག་ལ་གཅིག་ལྟོས་པ་ན་ཤེས་པ་གཅིག་ལ་འདྲེ་བ་ཞེས་བྱའོ། །དེ་གཉིས་ཡོད་པ་ན་གཅིག་ངེས་པར་འགྱུར་བ་ནི་མ་ཡིན་ཏེ། རྟོགས་པར་བྱར་རུང་བ་ཉིད་གཉི་ག་ཡང་ཁྱད་པར་
མེད་པའི་ཕྱིར་རོ། །དེ་བས་ན་ཤེས་པ་གཅིག་ལ་འདྲེ་བ་ཅིག་ཤོས་སྣང་བ་ན་མཐོང་བའི་ཚོགས་པ་ཚད་མ་ཅིག་ཤོས་ཀྱང་གལ་ཏེ་ཡོད་ན་ནི་མཐོང་བ་ཁོ་ནར་འགྱུར་རོ་ཞེས་བརྟག་པར་བྱ་བ་ནི་སྣང་བར་སྒྲོ་བཏགས་པ་ཡིན་ལ། དེ་མི་དམིགས་པ་ནི་སྣང་བ་མི་དམིགས་པ་ཡིན་ནོ། །དེ་བས་ན་
བུམ་པས་དབེན་པའི་ས་ཕྱོགས་དེ་ཉིད་དང་། དེ་ལ་དམིགས་པའི་ཤེས་པ་ནི་སྣང་བ་མི་དམིགས་པར་ངེས་པའི་རྒྱུ་ཡིན་པའི་ཕྱིར་སྣང་བ་མི་དམིགས་པ་ཞེས་བྱའོ། །ཇི་ཙམ་དུ་ཤེས་པ་གཅིག་ལ་འདྲེ་བའི་དངོས་པོ་ངེས་པར་མ་གྱུར་པ་དེ་སྲིད་དུ་སྣང་བ་མི་དམིགས་པར་ངེས་པ་མེད་དོ། །དེ་བས་ན་
དངོས་པོ་དང་ཤེས་པ་ལ་ཡང་མི་དམིགས་པ་ཞེས་བརྗོད་པ་ཡིན་ནོ། །མཐོང་བ་ལོག་པ་ཙམ་ནི་རང་ཉིད་མ་ངེས་པའི་ཕྱིར་གོ་བར་བྱེད་པ་མ་ཡིན་ནོ། །དེ་བས་ན་སྣང་བ་ནི་བུམ་པས་དབེན་པའི་ས་ཕྱོགས་དང་དེའི་ཤེས་པ་ཚིག་གི་ཤུགས་ཉིད་ཀྱིས་སྣང་བ་མི་དམིགས་པའི་ངོ་བོ་ཡིན་པར་
སྨྲ་བར་ལྟའོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་ཡང་གང་ཞེ་ན། དམིགས་པའི་མཚན་ཉིད་དུ་གྱུར་པ་ནི་ཞེས་བྱ་བ་སྨོས་ཏེ། དམིགས་པའི་མཚན་ཉིད་དུ་གྱུར་པ་ནི་བུམ་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་ཉིད་ལ་བྱའོ། །ཤེས་པའི་རྐྱེན་གཞན་ཚང་བར་གྱུར་པ་ཉིད་ནི་
ཞེས་བྱ་བ་ནི། བུམ་པ་ཡང་ཤེས་པ་སྐྱེད་པར་བྱེད་པ་ཡིན་ལ། མིག་ལ་སོགས་པ་གཞན་ཡང་ཡིན་ཏེ། སྣང་བའི་བུམ་པ་ལས་གཞན་པའི་རྒྱུ་གང་ཡིན་པ་དེ་ནི་རྐྱེན་གཞན་ཡིན་ལ། དེ་དག་ཚོགས་པ་ནི་འདུས་པའོ། །རང་བཞིན་ཉིད་དེ་གཞན་པ་ལས་ཁྱད་པར་དུ་གྱུར་པ་ཡིན་
Vol. 189 · folio 50b
པས་ཁྱད་པར་ཅན་དེ་ཁྱད་པར་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེས་ན་བུམ་པ་ལ་སོགས་པའི་རང་བཞིན་ཁྱད་པར་ཅན་འདི་དང་། རྐྱེན་གཞན་ཚོགས་པ་འདི་གཉིས་ནི་དམིགས་པའི་མཚན་ཉིད་དུ་འགྱུར་བ་ཡིན་པར་བལྟ་བར་བྱའོ། །རང་བཞིན་ཁྱད་པར་ཅན་ཅིག་འདྲ་བ་ཞིག་ཅེ་ན། རང་
བཞིན་གང་ཡོད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་དམིགས་པའི་རྐྱེན་སྣང་དུ་རུང་བའི་བུམ་པ་ལས་གཞན་དེ་དག་ཡོད་དེ་བདོག་ན་རང་བཞིན་གང་ཡིན་པ་མངོན་སུམ་ཁོ་ནར་འགྱུར་བ་དེ་ནི་རང་བཞིན་ཁྱད་པར་ཅན་ཡིན་ནོ། །དེའི་དོན་ནི་འདི་ལྟ་སྟེ། མངོན་སུམ་གྱི་མཚན་ཉིད་འདི་ནི་རྟོགས་པར་
བྱེད་པ་གཅིག་ལ་ལྟོས་པ་ཡིན་ནོ། །དེ་ལྟ་ཡིན་དང་ལྟ་བ་པོ་གཅིག་ལྟ་བ་ལ་ཞུགས་པ་ན་སྣང་ན་ནི་གཉི་ག་དང་ལྡན་པ་ཡིན་ནོ། །མི་སྣང་བ་ཡིན་ན་ནི་ཡུལ་དང་དུས་དང་ངོ་བོ་ཉིད་ཀྱིས་བསྐལ་པས་རང་བཞིན་ཁྱད་པར་ཅན་དང་བྲལ་བ་ཡིན་ལ། རྐྱེན་གཞན་ནི་ཚོགས་པ་དང་ལྡན་པ་ཡིན་ནོ། །རྐྱེན་
གང་གིས་ལྟ་བ་པོ་དེས་མཐོང་བར་འགྱུར་བ་དེ་ཉེ་བར་འགྱུར་བ་ཡིན་ཏེ། དེ་ལྟ་བས་ན་དེ་གང་ལྟ་བའི་དོན་དུ་འཇུག་པ་དེ་དག་ཉེ་བ་ཡིན་ནོ། །ལྟ་བར་མ་ཞུགས་པ་ན་རུང་བའི་ཡུལ་ན་འདུག་ཀྱང་བལྟ་བར་བྱ་མི་ནུས་པ་ནི་རྐྱེན་གཞན་དང་བྲལ་བ་ཅན་ཡིན་ལ། རང་བཞིན་ཁྱད་པར་ཅན་དང་ནི་
ལྡན་པ་ཡིན་ནོ། །ཡུལ་དང་དུས་རིང་པོ་དང་འདུག་པ་ནི་གཉི་ག་དང་བྲལ་བ་ཡིན་ནོ། །དེ་ལྟ་ན་འགའ་ཞིག་མཐོང་ན་ནི་རྐྱེན་གཞན་དང་བྲལ་བ་ཞེས་བྱ་བ་མ་ཡིན་ལ། རང་བཞིན་ཁྱད་པར་ཅན་དང་འདྲ་བ་ཡིན་ནོ། །མ་མཐོང་ན་ནི་མཐོང་བར་ནུས་པའི་ཡུལ་ན་གནས་པ་རྐྱེན་གཞན་དང་བྲལ་བ་ཡིན་
ལ། གཞན་ནི་གཉི་ག་དང་བྲལ་བ་ཞེས་བྱའོ། །མི་དམིགས་པའི་དཔེ་བཀོད་ནས། རང་བཞིན་གྱི་དཔེ་དགོད་པའི་ཕྱིར། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱི་གཏན་ཚིགས་ཞེས་བྱ་བར་སྦྱར་རོ། །གཏན་ཚིགས་ཅི་འདྲ་བ་ཞིག་བསྒྲུབ་པར་བྱ་བའི་རང་བཞིན་ཡིན་ཞེ་ན།
རང་བཞིན་གྱི་ཞེས་བྱ་བ་སྨོས་ཏེ། བདག་ཉིད་ཡོད་པ་དེ་འབའ་ཞིག་ནི་རང་ཡོད་པ་ཙམ་མོ། །དེ་ཡོད་པ་ན་ཡོད་པར་འགྱུར་བའི་ངོ་བོ་གང་ཡིན་པ་སྟེ། གང་ཞིག་གཏན་ཚིགས་བདག་ཉིད་ཡོད་པ་ལ་ལྟོས་ཏེ་ཡོད་པ་ཡིན་གྱི། གཏན་ཚིགས་ཡོད་པ་ལས་རྒྱུ་གཞན་འགའ་ཞིག་ལ་ལྟོས་པ་ནི་མ་
Vol. 189 · folio 51a
ཡིན་པ་དེ་ནི་རང་ཡོད་པ་ཙམ་ན་ཡོད་པ་བསྒྲུབ་པར་བྱ་བ་ཡིན་ཏེ། བསྒྲུབ་པར་བྱ་བ་དེའི་གཏན་ཚིགས་གང་ཡིན་པ་དེ་ནི་བསྒྲུབ་པར་བྱ་བ་དེའི་རང་བཞིན་ཡིན་གྱི། གཞན་ནི་མ་ཡིན་ནོ། །དཔེར་ན་ཞེས་བྱ་བ་ནི་དཔེ་འགོད་པའོ། །འདི་ནི་ཞེས་བྱ་བ་ནི་ཆོས་ཅན་ནོ། །ཤིང་
ངོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །ཤིང་ཤ་པ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །དེའི་དོན་ནི་འདི་ཤིང་གི་ཐ་སྙད་དུ་བྱར་རུང་བ་ཡིན་ཏེ། ཤིང་ཤ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཡིན་ནོ། །དེ་ལ་ཤིང་ཤ་པ་མང་དུ་ཡོད་པའི་ཡུལ་ན་གང་གི་ཚེ་ཤིང་ཤ་པའི་ཐ་སྙད་མི་ཤེས་པའི་གླེན་
པ་ཞིག་ལ་ཁ་ཅིག་གིས་ཤིང་ཤ་པ་རིང་པོ་ཞིག་བསྟན་ཏེ། འདི་ཤིང་ཡིན་ནོ་ཞེས་བརྗོད་པ་དེའི་ཚེ་གླེན་པ་དེ་ནི་ཤིང་ཤ་པ་རིང་པོ་ཉིད་ཤིང་ཤ་པ་ཐ་སྙད་ཀྱི་རྒྱུ་མཚན་མ་ཡིན་པར་རྟོགས་པ་དེའི་ཚེ་ཤིང་ཤ་པ་ཐུང་ངུ་གང་ཡིན་པ་མཐོང་བ་ནི་འདི་ཤིང་མ་ཡིན་ནོ་ཞེས་རྟོགས་སོ། །གླེན་པ་དེ་ཤིང་ཤ་པ་ཙམ་གྱི་རྒྱུ་
མཚན་གྱིས་ཤིང་ཉིད་ཀྱི་ཐ་སྙད་ལ་གཞུག་པར་བྱེད་པ་རིང་པོ་ལ་སོགས་པའི་རྒྱུ་མཚན་གཞན་གྱིས་འདིར་ཤིང་གི་ཐ་སྙད་བྱེད་པ་མ་ཡིན་གྱི། འོན་ཀྱང་ཤིང་ཤ་པ་ཙམ་གྱི་རྒྱུ་མཚན་གྱིས་ཡིན་ཏེ། ཤིང་ཤ་པར་གཏོགས་པའི་ཡལ་ག་དང་ལྡན་པ་རྒྱུ་མཚན་གཞན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འབྲས་བུའི་
དཔེ་དགོད་པའི་ཕྱིར། མེ་ཡོད་དོ་ཞེས་བྱ་བ་སྨོས་ཏེ། བསྒྲུབ་པར་བྱ་བ་ཡིན་ནོ། །དེ་ན་ཞེས་བྱ་བ་ནི་ཆོས་ཅན་ནོ། །དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །རྒྱུ་དང་འབྲས་བུའི་དངོས་པོ་ནི་འཇིག་རྟེན་ན་མངོན་སུམ་དང་མི་དམིགས་པའི་རྒྱུ་མཚན་ཉིད་དུ་གྲགས་པས་རང་བཞིན་ལྟར་འབྲས་
བུའི་མཚན་ཉིད་ནི་མ་བསྟན་ཏོ། །ཚུལ་གསུམ་པའི་རྟགས་ཡིན་པའི་ཕྱིར་རྟགས་གཅིག་ཁོ་ནར་མ་ཡིན་ནམ། འོན་ཏེ་རྣམ་པ་ཐ་དད་པར་བྱེད་ན་ནི། དེ་ལྟ་ན་ནི། རང་བཞིན་གྱིས་རྟགས་གཅིག་པུའི་རབ་ཏུ་དབྱེ་བ་ཡང་མཐའ་ཡས་པའི་ཕྱིར་གསུམ་ཉིད་དུ་མི་རིགས་སོ་ཞེ་ན་འདི་ལ་གཉིས་ནི་
ཞེས་བྱ་བ་སྨོས་ཏེ། འདི་ལ་ཞེས་བྱ་བ་ནི་གཏན་ཚིགས་གསུམ་པོ་དེ་རྣམས་ལའོ། །གཏན་ཚིགས་གཉིས་ནི་དངོས་པོ་བསྒྲུབ་པ་སྟེ། ཡོད་པ་སྒྲུབ་ཅིང་གོ་བར་བྱེད་པ་ཡིན་ནོ། །གཅིག་ནི་དགག་པ་གོ་བར་བྱེད་པའི་གཏན་ཚིགས་སོ། །དགག་པ་ཞེས་བྱ་བ་ནི་མེད་པ་དང་མེད་པའི་ཐ་སྙད་དུ་བསྒྲུབ་
Vol. 189 · folio 51b
པར་བལྟ་བར་བྱའོ། །དེའི་དོན་ནི་འདི་ཡིན་ཏེ། གཏན་ཚིགས་ནི་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་བསྒྲུབ་པར་བྱ་བའི་ཡན་ལག་ཡིན་ལ། བསྒྲུབ་པར་བྱ་བ་ནི་གཙོ་བོ་ཡིན་ནོ། །དེ་བས་ན་བསྒྲུབ་པར་བྱ་བ་ལ་མཁོ་བའི་གཏན་ཚིགས་ནི་གཙོ་བོ་བསྒྲུབ་པར་བྱ་བ་ཐ་དད་པའི་ཕྱིར་ཐ་
དད་པར་དབྱེ་བ་ཡིན་གྱི། རང་གི་ངོ་བོ་ལས་ནི་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ཡང་ཁ་ཅིག་ནི་གཏན་ཚིགས་ལས་ཐ་དད་པ་ཡིན་ལ། ཁ་ཅིག་ནི་ཐ་དད་པ་དང་ཐ་མི་དད་པ་ཡིན་ནོ། །ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཡང་གཅིག་གིས་སྤངས་ཏེ་གནས་པས་གཏན་ཐ་དད་པ་ཡིན་ནོ། །ཡོད་
པ་ཡང་ཁ་ཅིག་ནི་གཏན་ཚིགས་ལས་ཐ་དད་པ་ཡིན་ལ། ཁ་ཅིག་ནི་ཐ་དད་པ་མ་ཡིན་ནོ། །ཐ་དད་པ་དང་ཐ་དད་པ་མ་ཡིན་པ་ཡང་གཅིག་གིས་གཅིག་སྤངས་ཏེ་གནས་པས་གཏན་ཚིགས་ཐ་དད་པ་ཡིན་ནོ། །དེ་བས་ན་བསྒྲུབ་པར་བྱ་བ་ཕན་ཚུན་མི་མཐུན་པའི་ཕྱིར་གཏན་ཚིགས་དག་ཀྱང་
ཐ་དད་པ་ཡིན་གྱི། རང་གི་ངོ་བོས་ནི་མ་ཡིན་ནོ། །ཅིའི་ཕྱིར་གསུམ་ནི་གཏན་ཚིགས་ཉིད་ཡིན་ལ། ཅིའི་ཕྱིར་གཞན་ནི་གཏན་ཚིགས་ཉིད་མ་ཡིན་སྙམ་དུ་དོགས་པ་ལ། ཇི་ལྟར་གསུམ་ནི་གཏན་ཚིགས་ཉིད་ཡིན་ལ། གཞན་ནི་གཏན་ཚིགས་ཉིད་མ་ཡིན་པ་དེ་གཉི་ག་ཡང་བསྟན་པའི་ཕྱིར།
རང་བཞིན་འབྲེལ་པ་ཞེས་སྨོས་ཏེ། རང་བཞིན་འབྲེལ་པ་ཡིན་ཏེ། རང་བཞིན་འབྲེལ་བ་ཉིད་ནི་འབྲེལ་པའི་རང་བཞིན་ཉིད་ཅེས་བྱ་བའི་དོན་ཏེ་རྒྱུ་དང་རང་གི་ངོ་བོ་བསྒྲུབ་པར་བྱ་བ་གཉི་ག་འབྲས་བུ་དང་རང་བཞིན་གྱིས་འབྲེལ་པར་བྱེ་བྲག་མེད་པས་ཚིག་གཅིག་གིས་གཉི་ག་བསྡུས་སོ། །ན་ཞེས་བྱ་
བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་རང་བཞིན་འབྲེལ་པ་ཡོད་ན་སྒྲུབ་པར་བྱེད་པའི་དོན་གྱིས་བསྒྲུབ་པར་བྱ་བའི་དོན་གོ་བར་བྱེད་པ་ཡིན་པ་དེ་བས་ན་གསུམ་ཆར་ཡང་གོ་བར་བྱེད་པ་ཉིད་ཡིན་ལ། གཞན་ནི་གོ་བར་བྱེད་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་རང་བཞིན་འབྲེལ་པ་ཡོད་པ་ཁོ་ན་གོ་བར་
བྱེད་པའི་དངོས་པོ་ཡིན་ལ་གཞན་ནི་མ་ཡིན་ཞེ་ན། དེས་མ་འབྲེལ་ན་ཞེས་བྱ་བ་སྨོས་ཏེ། དེས་ཞེས་བྱ་བ་ནི་རང་བཞིན་བསྟན་པ་ཡིན་ཏེ། རང་བཞིན་དེས་མ་འབྲེལ་པ་ནི་དེས་མ་བྲལ་བའོ། །གང་ཞིག་གང་ལ་རང་བཞིན་གྱིས་མ་འབྲེལ་པ་དེ་ནི་དེར་མི་འཁྲུལ་པར་ངེས་པ་མེད་པ་ཡིན་ཏེ། འབྲེལ་པའི་ཡུལ་གང་
Vol. 189 · folio 52a
ཡིན་པ་དེ་ལ་མི་འཁྲུལ་པ་ནི་དེར་མི་འཁྲུལ་པའོ། །དེའི་ངེས་པ་ནི་དེར་མི་འཁྲུལ་པར་ངེས་པ་སྟེ། དེ་མེད་པའི་ཕྱིར་རོ། །དོན་ནི་འདི་ཡིན་ཏེ། གང་ཞིག་གང་ལ་རང་བཞིན་མ་འབྲེལ་པ་དེ་ནི་མ་འབྲེལ་པའི་ཡུལ་དེ་ལ་གདོན་མི་ཟ་བར་མི་འཁྲུལ་པ་ཡིན་ནོ་ཞེས་དེ་དག་མེད་ན་མི་
འབྱུང་བ་ངེས་པ་མི་འཁྲུལ་པ་ངེས་པ་ཡོད་པ་མ་ཡིན་ནོ། །གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ནི་མ་འཁྲུལ་པ་ངེས་པ་ལས་ཡིན་ཏེ། རུང་བ་ཙམ་གྱི་སྒོ་ནས་ནི་རྟགས་སྒྲོན་མ་བཞིན་དུ་ལྐོག་ཏུ་གྱུར་པ་རྟོགས་པའི་རྒྱུ་མཚན་དུ་འདོད་པ་ནི་མ་ཡིན་གྱི། འོན་ཀྱང་མི་འཁྲུལ་པ་ཉིད་དུ་ངེས་པ་ཡིན་
ནོ། །དེ་བས་ན་རང་བཞིན་འབྲེལ་པ་ཡོད་ན་ནི་མེད་ན་མི་འབྱུང་བ་ངེས་པ་ཡིན་ལ། དེ་ལས་གོ་བར་བྱ་བ་དང་གོ་བར་བྱེད་པ་དངོས་པོ་ཡིན་ནོ། །དེ་བས་ན་རང་བཞིན་འབྲེལ་པ་ཡོད་ན་དོན་གྱིས་དོན་གོ་བར་བྱེད་ཀྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །གཞན་ལ་རག་ལས་པ་མ་ཡིན་པ་ནི་
གཞན་ལ་རག་ལས་པ་འབྲེལ་པ་མ་ཡིན་ནམ། འདིར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དེ་གཉིས་གང་ཞིག་གང་ལ་འབྲེལ་པ་ཡིན་ཞེ་ན། བསྒྲུབ་པར་བྱ་བའི་དོན་ལ་རྟགས་འབྲེལ་པ་དེ་ཡང་ཞེས་བྱ་བ་སྨོས་ཏེ། དེ་ཡང་བསྒྲུབ་པར་བྱ་བའི་དོན་ལ་རྟགས་ཀྱི་རང་བཞིན་འབྲེལ་པ་ཡིན་ཏེ།
རྟགས་ནི་གཞན་ལ་རག་ལུས་པ་ཡིན་པའི་ཕྱིར་འབྲེལ་པ་ཡིན་ལ་བསྒྲུབ་པར་བྱ་བའི་དོན་ལ་གཞན་ལ་རག་ལུས་པ་མ་ཡིན་པའི་ཕྱིར་འབྲེལ་པའི་ཡུལ་ཡིན་གྱི། འབྲེལ་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དོན་ནི་འདི་ཡིན་ཏེ། དེའི་བདག་ཉིད་དུ་ཁྱད་པར་མེད་ཀྱང་འབྲེལ་པ་གང་ཡིན་
པ་ནི་གོ་བར་བྱེད་པ་ཡིན་ལ། འབྲེལ་པའི་ཡུལ་གང་ཡིན་པ་དེ་ནི་གོ་བར་བྱ་བ་ཡིན་ནོ། །གང་ཞིག་ཆོས་གང་གི་རང་བཞིན་དུ་ངེས་པ་དེ་ནི་དེ་དང་འབྲེལ་པ་ཡིན་ཏེ། དཔེར་ན་མི་རྟག་པ་ཉིད་ལ་རྩོལ་བ་ལས་བྱུང་བ་ཉིད་ཅེས་བྱ་བ་ཡིན་ནོ། །གང་ཞིག་དེ་དང་གཞན་གྱི་རང་བཞིན་དེ་ནི་འབྲེལ་པའི་
ཡུལ་ཡིན་གྱི། འབྲེལ་པ་ནི་མ་ཡིན་ཏེ། དཔེར་ན་རྩོལ་བ་ལས་བྱུང་བ་ཉིད་ཅེས་བྱ་བ་ལ་མི་རྟག་པ་ཉིད་ཅེས་བྱ་བ་བཞིན་ནོ། །གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ནི་ངེས་པ་ལ་ལྟོས་པ་ཡིན་ལ། རྩོལ་བ་ལས་བྱུང་བ་ཉིད་ཀྱང་རང་བཞིན་དུ་ངེས་པ་ཡིན་ཏེ། དེའི་ཕྱིར་དེ་ཉིད་མི་རྟག་པ་ཉིད་
Vol. 189 · folio 52b
དང་འབྲེལ་པ་ཡིན་ནོ། །དེ་བས་ན་ངེས་པའི་ཡུལ་ཁོ་ན་གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཅིའི་ཕྱིར་རྟགས་རང་བཞིན་དང་འབྲེལ་པ་ཡིན་ཞེ་ན། དངོས་སུ་ན་ཞེས་བྱ་བ་སྨོས་ཏེ། བསྒྲུབ་པར་བྱ་བའི་དོན་དེའི་བདག་ཉིད་གང་ཡིན་པ་དེའི་དངོས་པོ་ནི་དེ་ཉིད་དེ།
དེ་བས་ན་དེའི་ཕྱིར་རོ། །གང་གི་ཕྱིར་སྒྲུབ་པར་བྱེད་པ་ནི་བསྒྲུབ་པར་བྱ་བའི་རང་བཞིན་ཡིན་པ་དེ་བས་ན་དེར་རང་བཞིན་འབྲེལ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་བསྒྲུབ་པར་བྱ་བའི་རང་བཞིན་སྒྲུབ་པར་བྱེད་པ་ཡིན་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་མི་དད་པའི་ཕྱིར་དམ་བཅས་པའི་དོན་གྱི་ཕྱོགས་
གཅིག་གཏན་ཚིགས་སུ་འགྱུར་རོ་ཞེ་ན། དངོས་སུ་ན་ཞེས་བྱ་བ་སྨོས་ཏེ། འདི་གཉིས་དོན་དམ་པར་ཡོད་པའི་ཚུལ་གྱིས་ཐ་དད་པ་མ་ཡིན་ནོ། །རྟག་པར་རྟོག་པའི་ཡུལ་སྒྲོ་བཏགས་པའི་ངོ་བོ་ལ་ལྟོས་ན་ནི། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་དད་པ་ཡིན་ཏེ། ངེས་པ་ལ་ལྟོས་པ་ཉིད་
ནི་གོ་བར་བྱ་བ་དང་གོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་གཉིས་ཀྱི་ཐ་དད་པ་ནི་ངེས་པ་ལ་གནས་པའི་རང་བཞིན་ལ་ལྟོས་པ་ཁོ་ནར་རིགས་ཀྱི་དངོས་པོ་ཐ་དད་པ་ལས་ནི་མ་ཡིན་ནོ། །དེའི་བདག་ཉིད་འགའ་ཞིག་ལས་ནི་མ་ཡིན་གྱི། བསྒྲུབ་པར་བྱ་བ་ལས་བྱུང་བའི་རྟགས་དེ་ཉིད་ལས་
ཀྱང་ཡིན་ཏེ། དེ་ལས་བྱུང་བའི་རྟགས་ཀྱང་བསྒྲུབ་པར་བྱ་བའི་དོན་དང་རང་བཞིན་འབྲེལ་པ་ཡིན་ནོ། །ཅིའི་ཕྱིར་རྒྱུ་མཚན་གཉིས་ཀྱིས་རང་བཞིན་འབྲེལ་པའི་རྟགས་ཡིན་གྱི། གཞན་གྱིས་ནི་མ་ཡིན་ཞེ་ན། དེའི་རང་བཞིན་མ་ཡིན་པ་དང་ཞེས་བྱ་བ་སྨོས་ཏེ། དེའི་རང་བཞིན་གང་ལ་ཡོད་པ་ནི་དེའི་
རང་བཞིན་ཡིན་ནོ། །དེའི་རང་བཞིན་ཡོད་པ་མ་ཡིན་པ་ནི་དེའི་རང་བཞིན་མ་ཡིན་པའོ། །འདི་དེ་ལས་བྱུང་བ་འདི་ཡིན་པས་དེ་ལས་བྱུང་བའོ། །དེ་ལྟ་བུ་མ་ཡིན་པ་དེ་ནི་དེ་ལས་བྱུང་བ་མ་ཡིན་པའོ། །གང་ཞིག་གང་གི་རང་བཞིན་དང་གང་ལས་བྱུང་བ་ཡང་མ་ཡིན་པ་དེ་ནི་དེའི་རང་བཞིན་མ་ཡིན་པའོ། །
འདི་དེ་ལས་བྱུང་བ་དེ་འདི་བ་དང་། སྐྱེད་པར་བྱེད་པ་མ་ཡིན་པ་དེ་དང་འདི་འབྲེལ་པ་མེད་པའི་རང་བཞིན་ཡིན་པས་འབྲེལ་པ་མེད་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཅི་སྟེ་དེའི་རང་བཞིན་མ་ཡིན་པ་དང་། སྐྱེད་པར་བྱེད་པ་མ་ཡིན་པ་དང་ཡང་འབྲེལ་པའི་རང་བཞིན་འགའ་ཞིག་ཡོད་ན་ནི་རྒྱུ་
Vol. 189 · folio 53a
མཚན་གཞན་ལས་ཀྱང་རང་བཞིན་འབྲེལ་པར་འགྱུར་བ་ཞིག་ན། འབྲེལ་བའི་རང་བཞིན་ཉིད་ནི་རང་བཞིན་འབྲེལ་པ་ཡིན་གྱི། གཞན་ལ་ནི་རག་ལས་པའི་རང་བཞིན་འགའ་ཡང་མེད་དོ། །དེ་བས་ན་དེའི་བདག་ཉིད་དང་དེ་ལས་བྱུང་བ་གཉིས་ཁོ་ནས་རང་བཞིན་འབྲེལ་པ་
ཡིན་ནོ། །དེའི་བདག་ཉིད་དང་དེ་ལས་བྱུང་བ་ཁོ་ནས་རང་བཞིན་འབྲེལ་པ་ཡིན་དུ་ཟད་མོད། འབྲས་བུ་དང་རང་བཞིན་གཉིས་ཁོ་ན་ཇི་ལྟར་གོ་བར་བྱེད་པ་ཡིན་ཞེ་ན། དེའི་བདག་ཉིད་དང་དེ་ལས་བྱུང་བ་དེ་གཉིས་རང་བཞིན་དང་འབྲས་བུ་ཁོ་ན་ཡིན་པས་ཞེས་བྱ་བ་སྨོས་ཏེ། བས་ཞེས་བྱ་བ་ནི་
དེ་བས་ན་ཞེས་བྱ་བའི་དོན་ཡིན་ཏེ། གང་གི་ཕྱིར་རང་བཞིན་དང་འབྲས་བུ་ཁོ་ན་ལ་དེའི་བདག་ཉིད་དང་། དེ་ལས་བྱུང་བར་གནས་ལ། གོ་བར་བྱ་བ་དང་གོ་བར་བྱེད་པའི་དངོས་པོ་ཡང་དེའི་རྒྱུ་མཚན་ཅན་ཡིན་པ་དེ་བས་ན་འབྲས་བུ་དང་རང་བཞིན་དེ་གཉིས་ཁོ་ནས་དངོས་པོ་ཡོད་པར་གྲུབ་པོ། །
འོན་ཏེ་དགག་པ་སྒྲུབ་པ་ནི་མི་སྣང་བ་མི་དམིགས་པ་ལས་ཀྱང་ཅིའི་ཕྱིར་འདོད་པར་མི་བྱ་ཞེ་ན། སྨྲས་པ། དགག་པའི་ཐ་སྙད་བསྒྲུབ་པ་ནི་གང་གི་ཕྱིར་སྣང་བ་མི་དམིགས་པ་ཅི་སྐད་སྨོས་པ་ཁོ་ན་ལས་འགྱུར་ཏེ། དེ་བས་ན་དེ་ལས་གཞན་མ་བསྟན་ཏོ། །དེ་ཙམ་གྱིས་ཅིའི་ཕྱིར་ཡིན་ཞེ་ན་སྨྲས་
པ། དེར་དགག་པར་བྱ་བའི་དངོས་པོ་ཡོད་ན་ནི་གང་གི་ཕྱིར་སྣང་བ་མི་དམིགས་པ་མི་སྲིད་དོ། །དེ་མི་སྲིད་པ་དེ་བས་ན་དེ་ལས་དགག་པར་འགྲུབ་པ་ཡིན་ནོ། །འོན་ཏེ་དེ་འབའ་ཞིག་ལས་ཅིའི་ཕྱིར་ཡིན་ཞེ་ན། གཞན་དུ་ན་ཞེས་བྱ་བ་སྨོས་ཏེ། དངོས་པོ་ཡོད་པ་ལ་དེ་མི་སྣང་བའི་མི་དམིགས་པ་སྲིད་
པའི་ཕྱིར་ཞེས་བྱ་བ་ནི་གཞན་དུ་ན་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །དེ་ལྟ་ཡིན་པ་དེ་བས་ན་མི་དམིགས་པའི་གཞན་ལས་དགག་པ་འགྲུབ་པ་མ་ཡིན་ནོ། །དངོས་པོ་ཡོད་ཀྱང་དེ་སྲིད་པ་ཞེས་བྱ་བ་འདི་གང་ལ་ཞེ་ན། ཡུལ་དང་དུས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་རྐྱེན་གཞན་ཚོགས་པ་
དང་རང་བཞིན་ཁྱད་པར་ཅན་ཡིན་པའི་ཕྱིར་དམིགས་པའི་རིག་གྱུར་པའི་དོན་བསྟན་ལ། གཉིས་ལས་གཅིག་མེད་ན་ཡང་གཅིག་ཀྱང་དམིགས་པའི་མཚན་ཉིད་དུ་མ་གྱུར་པའི་དོན་བསྟན་ཏོ། །ཡུལ་འདིར་དམིགས་པའི་མཚན་ཉིད་དུ་མ་གྱུར་པ་རྣམས་ལ་ཞེས་བྱ་བས་ནི་རྐྱེན་གཞན་དང་བྲལ་བ་ཅན་
Vol. 189 · folio 53b
བསྟན་ཏོ། །གཉིས་ལས་དུས་དང་རང་བཞིན་གྱིས་བསྐལ་པ་ཞེས་བྱ་བས་ནི་རང་བཞིན་གྱིས་བསྐལ་པ་བསྟན་ཏོ། །ཡུལ་དང་དུས་དང་རང་བཞིན་དང་དེ་རྣམས་ཀྱིས་བསྐལ་པ་ཞེས་བྱ་བར་སྦྱར་ཏེ། དེ་དག་ལ་དངོས་པོ་མེད་པར་ངེས་པ་མེད་པའི་ཕྱིར་རོ། །དངོས་པོ་ཡོད་པ་ལ་དེ་སྲིད་པར་འདོད་པ་ཡིན་ནོ། །
གང་ལས་ངེས་པ་མེད་ཅེ་ན། དེ་དག་ལ་སྒྲུབ་པ་པོ་རང་གི་མངོན་སུམ་གང་ཡིན་པ་དེ་ལོག་ཀྱང་དེ་རྒྱུས་དངོས་པོ་མེད་པར་ངེས་པ་མེད་དོ། །གང་གི་ཕྱིར་དམིགས་པའི་མཚན་ཉིད་དུ་གྱུར་པ་མ་ཡིན་པ་དག་ལ་བདག་ཉིད་ཀྱིས་མངོན་སུམ་ལོག་པའི་མཚན་ཉིད་མི་སྣང་བ་མི་དམིགས་པ་སྲིད་དོ། །དེ་བས་
ན་ཇི་སྐད་དུ་བསྟན་པ་ཁོ་ནས་དགག་པ་འགྲུབ་པ་ཡིན་ནོ། །འོན་ཏེ་སྣང་བ་མི་དམིགས་པ་འདི་གང་གི་དུས་ན་ཚད་མ་ཡིན། ཅིའི་ངོ་བོ་ཡིན། ཅི་ཞིག་བྱེད་ཅེ་ན། མི་རྨོངས་པ་ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་པོའི་མངོན་སུམ་ནི་བུམ་པ་ལ་སོགས་པའི་དོན་ཏོ། །དེ་ལོག་པ་ནི་མི་དམིགས་པ་སྟེ། དེའི་
རང་བཞིན་མེད་པའི་ངོ་བོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རང་བཞིན་མེད་པ་ཉིད་ནི་བསྒྲུབ་པར་བྱ་བ་མ་ཡིན་ཏེ། རང་བཞིན་མི་དམིགས་པར་གྲུབ་པའི་ཕྱིར་རོ། །བུམ་པ་ལ་སོགས་པ་མེད་དུ་ཟིན་ཀྱང་ཤེས་པ་གཅིག་ལ་འདྲེ་བ་སྣང་བ་ན་མཐོང་བའི་ཚོགས་པ་ཚང་བ་ཅན་དུ་ཤེས་པས་བལྟ་བར་བྱ་བ་
ཉིད་དུ་བརྟག་པར་བྱ་བ་ཡིན་པའི་ཕྱིར་མངོན་སུམ་ཞེས་བསྟན་ཏོ། །དེ་བས་ན་ཤེས་པ་གཅིག་ལ་འདྲེ་བ་སྣང་བའི་དོན་དང་། ཤེས་པ་དེ་ནི་མངོན་ལོག་པ། །ཞེས་བྱ་སྟེ། སྣང་བའི་དོན་དང་བློ་དེ་ལས་མཐོང་བའི་ཚོགས་པ་ཚང་བ་ཉིད་ཀྱི་སྒོ་ནས་མངོན་སུམ་ཉིད་དུ་བརྟག་པར་བྱ་བར་ལོག་པར་ཁོང་
དུ་ཆུད་པ་ཡིན་ནོ། །དེ་བས་ན་དོན་དང་ཤེས་པ་ཁོ་ན་ལ་མངོན་སུམ་གྱིས་བུམ་པ་མེད་པ་ཞེས་བྱའི། ལོག་པ་ཙམ་ནི་འདིར་མེད་པ་ཞེས་མི་བྱ་སྟེ། ལོག་པ་ཙམ་ལས་སྣང་བ་ལོག་པར་ངེས་པ་མེད་པའི་ཕྱིར་རོ། །སྣང་བ་མི་དམིགས་པ་ལས་སྣང་བ་ལོག་པར་ངེས་པ་མ་ཡིན་ནམ་ཞེ་ན། དེ་
བདེན་མོད་ཀྱི་ཤེས་པ་གཅིག་ལ་འདྲེ་བ་འབའ་ཞིག་སྣང་ན་བུམ་པ་ལ་སོགས་པ་ཅི་སྟེ་ཡོད་ན་ནི་སྣང་བ་ཁོ་ནར་འགྱུར་རོ་ཞེས་སྣང་བར་རྟོག་པ་ཡིན་ལ། དེ་ལས་ནི་སྣང་བ་མི་དམིགས་པ་ངེས་པ་ཡིན་ནོ། །སྣང་བ་མི་དམིགས་པ་ངེས་པའི་ཤུགས་ཀྱིས་ཀྱང་སྣང་བ་མེད་པ་ངེས་པ་ཡིན་ཏེ།
Vol. 189 · folio 54a
ཅི་སྟེ་དེར་སྣང་དུ་རུང་བ་ཡོད་ན་ནི་སྣང་བ་མི་དམིགས་པ་མི་འགྲུབ་པའི་ཕྱིར་རོ། །དེ་བས་ན་སྣང་བ་མི་དམིགས་པའི་ཤུགས་ཀྱིས་སྣང་བ་མེད་པར་ཤེས་པ་ཡིན་ན། ཐ་དད་དུ་བྱེད་པ་མ་ཡིན་པས་སྣང་བ་མི་དམིགས་པས་ཐ་སྙད་དུ་བྱས་པ་ཡིན་ནོ། །དེ་བས་ན་དོན་གཞན་ཤེས་
པ་གཅིག་ལ་འདྲེ་བར་སྣང་བ་ན་དེའི་ཤེས་པ་ནི་མངོན་སུམ་ལོག་པར་ངེས་པའི་རྒྱུ་ཡིན་པའི་ཕྱིར་མངོན་སུམ་ལོག་པར་བསྟན་པར་བལྟ་བར་བྱའོ། །ཅི་སྟེ་མེད་དུ་ཟིན་ཀྱང་ཤེས་པ་གཅིག་ལ་འདྲེ་བ་མངོན་སུམ་དུ་གྱུར་པ་ལ་བུམ་པ་མངོན་སུམ་ཉིད་དུ་སྒྲོ་འདོགས་པ་དེ་བཞིན་དུ་ཤེས་པ་གཅིག་ལ་འདྲེ་བ་
མི་རྨོངས་པར་དྲན་པའི་འདུ་བྱེད་འདས་པ་དང་ད་ལྟར་བ་ལ་དེའི་རང་བཞིན་གྱི་བུམ་པ་མེད་ཀྱང་སྒྲོ་བཏགས་པར་བལྟ་བར་བྱའོ། །འདིས་ནི་སྣང་བ་མི་དམིགས་པ་མངོན་སུམ་གྱིས་བུམ་པ་ལོག་པའི་ངོ་བོ་ཡིན་ལ། དེ་ཡང་གྲུབ་ཟིན་པ་དེས་ན་བུམ་པ་མེད་པ་ནི་བསྒྲུབ་པར་བྱ་བ་མ་ཡིན་
གྱི། འོན་ཀྱང་མེད་པའི་ཐ་སྙད་ཡིན་ནོ་ཞེས་བྱ་བར་བསྟན་ཏོ། །བུམ་པ་ལ་སོགས་པ་གང་ལ་མཐོང་བས་དྲན་པ་བསྐྱེད་པའི་རང་བཞིན་གྱི་འདུ་བྱེད་མ་རྨོངས་པ་སྟེ། ཉམས་པ་མེད་པར་ཡོད་པ་དེ་སྐད་ཅེས་བྱའོ། །སྒྲུབ་པ་པོའི་མངོན་སུམ་འདས་པ་དེ་དང་སྒྲུབ་པའི་མངོན་སུམ་ད་ལྟར་ཞེས་བྱ་བར་
སྦྱར་རོ། །མ་རྨོངས་པར་དྲན་པའི་འདུ་བྱེད་སྨོས་པ་ནི་ད་ལྟར་བྱེ་བྲག་ཏུ་བྱེད་པ་མ་ཡིན་ཏེ། འདི་ལྟར་འདས་པའི་བུམ་པས་དབེན་པའི་ས་ཕྱོགས་མཐོང་བ་ལ་དྲན་པའི་འདུ་བྱེད་རྨོངས་པ་ཡོད་པས་བུམ་པ་མི་དམིགས་པ་ལ་རྨོངས་པ་དང་། བུམ་པ་མཐོང་བ་ལ་རྨོངས་པར་འགྱུར། ད་ལྟར་
གྱི་ལ་ནི་བུམ་པས་དབེན་པའི་ས་ཕྱོགས་མཐོང་བ་ནས་དྲན་པའི་འདུ་བྱེད་ལ་རྨོངས་པ་མེད་དོ། །དེ་བས་ན་བུམ་པ་མི་དམིགས་པ་ལ་ཡང་རྨོངས་པ་མ་ཡིན་ལ། བུམ་པ་ལ་ཡང་མ་ཡིན་ནོ། །དེ་བས་ན་མ་རྨོངས་པའི་དྲན་པའི་འདུ་བྱེད་སྨོས་པ་ནི་ད་ལྟར་གྱི་དགག་བྱ་ཁྱད་པར་དུ་བྱེད་པ་ནི་མ་
ཡིན་ཏེ། ད་ལྟར་གྱི་དོན་ལ་ནི་དྲན་པའི་འདུ་བྱེད་འཁྲུལ་པས་མེད་པའི་ཕྱིར་རོ། །དེའི་ཕྱིར་འདས་པ་དང་ད་ལྟར་གྱི་ཞེས་བྱ་བ་ལ་དང་གི་སྒྲ་བྱས་པ་ཡིན་ཏེ། བྱེ་བྲག་དང་བྲལ་བ་ད་ལྟར་དང་། བྱེ་བྲག་དང་ལྡན་པ་འདས་པ་བསྡུ་བ་ཅི་ལྟར་ཁོང་དུ་ཆུད་པར་འགྱུར་བ་དེ་ལྟར་བྱས་སོ། །དེ་ལ་དོན་འདི་ཡིན་
Vol. 189 · folio 54b
ཏེ། འདས་པའི་མི་དམིགས་པ་གསལ་བར་དྲན་པ་དང་། ད་ལྟར་གྱི་ནི་ཚད་མ་ཡིན་ནོ། །དེ་ལྟར་ན་སྔོན་འདི་ན་བུམ་པ་ཡོད་པ་མ་ཡིན་ཏེ། དམིགས་པར་མ་གྱུར་པའི་ཕྱིར་རོ་ཞེས་བྱ་བ་དང་། མེད་དེ་མི་དམིགས་པའི་ཕྱིར་རོ་ཞེས་ཤེས་པར་ནུས་ཀྱི། འདི་ན་བུམ་པ་ཕྱིས་ཡོད་པར་འགྱུར་བ་མ་ཡིན་
ཏེ། མི་དམིགས་པས་འགྱུར་བའི་ཕྱིར་ཞེས་བྱ་བ་ནི་ཤེས་པར་མི་ནུས་ཏེ། མ་འོངས་པའི་མི་དམིགས་པ་ཡོད་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ལྟར་མི་དམིགས་པའི་དུས་ཀྱི་བྱེ་བྲག་བཤད་ནས་བྱེད་པ་སྟོན་པར་བྱེད་དོ། །མེད་པའི་ཐ་སྙད་ནི་མེད་དོ་ཞེས་བྱ་བའི་རྣམ་པར་ཤེས་པ་དང་། དེ་ལྟ་
བུའི་རྣམ་པ་ཅན་གྱི་སྒྲ་དང་། དོགས་པ་མེད་པར་འགྲོ་བ་དང་འོང་བའི་མཚན་ཉིད་ཀྱི་འཇུག་པ་ལུས་ཀྱི་མེད་པའི་ཐ་སྙད་དེ། བུམ་པ་མེད་པར་ཤེས་ན་ནི་ཐེ་ཚོམ་མེད་པར་འགྲོ་བ་དང་འོང་བ་ལ་འཇུག་པར་བྱེད་དོ། །མེད་པའི་ཐ་སྙད་ནི་རྣམ་པ་དེ་གསུམ་ཆར་ཡང་འཇུག་པར་བྱེད་སྒྲུབ་པར་བྱེད་པ་ནི་
མཐོང་བ་སྣང་བ་མི་དམིགས་པ་ཡིན་ནོ། །གལ་ཏེ་ཡང་བུམ་པ་མེད་དོ་སྙམ་དུ་ཤེས་པ་ནི་མི་དམིགས་པ་ཁོ་ན་ལས་འགྱུར་ལ། མེད་པར་ངེས་པ་ཡང་འདི་ཉིད་ཡིན་མོད་ཀྱི། འོན་ཀྱང་གང་གི་ཕྱིར་མངོན་སུམ་གྱི་ཕྱོགས་ཉི་ཚེ་དམིགས་པ་དེའི་ཕྱིར་འདི་ན་བུམ་པ་མེད་དོ་ཞེས་དེ་ལྟར་མེད་པར་ངེས་པ་
ནི་མངོན་སུམ་གྱིས་བྱེད་པའི་རྗེས་སུ་འབྲང་བ་ཡིན་ནོ། །དེ་བས་ན་ཕྱོགས་ཉི་ཚེ་འཛིན་པའི་མངོན་སུམ་གྱི་བྱེད་པ་རྗེས་སུ་འབྲང་བའི་མེད་པར་ངེས་པ་ནི་མངོན་སུམ་གྱིས་བྱས་པ་ཡིན་ནོ། །གཞན་ཡང་སྔར་བཤད་པའི་ཚུལ་དུ་སྣང་བ་མི་དམིགས་པའི་ངེས་པར་བྱེད་པའི་ཤུགས་ཉིད་ལས་མངོན་སུམ་
ཉིད་ཀྱིས་མེད་པར་ངེས་པ་ཡིན་མོད་ཀྱི། འོན་ཀྱང་མཐོང་བ་རྣམས་ཀྱང་ཡོད་པར་དོགས་པའི་ཕྱིར་ན་མེད་པའི་ཐ་སྙད་བྱེད་མི་ནུས་པ་འབའ་ཞིག་ཏུ་ཟད་དོ། །དེ་བས་ན་མི་དམིགས་པ་ནི་གང་གི་ཕྱིར་སྣང་བ་ལ་མི་དམིགས་པ་དེ་བས་ན་མེད་དོ་ཞེས་པའི་ཐ་སྙད་བྱེད་པ་ཡིན་ནོ། །དེ་བས་ན་སྣང་བ་མི་
དམིགས་པ་ནི་མེད་པར་ཤེས་པར་བྱས་པ་ལ་འཇུག་པར་བྱེད་ཀྱི། མ་བྱས་པ་ལ་ནི་བྱེད་པ་མ་ཡིན་ཏེ། དེས་ན་མེད་པར་ངེས་པ་ནི་མི་དམིགས་པ་ལས་གྱུར་པ་ཡིན་ཡང་མངོན་སུམ་གྱིས་བྱས་པ་ལ་མི་དམིགས་པས་འཇུག་པར་བྱས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་མི་དམིགས་པ་ནི་
Vol. 189 · folio 55a
མེད་པའི་ཐ་སྙད་དུ་འཇུག་པར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་འདས་པ་དང་ད་ལྟར་གྱི་ཁོ་ན་ལ་མི་དམིགས་པ་གོ་བར་བྱེད་པ་ཡིན་ནོ། །དེ་ཉིད་ཀྱིས་ཞེས་བྱ་བ་སྨོས་ཏེ། ཇི་སྐད་དུ་བསྟན་པའི་དུས་ཀྱི་མི་དམིགས་པའི་ལས་དངོས་པོ་མེད་པར་ངེས་པའི་ཕྱིར་རོ། །མ་འོངས་
པའི་མི་དམིགས་པ་ནི་རང་ཉིད་ཀྱང་ཐེ་ཚོམ་ཟ་བའི་ངོ་བོ་ཡིན་ཏེ། མ་གྲུབ་པ་དེ་ལས་ནི་དངོས་པོ་མེད་པར་ངེས་པ་མ་ཡིན་གྱི་འོན་ཀྱང་འདས་པ་དང་ད་ལྟར་ཡིན་ནོ། །ད་ནི་མི་དམིགས་པའི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར། དེ་ནི་ཞེས་བྱ་བ་སྨོས་ཏེ། མི་དམིགས་པ་འདིའི་རྣམ་པ་བཅུ་གཅིག་ཡོད་
པས་ན་རྣམ་པ་བཅུ་གཅིག་གོ། །རྣམ་པར་དབྱེ་བ་གང་ལས་ཤེ་ན། སྦྱོར་བའི་བྱེ་བྲག་གིས་ཏེ། སྦྱོར་བ་ནི་སྦྱར་བ་སྟེ་སྒྲའི་རྗོད་བྱེད་ཀྱི་བྱེད་པ་ལ་བརྗོད་དོ། །སྒྲ་ཡང་ཁ་ཅིག་ནི་དངོས་སུ། ཁ་ཅིག་ནི་དོན་གཞན་གྱི་སྒོ་ནས་རྗོད་པར་བྱེད་ཁ་ཅིག་ནི་དོན་གཞན་འགོག་པའི་སྒོ་ནས་རྗོད་པར་བྱེད་དོ། །ཀུན་
ཀྱང་སྣང་བ་མི་དམིགས་པ་ཡིན་པར་ནི་སྒྲ་མ་སྨོས་ཀྱང་རིག་པར་བྱའོ། །རྗོད་པར་བྱེད་པའི་བྱེ་བྲག་གིས་མི་དམིགས་པ་བྱེ་བྲག་ཏུ་དབྱེའི། རང་གི་ངོ་བོ་ལ་ནི་དབྱེ་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་དབྱེ་བ་བསྟན་པའི་ཕྱིར། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགག་པར་བྱ་བའི་
རང་བཞིན་གང་ཡིན་པ་དེ་མི་དམིགས་པ་ནི་དཔེར་ན་ཞེས་བྱ་བ་སྟེ། འདི་ན་ཞེས་བྱ་བ་ནི་ཆོས་ཅན་ནོ། །དུ་བ་མེད་དེ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མི་དམིགས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་སོ། །གཏན་ཚིགས་འདི་ཡང་སྔ་མ་བཞིན་དུ་བཤད་
པར་བྱའོ། །དགག་པར་བྱ་བའི་འབྲས་བུ་གང་ཡིན་པ་དེ་མི་དམིགས་པའོ། །དཔེར་ན་ཞེས་བྱ་བ་ནི་དཔེ་འགོད་པའོ། །འདི་ན་ཞེས་བྱ་བ་ནི་ཆོས་ཅན་ནོ། །དུ་བ་སྐྱེད་པའི་ནུས་པ་ཐོགས་པ་མེད་པ་ཐོགས་པར་ཡོད་པས་གང་དག་ཡིན་པ་ཐོགས་པ་མེད་པ་དེ་དག་མེད་དེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །
དུ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་སོ། །རྒྱུ་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་པས་ན་འབྲས་བུ་མ་མཐོང་བ་ལས་ནི་ནུས་པ་ཐོགས་པ་དག་ཁོ་ན་མེད་པ་ནི་བསྒྲུབ་པར་བྱ་བ་ཡིན་གྱི། གཞན་ནི་མ་ཡིན་ནོ། །ནུས་པ་ཐོགས་པ་མེད་པ་ཡང་སྐད་ཅིག་མ་ཐ་མར་གྱུར་པ་གང་ཡིན་
Vol. 189 · folio 55b
པ་སྟེ། གཞན་རྣམས་ལ་ནི་གེགས་ཡོད་པའི་ཕྱིར་རོ། །འབྲས་བུ་མི་དམིགས་པའི་ཡང་གང་དུ་རྒྱུ་མི་སྣང་བ་དེར་སྦྱར་བར་བྱ་བ་ཡིན་གྱི་རྒྱུ་སྣང་བ་ལ་ནི་སྣང་བ་མི་དམིགས་པ་ཁོ་ན་རྟོགས་པར་བྱེད་པ་ཡིན་ནོ། །དེ་ལ་ཁང་པའི་ཡང་ཐོག་ན་གནས་པ་ན་ཁང་པ་དག་ར་མ་མཐོང་དུ་ཟིན་ཀྱང་དག་རའི་ངོས་
བཞིའི་རྩིག་པ་མཐའ་དག་མཐོང་ཞིང་རྩིག་པ་མཐའ་དག་དང་ལྷན་ཅིག་ཏུ་སྣང་བ་ཞེས་བྱ་བའི་ནམ་མཁའི་ཕྱོགས་དུ་བ་དང་བྲལ་བ་མཐོང་ངོ་། །དེ་ལ་དུ་བ་མེད་པར་ངེས་པ་ལས་ནི་མེ་ཡུལ་གང་ན་གནས་པས་ཡུལ་དེར་དུ་བ་སྐྱེད་པར་འགྱུར་བའི་ནུས་པ་ཐོགས་པ་མེད་པའི་མེ་དེ་མེད་པར་རྟོགས་
པར་བྱ་བ་ཡིན་ལ། ཁང་པ་དག་རའི་ཕྱོགས་ན་ཡོད་པའི་མེས་ཀྱང་དུ་བ་ཡུལ་དེར་སྐྱེ་བར་གྱུར་པ་ཡིན་པ་དེས་ན་ཕྱོགས་དེ་ན་མེ་མེད་པར་ཁོང་དུ་ཆུད་པར་བྱའོ། །ཁྱིམ་གྱི་དག་རའི་ཕྱོགས་རྩིག་པས་ཡོངས་སུ་བསྐོར་བ་དེ་རྩིག་པའི་མཐའ་ཐུག་པར་གནས་པ་སྣང་བའི་བདག་ཉིད་ཅན་དུ་བས་
དབེན་པའི་ནམ་མཁའི་ཡུལ་དང་བཅས་ཏེ་ཆོས་ཅན་དུ་བྱེད་དེ། དེ་བས་ན་སྣང་བའི་ནམ་མཁའི་ཆ་ཤེས་ཅན་མངོན་སུམ་དུ་གྱུར་པའམ། མངོན་སུམ་དུ་མ་གྱུར་པ་ནི་ཆོས་ཅན་ཡིན་པར་མེ་མེད་པར་ཤེས་པའི་ཤུགས་འོངས་པ་ཡིན་ནོ། །འདི་ནི་ཞེས་བྱ་བ་མངོན་སུམ་གྱི་ཚིག་ཏུ་བསྟན་པ་ནི་སྣང་
བའི་ཕྱོགས་ལ་ལྟོས་པ་ཡིན་ནོ། །འདིར་འབའ་ཞིག་ལ་སྣང་བ་དང་མི་སྣང་བ་སྤྱི་ཆོས་ཅན་ཡིན་པར་མ་ཟད་ཀྱི་གཞན་དུ་ཡང་ཡིན་ཏེ། སྒྲ་སྐད་ཅིག་མ་ཉིད་དུ་བསྒྲུབ་པར་བྱ་བ་ལ་སྒྲ་གཅིག་ནི་མངོན་སུམ་དུ་གྱུར་པ་ཡིན་ལ། གཞན་ནི་ལྐོག་ཏུ་གྱུར་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །ཇི་
ལྟར་འདིར་ཆོས་ཅན་ནི་བསྒྲུབ་པར་བྱ་བ་རྟོགས་པའི་གཞིར་གྱུར་པ་སྣང་བ་དང་མི་སྣང་བའི་ཆ་ཤས་བསྟན་པ་དེ་བཞིན་དུ་སྦྱོར་བ་ཕྱི་མ་རྣམས་ལ་ཡང་རང་ཉིད་ཀྱིས་ཁོང་དུ་ཆུད་པར་བྱའོ། །ཁྱབ་པར་བྱ་བ་དགག་པར་བྱ་བ་ལ་ཁྱབ་པར་བྱེད་པའི་ཆོས་གང་ཡིན་པ་དེ་མི་དམིགས་པའོ། །དཔེར་ན་
ཞེས་བྱ་བ་ནི་དཔེ་འགོད་པའོ། །འདི་ནི་ཞེས་བྱ་བ་ནི་ཆོས་ཅན་ནོ། །ཤིང་ཤ་པ་མེད་དོ་ཞེས་བྱ་བ་ནི་ཤིང་ཤ་པའི་དངོས་པོ་མེད་པར་བསྒྲུབ་པར་བྱ་བ་ཡིན་ནོ། །ཁྱད་པར་བྱེད་པའི་ཤིང་མེད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཡིན་ནོ། །མི་དམིགས་པ་འདི་ཡང་ཁྱབ་པར་བྱ་བའི་ཤིང་ཤ་པ་
Vol. 189 · folio 56a
ཉིད་སྣང་བ་མེད་པ་ལ་སྦྱོར་བ་ཡིན་ཏེ། དམིགས་པའི་རིག་བྱར་གྱུར་པའི་ཁྱབ་པར་བྱ་བ་ལ་ནི་སྣང་བ་མི་དམིགས་པ་ཉིད་རྟོགས་པར་བྱེད་པ་ཡིན་ནོ། །དེ་ལ་གང་གི་ཚེ་ཡུལ་ཀ་མཐོན་པོ་ན་ལྟ་འོག་དཀྲིགས་ཏེ་འདུག་པ་དེ་དག་ལས་གཅིག་ནི་ཤིང་སྟུག་པོ་དང་ལྡན་ལ། ཅིག་
ཤོས་གཞན་ནི་ཕོ་རྫ་སྟུག་པོ་ཤིང་མེད་པར་བྲག་རྫོང་དུ་འདུག་གོ། །ལྟ་བ་པོས་ཀྱང་དེ་ནས་འདུག་པའི་ཤིང་མཐོང་དུ་ཟིན་ཀྱང་ཤིང་ཤ་པ་ལ་སོགས་པ་བྱེ་བྲག་ནི་ཁོང་དུ་མ་ཆུད་པ་གང་ཡིན་པ་ལྟ་བ་པོ་དེ་ལ་ཤིང་ནི་མངོན་སུམ་དུ་གྱུར་པ། ཤིང་ཤ་པ་ཉིད་ནི་མངོན་སུམ་མ་ཡིན་ནོ། །ཤིང་མེད་པའི་
གཡའ་བྲག་དེ་ལ་ཤིང་མེད་པར་སྣང་བ་མི་དམིགས་པར་ནི་ཁོང་དུ་ཆུད་པ་དེ་ལྟ་བུའི་ཡུལ་ལ་ཁྱབ་པར་བྱེད་པའི་ཤིང་མེད་པའི་ཕྱིར་ཤིང་ཤ་པ་ཉིད་ཀྱང་མེད་དོ་ཞེས་འདི་མེད་པར་སྒྲུབ་པའི་ཕྱིར་སྦྱོར་བར་བྱེད་དོ། །དགག་པར་བྱ་བའི་རང་བཞིན་དང་འགལ་བ་དམིགས་པ་དགོད་པ་ལ། འདི་ལ་ཞེས་བྱ་བ་
ནི་ཆོས་ཅན་ནོ། །གྲང་བའི་རེག་པ་མེད་དོ་ཞེས་བྱ་བ་གྲང་བའི་རེག་པ་དགག་པ་བསྒྲུབ་པར་བྱ་བའོ། །མེ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །མི་དམིགས་པ་འདི་ཡང་གང་ན་གྲང་བའི་རེག་པ་མི་སྣང་བ་དེར་སྦྱར་བར་བྱ་བ་ཡིན་ན་ནི། སྣང་བ་ལ་ནི་སྣང་བ་མི་དམིགས་པ་སྦྱོར་བར་བྱ་བའི་
ཕྱིར་རོ། །དེ་བས་མེའི་ཁ་དོག་གི་བྱེ་བྲག་སྣང་བ་ན་གྲང་བའི་རེག་པ་རིང་དུ་གྱུར་པའི་ཕྱིར་མི་སྣང་བ་དེར་འདིར་སྦྱར་བར་བྱའོ། །དགག་པར་བྱ་བ་དང་འགལ་བ་གང་ཡིན་པ་དེའི་འབྲས་བུ་དམིགས་པ་ནི་གོ་བར་བྱེད་པ་ཡིན་ནོ། །དཔེར་ན་ཞེས་བྱ་བ་ནི་དཔེ་འགོད་པའོ། །འདི་ན་ཞེས་བྱ་བ་ནི་ཆོས་
ཅན་ནོ། །གྲང་བའི་རེག་པ་མེད་དོ་ཞེས་བྱ་བ་ནི་གྲང་བའི་རེག་པའི་དངོས་པོ་མེད་པར་བསྒྲུབ་པར་བྱ་བ་ཡིན་ནོ། །དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་ན་གྲང་བའི་རེག་པ་ཡོད་ཅིང་སྣང་བ་དེ་ཡོད་ན་ནི་སྣང་བ་མི་དམིགས་པ་གོ་བར་བྱེད་པ་ཡིན་ལ། གང་ན་འགལ་བའི་མེ་
མངོན་སུམ་དུ་གྱུར་པ་དེ་ན་ནི་འགལ་བ་མི་དམིགས་པ་གོ་བར་བྱེད་པ་ཡིན་ཏེ། གཉི་ག་ཡང་མི་སྣང་བ་ཉིད་ལ་འགལ་བའི་འབྲས་བུ་མི་དམིགས་པ་སྦྱོར་བར་བྱེད་དོ། །དེ་ལ་ཁང་མིག་གཞན་གྲང་བ་ཁྱབ་པར་ཡོད་པ་སེལ་བར་ནུས་པའི་མེ་རྗེས་སུ་དཔོག་པར་བྱེད་པ་ནི་གང་གི་ཚེ་ཁང་མིག་གི་ནང་
Vol. 189 · folio 56b
ནས་དུད་པའི་ཚོགས་ཆེན་པོ་བྱུང་བར་མཐོང་བ་དེའི་ཚེ་ན། ཁྱད་པར་དུ་གྱུར་པའི་མེ་ཡོད་པར་རྗེས་སུ་དཔག་པ་ལས་གྲང་བའི་རེག་པ་ལོག་པར་རྗེས་སུ་དཔག་པ་ཡིན་ནོ། །འདིར་ནི་སྐར་ཁུང་གི་ཕྱོགས་སྣང་བ་དང་བཅས་ཏེ། ཁང་མིག་གི་ཕྱོགས་ཀུན་ཆོས་ཅན་ཡིན་པར་ནི་བསྒྲུབ་པར་བྱ་བ་རྟོགས་པའི་
རྗེས་སུ་འབྲངས་ནས་སྔ་མ་བཞིན་དུ་བལྟ་བར་བྱའོ། །དགག་པར་བྱ་བ་དང་འགལ་བ་གང་ཡིན་པ་དེས་ཁྱབ་པར་བྱ་བའི་ཆོས་གཞན་དམིགས་པ་སྟེ་དཔེར་ན་ཞེས་བྱ་བ་ནི་དཔེ་དགོད་པ་ཡིན་ནོ། །ངེས་པ་ནི་གདོན་མི་ཟ་བར་འགྱུར་བའོ། །ངེས་པར་འགྱུར་བ་མེད་པ་ནི་ཞེས་བྱ་བ་ནི་ངེས་པར་འགྱུར་བ་
ཉིད་དགག་པ་བསྒྲུབ་པར་བྱ་བ་ཡིན་ནོ། །འཇིག་པ་ནི་ཆོས་ཅན་ནོ། །དངོས་པོ་ལས་བྱུང་བའི་ཡང་ཞེས་བྱ་བ་ནི་ཆོས་ཅན་གྱི་བྱེ་བྲག་གོ། །ཡང་གི་སྒྲའི་དོན་ནི་སྐྱེས་ཤིང་བྱུང་བ་ཡང་འཇིག་པའི་ངོ་བོ་ཡིན་པར་ངེས་པར་འགྱུར་བ་མེད་ན་མ་སྐྱེས་པ་ལྟ་ཅི་སྨོས་ཞེས་བྱ་བ་ཡིན་ནོ། །སྐྱེད་པར་བྱེད་པའི་
རྒྱུ་ལས་མ་གཏོགས་པ་རྒྱུ་ཐོ་བ་ལ་སོགས་པ་ནི་རྒྱུ་གཞན་ཡིན་ནོ། །དེ་ལ་འཇིག་པ་ལྟོས་པ་ཡིན་ཏེ། དེ་ལྟོས་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །རྒྱུ་གཞན་ལ་ལྟོས་པ་ཞེས་བྱ་བ་ནི་ངེས་པར་འགྱུར་བ་མེད་པ་ཉིད་ཀྱིས་ཁྱབ་པ་ཡིན་ཏེ་དཔེར་ན་སྣམ་བུ་ཁ་དོག་བསྒྱུར་བ་ནི་བཙོ་བླག་མཁན་ལ་
སོགས་པ་རྒྱུ་གཞན་ལ་ལྟོས་པའི་ཕྱིར་ངེས་པར་འགྱུར་བ་མེད་པ་བཞིན་དུའོ། །ངེས་པར་འགྱུར་བ་མེད་པ་ནི་ངེས་པར་འགྱུར་བ་ཉིད་དང་འགལ་བ་ཡིན་ལ། འཇིག་པ་ཡང་འཇིག་པའི་ངོ་བོའི་བདག་ཉིད་ཀྱི་འཇིག་པ་ཡང་རྒྱུ་གཞན་ལ་ལྟོས་པར་འདོད་དོ། །དེ་བས་ན་འགལ་བས་ཁྱབ་པ་རྒྱུ་གཞན་ལ་
ལྟོས་པ་ཉིད་དམིགས་པས་ངེས་པར་འགྱུར་བ་ཉིད་འགོག་པ་ཡིན་ནོ། །འདི་ངེས་པར་འགྲུབ་པ་ཉིད་ནི་རྟག་པ་ཡིན་ལ། ངེས་པར་འགྱུར་བ་མེད་པ་ཉིད་ཀྱིས་འཇིག་པ་ཉིད་མ་ཡིན་པ་ལ་བྱའོ། །རྟག་པ་ཉིད་དང་། རྟག་པ་མ་ཡིན་པ་གཉིས་ཀྱང་ཕན་ཚུན་སྤངས་ཏེ་གནས་པའི་ཕྱིར་གཅིག་ལ་འགལ་
ལོ། །དེ་ལྟ་ཡིན་དང་ཕན་ཚུན་སྤངས་ཏེ་གནས་པ་གཉིས་ལས་གཅིག་གང་ཡིན་པ་སྣང་བ་དེ་ལ་གཉིས་པ་གང་ཡིན་པ་དེའི་བདག་ཉིད་དགག་པར་བྱ་དགོས་སོ། །དེའི་བདག་ཉིད་དགག་པ་ཡང་སྣང་བ་ཉིད་དུ་ཡིན་ནོ་ཞེས་པ་ལ་འགྲུབ་པ་ཡིན་ཏེ། གང་གི་ཕྱིར་དེའི་བདག་ཉིད་དགག་པ་ནི་འདི་ལྟར་
Vol. 189 · folio 57a
བྱེད་པ་ཡིན་ཏེ། གལ་ཏེ་སྣང་བ་རྟག་པ་ཡིན་ན་རྟག་པའི་རང་བཞིན་དུ་ཡང་མཐོང་བ་མེད་དོ། །དེས་ན་རྟག་པ་མ་ཡིན་ནོ་ཞེས་སོ། །དེ་ལྟ་ན་ཡང་དགག་པར་བྱ་བ་རྟག་པ་ཉིད་སྣང་བ་བདག་ཉིད་དུ་ཁས་བླངས་ནས་དགག་པར་བྱ་བར་འགྱུར་རོ། །འདྲེ་བ་ལ་སོགས་པའི་
དངོས་པོ་མི་སྣང་བ་ཡང་གལ་ཏེ་བུམ་པ་སྣང་བའི་བདག་ཉིད་ཡིན་པ་འགོག་པར་བྱེད་ན་ནི། གལ་ཏེ་སྣང་བ་འདི་འདྲེའི་བདག་ཉིད་ན་འདྲེ་ཉིད་དུ་སྣང་བར་འགྱུར་བ་ཞིག་ན་སྣང་བ་ཡང་མ་ཡིན་ཏེ། དེས་ན་འདྲེ་མ་ཡིན་ནོ་ཞེས་སྣང་བའི་བདག་ཉིད་ཁས་བླངས་ནས་བྱ་བ་ཡིན་ནོ། །དེས་ན་བུམ་པ་ལ་
སོགས་པ་སྣང་བའི་དངོས་པོ་ལ་དངོས་པོའམ། དངོས་པོ་མེད་པའམ། སྣང་བའམ་མི་སྣང་བའི་དེའི་བདག་ཉིད་ཡིན་པ་འགོག་པ་ནི་སྣང་བ་ཉིད་ཁས་བླངས་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །དེ་ལྟ་ཡིན་ན་ནི་ཇི་ལྟར་བུམ་པ་སྣང་བ་ཁས་བླངས་ནས་འགོག་པ་ནི་སྣང་བ་མི་དམིགས་པ་ལས་ཡིན་པ་དེ་བཞིན་
དུ་ཕན་ཚུན་སྤངས་པ་དང་ལྡན་པ་ཐམས་ཅད་ཀྱང་གཞན་སྣང་བ་ལ་འགོག་པ་ནི་སྣང་བ་མི་དམིགས་པ་ཁོ་ནས་ཡིན་ནོ། །དེ་ལྟར་ན་སྦྱོར་བའི་ཚུལ་དེ་ལྟ་བུ་ནི་རང་བཞིན་མི་དམིགས་པའི་ནང་དུ་འདུས་པ་ཡིན་ནོ། །དགག་པར་བྱ་བའི་འབྲས་བུ་གང་ཡིན་པ་དེ་དང་འགལ་བ་གང་ཡིན་པ་དེ་དམིགས་པ་སྟེ། དཔེར་
ན་ཞེས་བྱ་བ་ནི་དཔེ་དགོད་པ་ཡིན་ནོ། །འདི་ན་ཞེས་བྱ་བ་ནི་ཆོས་ཅན་ནོ། །གྲང་བ་སྐྱེད་པ་ལ་ནུས་པ་ཐོགས་པ་མེད་པ་གྲང་བའི་རྒྱུ་གང་དག་ཡིན་པ་དེ་དག་མེད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །མེ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་ན་གྲང་བའི་རྒྱུ་མི་སྣང་བ་དང་། གྲང་བའི་རེག་པ་ཡང་
མི་སྣང་བ་དེར་གཏན་ཚིགས་འདི་སྦྱོར་བར་བྱ་བ་ཡིན་གྱི། གྲང་བའི་རེག་པའམ་དེའི་རྒྱུ་སྣང་བ་ལ་ནི་འབྲས་བུ་མི་དམིགས་པའམ། སྣང་བ་མི་དམིགས་པ་གོ་བར་བྱེད་པ་ཡིན་ནོ། །དེ་བས་ན་དེ་ཡང་དངོས་པོ་མེད་པར་སྒྲུབ་པ་ཡིན་ནོ། །དེའི་ཕྱིར་ཕྱོགས་གང་ན་གྲང་བའི་རེག་པ་
ཡོད་ཀྱང་རྒྱང་རིང་བའི་ཕྱིར་རྟོག་པ་པོ་ལ་མི་སྣང་ལ། མེ་ནི་གསལ་བའི་ཁ་དོག་ཅན་ཡིན་པའི་ཕྱིར་རྒྱང་རིང་པོ་ཡང་སྣང་བ་དེར་འདི་སྦྱོར་བར་བྱའོ། །དགག་པར་བྱ་བ་ལ་ཁྱབ་པར་བྱེད་པ་གང་ཡིན་པ་དེ་དང་འགལ་བ་གང་ཡིན་པ་དེ་དམིགས་པ་སྟེ། དཔེར་ན་ཞེས་བྱ་བ་ནི་དཔེ་འགོད་པའོ། །
Vol. 189 · folio 57b
འདི་ན་ཞེས་བྱ་བ་ནི་ཆོས་ཅན་ནོ། །བ་མོའི་རེག་པ་མེད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །མེ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་ན་དགག་པར་བྱ་བ་བ་མོའི་རེག་པ་དང་། ཁྱབ་པར་བྱེད་པའི་གྲང་བའི་རེག་པ་མི་སྣང་བ་དེར་གཏན་ཚིགས་འདི་སྦྱོར་བར་བྱེད་པ་ཡིན་གྱི། དེ་
གཉིས་སྣང་བ་ཉིད་ལ་ནི་འདི་ལྟར་ངོ་བོ་ཉིད་དམ། ཁྱབ་པར་བྱེད་པ་སྣང་བ་མི་དམིགས་པ་སྦྱོར་བར་བྱ་བ་ཡིན་ནོ། །དེ་ལྟ་ན་མེད་པར་བསྒྲུབ་པ་འདི་ནི་རྟོགས་པར་བྱེད་པ་རྒྱང་རིང་པོ་ན་འདུག་ལ། བ་མོའི་རེག་པ་གྲང་བའི་བྱེ་བྲག་དང་གྲང་བ་ཙམ་ནི་ལྐོག་ཏུ་གྱུར་པ་ཡིན་ལ། མེ་ནི་གཟུགས་ཀྱི་བྱེ་
བྲག་གིས་རྒྱང་རིང་པོ་ན་འདུག་ཀྱང་མངོན་སུམ་དུ་གྱུར་ཏོ། །དེ་བས་ན་ནི་མེ་ལ་ནི་གྲང་བ་ཙམ་མེད་པར་ངེས་པ་ཡིན་ལ། དེ་ལས་ནི་གྲང་བའི་བྱེ་བྲག་བ་མོའི་རེག་པ་མེད་པར་ངེས་པ་ཡིན་ཏེ། གྲང་བའི་བྱེ་བྲག་ནི་གྲང་བའི་སྤྱིས་ཁྱབ་པར་བྱ་བ་ཡིན་པའི་ཕྱིར་ཏེ། ཡུལ་གྱི་བྱེ་བྲག་དེ་ལ་རྗེས་
སུ་དཔག་པ་འདི་སྦྱོར་བར་བྱའོ། །དགག་པར་བྱ་བའི་རྒྱུ་གང་ཡིན་པ་དེ་མི་དམིགས་པ་སྟེ། དཔེར་ན་ཞེས་བྱ་བ་ནི་དཔེ་འགོད་པའོ། །འདི་ན་ཞེས་བྱ་བ་ནི་ཆོས་ཅན་ནོ། །དུ་བ་མེད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ། །མེ་མེད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་ན་འབྲས་བུ་
ཡོད་ཀྱང་སྣང་བ་མི་འབྱུང་བ་དེར་ནི་འདིར་སྦྱོར་བ་བྱའོ། །འབྲས་བུ་སྣང་བ་ལ་ནི་སྣང་བ་མི་དམིགས་པ་ཉིད་གོ་བར་བྱེད་པ་ཡིན་ནོ། །དེ་བས་ན་དངོས་པོ་མེད་པར་བསྒྲུབ་པ་འདི་ལང་མཚོ་ཆེན་པོ་མི་གཡོ་བ་དགུན་རླངས་པ་མང་དུ་འཐུལ་བ་ལ་ནམ་མཁའ་འོ་ཟི་ཙམ་དུ་གྱུར་པ་ན་དེ་ན་དུ་བ་ཡོད་ཀྱང་
མི་སྣང་བས་རྒྱུ་མི་དམིགས་པས་དགག་པར་བྱ་བ་ཡིན་ནོ། །ཆུ་དེའི་སྟེང་ན་མེ་འབར་བ་ཡིན་ན་ནི་གཟུགས་ཀྱི་ཁྱད་པར་ཉིད་དམིགས་པར་འགྱུར་ལ། འབར་བ་ཡང་མ་ཡིན་ཏེ། ཤིང་ཚིག་པ་ལ་ཡོད་ན་དེར་ཡང་ཚིག་པ་ཡོད་ན་ཤིང་མངོན་སུམ་དུ་གྱུར་པ་ཡིན་ནོ། །དེས་ན་མེ་ནི་རང་གི་ངོ་བོ་
འམ་གཞིའི་ངོ་བོ་དེ་རྣམ་པར་འགྱུར་བས་ན་དེར་སྦྱོར་བ་འདི་བྱའོ། །དགག་པར་བྱ་བའི་རྒྱུ་གང་ཡིན་པ་དེ་དང་འགལ་བ་གང་ཡིན་པ་དེ་དམིགས་པ་སྟེ། དཔེར་ན་ཞེས་བྱ་བ་ནི་དཔེ་དགོད་པའོ། །འདི་ལ་ཞེས་བྱ་བ་ནི་ཆོས་ཅན་ནོ། །སྤུ་ལངས་ཞེས་བྱ་བ་ནི་སྤུ་ལངས་པའོ། །དེ་ལ་སོགས་པ་ནི་
Vol. 189 · folio 58a
ལྷགས་པས་ཉེན་པའི་སོ་ཐམ་ཐམ་བྱེད་པ་ལ་སོགས་པའོ། །དེ་ལས་གཞན་པའི་འཇིགས་པ་དང་། དད་པ་ལ་སོགས་པ་ལས་བྱེ་བྲག་ཏུ་གྱུར་པ་ནི་ཡུལ་ལོ་ཞེས་བྱ་བ་ལ་སོགས་པའི་བྱེ་བྲག་སྟེ། དེ་མེད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ། །མེ་གཞན་ལས་གདུང་
བ་ཉིད་བྱེ་བྲག་ཏུ་གྱུར་པ་ནི་གྲང་བ་ཟློག་པར་ནུས་པ་ཡིན་པས་ན་གདུང་བར་བྱེད་པའི་བྱེ་བྲག་སྟེ། གདུང་བར་བྱེད་པ་ཁ་ཅིག་ཡོད་དུ་ཟིན་ཀྱང་། དཔེར་ན་སྒྲོན་མ་བཞིན་དུ་གྲང་བ་ཟློག་པར་བྱེད་པ་མ་ཡིན་པ་དེ་ལྟ་བུ་བསལ་བའི་ཕྱིར་བྱེ་བྲག་སྨོས་སོ། །གདུང་བའི་བྱེ་བྲག་གང་ཡིན་པ་ཉེ་བ་དེ་ལ་
དེ་སྐད་ཅེས་བྱའོ། །དེའི་དངོས་པོ་ནི་དེ་ཉིད་དེ། དེ་བས་ན་ཞེས་བྱ་བ་ནི་གཏན་ཚིགས་སོ། །གང་ན་གྲང་བའི་རེག་པ་ཡོད་ཀྱང་མི་སྣང་བ་དང་། སྤུ་ལོང་ཞེས་བྱེད་པའི་བྱེ་བྲག་ཡོད་ཀྱང་མི་སྣང་བའི་དེར་འདིའི་སྦྱོར་བ་བྱ་བ་ཡིན་གྱི། སྤུ་ལོང་ཞེས་བྱེད་པའི་བྱེ་བྲག་སྣང་བ་ཉིད་ལ་ནི་སྣང་བ་མི་
དམིགས་པ་སྦྱོར་བར་བྱེད་པ་ཡིན་ལ། གྲང་བའི་རེག་པ་སྣང་བ་ཉིད་ལ་ཡང་རྒྱུ་མི་དམིགས་པའི་སྦྱོར་བར་བྱེད་པ་ཡིན་ནོ། །དེ་བས་ན་དངོས་པོ་མེད་པ་བསྒྲུབ་པ་འདི་ཡང་གདུང་བར་བྱེད་པའི་གཟུགས་ཀྱི་བྱེ་བྲག་རྒྱང་རིང་པོ་ནས་ཀྱང་མཐོང་བ་ཡིན་ལ། གྲང་བའི་རེག་པ་དང་སྤུ་ལོང་ཞེས་བྱེད་
པའི་བྱེ་བྲག་ནི་མ་མཐོང་བ་དེ་དག་གི་རྒྱུ་དང་འགལ་བ་མི་དམིགས་པས་དངོས་པོ་མེད་པར་རྟོགས་པར་བྱེད་པ་དེ་ལ་འདིའི་སྦྱོར་བ་བྱའོ། །དགག་པར་བྱ་བའི་རྒྱུ་གང་ཡིན་པ་དེ་དང་འགལ་བ་དེའི་འབྲས་བུ་དེ་དམིགས་པ་སྟེ། དཔེར་ན་ཞེས་བྱ་བ་ནི་དཔེ་འགོད་པའོ། །ཕྱོགས་འདི་ནི་ཞེས་བྱ་བ་
ལ་སོགས་པའི་བྱེ་བྲག་དང་ལྡན་པའི་འབྲེལ་པའོ། །སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་གིས་ལྡན་པ་ནི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའོ། །དེ་དང་འབྲེལ་པའི་མི་ནི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་དང་ལྡན་པའི་མི་སྟེ། དེ་དེ་དང་ལྡན་པ་མ་ཡིན་པ་
ནི་བསྒྲུབ་པར་བྱ་བའོ། །དུ་བ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་སོ། །སྤུ་ལོང་ཞེས་བྱེད་པའི་བྱེ་བྲག་མངོན་སུམ་དུ་གྱུར་ན་ནི་སྣང་བ་མ་ཡིན་པ་ཡིན་ལ། རྒྱུ་གྲང་བའི་རེག་པ་མངོན་སུམ་དུ་གྱུར་ན་ནི་རྒྱུ་མི་དམིགས་པ་ཡིན་ལ། མེ་མངོན་སུམ་དུ་གྱུར་ན་ནི་རྒྱུ་དང་འགལ་བ་དམིགས་པའི་
Vol. 189 · folio 58b
སྦྱོར་བ་བྱ་བ་ཡིན་གྱི། འདི་གསུམ་ཆར་ཡང་མི་སྣང་བ་འདི་ལ་སྦྱོར་བར་བྱ་བ་ཡིན་ནོ། །དེ་བས་ན་དངོས་པོ་མེད་པར་སྒྲུབ་པ་འདི་ནི་རྟོགས་པར་བྱེད་པ་རྒྱང་རིང་པོ་ན་འདུག་ལ། གྲང་བའི་རེག་པས་ཉེན་པའི་སྤུ་ལོང་ཞེས་བྱེད་པ་ལ་སོགས་པའི་བྱེ་བྲག་ཡོད་དུ་ཟིན་ཀྱང་མངོན་སུམ་དུ་མ་གྱུར་ལ། གང་
ན་དུ་བ་མངོན་སུམ་དུ་གྱུར་པ་དེར་འདི་ཚང་མ་ཡིན་ནོ། །དུ་བ་ཡང་ཡུལ་དེ་ན་ཡོད་པའི་གྲང་བ་ཟློག་པར་ནུས་པའི་མེ་རྗེས་སུ་དཔོག་པར་བྱེད་ནུས་པ་ཅི་འདྲ་བ་དེ་འདིར་གཟུང་བར་བྱའི། དུ་བ་ཙམ་གྱིས་མེ་ཙམ་རྗེས་སུ་དཔོག་པར་བྱེད་ཀྱང་གྲང་བའི་རེག་པ་སེལ་བ་དང་། སྤུ་ལོང་ཞེས་བྱེད་པ་ལ་
སོགས་པ་སེལ་བར་བྱེད་པ་ཤེས་པར་ནུས་པ་མ་ཡིན་པས་དུ་བ་ཙམ་ནི་གཏན་ཚིགས་མ་ཡིན་པར་བལྟ་བར་བྱའོ། །ཅི་སྟེ་གཅིག་ནི་དགག་པར་སྒྲུབ་པའི་གཏན་ཚིགས་ཡིན་པར་བསྟན་ན་དངོས་པོ་མེད་པའི་གཏན་ཚིགས་བཅུ་གཅིག་ཏུ་ཇི་ལྟར་འགྱུར་ཞེ་ན། འབྲས་བུ་མི་དམིགས་པ་ལ་སོགས་པ་
ཞེས་སྨོས་ཏེ། དེ་དག་ཅེས་བྱ་བ་འདིས་ནི་མི་དམིགས་པའི་སྦྱོར་བ་བསྟན་པ་འདས་མ་ཐག་པ་བསྟན་ཏོ། །དེ་ལ་གང་ཡང་རུང་བ་གཟུང་བར་ཐལ་བར་འགྱུར་བས་ན་འབྲས་བུ་མི་དམིགས་པ་ལ་སོགས་པ་སྨོས་སོ། །འབྲས་བུ་མི་དམིགས་པ་ལ་སོགས་པ་ཡང་གསུམ་མམ། བཞི་ཞིག་གཟུང་
བར་ཐལ་བར་འགྱུར་བས་བཅུ་ཞེས་བྱ་བ་སྨོས་སོ། །དེ་ལ་བཅུས་ཀྱང་དཔེ་བཀོད་པ་ཙམ་གཟུར་བར་ཐལ་བར་འགྱུར་བ་ལ། ཐམས་ཅད་ཅེས་བྱ་བ་སྨོས་སོ། །འདི་སྐད་བསྟན་ཏེ། དཔེ་སྦྱར་བར་བྱ་བ་དང་འདྲ་བ་ཐམས་ཅད་ཀྱང་ཡིན་ནོ། །བཅུ་སྨོས་པ་མེད་པར་ཐམས་ཅད་སྨོས་པ་
བྱས་ན་ནི་དཔེ་སྦྱར་བར་བྱས་པ་མཐའ་དག་གོ་བར་འགྱུར་ལ། བཅུ་སྨོས་ཀྱང་དཔེ་སྦྱར་བ་མཐའ་དག་གོ་བར་འགྱུར་རོ། །ཐམས་ཅད་སྨོས་པ་ལྷག་པར་བྱས་ན་ནི་དཔེ་སྦྱར་བ་དང་འདྲ་བ་མཐའ་རྟོགས་པར་འགྱུར་རོ། །རང་བཞིན་མི་དམིགས་པར་འདུས་པ་ནི་དེའི་བདག་ཉིད་དུ་འགྲོ་བ་ཡིན་ཏེ།
རང་བཞིན་མི་དམིགས་པའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །རང་བཞིན་མི་དམིགས་པའི་སྦྱོར་བ་ལས་འབྲས་བུ་མི་དམིགས་པ་ལ་སོགས་པའི་ཐ་དད་པ་མ་ཡིན་ནམ། ཅི་ལྟར་དེར་འདུས་པ་ཡིན་ཞེ་ན། སྦྱོར་བ་ཐ་དད་ཀྱང་ཞེས་བྱ་བ་སྨོས་ཏེ། སྦྱོར་བའི་སྒྲའི་བྱེད་པ་ཐ་དད་ཀྱང་འདུས་པ་ཡིན་ནོ། །
Vol. 189 · folio 59a
འདི་ལྟར་སྦྱོར་བ་ཐ་དད་ཅེ་ན། དོན་གཞན་ཡོད་པ་དང་ཞེས་བྱ་བ་སྨོས་སོ། །དགག་པར་བྱ་བའི་དོན་ལས་དོན་གཞན་ཡིན་པར་དམིགས་ཏེ། རང་བཞིན་འགལ་བ་དམིགས་པ་ལ་སོགས་པའི་སྦྱོར་བ་ལ་བྱའོ། །དགག་པ་ནི་འབྲས་བུ་མི་དམིགས་པ་ལ་སོགས་
པའི་སྦྱོར་བ་ལ་བྱའོ། །དོན་ལས་གཞན་ཡོད་པ་དང་དོན་གཞན་དགག་པའི་སྒོ་ནས་སྦྱོར་བ་ཐ་དད་པ་ཡིན་ནོ། །གལ་ཏེ་སྦྱོར་བ་གཞན་རྣམས་སུ་དོན་གཞན་ཡོད་པ་དང་དགག་པ་ཡིན་ནོ། །འོ་ན་ཇི་ལྟར་ན་དུ་བ་འདུས་པ་ཡིན་ཞེ་ན། བརྒྱུད་པའི་སྒོ་ནས་ཞེས་བྱ་བ་སྨོས་ཏེ། ཟོ་ཆུན་བརྒྱུད་
པ་ལྟ་བུ་ཞེས་བྱ་བའི་དོན་ཏོ། །འདི་སྐད་བསྟན་ཏེ། སྦྱོར་བ་དེ་དག་དངོས་སུ་སྣང་བ་མི་དམིགས་པར་རྗོད་པ་མ་ཡིན་གྱི། སྣང་བ་མི་དམིགས་པ་ལ་མི་འཁྲུལ་པ་ཉིད་ཀྱི་དོན་གཞན་ཡོད་པ་དག་དགག་པ་རྗོད་པར་བྱེད་དོ། །དེ་ལྟར་ཟོ་ཆུན་བརྒྱུད་པའི་ཚུལ་གྱིས་འདི་དག་རང་བཞིན་མི་དམིགས་
པར་འདུས་པ་ཡིན་གྱི། དངོས་སུ་ནི་མ་ཡིན་ནོ། །ཅི་སྟེ་སྦྱོར་བ་ཐ་དད་པའི་ཕྱིར་དེ་ལྟར་ཐ་དད་ན་ནི་དེ་དག་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཡིན་པར་བརྗོད་པར་བྱ་བའི་སྦྱོར་བ་ཐ་དད་པ་ནི་སྒྲ་ཐ་དད་པ་ཡིན་ལ། སྒྲ་ཡང་གཞན་གྱི་དོན་རྗེས་སུ་དཔག་པ་ཡིན་ནོ་ཞེས་དགོས་པ་ལ། སྦྱོར་བ་མཐོང་བ་གོམས་པ་ལས། །
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྟན་བཅོས་ལས་བྱུང་བའི་སྦྱོར་བ་མཐོང་བ་དམིགས་ཤིང་། དེ་གོམས་པ་ཡང་ནས་ཡང་དུ་བྱེད་པ་དེའི་རྒྱུ་མཚན་དེ་ལས་དེ་དག་ཉིད་ཀྱང་སྒྲུབ་པ་པོ་རང་ཡང་ཇི་སྐད་དུ་བསྟན་པའི་རིམ་པ་དེ་བཞིན་དུ་རྣམ་པར་གཅོད་པ་འགོག་པ་རྟོགས་པར་འགྱུར་ཏེ། བས་ཞེས་
བྱ་བ་ནི་ཞེས་བྱ་བའི་དོན་ཏོ། །དོན་འདི་ཡིན་ཏེ། གང་གི་ཕྱིར་རང་ཡང་སྦྱོར་བ་གོམས་པའི་ཐབས་འདིས་རྟོགས་པར་བྱེད་པ་དེ་བས་ན་རྟོགས་པ་པོ་རང་ལ་དགོས་པ་སྦྱོར་བ་ཐ་དད་པ་རྣམས་རང་གི་དོན་གྱི་རྗེས་སུ་དཔག་པ་ལ་བསྟན་པ་ཡིན་ནོ། །གང་ཡང་གཞན་ཁོང་དུ་ཆུད་པར་བྱ་བ་ཉིད་དུ་དགོས་ན་
ནི་དེ་དག་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ཉིད་ཡིན་ནོ་ཞེས་བརྗོད་པར་བྱའོ། །སྣང་བ་འགོག་ན་ནི་རང་བཞིན་མི་དམིགས་པའི་སྦྱོར་བ་ཡིན་པར་ཐལ་བར་འགྱུར་བས་འབྲས་བུ་མི་དམིགས་པ་ལ་སོགས་པ་ནི་རྒྱུ་ལ་སོགས་པ་མི་སྣང་བ་ཁོ་ན་འགོག་པ་མ་ཡིན་ནམ། དེ་ལྟ་ཡིན་ན་ནི་དེ་དག་རྣམ་པ་མི་
Vol. 189 · folio 59b
དམིགས་པས་འགོག་པ་མ་ཡིན་ན་དེ་ལྟར་སྦྱོར་བ་དེ་དག་སྣང་བ་དམིགས་པའི་ནང་དུ་འདུས་ཤེ་ན། མེད་པ་དང་མེད་པའི་ཐ་སྙད་སྒྲུབ་པ་མི་དམིགས་པ་དེ་དག་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་པ་དང་དེའི་ཐ་སྙད་ནི་མེད་པ་དང་ཐ་སྙད་དེ་རང་བཞིན་མི་དམིགས་པ་ལ་ནི་ཐ་སྙད་བསྒྲུབ་
པར་བྱ་བ་ཡིན་ནོ། །ལྷག་མ་རྣམས་ལ་ནི་མེད་པར་བསྒྲུབ་པར་བྱ་བ་ཡིན་ནོ། །དེ་གཉིས་བསྒྲུབ་པའི་མི་དམིགས་པ་དེ་དག་ཐམས་ཅད་ལ་ཡང་ཞེས་བྱ་བ་ལ། ཡང་གི་སྒྲ་ནི་ཕྱིར་གྱི་དོན་ཏེ། གང་གི་ཕྱིར་མི་དམིགས་པ་ཐམས་ཅད་ལ་དགག་པ་བསྟན་པ་གང་ཡིན་པ་དེ་དག་དམིགས་པའི་མཚན་ཉིད་དུ་
གྱུར་པ་ཁོ་ན་སྣང་བ་འགོག་པ་དེ་བས་ན་སྣང་བ་མི་དམིགས་པའི་ནང་དུ་འདུས་པ་ཡིན་ནོ། །སྣང་བ་ཁོ་ན་ཡིན་པ་ཡང་ཅིའི་ཕྱིར་ཞེ་ན། རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ཡང་ནི་ཞེས་བྱ་བའི་སྒྲ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་རང་བཞིན་འགལ་བ་གང་དག་ཡིན་པ་དེ་དག་ལ་སོགས་པ་
མི་དམིགས་པ་དང་། རྒྱུ་ལ་སོགས་པ་མི་དམིགས་པས་དགག་པ་བཤད་པ་དེ་བས་ན་སྣང་བ་ཁོ་ན་དགག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་རང་བཞིན་འགལ་བ་ལ་སོགས་པ་དམིགས་པ་དང་། རྒྱུ་ལ་སོགས་པ་མི་དམིགས་པས་དགག་པ་བཤད་མོད་ཀྱི། འོན་ཀྱང་ཇི་ལྟར་སྣང་བ་ཁོ་ན་
དགག་པ་ཡིན་ཞེ་ན། དམིགས་པའི་མཚན་ཉིད་དུ་གྱུར་པ་ཁོ་ན་དག་ལས་དམིགས་པ་དང་མི་དམིགས་པར་ཡང་རིག་པར་བྱའོ་ཞེས་བྱ་བ་སྨོས་སོ། །འདིར་ཡང་ཡང་ཞེས་བྱ་བ་རྒྱུའི་དོན་ཏེ། གང་གི་ཕྱིར་འགལ་བ་དང་། ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པར་གྱུར་པ་དང་། འབྲས་བུ་
དང་། རྒྱུར་གྱུར་པ་ཞེས་བྱ་བ་གང་ཡིན་པ་དེ་དག་གདོན་མི་ཟ་བར་དམིགས་པ་ཡིན་ལ། དམིགས་པའི་སྔོན་དུ་སོང་བའི་མི་དམིགས་པ་རིག་པར་བྱ་སྟེ་ཤེས་པར་བྱའོ། །དམིགས་པའི་མི་དམིགས་པ་གཉིས་ཡོད་པ་གང་ཡིན་པ་དེ་ནི་སྣང་བ་ཁོ་ན་ཡིན་ནོ། །དེ་བས་ན་རང་བཞིན་འགལ་བ་ལ་
སོགས་པ་དམིགས་པ་དང་། རྒྱུ་ལ་སོགས་པ་མི་དམིགས་པས་དམིགས་པ་དང་མི་དམིགས་པ་དང་ལྡན་པའི་འགལ་བ་ལ་སོགས་པ་དགག་པ་བྱེད་པ་ནི་སྣང་བ་ཁོ་ན་ལ་བྱས་པར་བལྟ་བར་བྱའོ། །རྒོལ་བ་མང་པོར་སྔར་ཐལ་བའི་ལན་བསྡུ་བའི་ཕྱིར་ཡང་ཡང་གི་སྒྲ་ནི་རྒྱུའི་དོན་ཡིན་ཏེ། གང་གི་
Vol. 189 · folio 60a
ཕྱིར་ལན་འདི་དང་འདི་དག་ཡོད་པ་དེ་བས་ན་རྒོལ་བ་མི་རིགས་སོ་ཞེས་བྱ་བ་ནི་ཡང་གི་དོན་ཏེ། ཅིའི་ཕྱིར་དགག་པར་བྱ་བའི་འགལ་བ་ལ་སོགས་པ་ལ་དམིགས་པ་དང་མི་དམིགས་པར་རིག་པར་བྱ་ཞེ་ན། གཞན་དག་ལ་ནི་ཞེས་བྱ་བ་སྨོས་སོ། །གང་གི་དམིགས་པ་དང་མི་
དམིགས་པ་དང་ལྡན་པ་ལས་གཞན་པ་མི་དམིགས་པ་ཁོ་ན་གང་ཡིན་པ་དེ་དག་ལ་ནི་འགའ་ཞིག་དང་ལྷན་ཅིག་ཏུ་འགལ་བ་དང་རྒྱུ་དང་འབྲས་བུ་ཡོད་པ་དང་ཁྱབ་པར་བྱེད་པ་མེད་ན་མེད་པ་མི་འགྲུབ་པོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེ་བས་ན་འགལ་བ་དང་རྒྱུ་དང་འབྲས་བུ་དང་མེད་པ་མི་འགྲུབ་པའི་རྒྱུ་དེས་ན་
དམིགས་པ་དང་མི་དམིགས་པ་དང་ལྡན་པ་ཁོ་ན་འགལ་བ་ལ་སོགས་པའི་དགག་པར་བྱ་བ་ཡིན་ལ། གཉིས་ཀ་དང་ལྡན་པ་ཡང་སྣང་བ་ཁོ་ན་ཡིན་ནོ། །དེ་བས་ན་སྣང་བ་ཁོ་ན་དགག་པ་ཡིན་ཏེ། འགལ་བ་དང་འབྲས་བུ་དང་རྒྱུ་ཡོད་པ་དང་ཁྱབ་པར་བྱེད་པ་མེད་ན་ཁྱབ་པར་བྱེད་པ་མེད་པ་ནི་སྣང་བ་མི་
དམིགས་པ་ཁོ་ན་ལས་ཡིན་ཏེ། གཅིག་ཡོད་པ་ན་གཞན་མེད་པར་རྟོགས་ན་ནི་འགལ་བ་ཡིན་པར་ཤེས་སོ། །རྒྱུ་མངོན་པར་འདོད་པ་མེད་ན་འབྲས་བུ་མངོན་པར་འདོད་པ་མེད་པར་ཤེས་ན་ཡང་རྒྱུ་དང་འབྲས་བུར་ཁོང་དུ་ཆུད་དོ། །ཁྱབ་པར་བྱེད་པར་མངོན་པར་འདོད་པ་མེད་ན་ཡང་ཁྱབ་པར་བྱེད་པར་
ངེས་པ་ཡིན་ནོ། །དེ་ལ་ཁྱབ་པར་བྱེད་པ་དང་ཁྱབ་པར་བྱེད་པར་ཤེས་པའི་རྒྱུ་མཚན་དུ་དངོས་པོ་མེད་པ་ཁོང་དུ་ཆུད་པར་བྱ་དགོས་ཏེ། འདི་ཤིང་མེད་ན་ཤིང་ཤ་པ་ཉིད་མེད་པར་ཤེས་ན་ནི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པར་ཤེས་པ་ཡིན་ཞིང་། དངོས་པོ་མེད་པར་ཁོང་དུ་ཆུད་པ་ཡང་ཐམས་ཅད་དུ་སྣང་
བ་མི་དམིགས་པ་ཁོ་ན་ལས་ཡིན་ནོ། །དེ་བས་ན་འགལ་བ་དང་རྒྱུ་འབྲས་དང་ཁྱབ་བྱ་ཁྱབ་བྱེད་ཀྱི་དངོས་པོ་དྲན་པར་བྱེད་པ་ནི་འགལ་བ་ལ་སོགས་པ་དང་ཁྱབ་བྱ་ཁྱབ་བྱེད་ཀྱི་དངོས་པོའི་ཡུལ་ལ། དངོས་པོ་མེད་པ་ཁོང་དུ་ཆུད་པའི་རྒྱུར་གྱུར་པའི་སྣང་བ་མི་དམིགས་པ་དྲན་པར་བྱའོ། །སྣང་བ་མི་
དམིགས་པ་མི་དྲན་ན་ནི་འགལ་བ་ལ་སོགས་པ་ཡང་མི་དྲན་ནོ། །དེ་ལྟར་གྱུར་ན་ནི་འགལ་བ་ལ་སོགས་པ་ཡོད་པ་དང་དགག་པ་ཉིད་ཀྱིས་ཅིག་ཤོས་མེད་པར་ཤེས་པར་མི་འགྱུར་རོ། །འགལ་བ་ལ་སོགས་པ་འཛིན་པའི་དུས་ན་ཡོད་པའི་སྣང་བ་མི་དམིགས་པ་གདོན་མི་ཟ་བར་དྲན་པར་བྱ་བ་ན་
Vol. 189 · folio 60b
ཡང་དེ་ཁོ་ན་ལས་དངོས་པོ་མེད་པར་ཤེས་པ་ཡིན་ནོ། །དེ་ལ་ཅི་སྟེ་སྣང་བ་མི་དམིགས་པ་དང་བལྟར་མེད་དུ་ཟིན་ཀྱང་སྔོན་འགལ་བ་ལ་སོགས་པ་འཛིན་པའི་དུས་ཀྱི་སྣང་བ་མི་དམིགས་པ་ད་ལྟར་དྲན་པ་གང་ཡིན་པ་དེ་ཉིད་དངོས་པོ་མེད་པར་ཁོང་དུ་ཆུད་པའི་རྒྱུ་ཡིན་ནོ། །དེ་བས་ན་སྣང་བ་མི་དམིགས་
པ་ད་ལྟར་མེད་པ་ཡིན་པས་དངོས་པོ་མེད་པ་སྒྲུབ་པ་ནི་སྣང་བ་མི་དམིགས་པའི་སྦྱོར་བ་ལས་འབྲས་བུ་མི་དམིགས་པ་ལ་སོགས་པའི་སྦྱོར་བ་ཐ་དད་པ་ཡིན་ནོ། །འགལ་བ་བསྒྲུབ་པ་དང་། རྒྱུ་ལ་སོགས་པ་དགག་པའི་སྒོ་ནས་ཀྱང་གང་གི་ཕྱིར་སྣང་བ་མི་དམིགས་པ་འཕངས་པ་ཡིན་ཏེ།
དེ་བས་ན་དུས་གཞན་ན་ཡོད་པ་དྲན་པའི་ཡུལ་དུ་གྱུར་པའི་སྣང་བ་མི་དམིགས་པ་ལས་དངོས་པོ་མེད་པར་ཁོང་དུ་ཆུད་པ་དང་། སྦྱོར་བ་འདི་དག་ཀྱང་སྣང་བ་མི་དམིགས་པའི་ནང་དུ་འདུས་པ་ཡིན་ནོ། །དེ་ལྟར་ན་འདི་ཐམས་ཅད་ཀྱིས་ནི་མི་དམིགས་པའི་སྦྱོར་བ་བཅུ་པོ་རྣམས་བརྒྱུད་པའི་སྒོ་ནས་
སྣང་བ་མི་དམིགས་པའི་ནང་དུ་འདུས་པར་བསྟན་པར་རིག་པར་བྱའོ། །སྣང་བ་མི་དམིགས་པ་ནི་དངོས་པོ་མེད་པ་དང་མེད་པའི་ཐ་སྙད་བསྒྲུབ་པར་བྱ་བ་ལ་ཚད་མ་ཡིན་པར་སྨྲས་པ་མི་སྣང་བ་མི་དམིགས་པས་ནི་ཅི་ཞིག་བྱེད་ཅེ་ན། བསྐལ་པའི་ཞེས་བྱ་བ་སྨོས་ཏེ། ཡུལ་དང་དུས་དང་རང་བཞིན་
གསུམ་གྱིས་བསྐལ་པའི་ཡུལ་གང་ཡིན་པ་བསྐལ་པའི་ཡུལ་ཡིན་པ་དེ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ། །རང་བཞིན་ཅི་འདྲ་བ་ཞིག་ཅེ་ན། སྨྲས་པ། མངོན་སུམ་དང་རྗེས་སུ་དཔག་པ་ལོག་པའི་མཚན་ཉིད་དེ་རང་བཞིན་གང་ལ་ཡོད་པ་ལོག་པའི་ངོ་བོ་ཉིད་ཤེས་པ་དང་ཤེས་བྱའི་ངོ་བོ་མ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །ཚད་མ་ལས་གཞལ་བྱ་ཡོད་པར་གཞག་པ་མ་ཡིན་ནམ། དེ་བས་ན་ཚད་མ་མེད་པའི་ཕྱིར་གཞལ་བྱ་མེད་པར་ཁོང་དུ་ཆུད་པར་རིགས་སོ་ཞེ་ན། ཚད་མ་ལོག་ཀྱང་ཞེས་བྱ་བ་སྨོས་ཏེ། རྒྱུ་དང་ཁྱབ་པར་བྱེད་པ་ལོག་ན་ནི་འབྲས་བུ་དང་ཁྱབ་པར་བྱ་བ་ལྡོག་པར་ཡང་འགྱུར་ལ། ཚད་མ་ནི་གཞལ་
བྱའི་རྒྱུ་ཡང་མ་ཡིན་ལ། ཁྱབ་པར་བྱེད་པ་ཡང་མ་ཡིན་ནོ། །དེ་བས་ན་ཚད་མ་གཉིས་ལོག་ཏུ་ཟིན་ཀྱང་དོན་ཏེ་གཞལ་བྱ་ལྡོག་པར་མི་འགྲུབ་པོ། །དེ་ལྟར་མི་འགྲུབ་པའི་ཕྱིར་མི་སྣང་བ་མི་དམིགས་པ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་གྱི། ངེས་པའི་གཏན་ཚིགས་ནི་མ་ཡིན་ནོ། །གང་ཡང་ཚད་མ་ཡོད་
Vol. 189 · folio 61a
པས་གཞལ་བྱ་ཡོད་པར་འགྲུབ་པ་དེ་ནི་རིགས་ཡིན་ཏེ། ཚད་མ་ནི་གཞལ་བྱའི་འབྲས་བུ་ཡིན་ལ་འབྲས་བུ་ཡང་རྒྱུ་མེད་ན་མི་འབྱུང་བའི་ཕྱིར་རོ། །རྒྱུ་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་ནོ། །དེ་བས་ན་ཚད་མ་ལས་གཞལ་བྱ་ཡོད་པར་རྣམ་པར་
གཞག་གོ། །ཚད་མ་མེད་པའི་ཕྱིར་གཞལ་བྱ་མེད་པར་རྣམ་པར་གཞག་པར་བྱ་བ་ནི་མ་ཡིན་ནོ། །རང་གི་དོན་གྱི་རྗེས་སུ་དཔག་པ་སྟེ་ལེའུ་གཉིས་པའོ།། །།རང་གི་དོན་དང་གཞན་གྱི་དོན་རྗེས་སུ་དཔག་པ་གཉིས་ལས་གཞན་གྱི་དོན་བཤད་པར་འདོད་ནས། གཞན་གྱི་དོན་གྱི་རྗེས་
སུ་དཔག་པ་ནི་ཚུལ་གསུམ་པའི་རྟགས་རྗོད་པ་སྟེ་ཞེས་བྱ་བ་སྨོས་སོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དང་ཕྱོགས་ཀྱི་ཆོས་ཉིད་ཅེས་བྱ་བའི་ཚུལ་གསུམ་གང་ལ་ཡོད་པ་དེ་ནི་ཚུལ་གསུམ་པའོ། །ཚུལ་གསུམ་པ་ཡང་ཡིན་ལ་རྟགས་ཀྱང་ཡིན་པ་དེ་བརྗོད་པ་སྟེ། འདིས་ཚུལ་གསུམ་པའི་རྟགས་
འཆད་པར་བྱེད། སྟོན་པར་བྱེད་པས་བརྗོད་པའོ། །དེ་ཅི་ཡིན་ཞེ་ན་ཚིག་སྟེ། ཚིག་གིས་ཚུལ་གསུམ་པའི་རྟགས་བརྗོད་པ་ཡིན་ནོ། །གཞན་གྱི་ཆེས་ཡིན་པས་གཞན་དོན་ནོ། །ཡང་དག་པའི་ཤེས་པའི་བདག་ཉིད་ནི་རྗེས་སུ་དཔག་པ་ཡིན་ནོ་ཞེས་སྨྲས་པ་མ་ཡིན་ནམ། དེ་ཅིའི་ཕྱིར་དེ་ལྟར་
ཚིག་གི་བདག་ཉིད་ལ་རྗེས་སུ་དཔག་པ་ཞེས་བྱ་ཞེ་ན། རྒྱུ་ལ་འབྲས་བུ་བཏགས་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཚུལ་གསུམ་པའི་རྟགས་བརྗོད་པ་ལས་ཚུལ་གསུམ་གྱི་རྟགས་དྲན་པ་སྐྱེའོ། །དྲན་པ་ལས་རྗེས་སུ་དཔག་པ་ཡིན་ཏེ། དེ་བས་ན་ཚུལ་གསུམ་པའི་རྟགས་བརྗོད་པ་ནི་བརྒྱུད་
པའི་སྒོ་ནས་རྗེས་སུ་དཔག་པའི་རྒྱུ་ཡིན་ནོ། །དེ་ལྟར་ན་རྒྱུ་ཚིག་ལ་འབྲས་བུ་རྗེས་སུ་དཔག་པ་བཏགས་པ་སྒྲོ་བཏགས་པ་བྱས་ཏེ། དེ་ལྟར་སྒྲོ་བཏགས་པའི་ཕྱིར་རྒྱུ་དག་ནི་རྗེས་སུ་དཔག་པའི་སྒྲས་བསྟན་ཏེ། ངག་ནི་རྗེས་སུ་དཔག་པར་བཏགས་པ་ཡིན་གྱི། དངོས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་
གོ། །གང་ཇི་སྙེད་ཉེ་བར་བཏགས་ནས་རྗེས་སུ་དཔག་པའི་སྒྲས་བརྗོད་པར་ནུས་པ་དེ་ཐམས་ཅད་བཤད་པར་བྱ་བ་མ་ཡིན་གྱི། འོན་ཀྱང་རྗེས་སུ་དཔག་པར་བཤད་པར་འདོད་པས་རྗེས་སུ་དཔག་པའི་ངོ་བོ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རྒྱུ་མཚན་བརྗོད་པར་བྱ་དགོས་ལ། རྒྱུ་མཚན་ཡང་ཚུལ་
Vol. 189 · folio 61b
གསུམ་པའི་རྟགས་ཡིན་ནོ། །དེ་ཡང་རང་ཉིད་རྟོགས་པས་རྗེས་སུ་དཔག་པའི་རྒྱུ་མཚན་དུ་ཡིན་པའམ། གཞན་གྱིས་བསྟན་པས་སོ། །དེ་བས་ན་རྟགས་ཀྱི་རང་གི་ངོ་བོ་ཉིད་དང་། སྟོན་པར་བྱེད་པའི་སྒྲ་ཡང་བཤད་དགོས་སོ། །དེ་ལ་རང་གི་ངོ་བོ་ནི་རང་གི་དོན་གྱི་རྗེས་སུ་དཔག་པར་བཤད་ཟིན་ཏོ། །
སྟོན་པར་བྱེད་པའི་སྒྲ་འདིར་འཆད་པ་ཡིན་ནོ། །དེ་བས་ན་སྟོན་པར་བྱེད་པའི་སྒྲས་གདོན་མི་ཟ་བར་བརྗོད་པར་བྱ་བ་ཡིན་པར་བྱེད་པའི་ཕྱིར་སློབ་དཔོན་གྱིས་རྗེས་སུ་དཔག་པའི་སྒྲས་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་དོན་གྱི་རྗེས་སུ་དཔག་པའི་རྣམ་པར་དབྱེ་བ་བསྟན་པའི་ཕྱིར། དེ་ནི་རྣམ་པ་གཉིས་ཏེ་ཞེས་བྱ་བ་
སྨོས་ཏེ། གཞན་གྱི་དོན་གྱི་རྗེས་སུ་དཔག་པ་དེ་ནི་གང་ལ་རྣམ་པ་གཉིས་ཏེ་བྱེ་བྲག་ཡོད་པ་ཏེ་རྣམ་པ་གཉིས་སོ། །ཅིའི་ཕྱིར་རྣམ་པ་གཉིས་ཡིན་ཞེ་ན། སྦྱོར་བ་ཞེས་བྱ་བ་སྨོས་ཏེ། སྒྲའི་བྱེད་པའི་བྱེ་བྲག་གིས་སོ། །སྦྱོར་བ་ནི་རབ་ཏུ་སྦྱོར་བ་སྟེ་དོན་བརྗོད་པའོ། །སྒྲའི་དོན་བརྗོད་པའི་བྱེད་པ་ཐ་
དད་པའི་ཕྱིར་རྗེས་སུ་དཔག་པ་རྣམ་པ་གཉིས་སོ། །རྒྱུ་མཚན་རྗོད་བྱེད་ཀྱི་བྱེད་པ་གཉིས་པོ་དེ་ཉིད་བསྟན་པའི་ཕྱིར། ཆོས་མཐུན་པ་ཉིད་ཅན་དང་ཆོས་མི་མཐུན་པ་ཉིད་ཅན་ཞེས་བྱ་བ་སྨོས་ཏེ། འདི་ལ་ཆོས་མཚུངས་པ་ཡོད་པ་དེ་ནི་ཆོས་མཐུན་པ་ཡིན་ལ། དེའི་དངོས་པོ་ནི་ཆོས་དང་མཐུན་པ་ཉིད་དོ། །
འདི་ལ་མི་འདྲ་བའི་ཆོས་ཡོད་པ་ནི་ཆོས་མི་མཐུན་པ་ཡིན་ལ། ཆོས་མི་མཐུན་པའི་དངོས་པོ་ནི་ཆོས་དང་མི་མཐུན་པ་ཉིད་དེ། དཔེའི་ཆོས་ཅན་དང་ལྷན་ཅིག་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་ཆོས་དེ་འདྲ་བར་གཏན་ཚིགས་ཀྱིས་བྱས་པ་དེ་ནི་ཆོས་དང་མཐུན་པ་ཞེས་བྱའོ། །
མི་འདྲ་བར་གཏན་ཚིགས་ཀྱིས་བྱས་པ་ནི་ཆོས་དང་མི་མཐུན་པ་ཞེས་བྱའོ། །དེ་ལ་སྒྲུབ་པར་བྱེད་པའི་ངག་གང་ལ་རྗོད་པར་བྱེད་པ་ཆོས་མཐུན་པ་ཉིད་ཡོད་པ་དེ་ནི་ཆོས་མཐུན་པ་ཉིད་ཅན་ཏེ། གང་བྱས་པ་དེ་ནི་མི་རྟག་སྟེ་དཔེར་ན་བུམ་པ་ལྟ་བུའོ། །དེ་བཞིན་
དུ་སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བའི་ངག་འདིར་བྱས་པ་ཉིད་ཀྱིས་བྱས་པ་དཔེ་དང་བསྒྲུབ་བྱའི་ཆོས་ཅན་གྱི་འདྲ་བ་ཉིད་བརྗོད་བྱ་ཡིན་པ་བཞིན་ནོ། །ངག་གང་ལ་བརྗོད་པར་བྱ་བ་ཆོས་མི་མཐུན་པ་ཉིད་ཡོད་པ་དེ་ནི་ཆོས་མི་མཐུན་པ་ཉིད་ཅན་ཏེ་དཔེར་ན་གང་རྟག་པ་དེ་ནི་
Vol. 189 · folio 62a
བྱས་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །སྒྲ་ནི་བྱས་པ་ཡིན་ནོ་ཞེས་བྱ་བ་འདིར་བྱས་པས་བྱས་པ་བསྒྲུབ་པར་བྱ་བ་དང་། དཔེའི་ཆོས་ཅན་སྒྲ་དང་ནམ་མཁའ་དག་གི་མི་འདྲ་བ་ཉིད་བརྗོད་པར་བྱ་བ་ཡིན་པ་བཞིན་ནོ། །ཅི་སྟེ་སྦྱོར་བ་འདི་གཉིས་ཀྱང་བརྗོད་པར་བྱ་བ་
ཐ་དད་པ་ཡིན་ན། འོ་ན་བསྟན་པར་བྱ་བ་ཚུལ་གསུམ་པའི་རྟགས་ཐ་མི་དད་པར་ཇི་ལྟར་འགྱུར་ཞེ་ན། འདི་གཉིས་དོན་དུ་བྱེ་བྲག་ཅི་ཡང་མེད་དོ་ཞེས་བྱ་བ་སྨོས་ཏེ། དོན་ནི་དགོས་པ་ཡིན་ཏེ། བསྟན་པར་བྱ་བའི་དགོས་པ་གང་གི་ཆེད་དུ་རྗེས་སུ་དཔག་པ་སྦྱོར་བའོ། །དེ་བས་ན་འདི་གཉིས་ཀྱི་དགོས་
པ་ནི་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །ཚུལ་གསུམ་གྱི་རྟགས་བཤད་པར་བྱ་བ་ཡིན་པས་འདི་གཉི་ག་ཡང་དེའི་ཆེད་དུ་སྦྱར་བར་བྱ་བ་ཡིན་ཏེ། རྣམ་པ་གཉིས་ཀས་ཀྱང་ཚུལ་གསུམ་པའི་རྟགས་བསྟན་པར་བྱ་བ་ཡིན་ནོ། །དེ་བས་ན་འདི་གཉིས་ཀྱང་དགོས་པ་བསྟན་པར་བྱ་བ་ཐ་དད་པ་མེད་དོ། །དེ་ལྟར་
ན་དེ་ལས་ནི་ཐ་དད་པ་ཅུང་ཟད་ཀྱང་མེད་དོ། །འོ་ན་བརྗོད་པར་བྱ་བ་ཡང་ཐ་དད་པར་མི་འགྱུར་རོ་ཞེ་ན། སྦྱོར་བའི་བྱེ་བྲག་མ་གཏོགས་པར་ཞེས་བྱ་བ་སྨོས་ཏེ། སྦྱོར་བ་ནི་བརྗོད་པའི་ཚིག་ཉིད་ཡིན་ནོ། །རྗོད་བྱེད་ཉིད་ཐ་དད་པ་ལས་གཞན་དགོས་པས་བྱས་པ་ནི་ཐ་དད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །འདི་སྐད་བསྟན་ཏེ། བརྗོད་པར་བྱ་བ་ཡང་གཞན་ཡིན་ལ། བསྟན་པར་བྱ་བའི་དགོས་པ་ཡང་གཞན་ཡིན་ནོ། །དེ་ལ་བརྗོད་པར་བྱ་བ་ལ་ལྟོས་ནས་ནི་ཚིག་ཉིད་ཐ་དད་པ་ཡིན་གྱི། བསྟན་པར་བྱ་བ་ནི་ཐ་དད་པ་མེད་དེ། རྗེས་སུ་འགྲོ་བ་སྨོས་པ་ནི་འོག་ནས་སྟོན་པའི་ཚུལ་གྱིས་ལྡོག་
པ་རྟོགས་པར་འགྱུར་ལ། ལྡོག་པས་ཀྱང་རྗེས་སུ་འགྲོ་བ་རྟོགས་སོ། །དེ་བས་ན་བསྟན་པར་བྱ་བ་ཚུལ་གསུམ་པའི་རྟགས་ནི་ཐ་དད་པ་མེད་དོ། །གང་ན་བརྗོད་པར་བྱ་བ་ཐ་དད་པ་དེར་ཤུགས་ཀྱིས་རྟོགས་པར་བྱ་བའི་དོན་ཀྱང་ཐ་དད་པ་ན་མ་ཡིན་ཏེ། འདི་ལྟར་ལྷ་སྦྱིན་ཚོན་པོ་ཉིན་པར་ཟན་མི་ཟའོ་ཞེས་
སྨྲས་པ་དང་། ལྷ་སྦྱིན་ཚོན་པོ་མཚན་མོ་ཟན་ཟའོ་ཞེས་བྱ་བའི་ངག་འདི་གཉིས་བརྗོད་པར་བྱ་བ་ཐ་དད་དུ་ཟིན་ཀྱང་རྟོགས་པར་བྱ་བ་གཅིག་ཁོ་ན་ཡིན་ནོ། །དེ་བཞིན་དུ་འདིར་བརྗོད་པར་བྱ་བའི་དོན་ཐ་དད་ཀྱང་རྟོགས་པར་བྱ་བ་གཅིག་ཁོ་ན་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་ཆོས་མཐུན་པ་དང་ཆོས་མི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words