རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་བྱ་བ

Sanskrit title (Tibetan script, as in the text) བཱ་ད་ནྱ་ཡ་བྲྀཏྟི་བི་པཉྫི་ཏཱརྠ་ནཱ་མ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 190 · folio 107a

ཆོས་ཅན་དུ་མཚོན་པར་བྱ་བ་ལས་མ་ལོག་པའི་ཕྱིར་རོ། །གང་དང་གང་ལས་ཉེ་པར་མཚོན་པ་དེ་ནི་དེའི་ཕྱོགས་གཅིག་མ་ཡིན་ཏེ། དཔེར་ན་ཁང་བཟངས་ཀྱི་ཕྱོགས་བྱ་རོག་མ་ཡིན་པ་བཞིན་ནོ། །གཞན་ནི་མི་རིགས་ཕྱིར་མི་འདོད། །ཅེས་བྱ་བ་ནི་རྐང་མིག་

ཚར་གཅད་པའི་གནས་ཉི་ཤུ་རྩ་གཉིས་ཇི་སྐད་བཤད་པ་ཡིན་ཏེ། དམ་བཅའ་བ་ལ་གནོད་པ་དང་། དམ་བཅའ་བ་གཞན་དང་། དམ་བཅའ་དང་འགལ་བ་དང་། དམ་བཅའ་བ་བཀག་པ་དང་། གཏན་ཚིགས་གཞན་དང་དོན་གཞན་དང་། དོན་མེད་པ་དང་། རྣམ་པར་མི་རིགས་

པའི་དོན་དང་། འབྲས་བུ་མེད་པ་དང་། དུས་མ་ཡིན་པ་དང་། མ་ཚང་བ་དང་། ལྷག་པ་དང་། ཟློས་པ་དང་། རྗེས་སུ་མ་བརྗོད་པ་དང་། མི་ཤེས་པ་དང་། དགོས་པ་མེད་པ་དང་། སྤངས་པ་དང་། ཁོང་དུ་མ་ཆུད་པ་དང་། བརྒལ་ཞིང་བརྟག་པ་ལ་ལྟོས་པ་དང་། རྗེས་སུ་མ་

སྦྱོར་བ་ལ་སྦྱོར་བ་དང་། གྲུབ་པའི་མཐའ་དང་། གཏན་ཚིགས་ལྟར་སྣང་བ་རྣམས་ཚར་གཅད་པའི་གནས་ཡིན་ཏེ། རྣམ་པ་ཉི་ཤུ་རྩ་གཉིས་པོ་འདིས་རྣམ་པར་དབྱེ་བ་རྟོགས་པར་བྱའོ། །མི་མཐུན་པའི་དཔེ་ལ་ཁས་ལེན་ན་དམ་བཅའ་ལ་གནོད་པ་ཡིན་ཏེ། རྣམ་བཤད་བྱེད་པའི་

སུན་དབྱུང་ནས་རྣམ་འགྲེལ་བྱེད་པ་ལ་གནས་པའི་ཕྱོགས་ལ་སྨྲས་པ་དེ་ཉིད་བསྟན་པར་བྱ་བ་ནི། དྭ་ར་དྭ་ཛས་བཤད་པ་སུན་དབྱུང་ནས། ཁོ་བོ་ཅག་འདི་ཉིད་རེ་ཞིག་ངེས་པར་བྱས་ནས་བརྗོད་པར་བྱའོ་ཞེས་དགོངས་སོ། །དེ་ལ་རྣམ་བཤད་པའི་འདོད་པ་ནི་བསྒྲུབ་པར་བྱ་བའི་ཆོས་

ལ་མི་མཐུན་པའི་ཆོས་དུ་མས་གནོད་པར་བྱེད་པ་སྟེ། དཔེ་དང་མི་མཐུན་པར་ཤེས་ནས་དམ་བཅའ་བ་སྤོང་བ་ནི་དམ་བཅའ་ལ་གནོད་པའོ། །དཔེ་བསྟན་པ་ནི་སྒྲ་མི་རྟག་སྟེ་དབང་པོས་གཟུང་བར་བྱ་བའི་ཕྱིར་བུམ་པ་བཞིན་ནོ་ཞེས་བྱས་པ་ལ་གཞན་གྱིས་སྨྲས་པ་སྤྱི་ནི་རྟག་སྟེ། དབང་

པོས་གཟུང་བར་བྱ་བར་མཐོང་བ་ཅིའི་ཕྱིར་སྒྲ་ལ་ཡང་དེ་བཞིན་དུ་མི་འགྱུར་ཞེས་བྱ་བའོ། །ལན་དུ་བརྗོད་པ་ནི། གལ་ཏེ་འདི་དབང་པོས་གཟུང་བར་བྱ་བར་འདོད་པར་མ་ཟད་ཀྱི་བུམ་པ་ཡང་རྟག་པ་ཡོད་པར་འགྱུར་རོ། །དེའི་སྒྲུབ་པར་བྱེད་པ་འདི་དང་དཔེ་རྟག་པ་དང་ཉེ་བར་

Vol. 190 · folio 107b

མཇུག་བསྡུ་བས་དེ་མ་ཐག་ཏུ་ཕྱོགས་པ་བཞིན་ནོ། །ཕྱོགས་སྤངས་པ་ནི་དམ་བཅའ་བ་ལ་གནོད་པ་ཞེས་བརྗོད་དོ། །དམ་བཅའ་བ་ལ་བརྟེན་ནས་ཕྱོགས་སུ་གྱུར་པའི་ཕྱིར་རོ་ཞེའོ། །རྣམ་འགྲེལ་བྱེད་པས་འདི་དག་སུན་དབྱུང་བ་ནི་འདི་ལྟར་ཤེས་པ་ནི་མེད་ན་ཇི་ལྟར་འདི་དམ་

བཅའ་བ་ལ་གནོད་པ་ཡིན་ཞེས་བྱ། ཕ་རོལ་པོས་སྤྱི་དཔེར་བརྗོད་པ་ནི་གཏན་ཚིགས་མ་ངེས་པ་ཡིན་ཏེ། མ་ངེས་པའི་སྐྱོན་གྱི་སྒོ་ནས་རང་གི་དཔེ་རྟག་པར་སྟོན་པའི་ཕྱིར་རོ། །རྣམ་པར་བསྟན་པས་ཀྱང་དཔེ་མ་གྲུབ་པའི་སྐྱོན་དུ་འགྱུར་བའི་ཕྱིར་དཔེའི་སྐྱོན་འདི་འམ། གཏན་

ཚིགས་ཀྱི་སྐྱོན་དེས་དམ་བཅའ་བ་ལ་གནོད་པའི་ཚར་གཅད་པ་མ་ཡིན་ནོ། །དཔེ་ལ་གནོད་པས་དམ་བཅའ་བ་ལ་གནོད་པ་ཡིན་ནོ་ཞེས་ཚར་གཅད་པར་གདགས་པ་ཡིན་ནོ་སྙམ་ན། དཔེ་དངོས་པོ་མེད་པ་ཉེ་བར་བཏགས་པ་མི་སྲིད་དོ། །དམ་བཅའ་བ་ལ་གནོད་པ་དངོས་ཀྱི་

ཡུལ་དུ་བརྗོད་པར་བྱའོ། །ད་ནི་རྣམ་འགྲེལ་བྱེད་པའི་འདོད་པ་ནི་རང་ཉིད་ཉེ་བར་འགོད་དེ། མི་མཐུན་པའི་དཔེ་ཞེས་བྱ་བ་ལ་སོགས་པའོ། །འདིར་དཔེ་མངོན་པར་འདོད་པ་གང་ཞིག་ཡིན། གལ་ཏེ་རེ་ཞིག་འདིར་འཇིག་རྟེན་པས་བརྟགས་པའི་དཔེ་དེ་ནི་གྲགས་པ་ཡིན་

པ་དེའི་ཚེ་བཤད་པར་བྱེད་པའི་འདོད་པ་ལས་ཁྱད་པར་དུ་དེ་བྱས་པ་མེད་དོ། །རྣམ་པ་གཞན་དུ་ན་དེ་ནི་རྟོགས་པའི་ཐབས་མེད་པའི་ཕྱིར་རོ་ཞེ་ན། སྨྲས་པ་དེ་ལ་མ་མཐོང་བ་དེ་དག་ཀྱང་སྒྲུབ་པར་བྱེད་པའི་ཆ་ཤས་ཅན་ཡིན་པར་མཇུག་བསྡུ་བ་ནི་མཐར་གནས་པའི་ཕྱིར་ཉིད་དཔེ་

ཡིན་ནོ། །དེས་ན་རང་གི་སྒྲས་ནི་ཁྱད་པར་དང་ལྷན་ཅིག་བསྡུ་བའོ། །དེ་ལས་བཟློག་པ་ནི་མི་མཐུན་པའི་དཔེའོ། །དཔེར་ན་སྒྲ་མི་རྟག་སྟེ། དབང་པོས་གཟུང་བར་བྱ་བའི་ཕྱིར་ཞེས་རྒོལ་བས་བརྗོད་པ་ན་མི་མཐུན་པའི་ཕྱོགས་དང་ལྡན་པ་ཡིན་ནོ། །སྒྲ་ལ་སོགས་པའི་

དབང་པོའི་གཟུང་བར་བྱ་བ་དེ་རྟོགས་པ་མི་མཐུན་པའི་ཕྱོགས་དེ་ལ་ཡང་འཇུག་པས་གཏན་ཚིགས་འཁྲུལ་པར་འགྱུར་རོ། །དེ་ལྟར་སྤྱིའི་སྒོ་ནས་གནོད་པར་འགྱུར་བར་བཤད་པ་དེ་ལྟར་ན་སྒྲ་ལ་ཡང་དེ་བཞིན་དུ་ཡོད་པར་འགྱུར་བའི་ཕྱིར། འདི་ནི་དམ་བཅའ་ལ་གནོད་པ་

Vol. 190 · folio 108a

ཞེས་བྱ་བ་ཚར་གཅད་པའི་གནས་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྒྲ་མི་རྟག་པར་དམ་བཅས་པར་བཏང་བའི་ཕྱིར་དང་། དམ་བཅའ་བའི་སྒྲས་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་བརྗོད་པ་ཡིན་ཏེ། ཆ་ཤས་ཀྱི་སྤྱི་ཡིན་པའི་ཕྱིར་རོ། །འདིས་ནི་

འདིར་དྭ་ར་དྭ་ཛའི་འདོད་པ་སྤངས་ཤིང་དོར་བ་ཡིན་ཏེ། དམ་བཅའ་བ་སྤངས་པའི་རྒྱུའི་ཕྱིར་རོ་ཞེས་བྱ་བ་དམ་བཅའ་བ་ལ་གནོད་པར་གནས་པ་གང་ཡིན་པ་དེའི་ཕྱིར་ཁྱད་པར་ངེས་པ་སུ་ཞིག་གིས་བྱས། འདི་སུ་ཞིག་གི་ཡིན་སྙམ་དུ་རྣམ་པ་གཞན་གྱི་སྒོ་ནས་རང་གི་ཕྱོགས་

དང་། གཞན་གྱི་ཕྱོགས་ཀྱི་རྗེས་སུ་ཤེས་པའི་སྒོ་ནས་དམ་བཅའ་ལ་གནོད་པ་ཡིན་ནོ། །མི་སྦྱོར་བ་ཉིད་དམ་བཅའ་བ་ལ་གནོད་པ་འདོད་དོ་ཞེ་ན། གནས་སྐབས་དེ་ལས་གཞན་ཡོད་པ་མ་ཡིན་པའི་ཕྱིར་དོན་ལ་ངེས་པར་བརྗོད་པའི་ཕྱིར་རོ། །འོན་ཏེ་གཞན་ཡང་སྲིད་པར་འགྱུར་

བ་ཡིན་ནོ་ཞེ་ན། གཙོ་བོ་རྒྱུ་མཚན་དེ་དེ་ལ་བསྟན་པས་གཞན་ཡང་བསྟན་པ་ཁོ་ནར་འགྱུར་བའི་ཕྱིར་རོ། །དེ་འདིར་ཡང་བཤད་པ་འདི་དག་ཉིད་ཀྱང་གཏན་ཚིགས་ཀྱི་སྐྱོན་བརྗོད་པ་ལ་སོགས་པའོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་ལྟར་ཕྱིར་རྒོལ་བས་གཏན་ཚིགས་ཀྱི་སྐྱོན་

བརྗོད་པས་རྒོལ་བའོ། །དམ་བཅའ་བ་ལ་གནོད་པར་འགྱུར་ཏེ། ཡང་དག་པའི་སྐྱོན་བརྗོད་པའི་ཕྱིར་རོ། །རྩོད་པ་གཞན་འདིར་ཡང་སྤྱི་ནི་རྟག་པ་སྟེ། དབང་པོས་གཟུང་བར་བྱ་བ་ཡིན་ནོ་ཞེས་བསྟན་པས་སྒྲ་ལ་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བརྗོད་པ་འདི་ནི་འབྲེལ་པ་མེད་

པ་ཉིད་ཡིན་ནོ། །གང་གི་ཕྱིར་རང་བཞིན་དུ་གནས་པའི་སྤྱིའི་བདག་ཉིད་བསྟན་པ་ཙམ་གྱིས་སྤྱིའི་བདག་ཉིད་ཅི་ཡོད་པར་འགྱུར་རམ། དེ་ཡང་དབང་པོའི་གཟུང་བྱ་ཡིན་པས་རྟག་པ་སྒྲ་ཡིན་ཡང་མ་དཔྱད་པར་རྟག་པ་ཁོང་དུ་ཆུད་པར་འགྱུར་རམ། འདི་ལྟར་འགྱུར་ཏེ། སྤྱི་ཡང་

རྟག་པ་དང་དབང་པོའི་གཟུང་བར་བྱ་བ་ཉིད་དེ་ནི་བུམ་པ་མི་རྟག་པ་ཉིད་ལ་ཡང་དབང་པོས་གཟུང་བར་བྱ་བ་མཐོང་བའི་ཕྱིར་ཐེ་ཚོམ་དུ་འགྱུར་རོ། །གཞན་ཡང་མི་མཐུན་པའི་ཕྱིར་ཆོས་ཤེས་པས་འདིར་ཡང་རིགས་པ་མ་ཡིན་ནོ་སྙམ་ནས། དེའི་ཆོས་ཞེས་བྱ་བ་སྨོས་ཏེ། སྤྱི་ཡང་རྟག་

Vol. 190 · folio 108b

པ་དེའི་ཆོས་ཡིན་པས་སོ། །གང་གི་ཕྱིར་སྒྲ་མི་རྟག་པར་བརྗོད་པ་ལ། འགའ་ཞིག་གིས་སྒྲ་རྟག་གོ་ཞེས་བྱ་བ་མི་མཐུན་པའི་ཕྱོགས་གཙོར་ཉེ་བར་འགྱུར་བ་ཡིན་གྱི་སྤྱི་ནི་མ་ཡིན་ཏེ། དེ་ནི་ཆོས་ཅན་གཞན་ཡིན་པའི་ཕྱིར་རོ། །འདི་ལྟར་རྟག་པ་དང་མ་ཡིན་པ་ཅིའི་ཕྱིར་ཞེ་

ན། མི་མཐུན་པའི་ཕྱོགས་ཤེས་པས་སོ། །ཡང་ན་འདིས་ཞེས་བྱ་བ་ནི་ཇི་སྐད་བཤད་པ་འདི་ཉིད་གཙོ་བོའི་རྒྱུ་མཚན་ཡིན་ནོ་ཞེས་བྱ་བ་བསྒྲུབ་པའི་ཡན་ལག་མ་བརྗོད་པའོ། །དམ་བཅའ་བའི་དོན་བཀག་པ་ལ་ཆོས་རྣམ་པར་བརྟགས་ནས་དེའི་དོན་སྟོན་པ་ནི་དམ་བཅའ་བ་

གཞན་པ་ཞེས་བྱ་བ་ནི་མཚན་ཉིད་གཉིས་པའི་མདོ་ཡིན་ཏེ། ཚར་གཅད་པའི་གནས་ཡིན་ནོ་ཞེས་ཀུན་ལ་ཡང་སྦྱར་རོ། །འདིའི་དོན་བཀག་པའི་གཏན་ཚིགས་མི་མཐུན་པའི་ཕྱོགས་ལ་ཡོད་པར་བརྗོད་པ་སྟེ། དེ་ལྟར་ན་མཐུན་པའི་ཕྱོགས་དག་གི་ཆོས་ཀྱི་བྱེ་བྲག་གི་རྒྱུར་གྱུར་

པས་སྔར་དམ་བཅས་པའི་དོན་ལས་བསྟན་པ་དོན་ནི་དམ་བཅས་པ་གཞན་དུ་བྱེད་པ། དཔེར་ན་བུམ་པ་ཐམས་ཅད་དུ་འགྲོ་བ་མ་ཡིན་པ་དེ་བཞིན་དུ། སྒྲ་ལ་ཡང་ཡིན་པས་བུམ་པ་བཞིན་དུ་མི་རྟག་པར་འགྱུར་རོ། །སྒྲ་ཡང་ཞེས་བྱ་བ་ལྷག་མའོ། །འདི་དག་དགག་པ་ནི་འདིར་ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། རྣམ་ཕུག་གིས་བཤད་པའི་ཊཱི་ཀཱ་བྱེད་པས་འདིར་ཕམ་པར་འདོད་པས་ན་དོགས་པ་བསུ་བ་ནི། ཐམས་ཅད་དུ་སོང་བ་མ་ཡིན་པ་ཞེས་བྱ་བས་གཏན་ཚིགས་ཀྱི་ཁྱད་པར་དུ་བྱེད་པ་བཤད་པ་ཡིན་ནམ། གཏན་ཚིགས་ཁྱད་པར་དང་བཅས་པ་མི་མཐུན་པའི་

ཕྱོགས་ལ་མེད་པས་དམ་བཅའ་བ་གཞན་པ་ཚར་གཅད་པའི་གནས་མ་ཡིན་གྱི། གཏན་ཚིགས་ཁྱད་པར་བསྟན་པས་གཏན་ཚིགས་གཞན་དུ་གྱུར་པ་ཚར་གཅད་པའི་གནས་ཡིན་པས་འདི་ནི་ཤིན་ཏུ་རིགས་པ་ཡིན་ནོ། །འདི་ལྟར་ཕྱོགས་ཀྱི་ཆོས་ཉིད་མཁས་པའི་བློས་རྣམ་པར་

དཔྱོད་པ་ན། དམ་བཅའ་བ་གཞན་པར་བཤད་པར་མི་འགྲུབ་པའི་ཕྱིར་རོ། །གང་གི་ཚེ་གཏན་ཚིགས་ཀྱི་ཁྱད་པར་དུ་བསྟན་པས་གཏན་ཚིགས་གཞན་པ་ཚར་གཅད་པའི་གནས་སུ་འགྱུར་བར་གཞན་གྱིས་བརྗོད་པ་དེའི་ཚེ་ཤིན་ཏུ་མཛེས་པ་ཡིན་ནོ། །གང་གི་ཕྱིར་དེ་ཉིད་ཡིན་པ་ནི་

Vol. 190 · folio 109a

བློའི་དམ་བཅས་པ་གཞན་པ་ནི་འབྲེལ་པ་མེད་པའི་ཕྱིར་རོ། །དཔེ་བརྗོད་པ་དང་ཆོས་མཐུན་པ་ཞེས་བྱ་བ་ལ་སོགས་པ་ནི། ཆོས་མཐུན་པའི་བསྒྲུབ་པར་བྱ་བ་སྒྲུབ་པར་བྱེད་པ་ནི་གཏན་ཚིགས་ཡིན་གྱི། དེའི་དམ་བཅའ་བའི་མཚན་ཉིད་བསྒྲུབ་པར་བྱ་བ་སྟོན་པའི་

དམ་བཅའ་བ་གཞན་མེད་པའི་ཕྱིར་རོ། །ཁས་བླངས་པ་འདིས་དམ་བཅའ་བ་དམ་བཅའ་བས་སྒྲུབ་པར་བྱེད་ན་དམ་བཅའ་བ་ཙམ་གྱིས་སྤངས་པ་ནི་འདོད་པར་གྲུབ་པར་མི་འགྱུར་རོ། །དེས་ཀྱང་དང་པོའི་སྔ་མ་ལས་དམ་བཅའ་བའི་གཞན་པ་ཡིན་དུ་ཟིན་ཀྱང་གཏན་ཚིགས་དབང་

པོས་གཟུང་བར་བྱ་བ་མི་བརྗོད་དོ། །དེའི་ཕྱིར་རྣམ་པ་འདི་ལྟ་བུའི་དམ་བཅའ་བ་སྒྲུབ་པའི་ཆེད་དུ་དམ་བཅའ་གཞན་པ་སྒྲུབ་པར་བྱེད་དོ་ཞེས་བྱ་བ་ནི་བྱིས་པས་བརྗོད་པ་ཡིན་ནོ། །ངོ་བོ་འདི་ལྟ་བུ་ལ་གཞན་དག་དགོས་པའོ། །མཚན་ཉིད་ངེས་པ་ནི་འབྲེལ་པ་མེད་པ་ཁོ་ན་ནས་ཡིན་

ནོ། །དམ་བཅའ་བ་གཞན་པར་བརྗོད་པ་ནི། དམ་བཅའ་བ་གཞན་པ་ཞེས་བྱ་བ་ཚར་གཅད་པའི་གནས་འདི་གང་ཞིག་ཡིན། འོན་ཏེ་མཚན་ཉིད་འདི་འདྲའོ། །ཞེས་པའི་ངེས་པ་མེད་པ་ཡིན་ཏེ། དམ་བཅའ་བའི་དོན་བཀག་པ་ལ་ཆོས་རྣམ་པར་བརྟགས་ནས་དེའི་དོན་ཏོ་ཞེས་དེ་

ལྟར་བྱ་བའི་ཕྱིར་རོ། །འོན་ཏེ་དེ་ལས་བཟློག་པ་གཞན་པ་སྟོན་པའི་ཕྱིར་ཉེས་པ་མེད་དོ་ཞེས་བརྗོད་པ་ན། མཁས་པས་དམ་བཅའ་བས་བསྒྲུབ་པར་བརྗོད་པས་ཇི་ལྟ་བ་དེ་ལྟར་བསྒྲུབ་བྱ་མི་འགྲུབ་པ་ཡིན་ན། མ་གྲུབ་པ་དང་འགལ་བ་དང་མ་ངེས་པ་ལ་སོགས་པ་ཡང་སྦྱོར་བར་བྱེད་པ་

ན་དེ་དག་སྒྲུབ་པར་བྱེད་པའི་ཡན་ལག་མ་བརྗོད་པ་ལ་སོགས་པ་ཁྱེད་ཀྱིས་བརྗོད་པར་མི་བྱའོ། །དེས་ན་མཁས་པ་དག་གིས་ཀྱང་། །ཞེས་བྱ་བ་སྨོས་སོ། །ཚད་མ་བརྗོད་པ་མེད་པ་རང་གི་བསྟན་བཅོས་ཁས་བླངས་པ་ཡིན་ཏེ། དེ་ལྟར་འགྱུར་བའི་སྤྱི་དེ་ཉིད་མ་གྲུབ་པ་ཡིན་ནོ་

ཞེས་དེ་ལྟར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་སྡང་བའི་སེམས་ཀྱིས་གཞན་གི་གཞུང་ལུགས་རྣམ་པར་འཇོག་པ་ན་ཚད་མ་མེད་པའི་ཚིག་གཞན་དེ་ཁོ་ན་ཉིད་མཐོང་བས་མ་ངེས་པའི་སྐྱེ་བོ་མཁས་པ་དེ་ལྟར་ངེས་པར་མི་བྱའོ། །ཚད་མ་དང་ལྡན་པའི་ཁས་བླངས་པ་

Vol. 190 · folio 109b

མཁས་པས་དོར་བར་མི་བྱ་བའི་ཕྱིར་རོ། །འདི་ལྟར་འགྱུར་ཏེ་ཚད་མས་མ་བསྒྲུབས་པའི་སྒྲུབ་པར་བྱེད་པ་ལས་ནི་རྒྱལ་བ་ཡིན་པར་ཡང་མི་འགྱུར་ཏེ། མི་མཐུན་པའི་ཕྱོགས་མ་སྤངས་པའི་ཕྱིར་རོ། །དམ་བཅའ་བ་དང་གཏན་ཚིགས་དག་འགལ་བས་དམ་བཅའ་བ་དང་འགལ་

བ་ཞེས་བྱ་བ་ཚར་གཅད་པའི་གནས་ཡིན་ནོ། །ཡོན་ཏན་ལ་མ་གཏོགས་པའི་དོན་ནི། རྫས་ཞེས་བྱ་བ་ནི་དམ་བཅའ་བའོ། །གཟུགས་ལ་སོགས་པ་ལས་དོན་གཞན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་ཏེ། དེ་ནི་འདིར་དམ་བཅའ་བ་དག་གཏན་ཚིགས་སུ་

འགལ་བའོ། །གལ་ཏེ་ཡོན་ཏན་ལས་རྫས་ཐ་དད་པ་ཡིན་ཏེ། གལ་ཏེ་གཟུགས་ལ་སོགས་པ་ལས་དོན་གཞན་མི་དམིགས་པ་ནི་འཐད་པ་མ་ཡིན་ཏེ། འོན་ཏེ་གཟུགས་ལ་སོགས་པ་ལས་དོན་གཞན་མ་དམིགས་པས་ཡོན་ཏན་ལས་ཐ་དད་པའི་རྫས་ཞེས་བྱ་བ་ནི་འཐད་པ་མ་

ཡིན་ནོ། །འདི་ཉིད་ཀྱིས་དམ་བཅས་པ་དང་གཏན་ཚིགས་འགལ་བས་དམ་བཅས་པ་རང་གི་ཚིག་དང་འགལ་བར་བཤད་པ་ནི། མདོ་བྱེད་པས་ཉེ་བར་མཚོན་པའི་དོན་དུ་བཤད་པའི་ཕྱིར་རོ། །དགེ་སྦྱོང་མ་སྐྱེས་བུའི་ལོངས་སྤྱོད་པ་སྤངས་པའི་སྦྲུམ་མའི་སྐྱེས་བུའི་ལོངས་སྤྱོད་པ་

མེད་ན་མེད་པ་ཡིན་པས་རང་གི་ཚིག་དང་འགལ་བ་ཡིན་ནོ། །གཏན་ཚིགས་ཀྱི་འགལ་བ་དེ་ཉིད་ཀྱིས་བཤད་ཟིན་པ་དང་སྦྱར་རོ། །དེ་ཐ་དད་པ་ནི་སྣ་ཚོགས་པ་སྟེ་གཅིག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཚོགས་པ་ལས་དངོས་པོའི་སྒྲ་སྦྱར་བའི་ཕྱིར་རོ། །སྤྱིར་བརྗོད་པ་ནི་

བུམ་པ་ལ་སོགས་པ་ལ་དངོས་པོའི་སྒྲ་སྦྱར་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཚོགས་པ་ཞེས་བྱ་བར་བརྗོད་པ་ནི་གཅིག་ཁས་བླངས་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །གཅིག་བསགས་པ་ལ་སོགས་པ་ཞེས་བྱ་བ་སྟེ། དེ་བཞིན་དུ་བ་ལང་ཉིད་ལ་སོགས་པ་

ལ་བསགས་པ་ལས་རྫས་སུ་བསྟན་པ་འདི་ལ་འདུས་པ་ཞེས་བརྗོད་དོ། །འདི་ཐམས་ཅད་ཚོགས་པ་ལས་རྫས་གང་ཡིན་པ་དེ་ནི་བ་ལང་ཉིད་ལ་སོགས་པའི་དངོས་པོར་རྣམ་པར་གནས་པ་ཞེས་བྱ་བས་རྣམ་པར་གནས་པའོ། །ཐ་དད་པ་ཕྲ་མོ་དང་ཆེས་ཤིན་ཏུ་ཕྲ་བ་དང་དེ་

Vol. 190 · folio 110a

ལས་ཀྱང་ཆོས་ཤིན་ཏུ་ཕྲ་མོ་སྟེ། གང་ཐ་མི་དད་པ་ནི་དེ་ལས་བཟློག་པའོ། །གང་གི་ཕྱིར་འདི་ཐ་དད་པ་ལས་བཟློག་པ་དེ་ནི་འོན་ཏེ་གཅིག་པར་སེམས་ན། རྡུལ་ཕྲ་རབ་ཐ་དད་པར་སེམས་པ་དེ་ནི་ལ་སོགས་པའི་ཚོགས་ཞེས་བྱའོ། །ཀྱེ་མ་འདིར་མཐོང་བ་

ནི་གཟུགས་ལ་སོགས་པ་ཡིན་ན། རྡུལ་ཕྲ་རབ་ཚོགས་པའི་ངོ་བོ་དེ་སུ་ཞིག་གི་ཚོགས་པ་ཡིན་ཞེས་བརྗོད་པར་བྱ་བ་དེ་བཞིན་དུ་ལྷག་མའི་ཡོན་ཏན་རྣམས་ལ་ཡང་ངོ་ཞེ་ན། རྡུལ་ཕྲ་རབ་རྫས་བརྒྱད་འདུས་པ་ཡིན་ནོ་ཞེས་བྱ་བའི་བསྟན་བཅོས་དང་འགལ་བར་འགྱུར་རོ། །

འདི་རྣམས་ལས་རྫས་ནི་གང་། སྒྲ་མེད་ཕྲ་རབ་རྡུལ་རྣམས་ཡིན། །ཞེས་བྱ་བ་དེའི་ཕྱིར་གཅིག་ཏུ་མི་འཐད་པ་དུ་མར་འཐད་པ་ཡིན་ནོ་ཞེས་བྱ་བ་ནི་ཤིན་ཏུ་རྨོངས་པ་སྟེ། འདིའི་རྒྱུ་མ་གྲུབ་པ་ཡིན་ནོ། །གང་གི་ཕྱིར་དུ་མའི་མཚན་ཉིད་མི་མཐུན་པ་འདི་ལ་སོགས་པའི་ཡོན་ཏན་ལ་

ཚུལ་འཛིན་པ་ལ་སོགས་པའི་ཡན་ལག་ཅན་གཅིག་ཏུ་འདུས་པའི་དངོས་པོ་སྐྱེ་བ་ཡིན་ནོ། །དེས་ན་སྒྲ་གཅིག་རྟོགས་པས་ན་ལྷག་མ་ཤུགས་ཀྱིས་རྟོགས་པར་བྱའོ། །འོན་ཏེ་དམ་བཅའ་བ་དང་གཏན་ཚིགས་ལ་འགལ་བ་ཡིན་ནོ་ཞེ་ན། ཐོག་མ་དང་ཕྱི་མ་དང་ཁྱད་པར་མེད་

པ་དེ་ལྟ་ན་གཉིས་ཀ་རྟེན་པར་མི་སྲིད་ཀྱང་འགལ་བར་བརྗོད་པ་དང་འདོད་པ་གང་ཡང་རུང་བར་བསྟན་པ་ཡིན་ནོ་ཞེས་དྭ་ར་དྭ་ཛས་བཤད་པའི་ཕྱིར་རོ། །དམ་བཅའ་བ་དཔེ་དང་འགལ་བ་ཡིན་ཏེ། དཔེར་ན་གསལ་བ་ནི་གཅིག་གི་རང་བཞིན་ཏེ། ཚད་མ་དང་ལྡན་པའི་ཕྱིར་

ཁམ་ཕོར་ལ་སོགས་པ་བཞིན་ནོ། །ཁམ་ཕོར་ལ་སོགས་པའི་དཔེ་གཅིག་གི་རང་བཞིན་བརྗོད་པའོ། །དཔེར་གྱུར་པའི་རང་བཞིན་ནི་རང་བཞིན་གཞན་པའི་ཕྱིར་རོ། །རང་བཞིན་གཅིག་ཡིན་པའི་ཁམ་ཕོར་ལ་སོགས་པའི་དཔེར་རིགས་པ་མ་ཡིན་ནོ། །གཏན་ཚིགས་

དང་དཔེ་ལ་སོགས་པ་དང་འགལ་བ་ནི་དཔེར་ན་ཡོན་ཏན་ལས་མ་གཏོགས་པའི་རྫས་གཞན་ཉིད་མ་དམིགས་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །བུམ་པ་ལ་སོགས་པ་ཐ་དད་པ་སྨོས་པས་གཏན་ཚིགས་ལ་གནོད་པའི་དཔེའོ། །སོགས་པ་སྨོས་པ་ནི་གཏན་ཚིགས་དང་

Vol. 190 · folio 110b

ཉེ་བར་སྦྱར་བ་དང་། མཇུག་བསྡུ་བའི་འགལ་བ་ཡང་གཟུགས་པར་བྱའོ། །དཔེ་ནི་འདི་ཡིན་ཏེ། སྒྲ་ནི་མི་རྟག་པ་ཡིན་ཏེ་བྱས་པའི་ཕྱིར་རོ། །གང་བྱས་པ་དེ་ནི་མི་རྟག་པ་ཡིན་ཏེ། དཔེར་ན་ནམ་མཁའ་ལྟ་བུའོ། །དེ་བཞིན་སྒྲ་བྱས་པས་ཞེས་བྱ་བ་ཉེ་བར་སྦྱར་བ་དང་གཏན་ཚིགས་འགལ་

བའོ། །དེ་བཞིན་དུ་དཔེ་ལ་ལྟོས་པ་དང་དེ་བཞིན་དུ་མཇུག་བསྡུ་བ་དང་། དེ་བཞིན་དུ་བསྒྲུབ་པར་བྱ་བ་དང་། ཉེ་བར་སྦྱར་བ་ཡང་བཤད་དོ། །འདིར་ཡང་དཔེ་ཕྱིན་ཅི་ལོག་པ་ཡིན་ནོ་ཞེས་བྱ་བ་ལ་དེ་ལ་ལྟོས་ནས་ཉེ་བར་སྦྱར་བ་དང་། གཏན་ཚིགས་འགལ་བ་ཡིན་ནོ། །འདི་འདྲ་བའི་སྦྱོར་བ་

ཡིན་པ་དེའི་ཕྱིར་མི་རྟག་གོ་ཞེས་བྱ་བས་མཇུག་བསྡུ་བས་ཚད་མ་དང་འགལ་བའི་དམ་བཅའ་བ་དང་། གཏན་ཚིགས་ནི་དཔེར་ན་དྲོ་བ་མ་ཡིན་ཏེ། མེའི་རྫས་ཡིན་པའི་ཕྱིར་ཆུ་བཞིན་ནོ་ཞེས་བྱ་བ་དེ་མངོན་སུམ་དང་འགལ་བའོ། །གཞན་གྱི་ཕྱོགས་ཞེས་བྱ་བ་ལ་སོགས་པའོ། །དེ་དང་

རང་གི་ཕྱོགས་ལ་ལྟོས་པ་མེད་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་པ། འདི་དག་གཏན་ཚིགས་དང་དམ་བཅའ་གཉིས་ཀ་དང་འགལ་བ་ཡིན་ནོ་ཞེས་བྱ་བ་འདིས་གཟུང་བའི་ཕྱིར་ཚར་གཅད་པའི་གནས་ལོགས་ཤིག་ཏུ་བརྗོད་དོ་ཞེས་བྱ་བ་བསྟན་པར་མི་བྱའོ། །གཞན་གྱི་ཕྱོགས་ཞེས་བྱ་

བ་ནི་འདིར་རྐང་མིག་ལ་སོགས་པ་གཞན་གྱི་ཚད་མ་བྱེད་པས་མ་ངེས་པ་བརྗོད་པའོ། །རང་གི་ཕྱོགས་ལ་མི་ལྟོས་པ་ཞེས་བྱ་བ་ནི་ཞེས་བྱེ་བྲག་པའི་ཚད་མ་བྱེད་པས་གཞན་ལ། གཞན་ལ་འཁྲུལ་བར་བརྗོད་པས་ན་ཐ་དད་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་བ་ལང་ཉིད་ལ་སོགས་པ་འཁྲུལ་པར་

བརྗོད་པ་ནི་འགལ་བའི་ལན་བརྗོད་པ་ཡིན་པར་དེ་ལྟར་གྱུར་པ་མ་ངེས་པའི་ཡུལ་གང་ཡིན་ཞེ་ན། གཉི་ག་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒོལ་བ་དང་ཕྱིར་རྒོལ་བ་གཉིས་པའི་ཕྱོགས་ལ་རབ་ཏུ་གྲུབ་པར་ཁས་བླངས་པའོ། །དེ་ནི་མ་ངེས་པ་ཡིན་ཏེ། དེ་དེ་ཡིན་པའི་ཕྱིར། ཉེ་བར་

བརྟགས་ནས་དེ་ལྟར་འཇུག་པ་དེས་ན་མ་ངེས་པར་རིག་པར་བྱའོ། །འདིར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་བཀག་པའི་ཕྱིར་རོ། །དེ་ལ་བརྟེན་ནས་དེ་དམ་བཅའ་བ་དང་འགལ་བ་སྟེ། ད་ནི་དེས་དེ་བཞིན་དུ་བྱས་པ་ཡིན་ནོ། །དེས་དམ་བཅའ་བར་བྱས་པ་ཡིན་ནོ། །ལྷག་མ་

Vol. 190 · folio 111a

ནི་གོ་སླའོ། །ཐ་དད་པ་རྣམས་ཀྱང་རི་ལ་སོགས་པ་འགའ་ཞིག་ཀྱང་མངོན་སུམ་པའོ། །བསྐལ་པ་ནི་ཤ་ཟ་ལ་སོགས་པའོ། །དེ་ལ་འདི་ཉིད་ཚར་གཅད་པའི་གནས་ཏེ། དཔེར་ན་དམ་བཅའ་བ་ནི་འགལ་བ་མེད་པར་དམ་བཅས་པའོ། །ཚར་གཅད་པའི་

གནས་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དེ་ལ་བརྟེན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལ་བརྟེན་པ་ཡིན་ན་ཚར་གཅད་པའི་གནས་སུ་འགྱུར་རོ་ཞེ་ན། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྐབས་སུ་བབ་པའི་རྒོལ་བའི་མཇུག་བསྡུ་བ་ཡོངས་སུ་

རྫོགས་པའོ། །དེ་སྒྲུབ་པར་བྱེད་པའི་རྒྱུ་མཚན་དུ་དམ་བཅའ་བའི་སྦྱོར་བའོ། །དེ་ཙམ་གྱིས་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་བརྗོད་པའི་རྒོལ་བ་རྣམ་པར་ཉམས་པར་འགྱུར་རོ། །དཔེ་འགའ་ཞིག་ལས་སྐབས་སུ་བབ་པའི་མཇུག་བསྡུ་བའི་མཐར་ཐུག་པ་ཡིན་པའི་ཕྱིར་འདོན་ཏོ། །

དེ་ལ་རྒོལ་བ་ཡོངས་སུ་རྫོགས་པ་སྟེ། དམ་བཅའ་བའི་ཚིག་གི་སྦྱོར་བར་འགྱུར་བའི་མཐར་ཐུག་པའི་དབང་དུ་བྱས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཁྱེད་ཀྱི་བློ་དེ་ལྟར་གྱུར་ན་ནི་སྐད་ཅིག་མ་ཉིད་ལ་སོགས་པའི་བསྒྲུབ་པར་བྱ་བ་གཅིག་པ་ཉིད་ལ་ཡོད་པ་ཉིད་དང་སྐྱེ་བ་དང་ལྡན་པའི་

རྐྱེན་གྱི་བྱེ་བྲག་གི་ཐ་དད་པ་ལ་སོགས་པའི་གཏན་ཚིགས་མང་པོ་རྣམས་ཀྱི་ཁོང་དུ་ཆུད་པར་བྱའོ། །དེ་བཞིན་དུ་སུན་དབྱུང་བ་གཅིག་ལ་ཡང་སྒྲུབ་པར་བྱེད་པའི་ངག་གི་རིམ་གྱིས་སམ་དམ་བཅའ་བའི་ཚིག་ལ་སོགས་པའི་སྒོ་ནས་སམ་གཞན་གྱིས་ཀྱང་སུན་འབྱིན་ཏོ། །དེ་ལྟར་ན་ཕམ་

ཟིན་པ་ལ་ཕམ་པར་མི་འགྱུར་བའི་ཕྱིར་རོ། །འདིར་བཤད་པ། གང་དུ་གཏན་ཚིགས་ཡོངས་སུ་བརྗོད་པ་དང་། དེ་དག་གི་རྣམ་པར་རྟོག་པའི་སྒོ་ནས་འདི་དག་ཉིད་སྔ་མའི་གཏན་ཚིགས་ལ་ལྟོས་པའི་ཕྱིར་རོ། །ཡང་ན་རྣམ་པ་གཞན་དུ་སྒྲུབ་པར་བྱེད་པ་འདིས་བསྒྲུབ་པར་བྱ་བ་

སྒྲུབ་པར་བྱེད་པའི་འཇུག་པའི་རྒྱུའི་ནུས་པ་ཡོད་པ་ཡིན་ནོ། །བསྡུས་པའི་སྦྱོར་བ་ཉིད་ཀྱིས་ཅིའི་ཕྱིར་མ་ཡིན་ཞེ་ན། བཤད་པ། རྣམ་པ་གཞན་དུ་གང་གི་ཚེ་བསྡུས་པའི་སྦྱོར་བའི་གཏན་ཚིགས་གཞན་འདོད་པ་དེའི་ཚེ་གཉིས་པོ་དོན་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པས་

Vol. 190 · folio 111b

ནུས་པ་ཡིན་ནོ་ཞེས་བརྗོད་པ་དོན་མེད་པ་བསྟན་ཏོ། །གལ་ཏེ་དེ་ལ་ཡང་སྦྱོར་བ་གཅིག་མེད་པར་སྦྱོར་བ་གཞན་དུ་ཡང་མི་འགྱུར་ཏེ། དགག་པ་གཉིས་ཀྱིས་རྣལ་མར་འགྱུར་བའི་ཕྱིར་རོ། །གང་གི་ཚེ་སྦྱོར་བ་གཅིག་གིས་སྦྱོར་བ་གཞན་འདུས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་

ཚེ་གཉིས་པ་སྒྲུབ་པར་བྱེད་པའི་དོན་འགའ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ། ཁོང་དུ་མ་ཆུད་པར་བསྟན་པ་མེད་པའི་ཕྱིར་རོ། །གཏན་ཚིགས་དང་པོ་བསྟན་པ་ཁོ་ནས་དོན་ཐ་དད་པའི་ཕྱིར་ཤིང་གཅད་པའི་བྱ་བ་གྲུབ་ཟིན་པ་ལ་སྟ་རེས་ཅུང་ཟད་ཅིག་ཀྱང་བསྒྲུབས་པའི་དོན་བྱེད་པ་མ་ཡིན་ནོ་

ཞེས་བྱ་བའི་དོན་ཏོ། །འོ་ན་སྒྲུབ་པ་བཞིན་དུ་རྣམ་པར་རྟོག་པའི་སུན་འབྱིན་པར་འགྱུར་རོ་ཞེས་འདི་སྙམ་དུ་སེམས་ན། གཞན་དག་གིས་ཁས་བླངས་པ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་དེས་རང་ཉིད་ཀྱི་དམ་བཅས་པ་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་མ་རྟོགས་པར་འགྱུར་ཏེ། དམ་

བཅའ་བ་དང་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱར་བ་དང་། མཇུག་བསྡུ་བ་ཡན་ལག་གཞན་བཞིན་ནོ་ཞེས་བྱ་བ་འགལ་བའི་ཕྱིར་རོ། །གཏན་ཚིགས་གཞན་དག་ཉིད་ཅེས་བྱ་བ་སྔར་ཡན་ལག་ཅན་གྱི་རྫས་བཀག་པར་བཤད་ཟིན་ཏོ། །བུམ་པའི་སྒྲས་བུམ་པའི་ཡན་ལག་ཅན་གྱི་

རྫས་ཀྱི་མཚན་ཉིད་གཅིག་པ་བསྟན་དུ་མེད་པར་དོན་སྣ་ཚོགས་པར་གཟུགས་ལ་སོགས་པ་དོན་གཅིག་བྱེད་པའི་སྤྱི་ཡིན་གྱི། སྤྱི་གཅིག་པ་གང་ཡིན་པ་དེ་ནི་བརྗོད་དུ་མེད་པར་ཁོང་དུ་ཆུད་པར་བྱའོ། །སྒྲའི་དོན་ཐམས་ཅད་གཟུགས་ལ་སོགས་པ་དོན་གཅིག་བྱེད་པར་ནུས་པ་སྣ་

ཚོགས་པའི་ངོ་བོར་གྱུར་པའི་རྒྱུས་དངོས་པོ་གཅིག་པའི་ཁྱད་པར་གྱི་རང་བཞིན་མེད་པར་བསྟན་པས་དངོས་པོ་གཅིག་པ་མེད་པ་ཡིན་ནོ་ཞེས་བསྟན་ཏོ། །སངས་རྒྱས་པ་ནི་གཟུགས་ལ་སོགས་པ་མེད་པར་དབང་པོའི་དོན་ནི་མི་སྤོང་ངོ་། །གཟུགས་ལ་སོགས་པ་ལས་ཐ་དད་པའི་ནུས་

པ་དུ་མ་འདོད་ན། དེ་ཇི་ལྟར་གཅིག་ཡིན་ནོ་ཞེས་བརྗོད་པར་བྱ། །དེ་ཇི་ལྟར་སྒྲ་གཞན་གྱི་དོན་ཡིན། དོན་རང་གི་མཚན་ཉིད་ནི་སྒྲའི་དོན་དུ་བརྗོད་པར་མི་བྱའོ་ཞེ་ན། མ་ཡིན་ཏེ། ནུས་པ་ཐ་དད་པ་ནི་དོན་དམ་པ་ཡང་མ་ཡིན་ཏེ། དངོས་པོ་ཐ་དད་པའི་དོན་གཅིག་བྱེད་པར་ཤེས་པས་ངེས་

Vol. 190 · folio 112a

པའི་རྒྱུ་ཡིན་པའི་ཕྱིར་ཕན་ཚུན་གཅིག་པ་ཡིན་ནོ་ཞེས་བཤད་དོ། །དེ་སྐད་དུ། གཅིག་པའི་ཤེས་པས་རྒྱུ་ཡི་ཕྱིར། །བློ་ནི་ཐ་དད་མེད་པ་ཡིན། །བློ་གཅིག་རྒྱུ་ཡི་དངོས་པོ་ཡིས། །གསལ་བ་རྣམས་ནི་ཐ་མི་དད། །ཅེས་བཤད་དོ། །སྐྱེས་བུས་ངེས་པར་བྱས་པ་ལ་

བརྟེན་ནས་སྒྲའི་དོན་རྣམ་པར་འཇོག་པ་ཡིན་ནོ། །སྐྱེས་བུ་ནི་ཐོག་མ་མེད་པ་ནས་ཕྱིན་ཅི་ལོག་པའི་བག་ཆགས་ཡོངས་སུ་སྨིན་པ་ལས་བྱུང་བའི་ནང་གི་ལྡོག་པའི་རྣམ་པ་སྣ་ཚོགས་པ་རྣམས་ལ་མཐོང་བའི་རྣམ་པར་རྟོག་པས་སྒྲོ་བཏགས་གཅིག་ཏུ་གཏོགས་པ་ཡིན་ནོ། །དོན་དམ་པར་སྒྲ་ནི་

ཡུལ་མེད་པ་ཡིན་ནོ། །གསལ་བ་རྣམས་ནི་རྣམ་པར་ཤེས་པའི་དོན་ལས་གཞན་པའི་རྗེས་སུ་འགྲོ་བ་ཡིན་ཏེ། བརྗོད་པའི་སྤྱོད་ཡུལ་གྱི་དངོས་པོ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། མདོ་ལས། གང་དང་གང་གི་མིང་གིས་ནི། །གང་དང་གང་གི་ཆོས་བརྗོད་པ། །ཆོས་རྣམས་ལྷན་ཅིག་

ཆོས་ཅན་ལ། །དེ་དང་དེ་ནི་ཡོད་མ་ཡིན། །ཞེས་གསུངས་སོ། །དེས་ན། འདིར་བསྡུས་པའི་དོན་ནི་གཟུགས་ལ་སོགས་པ་དང་བུམ་པ་ནི་ཅི་རིགས་པར་དུ་མ་ཉིད་དང་གཅིག་པ་སྟེ། མང་པོ་ལ་གཅིག་གི་ཚིག་གིས་བརྗོད་པར་བྱ་བ་མ་ཡིན་ཏེ། དཔེར་ན་སྐར་མ་དང་ཟླ་བ་ལ་སོགས་པ་བཞིན་

ནོ་ཞེས་བྱ་བ་དེ་ལྟ་བུ་དཔག་པ་ལྟར་སྣང་ངོ་། །གཞན་གྱི་བུམ་པ་ལ་སོགས་པ་སྒྲའི་ཡུལ་གང་ཡིན་པ་འདི་དོན་གཅིག་པར་བརྗོད་པར་ཁས་བླངས་པ་དེ་ཉིད་སྤང་བར་བྱ་བ་ཡིན་ལ། གཟུགས་དང་རོ་ལ་སོགས་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་ནི་མ་ཡིན་ནོ། །འདི་ལྟར་དེ་དག་སོ་སོ་རེ་རེའི་

བདག་ཉིད་ཡིན་པར་འདོད་པ་དེ་ཉིད་དེ། སེའུ་ཉི་ཚེའི་ས་བོན་བཞིན་དུ་ཚོགས་པ་ཉེ་བར་གྱུར་པ་ལས་ངེས་པར་འགྱུར་བ་དེའི་ཚེ། ཡོངས་སུ་གསལ་བར་རིགས་པ་མ་ཡིན་ནོ། །འདོད་ན་དབང་པོ་མེད་པ་ལ། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ལུས་དབང་ལྡན་པ་རྫས་དགུ་སྟེ། །དབང་

པོ་གཞན་ལ་རྫས་བཅུའོ། །ཞེས་བཤད་དོ། །དེ་ལྟར་རྡུལ་ཕྲ་རབ་རྣམས་ཀྱི་མཐར་དབང་པོས་གཟུང་བ་དང་། མི་རྟག་པ་དང་། གཞན་ཡང་ཁོ་བོ་ཅག་གིས་དེ་རྒྱས་པར་བཤད་དོ། །གང་ཡང་འདི་དག་མང་པོའི་ཚིག་དང་གཅིག་གི་ཚིག་གིས་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་དེ་ནི་འཁྲུལ་

Vol. 190 · folio 112b

པའི་ཕྱིར་རོ། །འདི་ལྟར་གང་གི་ཚེ་བུད་མེད་དང་ཆུ་བོ་དང་བྱེ་མ་དང་རྫས་ཉིད་གཅིག་པ་ཉིད་ཡིན་དུ་ཟིན་ཀྱང་བཙུན་མོ་དང་ཆུ་བོ་དང་བྱེ་མ་དང་ཞེས་བྱ་བའི་ཐ་དད་དུ་བྱེད་པ་དེའི་ཚེ་ཅི་དེ་ལ་མང་པོའི་ཚིག་ཏུ་གང་གིས་འགྱུར། གལ་ཏེ་ནུས་པ་ཐ་དད་པ་ཡིན་ནོ་ཞེ་ན། ད་ནི་ཐམས་ཅད་ཀྱི་བདག་ཉིད་ལ་

གཅིག་གི་ཚིག་གིས་བརྗོད་པར་མི་འགྱུར་རོ། །དངོས་པོ་ཐ་མི་དད་པ་ལ་གཅིག་གི་ཚིག་ཏུ་འགྱུར་རོ་ཞེ་ན། འདི་ཡིན་དུ་ཆུག་ཀྱང་དེ་འདིར་དངོས་པོ་མེད་ན་བྱ་བ་ངེས་པ་ཅི་ཞིག་ཡོད། རང་འདོད་ཀྱི་དབང་གིས་སྒྲ་སྦྱར་བར་བྱེད་པ་ཡིན་ནོ། །འདིས་ནི་གསལ་བ་དང་རིགས་ཀྱི་བུད་མེད་ལ་

སོགས་པ་ལ་རབ་ཏུ་སྦྱོར་བས་གསལ་བའི་ཆ་ཤས་ཀྱི་གྲངས་ལ་སོགས་པ་ལ་འཇུག་པ་ཡིན་ནོ་ཞེས་བྱ་བ་གཞོན་ནུ་མ་ལེན་གྱིས་ཇི་སྐད་སྨྲས་པ་དེ་ཡང་གསལ་བ་ཡིན་ཏེ། གྲོང་ཁྱེར་དྲུག་ཅེས་བྱ་བ་ཇི་ལྟར་མང་པོ་ལ་གཅིག་གི་ཚིག་ཏུ་འགྱུར་རོ། །གྲོང་ཁྱེར་ཉིད་ཀྱང་ཅུང་ཟད་ཀྱང་མེད་

ན། གང་ལས་དེ་སྐད་བརྗོད། ཁང་བཟངས་དང་སྐྱེས་བུ་ལ་སོགས་པ་རྣམས་རིགས་མི་མཐུན་པ་རྣམས་མི་རྩོམ་པའི་ཕྱིར། གང་ལས་ཚོགས་པའི་རྫས་སུ་འགྱུར། ལྡན་པ་ནི་མེད་དེ། ལྡན་པའི་མིང་དུ་ཟད་དེ། ཁང་བཟངས་ལ་སོགས་པ་ཕན་ཚུན་ལྡན་པ་མེད་པའི་ཕྱིར་རོ། །ཁང་

བཟངས་རང་ཉིད་ལྡན་པ་ཡིན་པས་གཞན་པའི་ཡོན་ཏན་དང་ལྡན་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གྲངས་ཀྱང་མེད་དོ། །གལ་ཏེ་དེ་དང་ལྡན་པས་སྐྱེས་བུའི་ཁྱད་པར་ཅན་གྱི་ཡོད་པ་ཡིན་ནོ་ཞེ་ན། ཅི་ཁྱད་པར་དུ་བྱར་མེད་པའི་ཁྱད་པར་རྣམས་ཡོད་པ་ཉིད་དུ་འགྱུར་རམ། ཁང་བཟངས་གཅིག་པ་

ཡང་མ་ཡིན་ལ། ཁང་བཟངས་མང་པོ་ཡང་མ་ཡིན་པའི་ཕྱིར་མང་པོའི་སྒྲ་བརྗོད་པར་མི་འགྱུར་རོ། །གཉི་ག་ཕན་ཚུན་ཕན་འདོགས་པ་ཡིན་ནོ་ཞེ་ན། ཕན་འདོགས་པ་མེད་པ་ལ་ཅི་ལྷན་ཅིག་ཏུ་འབྱུང་བར་འགྱུར་རམ། སྐྱེས་བུ་དང་ལྡན་པ་ཡོད་པ་རྣམས་མང་པོའི་ཕྱིར་ཇི་ལྟར་གྲོང་ཁྱེར་

ཞེས་བྱ་བ་གཅིག་གི་ཚིག་གཅིག་ཏུ་འགྱུར། གལ་ཏེ་དེ་ལྟར་གྱུར་པ་འགའ་ཞིག་ནུས་པ་ཐ་དད་པའི་རྒྱུ་མཚན་ཡིན་ནོ་ཞེ་ན། མ་ཡིན་ཏེ། དངོས་པོའི་ངོ་བོ་ལས་ནུས་པ་ཐ་དད་པའི་ཕྱིར་རོ། །ཐ་དད་པ་ཕན་འདོགས་པ་མེད་པ་ནི་གཞན་ལ་རག་ལས་པ་མ་ཡིན་པའི་ཕྱིར་རོ། །ཕན་

Vol. 190 · folio 113a

འདོགས་པར་བྱེད་པ་ཉིད་ཀྱི་ནུས་པ་ལ་ཡང་ཕན་འདོགས་པར་བྱེད་པ་ཉིད་ཀྱི་ནུས་པ་ཐ་དད་པས་གཞན། དགོས་པ་རྟོགས་པ་ཐུག་པ་མེད་པར་འགྱུར་རོ། །དེ་ཐ་དད་པ་མ་ཡིན་ན་ནི། དང་པོ་འདི་ལ་ཡང་ཐལ་བར་འགྱུར་བས་ཅི་ཡང་མ་ཡིན་ནོ། །རྣམ་པ་འདི་

ཡང་གཞན་ཡང་དཔེ་ཉེ་བར་བསྟན་པ་ཡང་ཞེས་བྱ་བ་སྨོས་ཏེ། ཅི་ལྔ་པའི་མཐའ་ཉེ་བར་བསྟན་པ་དཔེར་གྱུར་པ་ཡིན་ནམ་ཞེ་ན། བཤད་པ། བྱས་པ་ཉིད་ནི་མི་རྟག་པའི་ཕྱིར་རོ་ཞེས་བྱ་བ་གང་གིས་ཇི་སྐད་བཤད་པ་ལྟ་བུའོ། །གཏན་ཚིགས་བསྒྲུབ་པར་བྱ་བ་དང་རྗེས་སུ་འབྲལ་པ་གང་ལ་

ཡོད་པ་དང་ཡོད་པར་བཤད་པའི་ལྔ་པའི་མཐའ་ཅན་གྱི་དཔེ་ཡིན་ཏེ། གཏན་ཚིགས་ཉེ་བར་སྦྱོར་བའི་བདག་ཉིད་ཡིན་ནོ། །འགའ་ཞིག་ནི་བུམ་པ་ལ་སོགས་པའི་རྫས་སོ། །བདེན་པར་རྟོགས་པའི་གཟུགས་ལ་སོགས་པ་ཐ་དད་པ་ཡིན་པ་དང་མེད་པ་ཞེས་བྱ་བའི་དོན་ཏོ། །སྣ་ཚོགས་པ་

ཕན་ཚུན་ལྡོག་པ་གྲོང་ཁྱེར་ལ་སོགས་པ་སྤྱི་གྲོང་ཁྱེར་དྲུག་ཅེས་བྱ་བ་ལ་སོགས་པ་གང་བློས་སྒྲོ་བཏགས་པའོ། །དེ་ལ་གྲགས་པའི་སྒྲ་སྦྱོར་བར་ཉེ་བར་བསྟན་པའི་ཕན་ཚུན་ཐ་དད་པ་རྣམས་དོན་གྱི་རྗེས་སུ་ཞུགས་པ་བློས་བསྡུས་ནས་སྤྱིའི་དངོས་པོའི་སྒྲ་སྦྱོར་བ་ལ་སོགས་པ་ལྔ་པས་ཉེ་

བར་སྦྱར་ནས་ཕྱོགས་ལ་ཆོས་བསྡུ་བར་བསམས་ནས་ལོག་པར་རྟོགས་པ་གནས་པ་ཡིན་ལ་ཡོད་པའི་སྤྱི་ཐམས་ཅད་ཐ་དད་པ་ཡིན་ནོ་ཞེས་བྱ་བར་མཇུག་བསྡུ་བར་བྱའོ། །ལོག་པར་རྟོགས་པའི་གནས་སུ་བསྟན་པ་ནི་ཚར་གཅད་པའི་གནས་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ།

གྱོ་མོ་ལས་ཐ་དད་པའི་ཡན་ལག་ཅན་ཡོད་པ་དང་མེད་པར་རྩོད་པར་འགྱུར་བ་འདིས་གཏན་ཚིགས་ཉིད་མཚན་ཉིད་གསུམ་པ་བསྟན་ཏོ། །གཞན་གྱི་དཔེ་ཉེ་བར་བཀོད་པ་ནི་གཏན་ཚིགས་ཀྱི་སྦྱོར་བ་འདི་ཉིད་དེ་བཞིན་དུ་བྱེད་དེ། །གང་ཡང་ཕན་ཚུན་ལོག་པར་ཐ་དད་པ་དེ་ནི་ཡན་

ལག་ཅན་གྱི་རྫས་གཅིག་པའི་རྗེས་སུ་འགྲོ་བ་ལུས་ཅན་མ་ཡིན་ཏེ། དཔེར་ན་གྲོང་ཁྱེར་དྲུག་ཅེས་བྱ་བ་ལ་སོགས་པ་བཞིན་ནོ། །དེ་བཞིན་གྱོ་མོ་ལ་སོགས་པ་ཡང་ཕན་ཚུན་ཐ་དད་པའི་ཕྱིར་རོ་ཞེས་བྱའོ། །འོ་ན་ནི་གལ་ཏེ་འདིའི་དཔེའི་སྦྱོར་བ་དེའི་ཕྱིར་དང་པོ་ཁོ་ནར་དེའི་སྦྱོར་བ་

Vol. 190 · folio 113b

གོ་རིམས་བཞིན་དུ་སྦྱོར་བ་དང་། དཔེར་ན་གང་ཡིན་པ་དེ་ནི་སྐད་ཅིག་མ་སྟེ། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བའོ། །ལྔ་པའི་མཐར་བསྟན་པ་ཇི་ལྟར་ཡིན། ལོག་པར་རྟོགས་པའི་ཡུལ་ཡང་ཅིའི་ཕྱིར་མི་སྟོན། གྱོ་མོ་ལ་སོགས་པའི་ཆ་ཤས་ཀྱི་ཁྱད་པར་དགག་པ་ནི། དཔེར་ན་སྒྲ་

མི་རྟག་པ་ཡིན་ཏེ། བྱས་པ་ཉིད་མི་རྟག་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །དང་སྨོས་པ་ནི་གསལ་བའོ། །ཅིའི་ཕྱིར་ཞེ་ན། བསྒྲུབ་བྱ་རྗེས་སུ་འགྲོ་བ་མ་བཀག་པའི་ཕྱིར་རོ། །འདི་ལྟར་ཕན་ཚུན་ལྡོག་པ་རྣམས་དོན་གཅིག་གི་རྗེས་སུ་འགྲོ་བ་བློས་བསྡུས་པའི་ཚོགས་པའི་དངོས་པོ་སྒྲ་

སྦྱོར་བའི་ཕྱིར་རོ་ཞེས་བྱ་བ་བསམ་པའི་ངག་གིས་བྱ་བ་རྫོགས་པ་ཡིན་ནོ། །མ་ཡིན་ཏེ་ཞེས་བྱ་བ་ཡིན་ཏེ་བསྡུ་བ་ནས་བསྟན་པའི་ཕྱིར་རོ། །མདོར་བསྡུས་ནས་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱས་པ་ཉིད་ནི་མི་རྟག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་སྦྱོར་བ་

ཡང་མཐོང་བའི་ཕྱིར་དང་། སྒྲུབ་པར་བྱེད་པའི་ཚིག་མ་ཡིན་པའི་ཕྱིར་རོ། །སྒྲུབ་པའི་སྦྱོར་བས་སྦྱོར་བ་བརྟགས་ནས་བསྟན་པའི་ཚིག་འདིས་འདི་སྒྲུབ་པར་བྱེད་པའི་ཡན་ལག་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་ན་ཞེས་བྱ་བ་ནི། དཔེ་སྟོན་པའི་ངག་ལ་སོགས་པའོ། །

གང་ཡང་སྣལ་མ་དང་སྣམ་བུ་ཐ་དད་པ་ཡིན་ཏེ། གཟུགས་ཐ་དད་པའི་ཁྱད་པར་དང་ལྡན་པའི་ཕྱིར་གཟུགས་དང་རོ་བཞིན་ནོ་ཞེས་བྱ་བའི་གཏན་ཚིགས་འདི་ལ་ཡང་སྣལ་མ་འདི་ཡང་སྣམ་བུ་ཡིན་པའི་ཕྱིར་ཐ་དད་པར་མ་གྲུབ་པའོ། །དེ་ལ་བརྟེན་པའི་ཡོན་ཏན་གྱི་ཆ་ཤས་ཀྱང་མ་

གྲུབ་པའོ། །བཞི་པ་གྲུབ་པ་ཡིན་ནོ་ཞེས་པའི་འདོད་པ་མི་འགྲུབ་པས་ན་ཆོག་གོ། །འདི་ལྟར་ཕྲ་བ་དང་རགས་པའི་རྫས་འདུ་བ་དང་ཁྱད་པར་དང་ལྡན་པ་འམ། དུས་ཐ་དད་པ་ལས་སྐྱེས་པའི་རྫས་དང་འདུ་བ་ཡིན་ནོ་ཞེས་གཞན་གྱིས་བརྗོད་པ་ཡིན་ནོ། །འོ་ན་བསམ་པ་སྣ་ཚོགས་པའི་སྦྱོར་བས་འགའ་

ཞིག་གཏན་ཚིགས་ཀྱི་སྦྱོར་བའི་རྩོད་པ་བརྗོད་པ། དེ་དང་བསམ་པ་གཅིག་པའི་སྦྱོར་བས་བརྗོད་པ་དེ་ནི་ཁོ་བོ་ཅག་གིས་རབ་ཏུ་སྦྱར་བ་སྟེ། དམ་བཅས་པ་གཏན་ཚིགས་ཀྱི་ཚིག་ཏུ་བརྗོད་ཀྱི། གང་དཔེ་མངོན་པར་འདོད་པ་ཡིན་ནོ་ཞེ་ན། མི་འདོད་པ་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་དེ་བཞིན་

Vol. 190 · folio 114a

གཤེགས་པའི་དགོངས་པ་ལ་གནས་པ་ལ་ལྟོས་ནས། ཁྱེད་རྐང་མིག་པ་ལ་འགལ་བ་ཡིན་གྱི། ཁོ་བོ་ཅག་གི་རང་གི་ཕྱོགས་ལ་ནི་དེ་འདྲ་བ་ཡིན་ནོ་ཞེས་བྱ་བ་བསྡུ་བའི་དོན་ཏོ། །རྣལ་འབྱོར་པ་ལ་ཡང་འདོད་པ་ཡོད་པ་ཉིད་དེ། དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་

རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་བྱ་བ་ལ་སོགས་པ་རྡུལ་ཕྲ་རབ་གཅིག་པ་ཉིད་ཁས་བླངས་པས་གོང་བུའི་འདུས་པར་རྣམ་པར་དཔྱད་ན་འདི་འདོད་པ་ཉིད་དོ་ཞེ་ན། དེའི་ཕྱིར་གང་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོ་ན་དེ་

ལྟར་ན་གཞན་དངོས་པོ་མེད་པར་རྣམ་པ་གཞན་གྱིས་སྒྲུབ་པར་བྱེད་པར་འདོད་པ་ཇི་ལྟར་ཡིན་ཞེ་ན། གཅིག་དང་དུ་མ་འགོག་པའི་ཕྱིར་རོ། །དྲུག་གིས་ཅིག་ཅར་སྦྱར་བས་ན། །ཞེས་བྱ་བ་ལ་སོགས་པ་རེ་ཞིག་གཅིག་བཀག་པས་དེའི་འདུས་པ་དུ་མ་ཡང་དེ་མེད་པས་མེད་པར་འགྱུར་རོ། །དེ་སྐད་

དུ། དངོས་པོ་གང་གང་རྣམ་དཔྱད་ན། །དེ་དང་དེ་ནི་གཅིག་ཏུ་མེད། །གང་གིས་གཅིག་ཀྱང་ཡོད་མིན་པ། །དེས་ན་དུ་མ་ཉིད་ཀྱང་མེད། །ཅེས་བཤད་དོ། །འོ་ན། དྲུག་གིས་ཅིག་ཅར་སྦྱར་བས་ན། །ཞེས་བྱ་བ་ལ་སོགས་པ་ཇི་ལྟར་གཅིག་པ་ཉིད་སེལ་བ་ཡིན་ཞེ་ན། གང་གི་ཚེ་དེ་ལ་དེ་ཉིད་

ཆ་ཤས་སུ་སྒྲུབ་པར་བྱེད་པ་དེ་ཉིད་ཀྱིས། རྡུལ་ཕྲ་རབ་དེའི་ཆ་ཤས་ཀྱིས་ཕྲ་བར་འགྱུར་ཏེ། རྡུལ་ཕྲ་རབ་ཀྱི་རྣམ་པར་དབྱེ་བའི་མཚན་ཉིད་མཐར་ཐུག་པའི་ཕྱིར་རོ། །ཇི་ལྟར་དེ་དག་ཀྱང་ཆ་ཤས་སུ་བརྗོད་པ་འདིས། དེའི་ཆ་ཤས་སུ་བརྗོད་པ་དེ་ལྟ་ན། དེ་ལ་དེ་ཉིད་ལན་ཡིན་ནོ་ཞེས་བྱ་བ་རྣམས་འདི་

ཉིད་ཀྱིས་རྡུལ་ཕྲ་རབ་གཅིག་པ་ཉིད་དགག་པར་བྱེད་པར་མི་ནུས་ཏེ། དེ་ནི་རྣམ་པར་དབྱེ་བའི་ཕྱིར་རོ། །རྡུལ་ཕྲ་རབ་ཁས་མི་ལེན་པ་དེ་ཇི་ལྟ་གཅིག་པ་ཉིད་དུ་ཁས་ལེན་པར་འགྱུར་ཏེ། དེ་མེད་པར་སྟོན་པའི་གཏན་ཚིགས་ཐམས་ཅད་རང་ཉིད་ལ་མ་གྲུབ་པར་འགྱུར་རོ་ཞེ་ན། གང་གི་དོན་དུ་སྨྲ་

བའི་ཆ་ཤས་ཀྱིས་རྣམ་པར་དབྱེ་བའི་བསྒྲུབ་པ་གང་ཡིན་པ་དེ་མཐར་འདྲེན་པར་བྱེད་པའི་ཕྱིར་རོ། །རྡུལ་ཕྲ་རབ་དངོས་པོར་བརྗོད་པ་དེ་ལ་དྲུག་གིས་ཅིག་ཅར་སྦྱར་བ་དེས་གཅིག་ཉིད་གསལ་བ་ཡིན་ནོ། །གང་གི་ཚེ་དེ་ཡང་དེ་ལྟར་ཡོད་པ་གསལ་བས། ཆ་ཤས་ཇི་ལྟར་གསལ་བ་བསྟན་

Vol. 190 · folio 114b

པ་དེའི་ཚེ་རང་གི་དམ་བཅའ་བ་ཉམས་པ་ཡིན་ནོ། །ཆ་ཤས་དང་བཅས་པའི་ཡན་ལག་ཏུ་མི་བྱེད་པ་དེ་ལྟ་ན་བརྒལ་ཞིང་བརྟག་པ་མི་རིགས་སོ། །རྡུལ་ཕྲ་རབ་དེ་ཉིད་ཆ་ཤས་དང་བཅས་པར་ཡོད་པར་རྣམ་པར་གཞག་པའི་མཚན་ཉིད་དེ་ཉིད་རྣལ་འབྱོར་སྤྱོད་པ་ལས་འགེགས་པས་ཚར་

གཅོད་པའི་ཕྱིར་དང་དེ་ཉིད་ཐུག་པ་མེད་པར་ཐལ་བར་བསྒྲུབ་པའི་ཕྱིར། མ་གྲུབ་པའི་སྐྱོན་ཡང་མེད་པའི་ཕྱིར་འདི་བརྗོད་པར་མི་བྱའོ། །འདིར་བརྗོད་པ་ཁོ་བོ་ཅག་གིས་ཁྱེད་ལ་ནི་བརྗོད་པ་མ་ཡིན་གྱི་རྨོངས་པའི་རྒོལ་བས་རྟོགས་པའི་ཕྱིར་རོ་ཞེ་ན། དེ་ཡང་ཐམས་ཅད་དུ་མེད་པའི་

ཡིན་ཏེ། ཐ་དད་པའི་མཚན་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །དུ་མའི་མཚན་ཉིད་ནི་གཅིག་གི་དངོས་པོར་མ་གྲུབ་པོ་ཞེས་བྱ་བའི་སྐབས་འདིར། དྭ་ར་དྭ་ཛ་ཁོ་བོ་ཅག་གི་འདོད་ན་དབང་པོ་མེད་པ་ལ་ཞེས་བྱ་བ་ལ་སོགས་པས་གྲུབ་པའི་མཐའ་འདི་ཅིའི་ཕྱིར་སྤོང་བར་བརྗོད། དེ་ལྟར་ཁས་བླངས་

པ་ལ་སྐྱོན་གཞན་ཡང་བཤད་པ་འདིས་སྔར་གྱི་ཡོན་ཏན་ལས་ཐ་དད་པར་བཤད་པ་ལ་སོགས་པ་བསྟན་པ་འདིས་དམ་བཅའ་དང་གཏན་ཚིགས་དག་འགལ་བ་ལ་ཐ་དད་པ་མེད་ན་གནོད་པ་དང་འབྲེལ་པའི་དཔེར་བརྗོད་པ་དེས་སམ། དཔེར་བརྗོད་པ་ལོགས་ཤིག་པས་ཀྱང་དོན་མེད་འགའ་

ཞིག་ཐ་དད་པ་ནི་མེད་ཀྱི་ཚིག་ཐ་དད་པར་ཟད་དོ། །རྣམ་པ་དེ་ལྟ་བུའི་དཔེར་བརྗོད་པས་ལོགས་ཤིག་བྱེད་ན་བྱས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་ཧ་ཅང་ཐལ་བར་འགྱུར་རོ། །གཞུང་འགའ་ཞིག་ལས་ལྷན་ཅིག་གམ་ཐ་དད་པ་དག་ཅེས་འདོན་ཏེ། དེ་ལ་དོན་ནི་འདི་ཡིན་ཏེ།

ལྷན་ཅིག་པ་ནི་དང་པོ་ལས་ཅིག་ཅར་ཇི་ལྟ་བའོ། །ཐ་དད་པ་ནི་འདིར་ལོགས་ཤིག་པ་ཇི་ལྟ་བུའོ། །འོན་ཏེ་འདིར་འགལ་བ་གསལ་བར་མི་རིགས་སོ་ཞེ་ན། གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཐ་དད་པ་ཡིན་ཏེ། ཚོགས་པ་ལ་དངོས་པོའི་སྒྲ་སྦྱོར་བའི་

ཕྱིར་རོ་ཞེས་བྱ་བ་གཏན་ཚིགས་འདི་ནི་ཆོས་ཐམས་ཅད་ཀྱི་ཆོས་སུ་མི་འགྱུར་ལ། སྒྲའི་ཆོས་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མ་གྲུབ་པའོ། །དེ་ལྟར་ཡང་རྟེན་ཐ་དད་པའི་ཕྱིར་མ་གྲུབ་པ་ཉིད་ཀྱི་སྐྱོན་ནི། བུ་རམ་གྱི་མངར་བ་དང་ཁྭའི་གནག་པ་ལ་སོགས་པ་བཞིན་དུ་དེ་ལ་འགལ་བ་མ་

Vol. 190 · folio 115a

ཡིན་ཏེ། གཏན་ཚིགས་དང་དམ་བཅའ་བ་དག་ལ་རྟེན་ཐ་དད་པའི་ཕྱིར་རོ། །འོ་ན་ཚོགས་པ་བརྗོད་པའི་ཕྱིར་ཞེས་བྱ་བ་དངོས་པོར་བཤད་ཀྱི་ཌ་ཀི་ལས་རབ་ཏུ་སྦྱར་བས་གཞི་ཐ་དད་མེད་དོ་ཞེ་ན། འདི་སྙམ་དུ་དགོངས་ཏེ། རེ་ཞིག་འོད་བྱེད་ཀྱིས་རབ་ཏུ་སྦྱར་བ་

གང་ཡིན་པ་དེ་ཁོ་བོ་ཅག་གིས་སྐྱོན་བརྩམ་པ་འདི་བརྗོད་པ་མ་ཡིན་དུ་ཟིན་ཀྱང་ད་ནི་རྣམ་པ་གཞན་དུ་སྦྱར་བ་ཡིན་ཏེ། གལ་ཏེ་དེ་དག་ལ་སྐྱོན་འདིར་མི་འགྱུར་ཡང་བཤད་མ་ཐག་པའི་སྐྱོན་དང་འཆད་པར་འགྱུར་བའི་སྐྱོན་ནི། ཚངས་པས་ཀྱང་སྤང་བར་མི་ནུས་སོ། །དམ་བཅའ་བ་

དང་གཏན་ཚིགས་འགལ་བར་ཚར་གཅོད་པའི་གནས་གཞན་ཡང་ཁས་ལེན་པ་འདི་ཁོ་བོས་གཞན་དུ་བྱས་ནས་དེ་སྐད་དུ་བཤད་དོ། །གཏན་ཚིགས་ལྟར་སྣང་བ་རྣམས་ཚར་གཅད་པའི་གནས་ཡིན་ནོ་ཞེས་བྱ་བ་འདིས་བསྡུས་པའི་ཕྱིར་རོ་ཞེས་བྱ་བར་བརྗོད་པ་དེ་དག་ལ་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་

སོ། །སྐྱོན་གྱི་རིགས་རྣམ་པ་གཉིས་པོ་ཆ་ཤས་ཀྱི་སྐྱོན་གྱི་རྣམ་པ་གཉིས་པོ་དེ་གང་ཞེ་ན། བཤད་པ་འགལ་བ་ཉིད་དང་མ་གྲུབ་པའོ། །ཡང་ཇི་ལྟར་ན་འགལ་བ་དང་། ཇི་ལྟར་མ་གྲུབ་པ་ཡིན། བཤད་པ། མདོར་བསྡུས་པའི་དོན་ནི་ཡིན་ཏེ། གང་ལ་དམ་བཅའ་བ་དང་གཏན་ཚིགས་

ཀྱིས་འགལ་བའི་སྦྱོར་བ་ཡང་བརྗོད་པ་དེ་ལ་གདོན་མི་ཟ་བར་ཆོས་ཅན་གྲུབ་པ་ལ་བསྒྲུབ་པར་བྱ་བ་ཡིན་ན། ཆོས་ཅན་དེ་ལ་གཏན་ཚིགས་གྲུབ་པ་འམ་བསྒྲུབ་པར་བྱ་བའི་ཆོས་དང་གཉི་ག་མེད་པར་འགྱུར་རོ། །དེ་ལ་རེ་ཞིག་གཉི་ག་ཡང་ཡོད་པས་ཕན་ཚུན་འགལ་བ་ཡིན་གྱི།

མེ་དང་གྲང་བ་བཞིན་དུ་གཞི་གཅིག་ལ་འགལ་བར་འགྱུར་བ་ཡིན་ནོ། །དེ་ལྟར་མ་ཡིན་ནོ། །འདིར་གཅིག་ལ་ལྷན་ཅིག་གནས་པ་ནི་ཐུན་མོང་བ་བཞིན་དུ་མི་འགལ་བ་ཉིད་དུ་འགྱུར་བའི་ཕྱིར་དམ་བཅའ་བ་དང་གཏན་ཚིགས་རིང་བ་ལ་ཡང་འགལ་བར་ཐལ་བར་འགྱུར་རོ། །དེ་འགལ་

བར་བརྗོད་པ་ནི་རང་བཞིན་གྱིས་གཅིག་ལ་འགལ་བར་འགྱུར་གྱི། དེ་ལྟ་མ་ཡིན་ན་འགལ་བར་མི་འགྱུར་རོ། །དེ་ལྟ་ན་གཏན་ཚིགས་དེ་ལ་ཡོད་པར་འགྱུར་རོ། །གང་ལ་གཏན་ཚིགས་དེ་ལྟ་བུ་ཡིན་པས་དེ་ལ་བསྒྲུབ་པར་བྱ་བའི་ཆོས་དང་བསྒྲུབ་པར་བྱ་བའི་ཆོས་དེ་ལས་བཟློག་པ་

Vol. 190 · folio 115b

ཡང་དེ་ལ་ཡོད་པ་མ་ཡིན་པར་གསལ་བ་ཡིན་ཏེ། འདི་དང་འགལ་བའི་ཕྱིར་རོ། །སྒྲ་རྟག་སྟེ། བྱས་པའི་ཕྱིར་རོ་ཞེ་ན། བཤད་པ། ཆོས་ཅན་ཡོད་པའི་གཏན་ཚིགས་འགལ་བར་གྲུབ་པར་མ་གྱུར་པའོ། །ཡང་གང་གི་ཚེ་ཆོས་ཅན་དེ་ལ་ཚད་མ་གཞན་གྱིས་སྒྲུབ་པར་བྱེད་པ་ཡོད་

པར་ངེས་པ་དེའི་ཚེ་དེ་ལ་གཏན་ཚིགས་མེད་པར་འགལ་བའི་སྟོབས་ཀྱིས་བྱས་པ་འམ་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །སྒྲ་ནི་བྱས་པ་ཡིན་ཏེ། འབྲས་བུ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །དེ་ནི་ཆོས་ཅན་ལ་གཏན་ཚིགས་མ་གྲུབ་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

གལ་ཏེ་ཡོན་ཏན་ལས་ཐ་དད་པའི་རྫས་ལ་སོགས་པའི་ཆོས་ཅན་ཚད་མས་མ་གྲུབ་པ་ལ་དམ་བཅའ་བ་དང་། གཏན་ཚིགས་འགལ་བ་རྣམ་པར་གཞག་པ་བྱས་པ་དེས་ན་འདི་ནི་སྐྱོན་མ་ཡིན་ནོ། །དེས་འདི་མ་གྲུབ་པ་ལ་སོགས་པར་མི་ནུས་སོ་སྙམ་དུ་སེམས་ན། གལ་ཏེ་དེ་ལྟ་ན་ཡང་ཆོས་

ཡོད་པར་འགྱུར་བ་དང་། ཕྱོགས་ཀྱི་ཆོས་མེད་པ་དང་འགལ་བ་དང་མ་གྲུབ་པ་ཡང་ཡིན་པ་དེའི་གནས་སྐབས་སུ་ཡིད་ལ་བྱེད་པས་སྨྲས་པས་ཚད་མ་དང་འབྲེལ་པ་མེད་པར་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ལ་ཆོས་ཅན་ལ་གཏན་ཚིགས་ཡོད་པར་ཐེ་ཚོམ་ཟ་བ་ཡིན་ནོ། །ཚད་མ་ལོག་པས་

ཀྱང་དོན་མེད་པར་མི་འགྲུབ་པ་དེས་ན་ཐེ་ཚོམ་ཟ་བའི་མ་གྲུབ་པ་ལ་བརྟེན་པའི་ཕྱིར། རི་སུལ་འདི་ན་རྨ་བྱ་ཡོད་དེ། སྒྲ་གྲགས་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །ཡང་སྒྲས་ནི་སྟོན་པར་བྱེད་པའི་ཆོས་ཅན་ལ་ཚད་མས་རབ་ཏུ་སྦྱར་བ་ན་གཏན་ཚིགས་ཀྱི་གཞི་ལ་ཐེ་ཚོམ་ཟ་བའོ། །ཆོས་ཅན་

གནོད་པར་བྱེད་པའི་ཚད་མ་ཡོད་པས་གཞི་མ་གྲུབ་པ་ཡིན་པར་གསལ་བ་ཉིད་ནི། བདག་ནི་ཐམས་ཅད་དུ་སོང་བར་བསྒྲུབ་པར་བྱ་བ་ལ་ཡོན་ཏན་ཐམས་ཅད་ན་དམིགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་དོན་ཏོ། །འདི་ལྟར་ཆོས་ཅན་མ་གྲུབ་པའི་རང་བཞིན་ཞེས་བྱ་བ་ནི་འདིར་སྟོན་པར་

བྱེད་པ་ལ་ཚད་མ་ཡོད་ན་ཆོས་ཅན་མ་གྲུབ་པར་བརྗོད་པར་འགྱུར་བའམ། གནོད་པར་བྱེད་པའི་ཚད་མ་ཡོད་ན་ཡིན་ནོ། །སྔ་མའི་ཕྱོགས་གཅིག་ལ་བཤད་ཟིན་པའི་སྐྱོན་ཡོད་པར་ཕྱི་མ་ལ་ནི་ཡང་གི་སྒྲས་བསྡུས་པ་ཡིན་ནོ། །འདིར་འོད་བྱེད་ཀྱིས་བརྗོད་པའི་དོགས་པ་བསུ་བ་ནི། གཉི་

Vol. 190 · folio 116a

ག་ལ་བརྟེན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །འདི་དག་ཐམས་ཅད་ནི་བཤད་ཟིན་པའི་ཕྱིར་གོ་སླའོ། །ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་ནི་འགོག་པར་བྱེད་པའོ། །སྔར་ཇི་སྐད་བཤད་པ་ནི། སྐྱོན་གྱི་རིགས་རྣམ་པ་གཉིས་ཞེས་བྱ་བའོ། །འོན་ཏེ་འདིར་

དམ་བཅའ་བ་ཙམ་རང་ཉིད་གཏན་ཚིགས་ལ་མི་ལྟོས་པ་དམ་བཅའ་བ་དང་འགལ་བར་རྣམ་པར་འཇོག་པའོ། །དཔེར་ན་དགེ་སྦྱོང་མ་སྦྲུམ་མ་ཞེས་བྱ་བ་འམ། འདིར་བདག་མེད་པ་ཞེས་བྱ་བ་བཞིན་ནོ་ཞེ་ན། གཏན་ཚིགས་ལ་ལྟོས་པ་མེད་དོ་ཞེས་སྨོས་པ་ནི་འབྲེལ་བ་མེད་པ་ཡིན་ཏེ། ཕན་

འདོགས་པ་མེད་པའི་ཕྱིར་རོ། །གང་ཡང་གཏན་ཚིགས་འགལ་བ་དཔེར་བརྗོད་པ་ནི་སྒྲ་རྟག་གོ་ཞེས་བྱ་བ་ལ་སོགས་པའོ། །དམ་བཅའ་བ་གཏན་ཚིགས་འགལ་བ་ནི་མི་རིགས་སོ་ཞེས་བཤད་པ་ནི། འདི་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཉི་ག་ལ་བརྟེན་པའི་འགལ་བ་ཡིན་

པ་དེ་ནི་དེ་ལྟ་ན་ཡང་རིགས་སོ་ཞེས་འདོད་ནས། འདིར་གཉིས་ཀ་བརྟེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དཔེ་བརྗོད་པ་བསྟན་པ་སྤངས་པས་འདོད་པ་སུན་འབྱིན་པ་བཤད་པ། ཇི་སྐད་བསྟན་པ་དེ་དག་གིས་བཞད་གད་མཁན་གྱིས་རི་མོ་འདྲི་བའི་ཚུལ་དུ་དམ་བཅས་པ་

དང་དཔེ་འགལ་བ་ལ་ཡང་བརྗོད་པར་བྱའོ། །ཚུལ་དུ་ཞེས་བྱ་བ་སྨོས་པ་ནི་བཤད་པར་བྱ་བ་འམ་བསྟན་པར་བྱ་བའོ། །དེ་ལྟ་མ་ཡིན་ན་གཞན་གྱི་ཚིག་ཕྱི་མ་དང་སྦྱར་བ་ནི་མི་འགྲིག་པར་འགྱུར་རོ། །བཞད་གང་མཁན་སྨོས་པ་ནི་སྐྱེས་བུ་བརྫུན་མའི་མཚན་ཉིད་ཡིན་པའི་ཕྱིར་རོ། །

འདི་ལྟར་བཞད་གད་མཁན་གནས་སྐབས་སུ་ངོ་མཚར་བར་བྱེད་པ་ན་རི་མོ་སྤངས་ཀྱང་པ་ལ་བྷཉྫི་ཀ་ལ་སོགས་པའི་སྡེབ་སྦྱོར་སྣ་ཚོགས་པ་མི་འདྲ་བའི་བཟོ་ལ་མཁས་པའི་ང་རྒྱལ་སྟོན་པར་བྱེད་དོ། །རྣམ་པ་དེ་ལྟ་བུ་གཞན་ཡང་སྤྲུལ་པ་ལ་མཁས་པས་ཏ་ལའི་ལོ་མ་གཅིག་ལ་གླང་པོ་

ལ་སོགས་པའི་གནས་པ་སྟོན་པར་བྱེད་དོ། །རྣམ་པ་དེ་ལྟ་བུ་འོད་བྱེད་ཀྱི་འདི་དག་ཀྱང་ཡིན་ཏེ། འདི་ལྟར་རེ་ཞིག་གཏན་ཚིགས་དང་འགལ་བ་གཏན་ཚིགས་ལྟར་སྣང་བ་ཐ་དད་པའི་མཚན་ཉིད་སྤངས་པ་འདི་དག་ཉེ་བར་བསྟན་པ་དང་། ཡང་དེ་རྒྱས་པར་བསྟན་པར་སེམས་པ་ཉིད་ཀྱིས་

Vol. 190 · folio 116b

ཅི་ཞིག་བྱ། དེ་ཉིད་རྒྱས་པར་བསྟན་པ་དང་དཔེ་དང་འགལ་བའི་གཏན་ཚིགས་ལྟར་སྣང་བ་ཐ་དད་པའི་མཚན་ཉིད་ལས་འདས་པ་བསལ་བར་བྱས་པ་ཡིན་ནོ། །དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་གང་ལ་དམ་བཅའ་བ་དང་དཔེ་འགལ་བ་དེ་ལ་ཡང་ཕྱོགས་སུ་བྱས་པའི་ཆོས་བཟློག་པ་དང་ལྡན་

པས་དཔེ་ལ་འགལ་བར་འགྱུར་གྱི་དམ་བཅས་པ་དང་དཔེ་འགལ་བ་ཞེས་བྱ་བ་ལྷག་མའོ། །ཕྱོགས་སུ་བྱས་པའི་ཆོས་མཐུན་པ་དེ་ལས་བཟློག་པ་ལ་ཡོད་པ་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དཔེ་ཞེས་བྱ་བ་ནི་མཐུན་པའི་དཔེའི་ཆོས་སུ་འདོད་དོ། །གང་གི་ཕྱིར་མི་མཐུན་

པའི་དཔེ་སྒྲུབ་པའི་ཆོས་ལས་བཟློག་པ་མ་ཡིན་ན་དེ་ལ་འགལ་བ་ཅི་ཞིག་ཡོད། དེ་ལ་དཔེ་ནི་སྒྲ་དང་བུམ་པ་བཞིན་ནོ། །འགལ་བའི་དཔེར་གྱུར་པ་ནི་གལ་ཏེ་ཕྱོགས་སུ་བྱས་པའི་ཆོས་ཡོད་ཅིང་གཞན་དང་ཐུན་མོང་པ་མ་གྱུར་པ་རབ་ཏུ་སྒྲུབ་པ་དེའི་ཚེ་འགལ་བའི་གཏན་ཚིགས་ལྟར་

སྣང་བའོ། །གཞན་དང་ཐུན་མོང་དུ་གྱུར་པ་ནི། གཞན་དང་ཐུན་མོང་དུ་མ་གྱུར་པའོ། །གཞན་དང་སྨོས་པ་ནི་ཕྱོགས་སུ་བྱས་པའི་ཆོས་ལས་སྨོས་པ་དང་ལྡན་པའོ། །ཕྱོགས་སུ་བྱས་པའི་ཆོས་ལས་ཐ་དད་པར་སྒྲུབ་པ་ནི་མངོན་པར་མི་འདོད་པའོ། །ཕྱོགས་སུ་བྱས་པའི་ཆོས་

ལས་བཟློག་པ་དང་ལྡན་པ་ལ་ཡོད་པར་གལ་ཏེ་དེ་ལྟར་བསྒྲུབས་ན་ཞེས་བྱ་བའི་དོན་ཏོ། །བསྒྲུབ་བྱ་དང་དཔེ་དག་གི་འབྲས་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་འདི་ཉིད་ཀྱིས་དེའི་མི་མཐུན་པའི་ཕྱོགས་ནམ་མཁའ་ལ་སོགས་པ་འཇུག་ཅིང་དེ་ལས་བཟློག་པ་བུམ་པ་ལ་འཇུག་པ་ལ་ཡང་

མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་དག་ཐུན་མོང་དུ་གྱུར་པ་ཞེས་བྱ་བ་ཚིག་གི་ལྷག་མའོ། །ཐུན་མོང་གི་མ་ངེས་པར་བཤད་པ་ནི་དཔེར་ན་བསྒྲུབ་པར་བྱ་བ་དང་དཔེ་དག་ལ་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་འདིས་རབ་ཏུ་མ་བསྒྲུབས་པ་ཉིད་ལ་འཇུག་པར་ངེས་སོ། །དེ་ནི་

མཐུན་པའི་ཕྱོགས་ལ་འཇུག་པར་ངེས་པ་འམ། མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་འཇུག་པར་ངེས་པར་ཐེ་ཚོམ་ཟ་བའི་མ་ངེས་པ་ཡིན་ནོ། །ལྡོག་པ་ལ་ཐེ་ཚོམ་ཟ་བ་ནི་དཔེར་ན་སྐྱེས་བུ་ཐམས་ཅད་མཁྱེན་པ་མ་ཡིན་པ་འམ་འདོད་ཆགས་དང་བྲལ་བ་མ་ཡིན་ནོ། །

Vol. 190 · folio 117a

སྨྲ་བའི་ཕྱིར་ལམ་པོ་ཆེའི་མི་བཞིན་ནོ། །མཐུན་པའི་ཕྱོགས་དང་མི་མཐུན་པའི་ཕྱོགས་ལ་མེད་པའི་ཐུན་མོང་མ་ཡིན་པའི་མ་ངེས་པ་དེ་ནི་སྒྲ་རྟག་སྟེ། མཉན་པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ལྟ་བུའོ། །གཞན་གྱིས་སྨྲས་པ། འགལ་བའི་དཔེ་ལ་མི་

འཇུག་ཅིང་བཟློག་པ་འཇུག་པའི་གཏན་ཚིགས་ལ་གཏན་ཚིགས་ཀྱི་སྐྱོན་ཅུང་ཟད་ཅིག་ཀྱང་ཡོད་པ་མ་ཡིན་ཏེ། དཔེར་ན་སྒྲ་ནི་མི་རྟག་སྟེ། རྐྱེན་གྱི་བྱེ་བྲག་ཐ་དད་པས་ཐ་དད་པའི་ཕྱིར་ཆོས་མཐུན་པའི་དཔེ་ནི་ནམ་མཁའ་བཞིན་ནོ། །ཆོས་མི་མཐུན་པའི་དཔེ་ནི་བུམ་པ་བཞིན་ནོ་ཞེས་

བྱ་བ་འདི་ལ། འདིར་མ་གྲུབ་པ་ལ་འཇུག་པའི་གཏན་ཚིགས་ལ། འདིར་མ་གྲུབ་པ་ནི་མ་ཡིན་ཏེ། གཏན་ཚིགས་ཆོས་ཅན་ལ་ཡོད་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། གཉི་ག་ལ་མི་འཇུག་པའི་ཕྱིར་དང་། འབྲེལ་པ་གྲུབ་པའི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ།

མཐུན་པའི་ཕྱོགས་ལས་བཟློག་པ་མི་མཐུན་པའི་ཕྱོགས་ལ་མི་འཇུག་པའི་ཕྱིར་རོ། །དམ་བཅའ་བ་དང་དཔེ་འགལ་བ་འདི་ནི་གཏན་ཚིགས་ཀྱི་སྐྱོན་ཡུལ་འདས་པའི་དམ་བཅས་པ་འགལ་བ་ཡིན་ནོ་ཞེ་ན། འདི་ནི་འཐད་པ་མ་ཡིན་ཏེ། དེ་ལ་ཐེ་ཚོམ་ཟ་བའི་གཏན་ཚིགས་ལས་

མ་ལོག་པའི་ཕྱིར་རོ། །གང་གི་ཕྱིར་དཔེ་དང་འགལ་བའི་ཕྱིར་དམ་བཅའ་བ་ནི། མཐུན་པའི་ཕྱོགས་ཀྱི་སྐྱོན་ཡིན་གྱི་མི་མཐུན་པའི་ཕྱོགས་ཀྱི་སྐྱོན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། མངོན་པར་འདོད་པ་ཉིད་ཡིན་པའི་ཕྱིར། ཕྱོགས་སུ་བྱས་པའི་ཆོས་ལས་བཟློག་པའི་འགལ་བ་ལྟ་བུའོ། །

མི་མཐུན་པའི་ཕྱོགས་སུ་བརྗོད་དོ་ཞེས་བྱ་བར་དགོངས་པ་ཡིན་ནོ། །གལ་ཏེ་དེ་ལྟ་ན་དེ་ཡང་གཏན་ཚིགས་ལྟར་སྣང་བ་ལས་ཇི་ལྟར་འདས་པ་མ་ཡིན་ཞེ་ན། བཤད་པ། ཆོས་མཐུན་པ་ཉིད་ཅན་གྱི་དཔེ་ལ་ཕྱིན་ཅི་ལོག་པའི་ཆོས་དང་ལྡན་པ་ནི། འཁྲུལ་པ་མེད་པའི་ཆོས་ཉིད་དུ་

བསྟན་པར་མི་ནུས་པའི་ཕྱིར། དེའི་དོན་དཔེས་བསྟན་པ་ནི། ཇི་སྐད་དུ། གཏན་ཚིགས་ཚུལ་གསུམ་ལྡན་པ་བཤད། །ཕྱོགས་ཀྱི་ཆོས་ལ་གནས་པ་དང་། །ལྷག་མ་ཚུལ་གཉིས་ལྡན་པའི་དོན། །དཔེ་ཡིས་རབ་ཏུ་བསྟན་པ་ཡིན། །ཞེས་བཤད་དོ། །འོ་ན་རྐྱེན་གྱི་བྱེ་བག་ཐ་

Vol. 190 · folio 117b

དད་པ་ཉིད་ཀྱིས་མི་རྟག་པ་དེ་ཉིད་ལ་ཇི་ལྟར་མི་འཁྲུལ་པར་མི་ནུས་ཤེ་ན། བཤད་པ། དངོས་པོ་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་པར་མ་ཡིན་ཡང་ཚད་མ་མ་བསྟན་པའི་ཕྱིར་མེད་པ་དང་འདྲ་བ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེ་ལྟར་ན་གཏན་ཚིགས་དང་མེད་ན་མི་འབྱུང་བའི་འབྲལ་བ་མ་བསྟན་

པ་དེ་ཡང་བསྒྲུབ་པར་བྱ་བ་ངེས་པ་མ་ཡིན་ནོ། །དེ་ལ་དམ་བཅའ་བ་དང་དཔེའི་འགལ་བ་དེ་ཡང་གཏན་ཚིགས་ལྟར་སྣང་བ་ལས་མ་འདས་པ་ཡིན་ནོ། །ད་ལྟར་གྱི་འདི་ཡང་མི་མཐུན་པའི་ཕྱོགས་ལས་བཟློག་པ་ཐེ་ཚོམ་ཟ་བའི་ཕྱིར་རོ་ཞེས་དགོངས་པ་ཡིན་ནོ། །གཏན་ཚིགས་འགལ་བ་འབའ་

ཞིག་མ་ཡིན་པས་ཡང་གི་སྒྲ་སྨོས་སོ། །གཞན་གྱི་དོགས་པ་བསུ་བ་ནི་གཏན་ཚིགས་ཀྱི་སྒོ་ནས་དང་དཔེའི་སྒོ་གཉི་ག་ལྟར་ཡང་གཏན་ཚིགས་ཀྱི་སྐྱོན་ལས་སྔར་དཔེའི་སྐྱོན་གྱིས་རྒོལ་བ་ཕམ་པ་ནི། དཔེ་དང་འགལ་བའི་སྐྱོན་གཞན་མ་ཡིན་ཏེ། གཞན་ལ་མི་ལྟོས་པའི་ཕྱིར་རོ། །ཕམ་པར་

འགྱུར་བ་ལས་ཕམ་པ་གཞན་མེད་དོ་ཞེས་བསམས་པའོ། །རིགས་པ་ཅན་ཁྱད་པར་གཞན་དུ་བསྒྲུབ་པའི་ཡན་ལག་གོ་རིམས་ངེས་པར་རྒོལ་བ་ནི་དམ་བཅའ་བ་དང་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱོར་བ་དང་། མཇུག་བསྡུ་བ་དག་གོ་རིམས་ངེས་པར་བརྗོད་པར་རིགས་པ་མ་ཡིན་ནོ། །

ཡང་དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། དཔེ་དང་ཆོས་མཐུན་པར་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དཔེ་དང་འགལ་བའི་ཕྱིར་གཏན་ཚིགས་ལྟར་སྣང་བ་ཡོད་པ་མ་ཡིན་པས། ཇི་སྐད་དུ་བཤད་མ་ཐག་པའི་རྣམ་པར་རྟོག་པའི་སྐྱོན་གྱིས་རྣམ་པར་གསལ་པ་ཡིན་ནོ། །དེ་ལྟར་རེ་ཞིག་གང་ཡང་

དམ་བཅའ་བ་དང་འགལ་བའི་གཏན་ཚིགས་ལྟར་སྣང་བའི་རྣམ་པར་གཞག་པ་འདི་ལས་ཤིན་ཏུ་འདས་པ་མ་ཡིན་ནོ་ཞེས་བྱའོ། །གང་ཡང་རྣ་མ་ཕུག་གི་རྣམ་བཤད་ཀྱི་ཊཱི་ཀཱ་ལས་དཔེར་བརྗོད་པའི་རང་བཞིན་གཅིག་གསལ་བ་མ་ཡིན་ཏེ། ཚད་དང་ལྡན་པའི་ཕྱིར་ཁམ་ཕོར་བཞིན་ནོ་

ཞེས་བྱ་བའི་གཏན་ཚིགས་དེ་ཡང་འགལ་བ་ཡིན་ཏེ། ཚད་དང་ལྡན་པའི་གཏན་ཚིགས་ཀྱང་མཐུན་པའི་ཕྱོགས་ལ་མེད་པས་མི་འཇུག་ལ་མི་མཐུན་པའི་ཕྱོགས་ཁམ་ཕོར་ལ་སོགས་པ་རང་བཞིན་དུ་མ་ལ་འཇུག་པའི་ཕྱིར་དང་། སའི་སྐད་ཅིག་མ་རེ་རེ་ལ་ཆ་ཤས་ཡོད་པའི་ཕྱིར་རོ། །ད་ནི་

Vol. 190 · folio 118a

གཏན་ཚིགས་ཀྱང་དཔེ་དང་འགལ་བའི་གཏན་ཚིགས་ལྟར་སྣང་བའི་ནང་དུ་འདུས་པ་ཞེས་བྱ་བར་འགྱུར་ཏེ། གཏན་ཚིགས་ཀྱང་དཔེ་དང་འགལ་བ་གཉིས་ལ་ཐུན་མོང་དུ་ཡོད་པ་འམ་འགལ་བ་ཉིད་དུ་འགྱུར་རོ། །གང་གི་ཚེ་འགལ་བར་འགྱུར་ཞེ་ན། བཤད་པ་ཆོས་མི་

མཐུན་པ་ལ་འཇུག་པ་ནའོ། །གང་ཡང་གང་ལ་དཔེར་བརྗོད་པ་དེ་ཉིད་ཀྱིས་ཡིན་ཏེ། རྫས་ནི་ཡོན་ཏན་ལས་ཐ་དད་པ་ཡིན་ཏེ། དོན་གཞན་དུ་མི་དམིགས་པའི་ཕྱིར་བུམ་པ་བཞིན་ནོ། །གང་ལ་སྣང་དུ་རུང་བར་གྱུར་པ་ན་གཏན་ཚིགས་ཀྱི་ཁྱད་པར་དང་འགལ་བ་ཡིན་ཏེ། མཐུན་པའི་ཕྱོགས་ལ་མི་

འཇུག་པའི་ཕྱིར་དང་། གཟུགས་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་རང་གི་ངོ་བོ་ལ་འཇུག་པའི་ཕྱིར་རོ། །ཁྱད་པར་དུ་མ་བྱས་ན་ནི་ཤ་ལ་སོགས་པ་བཞིན་དུ་མི་དམིགས་པ་ཡང་དོན་གཞན་གྱིས་འཁྲུལ་པར་འགྱུར་ཏེ། ཕན་ཚུན་ཐ་དད་པའི་ཕྱིར་རོ། །འདིར་བུམ་པ་བཞིན་ནོ་ཞེས་བྱ་བ་འདི་

དཔེ་ནི་རིགས་པ་མ་ཡིན་ཏེ། དེའི་རྫས་གཞན་འདི་དག་ཕྱོགས་སུ་བྱས་པའི་ཕྱིར་རོ། །གཟུགས་ལ་སོགས་པ་དེའི་ཐ་དད་པར་འཛིན་པ་སྔར་ཉིད་ནས་བཀག་པའི་ཕྱིར་རོ། །འཛིན་ན་ནི་མ་གྲུབ་པའི་གཏན་ཚིགས་ལྟར་སྣང་བ་ཡིན་པའི་ཕྱིར་ཁོ་བོ་ཅག་གི་འདོད་པ་ཉིད་གནས་པ་ཡིན་ནོ། །འོན་

ཏེ་གཏན་ཚིགས་ཚད་མ་དང་འགལ་བའི་ཚད་མས་དེ་ལྟར་སྣང་བ་ཡིན་ནོ་ཞེ་ན། བཤད་པ་མ་གྲུབ་པ་ཡིན་ཏེ། མེ་ལ་གྲང་བ་མ་གྲུབ་པའི་ཕྱིར་རོ། །གང་ཡང་འདིར་དཔེར་བརྗོད་པ་གཞན་ནི་མེ་ནི་དྲོ་བ་མ་ཡིན་ཏེ། རྫས་ཡིན་པའི་ཕྱིར་ཆུ་བཞིན་ནོ་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། མངོན་སུམ་

གྱི་རྫས་ལ་གནོད་པས་དེ་ཆོས་ཅན་ལ་མ་གྲུབ་པའི་ཕྱིར་རོ། །འོན་ཏེ་དམ་བཅའ་བའི་དོན་ཙམ་ཤེས་པ་ཡིན་པ་དེ་ལྟ་ན་དམ་བཅའ་བའི་དོན་མངོན་སུམ་དང་འགལ་བའི་ཕྱིར་དེ་གཏན་ཚིགས་དེས་ཁྱབ་པ་མེད་པ་ནི་གཏན་ཚིགས་ཚད་མ་དང་འགལ་བའི་དོན་ཏོ། །དེ་ལྟ་ན་འོན་ཏེ་བསྒྲུབ་པར་བྱ་

བ་དང་འགལ་བའི་ཆོས་ཀྱིས་ཁྱབ་པ་ན་ལྡོག་པ་ལ་ཐེ་ཚོམ་ཟ་བའི་གཏན་ཚིགས་ལྟར་སྣང་བ་ཡིན་པས་ཁོ་བོ་ཅག་གི་ཕྱོགས་བསྒྲུབས་པ་ཡིན་ནོ། །གཏན་ཚིགས་ཚད་མ་དང་འགལ་བ་ནི་གཏན་ཚིགས་ལྟར་སྣང་བ་ལས་མ་འདས་པའི་ཕྱིར་རོ། །དེ་སྐད་དུ། ཁྱབ་པ་འཛིན་པའི་དུས་

Vol. 190 · folio 118b

སུ་ནི། །མངོན་སུམ་ལ་སོགས་འགལ་བ་ཡི། །འགལ་བས་ཁྱབ་པར་གྱུར་པ་ན། །ཆོས་ཅན་ལ་ནི་མི་རིགས་སོ། །ཞེས་གསུངས་སོ། །དམ་བཅའ་ཚད་མ་དང་འགལ་བར་འགྱུར་བ་དེ་ཙམ་དུ་གྱུར་པར་འདོད་ན་འགའ་ཞིག་ཀྱང་གཏན་ཚིགས་ལྟར་སྣང་བའི་ནང་དུ་འདུ་བར་ནུས་པ་མ་

ཡིན་ནོ་ཞེ་ན། བཤད་པ། དམ་བཅའ་བ་ཚད་མ་དང་འགལ་བ་ནི་རང་གི་ཚིག་གི་སྒོ་ནས་བཤད་ཟིན་པ་ཡིན་ཏེ། བྱས་ཟིན་པ་མེད་པ་ཡིན་ནོ། །དེ་ལ་འདི་ཉིད་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་མ་གྱུར་པའི་དམ་བཅའ་བའི་ཚིག་སྒྲུབ་པར་བྱེད་པའི་སྦྱོར་བ་ལ་སོགས་པའི་ཚར་གཅད་པའི་གནས་

ཡིན་ནོ། །ཕྱི་རོལ་ཞེས་བྱ་བ་ནི་དེའི་ཕྱིར་ཏེ། ཐམས་ཅད་འདི་ཉིད་ཡིན་ནོ་ཞེས་བྱ་བ་མཇུག་བསྡུ་བའོ། །གང་ཡང་འགལ་བའི་ལན་གཞན་ནི་ཕྱོགས་སྔ་མ་བརྗོད་པ་གཞན་དང་གཞན་སྤང་བར་བྱ་བ་དེ་ནི་འབྲེལ་པ་ཉིད་མ་ཡིན་ཏེ། གང་གི་ཕྱིར་གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།

སྒྲ་ནི་མི་རྟག་པ་ཡིན་ཏེ། དབང་པོའི་གཟུང་བར་བྱ་བའི་ཕྱིར་ཏེ། བུམ་པ་བཞིན་ནོ་ཞེས་བྱ་བ་དེ་ལྟར་སངས་རྒྱས་པ་ལས་གཞན་པ་དཔྱོད་པ་དང་གཞན་གཟེགས་ཟན་པ་ཉིད་བ་ལང་ཉིད་ལ་སོགས་པའི་ཕྱིར་རང་གི་ཕྱོགས་ལ་གྲུབ་པ་གཞན་རྒོལ་བ་སངས་རྒྱས་པའི་སྒྲུབ་པར་བྱེད་པའི་

གཏན་ཚིགས་འཁྲུལ་པར་དོགས་པ་ཡིན་ནོ། །ཁྱེད་ཀྱི་བ་ལང་ཉིད་དེ་ཡང་དབང་པོའི་གཟུང་བྱ་ཡིན་པར་མི་རྟག་པར་འགྱུར་རོ། །གང་གི་ཚེ་དེ་ལྟར་གཞན་ལ་སྒྲོ་བཏགས་ནས་བརྗོད་པས་འཁྲུལ་པར་འགྱུར་བ་དེའི་སངས་རྒྱས་པ་དེའི་རང་གི་ཕྱོགས་ལ་དེ་དང་དེའི་སྤྱི་རྟག་པ་དབང་

པོས་གཟུང་བར་བྱ་བ་འགལ་བ་ཡིན་ནོ། །རྟག་པའི་དོན་གང་ཡིན་པ་ཁས་ལེན་པ་དང་འདོད་པའི་ཕྱིར་ཇི་ལྟར་འཁྲུལ་བར་འགྱུར། འགལ་བས་གནོད་པར་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རིགས་ན་ནི་ལན་དུ་བརྗོད་པར་འགྱུར་གྱི་དེ་ལྟ་ན་ཡང་གཞན་གཞན་

གྱིས་འཁྲུལ་པའི་ཁུར་སྟེང་དུ་འཇོག་པར་བརྗོད་པ་འདི་ནི་ཇི་ལྟར་འགལ་བའི་ལན་མ་ཡིན། གང་གི་ཕྱིར་དེ་ནི་རྒོལ་བ་རང་ཉིད་ཀྱི་ཁས་ལེན་པའི་བ་ལང་ཉིད་བརྟགས་པ་ལ་དབང་པོས་གཟུང་བར་བྱ་བའི་གཏན་ཚིགས་འཇུག་པ་ཡོད་པའི་ལན་ནི། ཐེ་ཚོམ་དུ་གྱུར་པ་ནི་དེ་ཅི་

Vol. 190 · folio 119a

བུམ་པ་བཞིན་དུ་དབང་པོའི་གཟུང་བྱ་ཡིན་པའི་ཕྱིར་སྒྲ་མི་རྟག་པར་འགྱུར་རམ། ཅི་བ་ལང་ཉིད་ལ་སོགས་པར་བརྟག་པར་འགྱུར། བདག་ཉིད་ཀྱི་རྟོག་པ་མེད་པར་དེ་ལྟར་སྟོན་པར་བྱེད་ཅེས་སྨྲས་སོ། །རང་གི་ཕྱོགས་བ་ལང་ཉིད་བརྟག་པ་ལ་དབང་པོས་

གཟུང་བར་བྱ་བ་ཡིན་པ་དེའི་ཕྱིར་འདི་ཁོ་ན་ཉིད་ལ་མ་ངེས་པ་ཡིན་ནོ་ཞེས་བྱ་བ་འདི་བདག་ཉིད་ཁས་བླངས་ཀྱི་མ་ངེས་པར་བརྗོད་པས་སྤོང་བར་བྱེད་དོ། །ཁོ་བོའི་ལན་ཡིན་ནོ། །སངས་རྒྱས་པ་ལ་བ་ལང་ཉིད་བརྟག་པ་མེད་པར་འདོད་པ་དེས་ན་ལན་འགལ་བར་འགྱུར་རོ་ཞེ་ན། དེའི་ཕྱིར་

བཤད་པ། གཏན་ཚིགས་དེ་ཡང་དབང་པོས་གཟུང་བར་བྱ་བ་ཡིན་པའི་ཕྱིར་རོ། །བ་ལང་ཉིད་དོན་དམ་པར་ཡོད་དམ་མེད་ཀྱང་རུང་སྒྲུབ་པར་བྱེད་པའི་ནུས་པ་ལ་བསྒྲུབ་པ་ནི་བཟློག་པ་ལ་ཡོད་པར་གནོད་པར་བྱེད་པའི་ཚད་མ་མི་འཇུག་པར་ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར་མ་ངེས་པ་ཉིད་

ཡིན། སྒྲུབ་པར་བྱེད་པའི་ནུས་པ་རབ་ཏུ་མ་བསྒྲུབས་པ་ནི་བསྒྲུབ་པར་བྱ་བ་དང་མེད་ན་མི་འབྱུང་བ་འདི་དང་ཞེས་བྱ་བར་སྦྱར་རོ། །སྒྲུབ་པར་བྱེད་པ་སྨོས་པ་ནི་དངོས་པོ་སྒྲུབ་པར་བྱེད་པའོ། །གང་གི་ཚེ་གནོད་པར་བྱེད་པའི་ཚད་མའི་སྟོབས་ཀྱིས་གཏན་ཚིགས་མེད་ན་མི་འབྱུང་བར་

ཐམས་ཅད་བསྡུས་ནས་སྒྲུབ་པར་བྱེད་པ་ཡིན་ཏེ། དབང་པོའི་ཤེས་པའི་གཟུང་བར་བྱ་བའི་རང་སྣང་བའི་ཤེས་པ་གང་ཅུང་ཟད་ཅིག་སྐྱེད་པའི་ཕྱིར་མི་རྟག་ན་དེ་ཐམས་ཅད་ཐམས་ཅད་ཀྱི་ཚེ་ཤེས་པའི་ཡུལ་དུ་ཐལ་བར་འགྱུར་བའི་རེས་འགའ་ཞིག་ཀྱང་མ་ཡིན་ནོ། །ད་ནི་བ་ལང་ཉིད་ལ་

སོགས་པ་ལ་ཡང་གནོད་པར་བྱས་ན་འཆི་བའི་ཕྱིར། བ་ལང་ཉིད་ལ་གཏན་ཚིགས་མི་འཇུག་པར་ཐེ་ཚོམ་མེད་པ་ཡིན་ནོ། །དེ་དག་གིས་ནི་ཞེས་བྱ་བ་ནི་གོ་སླའོ། །དེ་ཡང་མ་ངེས་པའི་གཏན་ཚིགས་ལྟར་སྣང་བ་ལས་འདས་པ་ཡིན་ནོ་ཞེས་བྱ་བ་བསྡུས་པའི་དོན་ཏོ། །དེ་ནི་ཐེ་ཚོམ་ཟ་

བའི་གཏན་ཚིགས་ཉིད་ཀྱི་སྒོ་ནས་སྒྲུབ་མི་ནུས་པའི་མ་ངེས་པའི་གཏན་ཚིགས་ཡིན་ནོ། །ཕྱོགས་གཅིག་གཞན་ལ་ཞུགས་པ་ཡང་དངོས་པོའི་ཕྱིར་གཉི་ག་ལ་གྲུབ་ན་ཅིག་ཤོས་ལ་ཡང་མ་ཡིན་པས་དངོས་པོ་ལ་ཡང་མ་ངེས་པར་ཁྱད་པར་མེད་དོ། །ཇི་ལྟར་སྔར་ཇི་སྐད་བཤད་

Vol. 190 · folio 119b

མ་ཐག་པའི་གཏན་ཚིགས་དེ་ཡང་ཡོད་དམ་མེད་ཀྱང་རུང་ཞེས་བྱ་བ་ཅིག་ཤོས་ཀྱི་ཕྱོགས་ལ་ཞུགས་པ་མ་ངེས་པ་ཡིན་པའི་ཕྱིར་མ་ངེས་པ་བཤད་པ་ཡིན་ནོ། །མི་འདོད་པ་དང་ཉེས་པ་ཐམས་ཅད་མེད་པར་སེམས་པ་ན་སྒྲུབ་པ་དང་སུན་འབྱིན་པ་གཉི་ག་ལ་རབ་ཏུ་གྲུབ་པ་ཡིན་ནོ་ཞེས་བྱ། ཇི་ལྟར་དེ་དག་

དང་འགལ་བར་མི་འགྱུར་ཞེ་ན། དེ་ཡང་དེ་ལྟ་མ་ཡིན་ཏེ། ངེས་པར་སུན་འབྱིན་པར་འདོད་ནས་སྨྲས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གཞན་ཡང་བསྒྲུབ་བྱ་ཡིན་ལ་ལྟོས་པ་ཡིན་ནོ་ཞེས་དེ་མ་ཐག་ཏུ་བཤད་ཟིན་ཏོ། །དེ་ལྟར་གྱུར་ན་གཉི་ག་ལས་གཅིག་ཀྱང་དེའི་ཚེ་ཕམ་པ་དང་རྒྱལ་བ་དག་ཏུ་མི་འགྱུར་

རོ། །གང་གི་ཚེ་འོད་བྱེད་ཀྱི་དམ་བཅའ་བ་དང་འགལ་བའི་མདོའི་འགྲེལ་པ་འཆད་པའི་དཔེ་ལྟར་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་པའི་ཚེ་ཡང་རིགས་པ་ཅན་ཡན་ལག་གཞན་པར་སྨྲ་བ་ནི་མི་རིགས་སོ་ཞེས་སངས་རྒྱས་པས་བརྗོད་པ་ནི་མཛེས་པ་ཡིན་ནོ་ཞེས་དགོངས་སོ། །གཏན་ཚིགས་ལྟར་སྣང་

བ་བསྟན་པའི་ཚིག་དེ་ལྟར་སྣང་བ་ཡང་དེའི་ཚིག་གི་སྒོ་ནས་གོ་བ་ཡིན་པ་དེའི་ཕྱིར་སྒྲུབ་པར་བྱེད་པ་གཞན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ཞེས་བྱ་བ་ནི་ལྷག་མའོ། །འོ་ན་དཔེ་ལྟར་སྣང་བ་དག་གཏན་ཚིགས་ལྟར་སྣང་བ་རྣམས་ཀྱི་ནང་དུ་འདུས་པར་འདོད་ན་གཏན་ཚིགས་དང་དཔེ་ཡན་

ལག་གཞན་དུ་མི་འགྱུར་རོ་ཞེས་བྱ་བའི་ཚིག་འབྲེལ་པ་མེད་པ་ཡིན་ནོ་ཞེ་ན། དཔེ་ལྟར་སྣང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་དང་འདིར་སྦྱོར་བ་བརྗོད་པ་ནི། གང་དང་གང་དོན་གཞན་དུ་གྱུར་པ་དེ་ནི་དེར་སྣང་བར་བརྗོད་པ་ལ་ཡིན་ལ། གང་དེར་སྣང་བ་རྣམས་ནི་དེའི་ནང་དུ་འདུས་པ་ཡང་མ་

ཡིན་ཏེ། དཔེར་ན་མངོན་སུམ་ལ་སྣང་བ་རྣམས་དང་རྗེས་སུ་དཔག་པ་ལ་སྣང་བ་བཞིན་ནོ། །ཁྱེད་ཀྱི་གཏན་ཚིགས་དང་དཔེ་དོན་གཞན་དུ་གྱུར་པ་ཡང་དེ་བཞིན་དུ་ཡིན་པས་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་དང་འགལ་བ་དམིགས་པ་ཡིན་ནོ། །དེ་བས་ན་དཔེ་ཡང་གཏན་ཚིགས་ཀྱི་ནང་དུ་འདུས་པར་

འདོད་པར་བྱའོ། །དེ་ལྟ་ན་ཡང་དཔེ་ལོགས་ཤིག་ཏུ་སྒྲུབ་པར་བྱེད་པའི་ཡན་ལག་ཏུ་འགྱུར་ན་ལོགས་ཤིག་ཏུ་འཇུག་པ་མེད་པའི་ཕྱིར་རོ། །བྱེད་པ་གཅིག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དཔེ་གང་ཡིན་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་དེ་ལྟར་དམ་བཅའ་བ་དང་གཏན་ཚིགས་ཡང་འགལ་

Vol. 190 · folio 120a

པར་བཤད་པ་དེ་ཡང་གཏན་ཚིགས་ལྟར་སྣང་བའི་ནང་དུ་འདུས་པའི་ཕྱིར་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ་ཞེས་བསྟན་ཏོ། །འདིས་ནི་དམ་བཅའ་བ་ལ་གནོད་པ་དག་ཀྱང་འདི་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒོལ་བའི་

ཕྱོགས་སྔ་མ་སྨོས་པ་ནི་རྒོལ་བའི་ཕྱོགས་ཕྱི་མ་མ་ཤེས་པ་ལ་སོགས་པ་གཏན་ཚིགས་ལྟར་སྣང་བ་དང་འབྲེལ་པ་ཡོད་པར་བསྟན་པའི་དོན་ཏོ། །དེ་དང་འབྲེལ་པ་ཞེས་བྱ་བ་ནི་གཏན་ཚིགས་ལྟར་སྣང་བ་དང་འབྲེལ་པའོ། །འོན་ཏེ་དོན་གཞན་གོ་བར་བྱེད་པ་ལ་སོགས་པ་བརྗོད་པས་གཏན་ཚིགས་

ལྟར་སྣང་བ་དང་འབྲེལ་པའི་ཕྱིར་རོ། །དེ་དག་ནི་ནང་དུ་འདུ་བ་མ་ཡིན་ནོ་ཞེ་ན། དེ་ཡང་མ་ཡིན་ཏེ། དོན་གཞན་གོ་བར་བྱེད་པ་ལ་སོགས་པ་ཡང་གཏན་ཚིགས་ལ་ནུས་པ་མེད་པ་ཉིད་ཡོད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། ནུས་པ་མེད་པ་ལ་རིགས་པའི་སྟོབས་ཀྱིས་རྒོལ་བས་བསྒྲུབ་པར་བྱ་བ་

བསྟན་པ་ཡིན་ནོ་ཞེས་བྱ་བ་ལྷག་མའོ། །དོན་གཞན་གྱིས་གོ་བར་བྱེད་པ་ལ་སོགས་པ་ཕྱིན་ཅི་ལོག་པ་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ལན་ཕྱིས་འབྱུང་བ་དེ་ལ་ཡང་དམ་བཅའ་བ་འདི་ཡོད་པ་མེད་པ་དེ་ལྟོས་པ་ཅི་ཞིག་བྱ་ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་བགྲང་བར་མི་

ནུས་པ་དང་། གང་དག་སྨན་པར་རབ་ཏུ་སྨྲ་བ་དག་གིས་འདོད་པ་དེ་དང་དེ་བཞིན་དུ་སྨན་ལ་སོགས་པ་ལ་བརྗོད་པའི་རྒོལ་བ་གང་དག་ཡིན་པ་དེ་དག་ནི་དམ་བཅའ་བ་ཡོད་པ་མེད་པ་ལ་སོགས་པ་དེ་དག་གོ། །ཉེ་བར་བཀོད་པ་དེ་ནི་ཅི་ཞག་ཡིན། དེ་ལྟར་གྱུར་པའི་སྐྱོན་ཡང་འགའ་ཞིག་ཡིན་

ཞེ་ན། དེ་ལྟ་བུ་ནི་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། དེ་བཞིན་དུ་གཞན་ཡང་བརྒྱལ་བ་དང་མྱོས་པ་དང་འཁྲུལ་པ་དང་སྡུག་བསྔལ་ལ་སོགས་པ་ནི་སོགས་པའི་སྒྲ་བསྡུས་པ་ཡིན་ནོ། །དེའི་ཕྱིར་དེ་དག་ཀྱང་འབྲེལ་པ་མེད་པས་མཁས་པའི་དབང་པོ་རྣམས་ཀྱིས་རྣམ་

པ་འདི་ལྟ་བུ་རིགས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །གལ་ཏེ་འདིར་རྣ་མ་ཕུག་གི་རང་ཉིད་ནུས་པ་མེད་པ་ཟློག་པར་བྱེད་པ་རགས་པ་ཡིན་པའི་ཕྱིར་འདི་ཚར་གཅད་པའི་གནས་མ་ཡིན་ཞེ་ན། དབང་པོ་དང་ཕྱིར་རྒོལ་བ་ཉེ་བ་ན་དམ་བཅའ་བ་དོན་ཁྱད་དུ་གསོད་པར་བྱེད་པ་ཞེས་བྱ་

Vol. 190 · folio 120b

བ་འབྲེལ་པ་མེད་པར་བརྗོད་པ་ཡིན་ནོ། །བསམ་པ་ཡོངས་སུ་མི་ཤེས་པའི་ཕྱིར་རོ། །སྒྲ་ནི་འཇིགས་པའི་ཕྱིར་བརྗོད་པར་མི་བྱའོ། །འོན་ཀྱང་དམ་བཅའི་དོན་ལྡན་པ་དང་རྣམ་པར་དབྱེ་བས་གསལ་བར་མི་བྱེད་དོ་སྙམ་ནས་སྨྲས་པ། སྤྱིའི་དངོས་པོ་ལ་བརྟེན་ནས་གསལ་བའི་ཕྱིར་འཁྲུལ་བར་

མི་འགྱུར་རོ་ཞེས་བྱ་བ་ཚར་གཅད་པའི་གནས་ཡིན་ཏེ། སྔར་དམ་མ་བཅས་པའི་ཕྱིར་རོ། །མ་ངེས་པའི་སྐྱོན་གྱིས་གཏན་ཚིགས་བཀག་པས་དམ་བཅའ་བ་ཁྱད་པར་དུ་གསོད་པར་བྱེད་པ་ཚར་གཅད་པའི་གནས་ཡིན་ནོ་ཞེས་བྱ་བར་དེ་ལ་བརྗོད་པར་བྱའོ། །གལ་ཏེ་རྒོལ་བ་དོགས་པ་དང་

བཅས་པ་ཉིད་ཀྱི་ནང་ནས་མཛངས་པའི་འགའ་ཞིག་མ་ངེས་པའི་སྐྱོན་རྗོད་པར་བྱེད་དེ། དམ་བཅའི་དོན་གྱི་འབྲས་བུར་བྱེད་པ་ནི། རང་གི་འདོད་པ་བསལ་བ་ཡིན་ནོ། །དེའི་ཚེ་སྐྱོན་གཞན་འགའ་ཡང་མེད་དོ། །དམ་བཅའ་བ་བཀོད་པ་ཡང་ཅིའི་ཡན་ལག་ཡིན། འོན་ཏེ་འདོད་པ་མེད་ན་

ཡོད་པའི་ཕྱིར་དམ་བཅའ་བ་ཁྱད་པར་དུ་བྱེད་དོ། །དེའི་ཚེ་ཡང་མ་ངེས་པའི་སྐྱོན་ཁོ་ནས་ཚར་གཅད་པའི་ཕྱིར་དམ་བཅའ་བ་ཉེ་བར་བཀོད་པ་ལ་ལྟོས་པ་ཅི་ཞིག་ཡོད། ཅི་ཞིག་སྤོང་ཞིང་ཅི་ཞིག་གསལ་བར་བྱེད། །དམ་བཅའ་བ་གཞན་པར་གྱུར་པ་ཞེས་བྱ་བ་འདི་ནི་ལོགས་ཤིག་ཏུ་

བརྗོད་པར་མི་བྱའོ། །གཏན་ཚིགས་ཁྱད་པར་མེད་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་མདོ་ལས་བསྟན་པས། འདིར་དཔེ་གསལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། །སེར་སྐྱའི་གཙོ་བོས་ཚད་མ་སྒྲུབ་པར་འདོད་པས་ཤིང་ལ་སོགས་པའི་གསལ་བ་ནི་རང་བཞིན་ཡིན་ཏེ།

ཚད་ཡོད་པའི་ཕྱིར། བུམ་པ་དང་ཁམ་ཕོར་ལ་སོགས་པ་བཞིན་ནོ། །རང་བཞིན་གཅིག་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །རང་བཞིན་གཟུགས་ལ་སོགས་པའི་རྒྱུ་ཡིན་ནོ། །རང་བཞིན་གྱི་འགྱུར་བ་ནི་ཚོགས་གང་ཡིན་པ་དེ་གཙོ་བོ་ཡིན་ལ། གྲུ་བཞི་དང་ཟླུམ་པོ་ལ་སོགས་པ་ནི་

གྱུར་བ་ཡིན་ནོ། །གྲངས་ཅན་འདོད་དོ། །ཇི་ལྟ་བ་སྔོན་དུ་སོང་བའི་རྒྱུ་དང་། འབྲས་བུ་མེད་དོ་སྙམ་ནས་སྨྲས་པ། ཕྱིར་རྒོལ་བ་གཏན་ཚིགས་འདི་འཁྲུལ་བ་ཡིན་ནོ་ཞེས་བརྒལ་ཞིང་བརྟག་པར་བྱེད་པ་དང་། རྟ་དང་བ་ལང་ལ་སོགས་པའི་རང་བཞིན་དུ་མ་དང་བུམ་པ་དང་ཁམ་ཕོར་ལ་

Vol. 190 · folio 121a

སོགས་པ་གཅིག་གི་རང་བཞིན་ཡོངས་སུ་གྱུར་པ་ཚད་མ་ཐོང་བ་ཡིན་ནོ་ཞེས་རྒོལ་བས་དེ་ལྟར་བརྒལ་ཞིང་བརྟག་པར་བྱེད་པ་ལ་གལ་ཏེ་གཙོ་བོར་སྨྲ་བས། བརྒལ་ཞིང་བརྟག་པ་འགེགས་པ་ནི་འདུ་བའི་འབྲེལ་པས་འགྱུར་བ་རྣམས་རང་བཞིན་དུ་མཐོང་བ་ཡིན་

ནོ། །གཏན་ཚིགས་ཁྱད་པར་དང་བཅས་པས་འཁྲུལ་པ་མ་ཡིན་ནོ་ཞེ་ན། ཇི་ལྟར་རང་བཞིན་གཅིག་དང་འདུ་བ་ཡིན། བདེ་བ་དང་སྡུག་བསྔལ་བ་དང་མ་རིག་པ་དང་འབྲེལ་པའི་ཡོངས་སུ་གྱུར་པའི་གསལ་བ་འདི་དག་ཚད་མ་དང་ལྡན་པར་འཛིན་པར་འགྱུར་རོ། །ཐམས་ཅད་དུ་དེའི་

འབྲས་བུ་མཐོང་བ་ཡིན་ནོ་ཞེས་བསམས་པ་ཡིན་ནོ། །འདི་ལྟར་བདེ་བ་ཤས་ཆེ་བ་ནི་དང་བ་དང་། སྤངས་པ་དང་སྐྱེ་བ་དང་། ངལ་སོས་པ་དང་དགའ་བ་དང་མགུ་བ་དག་འབྲས་བུ་ཡིན་ནོ། །རྡུལ་ཆ་ཤས་ཆེ་བར་གྱུར་པ་ན། སྐམས་པ་དང་། གདུང་བ་དང་། རེངས་པ་དང་། ཞེ་སྡང་

བའོ། །མུན་པ་ཤས་ཆེ་བ་ནི་སྤྱོད་པ་དང་། སྒྲུབ་པ་དང་ཉམས་པ་དང་། ངོ་མཚར་བ་དང་། གནག་པའོ། །འདི་དག་ཐམས་ཅད་ཐམས་ཅད་དུ་ཇི་སྐད་བཤད་པའི་ཁྱད་པར་ཐ་དད་པ་ཉེ་བར་དམིགས་པའི་ཕྱིར་རོ། །དེའི་ཕྱིར་སྣ་ཚོགས་པ་ན་ཡོན་ཏན་གསུམ་གྱི་རང་བཞིན་ཡིན་ནོ། །དེས་

ན་འདི་དག་ཅེས་བྱ་བ་ལ་སོགས་པ་ཚར་གཅད་པའི་རྒྱུ་བཤད་པ་ནི་འདིར་ཞེས་བྱ་བ་ལ་སོགས་པའི་དགག་པ་ནི་གོ་སླའོ། །སྒྲུབ་པར་བྱེད་པ་བརྗོད་པ་ནི། མི་འདོད་པའི་ཕྱིར་དང་རྣམ་པར་མི་ཆོད་པའི་ཕྱིར་དང་། ཡོངས་སུ་མ་རྫོགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བཤད་པའི་

མཚན་ཉིད་ཅེས་བྱ་བ་ནི་གཅིག་གི་དབང་དུ་བྱས་པ་འགལ་བ་མེད་པའི་ཆོས་ནི་ཕྱོགས་ཀྱི་མཚན་ཉིད་དུ་བསྟན་ཏོ། །ཡོངས་སུ་གཟུང་བ་ནི་རྒོལ་བ་དང་ཕྱིར་རྒོལ་བ་དག་གིས་བྱས་པའོ། །གཏན་ཚིགས་ཀྱིས་བསྒྲུབ་བྱ་སྒྲུབ་པ་ནི། རང་བཞིན་འདི་གཏན་ཚིགས་ཀྱི་དབང་དུ་བྱས་ནས་བསྒྲུབ་

བྱ་སྒྲུབ་པར་བྱེད་པ་ཞེས་བྱ་བའི་གནས་སྐབས་ཀྱི་རང་བཞིན་གྱི་དོན་ཏོ། །སྒྲ་ནི་རྟག་པ་ཡིན་ཏེ། རེག་བྱ་མ་ཡིན་པའི་ཕྱིར་རོ། །དེ་དང་འབྲེལ་པའི་ཕྱིར་དང་དེས་ཕན་མི་འདོགས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་དངོས་པོ་སྒྲུབ་པ་མེད་ན་ཡང་འཆད་པ་པོ་ལ་སོགས་པའི་བཤད་པའི་

Vol. 190 · folio 121b

རྣམ་པ་འགའ་ཞིག་རྟོགས་པའི་དོན་ཉིད་ཀྱིས་དོན་སྒྲུབ་པར་བྱེད་པའི་རིགས་པ་དེ་དག་རང་གིས་འདོད་པ་དང་མི་འགལ་བའི་ཕྱིར་ཞེས་ཤེས་པར་འགྱུར་རོ། །རེས་འགའ་ཞིག་ཕྱོགས་སྔ་མ་ཕྱི་མར་རྒོལ་བ་ཚར་གཅད་པའི་གནས་ཡིན་ནོ་ཞེས་བྱ་བ་བཤད་པའི་སྐྱོན་སྟོན་པར་བྱེད་པ་ཡིན་ན། རྒོལ་བས་

སྒྲུབ་པར་བྱེད་པའི་ཡན་ལག་བརྗོད་པ་མེད་པར་གཞན་ཉེ་བར་འགོད་པ་དང་། སྐྱོན་བརྗོད་པ་མེད་པར་འགྱུར་རོ། །དེ་ལྟ་མ་ཡིན་ན་གཉིས་ལས་གཅིག་ཀྱང་རྒྱལ་བ་དང་ཕམ་པར་རིགས་པ་མེད་པར་འགྱུར་རོ། །རྣལ་མའི་སྒྲུབ་པ་ཞེས་བྱ་བ་གཏན་ཚིགས་སུ་བརྗོད་དོ། །དེ་ལ་བྱས་པ་ཞེས་བྱ་བ་ནི།

སྒྲུབ་པར་བྱེད་པ་ནུས་པ་བཀོད་པ་དག་གོ། །གཞན་ནི་བསྒྲུབ་པར་བྱ་བ་མེད་པ་ཅན་མ་ཡིན་པ་ཞེས་བྱ་བ་ནི་སྒྲུབ་བྱེད་དུ་ཉེ་བར་བཀོད་པ་བསྒྲུབ་པའི་ཡན་ལག་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་སྤངས་ནས་གཞན་ཡང་མིང་ལ་སོགས་པ་བརྗོད་པ་ཡང་ཕམ་པའི་གནས་ཡིན་ནོ་ཞེས་བྱ་བར་འགྱུར་

རོ། །ཡི་གེའི་གོ་རིམས་བསྟན་པ་བཞིན་དུ་དོན་མེད་པར་འགྱུར་ཏེ། གང་ལ་ཡི་གེ་ཉི་ཚེའི་གོ་རིམས་ཀྱི་ཚིག་དང་ངག་ཀྱང་མ་ཡིན་པ་རྣལ་མའི་དོན་དུ་གྲགས་པའི་དོན་གཞན་སྟོན་པ་ན་སེང་གེའི་གོ་རིམས་འདོད་པ་ཞེས་བྱ་བ་ཁྱད་པར་མ་འབྲེལ་པ་ཉིད། ཡི་གེའི་གོ་རིམས་བསྟན་པ་

ཉི་ཚེ་ནི་དོན་མེད་པ་སྟེ་འོན་ཀྱང་གང་སྒྲུབ་པར་བྱེད་པའི་ཡན་ལག་ཅུང་ཟད་ཀྱང་མ་གྲུབ་པ་ཉིད་ཡིན་གྱི་མ་གྲུབ་པ་ནི་མ་ཡིན་ནོ། །སྒྲའི་ངོ་བོར་གྲུབ་པར་བརྗོད་པ་ནི་དེ་ཉིད་དོན་མེད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བསྒྲུབ་བྱ་སྒྲུབ་པ་ལ་ཉེ་བར་སྦྱོར་བའི་བརྗོད་པ་མེད་པའི་ཕྱིར་རོ། །བསྒྲུབ་བྱ་སྒྲུབ་

པ་ལ་ཉེ་བར་སྦྱོར་བ་མེད་ཀྱང་དགོས་པ་གཞན་ཡོད་པ་ཡིན་ནོ་ཞེས་ཀྱང་བསམ་པར་མི་བྱ་སྟེ། བརྗོད་ཀྱང་དགོས་པ་མེད་པའི་ཕྱིར་རོ། །བསྒྲུབ་བྱ་སྒྲུབ་པ་ཉིད་ལ་ཆེད་དུ་གཏད་པའི་ཕྱིར་དགོས་པ་གཞན་ཉིད་ནི་དོན་མེད་པ་ཁོ་ན་སྟེ། དེ་ཉིད་སྐབས་ཡིན་ནོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་

ཁྱད་པར་གྱི་རྣམ་པ་ཁས་ལེན་པ་ནི་ཡི་གེའི་གོ་རིམས་བསྟན་པ་བཞིན་དུ་འབྲེལ་པ་མེད་པ་ཡིན་ནོ། །གཞན་གྱིས་སྨྲས་པ་བསྒྲུབ་བྱ་སྒྲུབ་པར་བྱེད་པ་ལ་ཉེ་བར་སྦྱོར་བའི་ཡན་ལག་མ་ཡིན་པས་དོན་མེད་པར་མི་འདོད་པ་ཡིན་ནོ། །འོན་ཀྱང་བྱ་རོག་གི་སྐད་ལྟ་བུ་གང་གི་ཚེ་འགའ་ཞིག་ལ་

Vol. 190 · folio 122a

ཡང་དོན་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་དོན་གཞན་ལ་དོན་མེད་པ་ལ་སོགས་པ་ནི་མ་ཡིན་ཏེ། འདིས་བསྡུས་པ་དེ་ལ་དོན་གྱི་ཆ་འགའ་ཞིག་ཡོད་པའི་ཕྱིར་རོ་ཞེ་ན། སློབ་དཔོན་གྱིས་སྨྲས་པ། རྒོལ་བ་མ་ཡིན་པ་གང་ཡང་རུང་བ་ཞིག་དོན་མེད་པར་བརྗོད་ན་རྒོལ་

བ་བཞིན་དུ་ཚར་གཅོད་པའི་གནས་ཅིས་མ་ཡིན། ཇི་ལྟར་ཡིན་ཞེ་ན། ཚར་གཅོད་པའི་རྒྱུ་མཚན་དོན་མེད་པར་བརྗོད་པའི་རྒོལ་བ་མ་ཡིན་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྒོལ་བའོ། །སློབ་དཔོན་གྱིས་དེ་འདིར་ནི་རྒོལ་བ་བཞིན་དུ་སྐབས་མ་ཡིན་པ་

འོང་བར་འགྱུར་ཏེ། དེའི་དོན་མེད་པར་བརྗོད་པ་འདི་ཉིད་ཀྱིས་རྒོལ་བ་སྒྲུབ་པའི་ཡན་ལག་མ་ཡིན་པ་དང་། ཐམས་ཅད་དུ་རྩོད་པ་མཚུངས་པར་དེ་ལ་དོན་མེད་པ་རྗོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ཐ་སྙད་དུ་བྱའོ། །དཔེ་ལ་གཅིག་ལས་དེ་བྱའོ་ཞེས་འདོན་ཏོ། །དེ་ལ་བླང་བར་བྱ་བ་ནི་ཅུང་ཟད་ཅིག་

མེད་དོ། །དོན་མེད་པར་མངོན་པར་བརྗོད་པ་འདིས་གང་དང་གང་བརྗོད་པ་ལ་ནི་དོན་ཅུང་ཟད་ཅིག་ཀྱང་མེད་པའི་ཕྱིར། དེ་དག་ཀྱང་འགལ་བ་མེད་པ་ཡིན་ནོ། །གང་གི་ཕྱིར་ཡི་གེའི་གོ་རིམས་བསྟན་པ་ཐམས་ཅད་དུ་དོན་མེད་པ་ཡིན་ཏེ། རྣམ་པ་འགའ་ཞིག་ལ་ཡང་དོན་དང་ལྡན་པའི་ཕྱིར་རོ། །

དེའི་ཕྱིར་འདིར་རྒོལ་བའི་ཡི་གེའི་གོ་རིམས་དོན་མེད་པ་ཉིད་དོ། །དེ་ལ་དོན་གཞན་ལ་སོགས་པ་མཚུངས་པ་ཡིན་པར་བསྟན་པར་བྱའོ། །མཆན་ཁུང་ཚོར་བ་ཞེས་བྱ་བ་ལ། འདིར་སོགས་པའི་སྒྲས་ནི་མཆོང་བ་དང་ཐལ་མོ་རྡེབ་པ་དང་། གར་བྱེད་པ་ལ་སོགས་པ་གཟུང་ངོ་། །ལན་

གསུམ་པ་བརྗོད་པ་ཞེས་བྱ་བ་ལ་ལན་གསུམ་བརྗོད་པའི་འབྲས་བུ་ནི་རིགས་པ་ཉིད་བསྟན་པ་ཡིན་ཏེ། ལན་ཅིག་བརྗོད་པས་དོན་གསལ་བར་རེས་འགའ་ཞིག་ཀྱང་མི་འགྱུར་བའི་ཕྱིར་ལན་གསུམ་བརྗོད་པའི་འབྲས་བུ་ཡིན་ནོ། །ཡང་ཅིའི་ཕྱིར་ཚད་མ་མཁས་པའི་ཚིག་དང་ངག་ལས་

ཤེས་པར་མི་འགྱུར་ཞེ་ན། མི་གསལ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་གསལ་བ་ཅུང་ཟད་ཅིག་བརྗོད་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟར་རབ་ཏུ་སྦྱོར་བ་ཡིན་ཞེ་ན། ནུས་པ་མེད་པར་བསྡུས་པའི་ཕྱིར་རོ། །དོན་གསལ་བའི་རབ་ཏུ་བརྗོད་པའི་སྟོན་པ་ལས་སྐྱོན་འཆད་པར་འགྱུར་ཞེ་ན།

Vol. 190 · folio 122b

འཇིགས་པས་རབ་ཏུ་སྦྱོར་རོ། །སྒྲུབ་པ་དང་སུན་འབྱིན་པ་འདི་ཡང་རྒོལ་བ་དང་མཚུངས་པས་སྐྱོན་བརྗོད་པ་ཡང་དེ་ལྟ་བུར་གྱུར་པའི་ཚར་གཅད་པའི་རྒྱུར་གྱུར་ཏེ། འདི་དོན་མེད་པ་ལས་ཐ་དད་པའི་ཕྱིར་རོ། །འདི་ལྟར་མི་གསལ་བའི་སྒྲ་རྣམས་ཀྱིས་རྣལ་མའི་དོན་དང་འབྲེལ་པར་བྱེད་པ་

ཉིད་སྨྲ་བར་འགྱུར་རམ་འདི་ཕྱིན་ཅི་ལོག་ཏུ་འགྱུར། སྔར་གྱི་གནས་སྐབས་ལ་ནུས་པ་མེད་པ་ནི་མ་ཡིན་ནོ། །དེ་ལ་ཚོགས་པ་ལ་སོགས་པ་དེ་བརྗོད་པས་བླུན་པོས་ཁོང་དུ་ཆུད་པ་མེད་པའི་ཕྱིར་མཁས་པས་ཚར་གཅད་པར་འོས་པ་མ་ཡིན་ནོ། །སྨྲ་བ་པོས་ཉན་པ་པོ་ལ་གང་དག་ཁོང་

དུ་ཆུད་པར་མི་བྱེད་པ་འདི་དག་ནི་ཚར་གཅད་པར་འོས་པ་མ་ཡིན་ནོ་ཞེས་དགོངས་སོ། །གཞན་གྱིས་སྨྲས་པ། གལ་ཏེ་ཚོགས་པའི་ཤེས་རབ་ཅེས་བྱ་བ་ནི་རིགས་པར་སྨྲ་བ་ལ་ལན་གདབ་པ་དང་རིགས་པར་སྨྲ་བར་བཤད་པར་བྱ་བ་ཞེས་བྱ་བར་སྦྱར་རོ། །བླུན་པོའི་ཚོགས་པ་ལ་སོགས་པ་

མི་ཤེས་པའི་ཕྱིར་དང་། རྒོལ་བར་བསྟན་པར་མི་ནུས་པའི་ཕྱིར་བྱས་ཀྱང་རྒྱལ་བར་འགྱུར་བ་མ་ཡིན་ཏེ། ཕྱིར་རྒོལ་བས་ཤེས་ནས་རྒྱལ་བར་རྣམ་པར་འཇོག་པ་ཡིན་ནོ། །ཚོགས་དང་ཕྱིར་རྒོལ་བ་མི་ཤེས་པ་དག་ལ་སྟོན་པར་ནུས་པ་གང་ཡིན་པ་དེ་ནི་འབྲས་བུའོ། །རྣམ་པར་རྟོག་པའི་དབང་དུ་

བྱས་ནས་བཤད་པ་དང་འབྲེལ་པ་མེད་པར་བརྗོད་པ་དོན་མེད་པ་ཉིད་ཡིན་པའི་ཕྱིར་རོ། །ཚིག་དུ་མས་ཞེས་བྱ་བ་ནི་ཚིག་དུ་མའི་འབྲེལ་པ་མེད་པའི་དོན་སྟོན་པར་བྱེད་པ་ཉིད་གསལ་བར་བྱའོ། །ངག་གི་དོན་ལ་འབྲེལ་པ་མེད་པར་སྟོན་པར་བྱེད་པ་ཉིད་ནི་སྐབས་སུ་བབ་པ་སྟོན་པར་བྱེད་པ་ཡིན་

ནོ། །བསྡུས་ནས་བསྟན་པ་མེད་པ་ཉིད་ཚར་གཅད་པའི་གནས་ཡིན་ཏེ། དཔེར་བརྗོད་པ་ན། །སེའུ་བཅུ་ཁུར་བ་དྲུག་སྣོད་དང་། །རི་དགས་པགས་པ་རྩྭའི་གོང་བུ། །དེ་ནས་བརྫུན་མའི་བུ་མོ་འདི། །སྦ་ཡ་ཀྲི་ཏའི་བ་ཤིའོ། །ཞེས་བྱ་བ་ལྟ་བུའོ། །འདིར་ཡང་དྭ་ར་དྭ་ཛའི་འབྲེལ་པ་མེད་པ་དང་དོན་

མེད་པ་དག་ཐ་མི་དད་པར་གཞག་པར་བྱ་བར་མི་ནུས་ཏེ། དེ་ལ་ཡི་གེ་ཙམ་འདི་ནི་ཚིག་དང་འབྲེལ་པ་མེད་པ་བཞིན་ནོ་ཞེས་སོ། །དེ་ཉིད་སློབ་དཔོན་གྱིས་སྤོང་བ་མཛད་པ་འདི་ནི་ཡི་གེ་ཞེས་བྱ་བ་ལ་སོགས་པའི་ཡི་གེའི་འབྲེལ་པ་མེད་པ་གང་ཡིན་པའི་དོན་མེད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །

Vol. 190 · folio 123a

འདི་ནི་ཞེས་བྱ་བ་སྨོས་པས་ནི་འདོད་པ་ཉིད་བསྟན་པའི་དོན་ཏོ། །མི་འདོད་པའི་དོན་ནི་ཡི་གེ་འབྲེལ་པ་མེད་པ་ནི་དོན་མེད་བཞིན་དུ་ཚིག་དག་ཀྱང་འབྲེལ་པ་མེད་པས་ལོགས་ཤིག་ཏུ་མི་འགྱུར་རོ། །དོན་མེད་པས་འབྲེལ་པ་མེད་པ་ཉིད་དུ་འདོད་ན་འབྲེལ་པ་མེད་པའི་ངག་གིས་

བསྡུས་པའི་ཕྱིར་ལོགས་ཤིག་ཏུ་བརྗོད་པར་མི་བྱ་བར་དེས་སྨྲས་པ་མ་ཡིན་ནམ། གཉིས་ཀ་བསྡུས་པའི་ཕྱིར་དོན་དང་འབྲེལ་པ་ཉིད་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཚིག་གི་དོན་དང་འབྲེལ་པ་མེད་པ་དང་དོན་མེད་པས་འབྲེལ་པ་མེད་པའི་ངག་དོན་མེད་དུ་ཟིན་ཀྱང་ཡི་གེའི་གོ་རིམས་ཙམ་གྱི་མཚན་

ཉིད་དང་འབྲེལ་པའི་ཕྱིར་རོ། །དོན་མེད་པར་བརྒྱ་ལ་བརྗོད་ན་ཅི་ཞིག་བརྗོད་པ་ཡིན། གང་ལ་དོན་འབའ་ཞིག་ཁོ་ན་མེད་པ་འམ་ཡི་གེའི་གོ་རིམས་ཙམ་ཡིན་ཏེ། ཚིག་དང་ངག་ལ་འབྲེལ་བ་མེད་པ་གང་བསྒྲུབ་བྱ་སྒྲུབ་པའི་སྦྱོར་བ་ཡང་རྣམ་པ་ཐམས་ཅད་དུ་དོན་མེད་པ་ཡིན་པ་དེའི་ཕྱིར་དོན་དང་ལྡན་པ་མ་

ཡིན་པས་བསྡུས་ནས་གཅིག་ཏུ་བྱེད་པ་ཡིན་ནོ་སྙམ་ནས་དེ་ལྟ་བུའི་རྣམ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྩོད་པ་ངན་པ་དེ་དག་ལོགས་ཤིག་ཏུ་བརྗོད་པ་ལ་ཐལ་བར་འགྱུར་རོ་ཞེས་བྱ་འདིར་ཧ་ཅང་ཐལ་བར་འགྱུར་བ་བརྗོད་དོ། །ཅུང་ཟད་ཙམ་གྱི་ཁྱད་པར་འགའ་ཞིག་བསྟན་པར་ནུས་པ་མ་ཡིན་ནོ་ཞེས་

བྱ་བར་དགོངས་སོ། །འོན་ཏེ་དོན་མེད་པ་དང་འབྲེལ་པ་མེད་པ་དག་བསྡུས་པ་དག་བསྟན་པ་སྐྱོན་ནམ་རབ་ཏུ་དབྱེ་བའི་ཡོན་ཏན་མ་མཐོང་བས་རྐང་མིག་གིས་བསྡུས་ནས་སྟོན་པར་བྱེད་པ་ཅི་ཡང་མ་ཡིན་ནོ་ཞེ་ན། དེ་ལེགས་པར་མ་བསླབས་པ་ཡིན་ནོ་སྙམ་དུ་དགོངས་ནས་གང་དུ་བསྡུས་པ་བསྟན་པ་ཞེས་

བྱ་བ་ལ་སོགས་པ་སྨོས་སོ། །མཚན་ཉིད་ཇི་ལྟ་བ་བཞིན་དོན་གྱི་དབང་གིས་ཞེས་བྱ་བ་ནི་ཡུལ་མ་བསྟན་པ་དང་ཡུལ་མེད་པ་ལ་སྒྲུབ་པ་འཇུག་པར་མ་གྱུར་ཅིག་སྙམ་ནས་སྒྲུབ་པར་བྱེད་པའི་མཚན་ཉིད་སྟོན་པ་དམ་བཅའ་བ་སྔོན་དུ་བརྗོད་དོ། །དེ་མ་ཐག་ཏུ་དཔེ་བརྗོད་པའི་ཆོས་མཐུན་པའི་བསྒྲུབ་པར་བྱ་

བ་སྒྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད་དེ་ལྟ་བུ་ཡིན་ནོ་ཞེས་གཏན་ཚིགས་དེ་སྒྲུབ་པར་བྱེད་པར་བརྗོད་དོ། །དེས་ན་གཏན་ཚིགས་ཀྱི་ཕྱིའི་ཁྱབ་པ་མ་བསྟན་པའི་དོན་དུ་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་དེའི་ཆོས་སུ་འགྱུར་བའི་དཔེ་ཉེ་བར་བསྟན་པར་བྱ་སྟེ། དེའི་མཚན་ཉིད་དེ་ལྟ་བུ་ཡིན་པའི་ཕྱིར་

Vol. 190 · folio 123b

རོ། །དེས་ན་གཟུགས་ཀྱི་དོན་དམ་བསྒྲུབ་པར་བྱ་བའི་ཆོས་ཡོད་པ་བསྟན་པའི་ཕྱིར་དཔེ་ལ་ལྟོས་པ་ཡིན་ནོ། །དེ་བཞིན་དུ་མཇུག་བསྡུ་བ་ནི་དེ་ལྟ་བུ་མ་ཡིན་ནོ། །བསྒྲུབ་པར་བྱ་བ་ཉེ་བར་སྦྱར་བ་ཡིན་ནོ། །དེས་ན་དུས་ཕྱིས་ཡན་ལག་ཐམས་ཅད་བསྡུས་ནས་ཕྱིན་ཅི་ལོག་ཏུ་ཐལ་བར་འགྱུར་བ་

སྤངས་པའི་ཕྱིར་གཏན་ཚིགས་ཉེ་བར་བསྟན་ཏོ། །ཡང་དམ་བཅའ་བ་བརྗོད་པ་ནི་མཇུག་བསྡུ་བ་ཡིན་ནོ་ཞེས་བྱ་བ་མཚན་ཉིད་དེ་ལྟ་བུ་ནི་མཇུག་བསྡུ་བའོ། །འདིའི་མཚན་ཉིད་ཇི་ལྟ་བའི་དོན་གྱི་དབང་གིས་འདིའི་རིམ་པ་ཡིན་ལ། འདི་ལྟར་འཇིག་རྟེན་པ་ཡང་དང་པོ་ལས་དང་འཇིམ་གོང་ཉེ་བར་

བླངས་ནས་ཕྱིས་ནི་དབྱུག་པ་དང་འཁོར་ལོ་ལ་སོགས་པ་རྒྱུ་ཡིན་ནོ་ཞེས་བྱ་བ་རིགས་པ་ཡིན་ནོ། །དེ་ལ་འདིར་རིམ་གྱིས་གནས་པ་ནི་རིགས་པ་ཡིན་ཏེ། དམ་བཅའ་བ་ལ་སོགས་པ་ཡན་ལག་བཟློག་པའི་སྒོ་ནས་བརྗོད་པ་ནི་ཚར་གཅད་པའི་གནས་ཡིན་ནོ། །དཔེར་ན་བུམ་པ་བཞིན་དུ་བྱས་

པའི་ཕྱིར་མི་རྟག་གོ་ཞེས་བྱ་བ་ལྟ་བུའོ། །མ་ཡིན་ཏེ། དེ་ལྟ་བུས་ཀྱང་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་དྭ་ར་དྭ་ཛའིའོ། །རང་ཉིད་ཀྱི་དོགས་པའི་ལན་འདེབས་པ་ནི་མ་ཡིན་ཏེ། སྒྲ་སྦྱོར་བ་དང་བྲལ་བ་བཞིན་དུ་འདིས་འགྱུར་རོ། །མགོ་ནི་བྱ་བ་ཚིག་འདིས་ནི་དཔེར་ན་ལྐུགས་པ་ལྟ་བུ་སྟེ། དཔེར་ན་

བྱིས་པ་དང་སློབ་འདོད་པ་དང་གསལ་བ་དང་མི་གསལ་བ་དེས་དེ་དག་རྩོད་པ་ན་ངེས་པར་གསལ་བར་བྱ་བ་ཡིན་ནོ། །དེ་བཞིན་དུ་བ་ལང་ལ་སོགས་པའི་སྒྲ་ནི་རྗེས་སུ་དཔག་པའི་ཤེས་པ་ལེགས་པར་སྐྱེད་པར་བྱེད་པའི་རྒྱུ་ཡིན་ནོ་ཞེའོ། །དེ་འདིར་སྨྱོན་པ་བརྡ་སྤྲོད་པ་དག་སྨྱོན་པ་ལ་བརྗོད་པ་ནི། སྨྱོན་

པ་འོད་བྱེད་ཀྱིས་བརྗོད་པ་ཡིན་ནོ། །དཔེར་ན་སྨྱོན་པ་གཅིག་གིས་སྨྱོན་པ་གཉིས་པ་ལ་བརྗོད་པ་དེ་བཞིན་དུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྨྱོན་པ་འོད་ཀྱིས་སྨྱོན་པ་བརྡ་སྤྲོད་པ་ལ་བརྗོད་པ་ཡིན་པ་དེ་ལྟ་ན། རེ་ཞིག་སྨྱོན་པ་ཁོ་ནའི་སྒྲ་ཡིན་ཏེ། ཚད་མ་དང་འགལ་བའི་དོན་སྟོན་པའི་

ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་སྦྱོར་བར་བྱེད་པའི་ཤེས་པར་བྱེད་པའི་ཚད་མ་སེམས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་སྒྲ་བརྗོད་པ་ཉིད་རིགས་པ་མ་ཡིན་ཇི་ལྟར་ཡིན་སྙམ་ནས་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུད་མེད་དང་དམངས་རིགས་རྨོངས་པས་བརྗོད་པ་ནི་ནམ་མཁའི་

Vol. 190 · folio 124a

སྒྲ་དང་མུ་ཀའི་སྒྲ་རིགས་ནི་སྣ་རྩེའི་སྒྲ་ཤེས་པ་མ་ཡིན་པ་གང་ཡིན་པ་དེ་ཇི་ལྟར་ཟུར་ཆག་པའི་སྒྲ་དང་ལེགས་པར་སྦྱར་བའི་སྒྲ་ལས་ཁོང་དུ་ཆུད་པར་འགྱུར། སྒྲ་དེ་ཉིད་ཁོང་དུ་ཆུད་པ་ཡིན་ན་འདིས་དེ་བཞིན་དུ་དོན་ཁོང་དུ་མ་ཆུད་པའི་ཕྱིར་བརྗོད་པ་ཅི་ཞིག་བྱ་སྙམ་ནས།

གཉི་ག་རིགས་པ་མ་ཡིན་པས་ཀྱང་རྟོགས་པ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་བརྒྱུད་པས་དོན་རྟོགས་པ་མ་ཡིན་ནོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། དེ་ལྟར་ལེགས་པར་སྦྱར་བ་མ་ཡིན་པས་ལེགས་པར་སྦྱར་བ་དཔོག་པར་འགྱུར་རོ་སྙམ་ན། དུ་བ་ལ་སོགས་པ་

གང་དང་གང་ཚུལ་གསུམ་པ་ལས་གྱུར་པར་ངེས་པ་ཡིན་ན་དེ་ལ་ཡང་སྲིད་པ་མ་ཡིན་ནོ། །གང་གི་ཕྱིར་རེ་ཞིག་གཉི་ག་མ་ཡིན་པར་རིག་པ་ཤ་ན་ཀ་ལ་སོགས་པ་གང་ཡིན་པ་དེའི་ཁྱབ་པར་བྱེད་པའི་དངོས་པོ་ཡོད་ཀྱང་རྟོགས་པ་མ་ཡིན་ཏེ། འདི་ཤེས་པའི་གོ་བྱེད་ཀྱི་ཡན་ལག་ཤེས་བྱེད་

མེད་པའི་ཕྱིར་རོ། །ཟུར་ཆག་པ་དང་ཟུར་ཆག་པ་མ་ཡིན་པའི་བྱེ་བྲག་ལ་མཁས་པ་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར་བརྗོད་པར་མི་བྱའོ། །འདི་ལྟར་ལེགས་པར་སྦྱར་བ་མ་ཡིན་པ་དང་ལེགས་པར་སྦྱར་བ་རྣམས་ལ་དེའི་བདག་ཉིད་དང་། རྒྱུ་དང་འབྲས་བུའི་དངོས་པོའི་འབྲེལ་པ་

མ་ཡིན་ཏེ། དེ་གཉི་གར་བརྟགས་ཀྱང་མི་འཁྲུལ་པའི་ངེས་པ་མེད་པའི་ཕྱིར་རོ། །དེ་ལ་རེ་ཞིག་དེའི་བདག་ཉིད་དུ་ནི་ཁས་བླང་བར་མི་བྱ་སྟེ། དོན་དམ་པར་ཐ་དད་པ་ཁོ་ནར་མངོན་སུམ་གྱིས་གསལ་བར་རྟོགས་པའི་ཕྱིར་དང་སྒྲ་བཞིན་དུ། སྒྲ་ཉམས་པ་ཡང་ཐ་དད་པ་མེད་པར་བརྗོད་པར་

བྱ་བ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་སྐྱེས་པ་ཡིན་ཡང་རིང་དུ་སྤངས་པ་ཉིད་དོ། །ལེགས་པར་མ་སྦྱར་བ་གང་ལས་ལེགས་པར་སྦྱར་བ་སྐྱེ་བ་ནི་མ་ཡིན་ཏེ། བརྗོད་པར་འདོད་པ་ཙམ་གྱི་བྱེད་པ་འམ་ཡོན་ཏན་དེ་དག་རྒྱུ་ཡིན་པའི་ཕྱིར་རོ། །དེ་དག་རྟག་པ་ནི་མ་ཡིན་

ཏེ། རེས་འགའ་ཞིག་དམིགས་པའི་ཕྱིར་རོ། །དེ་ནི་དོན་མེད་པར་སྐྱེ་བ་ཤིན་ཏུ་མེད་པ་འམ། ཡོད་ཀྱང་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་དངོས་པོ་དེ་ཡོངས་སུ་ཤེས་ཀྱང་ཕྱོགས་ལ་ཆོས་མ་ཡིན་པ་ནི་མིག་གིས་གཟུང་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ལྟ་ལེགས་པར་མ་སྦྱར་བས་

Vol. 190 · folio 124b

རྗེས་སུ་དཔོག་པ་མ་ཡིན་ནོ། །འདིར་ཆོས་ཅན་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཕྱོགས་ཀྱི་ཆོས་བཀག་པའི་ཕྱིར་རོ། །ལེགས་པར་སྦྱར་བ་ཉིད་ནི་ཆོས་ཅན་མ་ཡིན་ཏེ། དེ་ཉིད་དཔག་པར་བྱ་བ་ཉིད་ཡིན་པའི་ཕྱིར་དང་ཆོས་ཅན་དང་སྒྲུབ་པར་བྱེད་པ་དག་རིགས་པ་དང་མི་ལྡན་པའི་ཕྱིར་རོ། །

ཡོད་པ་དང་མེད་པ་དང་གཉི་གའི་ཆོས་ནི་མ་གྲུབ་པ་དང་འགལ་བ་དང་མ་ངེས་པའི་སྐྱོན་གྱིས་གནོད་པའི་ཕྱིར་རོ། །ཇི་ལྟར་ལེགས་པར་མ་སྦྱར་བ་དེའི་ཆོས་ཡིན། དེའི་དུས་སུ་ནི་ཡོད་པ་མ་ཡིན་པ་དང་། མེད་པའི་ཆོས་ཉིད་རྗོད་པར་བྱེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ལེགས་པར་བཤད་པ་

ཡིན་ནོ། །སྐྱེས་བུ་ཆོས་ཅན་དུ་བརྗོད་པས་ཅི་ཞིག་བྱ། ལེགས་པར་སྦྱར་བའི་སྒྲ་བསྒྲུབ་པར་བྱ་བའི་ཆོས་སུ་བརྗོད་པར་འདོད་ན། ལེགས་པར་སྦྱར་བ་མ་ཡིན་པ་དེ་ཡང་འབྲེལ་པ་མེད་པའི་ཕྱིར་རོ། །ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་མེད་པ་ཉིད་ཀྱི་ཕྱིར་རོ། །གང་དང་གང་

གི་ཕྱིར་ཁོ་བོ་ཅག་གིས་སྒྲ་སྦྱར་བ་ནི་བ་ལང་གི་སྒྲ་བརྗོད་པར་འདོད་པས་ནི་དམིགས་པ་ནི་མ་ཡིན་ནོ། །འོན་ཏེ་ཕྱོགས་ཀྱི་ཆོས་མ་ཚང་བ་མི་གསལ་བས་ཡིན་ན་བྱིས་པའི་ཚིག་མི་གསལ་བ་ལས་རྗེས་སུ་དཔག་པར་བྱའོ་ཞེས་བརྒལ་ཞིང་བརྟག་པར་བྱེད་པར་འགྱུར་རོ། །དེ་བཞིན་

དུ་ལེགས་པར་སྦྱར་བ་མ་ཡིན་པས་ལེགས་པར་སྦྱར་བའི་ཞེས་བྱ་བ་དེ་ཡང་རིགས་པ་མ་ཡིན་ནོ། །དེ་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་རོ། །ཁོ་བོ་ཅག་གིས་དངོས་སུ་རྟོགས་པ་མེད་པ་དེའི་ཕྱིར་དེ་ཡང་མི་གསལ་བ་ཙམ་གྱིས་དོན་རྟོགས་པ་ཡིན་ནོ་ཞེས་བྱའོ། །དེ་

ཡང་མིང་དང་མིང་ཅན་གྱི་འབྲེལ་པ་ཤེས་པ་མེད་པའི་ཕྱིར། རྟོགས་པ་ཡང་མི་རིགས་པ་ནི་ཁས་བླང་བར་མི་བྱ་སྟེ། འཁོར་བ་ཐོག་མ་མེད་པ་ནས་ཐ་སྙད་བརྒྱུད་པ་དེ་ལྟ་བུར་གྱུར་པ་འདི་དང་འབྲེལ་པའི་རྟགས་མེད་པའི་ཕྱིར་རོ། །འདི་ལྟར་ཤིང་ལ་སོགས་པའི་སྒྲ་རྣམས་ཀྱང་ཕལ་ཆེ་

བ་ལ་མ་ཡིན་ཏེ། དོན་གྱི་ཟུར་ཙམ་ངེས་པ་མེད་པས་སོ། །བརྡར་བྱས་པའི་ཐ་སྙད་བརྒྱུད་པ་ལ་མཁས་པས་ངེས་པ་དང་ལྡན་པ་ནི་འདིར་ཐུན་མོང་བ་ཉིད་དོ། །དེའི་ཕྱིར་འདི་ནི་ནགས་ཚལ་ན་དུ་བ་ཡིན་ཏེ། ཨམ་པ་ཨམ་བེ་ཞེས་བྱ་བ་ནི་དཔེར་ན་བྱིས་པ་དང་སློབ་སྦྱོར་བ་དང་། མཁས་པ་བྱ་བ་

Vol. 190 · folio 125a

གསལ་བ་དང་དེ་ཡང་རིགས་པས་གསལ་པོར་ངེས་པར་འགྱུར་རོ། །དེ་ལྟར་ལེགས་པར་མ་བྱས་པ་ལས་བློ་འཁྲུལ་པ་སྐྱེ་བ་དེ་བས་ན་ལེགས་པར་སྦྱར་བས་བསྐལ་བའི་དོན་འགའ་ཞིག་འདྲེན་པར་མི་འགྱུར་རོ། །གལ་ཏེ་དེ་ཡང་ཀུ་མཱ་ར་རི་ལས་བརྗོད་པ། །ཁོ་བོའི་སྒྲ་ཡི་

གནས་པ་ལ། །དེ་སྐྱེད་བྱེད་པའི་ནུས་མེད་ན། །གཽ་ཡི་སྒྲ་ལས་བ་ལང་བློ། །རྩ་བའི་སྒྲ་ཡི་རྗེས་འབྲང་འགྱུར། །དེ་ཡང་དེ་ཉིད་བརྗོད་པ་དང་། །འདི་ཐམས་ཅད་བསྡོམས་ནས་མཇུག་བསྡུ་ན་བརྒྱུད་པས་རྟོགས་པ་ཡིན་ནོ་ཞེས་བྱའོ། །འདིར་ཡང་གཏན་ཚིགས་བསགས་པ་ནི་བཤད་པ་དོན་རྟོགས་

པའི་ནུས་པ་མེད་པ་ནི་སྒྲ་འདིར་ཡང་རྟོགས་པ་སྐྱེད་པའི་ནུས་པ་མེད་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ་ཁོ་བོ་ཅག་ལགས་པར་མ་སྦྱར་བས་དོན་རྣམས་ལ་རྟོགས་པ་སྐྱེའི་འོན་ཀྱང་རྗོད་པར་བྱེད་པ་ནི་མ་ཡིན་པ་ལེགས་པར་མ་སྦྱར་བས་རྟོགས་པ་སྐྱེད་པར་བྱེད་ཀྱང་རྗོད་པར་བྱེད་པ་མ་ཡིན་ནོ་ཞེ་ན། དོན་

ཡང་རྗོད་པར་བྱེད་པ་ཉིད་ཅེས་བྱ་བ་གཞན་ཉིད་མ་ཡིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ལེགས་པར་སྦྱར་བ་མ་ཡིན་པའི་དོན་རྟོགས་པ་བསྐྱེད་པ་ཉིད་དུ་འདོད་ན་ཁོ་བོ་ཅག་དེ་ཙམ་གྱིས་ཡོངས་སུ་མགུ་བས་ཁོ་བོ་ཅག་ལ་རྗོད་པར་བྱེད་པ་མ་ཡིན་པ་རྗོད་པར་བྱེད་པ་གཞན་བརྟགས་པ་ཉིད་ཀྱིས་

ཅི་ཞིག་བྱ་སྙམ་དུ་དགོངས་སོ། །ད་ལྟ་ན་འདི་ནི་དོན་ཁོང་དུ་ཆུད་པ་སྐྱེད་པར་བྱེད་པར་མི་ནུས་ན་ཡང་སྒྲ་ཁོ་ནས་ཡིན་ནོ་ཞེ་ན། ཟུར་ཆག་པའི་སྒྲ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བཤད་པ་སྒྲ་ནི་དོན་དེའི་རང་བཞིན་གྱི་འབྲེལ་པ་མ་ཡིན་པ་དེའི་ཕྱིར་དེ་ཉིད་ཀྱིས་དོན་རྟོགས་པར་བྱེད་པ་མ་

ཡིན་ཏེ། དཔེར་ན་མིག་གཟུགས་ཀྱི་རང་བཞིན་གྱིས་གསལ་བར་བྱེད་པ་ཡིན་གྱི་སྒྲ་ལ་སོགས་པའི་མ་ཡིན་པ་བཞིན་དུ། བརྡར་མ་བྱས་པའི་སྒྲ་ཡང་ཞེས་བྱ་བ་ལ་སོགས་པ་མཐོང་བ་མེད་པའི་ཕྱིར་ཞེས་བྱ་བ་ནི། རྟོགས་པ་དང་འབྲེལ་པ་སྟེ། སིང་ག་ལའི་སྒྲས་འཕགས་པའི་ཡུལ་གྱི་ཐ་སྙད་ལ་འཇུག་པར་མི་

འགྱུར་ལ། བརྡས་བྱས་པ་ཉིད་ཡོད་ན་ནི་རྟོགས་པ་སྐྱེད་པར་འགྱུར་རོ། །དེ་ལ་བརྡས་བྱས་པས་དོན་འདི་དང་འབྲེལ་པ་ཡང་མི་བཟློག་པ་ཡིན། དེ་བཤད་པ། ལེགས་པར་མ་སྦྱར་བ་ལེགས་པར་སྦྱར་བ་བརྡའི་དབང་གིས་འཇུག་ན། ཁམས་ལ་སོགས་པའི་སྒྲ་ཅིའི་ཕྱིར་དོན་ཉིད་ལ་འཇུག་

Vol. 190 · folio 125b

པར་མི་འགྱུར། དེ་ལྟ་བུའི་སྐྱོན་དང་ཡོན་ཏན་ནི་འགའ་ཞིག་ཀྱང་མེད་དོ་སྙམ་ནས། དེ་ལྟ་ན་རྟོགས་པ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་སྟོན་པ་ཡིན་ཏེ། དཔེར་ན་སྒྲོན་མ་ལ་སོགས་པ་དང་གཟུགས་ལ་སོགས་པ་ལ་མིག་ལ་སོགས་པ་སྐྱེ་བ་བཞིན་དུ་སྒྲ་ཉམས་པས་འགལ་ཏེ་སྒྲ་ལ་རང་

བཞིན་གྱིས་གསལ་བར་བྱེད་པ་དེ་ན་དེ་ཡང་སྒྲ་ལ་མི་ལྟོས་པར་ཐལ་བར་འགྱུར་རོ། །ལྟོས་ན་ཡང་དེས་སྒྲ་འདིའི་རང་བཞིན་ལ་ནུས་པ་མ་ཡིན་ནོ། །འདི་རྗེས་སུ་དཔག་པར་ནུས་པ་དེ་ལྟ་ན་ཡང་ཐམས་ཅད་བརྡ་ལ་ལྟོས་ནས་འཇུག་པ་ཡིན་ནོ། །ཇི་ལྟ་བའི་བརྡ་ནི་ལོག་པ་མེད་པ་ནི་དངོས་སུ་རྟོགས་

པར་བྱེད་པར་མི་འགྱུར་ཏེ། དཔེར་ན་ལུས་ཀྱི་རྣམ་པར་རིག་བྱེད་བཞིན་ནོ། །ཟུར་ཆག་པའི་སྒྲ་དེ་ཡང་དེ་བཞིན་དུ་སྒྲ་ལ་ལྟོས་ནས་འཇུག་པའི་ཕྱིར་རོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ཉིད་དོན་རྟོགས་པ་ཉིད་ལ་སྒྲིབ་པ་མེད་དོ། །ཡུལ་གཞན་ཡང་བསྟན་པ་བསགས་པ་ནི་ཤིང་དང་མེ་དང་རྡོ་ནི་

འདི་ལྟ་བུའོ། །བཤད་པ་ནས་བྱས་པའི་བློ་ཅན་མི་མཁས་པ་ཤིང་ལ་སོགས་པ་འདི་ཅི་ལ་བྱ་ཞེས་རིམ་གྱིས་དྲི་མ་ཡོད་པ་ན། དེ་ལ་ཡང་མཁས་པས་ཐབས་མེད་པས་སྒྲ་ཉམས་པའི་སྒོ་ནས་ཤིང་དང་མེ་དང་རྡོ་ཡིན་ནོ་ཞེས་བསྟན་ནོ། །དེ་ལྟར་འདིར་སྒྲ་ཉམས་པ་ཁོ་ན་དེའི་རྗོད་པར་བྱེད་པ་ཡིན་

ན་ལེགས་པར་སྦྱར་བ་ཁོ་ན་མ་ཡིན་ཏེ། ཡོད་ཀྱང་རྣམ་གྲངས་པའི་མཐོང་བའི་ཕྱིར་རོ། །འོན་ཏེ་ལེགས་པར་སྦྱར་བའི་སྒྲས་བསྟན་པ་ནི། ཆོས་ཡིན་ཏེ། དེ་སྐད་དུ། ལེགས་པར་ཆོས་ཀྱི་སྒྲུབ་བྱེད་དུ། །ཡ་རབས་རྣམས་ལ་ལུང་གིས་གྲུབ། །དོན་ཤེས་ཐ་དད་མེད་ན་ཡང་། །སྒྲ་ཉམས་

ཕྱིན་ཅི་ལོག་པ་ཡིན། །དེ་བཞིན་སྔགས་ཀྱི་དབྱངས་དང་ཡི་གེ་ཉམས་པ་ཡང་ལོག་པའི་རབ་ཏུ་སྦྱོར་བ་དེ་ནི་དོན་མེད་ཡིན་པར་བཤད། དཔེར་ན། དབང་པོའི་དགྲ་བོ་ཡི་གེ་ཉམས་པ་ལས། །གསུང་གི་རྡོ་རྗེ་མཆོད་སྦྱིན་བརླག་པ་ཡིན། །དེ་ནི་ལྷ་ལ་ཧི་ལ་ཡ་ཧི་ལ་ཡང་ཞེས་བརྗོད་པ་དང་ལྡན་པ་ནི་

སྒྲ་གཅིག་གིས་བསྣན་ནས་སྦྱར་ན་ནི་མཁས་པའི་འཇིག་རྟེན་གྱིས་གོ་བར་འགྱུར་རོ། །སྒྲ་ཉམས་པ་བརྗོད་པའི་ལྟུང་བའི་ཉེས་པ་ནི་མེ་ལ་མཆོད་པ་བྱས་པས་དག་པར་འགྱུར་རོ་ཞེའོ། །འདི་དག་གསལ་བར་བྱ་སྟེ། ཆོས་སྒྲུབ་པ་ནི་མ་ཡིན་གྱི་སྒྲ་མངོན་པར་འདུ་བྱེད་པ་ཡིན་ཏེ། དེ་ཅིའི་

Vol. 190 · folio 126a

ཕྱིར་ཞེ་ན། བརྗོད་པ་ལས་ལོག་པ་ལ་འཇུག་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལོག་པ་ལ་འཇུག་པ་བརྗོད་པར་འགྱུར་རོ་ཞེས་བྱ་བ་ནི་འབྲས་བུ་ཡིན་ཏེ། དཔེར་ན་བྱུ་རུ་ལྟ་བུའི་ལྕུག་མ་སར་པའི་སྙེ་མའི་ཕྲེང་བས་མཛེས་པར་བྱས་པའི་མྱ་ངན་མེད་

པའི་ནགས་ཚལ་གྱི་དྲུང་། མ་ལ་ཡའི་རི་ལ་ཉལ་བའི་བྲམ་ཟེ་ཨུཏྤ་ལ་སྔོན་པོ་ལྟ་བུའི་རལ་གྱི་ཤིན་ཏུ་རྣོན་པོས་ཆོད་ཅིག་ཅེས་བརྗོད་པར་འགྱུར་བ་ཉིད་བྲམ་ཟེ་གསོད་པའི་འབྲེལ་པར་འགྱུར་རོ། །ལེགས་པར་མ་སྦྱངས་པ་གཞན་དག་གིས་ཕྱིན་ཅི་མ་ལོག་པ་ཡང་དག་པ་ལ་འཇུག་པ་རྗོད་

པར་འགྱུར་ཏེ། དཔེར་ན་བྲམ་ཟེ་འདི་ལ་བ་ལང་ཅིག་བྱིན་ཅིག་ཅེས་བྱ་བ་ལྟ་བུའོ། །བརྗོད་པ་ཐམས་ཅད་ལ་ཚད་མ་མེད་པའི་ཕྱིར། ཁྱེད་ཀྱི་ཚིག་ཙམ་ཡིན་ནོ་ཞེས་བསམས་ནས་རྩེགས་པ་ནི། སྒྲ་སྦྱོར་བ་ཁོ་ན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་དེ་ལྟར་བརྗོད་པ་ནི་ཚད་

མ་མ་ཡིན་ནོ། །འོ་ན་མི་གནས་པའི་ས་ཕྱོགས་མཆོད་རྟེན་བཞེངས་ན་ཚངས་པའི་བསོད་ནམས་བསྐྲུན་པས་བསྐལ་པའི་ལྷའི་བདེ་སྐྱིད་ཐོབ་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལ་ཡང་ཚད་མ་མེད་པར་མཚུངས་པས་ཁྱེད་ཡང་ཐལ་བར་འགྱུར་རོ་ཞེ་ན། མཚུངས་པ་ནི་མ་ཡིན་ཏེ།

གང་གི་ཕྱིར་ཡུལ་གཉིས་པོ་འདིར་རྣམ་པར་དག་པ་དང་གཙོ་བོའི་དོན་ལ་འདིར་མི་སླུ་བ་ཡོད་པ་ཡིན་ན་གནས་གསུམ་པར་བྱ་བ་ལ་ཡང་རྟོགས་པ་དང་ལྡན་པ་རྣམས་ཡོངས་སུ་མགུ་ནས་འཇུག་པར་འགྱུར་རོ། །དེ་ལྟར་ཁྱེད་ཀྱི་འདོད་པ་དེ་མ་ཐག་ཏུ་བསྟན་པ་གཉི་ག་ཡང་ཡོད་པ་མ་ཡིན་

ཏེ། ཚད་མས་གནོད་པའི་ཕྱིར་རོ། །ཚད་མ་དང་འགལ་བ་ནི་དེ་མ་ཐག་ཏུ་བཤད་ཟིན་ཏོ། །དེའི་དབུལ་པོ་དང་ཕྱུག་པོ་མཉམ་ཀྱང་མཉམ་པར་མི་འགྱུར་རོ། །གང་རིག་བྱ་རིག་པའི་ཡོན་ཏན་དང་ལྡན་པའོ་ཞེས་བྱ་བ་ཡིན། རིག་བྱེད་ཀྱི་རྐྱེན་ནང་དུ་འདུས་པར་བསྟན་པ་ཡིན་ནོ། །

རིག་བྱ་རིག་པ་ནི་བླང་བར་བྱ་བ་དང་དོར་བར་བྱ་བ་མ་ཡིན་པ་དེ་བཞིན་དུ་བསྟན་ཏོ། །སོགས་པ་སྨོས་པ་ནི་སྙིང་རྗེ་ལ་སོགས་པ་ཡོངས་སུ་གཟུང་ངོ་། །འདི་ནི་ལེགས་པར་སྦྱར་བའོ། །གཞན་ནི་ལེགས་པར་སྦྱར་བ་མ་ཡིན་པའོ་ཞེས་བྱ་བ་ནི་མེད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། སྒྲ་

Vol. 190 · folio 126b

ནི་ཐ་དད་པའི་ཕྱིར་དོན་ཤེས་པའི་འབྲས་བུ་ཅན་ཡིན་ཏེ། དཔེར་ན་ལེགས་པར་སྦྱར་བ་དག་བརྡའི་དབང་གིས་གྲུབ་པ་དེ་བཞིན་དུ་ལེགས་པར་མ་སྦྱར་བ་ཡང་ཡིན་ན། གནས་པ་ཡིན་པ་ལ་མངོན་པར་ཞེན་པ་ཁྱད་པར་ཅན་གྱིས་སྦྱར་བའི་ཁྱད་པར་ཅན་གང་ཞིག་ཡིན། དེ་ཉིད་ཀྱི་ཕྱིར་

རྟོགས་པ་དང་ལྡན་པས་བསམས་པ་ལས་གཞན་ཡིན་པའི་ཕྱིར་རྗེས་སུ་རྟོག་པའི་དོན་མིང་གི་འདི་ཉིད་ཡིན་ནོ་ཞེས་བྱའོ། །ཡང་ན་ཁོ་བོ་ཅག་བདག་ཉིད་ཆེན་པོ་རྣམས་ཀྱིས་འདི་སྤོང་བར་མཛད་པ་ནི་དགོས་པ་ཅི་ཞིག་ཡོད། གཞན་ལས་མ་ཡིན་ཞེས་བྱ་བ་འདི་ཉིད་མ་ངེས་པ་མེད་པའི་

ཕྱིར་རོ། །གང་བཤད་པ་འདིར་ཐ་དད་པར་བྱ་བ་འགའ་ཞིག་གི་ངག་ལ་ཡང་དབང་པོ་མེད་ན་དབང་པོས་གང་ལས་འདི་དེ་ལྟ་བུ་ཉིད། འདི་རབ་ཏུ་སྦྱོར་བ་གཞན་ནི་མ་ཡིན་པར་ངེས་པར་བྱ། འོན་ཏེ་འདིར་བཤད་ཟིན་པ་ཟློས་པའི་དགོས་པ་ནི་བསྲུང་བའི་དོན་དང་མཚམས་བླ་བ་ཡིན་པའི་

ཕྱིར། དེ་ཅི་ལྟར་ཡོན་ཏན་ཁྱད་པར་ཅན་དུ་འགྱུར་བ་མ་ཡིན་ཞེས་བརྗོད་པ་ན། རིག་བྱེད་བསྲུང་བ་ལ་སོགས་པའི་དགོས་པ་ནི་དེའི་བརྡར་བྱས་པ་མ་ཡིན་པ་དེ་བཞིན་གཤེགས་པའི་ལུགས་ལ་ཡང་ཡོད་པའི་ཕྱིར་རོ། །དེའི་རང་བཞིན་ནི་ལེགས་པར་སྦྱར་བ་མ་ཡིན་པའི་སྒྲའི་ངོ་བོ་ལའོ། །གཞན་

ལ་ཡང་ཞེས་བྱ་བ་ནི་རྒན་པོ་རྣམས་ཀྱི་བརྒྱུད་པ་ལ་ཡང་ངོ་། །དཔེའི་གོ་རིམས་གསལ་བར་བྱེད་པ་ན་ཐ་མལ་པ་ཞེས་བྱ་བ་ལ་སོགས་པ་འདི་དག་ཁོ་ནའོ། །སྒྲ་ནི་སྨྱོན་པས་བསྟན་པ་ཡིན་ལ་ད་ལྟར་ནི་དྭ་ར་དྭ་ཛ་ཡིན་ཏེ། ཡན་ལག་བཟློག་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་

ཤེས་པ་ཞེས་བྱ་བ་ནི་ཕན་འདོགས་པར་བྱེད་པ་དང་ཕན་གདགས་པར་བྱ་བའི་དངོས་པོ་འབྲེལ་པར་བརྒྱུད་པའོ། །བརྗོད་པར་འདོད་པའི་ནུས་པ་ལས་རྟོགས་པ་ཡིན་ནོ་ཞེས་བྱ་བ་ལྷག་མའོ། །འོན་ཏེ་རྐང་མིག་གིས་གྲུབ་མཐའ་བརྐྱང་པའི་དམ་བཅའ་བ་ལ་སོགས་པ་བཟློག་པ་ཡིན་ཞེ་ན། འདིར་ངེས་པར་བྱེད་པའི་བརྡ་

དང་གྲུབ་མཐའ་ཅུང་ཟད་ཀྱང་ཚད་མ་མེད་པ་ཡིན་པའི་ཕྱིར་ཐ་སྙད་དུ་མི་བྱའོ། །གཞན་གྱིས་གལ་ཏེ་བཟློག་པ་ལ་ནི་རྟོགས་པ་མ་ཡིན་ཏེ་ཞེས་བྱ་བ་བསྒྲུབ་བྱའོ། །འོན་ཏེ་དེ་ལས་བཟློག་པ་རྟོགས་པའི་ཕྱིར་རོ། །འདིར་དགག་པ་ནི་འབྲེལ་པ་ཤེས་པ་མེད་པ་ལས་གོ་རིམས་རྟོགས་པར་མི་འགྱུར་

Vol. 190 · folio 127a

རོ། །དེ་དག་གི་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་བཤད་དེ། འོན་ཏེ་དམ་བཅའ་བ་དང་ཉེ་བར་སྦྱར་བ་དང་མཇུག་བསྡུ་བར་སྔར་ཁོ་བོ་ཅག་གིས་སྒྲུབ་པར་བྱེད་པའི་ངག་ཏུ་བརྗོད་པ་སྤངས་པ་ཡིན་ནོ། །དེ་དེ་བྱས་པ་ལས་བཟློག་པ་ལས་ཡིན་ནོ་ཞེས་བྱ་བར་བརྗོད་པ་གང་ལས་

ཡིན་དོན་རྟོགས་པ་ཞེས་བྱ་བ་ལ་སོགས་པ་ནི། དམ་བཅའ་པ་སྨོས་པ་ནི་ཉེ་བར་མཚོན་པའི་དོན་ཏེ། འོན་ཏེ་ནུས་པར་གྱུར་ན་ཡང་སྦྱོར་བ་དེ་ནི་ཧ་ཅང་ཐལ་བར་འགྱུར་རོ་སྙམ་ནས་དེ་བཤད་པའི་དོན་རྟོགས་པ་ལ་རབ་ཏུ་སྦྱོར་བ་ཧ་ཅང་ཐལ་བར་འགྱུར་ཏེ། ཆོས་མཐུན་པའི་སྦྱོར་བ་བྱས་ཀྱང་ཆོས་མི་མཐུན་

པའི་སྦྱོར་བ་བྱེད་པར་ཐལ་བར་འགྱུར་ན། འདོད་པ་ཡང་མ་ཡིན་ནོ། །དོན་ཐོབ་ཟིན་ནས་ཡང་རང་གི་སྒྲ་སྦྱོར་བ་ནི་ཚར་གཅད་པའི་གནས་ཡིན་པའི་ཕྱིར་རོ། །དེ་ལྟ་ན་ཕྱོགས་ཀྱི་ཆོས་དང་། རྗེས་སུ་འགྲོ་བ་དང་ལྡོག་པ་རྣམས་དམ་བཅའ་མེད་ཀྱང་རིམ་པ་འདོད་པ་མ་ཡིན་ནམ་ཞེ་ན། ལྷག་མ་

དག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་མི་རྟག་པ་ཞེས་བྱ་བ་ལ་ལྟོས་པའི་སྐྱོན་གཞན་ཡང་བརྗོད་པ་ནི་དོན་མེད་པ་ལས་ཐ་དད་པའི་ཡོད་པ་མ་ཡིན་པས་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །གང་ལ་དམ་བཅའ་བ་བརྗོད་པ་ནས་མཇུག་བསྡུ་བ་ལ་ཐུག་པའི་གང་ཡང་རུང་བ་ན་ཡན་ལག་གི་

ངག་དེ་མ་ཚང་བའི་ཚར་གཅད་པའི་གནས་ཀྱི་རྒྱུ་ཡིན་ནོ། །བསྒྲུབ་པར་བྱ་བ་མེད་ན་ཡང་བསྒྲུབ་བྱ་མི་འགྲུབ་པའི་ཕྱིར་རོ་ཞེས་བཤད་དོ་ཞེ་ན། འདི་དགག་པ་ནི་དམ་བཅའ་བ་མེད་ན་མ་ཚང་བ་ལ་སོགས་པ་སྨོས་སོ། །དམ་བཅའ་བ་སྨོས་པ་ནི། ཉེ་བར་མཚོན་པ་ཙམ་གྱི་དོན་ཡིན་ནོ། །དེས་

ནི་ཉེ་བར་སྦྱོར་བ་དང་། མཇུག་བསྡུ་བ་ལ་སོགས་པ་ནི་ཉེ་བར་གཟུང་ངོ་། །འོད་བྱེད་ཀྱི་འདོད་པས་ཉེ་བར་མཚོན་པའི་དམ་བཅའ་བ་མ་ཚང་བ་དེ་ནི་དམན་པ་ཁོ་ན་ཡིན་པས་དམ་བཅའ་བ་མ་ཚང་བ་ཚར་གཅད་པའི་གནས་ཡིན་ཞེ་ན། དེ་ནི་རིགས་པ་མ་ཡིན་ཏེ། བཤད་པ་སྒྲུབ་པར་བྱེད་པ་ཤུགས་

ཀྱིས་དོན་རྟོགས་པ་ལ་སྒྲ་དོན་མེད་པར་བསྒྲུབ་བྱ་བརྗོད་པ་སྒྲུབ་བྱེད་དུ་སྦྱོར་བར་བྱེད་པ་གང་ཡིན་པ་དེ་ནི་ཚར་གཅད་པར་འོས་པ་ཡིན་ནོ། །འདི་ལྟར་སྒྲ་མི་རྟག་པའི་སྤྱོད་པའི་རྟགས་གང་གི་ཚེ་བྱས་པ་རྣམས་ནི་མི་རྟག་པ་ཉིད་ནི་སྒྲ་ཡང་བྱས་པས་སོ་ཞེས་བརྗོད་པ་དེའི་ཚེ་ཚིག་གཉིས་ལས་བསྒྲུབ་

Vol. 190 · folio 127b

བྱའི་དོན་རྟོགས་པའི་ཕྱིར་དམ་བཅའ་པའི་ཚིག་དོན་མེད་པའོ། །དོན་དང་འབྲེལ་པ་དང་ལྡན་པའི་ཕྱོགས་ཀྱི་ཆོས་དང་འབྲེལ་པ་ཅི་བརྗོད་པར་མི་རིགས་པ་མ་ཡིན་གྱི་ཡང་དག་པར་དཔྱད་པ་ལ་སོགས་པར་བྱེད་པ་ནི་རྣམ་འགྲེལ་བྱེད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་ཤུགས་

ཀྱིས་དོན་རྟོགས་པ་ལ་སྒྲ་སྦྱོར་བའི་ཚར་གཅད་པར་འོས་པ་མ་ཡིན་ནོ། །དེ་འདིར་རྣ་མ་ཕུག་པ་གགས་བྱེད་པའི་འཐད་པ་ལས་འགལ་བ་བརྗོད་པ་ནི། གལ་ཏེ་དེ་བཞིན་དུ་སྒྲ་ཡང་བྱས་པས་ཞེས་བྱ་བས་བརྗོད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། བྱས་པའི་ཕྱིར་མི་རྟག་གོ་ཞེས་བྱ་བ་དེ་ཉིད་ཀྱིས་

སྒྲ་ཡང་བྱས་པའི་ཕྱིར་མི་རྟག་པ་ཡིན་ནོ་ཞེས་བྱ་བ་གཉི་ག་རྟོགས་པས་སོ། །གང་གི་ཕྱིར་སྔ་མས་སྒྲ་བྱས་པ་ཉིད་དུ་རྟོགས་པ་ཁོ་ནའོ། །སྐབས་ཀྱི་སྒྲ་ཡང་བློ་ལ་གནས་པ་ཡིན་པ་དེ་ལས་རྗེས་སུ་འགྲོ་བ་དག་དྲན་པ་ཙམ་ལས་སྐྱེས་པའི་ཕྱིར་རོ། །རྟོགས་པ་མེད་པ་ན་སླར་ཡང་བྱས་པ་ཉིད་བྱ་བ་

མ་ཡིན་ནོ། །དེ་སྒྲ་ཡང་བྱས་པ་ཡིན་ནོ་ཞེས་བྱ་བ་དེ་ལས་ཀྱང་མི་འགྱུར་རོ། །གང་བྱས་པ་ནི་སྒྲ་ཡིན་ནོ་ཞེས་བྱ་བ་ཙམ་བརྗོད་པར་བྱ་བ་སྟེ། བྱས་པ་དང་མི་རྟག་པ་ཉིད་ནི་མེད་ན་མི་འབྱུང་བ་ཉིད་དོ། །གཞན་ལ་གྲུབ་པའི་ཕྱིར་སྒྲ་ལ་ཡང་མི་རྟག་པར་བསྟན་པར་བྱའོ་ཞེ་ན། དེ་རྗེས་སུ་མཐུན་

པ་ཉིད་དུ་བྱས་པ་ཡིན་ཏེ། འདི་ལྟར་གལ་ཏེ་རེས་འགའ་ངེས་པར་རྟོགས་པ་ཡོད་པ་འདིར་ཕྱིར་རྒོལ་བ་ལ་ནི་བྱས་པ་ཡིན་ནོ་ཞེས་དཔེ་དེའི་ཚེ་ཕྱོགས་ལ་ཆོས་བསྡུ་བར་མི་བྱ་སྟེ། མི་འདོད་པའི་ཕྱིར་འབྲེལ་པ་ཙམ་ཞིག་བསྟན་པར་བྱའོ། །དེ་ལྟར་ན་འོན་ཏེ་ངེས་པ་མེད་པ་དེའི་ཚེ་ཡང་འདིར་

གཞན་ལ་ཕྱོགས་ཆོས་བསྡུ་བ་བྱས་པ་གང་ཡིན་པ་དེ་ཡང་མ་གྲུབ་པ་བརྗོད་པར་འགྱུར་རོ། །དེ་ལ་བདག་གི་དེ་རྐྱེན་གྱི་བྱེ་བྲག་ཐ་དད་པའི་ཐབས་ཀྱི་གསལ་བ་འམ། རང་གི་ངང་གིས་རྩོད་པ་མེད་པ་དོགས་པ་མེད་པ་དེ་སེམས་ལ་བསྡོགས་ནས་ཕྱོགས་ལ་ཆོས་བསྡུ་བར་བྱ་སྟེ། སྒྲ་ཡང་

བྱས་པ་ཡིན་ནོ་ཞེས་བྱ་བའོ། །གང་གི་ཚེ་རྒོལ་བ་ལ་ངེས་པ་དང་ལྡན་པ་དེ་ལྟ་ན་བྱས་པ་དང་མི་རྟག་པ་མེད་ན། མི་འགྱུར་བར་གཞན་ལ་གྲུབ་པ་དེའི་སྐབས་སུ་ཡང་སྒྲ་ནི་བྱས་པའོ་ཞེས་བྱ་བ་ཡང་བརྗོད་པ་ཡིན་ནོ་ཞེས་བྱ་བ་ནི་དེ་ཙམ་བརྗོད་པར་བྱའོ། །དེ་སྐད་དུ། དཔེ་ལ་དེ་ཡི་ངོ་བོ་དང་། །

Vol. 190 · folio 128a

རྒྱུའི་དངོས་མི་ཤེས་དེ་དག་ལ། །སྟོན་ཏེ་མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་བྱ་བ་སྨོས་སོ། །དེ་དང་དེ་དག་ནི་ངེས་པར་ཁས་བླངས་པས་ལྷག་མ་ཚར་གཅད་པའི་གནས་ཀྱི་ཁྱད་པར་གྱི་ཡུལ་དུ་གཞག་གོ། །ཁྱད་པར་གྱི་

ཡུལ་དེ་ཡང་སྒྲུབ་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོ་ན་ངེས་པ་ཁས་བླངས་ནས་བརྗོད་པ་ཡིན་ཞེས་བྱ་བ་རྣམ་བཤད་མཁན་གྱིས་བརྗོད་པ་སློབ་དཔོན་གྱིས་འདིར་ཅི་ཞིག་ཏུ་བརྗོད། བདེན་ཏེ་ཅུང་ཟད་ཀྱང་བརྗོད་པ་མེད་དེ་སློབ་དཔོན་གྱིས་རྐང་མིག་གིས་སྨྲས་པ་ཉིད་རྗེས་སུ་ཤེས་

པའི་དོན་དུ་ཡང་རྗེས་སུ་བརྗོད་དོ། །སྒྲ་དང་དོན་དག་སྨྲ་བ་ནི་ཡང་བརྗོད་པ་ཡིན་ནོ་ཞེས་བྱ་བར་སྨྲ་བ་ནི་སྐུར་པ་འདེབས་པ་ནི། རྗེས་སུ་སྨྲས་པ་ལས་གཞན་ཞེས་བྱ་བ་སྨོས་སོ། །རྗེས་སུ་སྨྲས་པ་ནི་མཇུག་བསྡུ་བའོ། །རྗེས་སུ་སྨྲ་བ་ནི་ཡང་བརྗོད་པས་བསྟན་པར་འགྱུར་བ་མ་ཡིན་ཏེ། སྒྲ་དག་གིས་དོན་གྱི་བྱེ་བྲག་

བྱེད་ན་འཐད་པའི་ཕྱིར་རོ། །བསྒྲུབ་བྱ་བསྟན་པ་གང་ལས་དམ་བཅའ་བ་གྲུབ་ཟིན་པ་སྟོན་པ་ནི་མཇུག་བསྡུ་བ་ཡིན་ནོ་ཞེས་བཤད་དེ་ཡང་སྒྲ་དུ་མ་ཉིད་མཐོང་བས་དུས་མི་རིང་བར་ཡང་ངེས་པའི་ནུས་པ་ངེས་པར་ཡང་བྱ་བའོ་ཞེས་ཀྱང་རིག་པར་བྱ་བ་ཉིད་དོ། །འོན་ཏེ་དེ་ལྟ་ན་གལ་ཏེ་ཡང་བརྗོད་

པས་ཐོབ་པ་ཉིད་མེད་པ་ཡིན་ན་ནི་དོན་འདི་གསལ་པ་ཅིའི་ཕྱིར་རྩོལ་ཞེ་ན། བདེན་ཏེ་འདི་ལྟ་བུ་འདི་ཉིད་རྟོག་གེ་བ་ཕུལ་དུ་ཕྱུང་བ་ལ་ཇི་ལྟ་བ་ཡིན་ཞེས་བྱ་བ་ལ་སོགས་པ་འདྲི་བར་བྱའོ། །ཁོ་བོ་ཅག་ལ་ཕ་རོལ་གནས་སེམས་ཤིང་དཔྱོད་པ་རྣམས་ཀྱིས་ཅི་ཞིག་བྱ་སྟེ། ཞར་ལ་འབྱུང་བས་ཆོག་

གོ། འདི་ལ་ཡང་མདོ་གཉིས་པ་ཡོད་པ་ཡིན་ཏེ། དོན་སྤངས་ནས་སྒྲ་རང་ཉིད་ལ་འཇུག་པ་ཡིན་ནོ་ཞེའོ། །དེ་སློབ་དཔོན་གྱི་ཉེ་བར་བཀོད་པ་ནི་མཚོན་པ་ཙམ་ཡིན་པའི་ཕྱིར་རོ། །གོ་བར་བྱ་བ་དང་གོ་བར་བྱེད་པའི་དོན་ལ་བཟླས་པ་ནས་བརྗོད་པ་ལ་སོགས་པ་འདི་དག་ཀྱང་སྤང་བར་བྱ་ཞིང་

བསལ་བར་འདོད་པས་འདིར་ཞེས་བྱ་བ་ལ་སོགས་པ་སྐྱོན་རྩོལ་བ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། གང་ལ་སྒྲ་དང་དོན་ལ་ཉེ་བར་ཐ་དད་པ་དེ་ལ་དོན་ཡང་བཤད་པ་ཉིད་ཀྱིས་རྟོགས་པ་ཡིན་ནོ། །གང་ལ་སྒྲ་དོན་དང་ཉེ་བར་ཐ་དད་པ་དེ་ལ་སྒྲ་ཡང་བརྗོད་པ་འདི་ཡང་སྐྱོན་ཅུང་ཟད་ཙམ་མེད་དེ། ཅི་འདི་འདྲ་

Vol. 190 · folio 128b

བ་ཡོད་དམ་ཞེ་ན། སྒྲ་ཡང་བརྗོད་པ་གང་ཡིན་པ་འདི་ལ་དོན་ཐ་དད་པ་ཡོད་པ་ཉིད་སྲིད་པ་ཡིན་ཏེ། བཤད་པ། དཔེར་ན་རྒོད་ན་ཡང་རྒོད་པར་འགྱུར་ཞེས་བྱ་བ་ལ་སོགས་པའོ། །འདིར་ནི་སྔ་མའི་བརྗོད་པའི་སྒྲ་ནི་འདུན་པ་ཡིན་ལ་གཉིས་པ་ནི་ཏི་ངན་ཏ་ཡིན་པས་དོན་ཐ་དད་པ་ཡིན་ནོ། །འདི་འདྲ་བ་སྙན་དངགས་

མཁན་འདོན་པ་ཡིན་ཏེ། སྲིད་པ་ཡིན་ནམ་ཞེས་བྱ་བའི་དགོས་པ་ལ་དཔེ་ཡང་བརྗོད་པ་ནི། དཔེར་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོན་ཏེ་འདིར་བྱ་བ་དེའི་མཐའ་དང་ཏྱ་དེའི་མཐའ་ཡང་ཡོད་པ་ཡིན་ནོ་ཞེ་ན། བདེན་ཏེ་སྒྲ་ཉི་ཚེ་ཙམ་ཡང་ཡོད་པ་ཡིན་ཏེ། འདིར་ཡང་སྒྲ་མི་རྟག་ཅེས་བྱ་བ་ལྟ་བུ་

སྒྲ་ཐ་དད་པའོ། །རང་གི་ཐ་དད་པ་ནི་རང་གི་མཚན་ཉིད་ཐ་དད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་རིམ་པ་མེད་པས་ཐོབ་པར་འགྱུར་རོ། །མཚུངས་པ་ལ་བརྟེན་ནས་མཚུངས་པར་ཐོས་པ་འདི་ཟློས་པར་བརྗོད་པ་ཡིན་ནོ། །དེ་ལ་ཅིག་ཤོས་འདི་ཡང་མཚུངས་པ་ཡིན་ནོ་ཞེས་དོན་ཐ་དད་པ་འདི་ཡང་བྱ་བ་ཐ་དད་པ་ལ་སོགས་

པའི་ཚིག་ཐ་དད་པའི་ཕྱིར་རོ། །རྟོགས་པར་གྱུར་པའི་དོན་ལ་ཡང་བརྗོད་པར་ཡང་ཟློས་པར་བརྗོད་པ་ཡིན་ནོ། །ཡང་བརྗོད་པའི་མཚན་ཉིད་གཉིས་པའི་མདོ་ནི་ཉེ་བར་མཚོན་པ་ཙམ་ཡིན་ནོ། །དཔེ་འདི་ཡང་བད་ཚ་ཡ་ཡིས་རིགས་པ་བཤད་པ་དང་ཆོས་མཐུན་པར་ཆོས་མི་མཐུན་པའི་སྦྱོར་བ་ལ་

བཤད་དོ། །སློབ་དཔོན་གྱིས་དམ་བཅའ་བ་ལ་ཡང་མཚུངས་པར་དགོངས་ནས་དམ་བཅའ་བ་བསྒྲུབ་པར་བྱ་བར་བརྗོད་ནས་རྗེས་སུ་དཔག་པ་སྟོན་པར་བྱེད་པར་འདོད་པ་ལ་ཚིག་ཟུར་གྱིས་དམ་བཅའ་བའི་ཚིག་བརྗོད་པའི་དཔེ་ཉིད་དུ་ཉེ་བར་བཀོད་པ་ཡིན་ནོ། །སྒྲུབ་པར་བྱེད་པའི་ཚིག་ངེས་པར་སྦྱོར་

བའི་ངག་ལ་ནི་དཔེར་ན་དམ་བཅའ་བའི་ཚིག་བཞིན་དུ་སྒྲུབ་པར་བྱེད་ཚིག་ངེས་པར་སྦྱོར་བར་བྱེད་པའི་ངག་གང་ཡིན་པ་ལ་ཞེས་བྱ་བ་ནི་འབྲས་བུ་སྟེ། འདི་སྤངས་པ་ཡིན་ནོ། །དོན་ཟློས་པར་བརྗོད་པ་ཉིད་ཀྱིས་ཁོང་དུ་ཆུད་པའི་ཕྱིར་ལོགས་ཤིག་ཏུ་བརྗོད་པར་མི་བྱའོ། །དཔེ་ནི་སྒྲ་གཅིག་གིས་

བསྟན་པའི་དོན་དེ་བསྟན་ཟིན་པ་སྒྲ་གཞན་གྱིས་བསྟན་པ་ཡིན་ན་དོན་མེད་པ་དེ་བཞིན་དུ་ཤུགས་ཀྱིས་གོ་བའི་དོན་ཡིན་ན་དོན་ཡང་བཟླས་ནས་བརྗོད་པ་ཉིད་བསྡུས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དམ་བཅའ་བ་བརྗོད་པ་དོན་གྱིས་གོ་བར་གྱུར་པ་འདི་བཟླས་པས་ཅི་ཞིག་བྱ། ཡང་བཟླས་པ་བརྗོད་པ་ནི་

Vol. 190 · folio 129a

ཚར་གཅད་པའི་གནས་སུ་འགྱུར་རོ་ཞེས་པ་ནི་སྒྲུབ་པར་བྱེད་པ་ངེས་པའི་སྦྱོར་བ་བརྗོད་པ་ཡིན་ནོ་ཞེས་བྱ་བ་འདི་ཉིད་རྣམ་པར་འགྲེལ་པའོ། །ཡང་བསྒྲུབ་པར་བྱས་པ་འདི་ཉིད་གོ་བར་བྱ་བ་དང་གོ་བར་བྱེད་པའི་དོན་ལ་སྐྱོན་དུ་འགྱུར་ལ། སྒྲུབ་པར་བྱེད་པའི་ངག་ཁོ་ན་ལ་ངེས་

པར་སྦྱོར་བའི་ཚིག་ལ་ཡང་འཇུག་པ་ཡིན་ནོ། །འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཚེ་དབང་པོ་སྒྲའི་དོན་ལ་དཔྱོད་པ་ན། ཡང་རྟོག་པ་དང་ལྡན་པས་ཤིན་ཏུ་དཔྱོད་པར་བྱེད་པ་ཡོད་པ་ཡིན་ལ་སྟོན་པ་པོའི་དེ་བཞིན་དུ་འགྱུར་བ་ཉིད་དོ། །དེ་ཡང་ཚིག་གཞན་གྱིས་བསྒྲུབ་བྱར་སྒྲུབ་པར་བྱེད་དེ་དེ་ཉིད་རབ་

ཏུ་སྦྱར་བར་བྱའོ། །ལྷག་མ་ནི་མ་ཡིན་ནོ་ཞེས་སྨྲས་པ་དེའི་སྐྱོན་ནི་གཞན་དུ་ན་མ་ཡིན་ནོ། །གང་གི་ཚེ་སྙིང་རྗེ་གཞན་དབང་དུ་གྱུར་པའི་སེམས་ཀྱི་རྒྱུ་མཚན་གྱི་ཚོགས་པས་ཡིད་དུ་འོང་བ་ལྟ་བུའི་ཕྱིར་རྒོལ་བ་རྣམས་དང་སློབ་མ་རྣམས་རིག་བྱེད་པའི་ལམ་དུ་འཇུག་པའི་འབད་པས་ཡང་བཟླས་ནས་

བརྗོད་པ་ལ་ཡང་སྐྱོན་མེད་དོ། །དེ་ཉིད་བཤད་པ། རྒོལ་བ་པོས་འབད་པས་སྟོན་པར་བྱེད་ཅིང་བརྗོད་པས་འཇུག་པ་ཐོས་པ་དང་རྟོགས་པ་ཡང་དག་པ་མ་ཡིན་པར་དགོས་པ་བྱེད་པར་འགྱུར་བ་ཡང་དག་པ་མ་ཡིན་པའི་ཐོས་པ་དང་རྟོགས་པའི་དོན་དུ་ཡང་དང་ཡང་དུ་བརྗོད་པར་བྱ་བ་ཡིན་ནོ། །མ་ཡིན་

ཏེ། ཡུལ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ཕ་རོལ་པོའོ། །རྒོལ་བ་འདི་ནི་བླ་མ་ཡིན་ལ་ཕྱིར་རྒོལ་བ་འདི་ནི་སློབ་མ་ཡིན་པ་སྟེ། རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ཡང་ཕན་ཚུན་རྒྱལ་བར་འདོད་པས་རྣམ་པར་འཇོམས་པའི་ཕྱིར་རོ། །དེའི་ཕྱིར་རྒོལ་བ་དང་ཕྱིར་རྒོལ་བ་འབད་པས་བསྟན་པར་བྱ་བ་མ་

ཡིན་ནོ། །མ་ཡིན་ཏེ་ཞེས་བྱ་བ་ནི་སློབ་དཔོན་ནོ། །གལ་ཏེ་ཕྱིར་རྒོལ་བ་ལ་བསྟན་པར་བྱ་བས་དཔང་པོས་གནོད་པ་མི་ཟ་བར་ཁོང་དུ་ཆུད་དེ་དེ་རྟོགས་པ་ཁོ་ནས་དཔང་པོ་རྒྱལ་བ་ཡིན་ལ། དེ་ལྟ་མ་ཡིན་ན་ཕམ་པ་ཡིན་པའི་ཕྱིར་ཇི་ལྟར་དཔང་པོས་ཁོང་དུ་ཆུད་པར་མི་འགྱུར། གཞན་ཡང་ངེས་

པར་དཔང་པོ་བཞིན་དུ་ཕྱིར་རྒོལ་བས་ཀྱང་ཁོང་དུ་ཆུད་པར་བྱ་སྟེ། ཅིའི་ཕྱིར་ཞེ་ན། མ་བསྟན་ན་སྐྱོན་དུ་བརྗོད་པའི་ཕྱིར་རོ། །དེ་ཡང་སྒྲ་ལ་ལྟོས་ནས་འཇུག་པ་དང་ངེས་པར་བྱེད་དོ། །གལ་ཏེ་དཔང་པོ་འཇུག་པ་ལ་བསྟན་པར་བྱེད་པ་མེད་པར་འགྱུར་བ་དེའི་ཕྱིར་ཁྱེད་ཀྱིས་རྒོལ་བ་དང་ཕྱིར་རྒོལ་བ་

Vol. 190 · folio 129b

དག་ལན་གསུམ་དུ་བརྗོད་པའི་དོན་ལ་མ་རྟོགས་པ་ཚར་གཅད་པའི་གནས་སུ་བཤད་པ་གང་ཡིན་པ་དེ་དང་འགལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཡང་འདི་ཞེས་བྱ་བ་བརྗོད་པ་དེ་མ་གྲུབ་སྟེ་ཕྱིར་རྒོལ་བ་འདི་སློབ་མ་ཡིན་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཤེས་པ་དོན་དུ་གཉེར་བའི་སློབ་

མ་ལ་བསྟན་པར་བྱ་བ་ཡིན་པ་ལས་གཞན་མཚན་ཉིད་ནི་དེ་ལ་མེད་དོ། །དེ་ལྟར་གྱུར་པའི་ཕྱིར་རྒོལ་བ་ཅིའི་ཕྱིར་སློབ་མ་ཡིན། དེ་ཁོ་ན་ཉིད་དོན་དུ་གཉེར་བ་འདི་ཕྱིར་རྒོལ་བ་མ་ཡིན་པ་ཉིད་དུ་འགྱུར་བ་བརྗོད་པ་ཅི་ཞིག་བྱ། དེ་གཉིས་ཀ་ཡང་ལྡང་བའི་ཕྱིར་རོ་ཞེས་བྱ་བ་ནི་མི་རིགས་སོ། །

སྔར་རྒྱལ་བར་འདོད་པའི་སྨྲ་བ་དག་དགག་པར་བྱ་བའི་ཕྱིར་རོ། །དེ་ལྟ་ན་ཡང་འདི་འབད་པས་བསྟན་པར་བྱ་བ་མ་ཡིན་ན་ཡང་དྲང་སྲོང་གིས་ལན་གསུམ་གྱི་བར་དུ་བརྗོད་པའི་ངེས་པར་བྱས་པའི་ཕྱིར་རོ་ཞེ་ན། དེའི་ཕྱིར་ལན་གསུམ་གྱི་བར་དུ་བརྗོད་པའི་ཚིག་ཅེས་བྱ་བ་ལ་སོགས་པ་

སྨོས་ཏེ། འདི་གཞན་དུ་འཆད་པར་འགྱུར་བ་ལས་བསྟན་པར་བྱ་སྟེ། གལ་ཏེ་རེ་ཞིག་གཞན་ལ་བསྟན་པའི་དོན་དུ་འཇུག་ན་ལན་གསུམ་གྱི་བར་དུ་ཅིའི་ཕྱིར་བརྗོད་པར་བྱ། ཇི་ལྟར་བརྗོད་པ་དེ་ལྟར་དེས་རྟོགས་པར་བྱ་བའི་དོན་ཡིན་པ་དེ་ལྟ་ན་ཡང་གཞན་དུ་གདུང་བར་འགྱུར་བས་

ལན་གསུམ་གྱི་བར་དུ་བརྗོད་པ་ཅི་ཞིག་བྱ། དབང་པོ་རྣ་གཏོད་པ་ལ་བརྗོད་ལ་ཕྱིར་རྒོལ་བའི་འདོད་པ་ལ་ངེས་པར་རྟོགས་པ་མ་ཡིན་པ་མདོར་བསྟན་པ་ལ་སོགས་པས་དངོས་པོ་དེ་ངེས་པར་བྱེད་པའི་ཅི་རིགས་པའི་ལན་གྱིས་རྟོགས་པ་ཡིན་གྱི་རྨོངས་པ་ལ་ནི་སྨྲ་བར་མི་བྱའོ་ཞེ་ན། འདི་མ་ཡིན་ཏེ།

སྒྲ་དང་དོན་དག་ཟློས་པའི་ཚིག་གིས་གོ་བར་བྱ་བ་འམ། དོན་ཟློས་པའི་ཚིག་གིས་ཐ་དད་མེད་པར་སྒྲུབ་པར་བྱེད་དོ། །ཚིག་ངེས་པར་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ལ་གཏན་ཚིགས་དང་དཔེ་ལྷག་པའི་སྐྱོན་ཡིན་ནོ། །བྱས་པའི་ཕྱིར་ཞེས་བྱ་བ་གཅིག་ལས་ནི་དོན་མེད་པར་བརྗོད་པའི་ཕྱིར་རོ། །

ཟློས་པ་ཚིག་ལ་ཡང་སྔ་མའི་ཚིག་གིས་རྟོགས་པར་བྱ་བའི་དོན་ཤེས་པས་ཚིག་ཕྱི་མ་གང་ཡིན་པ་དེ་ནི་ལྷག་མའི་སྐྱོན་གྱི་དབང་དུ་བྱས་ནས་ཡིན་ནོ་ཞེས་བྱ་བ་དེ་སྐད་བརྗོད་དོ། །ཡང་ངེས་པའི་ཚིག་གི་སྦྱོར་བ་ལ་འདི་སྐྱོན་ཡིན་ནོ་ཞེས་ཅིའི་ཕྱིར་བཤད་ཅེ་ན། བཤད་པ་གཏམ་རྒྱུད་སྣ་ཚོགས་པའི་

Vol. 190 · folio 130a

སྐྱོན་དུ་མི་འགྱུར་རོ་ཞེས་སྦྱར་རོ། །གང་གི་ཡིན་ཞེ་ན། གཏན་ཚིགས་ལ་སོགས་པ་ཡང་བརྗོད་པར་བྱའོ། །སོགས་པའི་སྒྲས་ནི་དཔེ་མང་པོ་གཟུང་བར་བྱའོ། །ཅི་འདྲ་བ་ཞིག་ཅེ་ན། མ་དཔྱད་པའི་དོན་གཅིག་པ་བསྒྲུབ་པའི་དབང་དུ་བྱས་ནས་དོན་འདི་བསྒྲུབ་པར་བྱ་བའི་

དོན་དུ་གཉེར་བའི་ཕྱིར་བྱས་པའོ། །སྒྲུབ་པར་བྱེད་པའི་གཏན་ཚིགས་དང་ཆོས་ཅན་གྱི་དབང་དུ་བྱས་ནས་དོན་དང་ལྷན་ཅིག་ཏུ་སྒྲུབ་པར་བྱེད་པས་དོན་སྒྲུབ་པར་བྱེད་པ་སྟེ་བར་གྱི་ཚིག་མི་མངོན་པར་བྱས་པའོ། །འདིའི་དོན་དུ་སྒྲུབ་པར་བྱེད་པ་གཅིག་པའི་ཕྱིར་རོ་ཞེས་དེ་སྐད་དུ་བཤད་དོ། །དེའི་དབང་

དུ་མ་བྱས་པ་ནི་དེ་མ་དཔྱད་པའི་དོན་སྒྲུབ་པར་བྱེད་པའི་དབང་དུ་བྱས་པའི་གཏམ་རྒྱུད་སྣ་ཚོགས་པའི་ཕྱིར་རྒོལ་བས་གསོན་པོའི་ལུས་ལ་སོགས་པའི་ཆོས་ཅན་ཡིན་གྱི་བདག་མེད་པ་ལ་སོགས་པའི་ཆོས་ཅན་གཅིག་ཏུ་ཡོངས་སུ་གཅོད་པ་ནི་མེད་དེ། འོན་ཀྱང་དུ་མ་ཉིད་དང་མི་རྟག་པ་ཉིད་དང་བདག་མེད་པ་དང་

བྱེད་པ་པོ་དབང་ཕྱུག་ལ་སོགས་པའོ། །དེ་བཞིན་དུ་དུ་མའི་གཏན་ཚིགས་ནི་འོན་ཀྱང་དེ་གཅིག་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་རིམ་པ་ཇི་ལྟ་བ་བཞིན་དུ་བརྗོད་པ་ནི། དོན་སྣ་ཚོགས་ལ་སྒྲུབ་པར་འདོད་པ་འམ་སྒྲུབ་པར་བྱེད་པ་སྣ་ཚོགས་པར་འདོད་པའི་ཉན་པའི་སྔོན་དུ་སྒྲུབ་པར་བྱེད་པ་སྨོས་པ་ནི་དངོས་པོ་

སྒྲུབ་པར་བྱེད་པའི་ཕྱིར་གྲུབ་པའི་ཚིག་གོ། །ཕྱིས་རྒྱུ་སྒྲུབ་པར་བྱེད་པའི་ཕྱིར་གཏན་ཚིགས་སྨོས་སོ། །དེའི་ཕྱིར་གཏན་ཚིགས་ལ་སོགས་པ་མང་པོ་དང་ཚིག་མང་པོས་སྒྲུབ་པར་བྱེད་པར་ངེས་པའོ། །ཚིག་ལ་སྐྱོན་མེད་དོ། །ཅིའི་ཕྱིར་ཞེ་ན། བརྟགས་ཟིན་པ་ལ་བརྟག་པར་བྱར་མེད་པའི་ཕྱིར་རོ། །སྐྱོན་

མཚུངས་པའི་ཕྱིར་འདུས་པའི་ཚིག་ཉིད་རིག་པ་ཡིན་ནམ། ལྷག་པར་བརྗོད་པར་བྱས་ནས་ཟློས་པ་བརྗོད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །ཡང་གི་སྒྲས་ནི་ཟློས་པར་བྱེད་པ་ལྷག་མའི་ནང་དུ་ཇི་ལྟར་འདུ་བར་འགྱུར་ཞེ་ན། བཤད་པ་རྣམ་གྲངས་ཀྱི་སྒྲར་བཏགས་པའི་གཏན་ཚིགས་གཞན་གཉིས་པ་

ནི་གཏན་ཚིགས་གཅིག་བསྟན་པའི་ཡུལ་ལ་འཇུག་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བསྟན་པར་བྱ་བའི་ཡུལ་བྱེ་བྲག་མེད་པའི་ཕྱིར་རོ། །དོན་བཟླས་ནས་བསྟན་པ་ཡིན་པ་དེ་ལྟ་ན་ཇི་ལྟར་ལྷག་པའི་ནང་དུ་ཇི་ལྟར་འདུས་ཤེ་ན། དོན་ཡང་བསྟན་པ་ལས་ཐ་དད་པ་ཡོད་པ་མ་ཡིན་ནོ། །དོན་སྒྲའི་སྒོ་

Vol. 190 · folio 130b

ནས་ཟློས་པ་རྗོད་པར་ཤེས་པར་འགྱུར་ཏེ། ཡང་བརྗོད་པ་འདིས་ན་བཟླས་ནས་བརྗོད་པར་བསྟན་ཏེ། གཏན་ཚིགས་དང་དཔེ་ལྷག་མ་ཁོ་ནའོ། །འདི་སྐད་སྟོན་པ་ཡིན་ཏེ། དཔེ་འདི་གསལ་བ་ཉིད་དུ་ལྷག་པའི་ནང་དུ་འདུ་བ་ཡིན་ཏེ། འདི་ལྟར་ཆོས་མཐུན་པའི་སྦྱོར་བ་བྱས་ནས་ཆོས་མི་

མཐུན་པའི་དཔེ་སྦྱོར་བའི་དོན་ཟློས་པའི་དཔེར་བརྗོད་པར་བཤད་དོ། །གང་ཡང་བརྗོད་པ་ཞེས་བྱ་བ་ལ་སོགས་པ་སྤོང་བར་བྱེད་པ་གོ་སླའོ། །རྣམ་པར་རིག་པར་འགྱུར་བའི་ངག་གི་དོན་ལན་གསུམ་གྱི་བར་དུ་བརྗོད་པར་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་དུ་ཁྱད་པར་གྱི་བསྡུ་བ་བྱ་སྟེ། རྣམ་པར་

རིག་པ་ཡང་ཡིན་ལ་འདི་དག་གི་དོན་ཡང་ཡིན་པས་ལན་གསུམ་གྱི་བར་དུ་བརྗོད་པས་བསྟན་པར་བྱའོ། །ཕྱིར་རྒོལ་བ་གང་ཡིན་པ་ནི་ལན་བརྗོད་པར་བྱའོ་ཞེས་བྱ་བ་དང་འབྲེལ་པ། ཅིག་ཅར་ལན་གསུམ་བརྗོད་པས་ན་རྗེས་སུ་སྨྲ་བ་མེད་པ་ཞེས་བྱ་བ་ཚར་གཅད་པའི་གནས་ཡིན་ནོ་ཞེས་བྱ་བ་ཤེས་

པར་བྱ་བའི་དོན་ཏོ། །ལན་བརྗོད་པ་མེད་པ་ནི་སྒྲ་བརྗོད་པའི་སྒོ་ནས་ཚར་གཅད་པའི་གནས་ཀྱི་རྒྱུད་ནི་བཤད་པ་ལན་བརྗོད་པ་མེད་པར་ཅི་ལ་བརྟེན་ནས་གཞན་གྱི་ཕྱོགས་དགག་པ་སྨྲ་བར་བྱེད་ཅེས་བྱ་བ་ནི་ཡུལ་མེད་པའི་ཕྱིར་སུན་འབྱིན་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཁྱེད་ཀྱིས་བཤད་པ་འདི་ཡིན་ནོ་ཞེས་བརྗོད་

ན་སུན་འབྱིན་པ་བརྗོད་པར་བྱའོ། །དེ་ལྟ་ན་སུན་འབྱིན་པ་བརྗོད་པས་ཀྱང་བསྒྲུབ་པར་བརྗོད་པའི་རྗེས་སུ་བཟླས་ནས་ལན་བརྗོད་པར་བྱ་དགོས་པ་དེའི་ཕྱིར་འདི་གཉི་ག་ཡང་ཚར་གཅད་པའི་གནས་སོ། །འདི་བ་ར་དྭ་ཛས་རེ་ཞིག་མ་མཐོང་བ་སྤོང་བར་བྱེད་པ་ནི། གལ་ཏེ་ལན་གྱི་སྒོ་ནས་ངེས་པར་ཡོངས་སུ་ཤེས་པ་འདི་ནི་ཚར་

གཅད་པའི་གནས་ཡིན་ཞེ་ན། དེ་ལྟར་ནི་གྱུར་ན་ཞེས་བྱ་བ་ལ་སོགས་པ་འདི་དག་ཏུ་བརྗོད་པ་ལན་གྱི་ཡུལ་ཡོངས་སུ་ཤེས་པ་ཞེས་བྱ་བ་དེ་ཉིད་ལན་ལྡོན་པ་ཡིན་ནོ། །འདི་ནི་འགལ་བ་ཞེས་བྱ་བ་ལ་སོགས་པ་འདི་ཉིད་རྣམ་པར་དབྱེ་བའོ། །དམ་བཅའ་བ་བརྗོད་པ་མེད་པ་ཞེས་བྱ་བ་དེ་ཉིད་

ཡིན་གྱི་རྟེན་མེད་པར་གཞན་གྱི་ཕྱོགས་དགག་པ་མེད་པ་བརྗོད་པ་ནི་མི་རིགས་པའི་ལན་མ་བརྗོད་པ་ཞེས་བྱ་བ་ཚར་གཅད་པའི་གནས་སུ་རིགས་པ་ཡིན་ནོ་ཞེས་བྱ་བ་འདི་ཙམ་ནི་ཕ་རོལ་གྱི་གཞུང་ངོ་། །འདིར་སློབ་དཔོན་གྱིས་སུན་འབྱིན་པ་རྩོམ་པ་ནི། གལ་ཏེ་རྒོལ་བ་རང་གི་སྒྲུབ་པར་བྱེད་

Vol. 190 · folio 131a

པའི་དོན་གྱི་རྟེན་ཟོལ་གྱིས་ཞར་ལ་འོངས་པ་གཞན་དང་གཞན་སྨྲ་བར་འགྱུར་བ་ནི་སྔར་དཔེར་བརྗོད་པ་བཞིན་ནོ། །རི་དང་ཁང་བཟངས་ལ་སོགས་པ་བློ་སྔོན་དུ་སོང་བ་རྒྱུས་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅའ་བའོ། །ལུས་ལ་སོགས་པ་བསྟན་པའི་ཟོལ་གྱིས་མ་ལུས་

པའི་རྒྱུད་བརྗོད་པ་ཡིན་ནོ། །དཔེར་ན་ཤེས་པར་འདོད་པའི་དོན་ཙམ་བཤད་པ་ཇི་ལྟར་རྒྱས་པར་བྱེད། གང་གི་ཚེ་རྒོལ་བ་རྒྱས་པར་བྱེད་པས་ཅི་ཞིག་བྱེད་ཅེས་སྦྱོར་རོ། །དམ་བཅའ་བ་ལ་སོགས་པ་དོན་གྱི་ཁྱད་པར་གཞན་གྱིས་ཉེ་བར་མི་མཁོ་བའི་བསྒྲུབ་པར་བྱ་བ་དོན་བྱེད་པར་ཁས་བླངས་ནས་སྔར་

གྱི་དེས་ཇི་ལྟ་བ་བཞིན་དུ། སྒྲ་རྟག་མི་རྟག་ཅེས་བྱ་བ་ལ་རྒྱལ་དཔོག་པའི་རྒོལ་བ་ཚར་གཅད་པའི་མཚན་ཉིད་བཅུ་གཉིས་ལ་སོགས་པ་ནི་མཚན་ཉིད་བཅུ་གཉིས་སུ་བརྗོད་པ་ཉིད་དོ། །དཔེར་ན་ཅི་འདུས་བྱས་པས་འདི་ཐམས་ཅད་སྐད་ཅིག་མ་ཡིན་ནམ་མ་ཡིན་ཞེས་རྩོད་པའི་དངོས་པོ་ཉིད་ལ་སོགས་

པའི་སྤྱི་ལ་བརྟེན་ནས་དེ་ལ་བརྟེན་པ་དང་དེའི་ཡུལ་མངོན་སུམ་ལ་སོགས་པ་ཤེས་པ་རང་གི་བདག་ཉིད་དུ་གྲུབ་པ་དེ་མ་ཐག་ཏུ་འཇིག་པ་ནི་མི་འགྱུར་ཏེ། སྤྱི་དང་སྤྱི་མ་ཡིན་པའི་རིགས་ཀྱི་རྫས་ལས་ལྡན་པ་དང་རྣམ་པར་དབྱེ་བའི་སྒྲའི་འབྲས་བུ་སྐྱེད་པ་ནི་བརྗོད་པར་བྱ་བ་ཡིན་པའི་ཕྱིར་སྔ་ན་མེད་

པ་བཞིན་ནོ་ཞེས་བྱ་བ་རྐང་མིག་གིས་བརྗོད་པ་ཉིད་དོ། །འོ་ན་དམ་བཅའ་བ་ལ་སོགས་པ་ཞེས་བྱ་བའི་ཚོགས་པའི་སྒྲས་ཅི་ཞིག་གཟུང་བར་བྱ། རེ་ཞིག་གཏན་ཚིགས་དང་དཔེ་ནི་མ་ཡིན་ཏེ། དེ་ཙམ་བཤད་ཟིན་ཏོ་ཞེས་བརྗོད་པའི་ཕྱིར་རོ། །གཞན་ཡང་འགའ་ཞིག་ནི་འདིར་སྐབས་མ་ཡིན་

ནོ་ཞེ་ན། སྐྱོན་འདི་ནི་མེད་དེ་གང་གི་ཕྱིར་འདིར་གཏན་ཚིགས་ལ་སོགས་པ་བརྗོད་པ་ཡིན་ནོ་ཞེས་བལྟ་བར་བྱའོ། །དེས་ན་གཏན་ཚིགས་ལ་སོགས་པ་སྨོས་པས་འཕགས་པ་ཡིན་ནོ་ཞེས་འགའ་ཞིག་འདོད་དོ། །གཞན་གྱིས་སྨྲས་པ་འདི་ནི་སྨྲས་པ་མ་ཡིན་པ་ལ་དོགས་པ་ཡིན་ནོ། །

ཏྭའི་སྐྱོན་བསྟན་པའི་ཕྱིར་རོ། །གང་གི་ཕྱིར་དོན་འདི་ཙམ་ལ་ཕྱིར་རྒོལ་བར་ཤེས་པར་འདོད་པའི་དོན་ཙམ་གཞན་གྱི་ཁྱད་པར་སྤངས་པ་སྐད་ཅིག་མ་མ་ཡིན་པ་ལ་སོགས་པ་གང་ཡིན་པ་དེ་རྒོལ་བས་བརྗོད་པ་འདི་བདག་གིས་བསྒྲུབ་པར་བྱའོ་ཞེས་དུས་ཕྱིས་ཚད་མས་གསལ་བར་བྱེད་

Vol. 190 · folio 131b

པས་དམ་བཅའ་བ་ལ་སོགས་པའི་དོན་གྱི་ཁྱད་པར་བརྗོད་ཅིང་གཞན་དོན་མེད་པ་ཁས་བླངས་ནས་བརྗོད་པ་ཇི་ལྟར་རྒྱས་པར་བྱེད་པ་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་དམ་བཅའ་བའི་ཁྱད་པར་བསྒྱུར་བ་སྐབས་སུ་མ་བབ་པ་གཉི་གར་བཤད་པ་གསལ་བར་བྱེད་པ་ལྟ་བུ་རྒོལ་བ་བརྗོད་པ་

དེའི་ཚེ་དཀའ་བ་ཉིད་དོ། །སྐད་ཅིག་མ་མ་ཡིན་པ་ལ་སོགས་པ་རྩོད་པའི་གནས་ཀྱི་དོན་འདི་ཙམ་གྱི་ཚིག་གི་ནུས་པ་ལ་རྩོད་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་རྒོལ་བ་ཐམས་ཅད་ཀྱི་ཚིག་ཇི་ལྟར་རྗེས་སུ་མ་བརྗོད་པར་གྱུར་ན། ཕྱིར་རྒོལ་བ་ལས་ལན་བརྗོད་པར་ནུས་པ་ཡིན་

ཏེ། འོན་ཏེ་ཚིག་མེད་ན་མི་འབྱུང་བས་ཤེས་པར་འདོད་པའི་དོན་གྲུབ་པ་གང་ཡིན་པ་དེ་ཉིད་ཉེ་བར་དམིགས་པར་བྱ་བ་ཉིད་དོ་ཞེས་བྱ་བར་སྦྱར་རོ། །སྐྱོན་ནི་སྒྲུབ་པར་བྱེད་པའི་ཡོན་ཏན་ནི་སུན་འབྱིན་པའི་ཡུལ་ཡིན་པའི་ཕྱིར་རོ། །སུན་འབྱིན་པ་དང་སྒྲུབ་པ་ནི་གཞན་ལ་རག་ལས་ནས་

གཞན་ལ་འཇུག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་མེད་ན་མི་འབྱུང་བས་ཤེས་པར་འདོད་པའི་དོན་གྲུབ་པར་འགྱུར་ཞེ་ན། བཤད་པ་ཕྱོགས་ཀྱི་ཆོས་དང་ཁྱད་པར་རབ་ཏུ་སྒྲུབ་པ་ཡིན་ཏེ། ཁྱབ་པ་སྒྲུབ་པར་བྱེད་པའི་གནོད་པ་ཅན་གྱི་ཚད་མ་བསྟན་པའི་ཕྱིར་རོ། །ཅི་འདི་ཙམ་

ཡང་སྒྲུབ་པར་བྱེད་པ་ལ་སྦྱོར་བའི་དོན་གཞན་སྤོང་བར་བྱེད་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། བཤད་པ། དེ་ལ་ཡང་ཞར་ལ་བྱུང་བ་སྤོང་བ་ཡིན་ནོ་ཞེས་བྱ་བ་ནི་དོན་མེད་དོ་ཞེས་མངོན་པར་འདོད་དོ། །དེ་ཙམ་གྱིས་ཉེ་བར་བསྟན་པའི་སྔར་གྱི་གོ་རིམས་ལས་ཕྱིས་གཞན་དུ་ཇི་སྟེ་མ་ཡིན། དེ་ལ་

ཡང་སུན་འབྱིན་པའི་ཡུལ་ཉེ་བར་བསྟན་པའི་དོན་རྗེས་སུ་བརྗོད་པ་ཇི་སྙེད་པ་ཐམས་ཅད་ཉེ་བར་བཀོད་པའི་རྒོལ་བས་དེ་མ་ཡིན་པའི་སྐྱོན་བརྗོད་པའི་ཕྱིར་རོ། །སྔ་མའི་རིམ་པ་བཞིན་དུ་བརྗོད་པར་མི་བྱའོ། །ཅིའི་ཕྱིར་ཞེ་ན། ལན་གཉིས་བརྗོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ལན་

གཉིས་བརྗོད་པར་ཐལ་བར་འགྱུར་བ་ཉིད་དུ་བསྟན་པ་ནི། དང་པོའི་གནས་སྐབས་ཀྱི་སྐྱོན་བརྗོད་པར་མི་བྱ་བ་ལ་སོགས་པའོ། །གལ་ཏེ་ཚིག་གི་གོ་རིམས་བཞིན་དུ་བརྗོད་པར་ཐལ་བར་མི་བྱེད་ན། ད་ནི་སུན་འབྱིན་པའི་ཡུལ་མེད་པར་ཐལ་བར་འགྱུར་བའོ་ཞེ་ན། ཅིའི་ཕྱིར་ཞེ་ན། མེད་ན་མི་

Vol. 190 · folio 132a

འབྱུང་བ་ཉིད་ཡིན་པའི་ཕྱིར། སུན་འབྱིན་པའི་ཡུལ་ཉེ་བར་བསྟན་པར་བྱ་བ་ཁོ་ནའོ། །ཇི་ལྟར་སྐྱོན་གྱི་ཚིག་རེ་རེའི་ཡུལ་བསྟན་པར་བྱའོ། །སུན་འབྱིན་པའི་ཚིག་རེ་རེ་ལ་སྐྱོན་བརྗོད་པ་གང་ཡིན་པ་དེ་དང་དེ་ནི་ཡུལ་བརྗོད་པར་བྱའོ་ཞེས་བརྗོད་པའི་དོན་ཏོ། །

དེ་ཉིད་བརྗོད་པ་ནི་རྒོལ་བས་སུན་འབྱིན་པར་བརྗོད་པའི་སྐྱོན་འདི་ཡིན་ཞེས་བྱ་བའོ། །ཡང་ཅིའི་ཕྱིར་ཡིན་ཞེ་ན། སྐྱོན་ཐམས་ཅད་ཅིག་ཅར་ཚིག་གིས་བརྗོད་པར་བྱ་བ་ཡིན་ནོ་ཞེས་ཐམས་ཅད་གོ་རིམས་བཞིན་དུ། བརྗོད་པ་གང་ཡིན་པ་དེ་ལ་འཁྲུལ་པའི་གཞན་གྱི་ཕྱོགས་ནི་

རིགས་པ་མ་ཡིན་ནོ། །དེ་བརྗོད་པ་ཡིན་ཏེ་སྐྱོན་བརྗོད་པ་མེད་པར་འདི་ལན་གཉིས་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་དེ་ལྟ་ན་ཚིག་སོ་སོར་ཉེ་བར་དགོད་པ་ནི་འབྲས་བུ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་ནི་གོ་རིམས་མེད་པར་རྗེས་སུ་སྨྲ་བ་ནི། ཕམ་པའི་རྟེན་ཅན་དུ་བརྗོད་པར་བྱའོ། །ད་ནི་འདིར་

རྐང་མིག་གིས་སྐྱོན་འདི་ཐམས་ཅད་ཕྱོགས་སྔ་མ་ཁས་མི་ལེན་ན་ཁོ་བོ་ཅག་གིས་སོ་སོར་གསལ་བར་བྱའོ་སྙམ་དུ་སེམས་གཞན་དུ་རྗེས་སུ་ཤེས་པ་དེ་ལྟར་འགྱུར་རོ་སྙམ་ནས། དེ་ལྟར་གྱུར་ན་ཞེས་བྱ་བ་ནི་འདི་དག་ཉིད་བརྗོད་པར་བྱའོ། །གང་གི་ཕྱིར་འགའ་ཞིག་ལ་ཞེས་བྱ་བ་ནི། རང་གི་

སྒྲུབ་པར་བྱེད་པའི་དོན་སྟོན་པའི་ཟོལ་གྱིས་དམ་བཅའ་ལ་སོགས་པའི་དོན་གྱི་ཁྱད་པར་རམ། བརྒྱུད་པས་ཁས་བླངས་པ་ཞར་ལ་འོངས་པ་མེད་ན་མི་འབྱུང་བ་མ་ཡིན་པར་འདོད་པའི་ངོ་བོར་སྒྲུབ་པ་ཞེས་བྱ་བར་སྔར་བཤད་པར་རྒོལ་བར་བརྟགས་པའི་ཕྱིར་དང་། དོན་གཞན་གོ་བར་བྱ་བ་མ་

ཡིན་པའི་ཕྱིར། ཚར་གཅད་པར་འོས་པ་ཡིན་ནོ། །ཞར་ལ་འོངས་པར་བརྗོད་པ་ནི་གང་ཡིན། ཚར་གཅད་པར་བྱ་བ་གང་ཡིན་ཞེ་ན། འགའ་ཞིག་འགའ་ཞིག་ལ་ཞར་ལ་འོངས་པར་བྱེད་པ་མེད་པ་ནི་མི་རིགས་ཏེ། སྔར་ཇི་སྐད་བཤད་པ་བཞིན་དུ་ཆོས་བདག་མེད་པར་སྨྲ་བ་སྒྲུབ་བྱེད་དུ་གླུ་དང་

གར་ལ་སོགས་པ་ཡང་ཐལ་བར་འགྱུར་རོ་ཞེས་བྱའོ། །རྒོལ་བ་དེས་ཞར་ལ་འབྱུང་བ་བརྗོད་པ་གང་ཡིན་པ་དེའི་རྗེས་སུ་ཕྱིར་རྒོལ་བ་སྨྲ་བ་ཡང་མ་ཡིན་ཏེ། ཉེ་བར་མི་མཁོ་བ་ལ་རྗེས་སུ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་སྔར་ཇི་སྐད་བཤད་པ་ནི། འདི་གལ་ཏེ་ཞིག་ན་རྒོལ་བ་

Vol. 190 · folio 132b

རང་ཉིད་སྒྲུབ་པར་བྱེད་པའི་དོན་གྱིས་བསྟན་པ་འདི་གཞན་དུ་ཡོངས་སུ་ཤེས་སོ། །ད་ནི་ཇི་ལྟར་བཤད་པ་དེ་ཡང་ཐམས་ཅད་གོ་རིམས་བཞིན་དུ་བརྗོད་པར་མི་བྱ་བ་མ་ཡིན་ཏེ། ལན་ཅིག་བརྗོད་པར་ཐལ་བར་འགྱུར་བའི་ཕྱིར། ཞེས་ཕྱིས་སུན་འབྱིན་པ་བརྗོད་པ་ནི། འདི་ཡང་མ་ཡིན་ཏེ། ཁོ་བོ་

ཅག་གིས་ཞེས་བྱ་བ་ལ་སོགས་པ་དེ་རྗེས་སུ་ཤེས་སོ། །སློབ་དཔོན་གྱིས་སྨྲས་པ་གལ་ཏེ་ཁྱེད་ཀྱང་དེ་ལྟ་བུ་ཡིན་པ་ཉིད་དུ་འདོད་པ་དེ་ལྟ་ན་རྗེས་སུ་བརྗོད་པ་ལས་ལོགས་ཤིག་ཏུ་བརྗོད་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། སྤོབས་པ་མེད་པའི་ནང་དུ་འདུས་པའི་ཕྱིར་རོ། །འདུས་པ་ཉིད་དུ་བསྟན་

པར་བྱ་བ་ཡིན་ལ། ལན་རྟོགས་པ་མེད་པ་ནི་སྤོབས་པ་མེད་པ་ཉིད་དོ། །ཇི་ལྟ་བ་འདུས་པ་ཡིན་ཞེ་ན། བཤད་པ། ལན་གྱི་ཡུལ་མ་བསྟན་ན་ལན་གསུམ་པའི་སྤོབས་པ་དང་རྟོགས་པ་དང་ཤེས་པ་དང་བརྗོད་པ་ལ་ནུས་པ་མེད་དོ། །ཅིའི་ཕྱིར་མི་ནུས་ཤེ་ན། རྗེས་སུ་ཆགས་པ་ལ་ཞེས་བྱ་བ་

ལ་སོགས་པ་སྨོས་ཏེ། ལན་རྟོགས་པ་མེད་པ་ནི་ལན་ཁོང་དུ་ཆུད་པ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མི་འཕེན་པ་དེ་ནི་མ་ཡིན་པ་དེ་ནི་རྗེས་སུ་བརྗོད་པ་མེད་པ་གང་ཡིན་པ་དེ་དེ་བཞིན་དུ་དགག་པ་རྣམ་པ་གཉིས་ཀྱིས་ངེས་པར་རྣམ་གཉིས་འཕེན་པའི་ལམ་རྟོགས་པ་མེད་པ་ཉིད་དོ། །འདི་སྐད་སྟོན་པ་

ཡིན་ཏེ། རྟོགས་པར་བྱ་བ་གང་ཡིན་པ་དེ་ནི་ཡུལ་གདོན་མི་ཟ་བར་འདི་ཡིན་ནོ་ཞེས་དེ་དང་དེ་དག་ནི་དམ་བཅའ་བ་སུན་འབྱིན་པའི་ཕྱིར་རོ། །ཡོངས་སུ་ཤེས་པའི་ཡུལ་ཡང་སེམས་དང་བཅས་པ་སུ་ཞིག་དེ་རྗེས་སུ་མི་བརྗོད་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་ལ་རྗེས་སུ་བརྗོད་པ་ནི་མ་ཡིན་ནོ། །

དེའི་ཕྱིར་གང་ལ་རྗེས་སུ་བརྗོད་པ་མེད་པ་དེ་ལ་སོགས་པ་མ་ཡིན་པ་དེ་ནི་དེའི་ཁྱབ་པར་བྱེད་པ་མ་ཡིན་ཏེ། ཤིང་དང་སེང་ལྡེང་བཞིན་ནོ། །དེ་ཡང་ཚར་གཅད་པའི་གནས་སུ་བྱས་པ་ཉིད་དོ། །རྗེས་སུ་བརྗོད་པ་མེད་པ་ལ་ཁྱབ་པ་ཡིན་པ་དེས་དེ་འཕངས་པ་ཞེས་བྱ་བ་དེ་གསལ་བར་བྱེད་པའི་

མཇུག་བསྡུ་བ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་དཔེར་བརྗོད་པ་སྨྲས་པ་ནི་བ་ལང་གི་ཐ་སྙད་གང་ཡིན་པ་དེ་ཐ་དད་པར་ངེས་པ་མེད་པའི་སྤྱི་ལ་བྱེད་པ་བཞིན་དུ་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་དེས་ཁྱབ་པའི་ཁྲ་མོ་ཐོབ་པར་འགྱུར་རོ་སྙམ་ནས་འཇུག་གོ། །སྦྱོར་བ་ནི་གང་ཡང་

Vol. 190 · folio 133a

གཅིག་བརྗོད་པ་ནི་ཤུགས་ཀྱིས་མ་བརྗོད་པ་ཐོབ་པར་འགྱུར་བ་དེ་ནི་རྟོགས་པ་སྔོན་དུ་གཏོང་བས་སླར་ཕར་བརྗོད་པར་མི་བྱ་སྟེ། དཔེར་ན་བ་ལང་གི་རིགས་ཀྱི་ལྐོག་ཤལ་ལ་སོགས་པ་རྗེས་སུ་བརྗོད་པ་ནི་ཤུགས་ཀྱིས་དེ་ལ་ཐ་དད་པའི་ལྐོག་ཤལ་ལ་སོགས་པ་དང་ལྡན་པ་ཐོབ་པར་

འགྱུར་བ་བཞིན་དུ་བརྗོད་པ་མེད་པའི་ཚར་གཅད་པའི་གནས་ཀྱང་སྤོབས་པ་མེད་པའི་ཚར་གཅད་པའི་གནས་སུ་བརྗོད་པའི་ཤུགས་ཀྱིས་ཐོབ་པ་ཡིན་ནོ་ཞེས་པའི་ཁྱད་པར་བྱེད་པ་དང་འགལ་བ་དམིགས་པའོ། །འོ་ན་ཡང་ཕྱིར་རྒོལ་བ་ཤེས་ནས་ཀྱང་ཡུལ་དག་གིས་ཡུལ་གྱི་ཡུལ་དག་ལ་ལན་

འདེབས་པར་འཇིགས་པ་དག་འདར་བ་ལ་སོགས་པ་སེམས་དཀྲུགས་པར་བྱས་པའི་ཕྱིར་རྒོལ་བས་རྗེས་སུ་བརྗོད་པ་མེད་པ་ཡིན་ནོ། །སྤོབས་པ་མེད་པ་དེ་དེའི་ཁྱབ་པར་བྱེད་པ་ཇི་ལྟར་འགྱུར། གང་གིས་འདིའི་གཏན་ཚིགས་སུ་གྲུབ་པར་འགྱུར་ཞེ་ན། མ་ཡིན་ཏེ། དེ་ལྟ་བུ་མི་སྲིད་པའི་

ཕྱིར་རོ། །ཡུལ་དག་གིས་ཡུལ་གྱི་ཡུལ་དག་ལ་ཡང་ལན་འདོན་པ་ནི་མ་ཡིན་རྣམ་པ་འགའ་ཞིག་གིས་འཇིགས་པ་འམ། བརྒྱལ་བ་འམ་མི་ཤེས་པ་མེད་པའི་ཕྱིར་རོ། །འཇིགས་པ་དང་འདར་བས་རྡུལ་བྱུང་བ་ལ་སོགས་པ་དེ་ལྟ་དེ་ལྟར་གྱུར་པ་ཡང་འཇིགས་པས་དཀྲུགས་

པར་བྱས་ནས་ཡིན་ནོ། །དེ་ལྟ་ན་ཐོག་མ་ནས་དེ་ལྟ་བུའི་རྩོད་པ་བྱེད་དུ་འགྲོ་བར་ཡང་མི་འགྱུར་རོ། །གཞན་ཡང་གལ་ཏེ་ཕ་རོལ་པོ་བྱིས་པ་ཉིད་དུ་འགྱུར་ན་དེ་ལྟ་བུར་འགྱུར་གྱི་བྱིས་པའི་ཆེད་དུ་བྱས་ནས་རིགས་པའི་བསྟན་བཅོས་བརྩམས་པ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་སྤོབས་པ་

མེད་པའི་ནང་དུ་འདུས་པ་ལ་འགལ་བ་མེད་དོ། །གང་གི་ཕྱིར་ལན་མི་ཤེས་པ་དང་ལན་མི་བརྗོད་པའི་ངོ་བོ་རྣམ་པ་གཉིས་ལ་ལན་རྟོགས་པ་མེད་པ་ཡིན་ལ་དེའི་ཕྱིར་འདི་ཡང་མ་ཡིན་ནོ། །འོན་ཏེ་གཞན་གདུང་བར་བྱེད་པའི་དོན་ཡིན་པ་དེ་ལྟར་ཡང་ལན་གསུམ་བརྗོད་པར་བྱ་བ་ཡིན་ན་དེ་ལ་འབྲས་

བུ་ཅི་ཞིག་ཡོད། །དབང་པོ་རྣམས་གསལ་པོར་སྨྲ་བ་ལས་ཉམས་པ་རྣ་བར་བཤུབས་པ་འདི་དོན་འདི་ལ་ཁོ་བོས་བརྗོད་པར་འདོད་པ་ཡིན་ནོ་ཞེས་བྱ་བ་དུས་ཕྱིས་ཕྱིར་རྒོལ་བས་དཀའ་ཞིང་སྡུག་བསྔལ་བས་རྟོགས་པས་མདོར་བསྡུས་པ་ལ་སོགས་པ་ནི་ཉེ་བར་འཚེ་བ་ཡིན་ནོ། །དཀའ་བ་ནི་བརྗོད་དཀའ་

Vol. 190 · folio 133b

བའོ། །རྟོགས་པ་མེད་པ་ནི་སིང་ག་གླིང་གི་སྐད་ལ་སོགས་པ་བརྡར་མ་བྱས་པའོ། །མྱུར་བ་ན་མགྱོགས་པར་བརྗོད་པའོ། །མདོར་བསྡུས་པ་ལ་སོགས་པ་མདོ་སྡེའི་ཚིག་བཞིན་ནོ། །བཟླུམས་ཏེ་བྱས་སོ་ཞེས་བྱ་བའི་དོན་ཏོ། །སོགས་པ་སྨོས་པ་ནི་སྦས་པའི་དོན་རྣམས་སྨོས་པ་སྟེ། དཔེར་

ན། རང་གི་ཕྱོགས་ལ་དམིགས་ནས་རྣམ་པར་ཕྱེ། །གང་ཞིག་འདོད་དང་རེག་པ་འདི་ཡིན་ནོ། །ཞེས་བྱ་བ་ལྟ་བུའོ། །དཔེར་ན་ཕྱིར་རྒོལ་བ་ལན་བརྗོད་པ་ལ་སྨོས་ནས་སྨྲ་བར་མི་བྱའོ། །འཁོར་དང་ཕྱིར་རྒོལ་བ་དག་གིས་ལན་གསུམ་བརྗོད་པ་ནི་རྣམ་པར་མི་རིག་པར་རྣམ་པར་རིག་པའི་དོན་

མ་ཡིན་པའི་ཕྱིར་འདིར་མཚམས་མེད་པ་དང་། དཀའ་བ་ལ་སོགས་པའི་སྒྲ་སྦྱོར་བ་ནི་ཐུབ་པ་རྣམས་ཀྱིས་དགག་པའི་ཕྱིར་འདིར་རིགས་པ་མ་ཡིན་པ་བྱེད་པར་འཐད་པ་མ་ཡིན་ནོ་ཞེ་ན། གཞན་ཉེ་བར་གདུང་བར་བྱེད་པའི་རིམ་པ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཀྱང་གཞན་

གདུང་བ་ལ་དམིགས་པ་འཇུག་པ་མ་ཡིན་ནོ། །བསྟན་བཅོས་ཀྱང་དེའི་ཆེད་དུ་བརྩམས་པ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །སྐྱེ་བོ་ངན་པ་ལོག་པར་རྟོགས་པའི་དབང་དུ་བྱས་ནས་བསྟན་བཅོས་འཇུག་པར་འགྱུར་བའི་ཕྱིར་རོ། །གཞན་གདུང་བའི་ཆེད་དུ་མི་འཇུག་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་

རེ་ཞིག་བརྗོད་པར་བྱ་སྟེ། ཇི་སྲིད་དུས་འདིས་རྟོགས་ན་ལན་གསུམ་གྱི་བར་དུ་བརྗོད་པར་མི་བྱའོ། །འོན་ཏེ་རྒོལ་བས་ལན་བརྒྱར་ཡང་དང་ཡང་དུ་བརྗོད་ན་ཡང་ཕྱིར་རྒོལ་བ་རྨོངས་པས་གཟུང་བར་ནུས་པ་མ་ཡིན་ནོ་ཞེ་ན། གཟུང་བར་ངེས་པས་མི་ནུས་པར་ངེས་པ་ཡིན་པ་དེའི་ཚེ་རྣམ་པ་

འགའ་ཞིག་ངེས་པའི་སྒྲུབ་པར་བྱེད་པའི་སྦྱོར་བས་འདི་དང་ལྷན་ཅིག་ཏུ་བརྗོད་པས་ཅི་ཞིག་བྱ་སྙམ་ནས་སྔར་ཉིད་དུ་འདོང་བར་འགྱུར་རོ། །ཡོངས་སུ་བཅད་ནས་སྦྱོར་བར་ནུས་པས་བརྒྱུད་པ་ལ་རྨོངས་པའི་ཕྱིར་རྒོལ་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གང་གིས་རྒོལ་བ་དེ་ལྟ་བ་ལ་ལན་དེ་ལྟ་བ་

གདབ་པར་ཇི་ལྟར་མི་ནུས་པ་ཡིན་ནོ་སྙམ་དུ་དོགས་པ་གཞན་ལ། བཤད་པའི་ཚིག་འདིས་དོན་རྟོགས་པར་མི་ནུས་ན་ཡང་དབང་པོ་གཞན་གྱིས་རྟོགས་པར་བྱ་སྟེ། དེ་ལྟར་དངོས་པོ་རྣམ་པར་དབྱེ་བ་གནས་པའི་ཕྱིར་རོ། །དོན་རྣམ་པར་དབྱེ་བ་མི་ཤེས་པ་དངོས་པོ་རྐྱེན་ངེས་པར་བརྗོད་པའི་

Vol. 190 · folio 134a

ཕྱིར་རོ། །སྒྲུབ་པར་བྱེད་པའི་ངག་གི་དོན་ཡོངས་སུ་ཤེས་པ་ཚར་གཅད་པའི་གནས་སོ། །དེ་ཉིད་ཀྱི་ཕྱིར་རྣམ་བཤད་ཀྱི་ཊཱི་ཀཱ་མཛད་པས། ངག་གི་དོན་གྱི་ཡུལ་ལ་རྣམ་པར་ཤེས་པ་མི་སྐྱེ་བ་ནི་མི་ཤེས་པ་ཡིན་ནོ་ཞེས་རྣམ་པར་འགྲེལ་ཏེ། ལས་འདི་ལ་ངེས་པར་བརྗོད་པའི་རྒོལ་པ་

རབ་ཏུ་སྦྱོར་བའི་ངག་ཉིད་ཡིན་ལ་དེ་ལྟ་ན་ཡང་ངག་གི་དོན་གྱི་ཡུལ་གྱི་ཤེས་པ་མི་སྐྱེ་བ་དང་ཁྱད་པར་མེད་པའི་ཕྱིར་རྒོལ་བ་ནི་ཚར་གཅད་པའི་གནས་ཡིན་ནོ་ཞེས་བྱ་བ་ཅུང་ཟད་ཀྱང་འགལ་བ་མེད་དོ། །གཞན་ངེས་པར་དོན་སྨོས་པ་མཐོང་སྟེ། མདོའི་དོན་སྨོས་པ་ནོར་བར་འདོད་པ་དོན་མི་ཤེས་པ་

ཡང་མི་ཤེས་པ་ཡིན་ནོ་ཞེས་བྱ་བ་དེ་ནི་ཡིད་ཆེས་པས་སྨྲ་བ་མ་ཡིན་ནོ། །དབང་པོས་སྒྲུབ་པར་བྱེད་པའི་ངག་གི་དོན་རྣམ་པར་ཤེས་ན་ཡང་ཕྱིར་རྒོལ་བས་རྣམ་པར་མི་ཤེས་ན་ཡང་། ཕྱིར་རྒོལ་བས་རྣམ་པར་མི་ཤེས་པ་དང་ཁོང་དུ་མི་ཆུད་པ་གང་ཡིན་པ་དེ་ནི་མི་ཤེས་པ་ཡིན་ཟེར་བར་བྱེད་

ཀྱི་ཕྱོགས་ཀྱི་ཡི་གེ་དགོད་པ་ཡིན་ནོ། །ལས་ཀྱི་ཕྱོགས་ཡིན་པ་དེ་ལ་ཡང་འགལ་བ་མེད་དེ་ངག་གཅིག་པ་དེ་ཉིད་ཀྱིས་བཤད་དོ། །དབང་པོས་རྣམ་པར་ཤེས་པའི་དོན་ཅི་ཞིག་ཡིན། དབང་པོས་ཤེས་པའི་རྒོལ་བས་དོན་མི་ཤེས་པ་ཚར་གཅད་པའི་གནས་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །ཚར་གཅད་པར་མི་

བྱའོ། །བཤད་པ། དོན་རྣམ་པར་མི་ཤེས་པའི་ཕྱིར་རྒོལ་བ་དེ་དགག་པར་སྨྲ་བར་བྱ་བ་མ་ཡིན་ཏེ་ཞེས་བྱ་བ་གཞན་གྱི་སྐྱོན་བརྗོད་པའི་གཞུང་གི་ལན་དུ་འདི་སྦྱོར་བར་བྱེད་དོ། །དེ་ཡང་རིགས་པ་མ་ཡིན་ཏེ། རྣམ་བཤད་ཀྱི་འགྲེལ་པའི་གཞུང་ཡིན་པའི་ཕྱིར་རོ། །སྒྲུབ་པ་ཁོང་དུ་ཆུད་པ་མེད་པ་ཉིད་ནི་དཔེར་

ན་རྗེས་སུ་མི་སྨྲ་བ་བཞིན་དུ་ལན་རྟོགས་པ་མེད་པའི་གནས་ནི་ཚར་གཅད་པའི་གནས་ཡིན་ནོ། །ལན་རྟོགས་པ་མེད་པ་ཇི་ལྟར་ཡིན་ཞེ་ན། བཤད་པ། ཡུལ་བསྟན་པ་མེད་པའི་ཕྱིར་རོ། །ཕྱིར་རྒོལ་བས་ལན་ཁོང་དུ་ཆུད་པར་མི་ནུས་པར་བྱས་པ་ནི། གང་གི་རྣམ་པར་རིག་པའི་ཡུལ་

བསྟན་པ་མ་ཡིན་པའོ་ཞེས་ཁྱད་པར་གྱི་ཚིག་བསྡུ་བ་ཉིད་དོ། །འདི་ལྟར་སུན་འབྱིན་པའི་ཡུལ་བསྟན་པའི་དོན་དུ་བརྗོད་པ་ཡིན་ནོ། །དེ་ཡང་སྤངས་ནས་གང་གི་ཚེ་རྒོལ་བ་གཞན་གྱིས་བརྗོད་པ་ནི་མ་ཡིན་རྗེས་སུ་བརྗོད་པ་དེའི་ཚེ་ལན་གྱི་ཡུལ་མེད་པར་དེ་ལྟ་བུར་གྱུར་པ་དེ་རྗེས་སུ་བརྗོད་པ་ནི་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words