གཏན་ཚིགས་ཐིགས་པའི་འགྲེལ་པ
Sanskrit title (Tibetan script, as in the text) ཧེ་ཏུ་བིནྡུ་བི་བ་ར་ཎ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 189 · folio 181b
༄༅༅། །རྒྱ་གར་སྐད་དུ། ཧེ་ཏུ་བིནྡུ་བི་བ་ར་ཎ། བོད་སྐད་དུ། གཏན་ཚིགས་ཐིགས་པའི་འགྲེལ་པ། བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ལ་ཕྱག་འཚལ་ལོ། །སྐྱེ་བོའི་ཚོགས་ཀྱི་ཉོན་མོངས་སྐྱོབ་པའི་ཕྱིར་ན་ཐུགས་རྗེ་ཆེན་པོ་ཡང་དག་བསྐྱེད་པ་ཅན། །བསོད་ནམས་ཡེ་ཤེས་
བདག་ཉིད་རབ་ཏུ་བསགས་པ་རྒྱ་ཆེ་བ་ཡི་རྒྱུ་དག་ངལ་བ་རྣམ་པར་བསལ། །ཤེས་བྱ་མ་ལུས་རབ་འབྱམས་དྲི་མ་མེད་པའི་ཤེས་རབ་འཆར་བའི་རི་བོ་ལ་བརྟེན་ནས། །འཇིག་རྟེན་སྙིང་གི་མུན་པ་འཇོམས་མཛད་རྒྱལ་བ་ཉི་མ་གང་ཡིན་དེ་ལ་སྤྱི་བོས་ཕྱག་འཚལ་ལོ། །ཆོས་ཀྱི་གྲགས་པའི་རྣམས་ལ་ནི། །
དཔྱད་ཟིན་ཀྱང་ནི་དཔྱད་པ་མཛེས། །རྒུན་ནི་བཙིར་བ་གྱུར་ཀྱང་ནི། །མངར་བ་ཅིས་ན་འདོར་འགྱུར་རམ། །འགྲོ་རྣམས་ཕྱོགས་གཅིག་གང་གི་བློ། །རིགས་ལམ་གནས་ནས་གཞལ་གྱུར་ན། །རྒྱལ་གྱུར་དེ་གསུང་ཟབ་མོ་གང་། །བདག་བློ་བླུན་པོས་ག་ལ་ཡིན། །དེ་ལྟ་ན་ཡང་བདག་ལས་ཀྱང་། །
གང་དག་ཁ་ཅིག་བློ་དམན་པ། །ཡོད་པ་རྣམས་ལ་བདག་གིས་ནི། །གཏན་ཚིགས་ཐིགས་པར་རྣམ་པར་དབྱེ། །ཁ་ཅིག་ནི་དོན་ལྐོག་ཏུ་གྱུར་པ་ལ་སོགས་པ་རབ་ཏུ་བྱེད་པ་རྩོམ་པའི་དགོས་པ་གསུངས་པ་དེ་ཡང་ཉན་པའི་སྐྱེ་བོ་འཇུག་པའི་དོན་ཡིན་ནོ་ཞེས་བྱ་བ་དེ་ལ། །བསྟན་བཅོས་ཐམས་
ཅད་ཉིད་དམ་ནི། །ཡང་ན་བྱ་བ་འགའ་ཞིག་ལ། །ཇི་སྲིད་དགོས་པ་མ་བརྗོད་པར། །དེ་སྲིད་གང་གིས་གཟུང་བར་བྱ། །ཞེ་ན། དེ་ནི་མི་རིགས་ཏེ། གང་གིས་རབ་ཏུ་བྱེད་པ་འདིའི་དགོས་པ་འདི་ཡིན་ནོ་ཞེས་བརྗོད་པས་དགོས་པའི་ཁྱད་པར་དག་གི་རབ་ཏུ་བྱེད་པ་ནི་ཐབས་སུ་ངེས་པ་ཡིན་ཏེ། ཐབས་
མ་ཡིན་པ་ལ་མི་འཇུག་པའི་ཕྱིར་དེ་དོན་དུ་གཉེར་བའི་རྟོག་པ་དང་ལྡན་པས་རབ་ཏུ་བྱེད་པ་མཉམ་པ་ལ་སོགས་པ་འཇུག་པར་འགྱུར་རོ་ཞེས་རྗོད་པར་བྱེད་པ་དོན་དང་ལྡན་པར་སྨྲ་བ་དེ་སྐད་སྟོན་པ་དེ་ནི་མི་རིགས་ཏེ། གང་གི་ཕྱིར་རྟོག་པ་དང་ལྡན་པ་རྣམས་ཀྱིས་དགོས་པ་དོན་དུ་གཉེར་བ་རྣམས་ནི་
དེའི་ཐབས་ངེས་པ་དེ་ཡོད་པ་ལས་ཡིན་ཏེ། དཔེར་ན་ཞིང་རྨོ་བ་ལ་སོགས་པ་རྣམས་ལོ་ཐོག་ལ་སོགས་པའི་ཐབས་ས་བོན་ལ་སོགས་པ་ས་བོན་མ་ཡིན་པ་ལས་དབེན་པའི་ས་བོན་ལ་སོགས་པ་ངེས་པར་འགྱུར་བ་བཞིན་ནོ། །གཞན་དུ་ན་ཐབས་མ་ངེས་པའི་ཐབས་ལས་བྱུང་བ་དོན་དུ་གཉེར་བ་ནི་རྟོག་
Vol. 189 · folio 182a
པ་དང་ལྡན་པ་རྣམས་སྤོང་བར་འགྱུར་ཏེ། ཐབས་ལས་བྱུང་བའམ་འབྱུང་བར་འགྱུར་བ་ལ་ཚད་མའི་བྱ་བ་མི་སྲིད་པའི་ཕྱིར་རོ། །མ་ངེས་སུ་ཟིན་ཀྱང་འབྲེལ་པ་མ་ཚང་བ་མེད་པའི་ཐབས་ངེས་པར་རུང་བ་འདི་དག་བརྗོད་པར་འདོད་པའི་འབྲས་བུ་བསྒྲུབ་པར་འགྱུར་བ་སྲིད་པས་རྟོག་པ་
དང་ལྡན་པ་འཇུག་པར་འགྱུར་བས་དེས་ན་ཡོངས་སུ་མི་སྤོང་ངོ་། །ངེས་པ་ཡང་ཚད་མ་ཁོ་ནས་ཡིན་ན་དགོས་པའི་ངག་ལ་ཚད་མ་མེད་དེ། སྒྲ་རྣམས་དང་ཕྱི་རོལ་གྱི་དོན་ལ་འབྲེལ་པ་མེད་པའི་ཕྱིར་རོ། །བརྗོད་པར་འདོད་པའི་ཚད་མ་དེ་ལ་ཡང་ཇི་ལྟ་བའི་དངོས་པོ་ལ་འཇུག་པའི་ངེས་པ་མེད་པའི་ཕྱིར་
དེས་ན་རབ་ཏུ་བྱེད་པའི་དགོས་པ་ཁྱད་པར་གྱི་ཐབས་ལ་ངེས་པ་མེད་དོ། །གང་གིས་ཇི་ལྟར་དོན་གང་བརྗོད་པར་འདོད་པ་དེ་ཇི་ལྟ་བར་དེས་རྗེས་སུ་མི་སྒྲུབ་པོ། །གཞན་བསམས་ནས་གཞན་དུ་བརྗོད་པས་འཇུག་པ་ན་སླུ་བ་མཐོང་བའི་ཕྱིར་འཇིག་རྟེན་པ་ཐམས་ཅད་ལ་ཡིད་བརྟན་དུ་མེད་པས་སོ། །
གལ་ཏེ་དགོས་པའི་ཁྱད་པར་ཉེ་བར་དགོད་པ་དེའི་ཐབས་སུ་གྱུར་པའི་རབ་ཏུ་བྱེད་པའི་ཡུལ་ལ་ཐེ་ཚོམ་སྐྱེ་བ་དེའི་ཕྱིར་དེ་ནི་ཞིང་རྨོ་བ་ལ་སོགས་པ་ཉིད་ལས་ས་བོན་དང་ས་བོན་མ་ཡིན་པར་ངེས་པས་འཇུག་པར་བརྗོད་དོ་ཞེ་ན། མ་ཡིན་ཏེ། དགོས་པའི་ཁྱད་པར་གྱི་ཐབས་ལ་ཐེ་ཚོམ་སྐྱེ་བ་ནི་དེ་བརྗོད་
པ་ལས་སྔར་ཡོད་པས་སྒྲུབ་པར་བྱེད་པ་དང་། གནོད་པར་བྱེད་པའི་ཚད་མ་མེད་པ་དེ་ནི་རིགས་པའི་སྟོབས་ལས་འོངས་པའི་ཕྱིར་རོ། །རྗེས་སུ་དཔག་པ་དེའི་དགོས་པ་ལ་སོགས་པ་བསྟན་པའི་ཕྱིར་རབ་ཏུ་བྱེད་པ་རྣམས་མཐོང་བས་ཅི་འདི་རྗེས་སུ་དཔག་པ་བསྟན་པའི་དགོས་པའམ། གཞན་ཅུང་
ཟད་ཅིག་ཡིན་ཞེས་དེ་ལྟ་བུའི་དངོས་པོའི་ཐེ་ཚོམ་སྔར་འཇུག་པ་ན་གང་གིས་བསལ་བར་ནུས། གཞན་ཡང་ཅི་འདི་དགོས་པ་མེད་པའམ། ཡང་ན་ཁོ་བོ་ཅག་མངོན་པར་འདོད་པའི་དགོས་པ་དང་ལྡན་པ་ཡིན་ནོ་ཞེས་ཤེས་པར་འདོད་པ་འཇུག་པ་སྲིད་པས་དགོས་པའི་ངག་ཉེ་བར་དགོད་པ་དོན་མེད་དོ། །
དེའི་ཕྱིར་གང་དགོས་པ་སྤངས་པའི་ངག་གམ་དེའི་དོན་ལ་རྟོག་པ་དང་ལྡན་པ་རྩོམ་པ་བྱེད་པའམ་སྟོན་པར་མི་འགྱུར་ཏེ། དཔེར་ན་སེའུ་བཅུ་པ་ཞེས་བྱ་བ་ལ་སོགས་པའི་ངག་དང་། བྱ་རོག་གི་སོ་རྟོག་པ་བཞིན་ནོ། །འདི་འམ་འདིའི་དོན་ཀྱང་དགོས་པ་མེད་པས་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་མི་
Vol. 189 · folio 182b
དམིགས་པས་རྒོལ་བ་ན། དེ་མ་གྲུབ་པར་བརྗོད་པའི་ཕྱིར་ཐོག་མར་དགོས་པའི་ངག་ཉེ་བར་བཀོད་དོ། །དེ་ལ་དེ་བསྟན་པའི་ཕྱིར་ཞེས་བྱ་བའི་ཚིག་གི་བདག་ཉིད་འདིས་ནི་རབ་ཏུ་བྱེད་པའི་དགོས་པ་གསུངས་ཏེ། ཇི་ལྟར་ངག་གིས་བརྗོད་པར་བྱ་བ་རྟོགས་པ་ནི་ངག་གི་དགོས་པ་ཡིན་ཏེ། དེ་ཡང་འདི་
ལ་ཡོད་དེ་ཚིག་གི་ནང་ཚན་རྣམས་དང་ངག་ཕན་ཚུན་དུ་འབྲེལ་པ་ལས་བསྡུས་པའི་དོན་རྟོགས་སོ། །དེ་ལྟ་ན་རབ་ཏུ་བྱེད་པ་འདིར་རྗེས་སུ་དཔག་པ་བསྟན་ཏོ་ཞེས་བྱ་བ་དེ་ནི་བརྗོད་པར་བྱ་བ་ཡིན་ཏེ། དེའི་སྒྲ་ནི་དེ་ཉིད་དང་འབྲེལ་པའི་ཕྱིར་རོ། །གལ་ཏེ་ལྐོག་ཏུ་གྱུར་པའི་དོན་རྟོགས་པའི་ཞར་ལ་རྗེས་
སུ་དཔག་པ་བྱུང་བ་དེ་ལྟ་ན་ཡང་སྨྲ་བ་པོའི་བསམ་པ་དང་རྗེས་སུ་འབྲེལ་པའི་སྒྲ་འཇུག་པས་དེའི་སྒྲ་རབ་ཏུ་སྦྱར་གྱི། གཞན་དུ་ན་གཙོ་བོ་ལ་སྦྱར་བར་ཡང་ཇི་ལྟར་འགྱུར། སྒྲ་རྣམས་ཀྱི་རང་གི་ངོ་བོ་ནི་དོན་དང་འབྲེལ་པ་མེད་པའི་ཕྱིར་དང་ཕྱོགས་ཀྱི་ཆོས་ཞེས་བྱ་བ་ལ་སོགས་པས་རྗེས་སུ་དཔག་
པ་བསྟན་པའི་ཕྱིར་རོ། །རང་གི་ངོ་བོ་ཕྱིན་ཅི་མ་ལོག་པར་རྟོགས་པ་དེ་བསྟན་པ་ནི་རབ་ཏུ་བྱེད་པའི་དགོས་པ་ཡིན་ཏེ། དེ་བསྒྲུབ་པར་བྱ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་བསྟན་པའི་ཡུལ་ནི་རབ་ཏུ་བྱེད་པའི་བྱ་བ་ཡིན་པ་བསྟན་ཏེ། དེ་བསྟན་པའི་ཕྱིར་ཞེས་བྱ་བ་ཎི་ཙའི་རྐྱེན་གྱིས་བསྟན་ཏེ།
དེས་ཀྱང་རབ་ཏུ་བྱེད་པ་དག་གི་དགོས་པ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་མཚན་ཉིད་འབྲེལ་པར་བསྟན་པ་ཡིན་ནོ། །གལ་ཏེ་སྒྲ་འཇུག་པའི་ཡུལ་བསྟན་པས་རབ་ཏུ་བྱེད་པའི་བྱ་བ་གཙོ་བོ་ཡིན་པར་བསྟན་པ་དེ་ལྟ་ན་ཡང་དངོས་པོའི་འཇུག་པ་ཁོ་ན་གཙོ་བོ་ཡིན་པར་བསྟན་ཏེ། དེ་ནི་
དེའི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །ཅིག་ཤོས་ཀྱི་ཐབས་དེ་ནི་དོར་བར་བྱ་བ་ཡིན་ཏེ་གཙོ་བོ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྗེས་སུ་དཔག་པ་བསྟན་པ་ཁོ་ན་དགོས་པར་རྟོགས་པས་རབ་ཏུ་བྱེད་པའི་བྱ་བ་ནི་མ་ཡིན་ནོ་ཞེས་བྱའོ། །དོན་ལྐོག་ཏུ་གྱུར་པ་རྟོགས་པ་ནི་རྗེས་སུ་དཔག་པ་ལ་བརྟེན་
པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་འདིས་ནི་རབ་ཏུ་བྱེད་པའི་དོན་རྗེས་སུ་དཔག་པའི་མཚན་ཉིད་ཀྱི་དགོས་པ་གསུངས་སོ། །ངག་རང་གི་དོན་རྟོགས་པའི་མཚན་ཉིད་ཀྱི་དགོས་པ་ཉིད་ལ་རྟོག་པ་དང་ལྡན་པ་འཇུག་པར་མི་འགྱུར་རོ། །འོན་ཀྱང་དེའི་བརྗོད་པར་བྱ་བའི་དོན་སྐྱེས་བུ་ལ་ཉེ་བར་མཁོ་བ་
Vol. 189 · folio 183a
ཡིན་ཏེ། དེ་ཡང་དེ་ལ་ཡོད་དེ། གང་གི་ཕྱིར་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་གང་ཡིན་པ་དེ་ནི་ངེས་པའོ། །རྗེས་སུ་དཔག་པའི་ཚུལ་གསུམ་པའི་རྟགས་དེ་རྒྱུ་ལ་འབྲས་བུ་ཉེ་བར་བཏགས་པའི་ཕྱིར་ཐབས་གཞན་མ་ཡིན་པ་བསྒྲུབ་པར་བྱ་བ་དེ་བསྟན་པས་གཞན་གྱི་
འདོད་པ་བསལ་བའི་ཕྱིར་རོ། །རྟེན་ནི་རྒྱུའོ། །རྗེས་སུ་དཔག་པའི་རྟེན་གང་ཡིན་པ་ཞེས་བྱ་བ་ཐུན་མོང་དུ་རྣམ་པར་སྦྱོར་རོ། །དེས་ན་རྗེས་སུ་དཔག་པ་རྟེན་ཡིན་པས་ཞེས་བྱ་བ་བྱེ་བྲག་གང་གི་ཡིན་ཞེས་བྱ་བ་རྟོགས་པ་ན་གལ་ཏེ་ཡང་དོན་ལྐོག་ཏུ་གྱུར་པ་རྟོགས་པ་ནི་སྒྲའི་འབྲེལ་པ་མོ་རྟགས་སུ་
གོ་བ་དེ་ལྟ་ན་ཡང་དེ་ཚིག་གི་སྦྱོར་བའི་དུས་སུ་ཉེ་བ་མ་ཡིན་པས་ཕྱི་རོལ་དུ་གྱུར་པའི་ཕྱིར་མོ་རྟགས་ཀྱི་རྒྱུ་མཚན་མ་ཡིན་ཏེ། དཔེར་ན་འདི་བྲམ་ཟེ་མོར་བདེན་ནོ་ཞེས་པ་དང་། སྣོད་འདི་འབྲུ་བཞག་པ་ཞེས་བྱ་བ་བཞིན་ནོ། །འདིས་ཀྱང་དོན་ལྐོག་ཏུ་གྱུར་པ་རྟོགས་པ་ཐམས་ཅད་ཚད་མར་གྱུར་པ་ལས་
ཡིན་གྱི་གཞན་གྱིས་དེ་རྟོགས་སོ། །མི་རིགས་པའི་ཕྱིར་ཚུལ་གསུམ་པའི་རྟགས་ལ་བརྟེན་པ་ཁོ་ན་བཤད་པ་ཡིན་ཏེ། རྗེས་སུ་དཔག་པ་ཉིད་ལ་བརྟེན་པའི་ཕྱིར་ཞེས་ངེས་པར་གཟུང་བའི་ཕྱིར་རོ། །དེས་ཀྱང་སྒྲ་ལ་སོགས་པ་རྣམས་ཡིན་ན་ནི་རྗེས་སུ་དཔག་པའི་ཚད་མ་མ་ཡིན་ཏེ། གཞན་དུ་ན་དེ་རྣམས་
ཀྱང་བསྟན་པར་ཐལ་བར་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་ལྟ་ན་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་རྟོགས་པ་ནི་ཚད་མའི་བདག་ཉིད་ལས་ཡིན་གྱི་རང་དགས་ནི་མ་ཡིན་ནོ། །དེ་རང་གི་དོན་དང་འབྲེལ་པ་མེད་པས་ངེས་པ་ན་དེ་མི་སླུ་བར་རིགས་པ་མ་ཡིན་པའི་ཕྱིར་དང་། ཚད་མ་ནི་མི་སླུ་བ་
མཚན་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་འབྲེལ་པ་མེད་པ་ལས་མ་ཡིན་པའི་ཕྱིར་དེ་ཐམས་ཅད་ལས་ཐམས་ཅད་རྟོགས་པར་ཐལ་བར་འགྱུར་རོ། །ཆོས་ཅན་དང་མ་འབྲེལ་དུ་ཟིན་ཀྱང་ཐམས་ཅད་ལ་རྟོགས་པ་སྐྱེ་སྟེ་ཉེ་བ་ལ་བསྐལ་པ་མེད་པའི་ཕྱིར་རོ། །དེ་ལྟར་གྱུར་པ་ཚུལ་གསུམ་པའི་རྟགས་
ཁོ་ན་ལས་ཡིན་པའི་ཕྱིར་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་རྟོགས་པ་ནི་ཚུལ་གསུམ་པའི་རྟགས་ལས་སྐྱེས་པ་ཉིད་རྗེས་སུ་དཔག་པ་ལས་ཐ་དད་པ་ནི་མ་ཡིན་ནོ་ཞེས་བྱའོ། །དོན་འདི་ཡང་ཕྱོགས་ཆོས་དེ་ཆས་ཁྱབ་པ་ནི། གཏན་ཚིགས་སུའི་ཞེ་ན། ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ཡིན་ནོ་ཞེས་རང་
Vol. 189 · folio 183b
བཞིན་འབྲེལ་བ་བཤད་དོ། །ཕྱོགས་ཀྱི་ཆོས་ཉིད་དང་དེའི་ཆས་ཁྱབ་པ་ཉིད་ལྐོག་ཏུ་གྱུར་པའི་དོན་རྟོགས་པའི་གཏན་ཚིགས་སོ་ཞེས་ངེས་པར་གཟུང་བའི་ཕྱིར་རོ། །དོན་སྨོས་པ་ནི་ལྐོག་ཏུ་གྱུར་པའི་དོན་རྟོགས་སོ་ཞེས་བྱ་བ་རྗེས་སུ་དཔག་པ་ཡང་རང་གི་མཚན་ཉིད་ཀྱི་ཡུལ་ཅན་གྱི་ཚད་མར་བསྟན་
ཏེ། དོན་བྱེད་པར་ནུས་པ་ནི་དོན་ཡིན་ཏེ། རང་གི་མཚན་ཉིད་ཁོ་ནའི་བདག་ཉིད་དོ། །དེ་ཉིད་ཀྱི་ཕྱིར་དངོས་པོ་ལ་བརྟེན་ནས་ཚད་མ་རྣམ་པར་གཞག་པ་ནི་ཡིན་ནོ་ཞེས་འཆད་པར་འགྱུར་རོ། །གཞན་དུ་ན་དོན་བྱེད་པ་དོན་དུ་གཉེར་བ་རྗེས་སུ་དཔག་པ་ལས་འཇུག་པར་མི་འགྱུར་རོ། །སྤྱིའི་དངོས་པོ་
ཡང་ཤེས་པ་ཙམ་གྱི་མཚན་ཉིད་ཡིན་པའི་ཕྱིར། དེའི་དོན་བྱེད་པ་ཡིན་ཏེ། དེ་ཡང་དེ་ལས་སྐྱེ་བ་ཁོ་ནར་གྲུབ་པའི་ཕྱིར་རོ། །རིགས་ནི་བཙོ་བོ་དང་བསྲེག་པ་ལ་སོགས་པ་ལ་ཉེ་བར་མཁོ་བ་མེད་དེ། །རང་གི་མཚན་ཉིད་ཁོ་ན་དེ་ལ་ཉེ་བར་མཁོ་བའི་ཕྱིར་རོ། །གལ་ཏེ་དེ་དང་འབྲེལ་པར་དེ་ལ་འཇུག་པར་འགྱུར་
རོ་ཞེ་ན། མ་ཡིན་ཏེ་རྟག་པ་ལ་ཕན་གདགས་པར་བྱ་བ་འགའ་ཞིག་དང་འབྲེལ་པ་མེད་པའི་ཕྱིར་རོ། །འབྲེལ་པ་ཡོད་དུ་ཟིན་ཀྱང་། ཇི་ལྟར་གཞན་རྟོགས་པ་ན་གཞན་ལ་འཇུག་པ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །གལ་ཏེ་འདུ་བ་ན་ཕྱེ་བ་ཉིད་ཀྱིས་ཐ་དད་པར་མི་ངེས་པས་དེ་ངེས་པ་ལ་འཁྲུལ་པས་
དེ་ལ་འཇུག་པར་འགྱུར་རོ་ཞེ་ན། དེ་ལྟ་ན་འོན་ཏེ་འཁྲུལ་པ་ཁོ་ན་ཡིན་པ་བླའི་བར་དུ་ལྷག་པའི་སྤྱིས་ཅི་ཞིག་བྱ། གལ་ཏེ་འཁྲུལ་པ་ལས་ས་བོན་མེད་པ་མི་རིགས་པའི་ཕྱིར་རོ་ཞེ་ན། དེ་ཁོ་ན་གསལ་བས་འབྲས་བུ་གཅིག་པ་དེ་ཅིས་ན་ས་བོན་མ་ཡིན། ཁ་དོག་དང་དབྱིབས་ཀྱི་རྣམ་པ་མཚུངས་པ་ལས་
སྤྱིར་ཤེས་པ་ཡིན་ནོ། །སྤྱི་ཡང་དེའི་ངོ་བོ་མ་ཡིན་ཏེ། །དེ་ཇི་ལྟར་འཁྲུལ་པའི་ས་བོན་ཡིན། གཞན་དག་ནི་འདྲ་བའི་རྒྱུ་མཚན་ལས་འཁྲུལ་པར་འདོད་པ་དེ་སྤྱི་ཤེས་པ་ནི་གསལ་བ་ཁོ་ན་རིགས་མི་མཐུན་པ་ལས་ལྡོག་པ་རྣམ་པ་འདྲ་བ་དེ་དང་། དེ་ཁོ་ན་འཁྲུལ་པའི་རྒྱུ་མཚན་ཡིན་ཏེ། དེ་མ་ཡིན་
པ་ལས་ལྡོག་པ་དེའི་རང་བཞིན་ཡིན་པའི་ཕྱིར་སྤྱི་དངོས་པོར་གྱུར་པ་དང་འབྲེལ་པ་མེད་པས་དེ་རྣམས་ལ་ཡོད་པར་མི་རུང་བའི་ཕྱིར་རོ། །གང་ཡང་གསལ་བའི་བདག་ཉིད་ཁོ་ན་ལ་སྤྱིར་བཏགས་ཏེ། །དེ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་གྱི་རྗེས་སུ་དཔག་པར་ཁས་བླངས་པར་འགྱུར་རོ། །རང་གི་
Vol. 189 · folio 184a
མཚན་ཉིད་ཀྱི་སྤྱི་ཡིན་ན་རྗེས་སུ་དཔག་པ་ལ་ཇི་ལྟར་སོ་སོར་སྣང་བ་ཡིན་ཞེས་བསམ་པར་བྱ་སྟེ། གསལ་བའི་དངོས་པོ་སྤྱི་ལས་གཞན་པའི་ངོ་བོའི་སྤྱི་མི་འདོད་པས་བྱེ་བྲག་པའི་ལྟ་བ་ཁས་ལེན་པར་ཐལ་བར་འགྱུར་རོ། །དེ་ལ་ཡང་སྔར་བཤད་པའི་སྐྱོན་གྱིས་ལྐོག་ཏུ་གྱུར་པ་རང་གི་
ངོ་བོས་རྟོགས་པར་མི་ནུས་པས་རྟགས་ལ་བརྟེན་པས་མངོན་སུམ་ལས་རྗེས་སུ་དཔག་པ་ལོགས་ཤིག་ཏུ་བཤད་དེ། དེ་ཉིད་ཀྱང་རང་གི་མཚན་ཉིད་དེ་མ་ཡིན་པ་ལས་ལྡོག་པ་ལ་སྤྱིའི་མཚན་ཉིད་དུ་བཤད་ཟིན་ཏོ། །འདིས་མཚོན་པར་བྱེད་པས་ན་མཚན་ཉིད་ནི་ཞེས་སྤྱིའི་མཚན་ཉིད་དུ་བྱས་པ་དེས་ན་
རྗེས་སུ་དཔག་པའི་མཚན་ཉིད་ཡུལ་ཡིན་པ་ལ་འགལ་བ་མེད་པའི་ཕྱིར་རྒྱ་ཆེར་མི་བཤད་དོ། །མདོར་བསྡུས་ནས་ཞེས་བྱ་བ་ནི་ཟློས་པར་དོགས་པ་བསལ་བ་ཡིན་ཏེ། རྒྱ་ཆེར་ནི་རྣམ་འགྲེལ་ལ་སོགས་པར་བཤད་པའི་ཕྱིར་རོ། །རྟགས་ཀྱི་མཚན་ཉིད་རྗེས་སུ་དཔག་པ་བསྟན་པ་ནི། རང་གི་ངོ་བོ་དང་།
རབ་ཏུ་དབྱེ་བ་དང་། ཚད་མ་དང་། དེ་ངེས་པའོ། །དེ་ལ་ཕྱོགས་ཆོས་དེའི་ཆས་ཁྱབ་པ་ནི། གཏན་ཚིགས་ཞེས་བྱ་བས་ནི་རང་གི་ངོ་བོ་བསྟན་ཏོ། །དེ་ནི་རྣམ་གསུམ་ཉིད་ཅེས་བྱ་བས་རབ་ཏུ་དབྱེ་བའོ། །མེད་ན་མི་འབྱུང་ཞེས་བྱ་བ་ལ་སོགས་པས་ནི་རབ་ཏུ་དབྱེ་བ་ངེས་པར་བྱེད་པའི་ཚད་མ་ཉེ་བར་བཀོད་
དོ། །རྣམ་གསུམ་གྱི་རབ་ཏུ་དབྱེ་བ་ཡང་རྟགས་གསུམ་པོ་རྣམས་ཀྱི་ངོ་བོ་དང་རེ་རེའི་ངོ་བོ་ངེས་པར་བྱེད་པའི་ཚད་མ་འཇུག་པ་བཤད་པར་བྱའོ། །དེ་ལ་ཕྱོགས་ཀྱི་ཆོས་ནི་ཕྱོགས་ཀྱི་ཆའི་ཆོས་ཀྱིས་ཁྱབ་པ་མེད་ན་མི་འབྱུང་བ་ཡིན་ནོ་ཞེས་མཚན་ཉིད་བསྟན་ཏོ། །གཏན་ཚིགས་ཞེས་བྱ་བས་ནི་མཚན་གཞི་
བསྟན་ཏོ། །གཏན་ཚིགས་དེ་ནི་རྣམ་གསུམ་ཉིད། །ཅེས་བྱ་བས་དབྱེ་བ་བརྗོད་དོ། །འོན་ཏེ་གཏན་ཚིགས་གཞན་མེད་པར་ངེས་པར་གྱུར་ན་རྣམ་པ་གསུམ་ཁོ་ན་ཞེས་བྱ་བ་རིགས་ཀྱི་འགྲན་ཟླ་མེད་པར་ངེས་པས་ཡོད་པ་རྣམས་ལ་ངེས་པར་གཟུང་བ་དང་བཅས་པར་གཏན་ལ་དབབ་པོ། །དེ་སྨྲས་པ། གང་
ཕྱིར་འདི་ཁོ་ན་ཡིན་ཞེས། །འདི་ཡོད་པར་ནི་གཏན་ལ་འབེབས། །དངོས་གཞན་མེད་པར་རིགས་པ་ཅི། །རྗེས་འགྲོ་མེད་ན་འདི་མ་ཡིན། །ཞེའོ། གཏན་ཚིགས་མེད་པར་ནི་མངོན་སུམ་གྱིས་མི་རྟོགས་ཏེ། །དེ་ཡུལ་མེད་པ་དང་འགལ་བའི་ཕྱིར་རོ། །དེ་ལྟ་ན་དངོས་པོ་མེད་པ་ནི་དངོས་པོའི་བདག་ཉིད་ཀྱི་
Vol. 189 · folio 184b
ཆའི་མེད་པའི་མཚན་ཉིད་ཡིན་ན་དེའི་དབང་པོ་དང་ཉེ་བ་མེད་པའི་ཕྱིར་མངོན་སུམ་གྱི་ཡུལ་ཡིན་པར་འགལ་ལོ། །གང་ཡང་། རེ་ཞིག་དབང་པོས་འདི་མེད་ཅེས། །བློ་ནི་སྐྱེད་པར་བྱེད་པ་ཡིན། །དངོས་པོའི་ཆ་དང་འབྲེལ་ཉིད་ཀྱི། །དབང་པོ་རུང་བ་ཡིན་ཕྱིར་རོ། །ཞེས་བྱ་བ་སྨོས་སོ། ཡང་ན་ནུས་པ་
ཐམས་ཅད་ཀྱིས་སྟོང་པའི་མཚན་ཉིད་དེ་ཡང་དོན་གྱི་ནུས་པ་ལ་ལྟོས་པའི་མངོན་སུམ་གྱི་ཡུལ་དུ་འགལ་བའི་ཕྱིར་རོ། །རྗེས་སུ་དཔག་པས་ཀྱང་གཏན་ཚིགས་གཞན་མེད་པ་མི་རྟོགས་ཏེ། །དེ་ནི་རྟགས་རྣམ་པ་གསུམ་ལ་བརྟེན་པ་ཁོ་ནར་བཤད་པས་སོ། །རྣམ་གསུམ་ཉིད་ཅེས་བྱ་བ་ད་ནི་བཤད་
པར་བྱ་སྟེ། །དེ་ལ་འབྲས་བུ་དང་རང་བཞིན་དག་ནི་སྒྲུབ་པ་སྒྲུབ་པར་བྱེད་པའི་ཕྱིར་དགག་པ་མི་བྱེད་ལ་མི་དམིགས་པ་ལས་ཀྱང་གཏན་ཚིགས་གཞན་མེད་པར་ངེས་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ནི་རྣམ་པ་བཞིར་གནས་ཏེ། །རང་བཞིན་དང་འབྲས་བུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་དང་འགལ་
བ་དམིགས་པ་སྒྲུབ་པ་སྟེ་དེ་ལ་མཚུངས་པར་རུང་བའི་ངོ་བོ་ཤེས་པ་གཅིག་ལ་འདྲེ་བ་རང་བཞིན་མི་དམིགས་པ་ནི་གཞན་གྱི་ངོ་བོ་མི་དམིགས་པས་མེད་པའི་ཐ་སྙད་ཀྱི་གཏན་ཚིགས་སུ་འདོད་པ་དང་། གཏན་ཚིགས་གཞན་གཏན་མེད་པར་ཁས་བླངས་པས་རྗེས་སུ་བསྟན་པའི་ངོ་བོ་མ་ཡིན་ནོ། །གལ་ཏེ་
ཞིག་ན་ཡུལ་ལ་སོགས་པ་ཁོ་ན་ལ་འགོག་ན་ནི་འདིར་འགྱུར་གྱི་གཏན་མེད་པ་ནི་མ་ཡིན་ཏེ། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་དག་ཀྱང་འབྲས་བུ་ཁྱབ་པར་བྱ་བ་མེད་པའི་གཏན་ཚིགས་ཀྱི་དངོས་པོ་ཡིན་ན་གཏན་ཚིགས་གཞན་ནི་གཏན་མེད་པར་ཁས་བླངས་པ་ལ་རྣམ་པ་འདི་ལྟ་བུ་མི་སྲིད་དོ། །དེ་ཇི་
ལྟར་དེ་དག་གིས་དེ་མེད་པར་གོ་བར་འགྱུར། འགལ་བ་ཡང་རྒྱུ་མ་ཚང་བ་མེད་པར་འབྱུང་བ་གཞན་ཡོད་ན་མེད་པར་གོ་བར་བྱ་བ་ཡིན་པའི་ཕྱིར་འགལ་བ་དམིགས་པ་ཡང་མི་སྲིད་དོ། །སྲིད་པ་ཡང་འབྲས་བུ་མི་དམིགས་པ་ལ་སོགས་པ་རྣམས་ཇི་ལྟར་གཏན་འགོག་པར་བྱེད་པ་ཡིན་ཞེས་དོགས་པ་ལ། གཏན་
ཚིགས་ལྟར་སྣང་དེ་ལས་གཞན། །ཅེས་བྱ་བ་སྨོས་ཏེ། དེས་ན་གང་གི་ཕྱིར་གཏན་ཚིགས་རྣམ་པ་གསུམ་ལས་གཞན་པའི་གཏན་ཚིགས་ལྟར་སྣང་བ་ཡིན་པ་དེའི་ཕྱིར། དེ་ནི་རྣམ་གསུམ་ཉིད་ཅེས་དེ་ལྟར་དགོངས་སོ། །འདིར་ནི་གང་དང་གང་ངེས་པ་དེ་དང་དེ་ལས་བཟློག་པ་ལ་མི་མཐུན་པའི་
Vol. 189 · folio 185a
ཕྱོགས་ཀྱིས་ཁྱབ་པ་དེའི་ངེས་པ་གྲུབ་པ་ཡིན་ཏེ། དཔེར་ན་གང་ཡོད་པ་དེ་སྐད་ཅིག་མ་ཁོ་ནའོ་ཞེས་པས་ཡོད་པ་སྐད་ཅིག་མ་རྣམས་ལ་ངེས་པར་བརྗོད་པས་ཡོད་པ་ལས་བཟློག་པ་མེད་པས་སྐད་ཅིག་མའི་མི་མཐུན་པའི་ཕྱོགས་སྐད་ཅིག་མ་མ་ཡིན་པ་ལ་ཁྱབ་པ་གྲུབ་པ་དེ་བཞིན་དུ་
འདིར་ཡང་གཏན་ཚིགས་རྣམ་པ་གསུམ་དུ་ངེས་པས་གཏན་ཚིགས་ལས་བཟློག་པའི་གཏན་ཚིགས་ལྟར་སྣང་བ་ལ་གྲངས་གསུམ་ལས་ཕྱི་རོལ་དུ་གྱུར་པའི་དོན་གྱིས་ཁྱབ་པས་གྲངས་གསུམ་ཁོ་ནར་ངེས་པ་ཡིན་ནོ། །དེས་ན་གཏན་ཚིགས་རྣམ་པ་གསུམ་པོ་ལས་ཐ་དད་པའི་དོན་རྣམས་ཀྱིས་གཏན་
ཚིགས་ལྟར་སྣང་བ་བསྟན་ཏོ། །དེས་ན་རང་བཞིན་འགལ་བ་དམིགས་པ་དང་འབྲས་བུ་དང་རང་བཞིན་དང་མི་དམིགས་པ་ལས་ཐ་དད་པའི་དོན་རྣམས་ནི་གཏན་ཚིགས་མ་ཡིན་པར་ངེས་པའི་ཕྱིར་རོ། །གཏན་ཚིགས་དང་དེར་སྣང་བ་དག་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དེ་ཉིད་གཏན་
ཚིགས་སུ་རྟོག་པའི་དུས་ཁོ་ནར་འགལ་བར་རྟོགས་ཏེ། དེའི་བདག་ཉིད་དུ་དེ་ངེས་པར་སྣང་བའི་ཤེས་པ་ཉིད་དེ་ལས་བཟློག་པ་གཞན་པ་དེ་སྣང་བར་རྟོགས་པ་ནི་ཕན་ཚུན་གཅིག་ལ་གཅིག་མེད་པར་ངེས་པའི་ཕྱིར་རོ། །དེ་ལ་གཏན་ཚིགས་རྣམ་པ་གསུམ་ལས་བཟློག་པའི་དོན་རྣམས་ལ་གཏན་ཚིགས་ལྟར་
སྣང་བ་ཉེ་བར་དམིགས་པས་རང་ཉིད་དང་འགལ་བའི་གཏན་ཚིགས་གསལ་བ་དེ་ཡང་གཏན་ཚིགས་གསུམ་ལས་ཕྱི་རོལ་དུ་གྱུར་པའི་དོན་ནི་གཏན་མེད་པར་ཁས་མ་བླངས་སོ། །འོན་ཀྱང་དེ་རྣམས་ལ་གཏན་ཚིགས་དགག་པ་ནི་གཏན་ཚིགས་སུ་རྨོངས་པ་འབའ་ཞིག་གིས་གཞན་ལ་གྲགས་པ་དེ་ཉིད་དེ་ལ་སྒྲོ་
འདོགས་པའམ་ཐེ་ཚོམ་ཟ་བ་དེ་འགལ་བ་དམིགས་པས་བསལ་ཏོ། །གཏན་མེད་ན་ཇི་ལྟར་འགལ་བ་ཡིན་ཞེས་དེ་ཇི་སྟེ་བརྗོད། ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བ་མེད་ན་གང་གིས་ན་དེའི་རིགས་པས་ཐམས་ཅད་ལ་ཉེ་བར་བརྗོད་དམ། གང་དང་གང་འགོག་པ་དེ་དང་དེ་ལ་འགལ་བར་
རྟོགས་པ་མ་ཡིན་ན་གང་གིས་ཇི་ལྟར་མེད་པ་འགའ་ཞིག་དང་འགལ་བར་རྟོགས་ཞེས་རྩོད་པ་ཡིན་ཏེ། འདི་ན་གྲང་བའི་རེག་པ་མེད་དེ་མེ་ཡོད་དོ་ཞེས་བྱ་བ་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན་ལ་གྲང་བའི་རེག་པ་དང་མེ་འགལ་བར་མི་འབྱུང་ལ། ཇི་ལྟར་རྟོགས་པ་ཉིད་འདི་གཞན་ལ་འགལ་བར་རྟོགས་པའི་
Vol. 189 · folio 185b
མེས་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་འགོག་པ་དེ་བཞིན་དུ་གཏན་ཚིགས་ལྟར་སྣང་བ་ཉེ་བར་དམིགས་པས་གཏན་ཚིགས་རྣམ་པ་གསུམ་ལས་ཕྱི་རོལ་དུ་གྱུར་པའི་དོན་རྣམས་ལ་བཀག་པ་ཡིན་ན། ཐམས་ཅད་ལ་གཏན་མེད་པ་ཡང་མཚན་ཉིད་ཀྱི་འགལ་བར་རྟོགས་ཏེ། དཔེར་ན་སྐད་ཅིག་མ་བཞིན་
དུ་སྐད་ཅིག་མ་མ་ཡིན་པ་དེ་ནི་དངོས་པོ་འགའ་ཞིག་ལ་ཡང་མི་སྲིད་པའི་ཕྱིར་རོ། །དེ་བཞིན་དུ་ཡོད་པ་དང་མེད་པ་ཡང་ངོ་། །ནུས་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཡིན་པའི་ཕྱིར་བློ་གྲོས་ངན་པའི་འདོད་པ་དེ་རྣམས་ལ་ཤིན་ཏུ་གྲུབ་པས་ཆོག་གོ། །གཏན་ཚིགས་རྣམ་པ་གསུམ་ཁོ་ནར་ངེས་
པས་དེ་ལས་བཟློག་པ་ལ་དེའི་མི་མཐུན་པའི་ཕྱོགས་ཀྱིས་ཁྱབ་པར་གྱུར་པ་འདི་གནས་པ་ཡིན་ཏེ། །དེ་ལ་ངེས་པར་གྱུར་པ་ཡིན་ནོ་ཞེས་དགོས་པ་དང་ལྡན་པས་བཟློག་པ་ལ་ཁྱབ་པ་བསྟན་པའི་ཕྱིར་གཏན་ཚིགས་ལྟར་སྣང་དེ་ལས་གཞན་ཞེས་བྱ་བ་འདི་གསུངས་སོ། །དེ་ལྟར་གྱུར་ན་དེ་ནི་སྐད་ཅིག་མའི་
མི་མཐུན་པའི་ཕྱོགས་ལ་ཡོད་པ་ལས་བཟློག་པས་ཁྱབ་པ་ལ་གནོད་པར་བྱེད་པའི་ཚད་མས་ངེས་ཀྱི། །འདིར་ནི་གསུམ་གྱི་གྲངས་ལས་ཕྱི་རོལ་དུ་གྱུར་པའི་དོན་རྣམས་ལ་གཏན་ཚིགས་ལྟར་སྣང་བས་ཁྱབ་པ་ལ་ཚད་མས་གང་ཞིག་གིས་ངེས་ཤེ་ན། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་བྱ་བ་གསུངས་
སོ། །གཏན་ཚིགས་རྣམ་པ་གསུམ་ལས་ཐ་དད་པའི་རྟགས་ཁས་ལེན་པའམ། ཐེ་ཚོམ་ཟ་བ་ཉིད་ལ་དངོས་པོ་ལ་ཕྱོགས་ཀྱི་ཆོས་ཉིད་ཡོད་དུ་ཟིན་ཀྱང་མེད་ན་མི་འབྱུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡང་འཆད་པར་འགྱུར་ཏེ་དེ་ནི་གཏན་ཚིགས་རྣམ་པ་གསུམ་ལས་གཞན་ཡོད་པ་མ་ཡིན་ནོ་
ཞེས་ངེས་པར་བརྗོད་པའི་ཕྱིར་རོ། །མེད་ན་མི་འབྱུང་བ་མ་ཚང་ན་གཏན་ཚིགས་ལྟར་སྣང་བ་མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་ཆོས་མཚུངས་པས་ཁྱབ་པའི་གཞལ་བྱ་ཉིད་ལ་སོགས་པར་ངེས་པ་བཞིན་དུ་གཏན་ཚིགས་ལྟར་སྣང་བ་ནི་བསྒྲུབ་པར་བྱའོ། །མེད་ན་མི་འབྱུང་བ་མ་ཚང་ལས་ཞེས་བྱ་
བས་རང་བཞིན་གྱི་གཏན་ཚིགས་སོ། །མེད་ན་མི་འབྱུང་བ་མ་ཚང་བ་ཡང་གཏན་ཚིགས་རྣམ་པ་གསུམ་ལ་ཐ་དད་པ་ཡིན་པའི་ཕྱིར་དེ་ལས་གཞན་པའི་དོན་རྣམས་ཁྱབ་པར་བྱེད་པ་མི་དམིགས་པས་དེ་གྲུབ་པ་ཡིན་ཏེ། །དེ་ལྟར་དེའི་བདག་ཉིད་དང་དེ་ལས་བྱུང་བ་དག་གིས་མེད་ན་མི་འབྱུང་བ་ལ་ཁྱབ་བོ། །དེ་
Vol. 189 · folio 186a
དག་དེ་ལ་གདོན་མི་ཟ་བར་ཡོད་ལ་དེ་ཡང་དེ་དག་ཁོ་ན་ལ་ཡོད་དེ་དེའི་རང་བཞིན་མ་ཡིན་པ་དང་དེ་ལས་བྱུང་བ་མ་ཡིན་པ་ནི་དེ་ལ་རག་ལས་པ་མེད་པས་དེ་ལ་མི་འཁྲུལ་པར་ངེས་པ་མེད་པའི་ཕྱིར་རོ། །རྒྱུ་དང་འབྲས་བུའི་དངོས་པོའམ། །རང་བཞིན་ངེས་པར་བྱེད་པ་ལས། །མེད་ན་མི་འབྱུང་
ངེས་པ་སྟེ། །མ་མཐོང་ལས་མིན་མཐོང་ལས་མིན། །གཞན་དུ་གཞན་ནི་གཞན་དག་དང་། །ངེས་པར་ཡོད་པའི་ངེས་པ་གང་། །དོན་གཞན་རྒྱུ་མཚན་ཅན་གྱི་ཆོས། །ཡིན་ན་གོས་ལ་ཚོན་བཞིན་ནོ། །ཞེས་གསུངས་སོ། །གཟུགས་ལ་སོགས་པ་ཡང་རོ་ལ་སོགས་པ་མེད་ན་མི་འབྱུང་བ་རང་གི་ངོ་བོ་ནི་མ་ཡིན་
ལ་འོན་ཀྱང་རང་གི་རྒྱུ་ལ་མི་འཁྲུལ་བའི་སྒོ་ནས་དེའི་རྒྱུ་ལས་བྱུང་བ་ཁོ་ན་མེད་ན་མི་འགྱུར་བའི་རྒྱུ་མཚན་ཡིན་ནོ་ཞེས་བྱའི། གཞན་དུ་ན་དེའི་བདག་ཉིད་མ་ཡིན་པ་དང་། །དེ་ལ་རག་ལས་པའམ་རྒྱུ་ལ་རག་ལས་པ་དེ་མེད་ན་མི་འབྱུང་བར་བརྟགས་ན་ནི་ཐམས་ཅད་ཀྱིས་ཐམས་ཅད་ཀྱི་དོན་མེ་མེད་ན་མི་
འབྱུང་བར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་དོན་གཅིག་ཏུ་འདུ་བའི་རྒྱུ་མཚན་གཟུགས་དང་རོ་ལ་སོགས་པ་མེད་ན་མི་འབྱུང་བ་ཡིན་ནོ་ཞེ་ན། འོན་ཏེ་འདུ་བ་ཡང་བརྟེན་པ་དང་རྟེན་དུ་གྱུར་པར་ཉེ་བར་བརྗོད་དེ། དེ་ཡང་རྟེན་དང་བརྟེན་པའི་དངོས་པོའི་བདག་ཉིད་ཡིན་ན་ཕན་འདོགས་པ་མེད་
པར་ཧ་ཅང་ཐལ་བར་འགྱུར་བས་མི་འགྲུབ་པོ། །ཚོགས་པ་གཅིག་ལ་རག་ལས་པ་ཁོ་ན་ལ་དོན་གཅིག་ཏུ་འདུ་བ་ཡིན་ཏེ། ཇི་ལྟར་འདུ་བའམ་གཞན་པའི་འབྲེལ་པ་མི་སྲིད་པ་དེ་ལྟར་འབྲེལ་པ་བརྟག་པར་བསྟན་བཅོས་མཛད་པས་རྒྱས་པར་བསྟན་པས་དེ་ཉིད་དུ་ངེས་པར་བྱའོ། །གལ་ཏེ་དེས་དེ་རྒྱུའམ་
བསྐྱེད་པར་བྱ་བ་དང་། སྐྱེད་པར་བྱེད་པའི་དངོས་པོའམ་དེའི་བདག་ཉིད་དུ་ཟིན་ཀྱང་དེས་ན་མི་འབྱུང་བ་ལས་གཞན་མ་ཡིན་ནོ་ཞེས་འདིར་དངོས་པོའི་རང་བཞིན་གྱི་ལན་བརྗོད་དེ། གང་འདི་ལྟར་གྱུར་པ་ནི་ཁོ་བོ་འབའ་ཞིག་གིས་མ་ཡིན་གྱི་ཁྱོད་ཀྱིས་ཀྱང་མཐོང་ངོ་ཞེ་ན། དེ་ལྟ་ན་གློ་བུར་བ་དེ་དངོས་པོ་
རྣམས་ཀྱི་རང་བཞིན་ཡིན་ནོ་ཞེས་བྱ་བར་འགའ་ཞིག་མི་འགྱུར་བ་མ་ཡིན་ན། གཏན་ཚིགས་ཡུལ་དང་དུས་དང་རྫས་ངེས་པར་མི་རུང་ངོ་། །དེ་ཅུང་ཟད་གཅིག་ལ་ལར་འཇིག་པའམ་མ་ཡིན་པ་དང་གང་གང་ལ་ཅུང་ཟད་ཅིག་རག་ལས་པའམ་རག་ལས་པ་མེད་པ་དེ་ལྟ་མ་ཡིན་ན་ཁྱད་པར་མེད་པའི་ཕྱིར་
Vol. 189 · folio 186b
འདོད་པའི་ཡུལ་དང་དུས་རྫས་བཞིན་དུ་ཡུལ་ལ་སོགས་པ་གཞན་ན་ཡོད་པ་ལ་གང་གིས་ན་བསལ་བར་ནུས། དེའི་ཕྱིར་གང་གང་ཞིག་ལས་མེད་ཀྱང་འབྱུང་བར་མཐོང་བ་དེ་དང་དེ་ནི་འཁྲུལ་བའི་རྒྱུ་ཡིན་པ་དེ་ཁོ་ན་ཉིད་སེམས་པས་འདི་བརྗོད་ཀྱི། རྐང་པ་བརྐྱང་བའི་དམིགས་པ་ནི་མ་ཡིན་ནོ། །དེ་ཡང་མི་འཁྲུལ་
པའི་རྒྱུ་ཇི་ལྟར་བཤད་པ་ལས་གཞན་དུ་རྗེས་སུ་སྦྱོར་ན་ནི་དེ་མ་ཚང་བས་གཏན་ཚིགས་ཀྱི་མཚན་ཉིད་ལ་བརྟེན་པ་མ་ཡིན་ནོ་སྙམ་ནས། དེ་སྐད་དུ་ཡང་། ལྡན་པ་ལ་སོགས་གང་རྣམས་ལ། །འབྲེལ་པ་དེ་འདྲ་ཡོད་མིན་ན། །དེ་ནི་གཏན་ཚིགས་མིན་ཞེས་བཤད། །འཁྲུལ་པ་སྲིད་པ་ཉིད་ཀྱི་ཕྱིར། །ཞེས་
གསུངས་སོ། །འདིར་སྦྱོར་བ་ནི་གང་དང་གང་དེའི་བདག་ཉིད་དང་དེ་ལས་བྱུང་བ་མེད་པ་དེ་དང་དེ་ནི་མེད་ན་མི་འབྱུང་བ་མ་ཡིན་ཏེ། དཔེར་ན་གཞལ་བྱ་ལ་སོགས་པས་མི་རྟག་པ་བཞིན་ནོ། །རང་བཞིན་དང་འབྲས་བུ་དང་མི་དམིགས་པ་ལས་ཐ་དད་པའི་དོན་དེ་རྣམས་ཀྱང་འགའ་ཞིག་ཏུ་དེའི་བདག་ཉིད་དང་དེ་
ལས་བྱུང་བ་མེད་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །རང་བཞིན་མི་དམིགས་པ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ནང་དུ་འདུས་པའི་ཕྱིར་འདི་ནི་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་ཁོ་ནའོ། །ཁྱབ་པར་བྱེད་པ་དང་། རྒྱུ་མི་དམིགས་པ་ཡང་དེའི་བདག་ཉིད་དང་དེ་ལས་བྱུང་བའི་
མཚན་ཉིད་ཀྱི་འབྲེལ་པ་ཁོ་ནས་ཁྱབ་པར་བྱ་བ་དང་འབྲས་བུ་ལྡོག་པ་སྒྲུབ་པར་བྱེད་དོ། །དེ་སྐད་དུ་ཡང་། དེའི་ཕྱིར་དེ་ཙམ་དང་འབྲེལ་པ། །ངོ་བོ་ཉིད་ཀྱིས་ངོ་བོ་ཉིད། །ལྡོག་པར་འགྱུར་བའམ་རྒྱུ་ཡིས་ནི། །འབྲས་བུ་འཁྲུལ་པ་མེད་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་དེས་གཏན་ཚིགས་ཀྱི་
མཚན་ཉིད་དང་གྲངས་ངེས་པ་དང་། དེའི་འཐད་པ་ཞེས་བྱ་བ་དོན་རྣམ་པ་གསུམ་ཚིགས་སུ་བཅད་པ་འདིར་རྒྱས་པར་བཤད་དོ། །ཡང་ན་རྣམ་གསུམ་ཉིད་ཅེས་བྱ་བ་ནི་ཕྱོགས་ཀྱི་ཆོས་དེ་རྣམ་པ་གསུམ་སྟེ། རང་བཞིན་དང་། འབྲས་བུ་དང་མི་དམིགས་པར་བཤད་པ་ནི་དེའི་ཆས་ཁྱབ་པ་ལས་
གཞན་མ་ཡིན་ཏེ། དེ་ཡང་དེའི་ཆས་ཁྱབ་པ་རྣམ་པ་གསུམ་ཡིན་ནོ་ཞེས་བྱ་བར་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། མེད་ན་མི་འབྱུང་བར་ངེས་པའི་ཕྱིར་རོ། །མེད་ན་མི་འབྱུང་བ་ལ་ཁྱབ་པའི་ཕྱོགས་ཀྱི་ཆོས་རྣམ་པ་གསུམ་ཁོ་ན་དང་། ཕྱོགས་ཀྱི་ཆོས་ངེས་པ་རྣམ་པ་གསུམ་སྟེ། མེད་ན་མི་འབྱུང་བར་
Vol. 189 · folio 187a
ངེས་པའི་ཕྱོགས་ཀྱི་ཆོས་ངེས་པར་རང་བཞིན་དང་འབྲས་བུ་དང་མི་དམིགས་པའི་བདག་ཉིད་ཕྱོགས་ཀྱི་ཆོས་ཐ་དད་པ་རྣམ་པ་གསུམ་མོ། །དེའི་ཆས་ཁྱབ་པ་མ་ཡིན་པ་ནི་གཏན་ཚིགས་མ་ཡིན་ཏེ་འབྲས་བུ་དང་། རང་བཞིན་དང་མི་དམིགས་པའི་བདག་ཉིད་རྣམ་པ་གསུམ་
ལ་ཕྱོགས་ཆོས་དེའི་ཆས་ཁྱབ་པ་ཁོ་ན་ཡིན་པའི་ཕྱིར་དེ་ནི་གཏན་ཚིགས་མེད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེའི་ཕྱིར་གཏན་ཚིགས་རྣམ་པ་གསུམ་ལས་ཕྱི་རོལ་དུ་གྱུར་པ་ལ་མེད་ན་མི་འབྱུང་བ་མེད་པའི་ཕྱིར་གཏན་ཚིགས་ཀྱི་ཐ་སྙད་དུ་བྱེད་པ་གཏན་ཚིགས་རྣམ་པ་གསུམ་ལ་མེད་ན་མི་འབྱུང་
བ་གདོན་མི་ཟ་བར་ཡོད་པས་དེ་གཏན་ཚིགས་མ་ཡིན་པར་བརྗོད་པ་བསལ་བ་ཡིན་ནོ། །དེ་ལྟ་ན་ཡང་དེ་ནི་གཏན་ཚིགས་ལྟར་སྣང་བ་ཡང་མཚན་ཉིད་འདི་བརྗོད་ན། དེ་ལ་སློབ་མ་རྣམས་གཏན་ཚིགས་ཀྱི་ཐ་སྙད་ལྡོག་པར་འགྱུར་རོ་སྙམ་ནས། གཏན་ཚིགས་ལྟར་སྣང་དེ་ལས་གཞན། ཞེས་
བྱ་བ་སྨོས་སོ། །དེ་བས་ན་ཕྱོགས་ཆོས་དེའི་ཆས་ཁྱབ་པ་ནི་ཞེས་བྱ་བ་གཏན་ཚིགས་ཀྱི་མཚན་ཉིད་ལས་གཞན་པ་དེ་དག་ནི་མཚན་ཉིད་མ་ཚང་བའོ། །གཏན་ཚིགས་ལྟར་སྣང་བ་གོ་བར་འགྱུར་རོ་སྙམ་ནས་དེའི་མཚན་ཉིད་མ་བརྗོད་དོ། །འདི་ལྟར་ཕྱོགས་ཆོས་ཞེས་བརྗོད་པས་གང་ལ་ཕྱོགས་ཆོས་
མེད་དེ་གཏན་ཚིགས་མ་ཡིན་ནོ། །དེའི་ཆས་ཁྱབ་པ་ཞེས་བྱ་བ་བརྗོད་པས་གང་ལ་དེའི་ཆས་ཁྱབ་པ་དང་བྲལ་བའི་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་ཕྱིན་ཅི་ལོག་པའོ། །དེ་ལ་ཡོད་པ་དང་མེད་པ་དེའི་གཏན་ཚིགས་ཀྱི་ཚུལ་མ་ཚང་བ་ནི་མ་གྲུབ་པའམ་འགལ་བའམ་མ་ངེས་པའི་གཏན་ཚིགས་ལྟར་
སྣང་བར་གོ་བར་བྱའོ། །འདི་ལྟར་མཚན་ཉིད་གང་གི་དོན་གང་ཡིན་སློབ་མ་ལ་བསྟན་པས་དེའི་མཚན་ཉིད་དང་བྲལ་བ་ལ་དེའི་ཐ་དད་རྣམ་ལ་རང་ཉིད་འཇུག་པར་མི་འགྱུར་རོ། །དེ་མ་ཡིན་པའི་ངོ་བོ་ཡོངས་སུ་སྤངས་ནས་དེའི་ངོ་བོ་རྟོགས་པའི་ཕྱིར་དེ་ནི་འབད་པ་མེད་པའི་འབྲས་བུ་དང་ལྡན་པ་ཡིན་ནོ། །
གཞན་དུ་གཏན་ཚིགས་ལྟར་སྣང་བ་བསྟན་པ་གང་ཡིན་པ་དེ་བློ་དམན་པའི་དབང་དུ་བྱས་པའོ། །རབ་ཏུ་བྱེད་པ་འདི་ནི་བློ་རྒྱ་ཆེ་བ་རྣམས་ལ་བསྟན་ན་མཛེས་ཏེ་མདོར་བསྡུས་ནས་བརྗོད་པའི་ཕྱིར་རོ། །དེ་ཉིད་ནི་མདོར་བསྡུས་ནས་ཇི་ལྟ་བར་བཤད་པ་བཞིན་དུ་རྟོགས་པར་ནུས་པས་བློ་དམན་པ་དག་ནི་
Vol. 189 · folio 187b
མ་ཡིན་ཏེ། དེ་དག་ནི་རྒྱས་པར་བརྗོད་པ་ལས་གཞན་པ་ཇི་ལྟ་བ་བཞིན་དུ་དོན་རྟོགས་པ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ན་དོན་གྱིས་འཕངས་པའི་ཉེ་བར་བཀོད་པ་སྔ་མ་ཁོ་ན་བཞིན་དུ་གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་དང་དེ་ལ་ཉེ་བར་བརྗོད་དོ། །དེ་ནི་འདིར་གཏན་ཚིགས་ཀྱི་མཚན་ཉིད་དང་
གྲངས་ངེས་པ་དང་དེ་ནི་གཏན་ཚིགས་རྣམ་པ་གསུམ་དུ་ངེས་པས་བཟུང་བར་བཤད་དོ། །དེ་ནི་གཉི་གའི་རྒྱུ་ཡིན་པའི་ཕྱིར་གཉི་ག་དང་འབྲེལ་བར་བཤད་པ་དང་གཏན་ཚིགས་ལྟར་སྣང་བའི་མཚན་ཉིད་ཤུགས་ཀྱིས་བཤད་པས། རྗོད་པར་བྱེད་པའི་རྒྱུ་མཚན་མ་ཡིན་ནོ་སྙམ་ནས་ཚིགས་སུ་བཅད་པའི་
དོན་རྣམ་པ་དྲུག་ཏུ་རྒྱས་པར་བཤད་དོ། །གཞན་ཡང་འདི་དག་ཀྱང་ལེགས་པར་མཐོང་སྟེ། རྣམ་གསུམ་ཉིད་ཅེས་བྱ་བ་ནི། རང་བཞིན་དང་། འབྲས་བུ་དང་། མི་དམིགས་པ་ཐ་དད་པས་གཏན་ཚིགས་དེ་ནི་ཐ་དད་པའོ། །དེ་བཞིན་དུ་རྣམ་གསུམ་ཉིད་ནི་ཕྱོགས་ཀྱི་ཆོས་དང་རྗེས་སུ་འགྲོ་བ་
དང་ལྡོག་པའི་ངོ་བོ་ཐ་དད་པ་རྣམ་པ་གསུམ་ནི་ཚུལ་གསུམ་ཁོ་ནའོ། །དེའི་ཆས་ཁྱབ་ཅེས་བརྗོད་པས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་བརྗོད་དོ། །གནོད་པ་མེད་པའི་ཡུལ་ཅན་ལ་སོགས་པའི་ཚུལ་གཞན་རུང་བ་ཡིན་དུ་ཟིན་ཀྱང་དེ་ནི་གཏན་ཚིགས་མ་ཡིན་ནོ། །གང་ལས་ཤེ་ན། གང་གི་ཕྱིར་
གཏན་ཚིགས་ལྟར་སྣང་བ་རང་བཞིན་ལ་སོགས་པ་རྣམ་པ་གསུམ་པོ་དེ་ལས་སམ་ཕྱོགས་ཀྱི་ཆོས་ལ་སོགས་པ་ཚུལ་གསུམ་པོ་དང་འབྲེལ་པ་ལས་གཞན་ནི་ཡང་དག་པར་ལྡན་པ་ལ་སོགས་པ་གཞན་དང་གནོད་པ་མེད་པའི་ཡུལ་ཅན་ལ་སོགས་པ་ལས་ཐ་དད་པའི་ཚུལ་དང་ལྡན་པ་ཁོ་ནའོ། །ཅིའི་ཕྱིར་
ཞེ་ན། མེད་ན་མི་འབྱུང་བ་རྣམ་པ་གསུམ་ཡིན། རྣམ་པ་གསུམ་ཁོ་ན་དང་ཚུལ་གསུམ་པོ་ཁོ་ནའི་གཏན་ཚིགས་ངེས་པ་གཞན་ལ་རང་བཞིན་ལ་སོགས་པ་ལས་ཐ་དད་པ་དང་ཚུལ་གཞན་ལ་རུང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་ལ་སོགས་པ་ལས་ཐ་དད་པའི་འབྲེལ་པའི་རྒྱུ་མཚན་མེད་ན་མི་
འབྱུང་བ་མི་སྲིད་པ་དེ་བཞིན་དུ་ཚུལ་གཞན་ཡང་མེད་དོ། །ཇི་ལྟར་མེད་ན་མི་འབྱུང་བའི་ཚུལ་གཞན་ཡང་སྲིད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་དེ་ལྟར་མཚན་ཉིད་རྣམ་པ་དྲུག་ལ་སོགས་པའི་སྐབས་སུ་ཕྱོགས་ཀྱི་ཆོས་ཞེས་བྱ་བ་འདིར་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་དབང་དུ་བྱས་པའོ། །གལ་ཏེ་ཕྱོགས་
Vol. 189 · folio 188a
སྤྱི་ཡིན་པར་ཉེ་བར་བཟུང་ན་ནི་གང་རྗེས་སུ་དཔག་པའི་ཡུལ་ཐམས་ཅད་ལ་གཏན་ཚིགས་མ་གྲུབ་པར་འགྱུར་བའམ། གྲུབ་ན་ནི་རྗེས་སུ་དཔག་པ་དོན་མེད་པ་ཡིན་ནོ་ཞེ་ན། ཕྱོགས་ནི་ཆོས་ཅན་ནོ་ཞེས་བྱ་བ་སྨོས་སོ། །གལ་ཏེ་སྤྱིའི་ཚིག་ཡིན་ན་ཇི་ལྟར་ཕྱོགས་ཀྱི་སྒྲ་ཆོས་ཙམ་ལ་
འཇུག་པ་ཡིན་ཞེ་ན། ཡན་ལག་ལ་སྤྱིར་ཉེ་བར་བཏགས་པའི་ཕྱིར་རོ། །ཕྱོགས་ཀྱི་སྒྲ་ནི་ཆོས་དང་། ཆོས་ཅན་ཡན་ལག་གཉི་གའི་སྤྱི་ཡིན་ཏེ་དེ་ནི་འདིར་ཆོས་ཅན་ཙམ་ལ་སྤྱིར་ཉེ་བར་བཏགས་ནས་ཕྱོགས་ཀྱི་སྒྲ་འཇུག་པའི་ཕྱིར་རོ། །དེའི་ཕྱོགས་གཅིག་ཏུ་གྱུར་པའི་རྒྱུ་མཚན་གྱིས་སྤྱིར་ཉེ་
བར་བཏགས་པའི་ཕྱིར། བསྒྲུབ་པར་བྱ་བའི་ཆོས་ཅན་ལས་གཞན་པ་དེ་ཐལ་བར་མི་འགྱུར་རོ། །དེ་སྐད་དུ། སྤྱི་དོན་བསྒྲུབ་བྱ་ཉིད་ཡིན་པས། །ཆོས་ཙམ་ཡང་ན་ཆོས་ཅན་ལ། །གཙོ་བོ་མིན་ཡང་ཉེ་བར་བཏགས། །བསྒྲུབ་བྱའི་ཕྱོགས་གཅིག་ཡིན་ཕྱིར་རོ། །ཞེས་གསུངས་ཏེ།
དེ་འདིར་སློབ་དཔོན་གྱིས་བཤད་པ་ལ། དབང་ཕྱུག་སྡེ་སྤོང་བའི་ལན་བཏབ་པར་འདོད་པས་ཕྱོགས་སྔ་མ་ནི། གལ་ཏེ་དགོས་པ་མེད་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོས་པ་མེད་ན་དངོས་ཀྱི་སྒྲའི་དོན་ཁྱད་དུ་གསད་པར་མི་འདོད་པའི་ཕྱིར་དགོས་པ་མེད་པས་ཉེ་བར་གདགས་པར་མི་
རིགས་སོ། །དེའི་ཕྱིར་ཆོས་ཅན་གྱི་ཆོས་ཡིན་པ་བླའོ་སྙམ་དུ་གཞན་སེམས་ན། དགོས་པ་མེད་པ་མ་ཡིན་ཏེ། གང་ལས་ཤེ་ན་ཐམས་ཅད་ནི་རྩོད་པའི་གཞི་འམ་གཞན་པའི་ཆོས་ཅན་ནོ། །དེའི་ཆོས་དེ་དགག་པའི་དོན་དུ་ཉེ་བར་བཏགས་པའི་དགོས་པ་དེ་ཡང་ཡོད་པ་དེའི་ཕྱིར་ཉེ་བར་བཏགས་པ་ནི་
ཆོས་ཅན་ཐམས་ཅད་ཀྱི་ཆོས་དགག་པའི་ཕྱིར་ཞེས་བྱ་བ་དགོས་པ་མེད་པ་མ་ཡིན་པས་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཡོན་ཏན་ཅི་ཞིག་ཏུ་འགྱུར་ཞེ་ན། དེ་ལྟ་ན་མིག་གིས་གཟུང་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྭའི་ནག་པོ་ཞེས་བྱ་བ་ལ་
སོགས་པ་སྨོས་པ་ནི་གཞི་ཐ་དད་པས་མ་གྲུབ་པ་ཡིན། ཡོངས་སུ་སྤངས་པ་ནི་གཏན་ཚིགས་ཀྱིས་བསལ་བ་ཡིན་ནོ། །ཆོས་ཅན་གྱི་ཆོས་ཞེས་ཐུང་མོང་དུ་བརྗོད་པ་དེ་དག་གིས་ཀྱང་དེ་གཏན་ཚིགས་སུ་འགྱུར་བས་ཆོས་ཅན་སྨོས་པས་ཀྱང་དེ་གྲུབ་པས་ཉེ་བར་བཏགས་སུ་མེད་དོ། །དེའི་ཕྱིར་ཉེ་བར་
Vol. 189 · folio 188b
བཏགས་པ་ཁོ་ན་དོན་མེད་དོ་སྙམ་ནས་གཞན་གྱིས། ཆོས་བརྗོད་པས་ཀྱང་ཞེས་བྱ་བ་སྨོས་ཏེ། ཆོས་ཅན་འབའ་ཞིག་བརྗོད་པ་ནི་མ་ཡིན་ཏེ། ཆོས་ཅན་ཡིན་པར་གཞི་ལྟ་གྲུབ་སྟེ་གཞི་ཆོས་ཅན་ཡིན་པས་གཞི་སྨོས་པ་དེ་གྲུབ་པས་དེ་ལས་ཡིན་ནོ། །གལ་ཏེ་ཡང་ཆོས་ནི་ཆོས་གཞན་ལ་བརྟེན་པའི་
རྒྱུ་མཚན་ཅི་ཞིག་ཡིན་ཅེ་ན། ཆོས་ནི་གཞན་ལ་བརྟེན་པ་ཡིན་པས་ཞེས་བྱ་བ་སྨོས་ཏེ། གཞན་གྱི་དབང་ཡིན་པའི་ཕྱིར་གདོན་མི་ཟ་བར་འདིས་ཆོས་ཅན་འཕངས་པ་ཡིན་ནོ། །དེའི་ཕྱིར་ཆོས་ཅན་ལྷག་པར་བརྗོད་པས་བསྒྲུབ་པར་བྱ་བའི་ཆོས་ཅན་ཁོ་ན་བྱེ་བྲག་ཏུ་བསྟན་པས་གང་ཡང་རུང་བ་ནི་མ་ཡིན་
ནོ། །ཆོས་ཅན་སྨོས་པས་མངོན་པར་འདོད་པའི་ཁྱད་པར་ཅན་གྱི་ཆོས་ཅན་འབའ་ཞིག་རྟོགས་པ་དེ་ཡང་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་ནོ་སྙམ་དུ་འདོད་པས་ག་ལས་ཤེ་ན། ཉེ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་གྲགས་པ་སྨོས་ཏེ། ཉེ་བ་ཡང་ཆོས་ཅན་བརྗོད་པས་མངོན་པར་འདོད་པ་ཁོ་ནར་རིག་
པར་བྱའོ། །ཆོས་ཅན་བརྗོད་པ་ཡང་ཆོས་ཅན་ཙམ་འཕངས་པ་ཁྱབ་པའི་རིགས་པ་ཡིན་ན་ནི། ཆོས་ཅན་བརྗོད་པ་དོན་མེད་པའི་ཕྱིར་རོ། །ཉེ་བར་གྱུར་པ་འདི་བསྒྲུབ་པར་བྱ་བའི་ཆོས་ཅན་ཡིན་ཏེ། དེ་ལ་ཐོག་མར་གཏན་ཚིགས་བསྟན་པའི་ཕྱིར་རོ། །གལ་ཏེ་བསྒྲུབ་པར་བྱ་བའི་ཆོས་ཅན་
ཉེ་བར་བརྗོད་པ་མ་ཡིན་ནོ། །ག་ལས་ཤེ་ན། དཔེའི་ཆོས་ཅན་ཡང་ཡིན་ཏེ་བསྒྲུབ་པར་བྱ་བའི་ཆོས་ཅན་འབའ་ཞིག་ཉེ་བ་མ་ཡིན་ཏེ། རེས་འགའ་ཁྱབ་པ་བསྟན་པ་སྔོན་དུ་འགྲོ་བའི་གཏན་ཚིགས་ཀྱི་སྦྱོར་བ་ལ་དཔེའི་ཆོས་ཅན་ལ་ཡང་ཐོག་མར་གཏན་ཚིགས་ཡོད་པར་སྟོན་པའི་ཕྱིར་རོ། །
གལ་ཏེ་ཉེ་བར་བསྒྲུབ་པར་བྱ་བའི་ཆོས་ཅན་དུ་མ་གྲུབ་པ་དེ་ལྟར་ཡོངས་སུ་ལྷག་པ་ལས་ཡིན་ཏེ། གང་གི་ཕྱིར་གཏན་ཚིགས་དེའི་ཆས་ཁྱབ་པ་ནི་དཔེའི་ཆོས་ཅན་ལ་ཡོད་པར་གྲུབ་པས་དཔེ་མེད་ན་གཏན་ཚིགས་དང་བསྒྲུབ་པར་བྱ་བའི་ཁྱབ་པ་བསྟན་པར་མི་ནུས་སོ་སྙམ་དུ་བསམས་ནས། ཆོས་
ཅན་ལྷག་པར་སྨོས་པ་དེས་ན་བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་གཟུང་ངོ་། །དེའི་ཆས་ཁྱབ་པ་ཞེས་བྱ་བས་ཀྱང་དེའི་སྒྲ་ནི་ཆོས་བརྗོད་པ་ལ་ལྟོས་ནས་ཆོས་ཅན་དང་འབྲེལ་པའི་ཕྱིར་དེའི་འབྲེལ་པའི་དོན་ཀྱང་ཆོས་ཅན་སྨོས་པར་དགོས་པར་མི་བྱའོ། །གང་ལ་དགོས་པ་མེད་ན་མི་འབྱུང་བ་
Vol. 189 · folio 189a
དེ་ནི་ཡོངས་སུ་ལྷག་པའི་ཡུལ་ཡིན་ཏེ། ཆོས་ཅན་བརྗོད་པ་དང་དགོས་པ་གཞན་དང་འབྲེལ་པ་ཡིན་ན་ནི། དེ་ཡོངས་སུ་ལྷག་པ་ག་ལ་ཡིན་ཆོས་ཅན་བརྗོད་པས་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་བཟུང་ངོ་སྙམ་དུ་སེམས་ན་གྲུབ་པའི་མཐའ་སྨྲ་བས། གྲུབ་ཀྱང་
ཞེས་བྱ་བ་སྨོས་ཏེ། དེའི་ཆས་ཁྱབ་པ་དཔེའི་ཆོས་ཅན་ལ་ཡོད་པ་ལ་ཡང་ཆོས་ཅན་བརྗོད་པས་དཔེའི་ཆོས་ཅན་ཁོ་ནའི་ཆོས་གང་ཡིན་པ་དེ་གཏན་ཚིགས་ཡིན་ནོ་ཞེས་བསྣན་པའི་དོན་དུ་དོགས་པ་དེས་ན་མིག་གིས་བཟུང་བ་ལ་སོགས་པ་ཁོ་ན་ཡང་གཏན་ཚིགས་སུ་འགྱུར་གྱི་བྱས་པ་ལ་སོགས་
པ་མ་ཡིན་པས་མི་འདོད་པ་ཉིད་དུ་འགྱུར་བ་དེའི་ཕྱིར་ཉེ་བར་བཏགས་པར་བྱས་སོ། །ཅི་རྟོག་གེའི་བསྟན་བཅོས་ལ་བསྣན་པའི་ཕྱིར་བརྗོད་པ་མཐོང་ངམ་ཞེ་ན། མཐུན་པ་ལ་ཡོད་པ་ཁོ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གང་མཐུན་པ་ལ་ཡོད་པ་ཞེས་བྱ་བ་འདིར་གཏན་ཚིགས་ཀྱི་མཚན་
ཉིད་དེ། རིགས་མཐུན་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བ་ངེས་པར་གཟུང་བས་གཏན་ཚིགས་ཀྱི་ལྡོག་པ་གྲུབ་མོད། གང་ལ་ཞེ་ན། བསྒྲུབ་པར་བྱ་བ་མེད་པའོ། །གང་འདི་མེད་པ་དེ་ནི་འདི་ཡིན་ནོ་ཞེས་བྱ་བས་མེད་པ་མེད་པར་སྨོས་པ་ནི་བསྣན་པའི་དོན་དུ་སློབ་དཔོན་གྱིས། མེད་པ་ལ་མེད་པ་ཞེས་བྱ་
བ་བཤད་པས་ཇི་ལྟ་བ་མེད་པ་ནི་གཞན་པ་དང་འགལ་བ་ལ་མ་ཡིན་པ་བཞིན་དུ། དེ་ལྟ་ན་འདིར་ཡང་ཆོས་ཅན་གྱི་ཆོས་ཞེས་བརྗོད་པས་བསྣན་པའི་དོན་དུ་དོགས་པར་འགྱུར་རོ། །གང་གི་ཚེ་ཞེ་ན། དཔེའི་ཆོས་ཅན་ལ་ཡོད་པར་གྲུབ་ཀྱང་ངོ་། །ག་ལས་ཤེ་ན། དེའི་ཆས་ཁྱབ་པ་ཞེས་སྨོས་
པས་སོ། །གང་ལ་ཞེ་ན། ཡོད་པ་བསྣན་པའི་དོན་ཡིན་པས་སོ། །དེ་ཉིད་ལ་དཔེའི་ཆོས་ཅན་ལ་ཡོད་པར་དོགས་པ་སྲིད་དོ། །གང་ལས་ཤེ་ན། ཡོངས་སུ་ལྷག་པས་བསྒྲུབ་པར་བྱ་བའི་ཆོས་ཅན་ཡོངས་སུ་བཟུང་བ་ནའོ། །འོ་ན་ནི་ཕྱོགས་ཀྱི་ཆོས་མེད་ན་གཏན་ཚིགས་མེད་པའི་ཕྱིར་
བསྣན་པའི་དོན་དུ་དོགས་པར་མི་བྱ་སྟེ། དེ་ལྟ་ན་བསྒྲུབ་པར་བྱ་བའི་ཆོས་ཅན་གྱིས་ཁྱབ་པའི་ཆོས་ཀྱང་གལ་ཏེ་ཆོས་ཅན་ཁ་ཅིག་ལ་ཉེ་བར་དམིགས་པ་དེ་དང་དེ་ཉིད་ལ་རང་གི་ཁྱབ་པར་བྱེད་པ་ལ་རྟོག་པ་སྐྱེའི་གཞན་དུ་ན་ཉེ་བ་དང་། རིང་བའི་རིམ་པ་བལྟ་བར་མི་འགྱུར་རོ། །ཆོས་ཅན་ཁ་ཅིག་ལ་མི་
Vol. 189 · folio 189b
དམིགས་ན་ཇི་ལྟར་གོ་བར་བྱེད་པ་ཡིན་དེ་ལྟར་ཡིན་ན་ཡང་ཐམས་ཅད་དུ་རང་གི་ཁྱབ་པར་བྱེད་པ་རྟོགས་པར་འགྱུར་ཏེ། ཉེ་བ་དང་རིང་བ་མེད་པའི་ཕྱིར་རོ་ཞེ་ན། དེས་ན་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་དེ་མ་ཐག་ཏུ་ཤུགས་ཀྱིས་ཉེ་བར་བརྗོད་པ་དེའི་ཕྱིར་ཤུགས་
ཀྱི་དོན་ནི་བསྒྲུབ་པར་བྱ་བའི་ཆོས་ཅན་གྱི་མཚན་ཉིད་ཡོངས་སུ་བཟུང་བ་ཉན་པ་པོ་བློ་རྣོན་པོས་རྟོགས་པར་འགྱུར་ཏེ། འོན་ཀྱང་སྒྲ་མེད་པའི་དོན་ལ་རང་ཉིད་རྗེས་སུ་ཞུགས་ནས་རྟོགས་པར་དཀའ་བར་འགྱུར་བ་དང་། དེ་ལ་ཉེ་བར་བཏགས་པ་ཙམ་གྱིས་རང་ཉིད་སྒྲ་མེད་པའི་དོན་ལ་རྟོག་
པ་ན། ཆོས་ཅན་གྱི་ཆོས་ཞེས་བྱ་བ་འདི་དང་ཕྱོགས་ཆོས་ཞེས་བྱ་བ་ཡི་གེ་མཉམ་པ་དང་རྟོགས་པར་དཀའ་བ་ཡང་ཡོངས་སུ་སྤངས་པ་ཡིན་ནོ་ཞེས་བྱ་བའོ། །འདིར་ཡང་གི་སྒྲ་ནི་གང་གཞན་གྱིས་བསྟན་པ་ལ་རེ་བ་དང་བཅས་པ་དེས་ན་དོན་འདིའི་མཚན་ཉིད་བརྗོད་པས་རྟོགས་པར་མི་
འགྱུར་རོ་ཞེས་བྱ་བའོ། །ཇི་ལྟར་མཚན་ཉིད་རྟོགས་པའི་ཕྱོགས་ཀྱི་ཆོས་མེད་པས་གཏན་ཚིགས་མེད་ན་དོགས་པ་འདི་གང་ལས་ཡིན་སྙམ་པས་དེའི་ཕྱིར་དེ་དག་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་རྣམས་ལ་བསྣན་པའི་དོན་དུ་དགོས་པ་ཡོངས་སུ་སྤང་པའི་ཕྱིར་ཡང་ཉེ་བར་བཏགས་པ་བྱས་སོ། །
འདིར་སྒྲའི་སྦྱོར་བ་ལ་གདོན་མི་ཟ་བར་རྣམ་པར་གཅོད་པའི་འབྲས་བུ་ཅན་ཉིད་དུ་ངེས་པར་གཟུང་བར་བྱ་སྟེ། ཕྱོགས་ཀྱི་ཆོས་ཞེས་བྱ་བ་འདིར་དྲུག་པའི་བསྡུ་བ་ཡིན་གྱི། གཞན་གྱི་བསྡུ་བ་ནི་སྲིད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་ཕྱོགས་ཀྱི་ཆོས་ཞེས་བྱ་བ་ཁོ་ནར་ངེས་པ་བཟུང་བས་དེའི་ཆས་ཁྱབ་པ་
དང་འགལ་བ་ཡིན་ནོ་ཞེས་འགལ་བའི་མཚན་ཉིད་བརྗོད་པ་ན། གལ་ཏེ་ཕྱོགས་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་ཀྱི་ཁྱད་པར་གཞན་རྣམ་པར་གཅོད་པ་ལ་ལྟོས་པའི་ཕྱིར། དེའི་ཁྱད་པར་ལ་ལྟོས་པའི་ཆོས་ནི་གཞན་ལ་ཕྱོགས་སུ་བྱས་པ་དང་གཞན་གྱི་ཚེའི་མཐུན་པའི་ཕྱོགས་ལ་རྗེས་
སུ་མི་འཇུག་གོ། །དེ་ལྟར་ན་ཕྱོགས་ཀྱིས་ཁྱད་པར་དུ་བྱ་བ་ནི་མཐུན་པའི་ཕྱོགས་ཁོ་ན་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ། དཔེར་ན་ལྷ་སྦྱིན་གྱི་བུ་གང་ཡིན་པ་དེ་ཁོ་ནའི་ཡིན་གྱི། མཆོད་སྦྱིན་གྱི་མ་ཡིན་པ་བཞིན་དུ་དེས་ན་གཞན་ལ་མི་འཇུག་པས་ཐུན་མོང་མ་ཡིན་པ་ཉིད་དུ་ཐུན་མོང་པ་ནི་མ་ཡིན་པས་དེའི་
Vol. 189 · folio 190a
ཆས་ཁྱབ་པ་དང་འགལ་ལོ་ཞེས་བྱ་བའི་དོན་ཏོ། །དེའི་ཆས་ཁྱབ་པ་ནི་བསྟན་པའི་ཕྱིར་ཐུན་མོང་བ་ཡིན་པ་དེས་ནི་ཕྱོགས་ཀྱི་ཆོས་ནི་དེའི་ཆས་ཁྱབ་པ་མ་ཡིན་ལ། ཡང་ན་དེའི་ཆས་ཁྱབ་པ་ནི་ཕྱོགས་ཀྱི་ཆོས་མ་ཡིན་པས་འགལ་བའི་མཚན་ཉིད་ཡིན་ནོ་ཞེས་བྱའོ། །འོན་ཀྱང་དེའི་ཆས་
ཁྱབ་པ་ནི་བསྒྲུབ་པར་བྱ་བའི་ཆོས་ཁྱབ་པར་བྱེད་པ་དེ་ནི་གཏན་ཚིགས་སུ་འགྱུར་བ་གཞི་ཆོས་ཅན་དེ་ལ་ཡོད་པ་ཁོ་ནའམ། ཡང་ན་ཁྱབ་པར་བྱ་བའི་གཏན་ཚིགས་དེ་ཉིད་ནི་ཁྱབ་པར་བྱེད་པ་བསྒྲུབ་བྱའི་ཆོས་སུ་གྱུར་པ་ཁོ་ན་ལ་ཡོད་པ་ཞེས་བྱ་བ་རང་གིས་བསྒྲུབ་པར་བྱ་བ་དང་། མེད་ན་མི་འབྱུང་བའི་མཚན་
ཉིད་འཆད་པར་འགྱུར་རོ། །འདིས་ཀྱང་ཕྱོགས་སུ་བྱས་པས་གཞན་ལ་འཇུག་པ་གདོན་མི་ཟ་བར་འཕངས་པ་ནི་མེད་ན་གང་གི་མཚན་ཉིད་ལ་གནོད་པར་དོགས་པ་ཡིན། དེ་ལྟ་ན་ཕྱོགས་སུ་བྱས་པ་དེ་ཉིད་ལ་ཡོད་པ་ཁོ་ན་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་གཏན་ཚིགས་གནས་པ་དོན་དེའི་ཆས་ཁྱབ་པ་བསྟན་
པ་ཡིན་ནོ། །གང་ཞིག་དེའི་ཆོས་ཅན་ལ་རང་གི་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་དེ་ཉིད་གོ་བར་བྱེད་པའི་རྒྱུ་མཚན་ཡིན་པའི་ཕྱིར་གཞན་གྱི་ཆོས་ཅན་དེ་ལ་ཡང་རང་གི་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བའི་རྒྱུ་མཚན་ནི་སྒྲུབ་པར་བྱེད་པའི་ཚད་མའི་རྒྱུ་མཚན་མ་ཡིན་ནོ། །ལ་ལར་མཐུན་པའི་ཕྱོགས་
ཕལ་ཆེ་བའམ་ལྷན་ཅིག་ཡོད་པ་ཙམ་མཐོང་བ་རྒྱུ་མཚན་མ་ཡིན་ཏེ། དཔེར་ན་རྡོ་རྗེ་ལ་མཚོན་གྱིས་གཅོད་པ་ཡིན་ཏེ་ས་ཡིན་པའི་ཕྱིར་ཤིང་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་གཞན་ལ་མཚོན་གྱིས་གཅོད་པ་མེད་ན་མི་འབྱུང་བ་ཡང་རྡོ་རྗེ་ལ་དེ་བཞིན་དུ་ཡོད་པར་འགྱུར་བ་མ་ཡིན་ནོ། །གལ་ཏེ་ཕྱོགས་སུ་
བྱས་པ་ལས་གཞན་ཁོ་ན་ལ་ཁྱབ་པ་བསྟན་པར་བྱའོ་ཞེས་བྱ་བའི་ངེས་པ་དེ་ཇི་ལྟར་ཡིན། ཡོད་པ་ཉིད་སྐད་ཅིག་མའི་དངོས་པོ་རྣམས་ལ་བསྟན་པ་གང་ཡིན་པ་ནི་དོན་ཐམས་ཅད་སྐད་ཅིག་མས་ཁྱབ་པར་འདོད་པས་དེ་ལས་འགའ་ཞིག་ཀྱང་མཐུན་པའི་ཕྱོགས་སུ་གྱུར་པ་མེད་དེ། གང་ཞིག་མེ་ལྕེ་འབར་
བ་ལ་སོགས་པ་འབའ་ཞིག་ལ་སྐད་ཅིག་མ་ཁས་བླངས་སུ་ཟིན་ཀྱང་དེ་ཡང་མངོན་སུམ་མ་ཡིན་ཏེ། སྐད་ཅིག་མའི་ཐ་དད་པར་གྱུར་པ་ནི་ཤིན་ཏུ་ཕྲ་བས་ཉེ་བར་མི་རྟོགས་པའི་ཕྱིར་རོ། །གཞན་ཁོ་ན་ལ་ཁྱབ་པ་མ་བསྟན་པར་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་མ་ཡིན་ནོ་ཞེས་བྱ་བའི་རིགས་པ་འདི་ཅི་ཞིག་ཡིན། །
Vol. 189 · folio 190b
དེ་ལྟ་ན་གཏན་ཚིགས་ཀྱི་མཚན་ཉིད་བསྟན་པ་བརྟག་པ་ཡིན་གྱི། དངོས་པོའི་སྟོབས་ཀྱིས་ཞུགས་པ་མ་ཡིན་ནོ། །དེའི་ཕྱིར་རང་གི་བསྒྲུབ་པར་བྱ་བ་དང་འབྲེལ་པ་ལས་ཀྱང་གཏན་ཚིགས་ལ་ཁྱབ་པ་འགྲུབ་སྟེ། དེ་ཡང་མི་མཐུན་པའི་ཕྱོགས་ལ་གནོད་པ་ཅན་གྱི་ཚད་མ་ཡོད་ན་བསྒྲུབ་པར་བྱ་བའི་ཆོས་
ཅན་ལ་ཡང་འགྲུབ་པའི་ཕྱིར་གཞན་ལ་རྗེས་སུ་འབྲང་བ་ལ་ཅུང་ཟད་ཀྱང་ལྟོས་པ་མ་ཡིན་པས་སོ། །དེ་ཉིད་ཀྱི་ཕྱིར། གཞན་དུ་གང་དང་གང་ལ་འགའ་ཞིག་ཏུ་མཐོང་བ་དེའི་འབྲེལ་པར་རིག་པ་ནི། དེ་དང་དེ་ནི་དེ་ལ་གོ་བར་བྱེད་པ་ཡིན་ནོ་ཞེས་དངོས་པོའི་གོ་བར་བྱེད་པ་མཚུངས་ཏེ། གང་ཡང་རྗེས་སུ་
དཔག་པ་དང་། །དེ་མཚུངས་ལ་ཡང་ཡོད་གྱུར་པ། །ཞེས་བྱ་བ་ལ་སོགས་པའི་མཚན་ཉིད་ནི་དེ་ལ་བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པ་ནི། མཐུན་པའི་ཕྱོགས་སུ་བརྗོད་དོ། །དེས་ན་ཡོད་པ་ཉིད་ནི་བསྒྲུབ་པར་བྱ་བའི་ཆོས་ཡོད་པ་ཡིན་ནོ་ཞེས་བྱ་བ་དེ་བཞིན་དུ་དེ་དང་དེའི་ཆོས་ཀྱིས་བསྒྲུབ་པར་བྱ་
བའི་ཆོས་ཅན་ཡང་མཐུན་པའི་ཕྱོགས་ཀྱི་དངོས་པོ་ལས་ལྡོག་པ་མ་ཡིན་ནོ། །བསྒྲུབ་པར་བྱ་བར་འདོད་པ་ཉིད་ཀྱིས་འདོད་པས་གཞན་པའི་ཕྱོགས་ཀྱི་མཚན་ཉིད་དེ་བསལ་བར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར། དེའི་ཆས་ཁྱབ་པ་ཞེས་བརྗོད་པས་རང་གི་བསྒྲུབ་པར་བྱ་བ་དང་། མེད་ན་མི་འབྱུང་
བའི་འབྲེལ་པའི་རྒྱུ་མཚན་ལས་གཞན་དུ་མི་རིགས་པར་བརྗོད་དོ། །གདོན་མི་ཟ་བར་གཞན་ལ་མི་འཇུག་པས་འཕངས་སོ་ཞེས་ཇི་ལྟར་དོགས་པ་ཡིན་ཞེ་ན། བདེན་ཏེ། གཏན་ཚིགས་ཐམས་ཅད་ཕྱོགས་སུ་བྱས་པ་ཁོ་ནའི་ཆོས་ཅན་ལ་རང་གི་བསྒྲུབ་པར་བྱ་བ་དང་འབྲེལ་པ་ཚད་མས་ངེས་པར་
ནུས་ན་ནི་འདིས་དོགས་པར་མི་བྱ་སྟེ། དཔེར་ན་ཡོད་པའི་མཚན་ཉིད་ཀྱི་རང་བཞིན་གྱི་གཏན་ཚིགས་ནི་སྐད་ཅིག་མ་བསྒྲུབ་པར་བྱ་བའི་བདག་ཉིད་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་འཇུག་པ་བཞིན་དུ། འབྲས་བུའི་གཏན་ཚིགས་ནི་ཕྱོགས་སུ་བྱས་པའི་ཆོས་ཅན་དང་རང་བཞིན་གྱི་གཏན་
ཚིགས་འགའ་ཞིག་གི་འབྲེལ་པ་ནི་མངོན་སུམ་དང་མི་དམིགས་པས་སྒྲུབ་ན། ཇི་ལྟར་ལྐོག་ཏུ་གྱུར་པའི་བསྒྲུབ་པར་བྱ་བའི་ཆོས་གཟུང་བར་བྱ་བ་ཡིན། དེའི་ཕྱིར་གཞན་ལ་རབ་ཏུ་གྲུབ་པ་དེ་ལས་ཡིན་ནོ་ཞེས་བྱའོ། །དེ་ལ་ལྟོས་པས་གཞན་ལ་མི་འཇུག་པས་ཐུན་མོང་མ་ཡིན་པ་སྲིད་པར་
Vol. 189 · folio 191a
དོགས་པས་དེ་ནི་བསྒྲུབ་པར་བྱ་བ་དང་བཟློག་པ་གཞན་དག་ལ་འཇུག་པ་མ་ངེས་པ་ནི་དེ་གཉི་ག་ལས། དེའི་ཆོས་ཅན་ཕྱི་རོལ་དུ་གྱུར་པ་མི་རིགས་པས་མ་ངེས་པ་དང་། བསྒྲུབ་པར་བྱ་བ་ལ་འཇུག་པ་དང་རྣམ་པར་གཅོད་པ་དག་གིས་ཐམས་ཅད་བསྡུས་པས་གཏན་ཚིགས་དེ་
ལ་ཐེ་ཚོམ་ཟ་བར་འགྱུར་རོ། །ལ་ལར་སྔར་རྟེན་ལ་ཡོད་པར་བཟུང་བ་བརྗེད་པ་ལ་འབྲེལ་པ་སྒྲུབ་པའི་ཚད་མས་དྲན་པ་ནི་གཞན་ལ་འཇུག་པ་ལ་ལྟོས་པ་ཡིན་སྙམ་སེམས་ནས་འདི་དག་གི་ལན་ནི་མ་ཡིན་ཏེ་ཞེས་བྱ་བ་སྨོས་ཏེ། གཞན་ལ་མི་འཇུག་པ་ནི་མ་ཡིན་ནོ། །ག་ལས་ཤེ་ན་མ་འབྲེལ་
པ་ནི་འབྲེལ་པ་མེད་པའོ། །རྣམ་པར་གཅོད་པས་བྱེ་བྲག་ཏུ་བྱས་པའི་ཕྱིར་ཡིན་གྱི་ཕྱོགས་ནི་གཞན་དང་ལྡན་པ་རྣམ་པར་གཅོད་པས་བྱེ་བྲག་ཏུ་བྱས་པ་མ་ཡིན་ནོ། །དེ་ལྟ་ན་ཡང་མ་འབྲེལ་པ་རྣམ་པར་གཅོད་པ་ཡང་ཆོས་ཅན་ལ་ཆོས་ཡོད་པར་གང་ལ་ཐེ་ཚོམ་ཟ་བ་དེ་ལ་མ་འབྲེལ་པ་རྣམ་པར་གཅོད་
པའི་རིགས་པ་ཐོབ་པའི་ཕྱིར་ཏེ། དཔེར་ན་ནག་པ་འཕོང་སྐྱེན་ནོ་ཞེས་བྱ་བ་ལྟ་བུའོ། །ནག་པ་འཕོང་སྐྱེན་པ་ཅི་ཡོད་དམ་མེད་ཅེས་ཐེ་ཚོམ་ཟ་བ་དེའི་ཕྱིར་ནག་པ་འཕོང་སྐྱེན་ནོ་ཞེས་བྱ་བ་དེ་ལ་ཡོད་པར་སྟོན་པར་བྱེད་པ་ཐོས་ནས་ཕྱོགས་གཞན་ཡོད་པར་གྱུར་པ་ཉན་པ་པོ་དོགས་པར་རྣམ་པར་
གནས་པ་བསལ་བའི་ཕྱིར་མ་འབྲེལ་པ་རྣམ་པར་གཅོད་པའི་རིགས་པ་འདིར་ཐོབ་པའི་ཕྱིར་རོ། །གཞན་གྱི་འདོད་པའི་རྣམ་པར་གཅོད་པ་བསལ་བར་འདོད་པ་ནི། གཞན་དང་ལྡན་པ་རྣམ་པར་གཅོད་པས་ཁྱད་པར་དུ་བྱས་པ་མ་ཡིན་ནོ་ཞེས་བྱ་བ་སྨོས་ཏེ་གཞན་ལ་རྗེས་སུ་མི་འཇུག་པས་ཐུན་
མོང་མ་ཡིན་པ་ཞེས་བྱ་བར་སྦྱར་རོ། །འདིར་ཡང་དཔེ་ནི་དཔེར་ན། སྲིད་སྒྲུབ་འཕོང་སྐྱེན་ནོ་ཞེས་བྱ་བ་ལྟ་བུའོ། །སྒྲ་མཚུངས་ཀྱང་འདི་འཕོང་སྐྱེན་ནོ་ཞེས་བྱ་བའི་སྒྲའི་ནུས་པས་ཡོན་ཏན་ཁྱད་པར་ཅན་ལ་འཇུག་སྟེ། སྲིད་སྒྲུབ་འཕོང་སྐྱེན་པར་གྲུབ་པའི་ཕྱིར་མ་འབྲེལ་པ་དོགས་པ་མེད་དེ་འདི་འདྲའི་ཁྱད་པར་
བཅས་པ་གཞན་ལ་ཡང་ཡོད་དམ་མེད་ཅེས་གཞན་དང་ལྡན་པའི་ཉན་པ་པོ་དགོས་པ་ན་གང་གི་ཚེ་སྲིད་སྒྲུབ་འཕོང་སྐྱེན་ནོ་ཞེས་བརྗོད་པ་དེའི་ཚེ་གཞན་དང་ལྡན་པ་རྣམ་པར་གཅོད་པའི་རིགས་པ་འཐོབ་པོ། །བསྟན་པར་བྱ་བ་ལ་ཐེ་ཚོམ་གནས་པའི་ཕྱོགས་དག་ཕན་ཚུན་མི་མཐུན་པའི་ཕྱིར་གཅིག་ལ་བསྟན་པ་
Vol. 189 · folio 191b
དེས་གཞན་རྣམ་པར་བཅད་པར་རིགས་པའི་སྟོབས་ཀྱིས་འོངས་པའི་ཕྱིར་རོ། །དེ་འདིར་ཕྱོགས་ལ་ཆོས་འདི་ཡོད་དམ་མེད་ཅེས་དོགས་པ་ལ་ཕྱོགས་ཀྱི་ཆོས་ཞེས་དེ་ལ་ཡོད་པ་ཉིད་བསྟན་པའི་མ་འབྲེལ་པ་རྣམ་པར་གཅོད་པ་ཡིན་གྱི། གཞན་དང་ལྡན་པ་ནི་མ་ཡིན་ནོ། །དེའི་ཆས་ཁྱབ་པའི་
དེ་བསྟན་པས་ན་དེ་ལ་ཐེ་ཚོམ་ཟ་བར་འགྱུར་རོ་སྙམ་ནས་དེའི་ཆ་ནི་དེའི་ཆོས་སོ། །དེའི་སྒྲས་ནི་ཕྱོགས་ཁྱད་པར་དུ་བྱེད་ཀྱི་ཆོས་ནི་མ་ཡིན་ཏེ། ཆོས་ལ་ཆོས་རྟེན་པ་མི་སྲིད་པའི་ཕྱིར་རོ། །ཆ་ནི་ཆོས་ལ་བྱའི་ཕྱོགས་གཅིག་མ་ཡིན་ཏེ། ཕྱོགས་ཀྱི་སྒྲ་ཆོས་ཅན་ཙམ་བརྗོད་པའི་ཕྱིར་རོ། །དེའི་
ཆ་ནི་ཆ་ཤས་མ་ཡིན་ཏེ་ཕྱོགས་གཅིག་མེད་པའི་ཕྱིར་རོ། །ཕྱོགས་ཀྱི་ཆོས་ལ་ཡོད་པ་དེའི་ཁྱབ་པ་ནི་གང་ཁྱབ་པར་བྱ་བ་དང་། གང་ཁྱབ་པར་བྱེད་པ་དེ་གཉི་གའི་ཆོས་སུ་རྟོགས་པ་ཡིན་ཏེ། གང་གི་ཚེ་ཁྱབ་པར་བྱེད་པ་བརྗོད་པར་འདོད་པ་དེའི་ཚེ་ཁྱབ་པར་བྱེད་པར་གོ་བར་བྱའོ། །དེ་ལ་ཞེས་བྱ་
བ་ནི་ཡོད་པའི་འདུན་པའི་དོན་གཙོ་བོ་ཡིན་གྱི་འདིར་ངེས་པར་གཟུང་བ་ནི་མ་ཡིན་ཏེ། ཆོས་ལ་ཆོས་མི་རྟེན་པའི་ཕྱིར་རོ། །དེས་ན་འདིའི་དོན་ནི་དེ་ལ་ཁྱབ་པ་ནི་ཆོས་ཅན་གང་ལ་ཁྱབ་པར་བྱ་བ་ཡོད་པ་དེ་ལ་ཁྱབ་པར་བྱེད་པ་ཡོད་པ་ཁོ་ན་སྟེ། བདག་ཉིད་དུ་གྱུར་པའི་ཆོས་ཀྱིས་ཁྱབ་པ་ཡིན་ནོ། །དེ་ཡང་
ཁྱབ་པར་བྱ་བ་ཡོད་པ་ལ་ལྟོས་ནས་ཁྱབ་པར་བྱེད་པ་ཁོ་ནའི་ཁྱབ་པར་རྟོགས་སོ། །དེ་བཞིན་དུ་ངེས་བཟུང་གིས་ཁྱབ་པར་བྱེད་པ་ཁོ་ན་དེ་ལ་ཡོད་པ་ནི་མ་ཡིན་ཏེ། གཏན་ཚིགས་མེད་པར་ཐལ་བར་འགྱུར་བས་ཁྱབ་པར་བྱེད་པ་མ་ཡིན་པ་ལུས་ཅན་ཉིད་ལ་སོགས་པ་དེ་ཡོད་པའི་ཕྱིར་རོ། །དེ་ཁོ་ན་ལ་ཡོད་
པ་ཡང་མ་ཡིན་ཏེ། རྩོལ་བ་ལས་བྱུང་བ་ལ་སོགས་པ་གཏན་ཚིགས་མ་ཡིན་པར་འགྱུར་བ་དང་། ཐུན་མོང་གི་གཏན་ཚིགས་སུ་འགྱུར་ཏེ། གཞལ་བྱ་ལ་སོགས་པ་ཉིད་མི་རྟག་པ་ལ་ཡོད་པའི་ཕྱིར་རོ། །གང་གི་ཚེ་ཁྱབ་པར་བྱ་བའི་ཆོས་བརྗོད་པར་འདོད་པ་དེའི་ཚེ་ཁྱབ་པར་བྱ་བའི་གོ་བར་བྱེད་པ་ནི་ཁྱབ་
པར་བྱེད་པ་དེ་ཁོ་ན་ལ་ཡོད་པའོ། །ཆོས་ཅན་གང་ལ་ཁྱབ་པར་བྱེད་པ་ཡོད་པ་དེ་ཁོ་ན་ལ་ཡོད་པ་ན་དེ་མེད་དུ་ཟིན་ཀྱང་ཁྱབ་པ་ཡིན་ནོ། །འདི་ཡང་ཁྱབ་པར་བྱ་བ་ཁོ་ན་དེ་ལ་ཡོད་པ་ཞེས་ངེས་པར་བཟུང་བ་ནི་གཏན་ཚིགས་མེད་པ་ཐལ་བར་འགྱུར་བས་བརྟེན་པར་མི་བྱ་སྟེ། ཁྱབ་པར་བྱ་བ་མ་ཡིན་པ་ཡང་ཡོད་པའི་
Vol. 189 · folio 192a
པའི་ཕྱིར་རོ། །ཁྱབ་པར་བྱ་བ་ནི་དེ་ལ་ཡོད་པ་ཁོ་ན་ཡང་མ་ཡིན་ཏེ། །མཐུན་པའི་ཕྱོགས་ཀྱི་ཕྱོགས་གཅིག་ལ་ཡོད་པ་གཏན་ཚིགས་སུ་མི་འགྱུར་བ་དང་ཐུན་མོང་བ་གཏན་ཚིགས་སུ་འགྱུར་ཏེ། །གཞལ་བྱ་ནི་རྟག་པ་རྣམས་ལ་གདོན་མི་ཟ་བར་ཡོད་པའི་ཕྱིར་རོ། །ཁྱབ་པར་བྱ་
བ་དང་། །ཁྱབ་པར་བྱེད་པར་བརྗོད་པའི་ཁྱབ་པ་ནི་གཉི་ག་ལ་ཆོས་མཚུངས་པས་གཅིག་ཏུ་རྟོགས་ན་ནི་ལྡན་པ་ལ་སོགས་པ་གཞན་དུ་མ་གྱུར་ཅིག་ཅེས་བྱ་བའི་ཕྱིར་བསྟན་ཏོ། །འདི་ལྟར་སྔར་མི་ལྡན་པར་རྣམ་པར་བཅད་པས་ངེས་པར་བཟུང་ནས་ཕྱིས་གཞན་དང་ལྡན་པའི་རྣམ་པར་གཅོད་པ་ཡིན་
ན་གཉི་ག་ལ་རྣམ་པ་གཅིག་གིས་ཁྱབ་པོ་ཞེས་བྱ་བ་ལས་ཡིན། དེ་སྐད་དུ་ཡང་། རྟགས་ལ་རྟགས་ཅན་ཡོད་ཉིད་དང་། །ཅིག་ཤོས་རྟགས་ཅན་ཁོ་ན་ལའོ། །ངེས་པ་ལས་ནི་བཟློག་པ་ལ། །རྟགས་དང་རྟགས་ཅན་འབྲེལ་པ་མེད། །ཅེས་བྱ་བ་གསུངས་ཏེ། དེས་ན་སློབ་དཔོན་གྱིས་
ལྡན་པའི་སྟོབས་ཀྱིས་གོ་བར་བྱེད་པ་གཞན་དག་ལ་ཉེས་པ་བརྗོད་དོ། །ལྡན་ཡིན་མེ་དང་དུ་བ་ན། །ཆ་འགའ་ཞིག་གིས་མ་ཡིན་ཏེ། །དུ་བ་དེས་ནི་ཐམས་ཅད་ཀྱི། །གསལ་བྱེད་ཐོབ་པར་འགྱུར་ཕྱིར་ཏེ། །འདི་ལ་འཇུག་པ་མ་ཡིན་ནོ། །ཞེས་བཤད་དོ། །འདི་ལྟར་ལྡན་པ་ནི་གཉི་ག་ལ་ཁྱད་
པར་མེད་པར་ཐལ་བར་འགྱུར་བས་ཁྱབ་པ་མ་ཡིན་ནོ། །ཁྱབ་པར་བྱེད་པའི་ཆོས་ཀྱིས་ཁྱབ་པ་ཅི་འདྲ་བ་ཁྱབ་པར་བྱ་བ་ཆོས་དེ་འདྲ་བ་ནི་མ་ཡིན་ནོ་སྙམ་ནས། དེ་སྐད་དུ། གང་ཚེ་འབྲེལ་པ་གཉིས་ལ་གནས། །རྟགས་དང་རྟགས་ཅན་ལྷན་ཅིག་སྟེ། །རྟེན་དང་བརྟེན་པའི་ཡོད་པ་བཞིན། །ལྡན་པ་
ལ་ནི་དེ་མེད་དོ། །ཞེས་གསུངས་སོ། །དེས་ན་ཁྱབ་པར་བྱེད་པ་ནི་ཁྱབ་པར་བྱ་བ་མ་ཡིན་ལ་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པ་མ་ཡིན་ནོ། །དེའི་ཆས་ཁྱབ་པ་ནི་གཏན་ཚིགས་ཞེས་བརྗོད་པས། ལྡན་པའི་ཕྱོགས་བརྗོད་པའི་སྐྱོན་དུ་མི་འགྱུར་བ་དང་གཉི་ག་གོ་བར་བྱ་བ་དང་གོ་བར་བྱེད་པར་ཐལ་
བར་མི་འགྱུར་རོ། །ཇི་སྐད་དུ་བཤད་པའི་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་ཁྱབ་པར་བྱེད་པ་ནི་གོ་བར་བྱ་བར་རྟོགས་ལ་ཁྱབ་པར་བྱ་བ་ནི་གོ་བྱེད་དུ་རྟོགས་སོ། །གལ་ཏེ་དེ་ལྟ་ན་ཕྱོགས་ཆོས་དེའི་ཆས་ཁྱབ་པ་ཞེས་བྱ་བ་དེ་ཙམ་གཏན་ཚིགས་ཀྱི་མཚན་ཉིད་ཡིན་པ་དེའི་ཕྱིར་ཕྱོགས་ཀྱི་ཆོས་དང་དེའི་ཆས་
Vol. 189 · folio 192b
ཁྱབ་པ་ཞེས་བྱ་བ་གཏན་ཚིགས་ཀྱི་ཚུལ་གཉིས་སུ་འགྱུར་ལ། གཞན་དུ་ཚུལ་གསུམ་དུ་བཤད་པ་དང་ཇི་ལྟར་འགལ་བར་མི་འགྱུར་ཞེ་ན། དེའི་ཆས་ཁྱབ་པ་ཞེས་བྱ་བའི་ཚིག་འདིས་རྗེས་སུ་འགྲོ་བ་དང་ལྡོག་པ་དག་བཤད་པར་རིག་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གི་ཚུལ་ཉིད་ཀྱིས་
ཁྱབ་པ་ཡོད་པའི་ཕྱིར་རོ། །འདི་ལྟར་གང་ཁོ་ནའི་རྗེས་སུ་འགྲོ་བ་དང་གང་ལྡོག་ན་ལྡོག་པ་དེ་ཉིད་དེས་ཁྱབ་པར་བརྗོད་དེ་དེའི་བདག་ཉིད་ཡིན་པའི་ཕྱིར་ན་ཁྱབ་པ་ཡིན་ནོ། །ཁྱབ་པ་བརྗོད་པས་རྗེས་སུ་འགྲོ་བ་དང་། ལྡོག་པ་བརྗོད་དེ། དེའི་ཕྱིར་ཁྱབ་པའི་ཚིག་གིས་རྗེས་སུ་འགྲོ་བ་དང་ལྡོག་པ་བརྗོད་པས་
འགལ་བ་མེད་པའི་ཕྱིར་རོ། །དེས་ན་ཤེས་པར་བྱེད་པའི་གཏན་ཚིགས་ཀྱི་དབང་དུ་བྱས་ནས་ངེས་པ་ཡིན་ནོ། །ངེས་པ་ཡང་ཚད་མ་དུ་མ་ཁོ་ནས་སམ་ཡང་ན་བདག་ཉིད་ཇི་ལྟ་བ་གང་དང་གང་གི་ཚད་མ་དེས་ངེས་པ་སྟེ། ཚད་མ་གང་དང་གང་ཡིན་པ་དེ་ནི་ཕྱིས་བཤད་པར་བྱའོ། །འམ་གྱི་སྒྲས་ནི་རྗེས་སུ་
འགྲོ་བ་དང་ལྡོག་པ་དག་ནི་དོན་མཚུངས་པར་བསྟན་གྱི་ཚིགས་ནི་མ་ཡིན་ནོ། །དེས་ན་མཐུན་པའི་ཕྱོགས་སམ་མི་མཐུན་པའི་ཕྱོགས་དག་གི་སྦྱོར་བ་གཅིག་གིས་གཉི་ག་རྟོགས་ཏེ། དཔག་པ་དང་སྒྲུབ་པའི་ཚུལ་དག་གི་འཇུག་པ་ཐ་དད་ཀྱང་དོན་དམ་པ་དེའི་བདག་ཉིད་ཡིན་པས་གཉི་ག་རྟོགས་པར་
བསྟན་ཏོ། །ལྡོག་པ་ནི་བསྒྲུབ་བྱ་ལྡོག་པས་རྟགས་ལྡོག་པའི་ཆོས་ཡིན་ཏོ། རང་བཞིན་གཅིག་ཏུ་གྱུར་པའི་ཆོས་ཡིན་ན་ནི་རྗེས་སུ་འགྲོ་བའི་ངོ་བོ་འདི་དངོས་པོ་ལ་འདི་འགལ་བ་མེད་དོ། །ཅི་ཕྱོགས་ཀྱི་ཆོས་ཀྱང་ཡིན་ནམ་ཞེ་ན། བདག་ཉིད་ཇི་ལྟ་བའི་ཚད་མས་བཤད་པ་ཡིན་ནོ་ཞེས་བྱ་བར་སྦྱར་ཏེ།
ངེས་པའི་ཞར་ལ་དེ་ཡང་འདིར་བསྟན་པའི་ཕྱིར་རོ། །གལ་ཏེ་ངེས་པ་གོ་བར་བྱེད་པ་ཉིད་དུ་བཤད་པས་ཇི་ལྟར་སླར་ཡང་རྗེས་སུ་འགྲོ་བའི་དོན་གྱིས་ཁྱབ་པ་ཡིན་ཞེ་ན། གང་གི་ཚེ་གཏན་ཚིགས་ཐམས་ཅད་ལ་ཞེས་བྱ་བ་སྨོས་ཏེ། གཏན་ཚིགས་གང་དང་གང་ལ་བསྒྲུབ་པར་བྱ་བ་དེ་དང་དེ་ལས་མེད་པ་
དེའི་ཚེ་བསྒྲུབ་པར་བྱ་བའི་ཆོས་དེས་གཏན་ཚིགས་དེ་ལ་ཁྱབ་པ་མི་འགྲུབ་བོ། །དེའི་ཕྱིར་གཏན་ཚིགས་གང་དང་གང་ལ་བསྒྲུབ་པར་བྱ་བའི་ཆོས་དེ་དང་དེ་ལ་ཡོད་པ་ནི་ཁྱབ་པར་བྱེད་པའི་ཆོས་ཀྱི་ངོ་བོ་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའི་ངོ་བོའི་ཁྱབ་པའོ། །གང་དང་གང་ལྡོག་པ་ངེས་པས་དེ་ཡང་ལྡོག་
Vol. 189 · folio 193a
པ་དེས་ཁྱབ་པར་འགྲུབ་ཀྱི་བཟློག་པ་ནི་མ་ཡིན་ནོ། །དེས་ན་ཁྱབ་པར་བྱ་བའི་ངོ་བོའི་ཁྱབ་པ་ནི་ལྡོག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་བསྒྲུབ་པར་བྱ་བའི་ཆོས་ཁྱབ་པར་བྱེད་པ་མེད་ན་ཁྱབ་པ་མི་འགྲུབ་པའི་ཕྱིར་རོ། །དེ་ན་གཏན་ཚིགས་ཀྱི་ཁྱབ་པར་བྱ་བ་སྤངས་པ་ཡིན་ནོ། །
བསྒྲུབ་པར་བྱ་བའི་ཆོས་ཁྱབ་པར་བྱེད་པ་མེད་པ་ག་ལས་ཤེ་ན། བདག་ཉིད་ལྡོག་ན་གཏན་ཚིགས་ལྡོག་པ་མེད་པའི་ཕྱིར་རོ། །ལྡོག་པའི་བདག་ཉིད་ནི་ལྡོག་པར་བྱེད་པ་ཁྱབ་པར་བྱེད་པ་ཡིན་པའི་ཕྱིར། ཅིག་ཤོས་དེ་མེད་པ་ལ་མེད་པ་ཁོ་ན་ཁྱབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ལྡོག་པ་ཡོད་པ་ཉིད་
ཀྱིས་བསྒྲུབ་པར་བྱ་བས་ཁྱབ་པ་ལྡོག་པའི་བདག་ཉིད་ཁོ་ན་ལ་ཡོད་པར་རྟོགས་ཏེ་ཁྱབ་པར་བྱ་བའི་ཆོས་ཀྱི་མཚན་ཉིད་གྲུབ་པ་ཡིན་ནོ། །དེ་བས་ན་དེའི་ཆས་ཁྱབ་པའི་ཚིག་གིས་གང་གི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་བཤད་པའི་ཕྱིར་རོ། །དེ་ལྟར་དེའི་ཕྱིར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་བདག་ཉིད་ཇི་
ལྟ་བའི་ཚད་མས་ངེས་པ་དག་གིས་དེའི་ཆས་ཁྱབ་པ་ངེས་པ་ཡིན་ནོ། །ཇི་སྐད་བཤད་པའི་བདག་ཉིད་ཇི་ལྟ་བའི་ཚད་མས་རྗེས་སུ་འགྲོ་བ་དང་ལྡོག་པ་དང་ཕྱོགས་ཆོས་ངེས་པ་བཤད་པའི་ཕྱིར་རོ། །དེ་ལ་ཚད་མ་གང་དང་གང་གིས་ངེས་པ་དེ་བསྟན་པའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་
ལ་ཕྱོགས་ཀྱི་ཆོས་ལ་སོགས་པ་དེ་རྣམས་ལའོ། །ཕྱོགས་ཀྱི་ཆོས་ངེས་པའི་སྐབས་ཕྱིས་བསྟན་དུ་ཟིན་ཀྱང་མདོའི་རིམ་པས་ཐོག་མར་བརྗོད་པས་ཕྱོགས་ཀྱི་ཆོས་ངེས་པ་ཞེས་བྱ་བར་སྦྱར་རོ། །རབ་ཏུ་གྲུབ་པ་འདི་ཅི་ཞིག་ཡིན་ཞེ་ན་རྟོགས་པའོ། །གང་ལ་ཞེ་ན། བསྒྲུབ་པར་བྱ་བའི་ཆོས་ཅན་
ལའོ། །གང་གིས་ཤེ་ན། མངོན་སུམ་དང་རྗེས་སུ་དཔག་པའི་སྒོ་ནས་སོ། །ཕྱོགས་ཀྱི་ཆོས་ཐམས་ཅད་མངོན་སུམ་དང་རྗེས་སུ་དཔག་པས་ངེས་པ་ནི་མ་ཡིན་ཏེ། འོན་ཀྱང་འགའ་ཞིག་ལ་ཁ་ཅིག་གིས་ཡིན་ནོ་ཞེས་བསྟན་པའི་ཕྱིར་འམ་གྱི་སྒྲ་སྨོས་པ་ཡིན་ནོ། །མངོན་སུམ་གྱིས་ཀྱང་རང་
ཉིད་ཀྱི་རང་གི་མཚན་ཉིད་ཀྱི་རྣམ་པ་ཉིད་ཡིན་དུ་ཟིན་ཀྱང་དེ་མ་ཐག་ཏུ་སྤྱིར་རྟོག་པའི་རྣམ་པ་སྐྱེད་པའི་ཕྱིར་རབ་ཏུ་གྲུབ་པ་ལ་ཉེ་བར་བརྟགས་ནས་ངེས་པར་བརྗོད་དོ། །མངོན་སུམ་གྱི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་ལ་མ་གཏོགས་པ་རྟོགས་པ་མེད་དོ་ཞེས་བསྟན་ཏོ། །དེས་ན་གལ་ཏེ་སྤྱིའི་ངོ་
Vol. 189 · folio 193b
བོའི་རྟགས་རྣམ་པར་འཇོག་པ་དེ་ལྟ་ན་ཡང་རང་གི་མཚན་ཉིད་རྟོགས་པ་ཁོ་ན་དེ་རྣམ་པར་འཇོག་པའི་རྒྱུ་མཚན་ཡིན་པའི་ཕྱིར་ཕྱོགས་ཀྱི་ཆོས་མངོན་སུམ་ཡིན་པར་བསྒྲུབ་པར་བྱ་བའི་ཆོས་ཅན་རབ་ཏུ་གྲུབ་པ་ཞེས་བརྗོད་དོ། །འདི་ཡང་དེ་མ་ཐག་ཁོ་ནར་གསལ་བར་བྱེད་པར་འགྱུར་རོ། །ཡང་ན་རྗེས་སུ་
དཔག་པར་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་ཕྱོགས་ཀྱི་ཆོས་རབ་ཏུ་གྲུབ་པར་ངེས་པ་དང་། ཚད་མ་དང་འབྲས་བུ་ཐ་དད་ནི་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པས་ངེས་སོ། །འདིར་དཔེ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དཔེར་ན་ས་ཕྱོགས་ལ་དུ་བ་ཞེས་བྱ་བ་སྨོས་སོ་གང་ཞིག་དུ་བའི་སྤྱི་མངོན་སུམ་གྱིས་ངེས་སོ་སྙམ་
དུ་སེམས་ནས་ས་ཕྱོགས་དང་འབྲེལ་པའི་མེ་མངོན་སུམ་མ་ཡིན་ལ། གང་ཡང་མངོན་སུམ་ལ་ནམ་མཁའི་ཆའི་ངོ་བོ་སྣང་བ་ལ་སོགས་པ་དུ་བའི་བདག་ཉིད་དང་ལྡན་པར་མཐོང་བ་འདི་མེ་དང་ལྡན་པར་མཐོང་བ་ནི་མེད་པ་དེའི་ཕྱིར་ཇི་ལྟར་ས་ཕྱོགས་ཀྱི་དུ་བ་མངོན་སུམ་ལ་རབ་ཏུ་གྲུབ་པ་ཡིན་ན། དེའི་ཕྱིར་དུ་བ་ཁོ་ན་
ཆོས་ཅན་དུ་རིགས་ཏེ། དུ་བ་འདི་མེ་དང་བཅས་པ་ཡིན་ཏེ། དུ་བ་ཡིན་པའི་ཕྱིར་ཞེས་བསྒྲུབ་པར་བྱ་བ་ཡིན་ནོ་ཞེ་ན། མེ་དང་བཅས་པའི་དུ་བའི་ཆ་ཤས་ཡོངས་སུ་སྣང་ན་སྟེང་དུ་གནས་པའི་ཆ་མེ་དང་ལྷན་ཅིག་ཏུ་ཡོད་པ་མ་ཡིན་ཏེ། མངོན་སུམ་མ་ཡིན་པའི་ཕྱིར་ཇི་ལྟར་དུ་བའི་སྤྱིའི་ཆོས་ཅན་མངོན་སུམ་མ་
ཡིན། གལ་ཏེ་དུ་བའི་ཡན་ལག་མངོན་སུམ་དུ་གྲུབ་པ་ཡིན་ནོ་ཞེ་ན། ཡན་ལག་ལས་ཐ་དད་པ་མེད་པའི་ཕྱིར་འཇིག་རྟེན་པ་གཅིག་ཏུ་མངོན་པར་ཞེན་པའམ། ས་ཕྱོགས་ཀྱང་དེ་ཙམ་དུ་གཅིག་ཏུ་བརྟགས་པ་གསལ་བར་མི་ནུས་སོ། །ས་ཕྱོགས་ཉིད་ལ་ཡང་མེ་བསྟན་པར་བྱ་བ་ཡིན་གྱི་དུ་བ་ནི་མ་ཡིན་ནོ། །
འབྲས་བུའི་གཏན་ཚིགས་ཡུལ་དང་དུས་ལ་སོགས་པ་ལ་ལྟོས་ནས་གོ་བར་བྱེད་པ་ནི་གང་། འགལ་འབྲས་ལ་ཡང་ཡུལ་དང་ནི། །དུས་ལ་སོགས་པ་ལྟོས་པར་འདོད། །གཞན་དུ་འཁྲུལ་འགྱུར་མི་གྲང་བ། །སྒྲུབ་པ་ལ་ནི་ཐལ་བ་བཞིན། །ཞེས་བྱ་བ་སྨོས་ཏེ། དེའི་ཕྱིར་ཡུལ་ལ་སོགས་
པ་ལ་ལྟོས་པ་མེ་སྒྲུབ་པར་བྱེད་པའི་དུ་བ་དང་ལྡན་པའི་ས་ཕྱོགས་ཆོས་ཅན་དུ་བཟུང་ན་འགལ་བ་མེད་དོ། །དཔེར་ན་ཆུ་སྐྱར་དང་ལྡན་པའི་ཤིང་ལ་སོགས་པ་ཡུལ་ལ་སོགས་པ་ལ་ལྟོས་ནས་ཆུ་སྒྲུབ་པར་བྱེད་པ་འམ། །སྒྲ་ལ་བྱས་པ་ནི་རྐྱེན་ཐ་དད་པས་ཐ་དད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་རྗེས་སུ་
Vol. 189 · folio 194a
དཔོག་པ་བཞིན་ནོ། །འདིར་ཇི་ལྟར་མངོན་པར་བརྗོད་པའི་མངོན་སུམ་གྱིས་བསྒྲུབ་པར་བྱ་བའི་ཆོས་ཅན་ཕྱོགས་ཀྱི་ཆོས་སུ་རབ་ཏུ་གྲུབ་པ་དགོས་པ་མ་རྟོགས་ནས་གཞོན་ནུ་མ་ལེན་གྱིས་ཇི་ལྟར་སྤྱིའི་བདག་ཉིད་དུ་བ་ལ་སོགས་པའི་རྟགས་མངོན་སུམ་དུ་རྟོགས་པ་མེད་པ་ལས་
ཡིན། རང་གི་ངོ་བོ་འཛིན་པའམ་ཆོས་ཅན་ལ་ཡང་དེ་ཙམ་ཞིག་ཉེ་བར་སྦྱོར་བ་ན་འདི་དག་གི་འབྲེལ་པ་གང་གིས་འཛིན་པ་ཡིན་སྙམ་ནས་སླར་རྩོད་པ་ནི་དེས་ན་མངོན་སུམ་སྔོན་དུ་སོང་བ་དང་རྗེས་སུ་དཔག་པ་ལ་སོགས་པའི་ཆོས་ཀྱི་རྒྱུ་མཚན་ཡིན་ནོ་ཞེས་རྣམ་བཤད་བྱེད་པས། མངོན་སུམ་སྔོན་དུ་
འགྲོ་ཉིད་ཀྱིས། །རྗེས་དཔག་ལ་སོགས་ཇི་ལྟར་འགྱུར། །གལ་ཏེ་རྟོགས་མེད་དབང་པོའི་བློ། །དྲན་པ་ལ་ནི་མི་ལྟོས་ན། །རྟགས་དང་ཆོས་ཅན་འབྲེལ་པ་དག །དེ་ལྟར་རྟོགས་པ་མེད་པས་ཀྱང་། །མི་འཛིན་ཅེས་བྱ་བ་ལ་རྟགས་ལ་སོགས་པ་མངོན་སུམ་གྱིས་འཛིན་པ་སྤངས་པ་ཡིན་ན་
རྣམ་པར་རྟོག་པ་མེད་པའི་ཕྱིར། རྣམ་རྟོག་དེ་ལ་དོན་དངོས་ཀྱིས། །ཕན་འདོགས་པར་ནི་མི་འདོད་ཕྱིར། །སྔ་མ་ལྟ་བའི་ཤེས་པ་ནི། །དང་པོར་རྣམ་རྟོག་མེད་པར་ཡོད། །བྱིས་པ་ལྐུགས་སོགས་ཤེས་པ་དང་། །འདྲ་བ་ཉི་ཚེའི་དངོས་ལས་སྐྱེས། །དེ་ལས་གཞན་ཡང་དངོས་ཆོས་
ནས། །རིགས་ལ་སོགས་པ་གང་གང་གི། །ངེས་པར་བྱེད་པའི་བློ་དེ་ཡང་། །མངོན་སུམ་ཉིད་དུ་འདོད་པ་ཡིན། །ཞེས་སྨྲས་ན། བདེ་བར་གཤེགས་པ་ཁོ་ན་ལ་འདིར་རྟགས་དག་དང་ཆོས་ཅན་གྱི་འབྲེལ་པ་འཛིན་པའི་མཚན་ཉིད་རྣམ་པར་རྟོག་པ་མེད་པའི་མངོན་སུམ་འདི་དག་སྐྱོན་
ཡིན་གྱི། ཁོ་བོ་ཅག་རྟོག་པ་དང་བཅས་པའི་མངོན་སུམ་འདོད་པ་ལ་བཤད་པ་ལྟར་མི་འགྱུར་སྙམ་ན། དེའི་ཕྱིར། དེ་ཡིས་སྐྱོན་བརྗོད་པ་བསལ་བའི་ཕྱིར་དུ་བ་དང་བཅས་པའི་ཕྱོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། མངོན་སུམ་ནི་མདུན་ན་གནས་
པའི་རྟེན་དང་བརྟེན་པ་དུ་བ་དང་ས་ཕྱོགས་ལ་སོགས་པ་བསྒྲུབ་པའི་ངོ་བོས་དུ་བ་ལ་སོགས་པ་རིགས་མཐུན་པ་དང་རིགས་མི་མཐུན་པ་ལས་ལྡོག་པ་ནི་རང་རང་གི་ངོ་བོ་ལ་རྣམ་པར་གནས་པས་ཐམས་ཅད་ཀྱི་ནུས་པ་རྣམས་ཕན་ཚུན་མ་འདྲེས་པའི་ངོ་བོ་ཡིན་པའི་ཕྱིར། དེའི་ནུས་པ་ལས་འབྱུང་བའི་ཇི་ལྟར་
Vol. 189 · folio 194b
གནས་པའི་རྗེས་སུ་བྱེད་པ་ལས་ཕྱིས་དགག་པ་དང་སྒྲུབ་པའི་རྣམ་པར་རྟོག་པ་གཉིས་སྐྱེ་བར་འགྱུར་རོ། །གང་གིས་ས་ཕྱོགས་ཀྱི་དུ་བ་ཆོས་དང་ཆོས་ཅན་དུ་གྲགས་པ་དེ་ཡང་རྟེན་དང་བརྟེན་པ་བཞིན་དུ་འདིར་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བརྟག་པ་སྟེ། ཇི་ལྟར་ཉམས་སུ་མྱོང་བ་གོམས་པ་བསལ་བ་དང་།
ལྷན་ཅིག་བྱེད་པའི་རྐྱེན་གཞན་གྱིས་རྣམ་པར་རྟོག་པ་སྐྱེའོ། །དེའི་ཕྱིར། ཆོས་དང་ཆོས་ཅན་གྱི་ངོ་བོ་ངེས་པ་དང་འབྲེལ་པ། ངེས་པ་མངོན་སུམ་གྱི་རྒྱུ་མཚན་གྱིས་འགྲུབ་པར་འགྱུར་རོ། །དེ་ལྟ་ན་དུ་བ་དེ་ཉིད་ཕྱོགས་ལ་འབྲེལ་པར་ངེས་པ་ནི་གང་འདི་ལ་འདིའོ་ཞེས་ངེས་པར་བྱེད་པ་དང་། དེ་ནི་
རྣམ་པར་རྟོག་པས་ཀྱང་མངོན་སུམ་གྱིས་ཇི་སྐད་དུ་བཤད་པའི་རྣམ་པ་གྲུབ་པ་ཁོ་ན་ཡིན་ཏེ། རྟེན་དང་བརྟེན་པའི་རྣམ་པར་གནས་པ་མེད་པའི་ཕྱིར་རོ། །དངོས་པོ་རྣམ་པ་གཉིས་ལས་གཞན་ཁོ་ན་རྟེན་དང་བརྟེན་པའི་མཚན་ཉིད་འགའ་ཞིག་གི་འབྲེལ་པ་གང་ཡིན་པ་དེ་ནི་མེད་དོ། །མངོན་སུམ་གྱིས་
ཉམས་སུ་མྱོང་བ་ལས་ཕྱི་ནས་རྣམ་པར་འགྱུར་ཏེ། དངོས་པོ་ལས་གྱུར་པ་དེ་བཞིན་དུ་བཀག་པའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་དེ་བཞིན་དུ་གནས་པ་དོན་གཉིས་ལ་བརྟེན་ནས་རྣམ་པར་རྟོག་པ་འདི་སྒྲོ་འདོགས་པ་ཁོ་ན་སྟེ། དེ་ནི་འབྲེལ་པ་དང་འབྲེལ་པ་ཅན་དང་ཐ་དད་པ་ཁྱབ་པར་གཞན་སྤོང་བ་དང་མི་
སྤོང་བ་དག་གིས་འཇིག་རྟེན་ན་ཆོས་ཅན་གྱི་ཐ་སྙད་དུ་བྱེད་ཀྱི་དོན་དམ་པར་མ་ཡིན་ནོ། །སྤྱིའི་ཐ་སྙད་ཀྱང་རིགས་མི་མཐུན་པའི་ལྡོག་པ་དངོས་པོ་ལ་མི་བརྟེན་པ་ནི་མ་ཡིན་པར་རྒྱ་ཆེར་བྱས་སོ། །དེ་དག་ཉིད་ཐ་དད་ཀྱང་ཉམས་སུ་མྱོང་བའི་སྒོ་ནས་རིགས་མི་མཐུན་པ་ལས་ལྡོག་པས་དབེན་པའི་ངོ་བོ་ཅན་
ནི་གཅིག་ཏུ་ངེས་པའི་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། གཅིག་རྟོགས་དོན་ཤེས་ལ་སོགས་པ། །དོན་གཅིག་སྒྲུབ་ལ་ཁ་ཅིག་ནི། །ཐ་དད་ཡིན་ཡང་རང་བཞིན་གྱིས། །ངེས་ཏེ་དབང་པོ་ལ་སོགས་བཞིན། །ཞེས་བྱ་བ་གསུངས་སོ། །དེས་ན་སྤྱིའི་རྣམ་པར་རྟོག་པའི་དྲན་པ་
ཁོ་ན་བཟང་བ་ལ་འཛིན་པ་ཡིན་ལ། དེར་སྣང་བའི་དུ་བའི་རྣམ་པ་དང་རིགས་མི་མཐུན་པ་ལས་ལྡོག་པ་ནི་མངོན་སུམ་ཁོ་ནས་འཛིན་པའི་ཕྱིར་རོ། །རིགས་མི་མཐུན་པ་ལས་ལྡོག་པ་ནི་ལོག་པ་ལས་གཞན་མ་ཡིན་ཏེ། གང་འགའ་ཞིག་མངོན་སུམ་གྱིས་མི་འཛིན་པར་འགྱུར་རོ། །དེའི་ཕྱིར་
Vol. 189 · folio 195a
ཇི་ལྟར་མཐོང་བའི་དུ་བ་ལ་སོགས་པ་རང་གི་མཚན་ཉིད་གཞན་ལས་ལྡོག་པ་ནི་བདག་གིས་བརྟགས་པ་ཡིན་ནོ་ཞེས་རྟོགས་པར་བྱེད་པ་པོ་ཡང་ངེས་པའི་དབང་གིས་དྲན་པ་ཉིད་ཀྱི་རྣམ་པར་རྟོག་པ་ཡང་རྣམ་པ་གཉིས་ཏེ། མངོན་སུམ་གྱི་སྟོབས་ལས་བྱུང་བ་ཉིད་ནི་དངོས་པོའི་ཡུལ་མེད་
པ་ཡང་ཡིན་ནོ། །དེའི་ཕྱིར་གང་། སྤྱི་ནི་ཉམས་མྱོང་མེད་པས་ན། །དྲན་དང་རྣམ་པར་ཤེས་པ་འདི། །ཐ་དད་མེད་པར་གང་བརྗོད་ན། །ངེས་པར་དྲན་པའི་ནུས་པ་ཡིས། །མོ་གཤམ་བུ་ཡང་ཡོད་པར་འགྱུར། །ཞེས་བྱ་བ་བཤད་པ་དེ་དག་ཀྱང་གསལ་བ་ཡིན་ནོ། །ཡང་ན་གཞོན་ནུ་མ་ལེན་
གྱིས་སྨྲས་པ་མངོན་སུམ་གྱི་ཡུལ་ནི་རང་གི་མཚན་ཉིད་ཡིན་ལ་རྗེས་སུ་དཔག་པའི་ཡུལ་ནི་སྤྱིའི་མཚན་ཉིད་ཡིན་ནོ་ཞེས་བརྗོད་པས་དུ་བ་ལ་སོགས་པའི་སྤྱི་ནི་རྗེས་སུ་དཔག་པའི་གཟུང་བ་ཁོ་ན་སྟེ། །དེ་ལ་རྟགས་འཛིན་པ་ཡང་ཐུག་པ་མེད་པར་འགྱུར་ཏེ་རྗེས་སུ་དཔག་པ་དེ་ནི་གཞན་གྱི་སྟོབས་ཀྱིས་སྐྱེ་ལ་
དེ་ཡང་སྤྱིའི་ངོ་བོ་སྟེ། དེ་རྗེས་སུ་དཔག་པ་གཞན་གྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དེ་ཡང་འགའ་ཞིག་གི་རྟགས་གཅིག་ཀྱང་དུས་སྟོང་ཕྲག་གིས་ཀྱང་རྟོགས་པར་བྱེད་པ་མེད་ན་ཀྱེ་མ་ཅི་སྐྱེས་བུའི་ཚེ་ཐུང་ངུ་ཡིས་ཡིན་ནམ། དེ་སྐད་དུ། རྗེས་སུ་དཔག་པ་མེད་ན་ནི། །གང་གི་སྤྱི་
རྟོགས་མེད་པ་དང་། །རྟགས་ནི་རྣམ་པར་བསལ་བ་ན། །རྗེས་སུ་དཔག་པ་འཇུག་པ་མེད། །སྤྱི་མ་ཡིན་པའི་རྟགས་ཀྱང་ནི། །འགའ་ཞིག་ཀྱང་ནི་མི་འདོད་ན། །རྟགས་ནི་རྟོགས་པ་མེད་པ་ཡི། །ཅུང་ཟད་ཡོད་པར་བསྟན་དུ་མེད། །དེ་ཡང་རྗེས་སུ་དཔག་པ་ནི། །གཞན་གྱིས་རྟོགས་པར་
འགྱུར་ན་སླར། །དེ་ལས་བྱུང་བའི་རྟགས་ལས་ནི། །སྤྱི་ཤེས་པ་དང་འབྲེལ་པ་ལས། །དེའི་ཡང་རྗེས་སུ་དཔག་པ་ཉིད། །རྟགས་ལས་ཀྱང་ནི་ཡང་དག་བྱུང་། །རྗེས་སུ་དཔག་པ་གཞན་ཉིད་ཀྱི། །དེ་བཞིན་ཤེས་པར་བརྟག་ན་ནི། །རྟགས་དང་རྟགས་ཅན་རྗེས་དཔག་དག །མཐའ་ཡས་
ཕྱིར་ན་རྟགས་གཅིག་ལ། །དུས་མི་སྟོང་ཕྲག་མང་པོས་ཀྱང་། །རྟོགས་པར་བྱེད་པ་ཡོད་མ་ཡིན། །ཅེས་དོགས་པ་ལ་དུ་བ་དང་བཅས་པའི་ཕྱོགས་ཞེས་པ་ལ་སོགས་པ་སྨོས་པ་ནི་འདི་སྙམ་དུ་དགོས་པ་ཡིན་ཏེ། རྗེས་སུ་དཔག་པ་ལས་གཞན་གང་གིས་སྤྱི་རྟོགས་པ་མེད་ན་ནི་ཁྱོད་ཟེར་བའི་སྐྱོན་
Vol. 189 · folio 195b
འདིར་འགྱུར་ན། ཁོ་བོ་ཅག་མངོན་སུམ་གྱི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པས་ཀྱང་རང་བཞིན་གྱིས་འཁྲུལ་པས་སྤྱི་རྟོགས་ཏེ། དཔེར་ན་ནོར་བུའི་འོད་ལས་ནོར་བུ་འཁྲུལ་པ་བཞིན་དུ་རྟགས་ཀྱི་རྣམ་པར་རྟོག་པ་རང་གི་མཚན་ཉིད་ལ་རྟེན་པའི་ཕྱིར་བརྒྱུད་པས་དངོས་པོ་དང་འབྲེལ་པས་མི་སླུ་བ་ཡིན་
ནོ། །འབྲས་བུའི་གཏན་ཚིགས་ཉིད་ཀྱང་རྣམ་པར་རྟོག་པ་ལ་སྣང་བའི་དུ་བའི་སྤྱི་རྟགས་སུ་འཇོག་པ་ནི་དུ་བ་མཐོང་བ་ལ་བརྟེན་ནས་དེར་ངེས་པ་ཡིན་ནོ། །དུ་བའི་རང་གི་མཚན་ཉིད་ཀྱི་དུ་བ་ནི་རྟགས་སུ་གཞག་པར་རིགས་པ་མ་ཡིན་ནོ། །དེ་ཐུན་མོང་མ་ཡིན་པ་མཐུན་པའི་ཕྱོགས་ལ་འཇུག་པ་མེད་པའི་ཕྱིར་
དེའི་ཆས་ཁྱབ་པ་མི་རིགས་སོ། །བསྒྲུབ་བྱ་སྒྲུབ་བྱེད་བརྟགས་པ་ལ། དངོས་པོ་མཐོང་བ་མེད་པའི་ཕྱིར། །ཞེས་པ་དང་། སྤྱིའི་མཚན་ཉིད་ནི་རྗེས་སུ་དཔག་པའི་ཡུལ་ཡིན་ནོ་ཞེས་བྱ་བ་ཡང་གང་གསུངས་པ་ན། དེ་ལ་སྤྱིའི་མཚན་ཉིད་ནི་རྗེས་སུ་དཔག་པ་ཁོ་ནའི་ཡུལ་ཡིན་ནོ་ཞེས་ངེས་པར་གཟུང་བར་
མི་བྱ་སྟེ། མངོན་སུམ་གྱི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་དང་། དེ་ནི་རྣམ་པར་རྟོག་པ་གཞན་གྱིའང་ཡུལ་ཡིན་པའི་ཕྱིར་རོ། །འོན་ཀྱང་སྤྱིའི་མཚན་ཉིད་ཁོ་ན་རྗེས་སུ་དཔག་པའི་ཡུལ་ཡིན་ནོ་ཞེ་ན། ངེས་པར་གཟུང་བས་རང་གི་མཚན་ཉིད་ཡུལ་ཡིན་པ་དགག་པའི་ཕྱིར་རོ། །དེ་ལ་དུ་བ་དང་
ལྷན་ཅིག་ཏུ་གནས་པ་ནི་དུ་བ་དང་བཅས་པའི་ཞེས་བྱ་བས་ཕྱོགས་ཀྱི་ཆོས་ཀྱི་དོན་བསྟན་པ་ཉིད་རིགས་པ་དང་། སྒྲུབ་པའི་རྣམ་པར་རྟོག་པ་འདིའི་ས་བོན་དུ་བ་དང་བཅས་པ་མཐོང་བ་དང་ལྡན་པ་མངོན་སུམ་གྱིས་ཞེས་བྱ་བར་འབྲེལ་ཏོ། །ཅི་འདྲ་བ་ཞེ་ན། དོན་གཞན་གྱིས་དབེན་པའི་ངོ་བོའོ། །དོན་
གཞན་ནི་རིགས་མཐུན་པ་དང་། རིགས་མི་མཐུན་པའོ། །དབེན་པ་ནི་མ་འབྲེལ་པའོ་ཞེས་འདིར་རྣམ་པར་སྦྱར་རོ། །དངོས་པོ་ཐམས་ཅད་རང་རང་གི་ངོ་བོ་ལ་རྣམ་པར་གནས་པ་ཡིན་ཏེ། རང་གི་ངོ་བོ་ལ་འདྲེ་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཐམས་ཅད་ཐམས་ཅད་ལ་ཉེ་བར་སྦྱོར་བར་ཐལ་བར་འགྱུར་རོ། །
འདིས་ནི་དགག་པའི་རྣམ་པར་རྟོག་པའི་རྒྱུ་མཚན་བཤད་པ་དང་སྤྱིར་ཉེ་བར་རྟོགས་པའི་ས་བོན་ཡིན་ཏེ། དེ་སྐད་དུ། །མིང་དོན་གང་ལྡན་ཕན་ཚུན་དུ། །ཐ་དད་པ་འདི་ས་བོན་ཡིན། །ཅེས་བཤད་དོ། །འདི་ལྟར་དོན་གཞན་ལས་ལྡོག་པ་ནི་ཕན་ཚུན་ཐ་དད་ཀྱང་སྤྱིར་ཉེ་བར་མཐོང་བས་དེ་དག་ཐ་དད་པའི་ངོ་བོ་
Vol. 189 · folio 196a
མི་མངོན་པ་ལ་ཐ་མི་དད་པའི་རང་བཞིན་དུ་སྒྲོ་བཏགས་ནས་རྣམ་པར་རྟོག་པ་སྐྱེའོ། །ཐུན་མོང་མ་ཡིན་པའི་བདག་ཉིད་ཅེས་བྱ་བ་ནི་དོན་གཞན་ལས་ཐ་དད་པའི་ངོ་བོ་སྟེ། ཇི་ལྟར་གཞོན་ནུ་མ་ལེན་གྱིས་དོན་གཞན་གྱིས་དབེན་པའི་ངོ་བོ་དངོས་པོ་མེད་པའི་ཚད་མས་བཟུང་བ་ཡིན་གྱི་མངོན་
སུམ་གྱི་ངེས་པ་ནི་མ་ཡིན་ནོ་སྙམ་དུ་བསམ་པ་ལྟར་མ་ཡིན་ཏེ། དངོས་པོའི་ནུས་པ་ལས་བྱུང་བའི་མངོན་སུམ་ལས་གཞན་དུ་མཐོང་བ་ནི་མི་སྲིད་དེ་འཁྲུལ་པ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ན་བདག་ཉིད་མཐོང་བ་དང་ལྡན་པར་གྱུར་པའི་སྐྱེས་བུ་ལ་དེ་མ་ཐག་ཏུ་དྲན་པ་རྟགས་ཤེས་པ་སྐྱེའོ་ཞེས་བྱ་བར་འབྲེལ་
ཏོ། །དྲན་པ་ནི་དྲན་པའོ། །རྟགས་སྣང་བའི་ཤེས་པ་ནི་རྟགས་ཤེས་པའོ། །འདི་མངོན་སུམ་གྱི་རྗེས་ལ་བྱུང་བའི་རྟོགས་པ་ལ་སྤྱི་སྣང་བས་ངེས་རྟགས་རྣམ་པར་འཇོག་གོ། །དོན་དམ་པ་ཡུལ་ཅི་ཞིག་ཡིན་ཞེ་ན། འདི་ལྟར་མཐོང་བ་ཐ་དད་པའི་ཡུལ་ཅན་ཞེས་བྱ་བ་སྨོས་སོ། །གང་དང་གང་དུ་བ་ལ་སོགས་པ་
མཐོང་བ་ནི་ཇི་ལྟར་མཐོང་བའོ། །དེ་ཐ་དད་པ་ནི་དོན་དམ་པར་དེ་གཞན་ལས་ལྡོག་པའི་ཡུལ་ཅན་གྱི་རྟགས་ཤེས་པ་གང་དགག་པ་དང་སྒྲུབ་པའི་བདག་ཉིད་དོ། །དེ་ནི་དེ་སྐད་དུ། ངེས་པའི་ཤེས་པ་རྣམས་ནི་སྒྲོ་འདོགས་པ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡུལ་མེད་ཀྱང་དེའི་ཡུལ་དུ་བརྗོད་དོ་ཞེས་གསུངས་
སོ། །རྟོགས་པར་བྱེད་པ་པོས་ངེས་པའི་དོན་ནི་ཇི་ལྟར་མཐོང་བ་ཐ་དད་པ་དེའི་ཡུལ་ཅན་ཡིན་པ་དེའི་ཕྱིར་དྲན་པའི་ངོ་བོ་དོན་དམ་པ་མ་ཡིན་ནོ། །རྣམ་པར་རྟོག་པས་ཇི་ལྟར་མཐོང་བའི་དངོས་པོ་ལས་གྱུར་པ་ཐ་དད་པ་ལ་རེག་པ་མེད་པའི་ཕྱིར་རོ། །འོ་ན་ནི་ཁྱེད་དེ་ལྟར་བརྗོད་པ་ན་ཁོ་བོ་ཅག་གི་འདོད་པའི་རྗེས་སུ་
འབྲངས་པ་ཁོ་ན་སྟེ། རང་དང་གཞན་གྱི་ངོ་བོ་ཡོད་པ་དང་མེད་པ་དག་གི་བདག་ཉིད་ཁོ་ནའི་དངོས་པོ་མཐོང་བ་ནི་དགག་པ་སྒྲུབ་པའི་རྟོགས་པ་ཁས་བླངས་པའི་ཕྱིར་དང་མཐོང་བའི་ལྟ་བའི་ཤེས་པའི་མིང་ཡིན་ནོ། །ཁོ་བོ་ཅག་མངོན་སུམ་སྒྲུབ་པའི་རྣམ་པར་རྟོག་པ་ལ་ཁྱེད་ཀྱང་མངོན་སུམ་གྱི་ཚད་མ་ཉིད་དེར་སྣང་
བར་བརྗོད་དོ། །ཐམས་ཅད་རིགས་མཐུན་པའི་རྗེས་སུ་འགྲོ་བའི་སྤྱིའི་ངོ་བོ་མཐོང་བས་མ་རྟོགས་པ་རྟོགས་པ་ཡིན་པའི་ཕྱིར་རོ། །དེ་ནི་སྔར་མེད་དོན་ཤེས་པ། །ངེས་པ་གནོད་པ་སྤངས་པ་དང་། །མ་ཉམས་རྒྱུ་ལས་བྱུང་བ་ནི། །ཚད་མར་འཇིག་རྟེན་ཡང་དག་འདོད། །ཅེས་བྱ་བའི་ཚད་མའི་མཚན་
Vol. 189 · folio 196b
ཉིད་དང་ལྡན་པ་དང་ཡོད་པའི་དོན་དང་འབྲེལ་པར་གྱུར་པ་དང་དབང་པོ་རྣམས་ཡོད་པའོ། །དགག་པའི་རྣམ་པར་རྟོག་པ་ཡང་མེད་པའི་ཚད་མའི་འབྲས་བུ་དངོས་པོ་མེད་པར་བཤད་པ་ནི་ཚད་མ་གཞན་གྱི་ཡིན་ནོ། །དངོས་པོའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་མངོན་སུམ་ལ་སོགས་པ་དེས་ནི་མེད་པའི་ཆ་མ་ཡིན་
ལ་དངོས་པོ་ཉིད་རྟོགས་པ་ཡིན་ཏེ། དེ་ནི་ཡོད་པའི་ཆའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དགག་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པ་ཉིད་ཀྱིས་དེ་དངོས་པོ་མེད་པའི་ཚད་མར་བཤད་དོ། །ཇི་ལྟར་གཟུགས་ལ་སོགས་པ་ཤེས་པ་བསྐྱེད་པ་ཉིད་ཀྱི་དབང་པོའི་མངོན་སུམ་ཞེས་བྱའོ། །དེ་ལ་དེ་
ལྟ་བུ་ཉིད་འབའ་ཞིག་ནི་དྲན་པའི་རྟགས་ཤེས་པ་ཞེས་བྱ་བ་མི་རིགས་ཏེ། སྒྲུབ་པའི་རྣམ་པར་རྟོག་པ་ནི་སྤྱི་མ་བཟུང་བས་དྲན་པ་ཉིད་སྲིད་པའི་ཕྱིར་རོ། །དགག་པའི་རྣམ་པར་རྟོག་པ་ལ་ཡང་རྟགས་ཤེས་པ་མི་འདོད་དོ། །འདི་ག་ལས་ཤེ་ན་དྲན་པ་ཉིད་དེས་སྤྱི་བཟུང་བ་ལ་འཛིན་པ་དང་། མེད་པའི་
ཆ་འཛིན་པ་ཡིན་ནོ་ཞེས་རྒྱལ་དཔོག་པ་རྣམས་ཀྱིས་བརྗོད་པའི་དོགས་པའི་གནས་སྐབས་མཐོང་ནས་དགག་པ་དང་སྒྲུབ་པའི་རྣམ་པར་རྟོག་པ་ཚད་མ་དང་ཚད་མ་མ་ཡིན་པ་དཔྱད་པ་རྩོམ་པ་ནི་དེ་ལ་དེ་རྣམས་མཐོང་བ་ལ་དགག་པ་དང་སྒྲུབ་པའི་རྣམ་པར་རྟོག་པ་རྣམས་ཀྱི་དང་པོ་གང་ཡིན་པ་འདི་ནི། སྔ་མར་
ལྟ་བའི་ཤེས་པ་ནི། །ཐོག་མར་རྟོག་པ་མེད་པ་ཡོད། །ཅེས་བྱ་བ་ལ་སོགས་པ་རྣམ་པར་རྟོག་པ་མེད་པའི་རབ་ཏུ་འཇུག་པ་ཞེས་བྱ་བ་དང་པོར་བཤད་པ་ཡུལ་ཐུན་མོང་མ་ཡིན་པ་ནི་རང་གི་མཚན་ཉིད་ཀྱི་ཡུལ་བསྟན་པ་དེ་ཉིད་ཚད་མ་ཡིན་གྱི་དགག་པ་དང་སྒྲུབ་པའི་རྣམ་པར་རྟོག་པ་ཡང་མ་ཡིན་ཏེ་དེ་ཉིད་ལ་ཚད་མའི་
མཚན་ཉིད་རིགས་པའི་ཕྱིར་དང་ཅིག་ཤོས་ལ་མི་སྲིད་པའི་ཕྱིར་རོ། །འདི་ལྟར་མ་རྟོགས་པའི་ཡུལ་ཅན་དང་དོན་བྱེད་པ་སྒྲུབ་པར་བྱེད་པའི་ཡུལ་ཅན་གྱི་ཚད་མའི་མཚན་ཉིད་བསྟན་པ་ཉིད་མཐོང་བ་ལ་ཡོད་པ་ཡིན་ཏེ། དེ་ལ་དང་པོ་ཞེས་བྱ་བ་ནི་སྔར་མེད་པའི་དོན་གྱི་རྣམ་པར་ཤེས་པ་བཤད་དོ། །ཡུལ་ཐུན་མོང་མ་
ཡིན་པ་ཞེས་བྱ་བ་ནི་དོན་བྱེད་པ་སྒྲུབ་པའི་ཡུལ་ཉིད་དེ། རང་གི་མཚན་ཉིད་ཀྱིས་དོན་བྱེད་པ་སྒྲུབ་པར་ནུས་པའི་ཕྱིར་རོ། །དེ་ལ་རེ་ཞིག་དགག་པའི་རྣམ་པར་རྟོག་པ་ནི་མངོན་སུམ་གྱིས་བཟུང་བའི་དོན་གྱི་ཡུལ་གྱིས་དྲན་པ་བསྟན་པ་ཡིན་ཏེ། དེ་ལ་ཞེས་བྱ་བ་སྨོས་ཏེ། ཐུན་མོང་མ་ཡིན་པ་དེ་ལྟར་གྱུར་པ་དོན་གཞན་
Vol. 189 · folio 197a
དང་མ་འབྲེལ་པའི་ངོ་བོ་མཐོང་བས་མ་འདྲེས་པའི་ངོ་བོའི་ནུས་པ་ལས་བྱུང་བ་མཐོང་བ་རྟོགས་པར་གྱུར་པ་དེ་ལྟ་ན་ཡོད་པའི་ཆ་ལས་ཐ་དད་པ་མེད་པའི་ཆ་འདོད་པ་ཡང་ཡོད་པའི་ཆའི་རང་བཞིན་མ་འདྲེས་པའི་ངོ་བོའི་བརྟགས་པ་ན་གཞན་དུ་ནི་མེད་པའི་ཆ་དེ་ཉིད་མི་འགྲུབ་བོ། །རང་བཞིན་
གྱིས་མ་འདྲེས་པའི་ངོ་བོ་མེད་ན་མེད་པའི་ཆ་ཡོད་པར་གྱུར་པ་ཡང་རིགས་པ་མ་ཡིན་ནོ། །འདྲེས་པའི་ངོ་བོ་ནི་རང་གི་རྒྱུའི་སྟོབས་ལས་འོངས་པ་ཅུང་ཟད་ཅིག་ཀྱང་བྱེད་པ་མེད་པའི་ཆས་སྲིད་ཀྱང་སྤང་བར་མི་རིགས་པའི་ཕྱིར་དང་། དེ་ཉིད་ཀྱིས་ན་དེ་འཇིག་པ་ལ་འཇིག་པའི་རྒྱུ་མི་རིགས་སོ་ཞེས་འཆད་པར་འགྱུར་
བའི་ཕྱིར་རོ། །དེས་འདྲེས་པའི་ངོ་བོ་འཇིག་པ་ནི་རང་གི་རྒྱུ་ཁོ་ནའི་རང་བཞིན་མ་འདྲེས་པའི་ངོ་བོ་ལས་སྐྱེས་ན་མཛེས་ཀྱི། ཅི་དཀའ་ཐུབ་ཀྱི་ལ་ཏུ་བའི་རིགས་པ་ཁས་ལེན་པར་བྱེད་དམ། དེའི་ཕྱིར་རང་བཞིན་ཁོ་ན་ཡོད་པ་རྣམ་ལ་གཞན་པའི་ངོ་བོ་བརྟག་པའི་ཕྱིར་མེད་པའི་ཆ་ནི་གཞིན་མ་ཡིན་ནོ། །དེ་ཡང་དེ་
ལྟར་མཐོང་ནས་འཛིན་པ་ཁོ་ནའོ། །དེའི་ཚེ་དེ་ལྟར་གྱུར་པ་དེའི་དོན་གང་དང་གང་གིས་ཐུན་མོང་མ་ཡིན་པར་མཐོང་བའི་དངོས་པོ་ནི་སྤྱིའི་ངོ་བོ་མ་ཡིན་ཏེ། དེའི་ངོ་བོ་མ་ཚང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཐུན་མོང་མ་ཡིན་པ་དེ་དང་དེས་མ་ཡིན་པའི་ངོ་བོ་ནི་སྤྱིའི་རང་བཞིན་མ་ཡིན་པ་དེ་དག་ཉིད་གསལ་བར་
བྱེད་དོ། །དེའི་ཕྱིར་དོན་གཞན་ལས་ཐ་དད་པ་མཚན་ཉིད་མི་མཐུན་པའི་འདི་གཞན་གྱི་ངོ་བོ་མ་ཡིན་པའི་ཕྱིར་རོ། །མངོན་པར་བརྗོད་པ་ནི་མངོན་དུ་སྨྲས་པའོ། །མཚན་ཉིད་མི་མཐུན་པར་རབ་ཏུ་འཇུག་པར་མཐོང་བའི་མངོན་སུམ་གྱི་སྟོབས་ཀྱིས་དྲན་པ་སྐྱེས་པ་ཡིན་གྱི། གང་རྟགས་ཀྱི་སྟོབས་ཀྱིས་བསྐྱེད་
པའི་རྣམ་པར་བཅད་པའི་ཡུལ་ལ་ཡང་དྲན་པ་ཡོད་པ་ནི་མ་ཡིན་པའི་ཕྱིར་རོ། །ཡུལ་ཅི་ཞིག་ཅེ་ན། དེ་མ་ཡིན་པ་ལ་ལྡོག་པའི་ཡུལ་ཅན་ནོ། །དེའི་སྒྲས་ནི་མཐོང་བའི་ཡུལ་གྱི་དངོས་པོ་ལ་སྙེགས་སོ། །དེ་མ་ཡིན་པ་ནི་རིགས་མི་མཐུན་པ་དེ་མ་ཡིན་པའོ། །དེ་ལས་ལྡོག་པ་ནི་དེ་མ་ཡིན་པ་ལས་ལྡོག་
པའོ། །དེའི་ཡུལ་གང་ཡིན་པ་དེ་ནི་དེ་བཞིན་དུ་སྟེ། ཇི་ལྟར་མཐོང་བ་ཉིད་དོན་གཞན་དག་ལས་ཐ་དད་པར་བརྟགས་པ་ནི་རྟོགས་པར་བྱེད་པ་པོས་མངོན་པར་ཞེན་ནས་དེ་སྐད་བརྗོད་ཀྱི་དོན་དམ་པར་ཡུལ་མེད་པའི་ཕྱིར་རོ། །དེ་ཚད་མ་ཡིན་པ་ནི་མེད་པ་ཚད་མའི་འབྲས་བུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དྲན་པ་
Vol. 189 · folio 197b
སྐྱེད་པར་བྱེད་པས་ཚད་མར་མི་རིགས་སོ། །ཅིའི་ཕྱིར་ཚད་མ་མ་ཡིན་ཞེ་ན། ཇི་ལྟར་མཐོང་བའི་རྣམ་པ་གསལ་བ་ལ་སོགས་པ་རྐྱེན་གཞན་ལ་ལྟོས་པ་དང་བཅས་པའི་བྱེ་བྲག་དེ་འཛིན་པའི་ཕྱིར་རོ། །མཐོང་ངོ་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་གཟུང་བར་བྱ་བའི་མ་ཡིན་ཏེ། མཐོང་བར་ཁྱད་པར་མེད་པའི་
ཕྱིར་རྣམ་པ་ཐམས་ཅད་ལ་རྣམ་པར་རྟོག་པ་སྐྱེ་བར་ཐལ་བར་འགྱུར་རོ། །འོན་ཀྱང་འགའ་ཞིག་གོམས་པ་ལ་སོགས་པའི་རྐྱེན་ལ་ལྟོས་པའི་ཕྱིར་རྣམ་པ་འཛིན་པར་བརྗོད་དོ། །ཁྱེད་ཀྱང་ཇི་ལྟར་མཐོང་བའི་རྣམ་པ་འཛིན་པ་ཡིན་ཡང་། ཅིའི་ཕྱིར་ཚད་མའི་མཚན་ཉིད་བརྗོད་པ་དེ་བསལ་བར་བསྟན་
པའི་ཕྱིར་སྔ་མ་ལྟ་བའི་ཤེས་པ་སྐྱེ་བའི་དུས་སུ་ཐུན་མོང་མ་ཡིན་ལ་མ་འདྲེས་པའི་ངོ་བོ་མཐོང་ནས་ཐུན་མོང་མ་ཡིན་པ་ནི་དོན་གཞན་གྱི་ངོ་བོར་མི་འགྱུར་རོ་ཞེས་མངོན་པར་བརྗོད་པ་ནི་མངོན་པར་བརྟགས་པའོ། །དགག་པའི་རྣམ་པར་རྟོག་པ་ནི་སྔོན་མེད་པའི་དོན་རྟོགས་པ་མེད་པའི་ཕྱིར་སྔོན་མེད་པའི་དོན་
རྣམ་པར་ཤེས་པ་སྤངས་པ་ཡིན་ནོ། །སྔར་མེད་པའི་དོན་གྱི་རྣམ་པར་ཤེས་པ་ཚད་མ་ཡིན་ནོ་ཞེས་ཁྱེད་ཀྱིས་བརྗོད་དོ། །ཇི་སྐད་བཤད་པའི་རྣམ་པས་དགག་པའི་རྣམ་པར་རྟོག་པ་ཚད་མ་མ་ཡིན་ནོ། །དེ་ལྟ་ན་ནི་སྒྲུབ་པའི་རྣམ་པར་རྟོག་པ་ཚད་མར་འགྱུར་ཏེ། དེ་སྔོན་མེད་པའི་རྣམ་པར་ཤེས་པ་མི་སྲིད་
པ་མ་ཡིན་ཏེ། དེ་སོ་སོར་སྣང་བའི་རྗེས་སུ་བྱེད་པའི་སྤྱིའི་རྣམ་པ་ནི་ཐུན་མོང་མ་ཡིན་པའི་ངོ་བོ་ལ་དམིགས་པ་ནི་མ་མཐོང་བས་མ་རྟོགས་པས་རྟོགས་པའི་ཕྱིར། དེ་གང་གིས་ན་ཚད་མ་མ་ཡིན། དེ་སྐད་དུ། དེ་ལས་གཞན་ཡང་དངོས་ཆོས་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་འདི་དག་གཞོན་ནུ་མ་ལེན་གྱིས་
བརྗོད་པའི་དོགས་པ་བསུ་ནས་སྒྲུབ་པའི་རྣམ་པར་རྟོག་པའི་ཚད་མ་ཡང་བསལ་བ་ནི། དོན་བྱེད་པ་བསྒྲུབ་པ་ཞེས་བྱ་བ་སྨོས་ཏེ། རང་གི་མཚན་ཉིད་ལ་ལྟ་བའི་ཤེས་པས་མཐོང་བའི་ཕྱིར་དང་། དེ་བསྒྲུབ་པ་མཐོང་བ་མེད་པ་ནི་དོན་བྱེད་པ་སྒྲུབ་པའི་ངོ་བོ་རྣམ་པར་རྟོག་པས་རྟོགས་པ་མེད་པས་སྒྲུབ་པའི་རྣམ་
པར་རྟོག་པ་ཚད་མ་མ་ཡིན་ནོ། །གལ་ཏེ་དེས་ཀྱང་མ་རྟོགས་པའི་སྤྱི་རྟོགས་པ་ཡིན་ནོ་ཞེས་བརྗོད་པ་དེ་ལྟ་ན་ཡང་དེའི་དོན་བྱེད་པ་སྒྲུབ་པ་མ་ཡིན་པའི་ཕྱིར་དེའི་རྟོག་པ་ནི་རབ་རིབ་ཅན་གྱི་ཤེས་པ་ལ་སོགས་པ་བཤད་པ་བཞིན་དུ་སྒྲུབ་པའི་རྣམ་པར་རྟོག་པ་ཚད་མ་མ་ཡིན་ནོ། །དེ་ལ་གཞན་ཡང་དངོས་ཆོས་ནི། །
Vol. 189 · folio 198a
རིགས་ལ་སོགས་པ་གང་གང་གི། །བློ་ཡིས་ངེས་པ་ཞེས་བརྗོད་དོ། །དེ་ལས་གཞན་ཡང་དངོས་པོ་འཛིན་པ་རྣམ་པར་མི་རྟོག་པའི་མངོན་སུམ་གྱི་ཡུལ་ཉིད་ནི་དངོས་པོའོ། །རིགས་ལ་སོགས་པ་ནི་བྱེ་བྲག་ཏུ་རྟོགས་པ་ནི་བློ་ཡིས་མངོན་པར་ཞེན་པར་བརྗོད་དེ། དེ་ནི་རྣམ་པར་
མི་རྟོག་པའི་ཤེས་པས་རྟོགས་པས་དེ་ལ་ཚད་མ་ཡིན་གྱི། རིགས་ནི་དོན་བྱེད་པ་སྒྲུབ་པ་མེད་པའི་ཕྱིར། སྐྲ་ཤད་ལ་སོགས་པའི་ཤེས་པ་བཞིན་དུ་མ་རྟོགས་པ་རྟོགས་པ་ཚད་མ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དོན་བྱེད་པའི་ནུས་པས་སྟོང་པའི་སྤྱི་ནི་དབང་པོ་དང་འབྲེལ་པ་མེད་པའི་ཕྱིར་མངོན་སུམ་སྲིད་པ་མ་
ཡིན་ནོ། །དང་གི་སྒྲས་ནི་དྲན་པ་ཉིད་དང་ཞེས་སྔར་བཤད་ཟིན་པ་བསྡུའོ། །དྲན་པ་ཉིད་ཀྱང་ཕྱིས་བཤད་པར་བྱའོ། །རྗེས་སུ་དཔག་པ་བཞིན་ཅེས་བྱ་བའི་ཆོས་མི་མཐུན་པའི་དཔེ་ཡིན་ནོ། །ཇི་ལྟར་མངོན་སུམ་གྱིས་དོན་བྱེད་པ་སྒྲུབ་པའི་ས་ཕྱོགས་ཆོས་ཅན་རྟོགས་ཀྱང་མེ་དོན་བྱེད་པ་སྒྲུབ་པའི་
སྤྱིའི་རྣམ་པ་ལྐོག་ཏུ་གྱུར་པ་རྟོགས་པ་མེད་དོ། །རང་གི་མཚན་ཉིད་ཀྱིས་རྣམ་པར་རྟོག་པར་མི་ནུས་པའི་ཕྱིར་རོ། །རྟོགས་པར་བྱེད་པ་པོས་སྒྲུབ་པའི་རྣམ་པར་རྟོག་པ་སྤྱིའི་རྣམ་པ་དོན་བྱེད་པ་སྒྲུབ་པ་མ་རྟོགས་པ་རྟོགས་པ་མེད་དོ། །དེ་ལྟ་བའི་ཤེས་པས་རྟོགས་པ་དེའི་ཕྱིར་དྲན་པ་ཞེས་བྱ་བ་འདིར་
ཚད་མ་མ་ཡིན་ནོ། །གལ་ཏེ་དོན་བྱེད་པ་སྒྲུབ་པར་བྱེད་པའི་ཡུལ་ཁོ་ན་ལ་ཚད་མ་ཡིན་གྱི་ཅིག་ཤོས་ལ་མ་ཡིན་ནོ་ཞེས་བྱ་བ་ག་ལས་ཤེས་ཤེ་ན། གང་གི་ཕྱིར་དོན་བྱེད་པ་དོན་དུ་གཉེར་བའི་སྐྱེས་བུ་ནི་ཕན་པ་དང་མི་ཕན་པ་ཐོབ་པ་དང་། ཡོངས་སུ་སྤངས་པ་ཐམས་ཅད་དོན་དུ་གཉེར་གྱི་བྱ་རོག་དང་
ཏ་ལའི་རིགས་པས་ནི་འགའ་ཞིག་ཀྱང་མ་ཡིན་ཏེ། རྟོག་པ་དང་ལྡན་པ་བློ་སྔོན་དུ་གཏོང་བ་ཚད་མའམ་ཚད་མ་མ་ཡིན་པ་ཞིག་ཡིན། ཚད་མ་ལས་ནི་ཐམས་ཅད་དུ་འཇུག་པར་བྱེད་ཀྱི། ཚད་མ་མ་ཡིན་པས་ནི་འགའ་ཞིག་གི་ཚེ་ཡང་མ་ཡིན་ཏེ། སླུ་བ་སྲིད་པའི་ཕྱིར་རོ་ཞེས་གཉི་ག་ཚོལ་བ་ཡིན་གྱི་
ཉོན་མོངས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དོན་བྱེད་པ་སྒྲུབ་པར་བྱེད་པའི་ཡུལ་ཁོ་ན་ལ་ཚད་མར་བརྗོད་དེ། དེའི་དོན་བྱེད་པ་སྒྲུབ་པ་ནི་འཇུག་པའི་ཡན་ལག་ཡིན་པའི་ཕྱིར་དང་། ཅིག་ཤོས་ནི་བཟློག་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ནི་ཚད་མ་ནི་མི་སླུ་བར་བྱེད་པ་མ་འཁྲུལ་པ་ཞེས་འཇིག་རྟེན་ཡང་
Vol. 189 · folio 198b
བརྗོད་དོ། །གང་དོན་བྱེད་པ་སྒྲུབ་པ་མ་རྟོགས་ན་དེ་ལ་འཇུག་པ་མེད་པས་འདི་ག་ལས་ཐོབ་པ་ཡིན། དེ་ཇི་ལྟར་མི་སླུ་བར་བྱེད་པ་དེ་རྟོགས་པ་སྔོན་དུ་གཏོང་བར་བྱེད་པས་ཚད་མར་བརྗོད་པར་འགྱུར། གལ་ཏེ་དེ་ལྟ་ན་སྤྱི་ཡང་དོན་བྱེད་པ་སྒྲུབ་པ་ཉིད་དེས་དེའི་ཡུལ་ལ་སྒྲུབ་པའི་རྣམ་པར་རྟོག་པ་ཚད་མར་
འགྱུར་རོ་ཞེ་ན། སྤྱིས་ནི་ཞེས་བྱ་བ་སྨོས་ཏེ། ཅུང་ཟད་ཅིག་ཀྱང་དེས་བསྒྲུབ་པར་བྱ་བ་ཁས་མ་བླངས་ཏེ། ཐ་མི་དད་པའི་ཤེས་པའི་མཚན་ཉིད་བརྗོད་པའམ་གཞན་ལ་ནི་བསལ་བས་བསྒྲུབ་པར་བྱ་བའི་དོན་བྱེད་པར་ཉེ་བར་བཏགས་པ་ཡིན་ནོ། །ཅི་འདྲ་བ་ཞེ་ན། རང་གི་མཚན་ཉིད་རྟོགས་པའོ། །
གསལ་བ་རྟོགས་པ་ནི་ལྟ་བའི་ཤེས་པའི་མིང་ཡིན་ནོ། །འོག་ཏུ་ནི་དུས་ཕྱིས་དེའི་མཐུ་ལས་སྐྱེས་པའི་རྣམ་པར་རྟོག་པ་ཅན་གྱི། རྣམ་པར་ཤེས་པའི་བཟུང་བ་ཡིན་པས་སོ། །དེའི་སྒྲ་ནི་རང་གི་མཚན་ཉིད་རྟོགས་པ་དང་འབྲེལ་ཏོ། །དེ་ལས་གཞན་པའི་དངོས་པོ་ཡང་ཞེས་བྱ་བ་ལ་སོགས་པ་གཞན་
གྱིས་བརྗོད་པ་ནི་ཇི་སྐད་དུ་བརྗོད་པས་མཐོང་བའི་རྗེས་ལ་རྣམ་པར་རྟོག་པ་ནི་མངོན་སུམ་གྱི་ཚད་མ་ཉིད་དོ་ཞེས་བསལ་བ་ཡིན་ཏེ། ཕྱིས་ནི་ཐམས་ཅད་དུ་ཅུང་ཟད་ཅིག་ཀྱང་དོན་བྱེད་པར་ཉེ་བ་བཏགས་པ་མེད་དོ། །རྗེས་སུ་དཔག་པའི་རྣམ་པར་རྟོག་པའི་གཟུང་བར་བྱ་བའི་སྤྱི་ནི་རྒྱུའམ་ཁྱབ་པར་བྱེད་པ་
དང་། རྟགས་འབྲེལ་པ་ངེས་པའི་སྒོ་ནས་དོན་བྱེད་པ་སྒྲུབ་པའི་ཡུལ་མ་རྟོགས་པའི་དོན་བྱེད་པ་རྟོགས་པའི་ཕྱིར་དེའི་ཡུལ་ཚད་མ་ཡིན་གྱི། འདི་ནི་དེ་ལྟར་རྟོགས་པ་མེད་པའི་ཕྱིར་དོན་བྱེད་པ་སྒྲུབ་པར་བྱེད་པ་ནི་ལྟ་བའི་ཤེས་པ་ཡིན་ནོ་ཞེས་བྱའོ། །འདིར་དཔེ་ནི། དཔེར་ན་སྔོན་པོ་མཐོང་བ་ན་སྔོན་པོའོ་
སྙམ་དུ་ཤེས་པ་སྣང་བཞིན་ཏེ་ཞེས་བྱ་བ་ནི་ལྷག་མའོ། །སྤྱི་ནི་ཅུང་ཟད་ཅིག་ཀྱང་དོན་བྱེད་པར་ཉེ་བར་བརྟག་པར་མི་བྱའོ་ཞེས་རྣལ་མ་དང་སྦྱར་རོ། །འོ་ན་འདི་རྟགས་ཀྱི་རྣམ་པ་ལ་སྣང་བའི་སྤྱིའི་གནས་སྐབས་སུ་དེ་ལ་དཔེ་གཞན་གྱིས་ཅི་ཞིག་བྱ་ཞེ་ན། མཐོང་བ་ཐམས་ཅད་ཀྱི་རྗེས་ལས་བྱུང་
བའི་རྣམ་པར་རྟོག་པ་མངོན་སུམ་གྱི་ཚད་མ་དང་མཚུངས་པར་གཞན་གྱིས་ཁས་བླངས་པ་བསལ་བའི་ཕྱིར་རོ། །གལ་ཏེ་སྔོན་པོ་ཡིན་ནོ་ཞེས་མཐོང་བའི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་ལས་སྣང་བའི་སྤྱི་དོན་བྱེད་པར་ཅིས་ན་བརྟག་པར་མི་བྱ། གསལ་བའི་བསྒྲུབ་པར་བྱ་བའི་དོན་དེ་ཡང་དོན་གཞན་
Vol. 189 · folio 199a
གྱིས་དེའི་དོན་བྱེད་པ་བརྟག་པར་མི་བྱ་བའི་ཕྱིར་དེ་ཡང་དོན་བྱེད་པ་སྒྲུབ་པ་མེད་པས་ན་དངོས་པོ་མེད་པར་ཐལ་བར་འགྱུར་རོ། །འོ་ན་ཏེ་ཐ་མི་དད་པའི་ཤེས་པའི་མཚན་ཉིད་དང་བརྗོད་པའི་རང་བཞིན་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ཡིན་པས་མ་གྲུབ་པ་ཡིན་ཏེ། རང་གི་
བསྒྲུབ་པར་བྱ་བའི་རྒྱུ་ཡིན་པའི་ཕྱིར་རོ་སྙམ་དུ་དོགས་པ་ལ། དེ་ཉིད་ཅེས་བྱ་བ་སྨོས་ཏེ། །ལྟ་བའི་ཤེས་པས་ཉེ་བར་དམིགས་པ་གང་ཡིན་པ་དེ་ནི། །སྔོན་པོའི་རང་གི་མཚན་ཉིད་ནི་སྔོན་པོའི་གསལ་བའོ། །རྣམ་པ་དེ་ལྟ་བུས་བསྒྲུབ་པར་བྱ་བའི་དོན་བྱེད་པ་ཡིན་ཏེ། རྣམ་པ་དེ་ལྟ་
བུའི་སྒྲས་ནི་སྤྱི་ཙམ་དུ་མངོན་པར་འདོད་པ་ནི་འདྲ་བ་ཉིད་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་ཐུན་མོང་པའི་ངོ་བོ་འདི་ཡང་འདྲ་བའི་ཕྱིར་རོ། །དེས་ན་རྣམ་པ་དེ་ལྟ་བུའི་བསྒྲུབ་པར་བྱ་བ་ནི་སྔོན་པོའི་སྤྱི་བསྒྲུབ་པར་བྱ་བ་ཐ་མི་དད་པའི་ཤེས་པར་བརྗོད་པའི་མཚན་ཉིད་དོན་གྱི་བྱ་བ་བྱེད་པར་ནུས་པ་ནི་རང་གི་མཚན་
ཉིད་འདི་ཡིན་ནོ་ཞེས་དེ་བཞིན་དུ་བཤད་དོ། །འདི་སྙམ་དུ་དགོངས་པ་ཡིན་ཏེ། འདི་ལྟར་གསལ་བ་ཐ་དད་པ་ཡང་འགའ་ཞིག་དང་ཉེ་བར་གྱུར་པ་ལས་དང་འབྲས་བུ་གཅིག་ཏུ་ངེས་པའི་མཚན་ཉིད་དུ་མཚུངས་པ་གཅིག་ཐ་མི་དད་པ་བྱེད་པས་ན། དེ་ལས་གཞན་པའི་སྤྱི་དང་ལྡན་པ་མེད་དེ།
དེ་ལྟ་མ་ཡིན་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །དེ་ལྟར་ན་ཐ་མི་དད་པའི་ཤེས་པ་དང་བརྗོད་པའི་བདག་ཉིད་ཀྱི་དོན་བྱ་བ་སྒྲུབ་པར་བྱེད་དོ། །གང་གི་ཕྱིར་ཚད་མ་མེད་པ་དང་ཚད་མས་གནོད་པའི་སྤྱི་ཡང་ཁས་བླངས་པས་ཅི་ཞིག་བྱ། འདི་ལྟར་རྗེས་སུ་དཔག་པ་ལ་སོགས་པའི་ཤེས་པ་
ལ་ཇི་ལྟ་བའི་རྣམ་པ་འདི་མི་གསལ་བའི་ངོ་བོ་སྣང་བ་ལ་དེ་ལྟ་བུའི་རྣམ་པ་གསལ་བ་མཐོང་བ་རྣམས་ལ་དེ་ཉེ་བར་མི་རྟོགས་སོ། །གསལ་བ་གཅིག་ཁོ་ན་མཐོང་བའི་དུས་སུ་སྔོན་པོ་ལ་སོགས་པའི་ངོ་བོ་གསལ་བར་སྣང་བ་ན་དེ་ཇི་ལྟར་མཐོང་བ་མེད་པར་བརྟགས་ནས་བདག་ཉིད་ལ་བདག་ཉིད་
སླུ་བར་བྱེད་དམ། གལ་ཏེ་གསལ་བའི་ངོ་བོ་དང་འདྲེས་པས་འདི་ལྕགས་ཀྱི་གོང་བུའི་མེ་བཞིན་དུ་སྣང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐམས་ཅད་དུ་ཐ་དད་པ་དང་། །ཐ་མི་དད་པའི་རྣམ་པར་གཞག་པ་མེད་པར་ཐལ་བར་འགྱུར་ཏེ། འདིའི་ལན་ནི་གཞན་དུ་ཡང་རྙེད་པར་སླ་བའི་ཕྱིར་རོ། །
Vol. 189 · folio 199b
སྤྱིའི་ངོ་བོ་ལ་གསལ་བ་དང་མི་གསལ་བ་རྣམ་པ་གཉིས་ནི་མེད་དེ། གང་གི་གཅིག་ནི་མཐོང་བའི་རྣམ་པ་དང་། གཞན་རྗེས་སུ་དཔག་པ་ལ་སོགས་པའི་ཤེས་པའི་དོན་གཉིས་སུ་ཁས་བླངས་པར་ཐལ་བར་འགྱུར་ཏེ། སོ་སོར་སྣང་བ་ཐ་དད་པ་ཉིད་ཐམས་ཅད་དུ་དངོས་པོ་ཐ་དད་པར་རྣམ་
པར་གཞག་པའི་རྒྱུ་མཚན་ཡིན་པའི་ཕྱིར་རོ། །སྤྱི་ལ་སྤྱི་གཞན་ཡོད་པར་ཐལ་བར་འགྱུར་བ་སྤྱི་གཞན་མེད་པར་ཁས་བླངས་པའི་ཕྱིར་རོ། །འདིས་ནི། དངོས་རྣམས་ཀུན་ལ་ལྡོག་པ་དང་། །རྗེས་སུ་འགྲོ་བའི་བདག་ཉིད་བློ། །སྐྱེ་བའི་བདག་ཉིད་གཉིས་མེད་ན། །དེ་ཡང་རིགས་པ་མ་ཡིན་
ནོ། །གང་རུང་འདིར་ནི་འཁྲུལ་པ་དང་། །ཉེ་བར་བཏགས་པར་མི་འདོད་དོ། །ཐམས་ཅད་དུས་སུ་བློ་བརྟེན་ཕྱིར། །འཁྲུལ་པར་བརྗོད་པ་དེ་འཁྲུལ་པ། །ཞེས་བྱ་བ་གང་སྨྲས་པ་དེ་དག་ཀྱང་བསལ་བ་ཡིན་ནོ། །གལ་ཏེ་གང་གི་ཕྱིར་དབང་པོའི་བློར་མངོན་པར་བརྗོད་པར་འདོད་པ་དེའི་ཚེ་མ་
གྲུབ་པ་ཡིན་ཏེ། སྔོན་པོ་ལ་སོགས་པ་མི་གསལ་བའི་རྣམ་པ་སྔོན་པོ་ལ་སོགས་པ་གསལ་བའི་རྣམ་པ་དེ་ལ་ཉེ་བར་མི་རྟོག་པའི་ཕྱིར་རོ། །གསལ་བ་ཡང་གཉིས་པའི་རྗེས་སུ་འགྲོ་བ་དང་དེ་ཡོད་ན་འགྱུར་ན་གསལ་བ་གཉིས་ཀྱི་བར་དུ་མ་ཁྱབ་པ་དང་ལྡན་པ་དེ་ཇི་ལྟར་དེའི་རྗེས་སུ་འགྲོ་བ་ཡིན།
ཡང་ན་ཁྱབ་པར་ཉེ་བར་དམིགས་པར་འགྱུར་ན་དེ་ནི་དེ་ལ་རྟོགས་པ་མེད་པ་ག་ལ་ཡིན། གསལ་བ་མི་གསལ་བའི་ངོ་བོར་མི་སྲིད་དེ་གཅིག་པའི་ཕྱིར་རོ། །དེ་སྐད་དུ། གལ་ཏེ་རིགས་ནི་ཀུན་ལ་ཡོད། །གཅིག་དེ་གསལ་བས་གསལ་བ་ཉིད། །ཐ་དད་མེད་ཕྱིར་ཀུན་ལ་མཐོང་། །
དེ་ཡང་གསལ་བ་ལ་ལྟོས་མིན། །ཅེས་བྱ་བ་སྨོས་ཏེ། གསལ་བ་གཅིག་ལ་ཉེ་བར་དམིགས་པར་གྱུར་ན་ཡང་འཇིག་རྟེན་ན་གསུམ་པོ་མ་ལུས་པ་ཁྱབ་པའི་ངོ་བོའམ་མ་ལུས་པའི་རྟེན་ལ་ཁྱབ་པ་མཐོང་བར་འགྱུར་ན། །གང་ལ་ཅུང་ཟད་གཅིག་ཀྱང་སྐད་ཅིག་མ་ལ་སོགས་པ་བཞིན་དུ་མཐོང་
བ་དང་མ་མཐོང་བ་ནི་མི་འཐད་དོ། །གལ་ཏེ་མཐོང་བ་ཡང་རྟེན་གཅིག་ལ་མཐོང་བར་མཐོང་བར་ཞེན་གྱི་ཐམས་ཅད་ལ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། རྣམ་པར་རྟོག་པས་དེ་མཐོང་བར་ཁས་བླངས་པའི་ཕྱིར་རོ། །ངེས་པས་ཡུལ་དུ་བྱས་པ་མ་ངེས་པ་ཡིན་ནོ་ཞེས་བྱ་བ་མི་རིགས་ཏེ། དེས་ན་ཐམས་ཅད་
Vol. 189 · folio 200a
དུ་སོང་བའི་ངོ་བོ་མཐོང་ན་དོན་ཐམས་ཅད་མཐོང་བར་ཐལ་བར་འགྱུར་རོ། །དེ་ནི་མཐོང་བ་དེ་དང་ལྷན་ཅིག་ཉེ་བར་དམིགས་པའམ། དེ་དང་ཐ་མི་དད་པ་རང་བཞིན་ཉེ་བར་མི་དམིགས་པ་རིགས་པ་མ་ཡིན་ན། དེ་ཇི་ལྟར་དབང་པོའི་བློ་ཡིས་གཉིས་ཀྱི་བདག་ཉིད་
ཡིན། ཡང་ན་རྗེས་སུ་དཔག་པ་ལ་སོགས་པའི་བློའི་ཡིན་ན། དེ་ཡང་རང་གི་མཚན་ཉིད་སྣང་བ་མེད་པས་གང་ལས་གཉིས་ཀྱི་བར་དུ་འགྱུར། དེ་རྣམས་ཀྱི་སྤྱི་འཛིན་པ་རྣམས་ལ་གསལ་བ་ལྟ་བུའི་མཚན་ཉིད་གསལ་བ་ནི་མེད་དེ། རང་གི་མཚན་ཉིད་ལ་སྣང་བ་དེ་མེད་ཀྱང་དེ་སྲིད་པའི་ཕྱིར་
དང་། རྣམ་པ་གཞན་རང་གི་ཤེས་པ་ལ་སོ་སོར་སྣང་བའི་ཕྱིར་རོ། །གཅིག་ལ་རྣམ་པ་དུ་མ་མི་རིགས་པས་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཐ་དད་པའི་དོན་གྱི་གཟུང་བར་བྱ་བ་འདི་ཐ་མི་དད་པའི་སྤྱིའི་བློ་ལ་སོ་སོར་སྣང་བ་ནི་རང་གི་མཚན་ཉིད་སྣང་བ་མ་ཡིན་ཏེ། འོན་ཀྱང་ཐོག་མ་
མེད་པའི་ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་གོམས་པའི་བག་ཆགས་ལས་སྐྱེ་བ་ཡོད་པ་དེ་བཞིན་དུ་སྣང་བའི་ཕྱིར་དང་། བརྟེན་པའི་ཕྱིར་བློ་ནི་འཇིག་པ་མེད་པར་འགྱུར་ན་སྐད་ཅིག་མར་ཁས་བླངས་པའི་ཕྱིར་རོ། །འོན་ཀྱང་གནོད་པ་མེད་པ་ཉིད་དེ་ཡང་འདི་མི་སྲིད་དེ་གནོད་པར་བྱེད་པའི་ཆ་ཙམ་
བཤད་པའི་ཕྱིར་རོ། །རྒྱས་པ་ཡང་ཡོད་པ་འཇིག་པ་ཇི་ལྟ་བའི་གནས་སྐབས་འདི་ཉིད་དེ་དང་དེར་བཤད་པའི་གནོད་པར་བྱེད་པ་ངེས་པར་གཟུང་བར་བྱའོ། །དེའི་ཕྱིར་ཇི་ལྟར་གསལ་བ་ལ་སྤྱི་གཞན་མེད་ཀྱང་གཅིག་པ་བྱེད་པ་དེ་ལྟ་ན་ཐ་མི་དད་པའི་ཤེས་པ་བརྗོད་ལ་འཇུག་པར་ཡང་བྱེད་པའི་
ཕྱིར། དེ་ཉིད་སྔོན་པོའི་རང་གི་མཚན་ཉིད་དག་སྤྱི་བསྒྲུབ་པར་བྱ་བའི་དོན་བྱེད་པར་ཁས་བླངས་པའི་ཕྱིར་རོ། །གང་ཡང་། གལ་ཏེ་སྤྱི་གཞན་མི་འདོད་ན། །དེ་ཡི་འཇུག་པ་ངེས་པ་ཅན། །བ་ལང་ཉིད་ཀྱང་མེད་ན་ནི། །ཅི་ཕྱིར་བ་ལང་བློར་མི་ངེས། །ཇི་ལྟར་ཐ་དད་ཉིད་མཚུངས་ཀྱང་། །
ལྡོག་རྣམས་འགའ་ལ་འཇུག་པ་ནི། །བ་ལང་ཉིད་སོགས་རྒྱུ་མཚན་ནི། །མེད་ཀྱང་དེ་བཞིན་བློ་འབྱུང་འགྱུར། །ཞེས་བྱ་བ་ཕྱོགས་སྔ་མར་བྱས་ནས། ཡུལ་མེད་ན་ནི་བློ་རྣམས་ནི། །སྐྱེ་བ་མེད་པར་འདོད་པ་ཡིས། །གཞན་ལས་བྱེ་བྲག་འདོད་པ་ན། །དེས་ན་སྤྱི་དེ་ངེས་པ་ཡིན། །
Vol. 189 · folio 200b
དེས་ན་དེ་མེད་སྐྱེ་ན་ནི། །ཡུལ་མེད་ཕྱིན་ཅི་ལོག་ཏུ་འགྱུར། །གཞན་མེད་ན་ནི་མི་འགག་ན། །སྤྱི་འདི་ལ་ནི་ཉེས་པ་མེད། །ཅེས་བྱ་བ་གང་ཡང་ཕྱིན་ཅི་ལོག་པའི་ཐལ་བར་འགྱུར་བའི་སྐྱོན་བརྗོད་པ་འདི་དེ་བཞིན་གཤེགས་པའི་གཞུང་ལུགས་ཀྱི་རིགས་པ་དྲི་མ་མེད་པའི་བློ་ལ་གནོད་པ་མེད་
དོ། །སྤྱིའི་བློ་རྣམས་ནི་གནོད་པ་བྱེད་པའི་རྐྱེན་གྱི་མཚན་དང་ལྡན་པའི་ཕྱིན་ཅི་ལོག་ཏུ་ཁས་བླངས་པའི་ཕྱིར་རོ། །ཅི་ཕྱིར་ནོག་སོགས་ལྡན་རྣམས་ལ། །བ་ལང་གང་ཕྱིར་དེ་བདག་ཉིད། །ཅི་ཕྱིར་འདི་དེའི་བདག་ཅེ་ན། །རང་བཞིན་ཡིན་ཞེས་གོ་བར་བྱ། །ཞེས་བྱ་བ་སྨོས་པ་ནི། །
གསལ་བའི་རང་བཞིན་ཐུན་མོང་མ་ཡིན་པ་གསལ་བ་སྐྱེ་བ་དང་འཇིག་པ་དག་གི་སྤྱི་སྐྱེ་བ་མེད་པ་དང་ལྡན་པ་མི་རིགས་ཏེ་འགལ་བའི་ཆོས་དང་ལྡན་པར་ཐ་དད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ཡིས་བདག་ཉིད་འདོད། །གསལ་བའི་སྐྱེ་དང་སྐྱེ་མེད་དང་། །འཇིག་དང་འཇིག་མེད་
ཅི་སྟེ་འདོད། །དེ་བཞིན་རྗེས་འགྲོ་མེད་ཅེས་མིན། །གསལ་བའི་སྐྱེ་བས་མི་སྐྱེ་གྲང་། །རྟེན་གཞན་ལས་ནི་འོང་མེད་པ། །དེ་ཡི་ཡུལ་ན་སྔར་ཡོད་མིན། །དེ་ཡིས་ཇི་ལྟར་འབྲེལ་པ་ཡིན། །གལ་ཏེ་གསལ་འཇིག་མི་འཇིག་ན། །གསལ་བ་གཞན་ལ་མེད་འགྲོ་བ། །དེས་
སྟོང་ཡུལ་ལ་གནས་པ་མེད། །རིགས་དེ་གང་ལ་ཡོད་པ་སྨོས། །གལ་ཏེ་གསལ་བའི་སྐྱེ་བ་དང་། །རིགས་དེ་འབྲེལ་པར་མི་འདོད་ན། མ་བསླད་པ་ཡི་བློ་ཅན་ལ། །དེ་ཡི་བདག་ཉིད་ཇི་ལྟར་འདོད། །གལ་ཏེ་སྔོན་པོ་ལ་སོགས་པའི་རང་གི་མཚན་ཉིད་ཁོ་ན་སྤྱིའི་དོན་གྱི་བྱ་བ་བྱེད་པར་
དེ་ཉིད་དེས་རྟོགས་ན་རྣམ་པར་རྟོག་པ་ཚད་མར་འགྱུར་རོ་ཞེ་ན། །དེའི་སྔོན་པོའི་རང་གི་མཚན་ཉིད་ཅེས་བྱ་བ་སྨོས་ཏེ། །བདག་ཉིད་དེས་སྔོན་པོའི་བསྒྲུབ་པར་བྱ་བའི་དོན་བྱ་བ་བྱེད་པར་རང་བཞིན་མཐོང་བ་ཉིད་ལྟ་བའི་ཤེས་པ་ཞེས་པའོ། །དེའི་ཕྱིར་བྱ་བ་གྲུབ་པ་ལས་ཁྱབ་པར་
མི་བྱེད་པའི་རྣམ་པར་རྟོག་པའི་ཤེས་པ་ཇི་ལྟར་ཚད་མར་འགྱུར། །འོན་ཏེ་སྤྱི་ཉིད་དེ་ལྟར་ལྷག་པར་རྟོགས་པའི་སྔོན་པོའི་རྣམ་པར་རྟོག་པའི་ཚད་མ་ཡོད་དོ། །སྤྱི་དོན་མེད་པའི་བྱ་བ་བྱེད་པ་ནི་མ་ཡིན་ཏེ་སྔོན་པོ་བསྒྲུབ་པར་བྱ་བའི་དོན་བྱེད་པའི་སྔོན་པོ་དང་ལྷན་ཅིག་ཏུ་བྱུང་ནས་བྱེད་པར་འགྱུར་བའི་
Vol. 189 · folio 201a
གསལ་བའི་རང་བཞིན་ཉིད་སྤྱི་ཡིན་པར་འདོད་དོ་ཞེ་ན། །དེའི་རང་གི་མཚན་ཉིད་བཟུང་བའི་དུས་ཕྱིས་བྱུང་བའི་སྔོན་པོ་ཞེས་བྱ་བ་སྨོས་ཏེ། །གསལ་བའི་དུས་ཕྱིས་བྱུང་བར་ནུས་པའོ། །གལ་ཏེ་རྟགས་བཟུང་བའི་དུས་ཕྱིས་བྱུང་བ་ནི་སྔར་བཤད་པའི་རྣམ་པ་
གསལ་བའི་བསྒྲུབ་པར་བྱ་བའི་དོན་བྱ་བ་བྱེད་པ་ནི་སྤྱིའི་རྣམ་པར་རྟོག་པས་གཞག་པར་ནུས་པ་ཡིན་ནོ་སྙམ་ནས། །སྔོན་པོའི་རྣམ་པར་རྟོག་པའི་ཡུལ་གྱི་སྔོན་པོའི་སྤྱིས་སྔོན་པོའི་དོན་གྱིས་བསྒྲུབ་པར་བྱ་བ་བྱེད་པ་གཙོ་བོ་ལ་སོགས་པ་བྱེད་པ་ཡིན་ནོ། །དེ་གསལ་བ་ནི་རང་བཞིན་དུ་རུང་
བར་གྱུར་པ་ལ་རྣམ་པར་རྟོག་པའི་ངོ་བོ་དེ་མི་སྲིད་པའི་ཕྱིར་རོ། །རྟག་པའི་རང་བཞིན་དེ་འཛིན་པ་ནི་སྔོན་པོའི་རྣམ་པར་རྟོག་པའི་ཡུལ་གྱིས་ནི་སྔོན་པོའི་བསྒྲུབ་པར་བྱ་བའམ་གཞན་པའི་དོན་བྱ་བ་མི་བྱེད་དེ། །རིམ་དང་། ཅིག་ཅར་ལ་སོགས་པས་འགལ་བའི་ཕྱིར་རོ་སྙམ་མོ། །དེ་ལྟར་
སྔོན་པོ་དེ་མཐོང་བ་ན་སྔོན་པོའོ་ཞེས་ཤེས་པ་ལ་སོ་སོར་སྣང་བའི་སྤྱི་ནི་ཅུང་ཟད་ཅིག་ཀྱང་དོན་བྱེད་པར་ཉེ་བར་བཏགས་པར་མི་བྱའོ། །བསྒྲུབ་པར་བྱ་བའི་དོན་བྱེད་པ་མེད་པའི་ཡུལ་ཡིན་ན་ཡང་མངོན་སུམ་གྱིས་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་ཚད་མར་ཐལ་བར་འགྱུར་ན་ནི་ཧ་ཅང་ཁྱབ་ཆེས་སོ་སྙམ་
ནས། དེ་ལ་སྔ་ན་མེད་པའི་དོན་གྱི་རྣམ་པར་ཤེས་པ་ཡིན་ནོ་ཞེས་ཚད་མའི་མཚན་ཉིད་དཔྱོད་པ་བས་ཁྱད་པར་ཅན་ཉེ་བར་བསྟན་པའི་ཕྱིར་བཤད་པ་ནི། དེ་ལྟ་བས་ན་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་དེ་ལྟར་དོན་བྱེད་པ་མེད་པ་སྒྲུབ་པའི་ཡུལ་གྱིས་ནི་མཐོང་བའི་རྗེས་ལས་བྱུང་བའི་རྣམ་པར་
རྟོག་པ་ཡང་ཚད་མར་མི་རིགས་སོ། །དེའི་ཕྱིར་ཁོ་བོ་ཅག་འདོད་པའི་ཚད་མ་མི་སླུ་བ་ཅན་ཤེས་པ་ཞེས་བྱ་བའི་ཚད་མའི་མཚན་ཉིད་བསལ་ནས་མ་རྟོགས་པའི་དོན་གྱི་ཡུལ་ཅན་ནི་ཚད་མ་སྟེ། དེ་ལ་སྔ་ན་མེད་པའི་དོན་རྣམ་པར་ཤེས་པ་ཡིན་ནོ་ཞེས་འདིར་ཡང་བདག་གིས་ཀྱང་བྱ་སྙམ་ནས་ཚད་མའི་
མཚན་ཉིད་གཞན་བྱེད་པ་ཧ་ཅང་ཁྱབ་ཆེས་པས་དེ་ཡོངས་སུ་སྤངས་ནས་ཁྱད་པར་གྱི་ཁྱད་པར་ཅན་དུ་ཉེ་བར་བསྟན་པ་སྟེ། ཁྱད་པར་ཇི་ལྟར་ཡིན་ཞེ་ན། རང་གི་མཚན་ཉིད་མ་རྟོགས་པ་ཡིན་ནོ་ཞེས་བྱ་བ་ཁྱད་པར་ལ་འདིས་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་ཡང་ཚད་མར་གྲུབ་ལ། ལྟ་བའི་
Vol. 189 · folio 201b
ཤེས་པའི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་ཚད་མ་ཡིན་པ་བསལ་བ་ཡིན་ནོ་ཞེས་བྱ་བར་ཐམས་ཅད་ལེགས་པར་གནས་སོ། །དེ་ལྟ་ན་སྒྲུབ་པའི་རྣམ་པར་རྟོག་པ་དོན་བྱ་བ་མེད་པ་སྒྲུབ་པར་བྱེད་པའི་ཡུལ་གྱིས་སྤྱི་མ་རྟོགས་པ་རྟོགས་པའི་ཚད་མ་ཡང་བསལ་ཏོ། །རང་གི་ཚིག་ནི་བསྡུས་པ་ཡིན་
ཏེ་དྲན་པ་ཉིད་དགག་པའི་རྣམ་པར་རྟོག་པ་ཐུན་མོང་བ་ཚད་མ་མ་ཡིན་པའི་རྒྱུ་ནི། རང་གི་མཚན་ཉིད་རྟོགས་ནས་ཞེས་བྱ་བ་སྨོས་ཏེ། ལྟ་བའི་ཤེས་པ་དེའི་མཐུ་ལས་སྐྱེས་པ་ཅན་རང་གི་མཚན་ཉིད་རྟོགས་པའི་སྟོབས་ཀྱིས་བྱུང་བའི་རྣམ་པར་རྟོག་པ་ནི་དེའི་རྗེས་ལས་དངོས་སུ་སྐྱེས་པ་ནི་མ་
ཡིན་པའི་ཕྱིར་དང་། མཐོང་བའི་འདུ་བྱེད་པས་འཕངས་པའི་དབང་གིས་སྔོན་པོའི་རང་གི་མཚན་ཉིད་ཀྱི་རྣམ་པ་མི་གསལ་བའི་རྗེས་སུ་བྱེད་པ་ནི་སྣང་བ་དང་། བརྟག་པར་བྱ་བ་དག་གཅིག་ཏུ་བྱེད་པར་བརྗོད་དོ། །དངོས་པོ་ཡོད་པའི་ཅུང་ཟད་ཅིག་ཀྱང་འདི་ཉིད་རྗེས་སུ་བྱེད་པ་མེད་པ་དེ་ནི་དྲན་པ་
ཁོ་ནའོ། །ག་ལས་ཤེ་ན། དངོས་པོའི་ཡུལ་གྱི་འབྲས་བུ་ཡིན་པའི་ཕྱིར་དོན་དམ་པ་མ་ཡིན་ནོ། །སྐྱེས་བུ་རང་གི་མཚན་ཉིད་ལ་འཇུག་པ་འདིའི་འབྲས་བུ་སྟེ་དེར་མངོན་པར་ཞེན་པས་སོ། །གང་གི་ཕྱིར་དེའི་ཡུལ་ཅན་གྱི་འབྲས་བུ་ཡིན་པའི་ཕྱིར་དྲན་པ་ཁོ་ན་ཡིན་པ་དེ་བས་ན་མཐོང་བའི་
སྟོབས་ལས་སྐྱེས་པའི་རྣམ་པར་རྟོག་པ་ཚད་མ་མ་ཡིན་ཏེ། དེ་ལྟ་ན་དྲན་པས་ཉམས་སུ་མྱོང་བའི་རང་གི་མཚན་ཉིད་ཀྱི་ཆའི་ཡུལ་ཡིན་དུ་ཟིན་ཀྱང་དོན་དམ་པ་དེའི་ཡུལ་མ་ཡིན་པ་ཉིད་དེ། རང་གི་མཚན་ཉིད་ཀྱི་དབང་པོའི་བློ་འགྱུར་བ་གསལ་བའི་ངོ་བོ་དྲན་པ་ལ་སྣང་བ་མེད་པའི་ཕྱིར་རོ། །
འོན་ཀྱང་ཇི་སྐད་བཤད་པའི་འབྲས་བུ་ཁོ་ན་སྟེ། དེ་ཡང་སྒྲུབ་པའི་རྣམ་པར་རྟོག་པ་དང་མཚུངས་པའི་ཕྱིར་ཇི་ལྟར་འདི་དྲན་པར་མི་འགྱུར། འོན་ཏེ་དེ་ལ་འདིར་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་དྲན་པའི་ངོ་བོ་ཡིན་ཡང་ཚད་མར་འདོད་དེ་འདི་ལྟར་གང་མེ་མ་ཡིན་པ་ལས་ལྡོག་པ་ཁོ་ནའི་
དངོས་པོ་ཙམ་ཚང་བང་ལ་སོགས་པ་ཉམས་སུ་མྱོང་བར་གྱུར་པ་དེ་ཉིད་ཕྱོགས་ཀྱི་ཁྱད་པར་ལ་དུ་བ་མཐོང་བས་དྲན་པ་ཡིན་པ་དེ་བཞིན་དུ་སྒྲུབ་པའི་རྣམ་པར་རྟོག་པ་ཡང་ཚད་མར་འགྱུར་རོ་ཞེ་ན། དངོས་པོའི་ངོ་བོ་མ་རྟོགས་པ་རྟོགས་པ་མེད་པའི་ཕྱིར་ཞེས་བྱ་བ་སྨོས་སོ། །འདི་སྙམ་དུ་དགོངས་
Vol. 189 · folio 202a
པ་ཡིན་ཏེ། ཚང་བང་ལ་སོགས་པ་མེ་མ་ཡིན་པ་ལས་ལྡོག་པའི་དངོས་པོ་ཙམ་སྔར་ཉམས་སུ་མྱོང་བ་གང་ཡིན་པ་དེ་ཡུལ་ལ་སོགས་པ་དང་འབྲེལ་པ་ཉིད་ལ་རྗེས་སུ་དཔག་པ་ནི་དྲན་པ་མ་ཡིན་ནོ། །འོན་ཀྱང་ཕྱོགས་གང་ལ་སྔར་ཉམས་སུ་མྱོང་བ་དེ་དང་འབྲེལ་པ་
དེ་བས་ན་བསྒྲུབ་པར་བྱ་བའི་ཆོས་ཅན་ལ་དང་དཔེ་ལ་བཟུང་བ་གཉི་ག་མེ་མ་ཡིན་པ་ལས་ལྡོག་པའི་དངོས་པོའི་ངོ་བོ་མ་རྟོགས་པ་མ་འབྲེལ་པ་རྣམ་པར་བཅད་ནས་རྟོགས་པར་བཤད་པས་འདི་ཚད་མ་ཡིན་གྱི་མཐོང་བའི་རྗེས་ལས་བྱུང་བའི་རྣམ་པར་རྟོག་པ་ནི་མ་ཡིན་ཏེ། དེ་ཕྱིན་ཅི་ལོག་པའི་ཕྱིར་
རོ། །གལ་ཏེ་དངོས་པོའི་ངོ་བོ་མ་རྟོགས་པ་རྟོགས་པ་མེད་པའི་ཚད་མ་ཡིན་པར་ཅིའི་ཕྱིར་ན་མི་འགྱུར་ཞེ་ན། དངོས་པོའི་རྟེན་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚད་མའི་རྣམ་པར་གཞག་པ་ནི་དངོས་པོའི་རྟེན་ཅན་ཉིད་དོ། །ཚད་མའི་ཡུལ་བྱ་བ་མངོན་པར་འདོད་པས་
བརྗོད་ཀྱི་དམིགས་པའི་མཚན་ཉིད་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རྗེས་སུ་དཔག་པས་ཀུན་དུ་བརྟགས་པའི་སྤྱི་ལ་དམིགས་པ་ནི་དངོས་པོ་ལ་རྟེན་པ་མེད་པའི་ཕྱིར་མཚན་ཉིད་རྣམ་པར་གཞག་པ་མ་ཁྱབ་པར་འགྱུར་རོ། །གལ་ཏེ་དངོས་པོ་ལ་བརྟེན་ནས་ཚད་མ་རྣམ་པར་འཇོག་ན། བསྐལ་བའི་
ཡུལ་ལ་དམིགས་པ་ཇི་ལྟར་ཚད་མ་ཡིན་ཞེ་ན། འདིར་ཡང་གཙོ་བོ་ལ་སོགས་པའི་རྣམ་པར་རྟོག་པ་ཉིད་དངོས་པོ་ཉེ་བར་ལེན་པ་དེས་བསྒྲུབ་པར་བྱ་བའི་ཕྱིར། གཞན་ཡང་དངོས་པོ་ལ་རྟེན་པ་ཅན་ཉིད་ཡོད་པའི་ཕྱིར་ཉེས་པ་མེད་དོ། །འོན་ཏེ་ཚད་མའི་རྣམ་པར་གཞག་པ་ནི་དངོས་པོ་ལ་རྟེན་པ་
ཅན་ཁོ་ནའོ་ཞེས་བྱ་བ་ག་ལས་ཤེ་ན། དོན་བྱེད་པ་ཞེས་བྱ་བ་སྨོས་ཏེ། བདེ་བ་དང་སྡུག་བསྔལ་གྱི་མཚན་ཉིད་དུ་རུང་བ་གང་ཡིན་པ་དེ་ནི་ནུས་པའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་དོན་དུ་གཉེར་བ་ནི་ཐོབ་པ་དང་འདོར་བའི་མཚན་ཉིད་ཀྱི་དོན་བྱེད་པ་དོན་དུ་གཉེར་བ་འཇུག་གོ། །གལ་ཏེ་དོན་བྱེད་
པར་རུང་བ་ལ་དོན་དུ་གཉེར་བ་འཇུག་པ་དེ་ལྟ་ན་ཡང་ཇི་ལྟར་ཚད་མའི་རྣམ་པར་གཞག་པ་དངོས་པོ་ལ་བརྟེན་པ་ཡིན། དོན་བྱེད་པར་རུང་བ་ལ་བརྟེན་པ་དེ་ལྟ་ཡིན་ན་ནི་འགྱུར་རོ་ཞེ་ན། དངོས་པོ་དོན་བྱེད་རྣམས་ལ་རུང་བ་གང་ཡིན་པ་དེའི་མཚན་ཉིད་དོ། །དེའི་ཕྱིར་དོན་བྱེད་པར་རུང་བ་ལ་རྟེན་
Vol. 189 · folio 202b
པ་ཁོ་ན་དངོས་པོ་ལ་བརྟེན་པ་ཡིན་ན་ཇི་ལྟར་མ་ཡིན་ཞེས་བྱ་བར་འགྱུར་སྙམ་དུ་བསམས་པའོ། །འདིར་ཚད་མའི་རྣམ་པར་གཞག་པ་ནི་དངོས་པོ་ལ་བརྟེན་པ་བསྟན་པ་ནི་རང་གི་མཚན་ཉིད་མ་རྟོགས་པ་ཞེས་ལྷག་པར་བརྗོད་དོ་ཞེས་བརྒྱ་ལ་གཞན་སྨྲ་ན་དངོས་པོ་ཙམ་གྱི་རྒྱུ་མཚན་གྱི་ཚད་མ་རྣམ་པར་
གཞག་པ་ནི་རང་གི་མཚན་ཉིད་ལ་བརྟེན་པ་ཉིད་མ་ཡིན་ནོ། །གང་གི་ཕྱིར། གལ་ཏེ་ཡང་མ་རྟོགས་པ་ནི་རང་གི་མཚན་ཉིད་རྟོགས་པ་མ་ཡིན་པ་དེ་ལྟ་ན་དངོས་པོའི་ངོ་བོ་མ་རྟོགས་པའི་རྣམ་པར་རྟོག་པ་ཚད་མར་འགྱུར་རོ་སྙམ་ནས་མ་གྲུབ་པའི་དོན་བརྗོད་པ་ན། དངོས་པོའི་ངོ་བོ་མ་རྟོགས་པ་
ཞེས་བྱ་བ་ལ་སོགས་པ་བཤད་ཟིན་ཏོ། །དེ་མ་གྲུབ་པར་བརྗོད་པ་ནི་དངོས་པོའི་རང་གི་ངོ་བོ་མ་རྟོགས་པ་རྟོགས་པ་ཚད་མ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་ག་ལས་ཡིན་ཞེ་ན། དོན་བྱེད་པར་རུང་བའི་ཞེས་བྱ་བའི་བརྒལ་ཞིང་བརྟག་པ་བཤད་ཟིན་ཏོ། །དེ་ལྟ་ན་དངོས་པོའི་ཡུལ་ཅན་གྱི་ཚད་མ་
བརྗོད་པ་ནི་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཁོ་ན་བཤད་པ་ཡིན་ཏེ། དེ་ཉིད་དོན་བྱེད་པར་ནུས་པའི་མཚན་ཉིད་ཡིན་པའི་ཕྱིར་དང་། སྤྱི་ནི་བཟློག་པ་ནི་ཡིན་པའི་ཕྱིར་ཞེས་བྱ་བར་བསམས་པའོ། །ཉམས་སུ་མྱོང་བའི་དུས་ཕྱིས་བྱུང་བའི་སྔོན་པོའི་རྣམ་པར་རྟོག་པའི་ཚད་མ་ཡང་གསལ་བའི་
གཏན་ཚིགས་ལྷག་པར་བཤད་པ་ནི། དེ་ལས་ཀྱང་ཞེས་བྱ་བ་སྨོས་ཏེ། ཇི་སྐད་བཤད་པའི་སྒྲུབ་པའི་རྣམ་པར་རྟོག་པ་འབའ་ཞིག་མ་ཡིན་ཏེ། སྔོན་པོ་རང་གི་མཚན་ཉིད་ཉམས་སུ་མྱོང་བའི་ཕྱིར་དངོས་པོ་ཉིད་རང་གི་མཚན་ཉིད་དོ། །དེ་ལ་མངོན་པར་ཞེན་པ་ནི་རང་གི་མཚན་ཉིད་ལ་མངོན་
པར་ཞེན་པས་ཡིན་གྱི་གཞན་དུ་ན་དེ་ལ་འཇུག་པར་མི་རིགས་སོ། །སྐྱེས་བུའི་འཇུག་པ་ནི་རང་རང་གི་མཚན་ཉིད་མ་རྟོགས་པ་ནི་དེའི་མཐུ་ལས་སྐྱེས་པ་རྣམ་པར་རྟོག་པ་ཚད་མ་མ་ཡིན་ནོ་ཞེས་བྱ་བར་འབྲེལ་ཏོ། །སྔར་མ་རྟོགས་པའི་དོན་མ་རྟོགས་པ་ཚད་མ་མ་ཡིན་པར་བཤད་དོ། །ཕྱིས་
རྟོགས་པ་ཉིད་རྟོགས་པའི་ཕྱིར་སྒྲུབ་པ་དང་དགག་པའི་ངོ་བོ་ཐ་དད་པ་དག་སྐྱེ་བ་ཡིན་ནོ། །ཡང་ན། གལ་ཏེ་དེའི་ཡུལ་གྱི་འབྲས་བུ་ཡིན་པའི་ཕྱིར་ཞེས་གང་བཤད་པ་དེ་ཉིད་ལྷག་པའི་གཏན་ཚིགས་ཐབས་ཀྱིས་བསལ་བར་བྱས་སོ། །གལ་ཏེ་དེ་ལ་མངོན་པར་ཞེན་ནས་དངོས་པོ་ལ་སྐྱེས་བུ་འཇུག་
Vol. 189 · folio 203a
པ་དེ་ལྟ་ན་ཡང་སྤྱི་མ་རྟོགས་པ་འཛིན་པ་མཐོང་བས་ཐ་དད་པའི་ཚད་མ་ཅིས་ན་མི་འདོད་ཅེ་ན། བདེན་ཏེ། རང་གི་མཚན་ཉིད་ཁོ་ན་ལ་ཞུགས་ན་ཞེས་བྱ་བ་སྨོས་ཏེ། མངོན་སུམ་ལྟ་བའི་ཤེས་པར་གྲགས་པ་དང་། གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་རོ། །གྲུབ་པ་
ནི་མ་མཐོང་བའི་ཡུལ་ཡོངས་སུ་གཅད་པའི་མཚན་ཉིད་ཐོབ་པའོ། །བདེ་བ་ནི་དེའི་དོན་བྱེད་པ་རྗེས་སུ་སྒྲུབ་པའི་མཚན་ཉིད་ཡོངས་སུ་སྐྱོང་བའོ། །གྲུབ་པ་དང་བདེ་བ་ཐ་མི་དད་པ་ནི་འདི་ཡིན་ནོ་ཞེས་དེ་བཞིན་དུ་བཤད་དོ། །དེ་ལ་རྣམ་པར་རྟོག་པ་དང་རྣམ་པར་མི་རྟོག་པ་མངོན་སུམ་ཐ་མི་དད་པ་
གྲུབ་པ་ནི་རང་གི་མཚན་ཉིད་ལྷག་པར་ཞེན་པའོ། །ཐ་མི་དད་པའི་བདེ་བ་ནི་ལྟ་བའི་ཤེས་པ་ལ་སོགས་པ་སྒྲུབ་པའི་རྣམ་པར་རྟོག་པར་ཡང་རང་གི་མཚན་ཉིད་ཁོ་ན་ལ་འཇུག་གོ། །འདིའི་དགོས་པ་ནི་འདི་ཡིན་ཏེ། གང་གི་ཚེ་རྟོགས་པ་དང་མི་རྟོགས་པའི་སེམས་གཞལ་བར་བྱ་བ་གཞན་གྱི་
ཡུལ་ཡིན་པ་དེའི་ཚེ་དེ་ལ་སྐྱེས་བུ་འཇུག་ཅིང་བསྒྲུབ་པར་བྱ་བའི་དོན་བྱེད་པར་རྟོགས་པའམ་འཇུག་པ་ཉིད་ནི་མེད་དོ། །དེའི་ཡུལ་ཉིད་དུ་མངོན་པར་འདོད་པའི་སྤྱི་ཐ་མི་དད་པའི་ཤེས་པ་ཁོ་ནའི་དོན་བྱེད་པར་ཁས་བླངས་པས་རྣམ་པར་རྟོག་པ་སྐྱེ་བར་གྲུབ་པ་ཡིན་ནོ། །སྔོན་པོར་ཉམས་སུ་མྱོང་བ་
ལས་གཞན་པའི་གཞལ་བྱ་སེར་པོ་ལ་སོགས་པའི་ཡུལ་གྱི་ཤེས་པས་ནི་སྔོན་པོའི་དངོས་པོ་ལ་སྐྱེས་བུ་འཇུག་པ་མ་ཡིན་ཏེ། སྒྲུབ་པར་བྱེད་པའི་དོན་བྱེད་པ་ཡང་འགའ་ཞིག་ཏུ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ལྟ་བའི་ཤེས་པ་ཉིད་གཞལ་བྱ་ལས་གཞན་གྱི་ཡུལ་གྱི་བྱེ་བྲག་ཅན་དག་ལ་དེ་བཞིན་
བཤད་པ་ནི་རྣམ་པར་མི་རྟོག་པ་ཅན་ལས། །གཉིས་ཀྱི་བདག་ཉིད་དངོས་པོ་འཛིན་ཞེས་བྱ་བ་བཤད་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྔོན་པོ་མཐོང་བ་ཁོ་ན་རྣམ་པར་མི་རྟོག་པའི་ཚད་མར་རིགས་སོ། །དེ་ཐ་མི་དད་པ་ལ་ཉེ་བར་སྦྱོར་བའི་དྲན་པའི་རྣམ་པར་རྟོག་པ་ཉིད་ཀྱང་མཐོང་བ་ལས་ཐ་
དད་པ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་ཚད་མ་གཞན་དུ་རྟོག་པར་བྱེད་པ་ནི་འབྲས་བུ་མེད་དེ། དྲན་པ་དང་། འདོད་པ་དང་། སྡང་བ་དང་། རྩོལ་བ་ལ་སོགས་པ་ཚད་མར་ཐལ་བར་འགྱུར་བས་ཚད་མ་འདི་ཙམ་ངེས་པ་རྣམ་པར་ཉམས་པར་འགྱུར་རོ། །གང་གི་ཚེ་སྔོན་པོ་ལ་སོགས་པའི་དངོས་
Vol. 189 · folio 203b
པོ་གཅིག་ལ་རྒྱུན་མི་འཆད་པར་དབང་པོའི་ཤེས་པ་སྐྱེ་བ་དེའི་ཚེ་སྔ་མ་དང་གྲུབ་པ་དང་བདེ་བ་ཐ་མི་དད་པའི་ཕྱིར་ཕྱི་མའི་དབང་པོའི་ཤེས་པ་རྣམས་ཚད་མ་མ་ཡིན་པར་ཐལ་བར་འགྱུར་བས་མ་ངེས་པ་ཡིན་ནོ་ཞེས་ཚད་མ་བསླད་པར་སྨྲ་བས་བསྟན་པ་ནི། གལ་ཏེ་མངོན་སུམ་སྔ་མ་དང་ཕྱི་མ་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། འདི་དག་གི་ལན་ནི་ཕྱི་མ་ཚད་མ་མ་ཡིན་པར་ཐལ་བར་མི་འགྱུར་ཏེ། གང་གི་ཕྱིར་དུ་མ་ལ་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །འདི་ལྟར་སྐད་ཅིག་མ་རེ་རེའི་ཡོངས་སུ་གཅོད་པའི་ཡུལ་གྱི་མཚན་ཉིད་ནི་གྲུབ་པའོ། །དེའི་དོན་བྱེད་པ་སྒྲུབ་པའི་མཚན་ཉིད་ནི་བདེ་བ་
ཡོངས་སུ་སྐྱོང་བ་སྟེ་ངོ་བོ་ཐ་དད་པའོ། །དེའི་ཕྱིར་མི་མཐུན་པའི་ཕྱོགས་ལས་ལྡོག་པས་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །གང་གི་ཚེ་དུ་མ་གྲུབ་པ་དང་བདེ་བ་ཐ་དད་པ་ནི། སྐད་ཅིག་མའི་བྱེ་བྲག་གིས་བསྒྲུབ་པར་བྱ་བའི་དོན་དུ་འདོད་པ་ནའོ། །གང་གི་ཚེ་སྐད་ཅིག་མའི་བྱེ་བྲག་གིས་ཕན་པ་
དང་མི་ཕན་པའི་མཚན་ཉིད་ཐོབ་པ་དང་ཡོངས་སུ་སྤོང་བར་འདོད་པའི་རྣལ་འབྱོར་པ་རྣམས་ནི་གཞན་པ་ལ་ཕན་པ་ཉེ་བར་བསྟན་པ་ཡིན་ཏེ། འགའ་ཞིག་གི་རྣམ་པ་འགས་ལ་ལར་ཉེ་བར་མཁོ་བ་ཡིན་པ་དེའི་ཚེའོ། །དཔེར་ན་མཐོང་བ་འདི་ལམ་གྱི་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་
མཐོང་བས་བག་ལ་ཉལ་གྱི་བག་ཆགས་འགོག་པ་བཞིན་ནོ། །དེའི་གཞི་ལ་འགལ་བ་སྐྱེ་བའི་ཕྱིར་རོ། །སྡུག་བསྔལ་ལ་ཆོས་ཤེས་པ་ནི་ཉོན་མོངས་པས་དབེན་པའི་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་ཐོབ་པ་སྐྱེད་པ་ཡིན་ནོ། །བག་ལ་ཉལ་དང་འགལ་བའི་རྟེན་ལ་བརྟན་པ་སྐྱེད་ནས། །
དེས་དེ་དག་འཛིན་པ་ནི་གཞན་གྱི་སེམས་པ་ལ་ཐ་དད་པའི་ཚད་མ་ཡིན་ནོ། །གཞན་ལ་ཕན་པའི་སྦྱིན་པ་དང་དབང་བསྐུར་བ་དང་ལྡན་པ་དངོས་པོ་མ་ལུས་པ་རྒྱ་ཆེ་བ་ལ་ཁྱབ་པའི་སྣང་བ་ལ་གཟིགས་པ་ནང་གི་བདག་ཉིད་ཀྱི་བཅོམ་ལྡན་འདས་ནི་དོན་གྱི་སྐད་ཅིག་མ་འགའ་ཞིག་གིས་འགའ་ཞིག་གི་གཞན་
གྱི་དོན་དུ་རྗེས་སུ་བཟུང་བའམ་འཆིང་བ་ཡིན་ནོ་ཞེས་བྱའོ། །དངོས་པོ་ཐམས་ཅད་ཀྱི་སྐད་ཅིག་མ་རེ་རེ་རྣམས་ཀྱི་མཚན་ཉིད་ལ་གཟིགས་པ་རྣམས་ཀྱི་མངོན་སུམ་གྱི་སེམས་དེའི་ཡུལ་སྐད་ཅིག་མ་རྣམས་ལ་ཐ་དད་པའི་དོན་བྱེད་པ་དང་བཅས་པར་ཉེ་བར་སྦྱོར་བའི་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །
Vol. 189 · folio 204a
དེ་གང་གི་ཚེ་མངོན་སུམ་རྣམས་སྐད་ཅིག་མ་ཐ་དད་པ་མཐོང་བའི་དབང་དུ་བྱས་པར་བརྗོད་པ་དེའི་ཚེ་ཐ་དད་པ་ལ་ཉེ་བ་སོ་སོ་བ་ཉིད་ལ་མ་ངེས་པ་མེད་དོ། །ཡང་ན་དོན་ཐམས་ཅད་གཅིག་ཏུ་བྱེད་པར་འདོད་པས་མངོན་པར་ཞེན་པ་ཐ་སྙད་དུ་བྱེད་པར་སྐྱེས་བུ་མངོན་པར་འདོད་པས་
བརྗོད་ན། དེའི་ཚེ་མ་ལུས་པ་ཉིད་ཀྱིས་སྔོན་པོའི་རྒྱུན་གྱི་དོན་གཅིག་པ་དང་། །བརྟེན་པའི་ངོ་བོར་བསྒྲུབ་པར་བྱ་བའི་དོན་གཅིག་པའི་བདག་ཉིད་དུ་མངོན་པར་ཞེན་པའི་ཕྱིར་ཕྱི་མ་ཡང་ཚད་མར་མི་འདོད་པས་མ་ངེས་པ་ག་ལ་ཡིན་ཅེས་བསྟན་པ་ནི་འབྲས་བུ་ཐུན་མོང་པ་ཞེས་བྱ་བ་སྨོས་ཏེ། དེ་
རྒྱུན་དུ་གནས་པའི་སྐད་ཅིག་མ་ཐམས་ཅད་ལ་གཅིག་ཏུ་མངོན་པར་ཞེན་ནས་ཐ་སྙད་དུ་བྱེད་དོ། །གང་ཐུན་མོང་པའི་སྐད་ཅིག་རེ་རེ་ལ་ཕན་ཚུན་དུ་རྒྱུ་བྱེད་པས་ཐ་དད་དུ་ཚུག་ཀྱང་དོན་དམ་པར་ཕྱིན་ཅི་ལོག་པས་གཅིག་ཏུ་མངོན་པར་འདོད་པའི་འཆོས་པ་ལ་སོགས་པ་སྔོན་པོ་ལ་སོགས་པའི་འབྲས་
བུའོ། །དེ་ལ་ཕྱི་མའི་ཤེས་པའི་སྐད་ཅིག་མ་དེ་དག་གི་མཐུས་དོན་ཐོབ་པར་བྱེད་པའི་ནུས་པ་ཐ་དད་པ་མེད་དོ། །མངོན་སུམ་སྔ་མའི་ཡུལ་གྱི་སྐད་ཅིག་མ་ཁོ་ན་ལ་དེ་རྣམས་འཇུག་པ་ན་དང་པོ་འདི་ཉིད་དེ་ལ་ཚད་མ་ཡིན་ནོ། །དེ་ལྟ་ན་དོན་བྱེད་པ་དོན་དུ་གཉེར་བ་རྣམས་དེ་སྒྲུབ་པར་བྱེད་པ་ཐོབ་པར་ནུས་
པའི་ཤེས་པ་ཚད་མའི་ཐ་སྙད་དུ་བྱེད་དོ། །བློ་མ་ཉམས་པའི་དོན་བྱེད་པའི་སྒྲུབ་པར་བྱེད་པ་ཐ་དད་པ་ཉིད་ཀྱིས་ཚད་མ་ལས་ཐ་དད་པའི་ཐ་སྙད་ཤེས་པ་རྣམས་ལ་རིགས་སོ། །དེ་ལྟ་མ་ཡིན་ན་དྲན་པ་ལ་སོགས་པ་ཡང་ཚད་མར་ཐལ་བར་འགྱུར་བས་བསལ་བར་བྱ་བའམ་འབྲས་བུ་མེད་པའི་ཚད་མ་རྣམ་
པར་འཇོག་པ་ལ་རྟོགས་པ་དང་ལྡན་པ་ཇི་ལྟར་གུས་པར་བྱེད། དེ་དག་ཐུན་མོང་གི་འབྲས་བུའི་ནུས་པ་ཐ་མི་དད་པ་གང་ཞིག་ཡིན་སྙམ་ན། དུ་བ་གཞན་དང་གཞན་གྱིས་ཞེས་བྱ་བ་སྨོས་ཏེ། དེའི་གཞལ་བར་བྱ་བ་མེ་དེ་དང་ཉེ་བ་དེ་རྣམས་ལ་དེའི་ཡུལ་ལྟ་བུ་རྗེས་སུ་དཔག་པའི་ཤེས་པས་མེ་ཙམ་
བསྒྲུབ་པར་བྱ་བའི་དོན་ལ་འབར་བ་ལ་སོགས་པ་ལ་སུ་ཞིག་སླུ་བ་ཡིན། དེའི་དོན་བྱ་བ་སྒྲུབ་པར་བྱེད་པ་ཐོབ་པར་ནུས་པ་ཐ་དད་པ་མེད་པས་ཇི་ལྟར་ཚད་མ་ཐ་དད་པར་མཁས་པ་ལ་མི་རིགས་པ་དེ་བཞིན་དུ་འདིར་ཡང་ཡིན་ནོ། །གང་གི་ཚེ་གདུང་བ་ལྔ་པས་གདུང་བར་འདོད་པར་གྱུར་པ་དེའི་ཚེ་དུ་བ་གཞན་
Vol. 189 · folio 204b
དང་གཞན་གྱིས་གཞལ་བར་བྱ་བའི་མེ་དང་ཉེ་བའི་ཡུལ་ལ་ཡང་རྗེས་སུ་དཔག་པའི་ནུས་པ་ཐ་དད་པའི་ཚད་མ་བསལ་བར་མི་ནུས་སོ། །དེ་ལྟར་ན་ཇི་ལྟར་སྔོན་པོ་མཐོང་ནས་སྔོན་པོའོ་སྙམ་པའི་ཤེས་པ་ཞེས་བྱ་བའི་དཔེས་སྔོན་པོའི་རྣམ་པར་རྟོག་པ་ཚད་མ་ཡིན་པ་བསལ་ནས་རྣལ་མའི་དོན་ལ་ཉེ་བར་
སྦྱོར་བ། འདིས་ནི་ཞེས་བྱ་བ་སྨོས་ཏེ། སྔོན་པོའི་རང་གི་མཚན་ཉིད་མཐོང་བའི་དུས་ཕྱིས་བྱུང་བའི་སྔོན་པོའི་རྣམ་པར་རྟོག་པ་ཚད་མ་བསལ་བ་ཉིད་དོ། །དེ་མིན་འདོད་པའི་ཕྱིར་རྣམ་པར་རྟོག་པ་ལ་ཡང་དོན་གྱིས་ཕན་འདོགས་སོ་ཞེས་གཞོན་ནུ་མ་ལེན་གྱིས་སྨྲས་པ་ན། ཕྱོགས་ལ་སོགས་
པ་མཐོང་བའི་དུས་ཕྱིས་བྱུང་བ་ཆོས་ཅན་གྱི་རྣམ་པར་རྟོག་པ་དང་། དེ་དང་འབྲེལ་པ་རྟོགས་པའི་དུས་སུ་མེའི་རང་གི་མཚན་ཉིད་མཐོང་བའི་དུས་ཕྱིས་བྱུང་བའི་མེའི་སྤྱིའི་ཡུལ་ལ་བསྒྲུབ་བྱའི་ཆོས་ཀྱི་རྣམ་པར་རྟོག་པ་དང་། དུ་བ་མཐོང་བའི་ཤེས་པའི་རྗེས་ལས་བྱུང་བའི་སྤྱི་སྣང་བའི་རྟགས་
ཀྱིས་རྣམ་པར་རྟོག་པ་དང་། སོགས་པ་སྨོས་པས་ཆོས་དང་ཆོས་ཅན་གྱི་འབྲེལ་པའི་རྣམ་པར་རྟོག་པ་དང་ཚད་མའི་རྗེས་ལས་བྱུང་བའི་ཆོས་ལ་སོགས་པའོ། །རང་གི་ངོ་བོ་ཙམ་གྱི་ཡུལ་ལ་ལྟ་བའི་མིང་ཅན་གྱི་མངོན་སུམ་དུ་སོང་བ་ཡིན་གྱི་རྣམ་པར་རྟོག་པ་མེད་པ་ནི་རྟགས་དང་ཆོས་ཅན་གྱི་འབྲེལ་པ་
དེ་བཞིན་དུ་མི་འཛིན་ནོ་སྙམ་པའི་འཇིགས་པས་ཚད་མར་ཁས་བླངས་པ་གང་ཡིན་པ་དེ་བསལ་བ་ནི་སྤངས་པ་ཡིན་ནོ། །སྔ་མ་རང་གི་མཚན་ཉིད་ཀྱི་ཡུལ་མཐོང་བ་གང་ཡིན་པ་ལ་གཞན་གྱི་ལྟ་བའི་ཤེས་པ་ཞེས་ཐ་སྙད་བྱེད་པ་དེ་ཉིད་ཚད་མ་ཡིན་གྱི། དེའི་སྟོབས་ལས་བྱུང་བའི་རྣམ་པར་རྟོག་པ་ནི་
མ་ཡིན་ཏེ། ཇི་སྐད་བཤད་པའི་རིགས་པས་དེ་དག་ལེགས་པར་གནས་སོ། །ཕྱོགས་ཀྱི་ཆོས་དང་བསྒྲུབ་པར་བྱ་བའི་ཆོས་ཅན་མངོན་སུམ་དང་རྗེས་སུ་དཔག་པས་གྲུབ་པར་ངེས་པའི་ཕྱིར་རོ། །དེ་ཉིད་ཀྱིས་མངོན་སུམ་གྱི་ཕྱོགས་ཀྱི་ཆོས་ངེས་པར་བརྗོད་པས་ཞར་ལ་མཐོང་བའི་རྗེས་ལས་
བྱུང་བའི་རྣམ་པར་རྟོག་པ་ཚད་མ་ཡིན་པ་བསལ་བས་མངོན་སུམ་རྟོགས་པ་དང་བྲལ་ཞིང་མ་འཁྲུལ་བ་ཡིན་པར་བསྟན་ཏོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་རྗེས་སུ་དཔག་པ་བསྟན་པའི་ཕྱིར་འདི་ཙམ་པ་ཡིན་གྱི་ཡང་དག་པའི་ཤེས་པ་བསྟན་པའི་ཕྱིར་ཞེས་ཐུན་མོང་དུ་མ་ཡིན་ནོ་ཞེ་ན། གྲངས་ལ་
Vol. 189 · folio 205a
སོགས་པ་ལ་ལོག་པར་རྟོག་པ་ཉིད་བསལ་བས་ཀྱང་འདིར་དེའི་ཡུལ་ཡང་བསལ་བ་ཡིན་ཏེ། ལྐོག་ཏུ་གྱུར་པ་རྟོགས་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཕྱོགས་ཆོས་ཁོ་ན་དང་། དེའི་ཆས་ཁྱབ་པ་ཉིད་དང་། གཏན་ཚིགས་དང་རྒྱུ་མཚན་དང་
དེ་ལས་གཞན་མ་ཡིན་ནོ་ཞེས་བརྗོད་པས་ལྐོག་ཏུ་གྱུར་པའི་དོན་གྱི་ཡུལ་ཅན་གྱི་ཚད་མ་ཐམས་ཅད་རྗེས་སུ་དཔག་པའི་ནང་དུ་འདུས་པས་གྲངས་ལ་ལོག་པར་རྟོག་པ་བསལ་བས་ནི་ཡང་དག་པའི་ཤེས་པའི་ཡུལ་ལ་ལོག་པར་རྟོག་པ་བསལ་ཏོ། །དེ་ལྟར་ཁྱབ་པར་བྱེད་པའི་ཆ་གོ་བར་བྱ་
བར་རྟོགས་པས་དེའི་ཆས་ཁྱབ་པར་བརྗོད་པས་རྗེས་སུ་དཔག་པའི་ཡུལ་ནི་སྤྱི་ཡིན་ལ་མངོན་སུམ་གྱི་ཡུལ་ནི་རང་གི་མཚན་ཉིད་ཡིན་ནོ་ཞེས་བསྟན་པར་འགྱུར་ཏེ། དེ་ཐུན་མོང་ཡིན་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པ་ཡིན་ན་ཡང་ཁྱབ་པར་བྱེད་པར་མི་རིགས་པའི་ཕྱིར་དང་། རྣམ་པར་
རྟོག་པའི་ཡུལ་ཡིན་པའི་ཕྱིར་རོ། །དེ་ལ་དང་པོར་ཐུན་མོང་མ་ཡིན་པའི་ཡུལ་ཡིན་ནོ་ཞེས་བརྗོད་པས་རང་གི་མཚན་ཉིད་མངོན་སུམ་གྱི་ཡུལ་ཁོ་ནར་བཤད་དོ། །མཐོང་བ་ཉིད་ཚད་མ་ཡིན་ནོ་ཞེས་བྱ་བ་བཤད་པས་ཚད་མའི་འབྲས་བུ་ཉིད་བསྟན་པ་ཡིན་ཏེ། དེ་ནི་དོན་རྟོགས་པའི་ངོ་བོ་ཡིན་པའི་
ཕྱིར་དང་། དེ་བཞིན་དུ་དེའི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་དེའི་སྦྱོར་བ་རྣམ་པ་གཉིས་བསྟན་པར་བྱ་བའི་ཕྱིར་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་བཤད་པར་བྱ་བ་ཡིན་ཏེ། དེའི་ཚུལ་གསུམ་པའི་རྟགས་བཤད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །མདོར་བསྡུས་ནས་རྗེས་སུ་དཔག་པ་བསྟན་
པར་འདོད་པ་ཡིན་ན་དེ་ཡང་ཐམས་ཅད་ཀྱང་ཡོད་པའི་ཕྱིར་ན་འདིར་ཅིའི་ཕྱིར་རྗེས་སུ་དཔག་པ་བསྟན་པའི་ཕྱིར་ཞེས་བཤད་པར་བྱ་ཞེ་ན། བདེན་ན་གཙོ་བོ་ཡིན་པའི་ཕྱིར་དེ་སྨོས་སོ། །འདི་ལྟར་གཙོ་བོ་ནི་སྐྱེས་བུ་ལ་ཉེ་བར་མཁོ་བའི་དེ་ཁོ་ན་ཉིད་འཕགས་པའི་བདེན་པ་བཞིའི་རྗེས་སུ་དཔག་པ་ཁོ་
ནས་ངེས་པ་ཡིན་པ་དེ་གཙོ་བོ་ཡིན་ནོ། །དེ་ལྟར་མངོན་སུམ་གྱི་ཡུལ་ལ་ཡང་སླུ་བ་སྲིད་པས་རྗེས་སུ་དཔག་པ་གཞན་གཏན་ལ་འབེབས་པའི་རྒྱུ་མཚན་ཡིན་པ་དེའི་ཕྱིར་དེ་གཙོ་བོ་ཡིན་པ་དང་འཇུག་པར་བྱེད་པ་ཡིན་པ་འདིའི་གཙོ་བོ་ཡིན་ནོ། །དེ་ལྟ་ན་ཡང་གང་ཉམས་སུ་མྱོང་བའི་འབྲས་བུ་བདེ་
Vol. 189 · folio 205b
བ་དང་སྡུག་བསྔལ་སྒྲུབ་པར་བྱེད་པའམ་ཉམས་སུ་མྱོང་བར་གྱུར་པ་འབྲས་བུ་མཐོང་བ་ལ་དེ་འཇུག་པའི་ཡུལ་མ་ཡིན་ཏེ། འབྲས་བུ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་གང་མ་འོངས་པའི་འབྲས་བུ་བདེ་བ་དང་སྡུག་བསྔལ་སྒྲུབ་པར་བྱེད་པའི་མངོན་སུམ་དེ་ལ་ཡང་རྗེས་སུ་དཔག་པ་ཁོ་ན་རབ་ཏུ་འཇུག་གོ། །
དེ་མ་འོངས་པའི་བདེ་བ་དང་སྡུག་བསྔལ་དུ་རུང་བ་ཉིད་ནི་མངོན་སུམ་གྱིས་ངེས་པ་མ་ཡིན་ཏེ། འབྲས་བུ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །དེ་སྐད་དུ། མངོན་སུམ་མ་ཡིན་པའི་རྒྱུ་ལས་འབྲས་བུ་དངོས་པོ་མི་རྟོགས་སོ་ཞེས་བཤད་དོ། །དེའི་ཕྱིར་སྔར་ཉམས་སུ་མྱོང་བའི་བདེ་བ་དང་སྡུག་བསྔལ་
སྒྲུབ་པར་བྱེད་པ་དང་ཆོས་མཐུན་པ་མངོན་སུམ་གྱི་ཡུལ་ཡིན་དུ་ཟིན་ཀྱང་མ་འོངས་པའི་དངོས་པོ་རུང་བ་མངོན་སུམ་གྱིས་ངེས་པར་མི་ནུས་སོ། །དེ་སྐད་དུ། དཔེར་ན་མཐོང་བ་དང་ཆོས་མཐུན་པ་དེ་བཞིན་དུ་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པ་དེ་ཉིད་ཐོབ་བོ་ཞེས་བྱ་བ་སྨོས་སོ། །དེ་ལྟ་ན་གཉི་
ག་ཡང་འཇུག་པར་བྱེད་པ་ཉིད་དེ་གཉི་གས་དོན་ཡོངས་སུ་བཅད་ནས་འཇུག་གོ་ཞེས་བཤད་པ་ཇི་ལྟར་ཡིན་ཞེ་ན། བདེ་བ་དང་སྡུག་བསྔལ་སྒྲུབ་པར་བྱེད་པ་མེ་དང་ཆུ་ལ་སོགས་པ་རང་གི་ངོ་བོ་མངོན་སུམ་དུ་གྲུབ་ལ་མ་འོངས་པའི་འབྲས་བུ་རུང་བའི་ཡུལ་ནི་རྗེས་སུ་དཔག་པས་ཡིན་པའི་ཕྱིར་གཉི་ག་ཡང་
འཇུག་པར་བྱེད་པ་དང་། ཡང་དག་པའི་ཤེས་པ་སྔོན་དུ་སོང་བ་ཉིད་ཕན་པ་དང་མི་ཕན་པ་ཐོབ་པ་དང་ཡོངས་སུ་སྤངས་པ་དག་ལ་མ་འོངས་པའི་འབྲས་བུའི་རུང་བའི་ཡུལ་ལ་མངོན་སུམ་གྱིས་ངེས་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཚུ་རོལ་མཐོང་བས་མ་འོངས་པའི་འབྲས་བུ་རུང་བ་ངེས་པ་
དེའི་ཕྱིར་རྗེས་སུ་དཔག་པ་གཙོ་བོ་ཡིན་པས་དེ་སྨོས་སོ་ཞེས་བྱ་བ་སྤྲོས་པས་ཆོག་པས་རྒྱ་ཆེར་མི་སྦྱར་རོ། །དེ་ལ་རང་བཞིན་མི་དམིགས་པ་དང་། འབྲས་བུའི་ཕྱོགས་ཀྱི་ཆོས་ངེས་པའི་བསྒྲུབ་པར་བྱ་བའི་ཐབས་མཚུངས་པས་ཐ་མི་དད་པར་བཤད་དོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ངེས་པ་
ཡང་བསྒྲུབ་པར་བྱ་བའི་ཐབས་ཐ་དད་པས་ཐ་དད་པར་བསྟན་པ་འབྲས་བུ་ཡིན་ནོ། །རེ་ཞིག་རང་བཞིན་གྱི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ངེས་པར་རང་གི་ཚད་མས་རྒྱུ་མཚན་བསྟན་པ་ནི། རྗེས་སུ་འགྲོ་བ་ངེས་པ་ཡང་ཞེས་བྱ་བ་སྨོས་ཏེ། ཕྱོགས་ཀྱི་ཆོས་ངེས་པ་འབའ་ཞིག་བསྟན་པ་ནི་
Vol. 189 · folio 206a
མ་ཡིན་ནོ། །འོན་ཏེ་རྗེས་སུ་འགྲོ་བ་ངེས་པ་གང་ཡིན་པ་ཡང་རང་བཞིན་གྱི་གཏན་ཚིགས་ལ་བརྗོད་དོ་ཞེས་བྱ་བ་ལྷག་མའོ། །སྒྲུབ་པར་བྱེད་པའི་ཆོས་ཀྱི་ཡོད་པ་ཙམ་ནི་ཐོབ་པ་ལ་སོགས་པ་རྒྱུ་མཚན་གཞན་ལ་ལྟོས་པ་མ་ཡིན་ནོ། །དེ་དང་རྗེས་སུ་འབྲེལ་པའི་རྗེས་སུ་འགྲོ་བའི་
ཁྱབ་པ་དེ་གྲུབ་པ་གང་ཡིན་པ་དེ་ནི་རང་ཞིན་གྱི་གཏན་ཚིགས་ཀྱི་འབྲེལ་བ་ངེས་པའོ། །སྒྲུབ་པར་བྱེད་པའི་ཆོས་ཀྱི་དངོས་པོ་ཙམ་དང་འབྲེལ་པར་སུ་ཞིག་ལ་གྲུབ་ཅེ་ན། བསྒྲུབ་པར་བྱ་བའི་ཆོས་དང་ངོ་། །བསྒྲུབ་པར་བྱ་བ་ནི་འདིར་ཆོས་དང་ཆོས་ཅན་གྱི་སྤྱིའི་ཕྱོགས་གཅིག་ཡིན་པའི་ཕྱིར་ཆོས་
ཡིན་ནོ་ཞེས་བྱ་བ་དེ་བཞིན་བཤད་དོ། །གང་དང་གང་ལ་སྒྲུབ་པར་བྱེད་པའི་ཆོས་ཡོད་པ་དེ་དང་དེ་ལ་བསྒྲུབ་པར་བྱ་བའི་ཆོས་ཀྱང་རྒྱུ་མཚན་གཞན་ལ་མི་ལྟོས་པར་ཡོད་པའི་ཕྱིར་དོན་དེ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ངེས་པར་གྲུབ་པ་ཡིན་ནོ། །ཇི་ལྟར་བསྒྲུབ་པར་བྱ་བའི་ཆོས་དང་སྒྲུབ་པར་
བྱེད་པའི་ཆོས་ཡོད་པ་ཙམ་ལ་རག་ལས་པ་ཡང་ཡིན་ཞེ་ན་དེ་ཡོད་པ་ན་སྒྲུབ་པར་བྱེད་པའི་ཆོས་དེ་ཡོད་པ་ནི་འདིའི་རང་བཞིན་ཡིན་ཏེ་དེ་ཡོད་པ་དེས་དེ་ཡོད་པ་ཡིན་པས་སོ། །གང་གི་ཚེ་སྒྲུབ་པར་བྱེད་པའི་ཆོས་དང་བསྒྲུབ་པར་བྱ་བའི་ཆོས་དེའི་རང་བཞིན་གྱིས་དེ་ཙམ་དང་འབྲེལ་པ་ཇི་ལྟར་ཡིན་ཞེ་ན། རང་
བཞིན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་ནི་དེའི་རང་བཞིན་ཐ་མི་དད་པའི་ཕྱིར་ཇི་ལྟར་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཡིན་ཞེ་ན། དངོས་སུ་ན་ཞེས་བྱ་བ་སྨོས་ཏེ། དོན་དམ་པར་རོ། །བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་རྣམ་པར་རྟོག་པའི་དུས་སུ་དེ་མ་ཡིན་པ་ལས་ཕན་ཚུན་
ལྡོག་པའི་དོན་གྱི་རྒྱུ་མཚན་རྟོག་པ་ཅན་གྱི་བློ་ཐ་དད་པར་སྣང་བས་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པ་ལ་ཉམས་པ་མེད་དོ། །འདི་དོན་དམ་པར་ན་སྒྲུབ་པར་བྱེད་པ་དང་བསྒྲུབ་པར་བྱ་བའི་ཆོས་དང་ཆོས་ཅན་དང་བྱས་པ་ལ་སོགས་པ་ཐ་དད་པར་དམིགས་པར་བྱ་བ་མེད་དེ། འབྲེལ་པ་མེད་པས་
བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་མི་རིགས་པའི་ཕྱིར་རོ། །གལ་ཏེ་བྱས་པ་དང་མི་རྟག་པ་ལ་སོགས་པ་ལ་འདུ་བའི་འབྲེལ་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེ་ཡང་དོན་གཞན་ལ་འདིས་དོན་འདི་ལ་འདུ་བ་ཞེས་བྱ་བ་འབྲེལ་པ་མེད་པར་འགྱུར་བ་དེའི་གནས་སྐབས་ཡིན་པར་འབྲེལ་པ་གཞན་བརྟག་
Vol. 189 · folio 206b
དགོས་པས་ཐུག་པ་མེད་པར་ཐལ་བར་འགྱུར་བ་དང་། འདུ་བའི་ཡོད་པར་བརྟག་ན་ནི་བྱས་པ་ལ་སོགས་པ་རྟག་པ་དང་བདག་ལ་སོགས་པ་འདོད་ནའང་འགྱུར་རོ། །གང་བྱས་པ་ཉིད་ལ་སོགས་པ་སྒྲ་ཁོ་ན་ལ་འདུ་བ་སྟོབས་གང་ཡིན་པས་དེ་ཉིད་ལ་འཇུག་པར་འགྱུར་ན། དེ་ཉིད་རྟག་པ་མངོན་
པར་འདོད་པ་རྣམས་ལ་ཡང་གཅིག་པ་ཉིད་དུ་ཁས་ལེན་པའི་ཕྱིར་བྱས་པ་ལ་སོགས་པ་བདག་ལ་སོགས་པ་འཇུག་པ་གང་གིས་ན་བསལ་བར་ནུས། འོན་ཏེ་གང་མ་བྱུང་བ་ལས་བྱུང་བའི་ཆོས་དང་བྱུང་ནས་ཀྱང་མེད་པའི་ཆོས་ནི་མི་བརྟན་པའི་ངོ་བོར་ཡོད་པ་དེ་ཉིད་ལ་བྱས་པ་ལ་སོགས་པ་འཇུག་གོ་
ཞེས་རྣམ་པར་གཞག་གོ་ཞེ་ན། དེ་ལྟ་ན་དེ་ཉིད་མ་བྱུང་བ་ལས་བྱུང་བ་རང་བཞིན་ནམ་བྱུང་ཟིན་པ་མི་བརྟེན་པའི་དངོས་པོ་ཉིད་ལ་དེ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་རྣམ་པར་གཅད་པའི་ཡུལ་ཅན་གྱི་རྣམ་པར་རྟོག་པའི་བློ་རྒྱུ་མཚན་དུ་ཅི་སྟེ་མི་འདོད། དེ་ཉིད་ཀྱིས་དོན་དམ་པར་ཐ་མི་དད་པ་དང་ལྡན་པའི་
ཆོས་དང་ཆོས་ཅན་འཇུག་ན་བར་དུ་ལྷག་པས་ཅི་ཞིག་བྱ། བྱས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལྡོག་པ་དང་ལྡན་པ་ནི་ཁས་བླངས་དགོས་སོ། །དེ་ལྟ་ན། ཡོད་པ་ཙམ་གྱིས་བྱས་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པའི་ཆོས་ཀྱི་བསྒྲུབ་པར་བྱ་བའི་ཆོས་རྟོགས་པའི་རྒྱུ་མཚན་མ་ཡིན་ནོ། །དེ་དག་
རྟག་དུ་ཉེ་བ་ཉིད་ཀྱིས་གཏན་ཏུ་དེའི་ཆོས་རྟོགས་པར་ཐལ་བར་འགྱུར་རོ། །འོན་ཀྱང་རྣམ་པར་རྟོག་པའི་སྣང་བ་ཁོ་ན་སྟེ། དེ་ཡང་རྣམ་པར་རྟོག་པའི་རང་གི་སྣང་བ་ཉིད་ཀྱི་རྣམ་པ་ཕྱི་རོལ་དངོས་པོ་ལྟ་བུར་མངོན་པར་ཞེན་པའི་རྗེས་སུ་འབྲངས་ནས་བྱས་པས་མི་རྟག་པ་ལ་སོགས་པའི་དངོས་པོའི་
ངོ་བོ་རྟོགས་པར་བྱེད་ཀྱི། དོན་དམ་པར་ན་རེག་པ་མེད་ཀྱང་དེའི་ངོ་བོ་བརྒྱུད་པས་དེའི་རྒྱུ་ཡིན་པའི་ཕྱིར་རོ། །ལྡོག་པའི་ཆོས་ཀྱང་དེ་སྐྱེ་བའི་རྒྱུ་མཚན་ཙམ་གྱིས་ཡོངས་སུ་བརྟག་པར་བྱ་བ་ཡིན་ནོ། །དེ་རྣམ་པར་རྟོག་པའི་རྒྱུ་མཚན་གང་ཡིན་པ་དེ་ཉིད་རྣམ་པར་རྟོག་པ་སྐྱེ་བའི་རྒྱུ་མཚན་དུ་
ཡོད་པ་དེ་མཆོག་ཡིན་པས་གདོན་མི་ཟ་བར་ཁས་བླངས་པར་བྱ་བའི་ཕྱིར་དང་། ལྡོག་པ་དང་ལྡན་པས་ཆོས་གྲུབ་ཟིན་པའི་དོན་དུ་ཁས་བླང་བའི་ཕྱིར་དེ་བརྟགས་པས་ཆོག་གོ། །གདོན་མི་ཟ་བར་མི་རྟག་པ་ཐ་དད་པའི་སྒོ་ནས་ཀྱང་དངོས་པོ་ཁོ་ན་ལ་གནས་པའི་བདག་ཉིད་དུ་རྟོགས་པར་
Vol. 189 · folio 207a
བྱ་བ་ཡིན་ཏེ། དེ་དང་རྗེས་སུ་མཐུན་པ་དོན་བྱེད་པ་དོན་དུ་གཉེར་བ་རབ་ཏུ་འཇུག་པའི་ཕྱིར་རོ། །གཞན་དུ་ན་མི་རྟག་པ་ལས་ཐ་དད་པའི་རྟག་པ་ཡིན་པའི་ཕྱིར་དེ་ཁོང་དུ་ཆུད་པ་དོན་དུ་གཉེར་བ་སྒྲ་འདི་མི་རྟག་པར་བསྒྲུབ་པར་བྱ་བ་དོན་བྱེད་པ་དོན་དུ་གཉེར་བས་སྒྲ་རྟག་པ་ལ་
སོགས་པར་བསམས་ནས་ཅི་མི་རྟག་པ་ཕན་པ་མེད་པ་དཔྱོད་པར་བྱེད་དམ། གལ་ཏེ་རྟག་པ་ལ་ཡང་མི་རྟག་པ་ཁོང་དུ་ཆུད་པས་དེ་ཉིད་ལ་འཇུག་ཏེ་ཅིས་ན་སྒྲ་མི་རྟག་པའི་བདག་ཉིད་ཡིན། དེའི་སྒོ་ནས་རབ་ཏུ་རྟོགས་སོ་ཞེ་ན། །ཅི་བར་དུ་གཅོད་པ་འདིས་ཅི་ཞིག་བྱ། བར་དུ་གཅོད་པ་མེད་
པ་ཁོ་ནས་རྟོགས་པ་ཡོད་ན་མཛེས་ཏེ། དེ་ཉིད་དོན་དུ་གཉེར་བའི་ཕྱིར་རོ། །དེ་འདིར་ཤིན་ཏུ་སྤྲོས་པ་ནི་ཡོངས་སུ་རྫོགས་པར་དཀའ་བས་ཆོག་གོ། །རྒྱལ་དཔོག་པ་གང་དག་གིས་བསམས་པ། གང་དག་ཤིན་ཏུ་ཐ་དད་པ་དང་ལྡན་པའི་ཆོས་དེ་དག་ཉིད་འདི་ནི་རིགས་པ་ཅན་ལ་སོགས་
པ་ལ་སྐྱོན་ཡིན་གྱི་ཁོ་བོ་ཅག་རྣམ་པ་འགས་ཐ་དད་པ་དང་། ཐ་མི་དད་པ་དང་ལྡན་པའི་ཆོས་རྣམས་ཀྱི་རང་བཞིན་ལ་སྐྱོན་མེད་དོ་ཞེ་ན། དེ་དག་ཀྱང་དངོས་པོའི་ངོ་བོ་སྒྲུབ་པར་བྱེད་པའི་ཆོས་ཀྱི་ངོ་བོ་ཁས་བླངས་ནས་བསྒྲུབ་པར་བྱ་བ་ཆོས་རྣམ་པ་འགའ་ཞིག་ཐ་དད་པར་ཁས་བླངས་པའི་འབྲས་བུ་
ཅུང་ཟད་ཅིག་ཉེ་བར་མ་མཐོང་སྟེ། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་དངོས་པོ་ནི་རྣམ་པར་རྟོག་པ་ཐ་དད་པའི་སྒོ་ནས་འཐད་པ་ཡང་ཡིན་ནོ། །བདག་ཉིད་གཅིག་པ་ལ་རྣམ་པ་འགའ་ཞིག་ཐ་དད་པ་ནི་རིགས་པ་མ་ཡིན་ཏེ། རང་བཞིན་གཅིག་པ་ལ་ཐ་མི་དད་པའི་ཕྱིར་རོ། །གལ་ཏེ་དེ་
ལས་ཀྱང་དེ་དག་རྣམ་པ་འགའ་ཞིག་གིས་ཐ་དད་པ་དང་ཐ་མི་དད་པ་དེ་ཉིད་ཡིན་ནོ་ཞེ་ན། མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ཆོས་དེ་དག་གི་རང་བཞིན་གཅིག་པ་ཡིན་དུ་ཟིན་ཀྱང་ཐ་དད་པ་ལྡན་པ་དེས་ན་རང་བཞིན་གྱིས་རྣམ་པ་འགའ་ཞིག་ཐ་མི་དད་པའི་རྒྱུ་
མཚན་ནི་ཐ་མི་དད་པ་གཞན་པ་ཞིག་གི་རང་བཞིན་ཁས་བླང་བར་བྱ་དགོས་ཏེ། དེ་བཞིན་དུ་དེ་ལས་གཞན་པ་ཡིན་ནོ་ཞེས་ཐ་དད་པ་དང་ཐ་མི་དད་པ་མཐའ་ཡས་པའི་རང་བཞིན་བརྒྱུད་པ་བློས་བརྟགས་སུ་ཟིན་ཀྱང་། གཉིས་གའི་ངོ་བོ་མཐའ་ཡས་པའི་རང་བཞིན་བརྒྱུད་པ་སྣང་བ་ནི་མེད་པའི་ཕྱིར་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words