དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ
Sanskrit title (Tibetan script, as in the text) ཏཏྟྭ་སཾ་གྲ་ཧ་ཀཱ་རི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 191 · folio 1b
༄༅༅། །རྒྱ་གར་སྐད་དུ། ཏཏྟྭ་སཾ་གྲ་ཧ་ཀཱ་རི་ཀཱ། བོད་སྐད་དུ། དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
རང་བཞིན་དབང་ལྡན་གཉིས་ཀ་དང་། །བདག་སོགས་བྱེད་དང་བྲལ་གཡོ་བ། །ལས་དང་དེ་འབྲས་འབྲེལ་པ་དག །རྣམ་པར་གཞག་ལ་སོགས་པའི་རྟེན། །ཡོན་ཏན་རྫས་དང་བྱ་བ་དང་། །རིགས་
དང་འདུ་སོགས་ཁྱད་པར་གྱིས། །སྟོང་དང་སྒྲོ་བཏགས་རྣམ་ཅན་ནི། །སྒྲ་དང་ཤེས་པའི་སྤྱོད་ཡུལ་ཅན། །མཚན་ཉིད་གསལ་དང་ལྡན་པ་ཡི། །ཚད་མ་གཉིས་ཀྱིས་གཏན་ལ་དབབ། །ཆ་ཤས་ཤིན་
ཏུ་ཕྲ་བས་ཀྱང་། །འདྲེས་པ་གཞན་གྱི་བདག་ཉིད་མིན། །མི་འཕོ་ཐོག་མཐའ་མེད་པ་ཅན། །གཟུགས་བརྙན་ལ་སོགས་དག་དང་འདྲ། །སྤྲོས་པ་ཀུན་གྱི་ཚོགས་དང་བྲལ། །གཞན་གྱིས་རྟོགས་པ་མ་
ཡིན་དང་། །རང་དབང་ཐོབ་ལ་མི་བརྟེན་པ། །འགྲོ་ལ་ཕན་པ་མཛད་བཞེད་པས། །བསྐལ་པ་གྲངས་མེད་མི་ཉུང་བས། །ཐུགས་རྗེ་ཆེན་པོའི་བདག་གྱུར་པ། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི། །གང་གིས་
Vol. 191 · folio 2a
གསུངས་པ་སྨྲ་བའི་མཆོག །ཀུན་མཁྱེན་དེ་ལ་ཕྱག་འཚལ་ནས། །དེ་ཉིད་རྣམས་ནི་བསྡུ་བར་བྱ། །ནུས་པ་མ་ལུས་དང་ལྡན་པའི། །གཙོ་བོ་ཉིད་ནི་འབའ་ཞིག་ལས། །འབྲས་བུའི་ཁྱད་པར་རབ་སྐྱེ་སྟེ། །
དེ་དངོས་ཅན་ཉིད་ཡང་དག་པར། །གལ་ཏེ་རྒྱུ་ཡི་བདག་ཉིད་ལ། །ནུས་པ་འབྲས་བུ་དོན་ཡོད་མིན། །དེ་ནི་བྱ་བར་མི་ནུས་ཏེ། །ངོ་བོ་མེད་ཕྱིར་མཁའ་པད་བཞིན། །མེད་པར་མཚུངས་ན་ཅི་ཡི་ཕྱིར། །སཱ་ལུའི་ས་བོན་ལ་
སོགས་པའི། །བྱེ་བྲག་ཕྱིར་ན་ངེས་པ་ཡི། །ཉེར་ལེན་ལེན་བྱེད་གཞན་མ་ཡིན། །སྐྱེ་བའི་ཆོས་ཅན་ཐམས་ཅད་ཀྱང་། །དངོས་པོ་ཀུན་ལ་སྐྱེ་འགྱུར་ཏེ། །འདི་ཀུན་ལ་ནི་དེ་བདག་ཉིད། །ཁྱད་པར་ཁྱད་པར་མེད་ཕྱིར་རོ། །འདི་
ཡི་ནུས་པ་ངེས་པའི་ཕྱིར། །དེ་ལྟ་མིན་ཞེས་ལན་མི་རུང་། །གང་ཕྱིར་ནུས་པའི་རྒྱུ་དག་གིས། །ནུས་པར་འོས་པའི་འབྲས་ཉིད་བྱེད། །ཁྱད་པར་བྱར་མེད་གང་ཡིན་པ། །དངོས་པོ་མེད་དང་འགྱུར་བ་མེད། །གྱུར་ན་བདག་ཉིད་ཉམས་
གྱུར་ཕྱིར། །དེ་དག་གིས་དེ་ཇི་ལྟར་བྱེད། །དེ་ལྟར་འབྲས་ཉིད་མི་རུང་ཕྱིར། །ཅི་ཞིག་བྱེད་པས་རྒྱུ་རུ་འགྱུར། །དེ་ཕྱིར་ས་བོན་ལ་སོགས་པ། །རྒྱུ་ཡི་དངོས་པོར་ཡང་མི་འགྱུར། །གསལ་བ་འདི་ནི་བདེ་སོགས་ཀྱི། །རྫས་
Vol. 191 · folio 2b
འགྲོའི་བར་ནི་གསལ་བར་སྣང་། །རབ་ཏུ་གདུང་དང་བཏང་སྙོམས་སོགས། །འབྲས་བུ་འདི་ལ་དམིགས་ཕྱིར་རོ། །དེ་ཕྱིར་དེ་བདག་ཅན་ལས་བྱུང་། །དེ་རིགས་རྗེས་འགྲོ་མཐོང་ཕྱིར་ཏེ། །བུམ་སོགས་བྱེ་བྲག་བཞིན་གཙོ་བོ། །དེ་ཡང་ཡིན་ཞེས་སེར་སྐྱ་སྨྲ། །འདི་ལ་བློ་བཟང་
རྣམས་འཆད་པ། །ཡོད་པ་ལ་ཡང་ཀླན་ཀ་མཚུངས། །དེ་ལ་ཁྱེད་ཀྱི་ལན་གང་ཡིན། །བློ་བཟང་རྣམས་ཀྱི་འང་དེ་དང་འདྲ། །གལ་ཏེ་ཞོ་སོགས་འོ་མ་སོགས། །བདག་ཉིད་ལ་ནི་རྣམ་ཀུན་ཡོད། །རྒྱུ་ལ་སོགས་དང་འདྲ་བདག་ཉིད། །ཡོད་པ་དེ་དག་ཅི་ཞིག་སྐྱེ། །འབྲས་བུ་དེ་
རྒྱུས་བསྐྱེད་བྱ་མིན། །ཡོད་ཕྱིར་རྒྱུ་དང་རིག་པ་བཞིན། །དེ་ཕྱིར་མངོན་འདོད་རྒྱུ་མིན་ཏེ། །བསྒྲུབ་བྱ་མེད་ཕྱིར་བདག་མཆོག་བཞིན། །གལ་ཏེ་གསལ་སོགས་མཚན་ཉིད་ཅན། །ཁྱད་པར་གྱུར་པ་འགའ་ཞིག་ལ། །འདི་ནི་རྒྱུ་རྣམས་ཀྱིས་བྱེད་ན། །ཐ་སྙད་དུ་ནི་འགྱུར་བ་མིན། །གལ་
ཏེ་སྔ་ན་དེ་ཡོད་ན། །དེ་ལྟར་ཅི་ཡང་ལན་མ་ཐེབས། །འོན་ཏེ་དེ་མེད་དེ་དག་ལས། །མེད་པར་ཇི་ལྟར་སྐྱེ་བར་འགྱུར། །དེ་ཕྱིར་བསྒྲུབ་བྱ་མེད་པས་ན། །ཉེར་ལེན་ཡོངས་སུ་འཛིན་པ་མེད། །ངེས་པ་ལས་ཀྱང་སྐྱེ་བ་མེད། །ནུས་པ་མེད་ཅིང་བྱ་བའང་མེད། །བདག་ཉིད་ཐམས་ཅད་རྫོགས་
པའི་ཕྱིར། །འདི་ནི་འབྲས་བུ་ཅི་ཡང་མེད། །དེ་ཕྱིར་རྒྱུ་ཡི་ཐ་སྙད་ཀྱང་། །འཐད་པ་ཉིད་ནི་མ་ཡིན་ནོ། །སྒྲུབ་བྱེད་ཞུགས་པ་ཐམས་ཅད་ནི། །ཕྱིན་ཅི་ལོག་ནི་བཟློག་པ་དང་། །ངེས་པ་སྐྱེད་བྱེད་དེ་ལྟ་བུར། །འདི་ནི་རིགས་པས་འཐད་མ་ཡིན། །ཐེ་ཚོམ་དང་ནི་ཕྱིན་ཅི་ལོག །རྟག་ཏུ་
གནས་ཕྱིར་བཟློག་ཏུ་མེད། །ངེས་པ་སྐྱེ་བའང་ཡོད་མ་ཡིན། །དེ་ཉིད་ཕྱིར་ན་ཀུན་དོན་མེད། །ཡང་ན་ངེས་པ་མེད་པ་ནི། །སྒྲུབ་བྱེད་ལས་ནི་སྐྱེ་འགྱུར་ན། །ཡང་དག་མ་ཡིན་སྐྱེ་ཞེ་ན། །དེ་ཉིད་ཀྱིས་ན་འདི་དག་ཀུན། །འཁྲུལ་པ་ཅན་གྱུར་མ་ཡིན་ནམ། །གལ་ཏེ་མི་གསལ་དེ་དག་
ལས། །གསལ་རྟེན་ཞེ་ན་དེ་གསལ་གང་། །ངོ་བོ་ཁྱད་པར་སྐྱེ་མིན་ཏེ། །དབྱེར་མེད་ཕྱིར་དང་མ་འབྲེལ་ཕྱིར། །ཡུལ་དེ་རིགས་པ་འང་མ་ཡིན་ལ། །དམིགས་པའི་སྒྲིབ་པ་ཟད་པའང་མིན། །རྟག་པའི་ཕྱིར་དང་དམིགས་པ་ནི། །གཉིས་པ་ཡང་ནི་མི་སྲིད་ཕྱིར། །ཡོན་ཏན་གསུམ་ལྡན་
Vol. 191 · folio 3a
དབྱེར་མེད་ཀྱང་། །ཐམས་ཅད་ཀུན་གྱི་བྱེད་པོ་མིན། །གང་འདྲ་མེད་པའང་དེ་དང་འདྲ། །ཐམས་ཅད་བྱེད་པོ་ཀུན་མིན་ན། །ལྟོས་སམ་མ་གྲུབ་པ་ཡི་ཕྱིར། །ཁྱོད་ནི་ནུས་པ་ངེས་པ་མེད། །ཡོད་ན་དེ་ཡི་ངེས་པ་ནི། །ལྟོས་བཅས་རིགས་པ་མ་ཡིན་ནམ། །དེ་མིན་དེ་དག་
མ་སྐྱེས་ན། །དེ་ལྟའི་སྒྲ་ནི་མེད་དུ་ཟད། །ཁྱད་པར་ཀུན་གྱིས་དབེན་པ་ཡི། །དངོས་པོའི་ངོ་བོ་ཉམས་པ་མེད། །མིང་ནི་དངོས་པོའི་ངོ་བོ་མིན། །གང་ཕྱིར་བརྗོད་དང་རྣམ་རྟོག་ནི། །རྣམ་པ་སྣ་ཚོགས་དབྱེར་མེད་ལ། །ཇི་ལྟར་གོམས་པ་བཞིན་དུ་འཇུག །སྐྱེ་བའི་དངོས་པོའི་དངོས་དེ་ནི། །མེད་དང་
དེ་བཞིན་ཡོད་པ་དང་། །འབྲེལ་པ་མེད་དེ་རྣམ་རྟོག་བློས། །མེད་དང་སྦྲེལ་བ་ཁོ་ནར་ཟད། །གལ་ཏེ་དངོས་པོའི་ངོ་བོ་འདི། །གཅིག་གི་རྗེས་ལ་མཐོང་བ་དང་། །སྔར་མེད་ཞེས་པ་དེ་ས་བོན། །སྔར་ཡོད་པ་ལ་འདི་མེད་དོ། །འོ་མ་སོགས་ལ་ཞོ་ལ་སོགས། །ནུས་པའི་ངོ་བོ་འདོད་པ་གང་། །དེ་ལ་
ནུས་གང་གལ་ཏེ་ཞོ། །འོ་མ་བཞིན་དུ་སྣང་བར་འགྱུར། །གལ་ཏེ་གཞན་ཡིན་གཞན་ཡོད་ན། །ཇི་ལྟར་དངོས་ཀུན་གཞན་ཞེས་བྱ། །སྙིང་སྟོབས་ཡོད་པ་སྡུག་བསྔལ་དང་། །གཏི་མུག་ཡོད་པ་མ་ཡིན་ནོ། །གསལ་བ་སྙིང་སྟོབས་སོགས་རྗེས་འགྲོ། །ངེས་ལ་ཇི་ལྟར་ཡང་མ་གྲུབ། །བདེ་
སོགས་ནང་གི་ཡིན་པའི་ཕྱིར། །དེ་ནི་རང་རིག་གསལ་ཕྱིར་རོ། །སྒྲ་སོགས་གཅིག་པུ་ཁོ་ན་ཡང་། །གོམ་དང་རིག་པའི་བྱེ་བྲག་ལས། །ཆགས་པ་ལ་སོགས་ངེས་པ་ནི། །སྐྱེ་བ་དག་ཏུ་གསལ་བར་སྣང་། །དངོས་གཅིག་རྗེས་སུ་འབྲངས་ནས་ནི། །རིག་པ་སྣ་ཚོགས་ཐལ་བར་འགྱུར། །
གལ་ཏེ་མ་མཐོང་སོགས་དབང་གིས། །དངོས་པོའི་རྗེས་སུ་འབྲང་མི་འགྱུར། །དངོས་པོ་ངོ་བོ་རྣམ་གསུམ་པ། །དེ་ཡི་རིག་པ་རྣམ་གཅིག་ཅན། །དེ་དང་མི་མཐུན་དེ་དག་ནི། །དེ་ལ་ཡང་དག་ཇི་ལྟར་རིགས། །སྐྱེས་བུ་གཅིག་ལ་རྣལ་འབྱོར་པའི། །བདེ་དང་སྐྱོ་དང་བཏང་སྙོམས་སྐྱེའི། །ཕ་
རོལ་རྣམས་ཀྱི་སྐྱེས་བུ་ནི། །དེ་ཡི་ངོ་བོར་འདོད་མ་ཡིན། །གསལ་བ་ཡོན་ཏན་གསུམ་ཅན་དུ། །གྲུབ་ཀྱང་གཙོ་བོ་རབ་མ་གྲུབ། །དེ་རྒྱུ་གཅིག་དང་རྟག་ཉིད་མིན། །དེ་ནི་རིགས་གཅིག་དང་ལྡན་མིན། །གསལ་བ་ཐམས་ཅད་ལྕགས་ཀྱི་ནི། །ཐུར་མ་དང་འདྲ་རིམ་པ་དང་། །འབྲེལ་པའི་ལུས་
Vol. 191 · folio 3b
ཅན་དག་ཏུ་སྣང་། །རྟོག་དང་འདྲེས་པའི་བདག་ཉིད་ཅན། །དེ་བཞིན་འཇིམ་པའི་འགྱུར་ལ་སོགས། །ཁྱད་པར་རིགས་གཅིག་ལྡན་མིན་དང་། །རྒྱུ་གཅིག་མིན་པར་ཡང་འགྲུབ་སྟེ། །འཇིམ་གོང་ལ་སོགས་ཐ་དད་ཕྱིར། །སྐྱེས་བུ་རྣམས་ལ་སེམས་ཡོད་སོགས། །རྗེས་འགྲོ་ན་ཡང་རྒྱུ་
གཅིག་ནི། །སྔོན་འགྲོར་མི་འདོད་དངོས་མིན་ཞེས། །གལ་ཏེ་དངོས་སུ་མིན་ཞེ་ན། །འདི་ལ་ནི་ཡང་ཅིས་མི་མཚུངས། །དེ་ཕྱིར་གཙོ་བོའི་རྒྱུ་མེད་ན། །རྒྱུ་དང་འབྲས་བུ་ལ་སོགས་པ། །སྣ་ཚོགས་ཐམས་ཅད་ནུས་པ་ཡི། །ཁྱད་པར་ལས་ནི་རུང་བར་འགྱུར། །དེ་ཁོ་ན་ཉིད་བསྡུས་
པའི་རབ་ཏུ་བྱེད་པ་ལས་རང་བཞིན་བརྟག་པ་སྟེ་དང་པོའོ།། །།གཞན་དག་སྐྱེ་ལྡན་ཀུན་གྱི་ནི། །རྒྱུ་ནི་དབང་ཕྱུག་ཡིན་ཞེས་ཟེར། །ཤེས་པ་མེད་པའི་བདག་ཉིད་ནི། །རང་གི་འབྲས་བུ་རྩོམ་མི་བྱེད། །རབ་རྩོམ་བྱེད་པའི་ཡན་ལག་གི། །དབྱིབས་ཀྱི་ཁྱད་པར་དང་ལྡན་གང་། །དེ་ནི་བློ་ལྡན་རྒྱུས་བསྐྱེད་བྱ། །བུམ་པ་སོགས་བཞིན་
དབང་པོ་ནི། །གཉིས་ཀྱིས་བཟུང་དང་བཟུང་བ་མིན། །རྩོད་པའི་གཞི་དང་འདི་འདྲ་བར། །དེས་ན་བློ་ལྡན་སྔོན་འགྲོ་བར། །ཆོས་མི་མཐུན་པ་རྡུལ་དུ་འདོད། །དེ་བཞིན་ལུས་སོགས་པ་ཡི་རྒྱུ། །ཤེས་པ་ཡོད་པས་བྱིན་བརླབས་ཏེ། །གཟུགས་སོགས་ལྡན་ཕྱིར་རྒྱུ་སྤུན་སོགས། །རང་གི་འབྲས་བུ་བྱེད་མཐོང་བཞིན། །ཆོས་དང་ཆོས་མིན་རྡུལ་
ཕྲན་ཀུན། །སེམས་དང་ལྡན་པས་བྱིན་བརླབས་ཏེ། །རང་གི་འབྲས་བུ་བྱེད་སྡོད་དེ། །འཇུག་ཕྱིར་ཚིག་པ་རྒྱུ་སྤུན་བཞིན། །སྐྱེས་བུ་སྐྱེ་བའི་དང་པོ་ཡི། །ཐ་སྙད་གཞན་གྱིས་བསྟན་ལས་འབྱུང་། །རབ་སད་རྣམས་ཀྱི་ངེས་པའི་ཕྱིར། །བྱིས་པ་ཡི་ནི་ཐ་སྙད་བཞིན། །འབྱུང་
བ་ཆེ་སོགས་གསལ་བ་ནི། །སེམས་དང་ལྡན་པས་བྱིན་བརླབས་ན། །འཇིག་རྟེན་ཀུན་གྱི་བདེ་བ་དང་། །སྡུག་བསྔལ་རྒྱུ་མཚན་ཉིད་དུ་འགྱུར། །ཤེས་པ་མེད་ཉིད་འབྲས་ཉིད་དང་། །འཇིགས་ཉིད་ལ་སོགས་རྒྱུ་ཡི་ཕྱིར། །སྟེའུ་སོགས་བཞིན་དེ་ཡི་ཕྱིར། །དེ་ནི་ཡོད་པར་གསལ་བར་ཤེས། །
ཀུན་གྱི་བྱེད་པོ་ཉིད་གྲུབ་པ། །དེ་ནི་སྒྲིབ་མེད་ཀུན་ཤེས་ཉིད། །གྲུབ་སྟེ་འདི་ལྟར་བྱེད་པོས་ནི། །འབྲས་བུའི་ངོ་བོ་སོགས་རིག་བྱེད། །རྩོད་པའི་རྟེན་གྱི་དངོས་པོ་ནི། །འགའ་ལ་མངོན་སུམ་དུ་ནི་གསལ། །དངོས་པོ་ཡོད་སོགས་གཏན་ཚིགས་ཕྱིར། །བདེ་སོགས་ངོ་བོ་བྱེ་བྲག་གི། །སྒྲུབ་པ་དང་པོ་དེ་
Vol. 191 · folio 4a
ལ་ནི། །གཏན་ཚིགས་མ་གྲུབ་གང་གི་ཕྱིར། །བཀོད་པ་སྦྱོར་བ་ཞེས་བྱ་དང་། །དེ་བཞིན་ཡན་ལག་ཅན་མ་གྲུབ། །བལྟར་རུང་ཉིད་དུ་ཁས་བླངས་པ། །གཉིས་ཀ་མི་དམིགས་པ་ཡི་ཕྱིར། །དེ་ཡི་ཕྱིར་ནི་དཔེ་འདི་ཡང་། །སྒྲུབ་པ་དང་ལྡན་མ་ཡིན་ནོ། །མིག་དང་རེག་པའི་རྣམ་
ཤེས་ནི། །ཐ་དད་སྣང་བ་ཉེ་བར་སྐྱེ། །དེ་དག་དམིགས་པ་གཅིག་ཉིད་མེད། །དྲི་ལ་སོགས་པའི་ས་བོན་བཞིན། །དེ་དག་གིས་ནི་མཐུ་བྱུང་བ། །རྟོག་དང་འབྲེལ་པའི་བདག་ཉིད་ཅན། །ཉིང་མཚམས་སྦྱོར་བའི་ཤེས་པ་ཡིས། །བསྡུས་ལ་ཞེན་པར་བྱེད་པ་ཡིན། །དེ་ཕྱིར་ཆུ་དང་མེ་
སོགས་འདི། །དབང་པོ་གཉིས་ཀྱིས་གཟུང་བྱ་མེད། །ཇི་སྐད་བཤད་པའི་ཆོས་ཅན་ནི། །མ་གྲུབ་ཕྱིར་ན་གཞི་མ་གྲུབ། །ལྷ་ཁང་ལ་སོགས་ལ་བཀོད་པ། །ཁྱད་པར་ཅན་ཉིད་ཅི་འདྲ་བ། །བྱེད་པ་པོ་ནི་མི་དམིགས་ན། །གང་མཐོང་བ་ནི་བློ་ལྡན་རྟོགས། །ལུས་དང་རི་སོགས་ཆོས་ཅན་ལ། །
གལ་ཏེ་དེ་འདྲ་ཉིད་སྣང་ན། །སྒྲུབ་པ་འདི་ལས་ཇི་ལྟ་བུར། །འདོད་པ་གྲུབ་པ་དེ་རིགས་སོ། །རྗེས་སུ་འགྲོ་དང་ལྡོག་པ་ཡིས། །གང་གི་འབྲས་བུར་གང་ངེས་པ། །དེ་མཐོང་བ་ན་དེ་ངེས་པ། །ཞེས་བྱར་རིགས་པས་གནས་པ་ཡིན། །དབྱིབས་ཀྱི་ཁྱད་པར་དེ་ལྟ་བུ། །ལུས་དང་ཤིང་ལ་སོགས་
པའི་དབྱིབས། །ཁྱད་པར་འདི་དག་ལ་མེད་དེ། །དེ་འདྲ་བ་ནི་རབ་བརྗོད་པའི། །སྒྲ་ཙམ་འབའ་ཞིག་ཁོ་ན་ཡིས། །ལྡོག་ན་ཐེ་ཚོམ་ཟ་བར་ནི། །སྒྲུབ་པར་འགྲུབ་སྟེ་གྲོག་མཁར་དག །རྫ་མཁན་གྱིས་ནི་བྱས་པ་བཞིན། །ཆོས་ཀྱི་ཁྱད་པར་རྣམ་རྟོག་ཕྱིར། །འདི་ནི་ལྟག་ཆོད་མ་ཡིན་ནམ། །འབྲས་བུ་
ལ་སོགས་སྤྱི་ཉིད་ནི། །སྒྲུབ་པ་ཡིན་པའི་བསྟན་ཅེ་ན། །དེ་དངོས་པོ་མིན་ལས་ལོག་པའི། །འབྲས་བུ་ཙམ་ཞིག་མི་རྟག་ཉིད། །སྒྲུབ་པར་བྱེད་དེ་བདག་ཕྱིར་རོ། །སྒྲུབ་བྱེད་དེ་ལ་དེ་ཚུལ་མེད། །མེ་ལ་འཁྲུལ་པ་མེད་པར་ནི། །དུ་བའི་བདག་ཉིད་སྐྱ་བོ་མཐོང་། །སྐྱ་བོར་བརྗོད་པ་ཙམ་ཉིད་ཀྱིས། །
ཁ་བ་ལས་ཀྱང་དེ་རྟོགས་མེད། །སྤྱིར་འབྲེལ་པ་ལ་གང་གི་ཚེ། །ཁྱད་པར་དག་ལ་བརྟེན་པ་ཡི། །ཀླན་ཀ་དེ་ལ་ཚོལ་བྱེད་ན། །ལྟག་ཆོད་ཡིན་པར་ཡང་དག་བརྗོད། །གལ་ཏེ་ཚུལ་འདིར་མི་བརྟེན་པར། །གཞན་དུ་གོ་སྒྲའི་བརྗོད་པ་ཙམ། །ཉིད་ཀྱིས་རྡོ་རྗེ་ལ་སོགས་ལ། །རྭ་ཅན་ཉིད་ནི་
Vol. 191 · folio 4b
འགྲུབ་པར་འགྱུར། །གལ་ཏེ་འདི་ལ་འབྲེལ་པ་ནི། །ཚད་མ་ཡིས་ནི་སྒྲུབ་བྱེད་ན། །དེ་ཕྱིར་རིག་པས་གྲུབ་འདི་ལ། །རྩོད་པ་འགའ་ཡང་ཡོད་མ་ཡིན། །འོན་ཀྱང་རྟག་གཅིག་ཀུན་ཤེས་པའི། །བློ་རྟག་པ་ཡི་རྟེན་ཡིན་པར། །འགྲུབ་པར་མི་འགྱུར་ཁྱབ་མེད་ཕྱིར། །བསྒྲུབ་བྱ་མེད་པ་ཉིད་
ཕྱིར་རོ། །འདི་ལྟར་ཁང་སྐྱ་ཐེམ་སྐས་དང་། །ཁང་བཟངས་ཚོང་དུས་ལ་སོགས་པ། །རྣམ་ཤེས་དུ་མ་མི་རྟག་པས། །སྔོན་དུ་འགྲོ་བ་ཅན་དུ་ངེས། །དེ་ཉིད་ཕྱིར་ན་འདོད་པ་ལ། །གནོད་པར་བྱེད་པར་ཡང་འདོད་དེ། །རྣམ་ཤེས་དུ་མ་མི་རྟག་པ། །སྔོན་འགྲོ་ཅན་ཉིད་སྒྲུབ་ཕྱིར་རོ། །རྒྱུ་ནི་བློ་
དང་ལྡན་ཙམ་ལ། །ཁྱོད་ཀྱིས་འབྲེལ་པ་བརྗོད་པས་ན། །གཉིས་པ་ལ་ནི་ཁོ་བོ་ཡིས། །རྣམ་པ་གསལ་བ་བརྗོད་པ་ཡིན། །རྟག་རྣམས་རིམ་དང་རིམ་མིན་པ། །འགལ་ཕྱིར་བྱ་བ་བྱེད་མ་ཡིན། །ཡུལ་རྣམས་རིམ་ཅན་ཉིད་ཀྱི་ཕྱིར། །དེ་ཤེས་རྣམས་ལའང་རིམ་པ་ཡོད། །ཤེས་བྱ་རིམ་ཅན་
དང་འབྲེལ་ཕྱིར། །དབང་ཕྱུག་ཤེས་པ་རིམ་པས་འབྱུང་། །ལྷ་སྦྱིན་སོགས་ཀྱི་རྣམ་པར་ཤེས། །འབར་སོགས་སྤྱོད་ཡུལ་ཅན་བཞིན་ནོ། །ཁོ་བོས་བུམ་པ་ལ་སོགས་པ། །རྡུལ་ཕྲན་ཚོགས་ཅན་ཡིན་པར་འདོད། །དེ་ཡི་བྱེད་པོ་རྫ་མཁན་སོགས། །རྡུལ་ཕྲན་ཁོ་ནའི་བྱེད་པོར་འདོད། །
དེ་ཕྱིར་ཆོས་མི་མཐུན་པའི་དཔེ། །རྡུལ་ཕྲན་རབ་ཏུ་བསྟན་འདི་ལས། །བསྒྲུབ་བྱ་ཉིད་དུ་མངོན་འདོད་པའི། །ཆོས་འདི་ལོག་པ་མ་ཡིན་ནོ། །གལ་ཏེ་སྤྱིར་ན་བློ་ལྡན་ཞིག །སྔོན་དུ་འགྲོ་བ་ཅན་འདོད་ན། །དེ་ལ་རྩོད་པ་ཡོང་མེད་དོ། །ངོ་བོ་སྣ་ཚོགས་ལས་སྐྱེས་པ། །རྟག་བློ་གཅིག་ཅན་སྔོན་འགྲོ་
བར། །བསྒྲུབ་ན་བསྒྲུབ་བྱས་སྟོང་པ་ཉིད། །མང་པོ་རྣམས་ཀྱིས་ཁང་སྐྱ་སོགས། །བྱས་པར་མཐོང་ཕྱིར་འཁྲུལ་པ་ཡིན། །སྐྱོན་འདི་ཉིད་ནི་ཅི་རིགས་པར། །གཏན་ཚིགས་ལྷག་མ་དག་ལ་ཡང་། །སྦྱར་བར་བྱ་སྟེ་གཞན་ཡང་ནི། །ཅུང་ཟད་ཙམ་ཞིག་རབ་བསྟན་ཏེ། །སྐད་ཅིག་འཇིག་ཕྱིར་
རྡུལ་ཕྲན་སོགས། །གདོད་ནས་འཇུག་པར་མ་གྲུབ་པོ། །དེ་ཡང་རིམ་དང་ལྡན་འཇུག་ཕྱིར། །དེ་ཉིད་ཀྱིས་ན་འཁྲུལ་བའང་ཡིན། །ཁོ་བོ་འཇིག་ཚེ་སྐྱེས་བུ་རྣམས། །རྣམ་ཤེས་དྲན་པ་འཇིག་མི་འདོད། །འོད་གསལ་ལྷ་སོགས་སྐྱེ་ཕྱིར་དང་། །དེ་ཉིད་ནས་ནི་འདིར་སྐྱེ་ཕྱིར། །ཁ་མེད་ལུང་འབོགས་བྱེད་
Vol. 191 · folio 5a
པ་པོ། །གལ་ཏེ་དང་བས་རྟོགས་འགྱུར་གྱི། །ལུས་འབྲས་ཉིད་ཕྱིར་ཁ་མེད་དེ། །ཆོས་དང་ཆོས་མིན་མེད་ཕྱིར་རོ། །སྒྲུབ་བྱེད་ཀུན་ལ་ཁྱབ་པ་ནི། །རྗེས་སུ་དཔག་དང་འགལ་བའང་ཡིན། །འགལ་བའི་ཆོས་ཀྱི་གཏན་ཚིགས་ནི། །ཁྱབ་པར་རུང་བ་མ་ཡིན་ནོ། །སྐྱེ་
བ་མེད་ཕྱིར་དབང་ཕྱུག་ནི། །སྐྱེ་བ་ཅན་གྱི་རྒྱུ་མ་ཡིན། །ནམ་མཁའ་ཡི་ནི་པདྨ་བཞིན། །གཞན་དུ་ཐམས་ཅད་ཅིག་ཅར་འབྱུང་། །གང་དག་རིམ་གྱིས་འབྱུང་བ་ཡང་། །དེ་དག་དབང་ཕྱུག་རྒྱུ་ཅན་མིན། །ཇི་སྐད་བཤད་པའི་སྒྲུབ་པ་ལས། །བླུན་པོ་ཡིད་ཆེས་བསྐྱེད་པ་བཞིན། །དེ་དག་ཀྱང་
དེ་ལས་བྱུང་ན། །སྒྲུབ་པ་བརྗོད་པ་དོན་མེད་དོ། །རྟག་ཕྱིར་གསོ་བྱེད་མིན་པ་ལ། །དེ་ནི་ལྷན་ཅིག་བྱེད་མ་ཡིན། །གང་དག་ཡོད་ན་འབྱུང་མཐོང་ལ། །མེད་ན་ནམ་ཡང་མ་ཡིན་པ། །དེ་ཡི་རྒྱུ་གཞན་ཉིད་རྟོག་ན། །ཁྱེད་ལ་ཇི་ལྟར་ཐུག་མེད་མིན། །བྱེད་པ་པོ་ཉིད་བཀག་པའི་ཕྱིར། །ཀུན་
ཤེས་ཉིད་ཀྱང་གསལ་བར་ནི། །རྟོགས་བྱ་དེ་ཡི་སྟོབས་ཉིད་ཀྱིས། །ཀུན་ཤེས་ཉིད་དུ་འཐད་ཕྱིར་རོ། །ཇི་སྐད་བཤད་པའི་ཉེས་པ་ཡིས། །སྒྲུབ་རྣམས་སུན་ཕྱུང་མ་གྱུར་ཀྱང་། །འོན་ཀྱང་འཁྲུལ་པ་མཐོང་བའི་ཕྱིར། །བྱེད་པ་པོ་གཅིག་མ་གྲུབ་ན། །ཐམས་ཅད་ཤེས་ཉིད་ཅི་ལ་བརྟེན། །
དེ་སྒྲུབ་ཕྱིར་ནི་སྒྲུབ་སྨྲས་པ། །རྒྱལ་དཔོག་པ་རྣམས་ལ་མཛེས་སོ། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་དབང་ཕྱུག་བརྟག་པ་སྟེ་གཉིས་པའོ།། །།དེ་ལྟར་རང་བཞིན་དབང་ཕྱུག་དག །སོ་སོར་རྒྱུ་ཉིད་བཀག་པའི་ཕྱིར། །གཉིས་ཀ་ལྷན་ཅིག་པ་འདི་ཡང་། །སྐྱེ་བ་ཅན་
གྱི་བྱེད་པོ་མིན། །དེ་དག་ལྷན་ཅིག་བྱེད་ཉིད་དུ། །བརྟགས་པ་གང་ཡིན་པ་དེ་ཡང་། །ཁྱད་པར་སྐྱེད་པར་བྱེད་ཕྱིར་རམ། །དོན་གཅིག་བྱེད་པའི་ཕྱིར་ཡིན་གྲང་། །རྟོག་པ་དང་པོ་རིགས་མིན་ཏེ། །དེ་དག་འགྱུར་བ་མེད་ཕྱིར་རོ། །གཉིས་པའང་མ་ཡིན་འབྲས་བུ་རྣམས། །ཅིག་ཅར་ཐལ་
བར་འགྱུར་ཕྱིར་རོ། །ཅི་སྟེ་གཙོ་བོའི་ངོ་བོ་ནི། །ཚུལ་གསུམ་ཉིད་དུ་རྣམ་པར་གནས། །དེ་ལ་དབང་ཕྱུག་འདི་རྡུལ་དང་། །ལྡན་ན་འབྱིན་པའི་རྒྱུ་ཡིན་ནོ། །སྙིང་སྟོབས་ཤས་ཆེར་འཇུག་པ་ལ། །གང་ཚེ་རྟེན་པར་བྱེད་པ་ན། །དེ་ཚེ་འཇིག་རྟེན་ཐམས་ཅད་ཀྱི། །གནས་པའི་རྒྱུ་མཚན་ཉིད་དུ་
Vol. 191 · folio 5b
འགྱུར། །གང་ཚེ་མུན་པའི་ནུས་པ་ནི། །ཤས་ཆེན་པོ་དང་སྦྱོར་བ་ན། །དེ་ཚེ་འདི་ནི་འགྲོ་བ་ཀུན། །འཇིགས་པར་བྱེད་པ་ཡིན་ཞེས་གྲག །དེ་ལྟར་རྡུལ་དང་སྙིང་སྟོབས་སོགས། །དངོས་རྣམས་འདི་ཡི་ལྷན་ཅིག་བྱེད། །རིམ་པ་ཁོ་ནར་འབྱུང་འགྱུར་ཏེ། །དེ་ཕྱིར་འབྲས་བུ་རིམ་མེད་
ཡིན། །འདིར་བརྗོད་བྱ་སྟེ་འདི་དག་ནི། །གཅིག་བྱེད་ཚེ་ན་སྲིད་དམ་གཅིག །སྒྲུབ་པའི་མཐུ་སྟེ་ཡོད་དམ་མེད། །གལ་ཏེ་ཡོད་ན་འབྱིན་ཚེ་གཞན། །གཉིས་པ་ཡང་ནི་ཡོད་པར་འགྱུར། །དེ་བཞིན་གཞན་ཞིག་ཡོད་ན་ཡང་། །གཉིས་པ་གཞན་དུ་ཐལ་བར་འགྱུར། །དེ་ཡི་ངོ་བོ་གཞན་
གྱིས་ནི། །གཞན་གྱི་བྱེད་པོ་མ་ཡིན་པས། །འདི་ཡི་རང་བཞིན་འདི་ཉིད་ནི། །དེ་ཡི་བྱེ་བྲག་ག་ལ་ཡོད། །དེ་ཡི་ནུས་པ་དང་བྲལ་ན། །གཞན་ཚེ་དེ་ཡི་སྐྱེད་པ་པོར། །མི་འགྱུར་ནུས་པས་སྟོང་པའི་ཕྱིར། །ནམ་མཁའ་ཡི་ནི་མེ་ཏོག་བཞིན། །ནུས་པ་ཤས་ཆེན་ངོ་བོ་ཡང་། །གལ་
ཏེ་དེ་ཙམ་ཀྱི་རྒྱུ་ན། །རྒྱུ་ཡི་ངོ་བོ་རྟག་ཉིའི་ཕྱིར། །དུས་ཀུན་དུ་ནི་དེ་ཡོད་འགྱུར། །གཞན་དག་གིས་གཞན་མི་འདོད་པ། །དེ་ཕྱིར་གཞན་ལས་ཀྱང་དེ་མིན། །རེས་འགའ་འབྱུང་བ་ཉིད་ཀྱི་ཕྱིར། །དེ་ནི་རང་དབང་ཅན་ཡང་ཡིན། །རང་ལས་བྱུང་ན་རྒྱུ་ཉིད་མིན། །རང་ལ་བྱེད་པ་འགལ་ཕྱིར་རོ། །
དངོས་པོ་རྣམས་ནི་ལྟོས་པ་ཡིས། །རེས་འགའ་བ་ཉིད་སྲིད་པ་ཡིན། །འདི་ལྟར་རང་གི་བདག་ཉིད་ལ། །རང་དངོས་བྱ་བ་འཇུག་མི་འདོད། །བདག་ཉིད་གྲུབ་པར་གྱུར་པ་ཡང་། །གནས་སྐབས་འདི་ལ་གྲུབ་ཕྱིར་རོ། །བདག་གི་དེ་ཉིད་མ་གྲུབ་པ། །འགའ་ལ་བྱེད་པ་འགལ་ཉིད་མེད། །
ནུས་པ་ཀུན་དང་བྲལ་བའི་ཕྱིར། །ནམ་མཁའི་པདྨ་ལ་སོགས་བཞིན། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་གཉིས་ཀ་བརྟག་པ་སྟེ་གསུམ་པའོ།། །།རང་བཞིན་སྨྲ་བ་རྣམས་ཀྱིས་ནི། །དངོས་པོ་རྣམས་ཀྱི་སྐྱེ་བ་འདི། །རྒྱུ་ཀུན་ལ་ནི་ལྟོས་མེད་སྨྲ། །དེ་དག་རང་ཡང་
རྒྱུར་མི་སྨྲ། །པདྨའི་གེ་སར་ལ་སོགས་པའི། །སྣ་ཚོགས་གང་གིས་བྱེད་འགྱུར་བའམ། །རྨ་བྱའི་མདོངས་ལ་སོགས་པ་ཡིས། །སྣ་ཚོགས་པ་ནི་གང་གིས་སྤྲུལ། །དཔེར་ན་ཚེར་མ་ལ་སོགས་པའི། །རྣོ་སོགས་རྒྱུ་མེད་ཅན་ཉིད་དེ། །རེས་འགའ་འབྱུང་ཕྱིར་དེ་བཞིན་དུ། །སྡུག་བསྔལ་
Vol. 191 · folio 6a
ལ་སོགས་རྒྱུ་མེད་ཉིད། །རྗེས་སུ་འགྲོ་ལྡོག་ལྡན་པ་ཡི། །མཚོ་སྐྱེས་གེ་སར་ལ་སོགས་པ། །གནས་སྐབས་ཁྱད་པར་ལྡན་པ་ཡི། །ས་བོན་འདམ་དང་ཆུ་སོགས་ཅན། །མངོན་སུམ་མི་དམིགས་པ་དག་གི །རྒྱུ་ནི་ངེས་པ་ཉིད་ཡིན་ན། །གང་ཚེ་འདི་དག་གི་རྒྱུན་
ནི། །གཞན་གང་ཡིན་ཞེས་འདྲི་བར་བྱེད། །ཡུལ་དང་དུས་ཀྱི་ངེས་པ་དག །ཇི་ལྟར་དངོས་པོ་རྣམས་ལ་ཡོད། །གལ་ཏེ་འདི་ཡི་དེ་རྒྱུ་མིན། །དེ་དག་ཀུན་དུ་ཀུན་འབྱུང་ཚེ། །གང་དུ་གང་ཚེ་འགའ་ཞིག་ལ། །དེ་ལས་གཞན་པ་སྤངས་ནས་ནི། །ངེས་པ་ཉིད་དུ་འབྱུང་འགྱུར་བ། །དེ་དག་
དེ་ལ་ལྟོས་པ་ཡིན། །དེ་ལྟོས་དེ་ལྟར་འབྱུང་བ་ཡིན། །ལྟོས་པ་འབྲས་བུ་ཉིད་དུ་བརྗོད། །མངོན་སུམ་གྱིས་ཀྱང་དེ་ལྟར་འབྱུང་། །དེས་ན་འདི་ལ་རྒྱུ་དག་འགྲུབ། །ཡང་ན་དེ་ལ་ཞེས་བྱར་སྦྱར། །དེ་ཕྱིར་རང་བཞིན་སྨྲ་བ་འདི། །མངོན་སུམ་གྱིས་ནི་རབ་གནོད་འགྱུར། །མངོན་སུམ་དང་ནི་མི་
དམིགས་པས། །རྒྱུ་ཡི་ངོ་བོ་ངེས་ཕྱིར་རོ། །རྒྱུ་ཡོད་པར་ནི་སྒྲུབ་དོན་དུ། །ཚད་མ་ཡོད་ཉིད་མ་གྱུར་མོད། །དེ་ལྟ་ན་ཡང་ཚད་མེད་པས། །དོན་མེད་ཉིད་དུ་ངེས་པ་མིན། །གང་ཕྱིར་དོན་ནི་ཡོད་པ་ཡི། །ཚད་མ་ཁྱབ་བྱེད་དང་རྒྱུ་མིན། །ཐ་དད་པར་ནི་ཡོད་ཕྱིར་དང་། །འཁྲུལ་ཕྱིར་དེ་ལས་
བྱུང་ཕྱིར་རོ། །དངོས་གང་དེ་ལྟའི་རྣམ་པ་མིན། །དེ་ཉིད་དང་ནི་ལྡོག་པ་ལས། །གཞན་ལྡོག་པར་ནི་ངེས་པ་རུ། །མི་རྟོགས་འབྲེལ་བ་མེད་ཕྱིར་རོ། །ཀུན་གྱིས་མ་མཐོང་ཐེ་ཚོམ་དང་། །རང་གིས་མ་མཐོང་འཁྲུལ་པ་སྟེ། །འབིགས་བྱེད་རི་ཕུག་ངུར་པ་སོགས། །མ་མཐོང་བར་ཡང་
ཡོད་ཕྱིར་རོ། །གལ་ཏེ་རྒྱུ་མེད་ཅན་ཉིད་དུ། །བསྒྲུབ་ཕྱིར་གཏན་ཚིགས་མི་སྦྱོར་ན། །ཚད་མ་མེད་པར་མི་འགྲུབ་སྟེ། །དེ་ཡི་ཕྱིར་ན་ཕྱོགས་མི་འགྲུབ། །གལ་ཏེ་དེ་གྲུབ་ཕྱིར་གཏན་ཚིགས། །རབ་ཏུ་སྦྱོར་བ་དེ་ལྟ་ནའང་། །གྲུབ་པ་དེ་རྒྱུས་བསྐྱེད་ཉིད་ཕྱིར། །ཁྱེད་ཀྱི་ཕྱོགས་ཀྱི་འགྲུབ་མི་
འགྱུར། །དེ་ལྟར་ཤེས་བྱེད་གཏན་ཚིགས་དང་། །དེ་གསལ་བྱེད་པའི་ཡང་དེ་ནི། །གྲུབ་པའི་རྒྱུ་མཚན་ཉིད་གྱུར་པ། །བསྒྲུབ་བྱའི་ཤེས་བྱེད་ཡིན་པར་བཤད། །དེ་ཕྱིར་བྱེད་པོ་འདི་ཉིད་ནི། །ཤེས་པར་བྱེད་པའི་རྒྱུར་འདོད་དོ། །བསྒྲུབ་བྱའི་སྐྱེད་བྱེད་མ་ཡིན་ཕྱིར། །བྱེད་པ་པོར་ནི་མི་བརྗོད་
Vol. 191 · folio 6b
དོ། །དེ་ཕྱིར་དངོས་པོ་གཞན་དག་ཀྱང་། །རྒྱུ་བཅས་ངེས་ལས་སྐྱེད་ཕྱིར་རོ། །ཁྱེད་ཀྱི་བསྒྲུབ་བྱའི་དོན་ཡུལ་ཅན། །ཤེས་པ་བཞིན་དུ་སྒྲུབ་འབྱུང་ཕྱིར། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་འགྲོ་བ་རང་བཞིན་དུ་སྨྲ་བ་བརྟག་པ་སྟེ་བཞི་པའོ།། །།སྐྱེ་འཇིག་མེད་པར་ཡང་
དག་ལྡན། །སྒྲ་ཡི་རང་བཞིན་ཚངས་པ་མཆོག །གང་དེ་ཡོངས་སུ་གྱུར་པ་ནི། །དངོས་པོའི་གྲོང་ཉིད་རབ་ཤེས་བྱ། །དེ་ལྟར་གང་དག་བརྗོད་པ་ལའང་། །དེ་ལ་བརྗོད་བྱ་བ་འདི་ནི། །རང་གི་སྒྲ་ཡི་ངོ་བོ་ནི། །བཏང་ནས་སྔོ་སོགས་ཉིད་ཐོབ་བམ། །དེ་ལྟ་མིན་ན་གང་གི་ཚེ། །དང་པོའི་ཕྱོགས་
རྟེན་དེ་ཡི་ཚེ། །ཡི་གེ་ཉིད་དང་བྲལ་འགྱུར་ཏེ། །སྔར་ཡོད་དག་ནི་འཇིག་ཕྱིར་རོ། །ཇི་ལྟར་དེ་མ་ཐག་པའི་ཕྱོགས། །དེ་ལ་སྔ་སོགས་མྱོང་བའི་ཚེ། །འོན་པ་ལ་ཡང་གསལ་པོར་ནི། །སྒྲ་ཡི་བདག་ཉིད་མྱོང་བར་འགྱུར། །གང་གིས་གཙོ་བོར་འཇུག་པ་ཡིས། །ཐམས་ཅད་སྒྲ་ཡི་ངོ་
བོར་གནས། །སྒྲ་ཡི་ངོ་བོ་མ་བཏང་ན། །ཡོངས་སུ་འགྱུར་བར་བརྗོད་ཕྱིར་རོ། །སྔོན་པོ་ལ་སོགས་གཅིག་ཉིད་དུ། །ཕལ་པ་མིན་པར་རྣམ་གནས་ན། །དེ་རིག་པ་ཡི་དུས་སུ་ནི། །ཇི་ལྟར་འདི་རིག་ཡོད་མ་ཡིན། །འདི་རེག་མེད་ན་སྔོ་སོགས་ཀྱང་། །རབ་ཏུ་མྱོང་བར་མི་འགྱུར་ཏེ། །
གཅིག་བདག་ཉིད་ཕྱིར་ཐ་དད་ཆོས། །ཤིན་ཏུ་ཐ་དད་ཐལ་བར་འགྱུར། །འགལ་བའི་ཆོས་དང་འབྲེལ་པ་ཡི། །དངོས་རྣམས་ཐ་དད་མཚན་ཉིད་ཡིན། །གཞན་དུ་གསལ་བའི་ཐ་དད་ལའང་། །རྟོག་པ་འདི་ནི་མེད་པར་འགྱུར། །གལ་ཏེ་དངོས་པོ་སོ་སོ་ཡང་། །སྒྲ་གཅིག་བདག་ཉིད་དབྱེར་
མེད་འདོད། །ཐམས་ཅད་ཡུལ་གཅིག་ཉིད་དང་ནི། །རྣམ་པ་གཅིག་ཏུ་རིག་པར་འགྱུར། །འདི་གསལ་སོ་སོ་ཐ་དད་ན། །ཚངས་པ་དུ་མར་ཐལ་འགྱུར་ཏེ། །ཐ་དད་དུ་མ་དངོས་པོའི་བདག །ངོ་བོ་ཉིད་ཕྱིར་གསལ་བྱེད་བཞིན། །སྒྲ་ཡི་རང་བཞིན་རྟག་ཉིད་ན། །དངོས་རྣམས་ཀྱང་ནི་རྟག་ཉིད་
དེ། །དེ་དག་ཅིག་ཅར་གྲུབ་པའི་ཕྱིར། །ཡོངས་སུ་གྲུབ་ན་མི་རིགས་སོ། །ངོ་བོ་གཅིག་ནི་མི་གསལ་ཞིང་། །ངོ་བོ་གཞན་ནི་འབྱུང་འགྱུར་ན། །འཇི་སོགས་བཞིན་དུ་འགྲུབ་འགྱུར་བ། །རིམ་མེད་ལ་ནི་ཡོངས་གྱུར་མེད། །གཞན་ཡང་འབྲས་བུའི་ངོ་བོར་ནི། །འགྲོ་བའི་སྒྲ་ཚངས་རང་
Vol. 191 · folio 7a
བཞིན་ན། །དེ་ལྟ་ན་ཡང་འགྱུར་མེད་ཕྱིར། །དེ་ལས་རིམ་པར་འབྱུང་བ་མེད། །རང་བཞིན་གཅིག་པོ་དེ་ཉིད་ལས། །གཞན་གཞན་ངོ་བོར་འབྱུང་མིན་ན། །དོན་གྱི་ངོ་བོར་ཡོངས་གྱུར་པར། །དེ་ལ་ཇི་ལྟར་བརྗོད་པར་བྱ། །དེ་ཡི་ངོ་བོ་མིན་ལས་ལྡོག །འཇི་བའི་ངོ་བོ་ཉིད་
དམིགས་ཕྱིར། །ཁམ་བུམ་ལ་སོགས་ཁྱད་པར་ལ། །འཇི་བའི་བདག་ཉིད་གཅིག་ཏུ་རྟོག །སྔོ་དང་སེར་སོགས་ཁྱད་པར་ལ། །སྒྲ་བདག་མིན་ལས་ལྡོག་པ་ནི། །དེ་ཉིད་ལ་ནི་མི་དམིགས་ཏེ། །དེ་ཕྱིར་རྟོག་པའང་ས་བོན་མེད། །ཅི་སྟེ་ཚངས་པའི་དེ་ཉིད་འདི། །རྟག་ཏུ་ཆ་མེད་ཉིད་
གནས་པ། །མ་རིག་གིས་བསླད་འཇིག་རྟེན་གྱིས། །སྣ་ཚོགས་ཉིད་དུ་མངོན་པར་སེམས། །དེ་ལའང་མ་རིག་པས་འཁྲུལ་བའི། །སྐྱེ་བོ་རྣམས་ཀྱིས་གཟུགས་རྟོགས་འགྱུར། །གང་ཞིག་སྔོ་སོགས་རྣམ་པ་རུ། །བླང་དང་དོར་བའི་རྒྱུ་མཚན་ནི། །དེ་ཡི་ངོ་བོ་ལས་ལྡོག་པའི། །ཚངས་
པའི་ངོ་བོར་ཤེས་པ་མེད། །ཇི་ལྟར་སྡང་བའི་སེམས་རྣམས་ཀྱིས། །ཡོད་པ་ཉིད་དུ་ཤེས་མི་འགྱུར། །དེ་ནི་མངོན་སུམ་གྱིས་འགྲུབ་མིན། །ཆ་མེད་སྣང་བ་མེད་ཕྱིར་རོ། །རྟག་ལས་སྐྱེ་བ་རིགས་མིན་པས། །དེ་ལས་འབྲས་བུའི་རྟགས་ཀྱང་མེད། །ཆོས་ཅན་ཡོད་ཉིད་མ་གྲུབ་ཕྱིར། །རང་
བཞིན་སྒྲུབ་བྱེད་མ་ཡིན་ནོ། །དེ་དག་ལས་ནི་མ་རྟོགས་པའི། །ཡོད་པར་སྒྲུབ་པའི་རྟགས་མེད་དོ། །ཤེས་བྱ་ཡི་ནི་གོ་རིམས་ལས། །ཤེས་ཀུན་གོ་རིམས་ཅན་དུ་གྲུབ། །གཞན་དུ་ཅིག་ཅར་ཉིད་དུ་ནི། །དེ་འབྲས་རྣམ་ཤེས་ཐལ་བར་འགྱུར། །འདི་ནི་ཤེས་པ་ཙམ་ལ་ཡང་། །ནུས་པའི་དངོས་
མེད་དེ་ལས་གཞན། །ཡིན་ན་འདི་ན་མོ་གཤམ་གྱི། །བུ་དང་མཚུངས་པར་ཐལ་བར་འགྱུར། །རྣམ་དག་ཡེ་ཤེས་རྒྱུ་ཅན་གྱི། །རྣལ་འབྱོར་པས་ཀྱང་ཚངས་པའི་དངོས། །དེ་མི་ཤེས་ཏེ་དེ་ཡི་ཕྱིར། །ཤེས་ལ་བྱ་བ་འབྲེལ་མེད་ཕྱིར། །གཙོ་བོ་ཡོངས་སུ་འགྱུར་བ་དང་། །ཚངས་པའི་ལྟ་བ་མཚུངས་པའང་
མིན། །ཚངས་པའི་མཐོང་བ་གཙོ་བོ་ཡི། །ཡོངས་སུ་འགྱུར་བ་དང་ཡང་མཚུངས། །དེ་ཡི་སུན་འབྱིན་རྗེས་འབྲངས་ནས། །འདི་ལ་སུན་འབྱིན་རྟོགས་པར་བྱ། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་སྒྲའི་ཚངས་པ་བརྟག་པ་སྟེ་ལྔ་པའོ།། །།ཉེས་པར་བཤད་པའི་གྲུབ་མཐའ་
Vol. 191 · folio 7b
ཡི། །རྗེས་འཇུག་བློ་ཅན་གཞན་དག་ནི། །དབང་ཕྱུག་ཆོས་མཚུངས་སྐྱེས་བུས་ནི། །འཇིག་རྟེན་རྒྱུར་ནི་རྟོགས་པར་བྱེད། །དངོས་པོ་མ་ལུས་འཇིག་ན་ཡང་། །ཤེས་པ་ནུས་ལྡན་འཇིག་པ་མེད། །བ་རྒྱ་རྣམས་ཀྱིས་བ་བཞིན་དུ། །དེ་ནི་སྐྱེ་ལྡན་རྒྱུ་རུ་གྲག །དབང་ཕྱུག་བཞིན་དུ་འདི་ལ་ཡང་། །
སུན་འབྱིན་ཐམས་ཅད་བརྗོད་པར་བྱ། །འདི་ཡི་བྱ་བ་འདི་འདྲ་འདི། །ཅི་ཡི་ཕྱིར་ན་བྱེད་པ་ཡིན། །གལ་ཏེ་གཞན་གྱིས་རབ་སྦྱར་ཕྱིར། །འདི་ནི་རང་དབང་ཉིད་འགྱུར་མིན། །འོན་ཏེ་བརྩེ་བས་བྱེད་འགྱུར་ན། །འགྲོ་བ་གཅིག་ཏུ་བདེ་བར་འགྱུར། །ནད་དང་དབུལ་དང་མྱ་ངན་སོགས། །སྡུག་བསྔལ་དུ་
མས་གཟིར་བ་ཡི། །སྐྱེ་བ་འབྱིན་པར་བྱེད་པ་དེའི། །རྗེས་སུ་བརྩེ་བ་ཇི་ལྟར་ཤེས། །འབྱིན་པའི་སྔ་ན་སྙིང་རྗེའི་ཡུལ། །མེད་ན་རྗེས་བརྩེ་འཐད་མ་ཡིན། །གང་དང་འབྲེལ་པར་གྱུར་པ་ལས། །འདི་ནི་འབྱིན་པ་པོར་རྟོག་བྱེད། །རྟག་ཏུ་བདེ་དང་ལྡན་རྣམས་ཀྱི། །འཇིག་པ་འདི་ཡིས་བྱེད་མི་འགྱུར། །
དེ་ཡིས་མ་མཐོང་ལ་ལྟོས་ན། །རང་དབང་ཉིད་ནི་ཉམས་པར་འགྱུར། །མ་མཐོང་སྡུག་བསྔལ་གྱིས་རྒྱུ་ལ། །ཅི་ཕྱིར་དེ་ནི་ལྟོས་པར་བྱེད། །འདི་ནི་བརྩེ་དང་ལྡན་ཡིན་ན། །དེ་ལ་བཏང་སྙོམས་བྱ་བར་རིགས། །གལ་ཏེ་དེ་འཇུག་རྩེད་མོའི་དོན། །རྩེད་མོ་ལ་ནི་གཙོ་བོ་མིན། །རྩེད་མོའི་ཐབས་ནི་སྣ་
ཚོགས་པ། །ལྟོས་པའི་ཕྱིར་ན་གཞོན་ནུ་བཞིན། །རྩེད་མོ་བསྒྲུབ་བྱའི་དགའ་གང་དང་། །དེ་ཡི་སྒྲུབ་བྱེད་གང་ཡིན་དེས། །གལ་ཏེ་དེ་བྱེད་ནུས་ལྡན་ན། །དེ་ཀུན་ཅིག་ཅར་བྱེད་པར་འགྱུར། །དང་པོར་དེ་ནུས་ལྡན་མིན་ན། །རིམ་གཞན་དུ་ཡང་ནུས་མེད་འགྱུར། །དངོས་པོ་དབྱེ་བ་མེད་པ་ལ། །
ནུས་དང་མི་ནུས་མི་རིགས་སོ། །འོན་ཏེ་རང་བཞིན་ཉིད་ལས་འདི། །འཇུག་པ་ལ་སོགས་ལ་བརྗོད་དེ། །དཔེར་ན་མེ་སོགས་རང་བཞིན་གྱིས། །སྲེག་པ་ལ་སོགས་ལས་ལ་བཞིན། །གལ་ཏེ་དེ་ལྟར་ཡིན་དེ་ལས། །དངོས་པོ་མ་ལུས་ཅིག་ཅར་འབྱུང་། །དེ་དག་སྐྱེད་པའི་ནུས་པ་དང་། །ལྡན་
པའི་རྒྱུ་ནི་ཉེ་ཕྱིར་རོ། །མེ་ལ་སོགས་པའི་དངོས་རྣམས་ལ། །ངེས་པ་ཉིད་ཀྱི་ནུས་པ་དག །དུས་ཀུན་དུ་ནི་འབྱུང་མིན་ཏེ། །རང་གི་རྒྱུ་སྟོབས་ལས་བྱུང་ཕྱིར། །གཞན་དུ་གལ་ཏེ་ངག་གི་འམ། །ངེས་འདི་ཁས་མི་ལེན་ན་ནི། །འབྲས་བུ་ཐམས་ཅད་ཅིག་ཅར་ནི། །ཡང་དག་འབྱུང་བ་ཉིད་དུ་
Vol. 191 · folio 8a
འགྱུར། །བ་རྒྱ་བ་ལང་རང་བཞིན་གྱི། །སྣལ་མའི་རྒྱུར་ནི་མི་འདོད་དེ། །གང་ཕྱིར་སྲོག་ཆགས་ཟ་འདོད་ལས། །ཁ་ཆུ་ཡི་ནི་དྲ་བ་བྱེད། །གལ་ཏེ་ཅི་ཞིག་ལྟར་འཇུག་ན། །འདི་ཡི་འབྱུང་ལྡན་ཅི་འདྲ་ཞིག །གང་གི་ཕྱིར་ན་ཉ་བ་ཡང་། །མ་དཔྱད་ལས་ལ་འཇུག་མི་འགྱུར། །
དཔའ་བོའི་བུ་དང་བདག་སྐྱེས་སོགས། །རྣམ་པ་དེ་དག་ཉིད་ཀྱིས་ནི། །བྱེད་པ་པོར་ཡོངས་བརྟགས་པ་ཡང་། །ཡོངས་སུའང་དེ་དག་སུན་ཕྱུང་འགྱུར། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་སྐྱེས་བུ་བརྟག་པ་སྟེ་དྲུག་པའོ།། །།གཞན་དག་ཀྱང་ནི་འདིར་བདག་ཉིད། །འདོད་
ལ་སོགས་པའི་རྟེན་གྱུར་པ། །དེ་བཞིན་རྟག་དང་ཀུན་འཇུག་ཅན། །རང་ཉིད་སེམས་མེད་ངོ་བོར་འདོད། །དགེ་དང་མི་དགེའི་ལས་རྣམས་ཀྱི། །བྱེད་པ་པོ་དང་དེ་འབྲས་ཀྱི། །ཟ་བ་པོ་ཡིན་སེམས་འབྲེལ་ཕྱིར། །སེམས་ཡིན་རང་བཞིན་ངོ་བོས་མིན། །ཤེས་དང་རྩོམ་སོགས་དང་འབྲེལ་བ། །
དེ་ལ་བྱེད་པ་པོ་ཉིད་བརྗོད། །བདེ་དང་སྡུག་བསྔལ་སོགས་རིག་པའི། །འདུ་བ་ལས་ནི་ཟ་བ་པོ། །དེ་ཡི་རིས་མཐུན་ཁྱད་པར་དང་། །བློ་རྣམས་དང་ནི་ཚོར་བ་ནི། །སྔར་མེད་རྣམས་དང་འབྲེལ་པ་ཡིས། །དེ་ལ་སྐྱེ་བར་མངོན་པར་བརྗོད། །སྔར་བླངས་པ་དང་བྲལ་བ་ནི། །འཆི་བ་ཡིན་ཏེ་འཚོ་བ་ཡང་། །
ཆོས་དང་ཆོས་མིན་འདུས་བྱས་པའི། །ལུས་བབས་ཡིད་དང་འབྲེལ་པའོ། །ལུས་དང་མིག་སོགས་གནོད་པའི་ཕྱིར། །འདི་ལ་འཚེ་བར་རྣམ་པར་བརྟག །འདི་ལྟར་སྐྱེས་བུ་རྟག་པ་ལའང་། །ཐ་སྙད་འདི་ནི་དྲི་མེད་འདོད། །ང་ཤེས་བྱ་བའི་ནུས་པ་དང་། །ལུས་ལ་སོགས་ནི་ཐ་དད་པའི། །རིག་
པར་བྱེད་པས་རིག་ཡིན་ཏེ། །ཤེས་ཕྱིར་དེ་ལས་གཞན་པ་བཞིན། །འདོད་པ་ལ་སོགས་ཐམས་ཅད་ཀྱང་། །དེ་དག་འགའ་ཞིག་ལ་བརྟེན་ཉིད། །དངོས་ཉིད་ཡིན་པས་འབྲས་ཉིད་ཕྱིར། །གཟུགས་བཞིན་ཉིད་ཀྱི་སྐྱེས་བུ་དེ། །དངོས་ཉིད་སྨོས་པའི་ཕྱིར་ན་འདི། །འཇིག་ལ་འཁྲུལ་ལྡན་མ་
ཡིན་ཏེ། །འཇིག་པ་རྒྱུ་ཅན་ཉིད་ན་ཡང་། །གང་ཕྱིར་དངོས་ཉིད་མ་ཡིན་ནོ། །གཟུགས་སོགས་ཤེས་པ་ཐམས་ཅད་ཀྱང་། །གཅིག་དང་དུ་མའི་མཚན་ཉིད་ཅན། །ང་ཤེས་བྱ་བའི་ཤེས་པ་དང་། །དེ་དག་མཚམས་ནི་སྦྱོར་ཉིད་ཕྱིར། །གར་མཁན་སྨིན་ཁྱུགས་གཡོ་བ་ལ། །མང་པོ་དག་
Vol. 191 · folio 8b
གིས་ཤེས་པ་བཞིན། །རྣམ་པ་གཞན་དུ་མཚམས་སྦྱོར་བ། །རྒྱུ་མེད་པར་ནི་སྐྱེ་མི་འགྱུར། །བདག་ཅེས་བྱ་བའི་ཚིག་འདི་ནི། །བློ་དང་དབང་སོགས་ཚོགས་པ་ལས། །ཐ་དད་པར་ནི་རྗོད་བྱེད་ཡིན། །རབ་གྲགས་མི་ལས་ཐ་དད་ན། །གང་ཕྱིར་ཚིག་གཅིག་ཉིད་འདོད་ཕྱིར། །གང་ཡང་
དེ་ལྟར་ངེས་གྱུར་པ། །ཇི་སྐད་བཤད་པའི་ཆོས་དང་ནི། །དར་འབྲེལ་བུམ་པའི་སྒྲ་བཞིན་ནོ། །གསོན་པ་ཡི་ནི་ལུས་འདི་ནི། །སྲོག་སོགས་དང་ཡང་བྲལ་འགྱུར་ཏེ། །བདག་ཉིད་ཕྱིར་ན་བུམ་པ་བཞིན། །དེ་ཕྱིར་འདི་ལ་བདག་མེད་མེད། །རྣམ་ཤེས་ཕྱི་མ་ཐམས་ཅད་ནི། །སྐྱེས་མ་ཐག་པའི་
ཐོག་མ་ཡི། །ཤེས་པའི་རིག་བྱེད་ཀྱིས་རིག་སྟེ། །ཤེས་ཕྱིར་དེ་ཡི་རང་སོ་བཞིན། །ཐག་རིང་ཡུལ་ན་གནས་གྱུར་པའི། །བདག་དང་ལྡན་པ་ཉིད་ཡིན་ཏེ། །ལུས་ཅན་སོགས་ཕྱིར་བདག་ལུས་བཞིན། །དེ་ལྟར་བདག་ནི་ཡོད་དང་རྟག །ཁྱབ་བྱེད་དག་ཏུ་ངེས་ཡིན་ན། །ཆོས་རྣམས་ཐམས་
ཅད་བདག་མེད་པ། །ཞེས་བྱར་གནས་པ་མ་ཡིན་ནོ། །དེ་ལྟ་བུ་འདིར་རེ་ཞིག་ནི། །སྒྲུབ་བྱེད་དང་པོ་གྲུབ་པ་སྒྲུབ། །གང་ཕྱིར་ཁྱོད་ཀྱི་ཤེས་པ་ནི། །ཀུན་མཁྱེན་སོགས་ཀྱི་ཤེས་བྱར་འདོད། །གསལ་བྱེད་ལ་ནི་ལྟོས་མེད་པར། །རང་རིག་ངོ་བོར་སྐྱེ་འགྱུར་བ། །དེ་ལྟར་གཞན་གྱི་རྣམ་ཤེས་ཀྱང་། །
དཔེ་ནི་བསྒྲུབ་བྱས་སྟོང་པ་ཡིན། །དེ་ཡི་རྣམ་པར་ཉེར་བསྒྱུར་བའི། །གཞན་གྱིས་རབ་ཏུ་ཤེས་པར་འགྱུར། །དེ་དཔེ་ཉིད་དུ་བརྗོད་ན་ཡང་། །གཞན་གྱི་སྒོ་ནས་ཐེ་ཚོམ་འགྱུར། །གལ་ཏེ་འདོད་པ་ལ་སོགས་ཀྱི། །འགའ་ཞིག་རྟེན་དུ་རབ་བསྒྲུབ་ན། །གལ་ཏེ་དེ་ལ་རྒྱུ་ཙམ་ཉིད། །རྟེན་དུ་
ཡོངས་སུ་རྟོག་ན་ནི། །འདོད་པ་སྒྲུབ་ཡིན་གལ་ཏེ་ཡང་། །དེ་བཞིན་རྟེན་དུ་ཁྱོད་འདོད་ན། །དེ་ཚེ་འང་རྒྱུ་བས་སྟོང་པ་ཡི། །རྟེན་དུ་རྟོག་པ་དོན་མེད་ཡིན། །རྒྱ་ཤུག་འབྲས་བུ་སོགས་ཀྱི་གཞི། །མཁར་གཞོང་ལ་སོགས་བཅད་པ་ཡིན། །ལྟུང་བའི་བགེགས་དག་བྱེད་ཕྱིར་རམ། །
ཁྱད་པར་དག་ནི་སྐྱེད་ཕྱིར་རོ། །འཇིག་པ་དངོས་པོ་མེད་པ་ཡང་། །འབྲས་བུ་ཉིད་དུ་རིགས་ལྡན་མིན། །དེ་ཕྱིར་གཞན་གྱི་གཏན་ཚིགས་འདིར། །ཁྱད་པར་སྨྲས་པའི་དོན་མེད་དོ། །མ་རིག་པ་ཡིས་བསླད་པ་ལས། །ང་ཡིས་ཞེས་དང་མཚམས་སྦྱར་འདི། །དངོས་པོ་སྐད་ཅིག་མ་དག་
Vol. 191 · folio 9a
ལ་འང་། །བྱེད་པོ་གཅིག་ཏུ་ཞེན་པར་འཇུག །ལོག་པའི་རྣམ་པར་རྟོག་འདི་ལས། །དེ་ཉིད་གནས་པའི་རིགས་མ་ཡིན། །ནུས་ལྷག་ཁྱད་པར་ལས་དད་ཀྱང་། །གཅིག་གི་རྒྱུ་མཚན་བྱེད་པར་འགྱུར། །གཟུགས་དང་སྒྲ་སོགས་སེམས་དག་ནི། །རྗེས་འཁོར་
གཅིག་གི་འབྲས་ཉིད་ན། །སྔ་ཕྱི་དག་ནི་འགལ་འགྱུར་ཏེ། །ནུས་པའི་རྒྱུ་ནི་ཉེ་ཕྱིར་རོ། །རྣམ་ཤེས་དེ་མ་ཐག་གཅིག་ལས། །རྣམ་ཤེས་དྲུག་པོ་འབྱུང་བ་ནི། །གསལ་བར་ཅིག་ཅར་རིག་འགྱུར་ཏེ། །དེ་ཕྱིར་འདོད་པའི་སྒྲུབ་བྱེད་ཡིན། །རིམ་པ་ཅན་ལ་རྒྱུ་གཅིག་ཉིད། །མེད་ཅེས་དེ་
མ་ཐག་ཏུ་བསྟན། །དེ་ཕྱིར་འདི་ཡི་ཁྱབ་པ་ལ། །རྗེས་དཔག་གིས་གནོན་གསལ་པོར་མཐོང་། །གར་མཁན་སྨིན་ཁྱུགས་གཡོ་བ་ནི། །དོན་དམ་པར་ནི་གཅིག་ཉིད་མིན། །རྡུལ་ཕྲན་དུ་མའི་ཚོགས་ཉིད་ཕྱིར། །དེ་ལ་གཅིག་ཏུ་རྟོགས་པའི་ཕྱིར། །འབྲས་བུ་གཅིག་ལ་ཉེ་སྦྱོར་ཕྱིར། །
སྒྲ་གཅིག་གི་ནི་སྤྱོད་ཡུལ་ཡིན། །བསྒྲུབ་བྱའང་རྣམ་པ་དེ་ལྟ་བུར། །གལ་ཏེ་འདོད་ན་གྲུབ་པ་སྒྲུབ། །བློ་དང་སེམས་ལ་སོགས་པའི་སྒྲ། །ཁོ་བོ་ཅག་གི་རྣམ་གྲངས་དག །ཚིག་གཅིག་ཡིན་ཡང་ཐ་དད་པའི། །རྗོད་པར་བྱེད་པ་ཉིད་མ་ཡིན། །དེ་ཕྱིར་གཏན་ཚིགས་མ་ངེས་པའོ། །
དེ་ཡི་ཁྱད་པར་སྨྲས་མིན་ནམ། །དེ་ཉིད་མ་གྲུབ་པར་སྨྲས་ན། །སེམས་རྣམས་གྲངས་སུ་གནས་ཤེས་བྱ། །ང་རྒྱལ་གྱི་ནི་རྟེན་ཉིད་ཀྱིས། །སེམས་ལ་བདག་ཅེས་བརྗོད་པ་ནི། །ཀུན་རྫོབ་ཏུ་ཡིན་དོན་དམ་པར། །འདི་ཡི་ཡུལ་ནི་ཡོད་མ་ཡིན། །མཁའ་དཀྱིལ་པདྨ་སོགས་པདྨ། །བྱེད་པ་པོ་
ལ་སོགས་པའི་ཚིག །གཅིག་གི་རྣམ་པར་སྦྱོར་བྱེད་ན། །དེས་ནི་འཁྲུལ་པ་དག་ཀྱང་མཐོང་། །བརྡ་ཙམ་ལས་ནི་བྱུང་བ་ཡི། །ཚིག་དག་གང་དུ་འང་འབྲེལ་པ་མེད། །བདག་ལ་སོགས་པའི་ཚིག་དག་ལའང་། །རང་བཞིན་གྱིས་དོན་གསལ་བྱེད་མེད། །གང་ཚེ་བདག་དང་ལྷན་ཅིག་ཏུ། །
སྲོག་སོགས་འབྲེལ་པ་འགྲུབ་འགྱུར་བ། །དེ་ཚེ་ཐལ་བ་འདི་རིགས་ཀྱི། །རྣམ་པ་གཞན་དུ་མི་རིགས་སོ། །མོ་གཤམ་བུ་ཡིས་སྟོང་ཉིད་ནི། །གསོན་ལུས་སྲོག་སོགས་དང་བྲལ་བར། །ཐལ་བར་མི་འགྱུར་དེ་བཞིན་དུ། །ཁྱོད་ཀྱི་ཐལ་འགྱུར་འདི་ཉིད་ཡིན། །རེ་ཞིག་འདི་ལ་དེ་བདག་མེད། །
Vol. 191 · folio 9b
དེ་དག་ཐ་དད་ཁས་ལེན་ཕྱིར། །རྒྱུ་དང་འབྲས་བུ་ཉིད་ཀྱང་མིན། །ཅིག་ཅར་ཐལ་བར་འགྱུར་ཕྱིར་རོ། །དེ་ཡི་ཕྱིར་ན་ཉིད་ལྡོག་པ། །དེ་དང་འབྲེལ་པ་མེད་པ་ཡི། །དབུགས་ཀྱི་འབྱུང་རྔུབ་སོགས་འདི་དག །ཅི་ཕྱིར་ལུས་ལས་ལྡོག་པར་འགྱུར། །དེ་ལྟར་སྒྲུབ་བྱེད་ཐམས་ཅད་ཀྱིས། །བདག་
ཡོད་མ་གྲུབ་པ་ཡི་ཕྱིར། །རྟག་དང་ཁྱབ་པ་ཉིད་དག་གི། །དཔེ་ནི་བསྒྲུབ་བྱས་སྟོང་བར་བསྟན། །གཞན་དག་གིས་བདག་མངོན་སུམ་གྱིས། །གྲུབ་པ་ཉིད་དུ་ཡོངས་སུ་བརྟགས། །གང་ཕྱིར་འོང་ཞེས་རང་རིག་སྟེ། །ཡུལ་ནི་བདག་ཡིན་པར་འདོད་དོ། །དེ་ནི་མི་རིགས་ང་ཞེས་ལ། །དེ་
ཡི་ངོ་བོར་མི་སྣང་ཕྱིར། །གང་ཕྱིར་དེ་ལ་རྟག་པ་དང་། །ཁྱབ་སོགས་སྣང་བ་ཤེས་པ་མེད། །འདི་ནི་ཁ་དོག་དཀར་སོགས་སུ། །སྣང་བ་གསལ་བར་རིག་འགྱུར་ན། །དེ་ཡི་རང་བཞིན་བདག་མི་འདོད། །དེ་ཕྱིར་དེ་ཡི་ཡུལ་ཅན་འདི། །གལ་ཏེ་སྐྱེས་བུ་ཡང་དག་པར། །མངོན་སུམ་གྱིས་ནི་ཤེས་
གྱུར་ན། །དེ་བས་ཅི་ཕྱིར་རྩོད་པ་འདི། །དེ་ཡོད་སོགས་ལ་འཇུག་པར་འགྱུར། །འདི་ལྟར་ངེས་པར་བྱ་བ་འདི། །ངེས་པའི་བདག་ཉིད་དུ་འཇུག་ཅིང་། །ངེས་པ་དང་ནི་སྒྲོ་འདོགས་བློ། །གནོད་བྱ་གནོད་བྱེད་ཉིད་དུ་གནས། །དེ་ཕྱིར་འདོད་སོགས་ཐམས་ཅད་ནི། །བདག་དང་འདུ་བ་མ་ཡིན་ཉིད། །
རིམ་གྱིས་སྐྱེ་བ་ཉིད་ཀྱི་ཕྱིར། །ས་བོན་མྱུ་གུའི་ལྕུག་སོགས་བཞིན། །ཡང་ནི་ནང་གི་བདག་ཉིད་ཀུན། །བདག་མེད་ཉིད་ཀྱིས་ལུས་ཅན་ཏེ། །དངོས་དང་ཡིད་སོགས་གཏན་ཚིགས་ཕྱིར། །དཔེར་ན་ཕྱི་རོལ་བུམ་སོགས་བཞིན། །བདག་བཅས་ཉིད་ན་དེ་རྒྱུ་བཅས། །རྟག་པ་ཉིད་དུ་ཐལ་བར་
འགྱུར། །རྟག་རྣམས་ཀྱང་དོན་བྱེད་ནུས་མིན། །དེ་ཕྱིར་ཡོད་ཉིད་ལ་སོགས་སྲིད། །བུམ་སོགས་ལ་མཚུངས་བདག་མེད་པ། །གཞན་དག་གིས་ནི་གསོན་ལུས་ལ། །བཀག་པ་གང་ཡིན་དེ་ཡང་ནི། །ཁོ་བོ་ཅག་གིས་འདིར་བསྒྲུབ་བྱ། །དེ་ལྟར་བདག་ནི་མ་གྲུབ་ནའང་། །དེ་ལ་རྣམ་གཞག་བྱས་
པ་གང་། །དེ་ཀུན་གནས་མེད་ཉིད་ཡིན་ཏེ། །མོ་གཤམ་ལ་ནི་རྣམ་གཞག་ཡིན། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་རིགས་པ་ཅན་དང་བྱེ་བྲག་པས་ཀུན་ཏུ་བརྟགས་པའི་སྐྱེས་བུ་བརྟག་པ་སྟེ་བདུན་པའོ།། །།གཞན་དག་བདག་ནི་ལྡོག་པ་དང་། །རྗེས་འགྲོ་བདག་ཉིད་
Vol. 191 · folio 10a
ཅན་གྱི་ནི། །སེམས་པའི་ངོ་བོ་ཉིད་དུ་འདོད། །སེམས་པའི་བློ་ཡི་མཚན་ཉིད་ཅན། །དཔེར་ན་སྦྲུལ་འཁྱིལ་གནས་སྐབས་ན། །ལྡོག་ཅིང་དེ་མ་ཐག་ཏུ་ནི། །དྲང་པོའི་གནས་སྐབས་བྱུང་ན་ཡང་། །སྦྲུལ་ཉིད་དུ་ནི་རྗེས་འཇུག་འགྱུར། །དེ་བཞིན་བདག་ནི་རྟག་ཏུ་ནི། །
སེམས་པའི་རང་བཞིན་ཅན་ཡིན་ཡང་། །ངོ་བོ་མ་ལུས་ལྡོག་པ་དང་། །ཀུན་གྱི་རྗེས་སུ་འཇུག་པའང་མིན། །འོན་ཀྱང་འདི་ཡི་བདེ་སྡུག་སོགས། །མཚན་ཉིད་གནས་སྐབས་ལྡོག་འགྱུར་ཞིང་། །དེ་དག་ལྡོག་ཅིང་སྐྱེ་འགྱུར་ཡང་། །སེམས་ཉིད་རྗེས་སུ་འཇུག་པར་འགྱུར། །གཏན་དུ་འཇིག་ན་བྱས་
ཆུད་ཟོས། །མ་བྱས་ཕྲད་པ་དག་དུ་འགྱུར། །དངོས་གཅིག་ཅན་ལའང་སྡུག་བསྔལ་དང་། །བདེ་སོགས་ལོངས་སྤྱོད་མེད་པར་འགྱུར། །བྱེད་པོ་ཉིད་དང་ཟ་བོ་དག །སྐྱེས་བུའི་གནས་ལ་དེ་མི་བརྟེན། །དེ་ཕྱིར་སྐལ་ལྡན་ཉིད་ཀྱི་ཕྱིར། །བྱེད་པོ་ཉིད་ཀྱིས་དེ་འབྲས་ཐོབ། །རྣམ་པ་དེ་ལྟའི་སྐྱེས་བུ་འདི། །
ངོ་ཤེས་པ་ནི་ཡོད་པའི་ཕྱིར། །རྟོགས་པར་འགྱུར་ཏེ་འདི་ཉིད་ཀྱིས། །བདག་མེད་པ་ལ་རབ་ཏུ་གནོད། །བདག་རིགས་བྱེད་དོ་ཞེས་བདག་བློས། །ཤེས་པ་པོ་ནི་རྟོགས་བྱད་ན། །གལ་ཏེ་དེ་ནི་འགའ་ཡིན་ནམ། །གཅིག་ཏུ་འཇིག་པའི་ཤེས་པ་ཡིན། །གཅིག་ཏུ་མི་རྟག་ཉིད་དུ་འགྱུར། །གལ་
ཏེ་དེ་ཡུལ་བདག་ཡིན་ན། །དེ་ཚེ་མ་ལུས་འཚམ་པར་འགྱུར། །སྐད་ཅིག་མ་ཡི་ཤེས་ཕྱོགས་ལ། །ཐམས་ཅད་ཤིན་ཏུ་འབྲེལ་པར་དཀའ། །འདི་ལྟར་སྔོན་ནི་ང་ཉིད་ཀྱིས། །ཤེས་གྱུར་ད་ལྟར་དུ་ཡང་ནི། །ང་ཉིད་རིག་པར་བྱེད་ཅེས་པའི། །བློ་གང་སྐྱེ་བར་འགྱུར་བ་སྟེ། །འོན་ཏེ་དེ་ཡི་ཡུལ་
ཤེས་པའི། །སྐད་ཅིག་མ་ནི་གང་ཡིན་བརྟག །འདས་པ་འམ་ནི་ད་ལྟར་ཅི། །གཉིས་ཀ་འམ་ནི་འོན་ཏེ་རྒྱུན། །དེ་ལ་དང་པོའི་ཤེས་པའི་ཡུལ། །ཤེས་པར་གྱུར་ཞེས་བྱ་བར་རིགས། །ཤེས་པར་བྱེད་ཅེས་དེ་མི་རིགས། །གང་ཕྱིར་ད་ལྟར་དེ་རིག་མེད། །ད་ལྟར་བ་ནི་ཡུལ་ཉིད་ན། །རིགས་
པ་འཐད་པར་བྱེད་དོ་ཞེས། །ཤེས་གྱུར་ཞེས་བྱ་བརྫུན་ཡིན་ཏེ། །དེ་ཉིད་ཕྱིར་ན་དེ་ཡི་ནི། །གཉིས་ཀ་བཟུང་བརྟག་དེ་མི་བྱ། །གང་ཕྱིར་གཉིས་ཀ་ཤེས་གྱུར་དང་། །ད་ལྟར་གཉིས་ཀ་ཤེས་བྱེད་མིན། །རྒྱུན་ཡང་དེ་མཚུངས་བྱ་མིན་ཏེ། །གཉིས་ཀ་ཡང་ནི་མེད་ཕྱིར་རོ། །འདི་ནི་ཤེས་པར་གྱུར་མིན་
Vol. 191 · folio 10b
ཞིང་། །ད་ལྟར་ཀྱང་མིན་དངོས་མེད་ཕྱིར། །དེ་ཕྱིར་བཤད་པ་ལས་གཞན་པའི། །སྤྱོད་ཡུལ་གང་ལ་ང་འདི་སྙམ། །འཇུག་ཕྱིར་རྟག་པའི་དངོས་ལྡན་ཕྱིར། །བདག་འདི་འགྲུབ་པར་འགྱུར་བ་ཡིན། །ང་ཞེས་པས་བཟུང་འདས་པ་ཡི། །ཤེས་བྱེད་ད་ལྟར་ཡང་འཇུག་སྟེ། །ང་ཡིས་ཤེས་པས་
རྟོགས་བྱའི་ཕྱིར། །ད་ལྟར་རིག་པར་བྱེད་པོ་བཞིན། །ཤེས་བྱེད་དེ་ཡང་ཁར་རྩང་ཡོད། །ཤེས་བྱེད་ཕྱིར་དང་དེ་ཉིད་ཕྱིར། །ཁར་རྩང་ཤེས་པ་པོ་བཞིན་ནོ། །ཤེས་པ་དེ་དག་བསྒྲུབ་བྱ་ཉིད། །རྒྱུད་གཅིག་དང་འབྲེལ་ཤེས་པ་པོའི། །ང་ཤེས་ཤེས་པ་ཉིད་ཀྱི་ཕྱིར། །ཁར་རྩང་དེ་རིང་ཡོད་པ་
ཀུན། །དོན་མཚུངས་ཅན་ཡིན་བློ་གཅིག་བཞིན། །དེ་ལྟ་བུ་འདིར་དཔྱད་བྱ་སྟེ། །གལ་ཏེ་སེམས་ནི་རྟག་གཅིག་པུར། །འདོད་པ་དེ་ལྟར་ཡིན་བློ་ཡང་། །དེ་ཡི་རང་བཞིན་ཉིད་ཐོབ་འགྱུར། །བློ་དག་དང་ནི་སྐྱེས་བུ་ནི། །ངེད་ཀྱི་སེམས་ཀྱི་རང་བཞིན་ཕྱིར། །རྟག་ཉིད་དང་ནི་གཅིག་ཉིད་འདོད། །
གལ་ཏེ་ཐ་དད་ཡུལ་རྟེན་ཅན། །དཔེར་ན་མེ་ནི་རང་བཞིན་གྱིས། །རྟག་ཏུ་སྲེག་པར་བྱེད་ལས་ཅན། །བསྲེག་བྱའི་དོན་ཉེ་གྱུར་པ་སྲེག །གཞན་དུ་མིན་གཞན་གྱི་ཚེ་ནའང་། །དཔེར་ན་གསལ་བའི་མེ་ལོང་དང་། །ཇི་ལྟར་ཤིང་གི་རྡོ་དང་ནི། །གང་ཞིག་ཁོ་ན་ཉེར་གྱུར་པ། །དེ་ཡི་རྣམ་པ་དེར་ཐོབ་
བྱེད། །དེ་བཞིན་རྟག་པའི་སེམས་ཉིད་ཀྱི། །སྐྱེས་བུ་ལུས་ལ་གནས་པ་རྣམས། །དབང་པོས་བླངས་པའི་གཟུགས་ལ་སོགས། །འཛིན་བྱེད་འདི་ནི་ཁོ་བོའི་བློ། །ཉེ་ཕྱིར་ཉེ་བར་འཐོབ་བྱེད་པའི། །བྱེད་པ་འཇིག་ཕྱིར་བློ་འཇིག་ཅན། །ཇི་ལྟར་བསྲེག་བྱ་ཉེ་མེད་ཕྱིར། །མེ་ནི་རྟག་ཏུ་སྲེག་བྱེད་
མིན། །དེ་ལ་རྟོགས་པའི་བློ་བདག་ཉིད། །བློ་ནི་ངོ་ཤེས་པར་བྱེད་དེ། །བུམ་པ་གླང་པོ་ལ་སོགས་བློ། །དེ་ཐ་དད་ཕྱིར་འཇིག་རྟེན་འདོད། །ཐ་དད་དོན་རྗེས་འབྲང་རྣམས་ཀྱིས། །བློ་དེ་ཉིད་ཅེས་བརྗོད་མི་བྱ། །དོན་ཐ་དད་ལ་མི་རྟེན་ན། །ངོ་ཤེས་མེད་པ་མ་ཡིན་ནོ། །འོ་ན་གླང་པོ་སོགས་སྟོང་པའི། །
ས་ལ་སྒྲོ་འདོགས་བྱེད་པ་ཡི། །ཤེས་པ་གང་དག་རབ་འཇུག་པ། །དེར་ནི་ཐ་དད་ཅི་ལ་བརྟེན། །གལ་ཏེ་ཡུལ་གཞན་སོགས་ཡོད་པའི། །གསལ་བ་རྣམས་ནི་རྒྱུ་མཚན་ཡིན། །གང་ཕྱིར་ཡུལ་དུས་གཞན་གྱི་བདག །ཐམས་ཅད་དུ་ནི་དམིགས་པ་ཡིན། །འོ་ན་ཡུལ་དེ་དང་འབྲེལ་བ། །དེ་ལྟར་
Vol. 191 · folio 11a
དེ་དག་ལ་མེད་ཉིད། །དེ་ཕྱིར་དེར་ཡང་རང་བཞིན་དེས། །ཅི་ཕྱིར་དེ་ལྟར་སྣང་བར་བྱེད། །ཁྱོད་ཀྱི་གཞུང་གིས་བློ་རྣམས་ནི། །བློ་མིན་ཕྱི་རོལ་དུ་རྗོད་བྱེད། །བརྗོད་པར་འདོད་པའི་ཡུལ་དེར་ཡང་། །གླང་པོ་རྟ་སོགས་གནས་པ་མེད། །གལ་ཏེ་དོན་ཀུན་རིག་པ་ཡིན། །
ངོ་བོར་བློ་ནི་རྟག་གནས་ན། །ཐམས་ཅད་ཚེ་ན་ཀུན་རིག་པར། །དེས་ན་ཅི་ཕྱིར་རིག་མ་ཡིན། །སྒྲ་ཡི་ཁྱད་པར་ཅན་བློ་གང་། །དེ་ཉིད་རོ་གཟུགས་སོགས་ཡུལ་ཅན། །འདིར་ཡིན་ཕྱིར་རོ་གལ་ཏེ་མིན། །ཐ་དད་རང་གི་ཚིག་གིས་བསྟན། །བསྲེག་བྱའི་དངོས་པོ་མ་ལུས་པ། །མེ་ཡང་རྟག་
ཏུ་སྲེག་བྱེད་པའི། །བདག་ཉིད་ཅན་མིན་གཞན་དུ་ན། །མ་ལུས་ཐལ་བར་བྱེད་པར་འགྱུར། །བསྲེག་བྱའི་དོན་ཉིད་ཉེ་བ་ན། །དེ་ནི་དེ་སྲེག་བདག་ཉིད་རིགས། །དེ་ལྟ་ན་ནི་དོན་རྣམས་ཀུན། །ཅིག་ཅར་ཉིད་སྲེག་ཐལ་མི་འགྱུར། །ཨུཏྤལ་སྔོ་སོགས་འབྲེལ་པ་ལས། །མེ་ལོང་དང་ནི་
ཤེལ་ལ་སོགས། །དེ་གཟུགས་བརྙན་དུ་འཁྲུལ་བསྐྱེད་པའི། །རྒྱུ་ཡིན་སྐད་ཅིག་གིས་འཇིག་ཅན། །གཞན་དུ་ཁྱད་པར་བཅས་པ་དང་། །ཅིག་ཤོས་གནས་སྐབས་གཅིག་ཉིད་ཕྱིར། །རྟག་ཏུ་དེ་ཡི་རྣམ་པ་འམ། །དེ་དང་བྲལ་བར་སྣང་བར་འགྱུར། །བརྟན་ཉིད་ཕྱིར་དང་གཏིང་མེད་ཕྱིར། །
ལུས་ཅན་ལྷན་ཅིག་མི་གནས་ཕྱིར། །མེ་ལོང་དབུས་ཀྱི་གཟུགས་བརྙན་ནི། །ནམ་ཡང་འཛིན་པར་བྱེད་མ་ཡིན། །ལོགས་གཉིས་གནས་པ་དག་གིས་ཀྱང་། །ཤེལ་རྡོ་བཞིན་དུ་དཀར་པོ་རུ། །མཐོང་འགྱུར་འདི་ཡི་ཕྱིར་འདིས་ཀྱང་། །གཟུགས་བརྙན་ཐོབ་པར་འགྱུར་བ་མིན། །གལ་ཏེ་དེ་ཡི་
གཟུགས་བརྙན་ཐོབ། །དེ་ལ་དོན་དམ་པར་ཡོད་ན། །ཁྱད་པར་སོ་སོས་ཤེལ་སོགས་ནི། །ཐ་དད་པར་ནི་ཐལ་བར་འགྱུར། །དེ་ཕྱིར་སྣ་ཚོགས་བསམ་མི་ཁྱབ། །ནུས་ཅན་དེ་དག་ལ་འདི་འཁྲུལ། །བློ་ལ་འཁྲུལ་པའི་དངོས་པོ་ཡང་། །མི་རིགས་ཐ་དད་བྲལ་ཕྱིར་རོ། །མ་རྟོགས་ངོ་བོ་ལས་ལྡོག་
པ། །བློ་ཀུན་དག་ལ་མཚུངས་པ་ཡིན། །སྒྲོ་འདོགས་པ་ཡི་གཅིག་ཤེས་ཉིད། །སྣ་ཚོགས་ཉིད་ལའང་འཇུག་པར་འགྱུར། །གནས་སྐབས་རྣམས་ཀྱི་ཐ་དད་ཀྱིས། །ཐ་དད་པས་སྟོང་དེས་གནས་པས། །བརྟན་པའི་རང་བཞིན་ཅན་བདག་ལ། །གང་གཞན་གྱིས་ནི་ཀུན་བརྟགས་འདི། །ཁོ་བོའི་
Vol. 191 · folio 11b
སྐྱེས་བུས་སྡུག་བསྔལ་སོགས། །གནས་སྐབས་ཐོབ་པར་བྱེད་ན་ཡང་། །ཤེལ་དང་རྫས་ཡོད་ཉིད་སོགས་ཀྱིས། །ངོ་བོ་འདོད་པར་མི་བྱེད་ཉིད། །གནས་སྐབས་གཞན་ནི་སྐྱེ་འགྱུར་ཚེ། །སྔ་མ་ཤིན་ཏུ་འཇིག་མི་འགྱུར། །ཕྱི་མའི་རྗེས་མཐུན་དོན་དུ་ན། །སྤྱི་བདག་ཉིད་ལ་ཐིམ་
པར་འགྱུར། །རང་གི་ངོ་བོས་གནས་སྐབས་དག །ཕན་ཚུན་དུ་ནི་འགལ་བ་ཉིད། །སྤྱི་ཡི་བདག་ནི་ཐམས་ཅད་དུ། །འགལ་མེད་པར་ནི་ཤེས་པར་བྱ། །དེ་ལ་གལ་ཏེ་སྐྱེས་བུ་ལས། །གནས་སྐབས་གཅིག་ཏུ་ཐ་དད་མིན། །དེ་དག་སྐྱེ་འཇིག་ཡོད་པ་ན། །འདི་ལའང་དེ་དག་དེ་བཞིན་
འགྱུར། །འགལ་བའི་ཆོས་དང་འབྲེལ་འགྱུར་ན། །གཅིག་ཏུ་ཐ་དད་ཉིད་འགྱུར་ཏེ། །ཇི་ལྟར་ཁྱེད་ཀྱིས་སྐྱེས་བུ་རྣམས། །རང་བདག་སོ་སོར་ངེས་པ་བཞིན། །གལ་ཏེ་ཁྱེད་ཀྱི་གནས་སྐབས་རྣམས། །རང་གི་ངོ་བོས་སྐྱེས་བུ་ལ། །ཞི་ཐིམ་འགྱུར་སོགས་འབྱུང་བའི་ཚེ། །སྡུག་
བསྔལ་སོགས་དེའང་མྱོང་བར་འགྱུར། །གཞན་གྱི་ངོ་བོ་འཕོ་འགྱུར་ན། །གཞན་འཕོ་བར་ཡང་མི་འདོད་ཅིང་། །དེ་ཡི་བདག་ཉིད་འཕོ་འགྱུར་ནའང་། །དེ་ཕྱིར་བདག་ནི་སྐྱེ་ལྡན་འགྱུར། །གལ་ཏེ་བྱེད་པོ་ཟ་བོ་དག །གནས་སྐབས་ལ་བརྟེན་མ་ཡིན་ན། །དེ་ཕྱིར་སྐབས་ལྡན་དེ་ཉིད་འགྱུར། །
བྱེད་པོ་སོགས་ཉིད་ཡོད་མི་འགྱུར། །དེ་ཕྱིར་རྟག་སྒྲས་བརྗོད་བྱ་ཉིད། །བདག་ལ་བཟློག་པར་བྱ་བ་མིན། །རང་གི་ངོ་བོའི་འགྱུར་ལྡན་ཕྱིར། །དེ་ནི་ཆད་པར་འགྱུར་བ་ཡིན། །སྦྲུལ་ཡང་སྐད་ཅིག་འཇིག་ཉིད་ཕྱིར། །འཁྱོག་པ་ལ་སོགས་ཐོབ་འགྱུར་གྱི། །རྟེན་དངོས་ཡིན་ན་སྐྱེས་བུ་བཞིན། །
གནས་སྐབས་གཞན་དང་འབྲེལ་པ་མེད། །ངའོ་སྙམ་པའི་ཤེས་པ་འདི། །དམིགས་པ་མེད་པ་ཉིད་དུ་ནི། །ཐོག་མེད་སེམས་ཅན་དུ་བལྟ་བའི། །ས་བོན་སྟོབས་ལས་འགར་ཉིད་འཇུག །གང་ཕྱིར་འདུ་བྱེད་འགའ་ཞིག་ཉིད། །དེ་ཡི་རང་གི་ངོ་བོར་ཞེན། །བདག་པོ་ཉིད་ནི་ཐོབ་བྱེད་དེ། །དེ་
ཕྱིར་ཀུན་དུ་འཇུག་མི་འགྱུར། །གཞན་དུ་ཁྱེད་ཀྱི་སྐྱེས་བུ་ལའང་། །བརྒལ་ཞིང་བརྟག་པ་མཚུངས་པ་ཡིན། །དེ་ཕྱིར་ཐ་དད་ནུས་ཡོད་པས། །ཐམས་ཅད་རྩོད་པ་མེད་པར་འགྱུར། །རྟག་པ་དམིགས་པའི་ཕྱོགས་ལ་ནི། །དེ་བས་ངའོ་སྙམ་པ་ཀུན། །ཅིག་ཅར་ཉིད་དུ་སྐྱེ་འགྱུར་ཏེ། །ནུས་
Vol. 191 · folio 12a
རྒྱུ་རྣམ་པར་གནས་ཕྱིར་རོ། །མི་རྟག་དམིགས་པ་ཉིད་ལ་ཡང་། །གསལ་བར་སྣང་འགྱུར་དེ་ཡི་ཕྱིར། །གཞན་དག་དམིགས་དོན་ཡོད་པ་རུ། །བརྒལ་ཞིང་བརྟག་པ་དོན་མེད་དོ། །ཤེས་པ་པོ་ལ་ངོ་ཤེས་ནི། །བག་ཆགས་ཀྱིས་ནི་བྱེད་རིགས་ཀྱི། །དེ་མ་ཡིན་ལ་
དེ་ཤེས་པའི། །ཤེས་མིན་འདི་ནི་འཁྲུལ་རྒྱུ་མིན། །དེ་ཕྱིར་ང་སྙམ་ཤེས་འཁྲུལ་པ། །མི་འདོད་གནོད་མེད་ཕྱིར་ཞེ་ན། །མ་ཡིན་བཤད་མ་ཐག་པ་ཡི། །རིགས་པས་དེ་ལ་གནོད་མཐོང་ཕྱིར། །དབང་ཕྱུག་སོགས་ལ་དད་རྣམས་ཀྱི། །དེ་རྒྱུ་སོགས་སུ་འཁྲུལ་པ་ནི། །བག་ཆགས་ཙམ་གྱི་
ངོ་བོ་ལས། །ཇི་ལྟར་སྣ་ཚོགས་སྐྱེ་བར་འགྱུར། །དེ་ལྟར་གང་ཚེ་ངའོ་སྙམ། །དམིགས་མེད་ཉིད་དུ་གནས་པ་ཡིན། །དེ་ཕྱིར་ང་ཤེས་ཀྱིས་བཟུང་བའི། །ཤེས་བྱེད་འགའ་ཡང་ཡོད་མ་ཡིན། །དེ་ཕྱིར་ཚད་མ་ཐམས་ཅད་ལ། །དཔེ་ནི་འགའ་ཡང་ཡོད་མ་ཡིན། །གཏན་ཚིགས་རྣམས་ཀྱང་
གཞི་མ་གྲུབ། །བསྟན་པ་རྣམས་ལ་ཅི་རིགས་སྦྱར། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་དཔྱོད་པ་པས་བརྟགས་པའི་བདག་བརྟག་པ་སྟེ་བརྒྱད་པའོ།། །།གཞན་ནི་ཤེས་པའི་བློ་ཡི་ནི། །རང་དངོས་ཁྱད་པར་ཡིན་པར་སེམས། །དེ་དག་སེམས་ལ་བདག་ཉིད་ཀྱི། །
རང་གི་ངོ་བོར་རྟོགས་པར་བྱེད། །གཙོ་བོས་བསྟབས་པའི་འབྲས་བུ་ལ། །དེ་ནི་ལོངས་སྤྱོད་འབའ་ཞིག་བྱེད། །དེ་ལ་བྱེད་པ་ཉིད་ཡོད་མིན། །རང་བཞིན་ཁོ་ན་དེར་འདོད་དོ། །དེ་ལའང་གལ་ཏེ་སེམས་གཅིག་འདོད། །གཟུགས་དང་སྒྲ་སོགས་སེམས་དག་གི། །རང་བཞིན་ཐ་དད་དང་ལྡན་
པར། །ཤིན་ཏུ་གསལ་བར་ཇི་ལྟར་རིགས། །སེམས་ནི་རང་བཞིན་གཅིག་པ་ཅན། །དུས་ཀུན་དུ་ནི་གནས་པ་ལ། །རྣམ་པ་སྣ་ཚོགས་དོན་རྣམས་ཀྱི། །ལོངས་སྤྱོད་པོར་ནི་ཇི་ལྟར་འཐད། །ལྟ་འདོད་ལ་སོགས་ཐ་དད་རྣམས། །དེ་ཡི་ལོངས་སྤྱོད་རྒྱུ་མཚན་དུ། །འབྱུང་མིན་དེ་ལྟར་འབྱུང་
ཡིན་ན། །སྐྱེས་བུ་སྐྱེ་བ་དང་ལྡན་འགྱུར། །གང་ཕྱིར་སེམས་ལས་ཐ་དད་པའི། །ལྟ་འདོད་ལ་སོགས་དེ་མི་འགྱུར། །དེ་ལ་སྐྱེ་དང་འཇིག་ཐོབ་ན། །སྐྱེས་བུ་ལ་ཡང་འདི་བཟློག་ཀ །གལ་ཏེ་དགེ་དང་མི་དགེ་བའི། །ལས་ནི་བདག་གིས་བྱས་ཉིད་མིན། །དེ་ཕྱིར་འདི་ཡི་ལོངས་སྤྱོད་ཀྱི། །ཐ་
Vol. 191 · folio 12b
དད་པ་ནི་གང་ལས་སྐྱེ། །གལ་ཏེ་འདོད་དང་རྗེས་མཐུན་པ། །རང་བཞིན་གྱིས་རབ་སྟེར་བྱེད་དེ། །དེ་དག་གི་ནི་འབྲེལ་པ་འདི། །ཞ་བོ་ལོང་བ་བཞིན་དུ་གནས། །གལ་ཏེ་དེ་ལྟར་འདོད་པ་ལ། །སྲེད་པ་ཡོད་ཀྱང་ཅི་ཡི་ཕྱིར། །འགྲུབ་པར་མི་བྱེད་རང་བཞིན་ནི། །གཞན་ལ་ཅུང་ཟད་ལྟོས་མི་འགྱུར། །
དོན་ལས་ལོངས་སྤྱོད་དུས་སུ་ཡང་། །གལ་ཏེ་འདི་ལ་འགྱུར་མེད་ན། །འདི་ནི་ཟ་པོ་ཉིད་མིན་ཞིང་། །རང་བཞིན་ཡང་ནི་ཕན་བྱེད་མིན། །རྣམ་པར་འགྱུར་བ་ཡོད་གྱུར་ན། །རྟག་པ་ཉིད་ནི་ཉམས་པར་འགྱུར། །རྣམ་འགྱུར་རྣམ་པ་གཞན་ཉིད་ན། །གནས་སྐབས་ན་ཡང་དེ་ཇི་ལྟར། །ཡུལ་
གྱི་རྣམ་པ་ཅན་བློ་ནི། །ཐོག་མར་རབ་ཏུ་འཇུག་བྱེད་ཅིང་། །དེ་ཡིས་ངེས་པར་བྱས་པའི་དོན། །སྐྱེས་བུ་ཡིས་ནི་རྟོགས་པར་འགྱུར། །དེ་ལྟར་འདི་ཡི་ཟ་པོ་ཉིད། །གཟུགས་བརྙན་སྐྱེ་བའི་སྒོ་ཅན་ཏེ། །སྐྱེས་བུ་འདི་ཡི་རང་ངོ་བོ། །ནམ་ཡང་འདོར་མེད་མིན་སྙམ་ན། །བརྗོད་པར་བྱ་སྟེ་
གཟུགས་བརྙན་ནི། །དེ་ཡི་བདག་ཉིད་དུ་སྐྱེ་འགྱུར། །སྐྱེ་ལྡན་དུ་ཉིད་དུ་འགྱུར་ཞིང་། །ཐ་དད་ཡིན་ན་ཟ་པོ་མེད། །སེམས་ཉིད་བདག་ཉིད་ཅན་གཙོ་བོ། །སྣ་ཚོགས་སྒྲུབ་པའི་ཁྱད་པར་ལ། །ལྟ་འདོད་སོགས་ཀྱི་རྗེས་མཐུན་པར། །ཇི་ལྟར་ཡང་དག་འབྱུང་བར་འགྱུར། །གཙོ་བོས་ཚད་
མ་ལ་སོགས་པ། །བྱེད་པ་ཤེས་པ་རྣམ་ཤེས་དང་། །བཟའ་བར་མི་ཤེས་ཞེས་བྱ་བར། །འདི་ལས་མི་རིགས་གཞན་ཅི་ཡོད། །གཙོ་བོར་བློ་དང་ལྡན་ཉིད་ཕྱིར། །འདི་ལ་ཀུན་འགལ་མེད་ཅེ་ན། །འོ་ན་བློ་ལྡན་ཉིད་ཡིན་ན། །སྐྱེས་བུ་བཞིན་དུ་སེམས་ཉིད་ཐོབ། །བློ་དང་རྣམ་ཞེན་
པ་དང་ནི། །དེ་བཞིན་རིག་དང་རིག་བྱེད་དང་། །སེམས་དང་ཉམས་མྱོང་ཞེས་བྱ་བ། །ཐམས་ཅད་སེམས་ཀྱི་རྗོད་བྱེད་ཡིན། །སྐྱེ་ལྡན་འཇིག་པའི་རྟག་དག་གི། །སྒྲ་དྲི་རོ་སོགས་བཞིན་དུ་ནི། །བློ་ནི་སེམས་པ་མེད་པ་ཡི། །བདག་ཉིད་ཅན་དུ་འདོད་ཅེ་ན། །སྒྲུབ་བྱེད་རང་རྒྱུད་ཉིད་འདོད་
ན། །གཏན་ཚིགས་འདི་དག་གཉིས་ཀ་ལ། །མ་གྲུབ་ཐལ་འགྱུར་བརྗོད་འདོད་ན། །བཟློག་པ་ལ་ནི་གནོད་པ་མེད། །སེམས་པ་ཉིད་ལའང་བདག་གི་སྒྲར། །ཞེན་ནའང་ང་ལ་གནོད་པ་མེད། །གལ་ཏེ་རྟག་ཉིད་བསྒྲུབ་དཀའ་སྟེ། །མིག་སོགས་འབྲས་བཅས་ཉིད་ཕྱིར་རོ། །གལ་ཏེ་
Vol. 191 · folio 13a
སེམས་པ་ཉིད་རྟག་ན། །མིག་དང་དོན་སོགས་འབྲས་མེད་འགྱུར། །གལ་ཏེ་མེ་ནི་རྟག་གྱུར་ན། །བུད་ཤིང་དོན་མེད་འགྱུར་བ་ཡིན། །མལ་ཆ་དང་ནི་སྟན་བཞིན་དུ། །འདུས་པའི་གཏན་ཚིགས་དེ་ཉིད་ཀྱིས། །མིག་ལ་སོགས་པ་རྣམས་ལ་ནི། །གཞན་དོན་
ཉིད་གང་རབ་བསྟན་ནས། །གལ་ཏེ་ཁྱད་པར་བྱར་རུང་གི། །དེ་ཉིད་དེ་དག་ལ་བསྒྲུབ་ན། །འདོད་སྒྲུབ་གང་ཕྱིར་དེ་དག་ནི། །འཇིག་པའི་ཤེས་ལ་ཕན་བྱེད་འདོད། །འགྱུར་མེད་ཕན་ལ་ཕན་བྱེད་ཉིད། །སྒྲུབ་ན་དཔེ་ནི་བསྒྲུབ་བྱ་ཡི། །སྟོང་པ་ཡིན་ཏེ་དེ་དག་ཀྱང་། །གཡོ་བ་ཉིད་ལ་ཕན་བྱེད་
རིགས། །གལ་ཏེ་ཕྱིར་ནི་གཞན་དོན་དུ། །དེ་དག་ལ་ནི་རབ་བསྒྲུབ་པ། །དེ་ལྟ་ན་ཡང་སྒྲུབ་དོན་མེད། །སེམས་ལ་ཕན་བྱེད་སྒྲུབ་ཕྱིར་རོ། །ཕན་བྱེད་དུ་མ་སྨོས་པའི་ཕྱིར། །ཆོགས་པ་ཉིད་འདིར་བརྗོད་པ་ཡིན། །བྱ་བ་ཡི་ནི་ཡུལ་ཉིད་ན། །གཞན་གྱི་དོན་ནི་སྒྲུབ་བྱེད་མིན། །དེ་ཁོ་ན་ཉིད་
བསྡུས་པའི་རབ་ཏུ་བྱེད་པ་ལས་སེར་སྐྱ་པས་ཀུན་དུ་བརྟགས་པའི་བདག་བརྟག་པ་སྟེ་དགུ་པའོ།། །།རྒྱལ་དཔོག་པ་བཞིན་རྒྱལ་བ་པ། །རྫས་དང་རྣམ་གྲངས་ངོ་བོ་ཡིས། །ལྡོག་དང་རྗེས་འགྲོ་བདག་ཉིད་ཅན། །སྐྱེས་བུ་ཤེས་པའི་མཚན་ཉིད་སྨྲ། །དེ་ལའང་རྫས་ནི་རྣམ་གྲངས་དང་། །གལ་ཏེ་འབྲེལ་དུ་གྱུར་མེད་ན། །དེ་ལ་ཁྱད་པར་
མེད་པའི་ཕྱིར། །དེ་ནི་འགྱུར་བ་ཅན་མི་འགྱུར། །ཡུལ་དང་དུས་དང་རང་བཞིན་དག །ཐ་དད་མེད་ཕྱིར་གཅིག་ཏུ་བརྗོད། །གྲངས་དང་མཚན་ཉིད་མིང་དང་དོན། །ཐ་དད་ཕྱིར་ན་ཐ་དད་བརྗོད། །གཟུགས་སོགས་རྣམས་དང་བུམ་པ་ཞེས། །གྲངས་དང་མིང་གི་རྣམ་དབྱེ་དང་། །འབྲས་བུ་དང་ནི་རྗེས་འཇུག་ལྡོག །མཚན་ཉིད་དང་
ནི་དོན་རྣམས་དབྱེ། །རྫས་དང་རྣམ་གྲངས་དག་གི་ཡིན། །དེ་ལྟར་གཅིག་ཏུ་ཁྱད་མེད་ཅན། །རྫས་མིན་རྣམ་གྲངས་ཐ་དད་ཀྱིས། །བདག་ཉིད་ཁྱད་པར་འགྱུར་ཞེ་ན། །ངེས་པར་ཁྱད་པར་ལྡན་པ་ཡི། །རང་བཞིན་དབྱེར་མེད་གཅིག་ཉིད་དེ། །དེ་ལྟ་ཡིན་ན་ཐ་དད་ཉིད། །ཇི་ལྟར་ཡང་ནི་བསྒྲུབ་དཀའ་སྟེ། །
རྣམ་གྲངས་སོགས་ཀྱི་དངོས་དག་བཞིན། །དེ་ལྟར་རྫས་དང་རྣམ་གྲངས་དང་། །དངོས་ཀུན་གཅིག་ཉིད་དུ་གནས་ན། །རྫས་ནི་ལྡོག་དང་ལྡན་གྱུར་ཏེ། །རྣམ་གྲངས་དག་གི་རང་དངོས་བཞིན། །གལ་ཏེ་རྣམ་གྲངས་དེ་ཀུན་ཡང་། །རྫས་བཞིན་རྗེས་འགྲོའི་བདག་ཉིད་ནི། །ཐོབ་འགྱུར་དེ་
Vol. 191 · folio 13b
དག་རྫས་དང་ནི། །བདག་ཉིད་གཅིག་ཏུ་གནས་ཕྱིར་རོ། །དེ་ཡི་ཕྱིར་ན་རྣམ་གྲངས་ལས། །ཐ་དད་མེད་ཕྱིར་བདག་སོགས་རྫས། །གནས་པ་ཅུང་ཟད་ཡོད་མིན་ཏེ། །རྣམ་གྲངས་རང་གི་ངོ་བོ་བཞིན། །སྐྱེ་དང་འཇིག་པར་གནས་པ་ཡི། །རྣམ་གྲངས་རྣམས་ཀྱང་ཅུང་ཟད་མེད། །རྫས་ལས་
ཐ་དད་མེད་པའི་ཕྱིར། །རྫས་དེ་ངེས་པའི་བདག་ཉིད་བཞིན། །དེ་ཕྱིར་རྗེས་འགྲོ་མེད་གཅིག་པའམ། །ཐམས་ཅད་རྟག་པ་ཉིད་འདོད་ཀྱིས། །གཅིག་བདག་ཉིད་ལས་ལྡོག་པ་དང་། །རྗེས་འགྲོ་འདི་དག་མེད་པ་ཉིད། །དམིགས་སུ་རུང་བའི་རང་བཞིན་ཅན། །རྣམ་གྲངས་ལ་རྗེས་འགྲོ་བདག་
ཉིད། །རྫས་ནི་སོ་སོར་སྣང་བ་མོས། །དེ་ཕྱིར་མཁའ་པད་བཞིན་དུ་མེད། །སྣ་ཚོགས་དོན་བྱེད་རུང་བ་དང་། །མཚུངས་སོགས་ཤེས་པའི་རྒྱུར་གྱུར་དག །དེ་ལྟའི་རྣམ་པའི་དོན་གྱིས་བརྡ། །སྒྲ་དང་ཤེས་པའི་སྤྱོད་ཡུལ་དག །སྐྱེ་དང་འཇིག་པའི་ཆོས་ཅན་གྱི། །རྣམ་གྲངས་ཁོ་ན་འབའ་ཞིག་
དག །ཡང་དག་ཡོད་འགྱུར་དེ་ཡི་ཕྱིར། །བདག་མེད་གསལ་སྣང་དྲི་མ་མེད། །འོན་ཏེ་རྫས་དང་རྣམ་གྲངས་ཀྱི། །ངོ་བོ་ཡང་དག་འདྲེ་བར་གནས། །དངོས་ཉིད་ཅན་དེ་དབྱེར་མེད་པ། །འདོད་དེ་མི་ཡི་སེང་གེ་བཞིན། །དངོས་ཉིད་ཅན་ཞེས་བསྟན་པ་འདི། །སྣ་ཚོགས་དོན་གྱི་རྒྱུ་མཚན་ཅན། །
ཡིན་ཏེ་དངོས་པོའི་སྒྲ་ཡང་ནི། །རང་བཞིན་རྗོད་པར་བྱེད་ཕྱིར་རོ། །མི་ཡི་སེང་གེའང་གཅིག་པུ་ནི། །གཉིས་བདག་ཅན་དུ་འཐད་མིན་ཏེ། །གང་ཕྱིར་རྡུལ་ཕྲན་དུ་མ་ཡི། །འདུས་བདག་ཅན་དེ་དེ་ལྟར་ཤེས། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་ནམ་མཁའི་གོས་ཅན་གྱིས་ཀུན་ཏུ་
བརྟགས་པའི་བདག་བརྟག་པ་སྟེ་བཅུ་པའོ།། །།ས་དང་མེ་ཆུ་ལ་སོགས་པར། །དེ་ཤེས་རྟག་པའི་འཇུག་པ་འདི། །དེ་བདག་ཅན་ཉིད་བདག་ཡིན་ཞེས། །གཞན་དག་ཀྱང་ནི་རྗོད་པར་བྱེད། །གཟུང་བའི་མཚན་ཉིད་དང་ལྡན་པའི། །འདི་ནི་ཅུང་ཟད་ཡོད་མིན་ཏེ། །དེ་ཕྱིར་འདི་དག་
ཐམས་ཅད་ནི། །རྣམ་ཤེས་འགྱུར་བར་ཡང་དག་གནས། །དེ་དག་གི་ནི་ལྟ་བ་དང་། །དེ་གཞུང་རྟག་ཉིད་བརྗོད་པའི་ཕྱིར། །ཉེས་པ་ཆུང་ལྡན་རྟག་བརྗོད་ཕྱིར། །དེ་དག་ཉེས་པ་ཆུང་ལྡན་ཏེ། །གཟུགས་སྒྲ་ལ་སོགས་ཤེས་པ་རྣམས། །ཐ་དད་ཉེར་མཚོན་གསལ་བ་ཡིན། །ཤེས་པའི་བདག་ཉིད་
Vol. 191 · folio 14a
གཅིག་ཉིད་ནི། །གཟུགས་དང་སྒྲ་དང་རོ་སོགས་རྣམས། །ཅིག་ཅར་རྟོག་པར་ཐལ་བར་འགྱུར། །རྟག་ལའང་གནས་སྐབས་གཞན་མེད་དོ། །གཟུགས་སོགས་རྣམས་ཀྱི་རིག་པ་ལས། །ཐ་དད་ཤེས་པ་དམིགས་པ་མེད། །དེ་ནི་སྐད་ཅིག་ཐ་དད་ན། །ཐ་མི་དད་དུ་གནས་པ་
ཅི། །ཕྱིན་ཅི་ལོག་དང་མ་ལོག་པའི། །ཤེས་པ་ཐ་དད་ཡོད་མིན་ན། །སྐྱེས་བུ་ཤེས་ཉིད་བདག་ཉིད་ལ། །དེ་ཕྱིར་འཆིང་གྲོལ་ཇི་ལྟར་ཡིན། །རྣལ་འབྱོར་གོམས་པས་རྣལ་འབྱོར་པ། །ཅི་ཞིག་བཟློག་ཅིང་ཅི་ཞིག་སྒྲུབ། །གང་ཕྱིར་དེ་བདག་ཕྱིན་ཅི་ལོག །སྤང་བར་ནུས་པ་མ་ཡིན་ནོ། །དེ་བདག་
ཉིད་དུ་རྟག་གནས་ཕྱིར། །དེ་ཉིད་ཤེས་པའང་བསྐྱེད་བྱ་མིན། །དེ་ཕྱིར་ཁྱེད་ཀྱི་རྣལ་འབྱོར་ནི། །གོམས་པ་འདི་ཀུན་འབྲས་མེད་འགྱུར། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་ཨུ་པ་ནི་ཤ་ཀས་བརྟགས་པའི་བདག་བརྟག་པ་སྟེ་བཅུ་གཅིག་པའོ།། །།བདེ་གཤེགས་པར་
སེམས་འགའ་ཞིག་ཀྱང་། །གང་ཟག་ཐ་སྙད་སྒོ་ནས་ནི། །དེ་ཉིད་གཞན་ཡིན་སོགས་བྲལ་བ། །བདག་ཏུ་རབ་ཏུ་རྗོད་པར་བྱེད། །མུ་སྟེགས་ལྟ་བར་ཐལ་འགྱུར་ཕྱིར། །གང་ཟག་ཕུང་པོ་ལས་གཞན་མིན། །དུ་མ་སོགས་འགྱུར་ཕྱིར་དེ་ཉིད། །མ་ཡིན་དེ་ཕྱིར་བརྗོད་མེད་ལེགས། །དེ་དག་
ལ་སྨྲ་གང་ཟག་ནི། །དོན་དམ་པར་མེད་དེ་ཉིད་དང་། །གཞན་ཉིད་སོགས་པར་བརྗོད་མེད་ཕྱིར། །ནམ་མཁའི་པདྨ་ལ་སོགས་བཞིན། །དངོས་པོ་དངོས་པོ་ལས་གཞན་ནམ། །གཞན་མིན་པར་ཡང་མི་འདའ་ཉིད། །དེ་ཕྱིར་བརྗོད་དུ་མེད་པ་གང་། །དངོས་པོ་མེད་པར་རྟོགས་པ་ལ། །ཐ་དད་
ཐ་དད་མེད་རྣམས་རྟོགས། །དངོས་ལ་བརྟེན་པ་ཡིན་པའི་ཕྱིར། །དེ་ཉིད་གཞན་སོགས་བརྗོད་མེད་པ། །རང་བཞིན་མེད་རྣམས་ལ་རིགས་ཀྱི། །དངོས་པོ་ལ་ནི་ཡོད་མིན་ཞེས། །དེ་ལྟ་བུ་ཡིས་བཀག་པ་གང་། །དེ་ནི་དངོས་པོ་གཞན་བཞིན་དུ། །དེ་ལས་གཞན་དུ་གསལ་བར་བརྗོད། །དེ་ཉིད་
མིན་པ་བཀག་པས་ཀྱང་། །དེ་ཉིད་དུ་ནི་རྗོད་པར་བྱེད། །དེ་ཕྱིར་དངོས་དེ་དངོས་པོ་ནི། །དེ་ཉིད་གཞན་འགའ་མི་བྱེད་ན། །གང་ཟག་ཕུང་པོ་ལས་གཞན་མིན། །ཞེས་པས་འདི་ནི་གཞན་མིན་བརྗོད། །ཕུང་པོ་གང་ཟག་མིན་ཞེས་པས། །དེ་ནི་གཞན་འདི་ཡིན་པར་གསལ། །འགལ་བའི་
Vol. 191 · folio 14b
ཆོས་དང་འབྲེལ་པ་ནི། །དངོས་པོ་ཐ་དད་པར་བརྗོད་དོ། །ཕུང་པོ་གང་ཟག་དག་ལ་ཡང་། །དེ་བཞིན་ཅི་ཕྱིར་ཐ་དད་མེད། །འདི་ལྟར་ཚོར་བ་ལ་སོགས་ལས། །གང་ཟག་བརྗོད་དུ་མེད་པར་བརྗོད། །དེ་ལས་གཟུགས་དང་འདུ་ཤེས་སོགས། །དེ་ཉིད་གཞན་ཉིད་དུ་བརྗོད་བྱ། །གཟུགས་ལ་
སོགས་པའི་ཕུང་པོ་དག །མི་རྟག་ཉིད་དུ་བརྗོད་བྱར་འདོད། །དེ་ལྟར་གང་ཟག་མིན་ཕྱིར་ཡང་། །དེ་ལས་གཞན་དུ་གསལ་ཉིད་ཡིན། །དོན་བྱེད་པར་ནི་ནུས་པ་ཡང་། །ཡོད་པ་ཉིད་ཀྱི་མཚན་ཉིད་དེ། །སྐད་ཅིག་མ་ཉིད་ལ་ངེས་ཡིན། །དེ་ལྡན་བརྗོད་མེད་དངོས་ཉིད་ཡིན། །ལུང་དང་འགལ་
བ་དག་ལ་ནི། །བདག་ཉིད་ཆེན་པོས་བརྩོན་པར་བྱས། །མེད་པ་པ་ནི་དགག་པའི་ཕྱིར། །བརྩེ་ལྡན་གསུང་ནི་སྣ་ཚོགས་ཡིན། །ཚོགས་པ་ལ་སོགས་ཐུགས་ཀྱིས་ནི། །ཁུར་ཁྱེར་ལ་སོགས་སྟོན་མཛད་པ། །ཁྱད་པར་སྒོ་ནས་བཀག་པ་ནི། །ལྟ་བ་དེ་ཡོད་རྣམས་ལ་མཛེས། །དེ་ཁོ་ན་
ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་གནས་མའི་བུས་བརྟགས་པའི་བདག་བརྟག་པ་སྟེ་བཅུ་གཉིས་པའོ།། །།ཡང་ན་གང་ཕྱིར་སྐད་ཅིག་མ། །འཇིག་པ་རབ་ཏུ་གྲུབ་ཉིད་ཀྱིས། །རང་བཞིན་ལ་སོགས་སུན་ཕྱུང་བས། །གནས་མེད་ཉིད་ལ་འབད་འདི་བྱེད། །བཤད་དང་འཆད་
པར་འགྱུར་བ་ཡི། །རིགས་སོགས་ཁྱད་པར་མེད་པ་ནི། །དགག་པའི་དོན་དུ་དེ་ཡི་ཕྱིར། །སྐད་ཅིག་འཇིག་པ་གསལ་བསྒྲུབ་བྱ། །བྱས་དང་མ་བྱས་ཉིད་སྒོ་ནས། །འགའ་ཞིག་ཕུང་པོ་གཉིས་སུ་འདོད། །སྐད་ཅིག་སྐད་ཅིག་མ་ཡིན་པས། །གཞན་གྱིས་དངོས་རྣམས་ལ་འདོད་
འདི། །དེ་ལ་བྱས་པའི་དངོས་པོ་གང་། །དེ་ཀུན་སྐད་ཅིག་མར་འཇིག་ཅན། །ཐམས་ཅད་དག་ནི་འཇིག་པ་ལ། །ལྟོས་མེད་ཉིད་དུ་གནས་ཕྱིར་རོ། །གང་ཞིག་དངོས་གང་ཡིན་པ་ལ། །རྒྱུ་གཞན་ལ་ལྟོས་མེད་ཉིད་དེ། །དེ་ལྟར་རང་རྒྱུད་ལས་སྐྱེ་ཕྱིར། །དེ་ནི་དེ་ལས་ངེས་ཞེས་བྱ། །དཔེར་ན་
རང་འབྲས་སྐྱེ་བ་ལ། །གེགས་བྱེད་མེད་པའི་ཚོགས་པ་བཞིན། །སྐྱེ་བ་ཅན་ནི་ཐམས་ཅད་ཀྱང་། །འཇིག་པ་ལ་ནི་ལྟོས་པ་མེད། །གལ་ཏེ་འདི་ལྟོས་མེད་ཡིན་ནའང་། །ཡུལ་དང་དུས་གཞན་ལ་འགྱུར་ན། །དེ་དག་ལ་ནི་ལྟོས་ཉིད་ཕྱིར། །ལྟོས་མེད་ཐལ་བ་ཉིད་འགྱུར་ན། །སྐྱེ་བ་
Vol. 191 · folio 15a
ཅན་ཀུན་འཇིག་པ་ལ། །ཐམས་ཅད་དུ་ནི་ལྟོས་པ་མེད། །འཇིག་པའི་རྒྱུ་རྣམས་རྣམ་ཀུན་དུ། །ད་ལ་ཅུང་ཟད་བྱེད་མེད་ཕྱིར། །འདི་ལྟར་འཇིག་པར་བྱེད་པའི་རྒྱུ། །དངོས་ལ་ཐ་དད་མེད་པ་ཡི། །འཇིག་པའི་བྱེད་པོར་མི་རིགས་ཏེ། །དངོས་པོ་རང་རྒྱུ་ལས་སྐྱེ་ཕྱིར། །
འདི་ལ་སྒྲིབ་སོགས་ཀྱང་མི་རིག །འཇིག་པ་ཞེས་བྱའི་དངོས་པོ་ཡི། །དངོས་པོའི་འཇིག་བྱེད་ཅེས་བྱ་བརྫུན། །གཞན་ཉིད་ལ་སོགས་རྣམ་རྟོག་དག །དོན་དེ་ལ་ཡང་འཇུག་ཕྱིར་རོ། །དངོས་པོའི་ངོ་བོ་མེད་བདག་ཉིད། །འཇིག་པ་ཞེས་བྱའི་མེད་གཞན་ཅན། །འཇིག་བྱེད་ཅེ་ན་དེ་ལ་ཡང་། །
བྱེད་པ་རིག་པ་ལྡན་མ་ཡིན། །མེད་པ་ཡང་ནི་འབྲས་ཉིད་ན། །མྱུ་གུ་སོགས་བཞིན་དངོས་ཉིད་དུ། །ཐལ་འགྱུར་བསྐྱེད་བྱའི་ངོ་བོ་ནི། །རྒྱུ་ཡི་ནུས་པས་སྐྱེད་ཕྱིར་རོ། །དེ་ལྟར་དངོས་མེད་སྒྲུབ་སྒོ་ནས། །བྱས་ཡིན་མ་ཡིན་དགག་རྟེན་ཕྱིར། །གང་ཡིན་དེ་ལ་ཐ་དད་སོགས། །སླར་ཡང་
རྣམ་རྟོག་འཇུག་པར་འགྱུར། །འོན་ཏེ་བྱ་བ་བཀག་པ་འདི། །དངོས་ཉིད་བྱེད་པ་མ་ཡིན་ཉིད། །དེ་ལྟ་ན་ཡང་རྒྱུ་མེད་གྲུབ། །བྱེད་པོ་མིན་ན་རྒྱུ་ཉམས་ཕྱིར། །འོ་ན་དངོས་པོ་ཡོད་དུས་སུ། །འཇིག་པ་འདི་ཡོད་མ་ཡིན་ཉིད། །སྔོན་མིན་ཡུན་རིང་ཕྱིས་ཀྱང་མིན། །དངོས་པོའི་དེ་མ་ཐག་ཏུ་འདི། །
དེ་ལྟ་ན་ཡང་དུས་ངེས་ཕྱིར། །འདི་ནི་རྒྱུ་ལྡན་རེགས་པ་ཡིན། །ལྟོས་མེད་པ་ལ་རེས་འགའ་དང་། །འབྲེལ་པ་སུན་ནི་ཕྱུང་བ་ཡིན། །དངོས་པོའི་དེ་མ་ཐག་ཏུ་ནི། །འབྱུང་བའི་ཕྱིར་དང་མ་བྱུང་ལས། །འབྱུང་ཕྱིར་འདི་ནི་རྒྱུ་ལྡན་རིགས། །དཔེར་ན་སྐད་ཅིག་གཞན་བཞིན་འདོད། །མོ་གཤམ་གྱི་ནི་བུ་
བཞིན་དུ། །རྒྱུ་མེད་ཕྱིར་འདི་ཅུང་ཟད་མེད། །ཡང་ན་མཁའ་བཞིན་རྟག་གྱུར་ཏེ། །གང་ཕྱིར་རྣམ་པ་གཞན་མེད་དོ། །མེད་པ་ཡིན་ན་འཇིག་མེད་ཕྱིར། །དངོས་པོ་ཐམས་ཅད་རྟག་པར་འགྱུར། །འདུས་བྱས་ཐམས་ཅད་འཇིག་པ་ཡི། །ཤེས་པའང་རྒྱུ་མཚན་མེད་པ་ཅན། །རྟག་པ་ཉིད་
ནའང་འཇིག་པ་མེད། །ལྷན་ཅིག་གནས་འགྱུར་འགལ་མེད་ཕྱིར། །སྐྱེ་བ་མེད་ལའང་འཇིག་བཤད་པ། །རིགས་པའི་རྗེས་འབྲངས་ཉིད་མ་ཡིན། །དེ་ལྟ་བུ་ལ་གཞན་དག་གིས། །ཇི་ལྟ་བུ་ཞིག་འཇིག་པར་རྟོག །སྐད་ཅིག་མར་གནས་ཆོས་རྣམས་ཀྱི། །དངོས་ཉིད་མིན་ནམ་འོན་ཏེ་ན། །
Vol. 191 · folio 15b
དངོས་པོའི་ངོ་བོ་ལྡོག་གྱུར་པ། །ཞིག་མྱོང་ཅན་ལ་དེ་ལྟར་བརྗོད། །དེ་འདིར་འཇིག་པའི་རང་བཞིན་གང་། །ཆོས་རྣམས་སྐད་ཅིག་མར་གནས་པའི། །དངོས་མེད་དེ་ལྟར་བརྗོད་དམ་ཅི། །གཞན་ལ་བརྒལ་ཞིང་བརྟག་པ་མཚུངས། །འོན་ཏེ་དངོས་པོའི་རང་ངོ་བོ། །ལྡོག་པ་འཇིག་པའི་མིང་
ཡིན་ན། །སྔ་མ་ལ་ནི་རྟག་བྱེད་པ། །འགལ་བ་ཅུང་ཟད་མེད་པ་ཉིད། །སྐད་ཅིག་མར་གནས་དངོས་གང་ལ། །འཇིག་པ་ཞེས་ནི་རྗོད་བྱེད་ན། །དེ་ནི་རྒྱུ་དང་རྣམ་པར་འདོད། །གཞན་དངོས་མེད་ཕྱིར་རྒྱུ་མེད་ཅན། །དངོས་པོའི་དེ་མ་ཐག་འབྱུང་ཉིད། །དེ་འདྲ་དེ་ལ་ཡོད་མིན་ཏེ། །གཡོ་
བ་དངོས་པོའི་རང་ངོ་བོ། །དངོས་དང་ལྷན་ཅིག་སྐྱེ་ཕྱིར་རོ། །དེ་ཕྱིར་འཇིག་པ་ཡོད་པའི་ཕྱིར། །འདུས་བྱས་ཐམས་ཅད་རྟག་པ་མིན། །འཇིག་པ་ཞེས་པའི་བློ་དག་ཀྱང་། །རྒྱུ་མཚན་མེད་པར་ཐལ་མི་འགྱུར། །ཞིག་པ་ཉིད་ནི་བདག་མེད་ཕྱིར། །དེ་མ་ཐག་འབྱུང་ཡོད་པ་མིན། །མ་བྱུང་བྱུང་བ་
ལྡན་པ་ཡང་། །ནམ་མཁའི་པདྨ་ལ་སོགས་བཞིན། །ཞིག་འགྱུར་ཞེས་བྱ་དེ་ལྟར་འདིར། །དངོས་པོར་མ་གྱུར་ཞེས་བྱ་ཡི། །དོན་འདི་རྟོགས་པར་བྱེད་ཡིན་གྱི། །བསྒྲུབ་པ་འགའ་ཡང་མི་འདོད་དོ། །མི་འགའ་ཞིག་ལ་བོང་བུ་ཞེས། །དེ་ལྟར་མིང་ཙམ་བྱས་པ་ན། །བོང་བུའི་ཆོས་རྣམས་
ཐམས་ཅད་ནི། །འདི་ལས་ཐོབ་འགྱུར་མ་ཡིན་ནོ། །ཞིག་པ་ཞེས་བྱའི་དངོས་པོ་ནི། །དངོས་པོ་བཅོམ་པ་ཞེས་བྱ་བ། །སྒྲུབ་པ་ན་ཡང་དངོས་འདི་ལ། །ཅུང་ཟད་ཀྱང་ནི་སྐྱེ་མེད་ཕྱིར། །འདི་ནི་ཇི་ལྟར་ལྡོག་པར་འགྱུར། །འཇིག་པ་དངོས་པོ་ཞིག་བདག་ཉིད། །ཇི་ལྟར་དངོས་པོའི་ངོ་བོ་དང་། །
བྲལ་ཕྱིར་མེད་པ་ཉིད་འདོད་ཀྱི། །དངོས་པོ་ངོ་བོ་མིན་ཕྱིར་མིན། །འདི་ལ་ལྡོག་པའི་དངོས་ཉིད་ཀྱང་། །སྒྲུབ་པའི་སྒོ་ནས་རྗོད་མི་བྱེད། །དངོས་པོ་ཡི་ནི་རྗེས་འཇུག་པ། །སྐད་ཅིག་ལས་ཕྱིས་འགེགས་པར་བྱེད། །དེ་ཕྱིར་འདི་ཡི་རྣམ་གཞག་གི། །ངོ་བོ་སྒྲུབ་པ་ཅུང་ཟད་མེད། །དེ་ཕྱིར་འདི་ལ་
རྟག་པ་ཡི། །རྣམ་རྟོག་བྱེད་པ་གནས་མེད་དོ། །ནམ་མཁའ་ལ་སོགས་དངོས་གང་དང་། །མ་བྱས་པར་ནི་ཡང་དག་འདོད། །དངོས་པོ་འཇུག་པ་ཡོད་མིན་ཏེ། །དེ་དག་ཡོད་ནུས་བྲལ་ཕྱིར་རོ། །སྐད་ཅིག་སྐད་ཅིག་མིན་སོགས་རྟོག །དེ་ཚེ་དེ་ལ་གནས་མེད་དོ། །གང་གིས་དངོས་ཉིད་སྐད་
Vol. 191 · folio 16a
ཅིག་མའམ། །གལ་ཏེ་རྣམ་པ་གཞན་དུ་འགྱུར། །སྐད་ཅིག་གནས་པའི་རང་བཞིན་གང་། །དངོས་པོ་སྐད་ཅིག་མ་རུ་བརྗོད། །བརྟེན་པའི་ངོ་བོར་གནས་པ་ཡི། །དངོས་ཉིད་སྐད་ཅིག་པ་མ་ཡིན། །སྐྱེས་མ་ཐག་ཏུ་མི་གནས་པའི། །དངོས་པོའི་ངོ་བོ་གང་ཡིན་པ། །
སྐད་ཅིག་ཏུ་བརྗོད་དེ་གང་ལ། །ཡོད་པ་སྐད་ཅིག་མར་འདོད་དོ། །དོན་ལ་ཐ་དད་མེད་ན་ཡང་། །དེ་འདི་ལ་འདི་ཞེས་གནོད་མེད། །འདོད་པས་སྦྱར་བའི་བརྡ་ཙམ་གྱི། །དངོས་པོ་རྗོད་པར་བྱེད་པ་ཡིན། །བྱུང་མ་ཐག་ཏུ་མི་གནས་པའི། །དངོས་ལ་དེ་ལྟར་བརྗོད་འདོད་པ། །དེ་ལ་སྒྲ་ནི་རྐྱེན་བཅས་
པ་འམ། །རྐྱན་མེད་རབ་ཏུ་སྦྱོར་བར་འགྱུར། །གལ་ཏེ་ནམ་མཁའ་དུས་ལ་སོགས། །དེ་དག་ཡོད་འགྱུར་དེ་ལྟར་ན། །དེ་དག་ཀྱང་ནི་བྱས་བཞིན་དུ། །སྐད་ཅིག་འཇིག་འདི་ལས་མི་འདའ། །འདི་ལྟར་གང་ཟག་ཡོད་ཅེས་པས། །དེ་ཀུན་སྐད་ཅིག་འཇིག་ཅན་དེ། །དཔེར་ན་འདུས་བྱས་དངོས་པོ་
དག །དེ་ལྟར་དེ་མ་ཐག་གྲུབ་བཞིན། །ནམ་མཁའ་དུས་དང་དབང་ཕྱུག་སོགས། །འདི་ཡང་ཁྱོད་ཀྱི་ཡོད་པར་འདོད། །དེ་དག་སྐད་ཅིག་མ་ཉིད་དང་། །བྲལ་ན་མེད་པར་ཐལ་བར་འགྱུར། །གང་ཕྱིར་བརྟན་པའི་དངོས་པོ་རྣམས། །རིམ་གྱིས་སམ་ནི་ཅིག་ཅར་དུའང་། །དོན་གྱི་བྱ་བ་བྱེད་
མིན་པ། །དེ་ཕྱིར་དེ་དག་མེད་པར་འདོད། །རྒྱུ་ནི་ཉེ་བ་མེད་པའི་ཕྱིར། །འབྲས་བུ་རྣམས་ནི་སྡོད་པར་བྱེད། །ནུས་པའི་རྒྱུ་ནི་ཡོད་གྱུར་ན། །དེ་དག་སྡོད་པར་གང་གིས་བྱས། །འོན་ཏེའང་རྟག་ལ་རིམ་ཅན་གྱི། །ལྷན་ཅིག་བྱེད་རྣམས་ཡོད་གྱུར་ན། །འདི་ནི་གང་དག་ལ་ནི་ལྟོས། །འབྲས་བུའི་
ཚོགས་རིམ་རྟེན་པར་བྱེད། །འདི་ལེགས་འོན་ཀྱང་དེ་ལ་ནི། །ལྷན་ཅིག་བྱེད་དེ་རྣམས་ཡོད་པ། །རུང་བའི་ངོ་བོའི་རྒྱུ་ཉིད་ཕྱིར། །དོན་གཅིག་བྱེད་པས་ཡིན་ནམ་ཅི། །རུང་བའི་ངོ་བོའི་རྒྱུ་ཉིད་ན། །དངོས་དེ་དག་གི་བྱས་འགྱུར་ན། །དེ་ཡང་བྱ་བར་མི་ནུས་ཕྱིར། །དེ་རང་བཞིན་དུ་རྟག་གནས་
པ། །འདི་ཡི་རང་བཞིན་བྱས་ན་ཡང་། །འདི་ཡི་རྟག་པ་ཉམས་པར་འགྱུར། །དེ་ལས་ཁྱད་པར་ཐ་དད་ནི། །འདི་ནི་བྱེད་པོར་ཇི་ལྟར་འགྱུར། །དེ་ཡོད་ན་ནི་འབྲས་བུ་དག །སྐྱེད་པའི་ཕྱིར་དང་དེ་མེད་ན། །མི་སྐྱེད་ཕྱིར་ཏེ་དེ་ལྟར་ན། །དེ་ཉིད་རྒྱུ་ཉིད་རྣམ་པར་གནས། །འོན་ཏེ་དེ་དང་འབྲེལ་
Vol. 191 · folio 16b
པའི་ཕྱིར། །དེ་ལའང་རྒྱུ་ཉིད་ཡོད་པ་ན། །དེ་དག་ལས་འབྲེལ་གང་ཡིན་འདོད། །ཐ་དད་ཕྱིར་ན་དེ་བདག་མིན། །དེ་ནི་དེ་ལས་འབྱུང་བའང་མིན། །ཅིག་ཅར་བར་དུ་ཐལ་ཕྱིར་རོ། །དེ་ལས་ཀྱང་ནི་འབྲས་བུ་རྣམས། །ཅིག་ཅར་ཉིད་དུ་སྐྱེད་པར་འགྱུར། །དེ་ལའང་གཞན་ལ་ལྟོས་པ་ན། །
ཐུག་པ་མེད་པར་ཐལ་བར་འགྱུར། །དེ་ལས་འབྲས་བུ་དུས་གཅིག་ནའང་། །འབྲེལ་པ་མེད་ཕྱིར་བརྟག་མི་བྱ། །གལ་ཏེ་འབྲེལ་པ་འདུ་བ་ཡིན། །དེ་ལའང་འདིར་ནི་དཔྱད་བྱ་སྟེ། །དེ་ནི་དེ་ལ་འགྱུར་བའམ། །དེ་ལྟ་མ་ཡིན་ཞེས་བྱ་བ། །འདུ་བ་ཅན་དུ་འདོད་དམ་ཅི། །གལ་ཏེ་རྟོག་པ་དང་
པོ་འཛིན། །དེ་ལས་བྱུང་བ་དེ་ཉིད་ཐོབ། །དེ་ཡང་དེ་མ་ཐག་གསལ་ཟིན། །གལ་ཏེ་ན་ནི་དེ་ལ་འདི། །ཕན་མི་བྱེད་པར་འདོད་གྱུར་ན། །དངོས་གཞན་ཀུན་ཀྱང་དེ་བཞིན་དུ། །འདུ་བ་ཅན་འགྱུར་ཁྱད་པར་མེད། །ཐ་དད་ཐ་དད་མེད་རྣམ་རྟོག །སོ་སོ་དག་ཏུ་བཀག་པའི་ཕྱིར། །ངོ་བོ་གཉིས་ཅན་
ཁྱད་པར་ནི། །དངོས་པོ་དེ་ལ་བསལ་བ་ཡིན། །གང་ཟག་ལ་སོགས་རྟགས་རྣམས་སུ། །ཕུང་པོ་གཉིས་ནི་བསྟན་པའི་ཕྱིར། །ངོ་བོ་གཉིས་ཅན་ཁྱད་པར་མེད། །གཉིས་མེད་བདག་ཉིད་ཅན་ཡང་མེད། །འོན་ཏེ་ལྷན་ཅིག་བྱེད་པ་ཡི། །རྐྱེན་ལས་འཇུག་པ་མི་ལྟོས་པ། །དེ་ལྟ་ན་ཡང་དེ་བྲལ་
འདི། །བྱེད་པ་མ་ཡིན་མཐའ་རྒྱུ་བཞིན། །དེ་ཡི་བདག་གི་རང་བཞིན་འདི། །དེ་དག་ཉིད་ནི་ཉེ་བ་ན། །བྱེད་པོ་ཉིད་ཡིན་དེ་ཕྱིར་དེ། །ཡོད་ནའང་ཀུན་ཚེ་འབྲས་བུ་མིན། །དེ་ལྟ་ཡིན་ན་འོན་ཀྱང་ནི། །ཚོགས་པ་ན་དེ་རང་བཞིན་འདོད། །གང་དེ་མཚོགས་ན་འདོད་ན། །དེར་འབྲེལ་རང་བཞིན་
ཡོད་ན་ནི། །དེ་དག་ཀྱང་ནི་འདི་གནས་ཕྱིར། །བྲལ་བའི་ངོ་བོའི་གཞན་ཡིན་ན། །གཅིག་པ་ཉིད་ནི་ཉམས་པར་འགྱུར། །དེ་ཕྱིར་དེ་ལྟར་ལྟོས་པས་ཀྱང་། །འབྲས་བུ་རྣམས་ནི་རིམ་སྐྱེའམ་མིན། །ཅིག་ཅར་མི་འདོད་ཉིད་དང་ནི། །དེ་འབྲས་རིམ་གྱིས་མཐོང་ཕྱིར་རོ། །གལ་ཏེ་འབྲས་
བུ་མ་ལུས་རྣམས། །ཅིག་ཅར་བྱས་ནས་ནུས་པ་ཡི། །བདག་ཉིད་དོན་དེ་ལྡོག་འགྱུར་ན། །འདི་ནི་སྐད་ཅིག་འཇིག་ཅན་གྲུབ། །དེ་དངོས་ཅན་ནི་རྗེས་འཇུག་ན། །སླར་ཡང་འབྲས་བུ་སྐྱེ་བར་འགྱུར། །ཅུང་ཟད་མི་བྱེད་ངོ་བོ་ནི། །ཇི་ལྟར་ཡང་ནི་ཉིད་དུ་འདོད། །ནུས་པ་ཀུན་གྱིས་སྟོང་
Vol. 191 · folio 17a
ཉིད་ཕྱིར། །རྒྱུ་སྐར་ལམ་གྱི་པདྨ་བཞིན། །སྐད་ཅིག་ཡིན་པར་ཐམས་ཅད་མེད། །གང་ཕྱིར་ནུས་པ་དངོས་མཚན་ཉིད། །ནུས་པའི་མཚན་ཉིད་དངོས་ཉིད་འདི། །ཅི་སྟེ་ཁས་ལེན་མི་བྱེད་ན། །གལ་ཏེ་དེ་ལྟར་གཞན་དག་གིས། །དངོས་པོའི་མཚན་ཉིད་
གཞན་སྟོན་གྱིས། །གལ་ཏེ་དངོས་པོའི་མཚན་ཉིད་ནི། །ཡོད་ཉིད་དང་འབྲེལ་འདོད་དེ་མིན། །འདུ་སོགས་མ་གྲུབ་ཕྱིར་དང་ནི། །ཇི་ལྟར་གཞན་ནི་གཞན་མཚན་ཉིད། །དོན་བྱེད་དོན་དུ་གཉེར་བྱེད་པ། །གཡེང་བ་མེད་པའི་བློ་ཅན་གྱི། །དོན་ལ་དཔྱོད་སོགས་བྱ་བ་ཀུན། །རིགས་ཀྱི་
སྨྱོན་པ་ཉིད་ཀྱིས་མིན། །མྱོས་པར་གྱུར་པས་ཀྱང་མ་ཡིན། །དེ་ལ་གང་དག་འགའ་ཞིག་ལ། །ལ་ལར་དུས་འགར་ཇི་ལྟར་ཡང་། །ཉེ་བར་མཁོ་གྱུར་དེ་ཉིད་ལ། །ཡོད་ཉིད་རྣམ་གཞག་རིག་པ་ཡིན། །དེ་ཡི་དངོས་ཅན་དོན་ཉིད་ལ། །སྐད་ཅིག་མ་ཉིད་རབ་སྒྲུབ་བྱེད། །ཐམས་ཅད་སྡུད་
ཕྱིར་ཁྱད་པར་ནི། །དེ་ཉིད་ལ་ནི་བརྗོད་པར་བྱ། །མོ་གཤམ་གྱི་ནི་བུ་ལྟ་བུའི། །ནུས་པ་མ་ལུས་སྟོང་པ་གང་། །ཐམས་ཅད་མཁྱེན་པའི་ཐུགས་ཀྱི་ཡང་། །ནམ་ཡང་རྒྱུ་ཉིད་མ་ཡིན་པ། །དེ་ལ་མཁས་པས་ཡོད་ཉིད་ཀྱི། །རྣམ་གཞག་འདི་ནི་ཡོད་མི་བྱ། །རྒྱུ་མེད་ཕྱིར་རོ་འབྲས་བུ་དང་། །ངོ་བོ་འབྲས་
སོགས་མ་མཐོང་ཕྱིར། །དེ་ལ་སྐད་ཅིག་མ་ཉིད་དུ། །བསྒྲུབས་པས་དོན་ནི་ཅུང་ཟད་མེད། །དེ་ལ་བརྒལ་ཞིང་བརྟག་པ་ཡང་། །བྱེད་པའང་འབྲས་བུ་མེད་པ་ཡིན། །འོན་ཏེ་ནམ་མཁའི་པདྨ་སོགས། །རང་གིས་ཤེས་པའི་རྒྱུར་གྱུར་ཕྱིར། །དོན་གྱི་བྱ་བ་བྱེད་ནུས་ཀྱང་། །དེ་དག་དངོས་པོར་
ཡོད་མ་ཡིན། །ནམ་མཁའི་ཆུ་སྐྱེས་པད་སོགས་ལ། །དེར་རྟོགས་བག་ཆགས་ཙམ་ལས་ནི། །འབྱུང་བ་དམིགས་པ་མེད་ཉིད་ནི། །ཤེས་པ་འདི་ནི་རབ་ཏུ་བྱེད། །མེད་པ་རྒྱུ་ཉིད་ཡིན་ན་ནི། །རྒྱུན་མི་འཆད་པར་འབྱུང་བར་འགྱུར། །རྟག་ཏུ་ཁྱད་པར་མེད་ཉིད་ཕྱིར། །དངོས་མེད་ལྟོས་པ་ཅི་
ཡང་མེད། །སྐད་ཅིག་པ་ཡི་དངོས་རྣམས་ཀྱང་། །ཇི་ལྟར་དོན་བྱེད་པ་ཉིད་ཡོད། །ཐོག་མའི་ལྷན་ཅིག་བྱེད་རྣམས་ནི། །ཕན་ཚུན་ཁྱད་པར་བྱེད་མིན་ཏེ། །སྐྱེས་ན་བདག་ཀུན་གྲུབ་ཕྱིར་དང་། །མ་སྐྱེས་རང་བཞིན་མེད་ཕྱིར་རོ། །ཁྱད་པར་མེད་ལས་ཁྱད་པར་ནི། །འབྱུང་ན་འབྲས་བུ་ཅིས་
Vol. 191 · folio 17b
མི་འབྱུང་། །གཞན་ལ་ཁྱད་པར་ཅན་དེ་མིན། །བརྒལ་ཞིང་བརྟག་པ་མཚུངས་ཕྱིར་རོ། །ཁྱེད་ལ་ལྷན་ཅིག་བྱེད་པའི་ཚོགས། །ཐུག་པ་མེད་པར་ཡང་འགྱུར་རོ། །དེ་ལྟར་གང་ཕྱིར་དེ་དག་ནི། །རིམ་དང་ཅིག་ཅར་དོན་བྱ་མེད། །མི་འགྱུར་དེ་ཕྱིར་དེ་དག་ནི། །སྐད་ཅིག་མ་ཉིད་རྟེན་དོན་མེད། །
དེ་ལྟར་ལྷན་ཅིག་བྱེད་བྱས་པས། །གང་ཚེ་ལ་ལར་ཁྱད་མེད་ན། །དེ་ཚེ་དེ་ཕྱིར་དུས་ཀུན་དུ། །རྒྱུན་ཡང་ཁྱད་པར་མེད་པ་ཉིད། །དེ་ཚེ་དེ་ཕྱིར་རྒྱུན་ལ་ཡང་། །གལ་ཏེ་འཇིག་པ་རྒྱུ་མེད་ནི། །འདི་ནི་ཐོག་མ་ཉིད་དུ་འགྱུར། །གལ་ཏེ་ཐོག་མ་འདི་མེད་ན། །མཐའ་ཡང་དེ་ནི་ཇི་ལྟར་འགྱུར། །གལ་
ཏེ་དངོས་པོ་འཇིག་པ་ལ། །རང་གི་རྒྱུ་ལས་རྒྱུ་གཞན་ནི། །མི་འདོད་ན་ནི་དེ་དག་ལ། །འགའ་ཞིག་ཏུ་ནི་ཇི་ལྟར་ལགས། །སྨྲས་པ་ཐོག་མའི་གནས་སྐབས་རྣམས། །ཕན་ཚུན་ཕན་པ་བྱེད་ཉིད་ན། །དེ་དག་དོན་ཅིག་བྱེད་ཉིད་ཀྱིས། །ལྷན་ཅིག་བྱེད་རྣམས་སུ་འགྱུར་ཏེ། །ཕན་ཚུན་ཕན་བྱེད་
མིན་ན་ཡང་། །འདི་དག་ཁྱད་པར་ཡོད་གང་ཕྱིར། །རང་གི་ཉེར་ལེན་སྟོབས་ལས་བྱུང་། །སྐྱེ་བྱེད་ཚོགས་པའི་ཐ་དད་ཡིན། །དེ་ལས་བརྩམས་ནས་གང་སྐྱེས་པའི། །ཁྱད་པར་དེ་དག་དེས་བྱས་པའོ། །དེ་ལ་དགོངས་པ་དེ་དག་ནི། །དངོས་དེའི་རང་བཞིན་ཅན་ཡིན་ཕྱིར། །དངོས་རྣམས་སྐད་ཅིག་
སོ་སོར་ནི། །ནུས་པ་ངེས་པ་བསམ་མི་ཁྱབ། །འབྱུང་བ་བརྟག་པར་བྱ་མིན་ཏེ། །མེ་ལ་སྲེག་པར་བྱེད་ཉིད་བཞིན། །རྒྱུན་ཆད་ངོ་བོ་གང་ཡིན་པའི། །འཇིག་པ་རྒྱུ་དང་ལྡན་པ་མིན། །དེ་ནི་མཐར་ཡང་འབྱུང་ཡོད་མིན། །དེ་ལྟར་སྐྱེ་བ་བཀག་པ་ཡིན། །གྱོ་མོ་ལ་སོགས་མི་འདྲ་བའི། །སྐྱེ་བ་རྒྱུ་དང་
བཅས་པ་སྟེ། །དེ་ཡང་ཐོག་མར་སྐྱེས་མིན་ཉིད། །དེ་ཚེ་རྒྱུ་ནི་མེད་ཕྱིར་རོ། །དངོས་པོ་སྐད་ཅིག་མ་རྣམས་ནི། །རྣམ་གཉིས་ཁ་ཅིག་འགྲིབ་པའི་རྒྱུ། །གྲང་བ་སོགས་ཀྱིས་མེ་སོགས་བཞིན། །གཞན་དག་དེ་ལྟ་མིན་པ་ཡི། །ཐོག་མར་སྨྲས་པ་རྒྱུ་འབྲས་བུ། །ཡིན་ནའང་དེ་ཉིད་མ་མཐོང་བའི། །
འཇིག་རྟེན་པ་ཡིས་འགལ་བ་ནི། །རྣམ་པ་དུ་མར་མངོན་པར་ཞེན། །དངོས་པོ་རྣམས་ལ་གནོད་བྱ་དང་། །གནོད་བྱེད་དངོས་པོ་དོན་དམ་པར། །ཡོད་མིན་དེ་ཉིད་ཕྱིར་ན་ཡང་། །འགལ་བ་རྟོགས་པ་ཞེས་བཤད་དོ། །འོ་ན་དབང་པོ་བྱ་བ་ནི། །ཡོད་ན་མི་གཡོ་གནོད་མེད་ཅན། །དེ་ཉིད་འདི་ཡིན་
Vol. 191 · folio 18a
ཞེས་བྱ་བའི། །ངོ་ཤེས་པ་ནི་ཉེ་བར་སྐྱེ། །དེ་ཕྱིར་སྐད་ཅིག་གིས་འཇིག་པར། །བསྒྲུབ་ཕྱིར་བཀོད་པའི་གཏན་ཚིགས་ནི། །ཀུན་ལ་མངོན་སུམ་གྱིས་གནོད་འདི། །བཟློག་དཀའ་བར་ནི་ཐལ་བར་འགྱུར། །ངོ་ཤེས་པར་ནི་གྱུར་ན་ནི། །མངོན་སུམ་ཡིན་པར་མི་འཐད་དེ། །
གང་ཕྱིར་དེ་ནི་རྣམ་རྟོག་བཅས། །དངོས་པོའི་ངོ་བོ་བསྟན་བྱ་མིན། །ངོ་ཤེས་པ་ནི་འཁྲུལ་པ་སྟེ། །མངོན་སུམ་མཚན་ཉིད་དེ་ལས་གཞན། །ཐ་དད་མིན་པའི་ཞེན་པ་ཡིས། །ཐ་དད་དངོས་ལའང་འཇུག་ཕྱིར་རོ། །མངོན་སུམ་དེ་ལས་གཞན་པ་ཡིན། །གལ་ཏེ་འདི་ནི་སྔར་རྟོགས་པའི། །རྣམ་
པའི་སྤྱོད་ཡུལ་ཅན་འགྱུར་ན། །འདི་ནི་སྔར་ཉིད་སྐྱེ་འགྱུར་ཏེ། །དེ་དོན་ཅན་ཕྱིར་སྔོན་བློ་བཞིན། །དེ་ལྟར་མ་ཡིན་དེས་ན་འདི། །དོན་དེ་འཛིན་བྱེད་འདོད་མིན་ཏེ། །དེ་ཤེས་དུས་སུ་མི་སྐྱེ་ཕྱིར། །ཡུལ་གཞན་གྱི་ནི་བློ་བཞིན་ནོ། །ཐ་དད་མིན་པའི་ཞེན་པ་ཡིས། །ཐ་དད་དངོས་ལ་འང་འཇུག་ཕྱིར་
རོ། །སྒོང་གི་འཁྲུལ་པའི་ཤེས་པ་བཞིན། །འདི་ནི་འཁྲུལ་པར་གནས་པ་ཡིན། །བྱ་བ་བསྒྲུབ་པའི་དོན་ལ་ཡང་། །འཇུག་པའི་ཕྱིར་དྲན་སོགས་བཞིན་ཏེ། །བྱེད་པའི་དོན་ནི་རྣམ་ཉམས་ཕྱིར། །འདི་ནི་ཚད་མར་རིགས་མ་ཡིན། །ད་ལྟར་དུས་སུ་ཡོད་པ་ཉིད། །སྔ་མའི་བློ་ཡིས་ཤེས་པ་ཉིད། །
དེ་ཕྱིར་དྲན་པ་ལ་མེད་གང་། །ཁྱད་པར་འདི་ལ་ཡོད་མིན་ཏེ། །གང་ཕྱིར་སྔར་ནི་ཤེས་ཙམ་ལ། །དེ་ཡིན་ཞེས་བྱས་དྲན་པ་སྐྱེ། །དེ་ཉིད་འདི་ཞེས་བྱ་བ་ཡི། །ངོ་ཤེས་པར་ནི་ཁྱད་པར་ཅན། །ཐེ་ཚོམ་ཕྱིན་ཅི་ལོག་གང་དང་། །དེ་དག་སྤངས་ནས་ངོ་ཤེས་པ། །ཚད་མ་ཉིད་ནི་ཐོབ་པར་བྱེད། །
ཤེས་པར་གྱུར་ལ་མེད་ཕྱིར་རོ། །ཅིག་ཤོས་ཀྱིས་ནི་རྟོགས་དོན་ཡོད། །མངོན་སུམ་གྱིས་ནི་བཅད་པ་ལ། །ཅིག་ཤོས་སྐྱེ་བ་སྲིད་པ་མིན། །ཚད་མ་གཙོ་བོ་བརྟན་པ་ཡིས། །ངེས་པར་བཟུང་བའི་དོན་ཉིད་ལ། །ཅིག་ཤོས་སྟོབས་ཆུང་དག་གིས་ཕྱིས། །བཟློག་པར་སུ་ཞིག་ཞེན་པར་བྱེད། །འོ་
ན་ད་ལྟ་ཡོད་དེ་ཉིད། །གང་ཚེ་ཁྱོད་ཀྱིས་ཐ་དད་འདོད། །དེ་ཚེ་སྔར་ཡོད་དངོས་པོ་ལས། །ཐ་དད་ཁྱོད་ཉིད་ཀྱིས་བསྟན་ཏོ། །ཡོད་པ་གཞན་ཉིད་མ་ཡིན་ནའང་། །ཇི་ལྟར་སྔར་བློས་ཤེས་པ་མིན། །དེ་ཤེས་མིན་ན་དངོས་པོ་ཉིད། །མ་དམིགས་པར་ནི་ཐལ་བར་འགྱུར། །རྗེས་དཔག་ལ་སོགས་
Vol. 191 · folio 18b
ཀྱི་སྤྱོད་ཡུལ། །མངོན་སུམ་གྱིས་ནི་གནོད་པ་ན། །རྗེས་དཔག་ལ་སོགས་ཚད་མ་མེད། །གནོད་ཕྱིར་རབ་རིབ་ཅན་སོགས་བཞིན། །དོན་ལ་མི་སླུ་བ་ཉིད་དུ། །མཚུངས་ན་འདི་ཅིས་གཙོ་བོ་ཡིན། །དེ་ཡོད་མིན་ན་རྗེས་དཔག་སོགས། །ཚད་མར་འགྱུར་པ་མ་ཡིན་ཉིད། །འོ་ན་གཏན་
ཚིགས་ཐམས་ཅད་ཀྱི། །ཐམས་ཅད་ཉེ་བསུས་ཁྱབ་པ་ལ། །རྗེས་སུ་དཔག་པ་འདིས་གནོད་ཅིང་། །དམ་བཅའི་དོན་ལ་གནོད་པ་ཡང་། །བརྗོད་འདོད་ཉི་ཟླ་སོགས་པ་ཡི། །ཡུལ་ཅན་ཤེས་པ་གང་ཡིན་གཞན། །དེ་དུས་དང་འབྲེལ་ཉི་སོགས་ཀྱི། །ཡུལ་ཅན་དུ་ནི་འཇུག་བྱེད་དེ། །ས་ལས་
བྱུང་ཡུལ་ཅན་མིན་པ། །དེ་ཤེས་ཉིད་དུ་བརྗོད་པའི་ཕྱིར། །དཔེར་ན་དང་པོའི་ཤེས་པ་ནི། །རང་དུས་ཉི་སོགས་ཡུལ་ཅན་བཞིན། །གཟུགས་ཉིད་སོགས་པ་རྟེན་ཀུན་དང་། །དེ་དག་གི་ནི་རྟེན་གང་དང་། །དེ་རྣམས་གང་ལ་ཡང་དག་རྟེན། །འགའ་ཞིག་དེ་ཡི་ཡུལ་གང་ཡིན། །འགའ་ཞིག་དེ་ལྟར་
སྐྱེ་འགྱུར་བ། །དེ་དག་སྐྱེས་མ་ཐག་ཏུ་ནི། །འཇིག་ལ་རྟེན་པ་ཉིད་མིན་ཏེ། །གཞལ་བྱ་ཉིད་དང་བརྗོད་བྱ་ཉིད། །གཏན་ཚིགས་ཕྱིར་ནི་མཁའ་པད་བཞིན། །རྣམ་པར་རྩོད་པའི་ཡུལ་གྱུར་པའི། །ཤེས་པ་རིམ་གྱིས་འབྱུང་གང་དག །དེ་རྣམས་ཐམས་ཅད་ཡུལ་གཅིག་ཅན། །ཡིན་ནོ་ཞེས་ནི་བརྗོད་
བྱ་སྟེ། །གནོད་མེད་རྟེན་གཅིག་ཅན་ཉིད་ན། །བརྗོད་པ་མཐུན་པར་སྦྱོར་བའི་ཕྱིར། །དཔེར་ན་ད་ལྟའི་སྐད་ཅིག་མ། །གཅིག་ལ་དུ་མའི་བློ་རྣམས་བཞིན། །རེ་ཞིག་གཏན་ཚིགས་དང་པོ་ལ། །དཔེར་ན་བསྒྲུབ་བྱས་སྟོང་པ་སྟེ། །ཡུལ་ཉིད་རྒྱུད་ཉིད་ཡིན་པའི་ཕྱིར། །ཤེས་པའི་རང་གི་དུས་ཅན་མིན། །
གང་ཚེ་ཉི་མ་སོགས་པའི་སྒྲ། །འདོད་པ་ཙམ་གྱིས་འབྱུང་དག་རྣམས། །མར་མེ་སོགས་ལ་སྦྱར་བྱ་བ། །དེ་ཤེལ་དག་གིས་འཁྲུལ་པ་ཉིད། །རིགས་སོགས་རང་བཞིན་མེད་པའི་ཕྱིར། །སྐད་ཅིག་གིས་འདོད་ཅན་འདོད་མིན། །དེ་མེད་པར་ནི་བསྒྲུབ་པའི་ཕྱིར། །སྒྲུབ་བྱེད་བསྟན་པ་དོན་མེད་ཡིན། །
སྒྲ་མཚུངས་པ་ཡིས་བརྗོད་བྱ་ཉིད། །མར་མེ་ལ་སོགས་ཤེས་པ་ལའང་། །འཇུག་པ་དེ་ཕྱིར་དེ་ཡིས་ནི། །གཏན་ཚིགས་འདི་ནི་འཁྲུལ་བར་འགྱུར། །དེ་དག་ལ་ནི་གཞི་མཐུན་ཉིད། །གནོད་འགྱུར་དུ་ནི་རྟོག་ཅེ་ན། །བརྗོད་པར་འདོད་པའང་གནོད་པ་འདི། །གསལ་བར་ཅི་ཡི་ཕྱིར་མ་མཐོང་། །རྩོད་
Vol. 191 · folio 19a
པའི་གནས་སུ་གྱུར་པ་ཡི། །བློ་རྣམས་དོན་ཞིག་ཡུལ་ཅན་མིན། །རིམ་གྱིས་འབྱུང་བ་ཉིད་ཀྱི་ཕྱིར། །གློག་དང་མར་མེ་སོགས་བློ་བཞིན། །དོན་གཅིག་ལས་བྱུང་ཤེས་རྣམས་ལ། །རིམ་གྱིས་འབྱུང་བ་འགལ་བ་ཡིན། །གཞན་གྱིས་ཐ་དད་བྱ་མིན་པ། །
དེ་ལ་ལྟོས་པ་འགལ་ཕྱིར་རོ། །གཏན་ཚིགས་དེ་རྣམས་ཐམས་ཅད་ལ། །ལྡོག་ལ་ཐེ་ཚོམ་ཟ་ཉིད་དེ། །མི་མཐུན་ཕྱོགས་ལ་ཞུགས་པ་ལ། །གནོད་བྱེད་བསྟན་པ་མེད་ཕྱིར་རོ། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་བརྟན་པའི་དངོས་པོ་བརྟག་པ་སྟེ་བཅུ་གསུམ་པའོ།། །།
དངོས་པོ་ཐམས་ཅད་སྐད་ཅིག་མའི། །མི་རྟག་ཉིད་དང་འབྲེལ་དེའི་ཕྱིར། །ལས་དང་དེ་ཡི་འབྲེལ་པ་དང་། །རྒྱུ་དང་འབྲས་སོགས་ཇི་ལྟར་འགྲུབ། །དགེ་རྣམས་དག་ལ་སྐད་ཅིག་གང་། །བྱེད་པོ་ཉིད་དུ་བརྟག་བྱེད་པ། །འདི་ནི་འབྲས་བུ་བྱུང་དུས་སུ། །
རྗེས་སུ་འཇུག་པ་ཉིད་མ་ཡིན། །འབྲས་བུ་འབྱུང་ཚེ་སྐད་ཅིག་གང་། །ལོངས་སྤྱོད་པོར་ནི་བརྗོད་བྱ་བ། །དེ་ནི་ལས་བྱས་ཉིད་མིན་ཏེ། །དེ་ནི་སྔར་མི་སྲིད་ཕྱིར་རོ། །ལས་དང་དེ་ཡི་འབྲས་བུ་དག །བྱེད་པོ་གཅིག་གིས་མ་བཟུང་ཕྱིར། །བྱས་པ་ཆུད་
ཟོས་མ་ཕྲད་གང་། །ཐལ་བར་འགྱུར་བ་ཤིན་ཏུ་འགལ། །བདག་མེད་སྒྲ་ཡི་ཕྱོགས་ལ་ཡང་། །བདག་མེད་ཕྱིར་ནི་འབྲས་མེད་པའམ། །བདག་ལས་གཞན་གྱིར་བྱ་བར་ནི། །སྔར་ཉིད་དུ་ནི་རྟོགས་བྱེད་པ། །དེ་ཕྱིར་རྟོག་ལྡན་འབྲེལ་འདོད་པ། །དགེ་བ་དང་ནི་མི་དགེ་བའི། །བྱ་བ་རྩོམ་
ལ་མི་འཇུག་ཉིད། །འབྲས་བུ་རིང་དུ་གནས་པ་ཡིན། །དངོས་པོ་འབྲས་བུ་བྱེད་ནུས་པ། །མ་འོངས་མ་ཡིན་འདས་པའང་མིན། །ད་ལྟར་བ་ཡང་དེ་སྙེད་ཀྱི། །དུས་སུ་གནས་པ་མ་ཡིན་ནོ། །དངོས་པོ་བདག་ཉིད་མ་ཐོབ་པ། །གཞན་གྱི་ཡན་ལག་ཕྱིར་ནུས་མིན། །འགགས་པ་མ་ཡིན་
དེ་ཡི་ནི། །འབྲས་བུ་མེད་ནུས་གནས་པའང་མིན། །སྐད་ཅིག་སྔ་མ་གཞན་ཞིག་པའང་། །རྗེས་འགྲོ་མེད་པར་རྟེན་བྱེད་ན། །ཕྱིས་བྱུང་སྐྱེ་བར་འཐད་མིན་ཏེ། །རྒྱུ་མཚན་མེད་པ་ཉིད་ཕྱིར་རོ། །འཇིག་དང་སྐྱེ་བ་དུས་མཚུངས་ནའང་། །རྒྱུ་འབྲས་དག་ནི་ཡོད་པ་མིན། །ཕན་ཚུན་ལྟོས་པ་མེད་
Vol. 191 · folio 19b
ཕྱིར་ཏེ། །དེ་ཡི་བྱ་བ་མ་བཟུང་ཕྱིར། །བུམ་པའི་གཟུགས་ནི་ཞིག་པ་ན། །དྲི་ལ་སོགས་པའང་སྐྱེས་པ་ནི། །ཇི་ལྟར་ད་འབྲས་མི་འདོད་ལྟར། །གཟུགས་གཞན་རྣམས་ཀྱང་དེ་བཞིན་ཏེ། །དེ་ཕྱིར་འབྲས་བུ་འབྱུང་བ་ལས། །སྔོན་དུ་གང་གི་བྱ་བ་མཐོང་། །དེ་ཉིད་དེ་ཡི་རྒྱུ་ཡིན་གྱི། །དེ་མ་
ཐག་པ་ཙམ་ནི་མིན། །གལ་ཏེ་འདི་ནི་མདོར་བསྡུས་ན། །རྒྱུ་ཞིག་པ་ལས་འབྲས་འབྱུང་ན། །ཞིག་པ་བརྗོད་དུ་མེད་པའི་ཕྱིར། །འདི་ནི་རྒྱུ་མེད་ཉིད་དུ་འགྱུར། །མ་ཞིག་པ་ལས་དེ་འབྱུང་ན། །སྐད་ཅིག་དུ་མར་གནས་པའི་ཕྱིར། །དེ་ཚེ་དངོས་རྣམས་སྐད་ཅིག་ཉིད། །ཇི་ལྟར་ཉམས་པར་
འགྱུར་བ་མིན། །སྐད་ཅིག་གནས་པའི་ངང་ཚུལ་ཅན། །བུམ་སོགས་མིག་གིས་མཐོང་མིན་ཏེ། །གང་ཕྱིར་ཞིག་པ་རྟོགས་པ་ཡིན། །ཡུན་རིང་འདས་པའི་དངོས་པོ་བཞིན། །དངོས་རྣམས་རང་བཞིན་མི་དམིགས་ཕྱིར། །རྒྱུ་དང་འབྲས་བུའི་དངོས་པོར་ཡང་། །མངོན་སུམ་དང་ནི་མི་
དམིགས་པས། །མགུ་བར་འགྱུར་བ་མ་ཡིན་ནོ། །འདི་མཐོང་བ་ལས་འདི་མཐོང་ལ། །འདི་ཡང་མཐོང་ན་མ་མཐོང་བར། །རིམ་ལྡན་འགྱུར་བའི་མཚམས་སྦྱོར་བ། །བྱེད་པོར་རྣམ་པར་གནས་པ་གང་། །སྐད་ཅིག་གིས་འཇིག་དངོས་རྣམས་ལ། །ངོ་ཤེས་པ་ཡང་འབྲེལ་པར་དཀའ། །
སྐྱེས་བུ་གཞན་གྱིས་མཐོང་བའི་དོན། །གཞན་གྱིས་ངོ་ཤེས་འགྱུར་བ་མིན། །སྒྲ་ལ་སོགས་པ་ཐ་དད་ལ། །ཤེས་པ་པོ་ཞིག་ཡོད་པའི་ཕྱིར། །འདྲ་བ་ལས་ནི་ངོ་ཤེས་འགྱུར། །གཉིས་ཐ་དད་ན་རྒྱུ་མེད་ཅན། །གལ་ཏེ་མཚམས་སྦྱོར་བྱེད་པའི་རྒྱུ། །དོན་ཞིག་ཡོད་པ་མ་ཡིན་ན། །གཟུགས་
མཐོང་བ་ན་རོ་སོགས་ལ། །མངོན་འདོད་སོགས་དེ་ཇི་ལྟར་འགྱུར། །སྲིད་པའི་བཙོན་རར་ཆགས་སོགས་ཀྱིས། །འཆིང་བས་བཅིངས་པའི་སྐད་ཅིག་གཞན། །མ་བཅིངས་གཞན་ནི་གྲོལ་འགྱུར་བ། །ཞེས་བྱ་འདི་ཡང་རྟོགས་མ་ཡིན། །བཅིངས་པ་གྲོལ་བ་ནམ་ཡང་ནི། །མི་སྲིད་
གཅིག་ཏུ་འཇུག་ཕྱིར་རོ། །དེ་ཕྱིར་ཐར་པ་དོན་གཉེར་རྣམས། །ངལ་བ་དོན་ནི་མེད་པར་འགྱུར། །འཆིང་བ་སོགས་ཀྱིས་བཅིངས་གྱུར་པ། །གྲོལ་བ་ཐོབ་པར་བྱེད་པ་མཐོང་། །མ་བཅིངས་གྲོལ་བ་ཐོབ་བྱེད་པ། །ཞེས་བྱ་འདི་འདྲ་མཐོང་བས་གནོད། །བཅིངས་དང་གྲོལ་བ་འདི་དག་ནི། །གཞི་
Vol. 191 · folio 20a
གཅིག་དེ་བཞིན་གནས་པའི་ཕྱིར། །འཇིག་རྟེན་པ་ཡི་དེ་དག་བཞིན། །དེ་བཞིན་ཐམས་ཅད་མཛེས་པར་གནས། །རྣམ་པ་ད་དག་ཉིད་ཀྱིས་ནི། །དངོས་རྣམས་སྐད་ཅིག་གིས་འཇིག་ལ། །གཞི་གཅིག་པ་ནི་མེད་པའི་ཕྱིར། །དྲན་པ་ལ་སོགས་མི་སྲིད་དོ། །འདི་ལ་མངོན་
པར་བརྗོད་པར་བྱ། །བདག་མེད་རྣམས་ལ་རྒྱུ་འབྲས་ཉིད། །གནས་པ་ཡིན་ན་འདི་དག་ཀུན། །གནོད་པ་མེད་པར་གྲུབ་པ་ཉིད། །ཇི་ལྟར་མྱུ་གུ་ལ་སོགས་ལ། །རྗེས་འགྲོ་ཅན་གྱི་བདག་མེད་ལ། །ས་བོན་སོགས་ཀྱི་ནུས་ངེས་པ། །དེ་བཞིན་ནང་གི་བདག་ཉིད་གནས། །དངོས་སུ་འམ་ནི་བརྒྱུད་
པ་ཡིས། །འགའ་ལ་ཁ་ཅིག་ནུས་བཅས་ཡིན། །དེ་ཕྱིར་ལས་འབྲས་སོགས་རྣམས་ཀྱི། །འབྲེལ་པ་ཉིད་ནི་འཐད་མ་ཡིན། །བྱེད་པོ་ཉིད་སོགས་རྣམ་གཞག་སྟེ། །རྒྱུ་གཅིག་ཉིད་དུ་བརྗོད་འདོད་པས། །རྟོག་པས་སྒྲོ་བཏགས་ཉིད་འདོད་ཀྱི། །ཡང་དག་གནས་པའི་ཡང་དག་མིན། །རྗེས་
འགྲོ་མེད་ན་རྒྱུ་འབྲས་ཉིད། །ཁྱད་པར་ཅན་དེ་མི་འཐད་དེ། །རྒྱུད་གཞན་ལས་ནི་བྱུང་རྣམས་དང་། །གང་ཞིག་རྒྱུ་འབྲས་མི་འཐད་བཞིན། །འོ་ན་ས་བོན་མྱུ་གུ་སོགས། །རྒྱུ་འབྲས་ངེས་པ་ཉིད་མཐོང་སྟེ། །དེ་ལ་རྗེས་འགྲོའི་བདག་ཉིད་ཅན། །ཆ་ཤས་ཕྲ་མོ་ཡོད་མ་ཡིན། །ས་བོན་མྱུ་གུ་
སོགས་པ་ལ། །ཞིང་སོགས་ཁྱད་པར་མེད་ཡིན་ན། །ཐ་དད་མི་རིགས་གཅིག་བདག་ཕྱིར། །ཐ་དད་རྗེས་འགྲོ་མེད་པ་གྲུབ། །དེ་ཕྱིར་ལས་འབྲས་སོགས་རྣམས་གྱི། །ཡོད་དང་མེད་པ་སྒྲུབ་དོན་དུ། །རྒྱུ་འབྲས་གྲུབ་དང་མ་གྲུབ་ཕྱིར། །གཞན་གྱིས་རབ་ཏུ་འབད་པར་བྱ། །དེ་ལ་བརྗོད་བྱ་སྐད་
ཅིག་མ། །གཉིས་པ་ལ་ནི་འབྲས་སྐྱེ་ཞིང་། །དང་པོར་རྒྱུ་ནི་སྐྱེས་གྱུར་པ། །དེ་ནི་དེ་ཚེ་ཞིག་པའང་མིན། །དེ་ནི་སྐད་ཅིག་པ་ཉིད་ཕྱིར། །འབྲས་བུའི་སྐད་ཅིག་དུས་གནས་ཕྱིར། །གནས་ནའང་དོན་མེད་གང་གི་ཕྱིར། །དེ་ལ་འབྲས་བུ་དེ་འགྲུབ་ཡིན། །སླར་སྐྱེས་སླར་ཡང་དེ་ཡིས་ནི། །བསྐྱེད་པར་ནུས་
མིན་སྐྱེ་བ་ནི། །མ་བྱུང་བ་ལས་བྱུང་དངོས་ཕྱིར། །གཞན་དུ་ན་ནི་གནས་པ་མིན། །དེ་ཕྱིར་མ་ཞིག་པ་ཡི་རྒྱུ། །སྐད་ཅིག་དང་པོར་བྱུང་བ་ལས། །དེ་ཡིས་སྐད་ཅིག་མ་ཉིད་ཕྱིར། །ཅིག་ཅར་ཐལ་བ་ཡོད་མ་ཡིན། །སྐད་ཅིག་གསུམ་ལ་སོགས་པ་ལ། །དཔེར་ན་རྣམ་པར་སྨིན་པའི་རྒྱུ། །ཞིག་ལས་
Vol. 191 · folio 20b
འབྲས་བུ་བརྗོད་པ་བཞིན། །གལ་ཏེ་དང་པོར་དེ་འབྱུང་ན། །ཅིག་ཅར་དུ་ཡང་ཐལ་འགྱུར་ཏེ། །ལྷན་ཅིག་འབྱུང་རྒྱུ་བཞིན་དེ་ཡང་། །རིགས་པས་འཐད་མིན་གང་གི་ཕྱིར། །མེད་པས་སྔར་ནི་ནུས་མེད་ཕྱིར། །ནུས་པའི་ཚེ་ན་འབྲས་འབྱུང་ཕྱིར། །རྒྱུ་འབྲས་དག་ནི་ཅིག་ཅར་ཉིད། །འགལ་བར་
གསལ་བ་ཉིད་ཡིན་ཏེ། །སྐམ་པས་བཟུང་བ་བཞིན་དུ་ནི། །རྒྱུ་འདིས་རང་གི་འབྲས་བུ་འདིས། །བཟུང་ནས་སྐྱེད་པར་བྱེད་པ་མིན། །གང་ཕྱིར་ཅིག་ཅར་བ་རུ་འགྱུར། །འདོད་ལྡན་བུད་མེད་ལ་བཞིན་དུ། །འབྲས་བུ་རང་བཞིན་ལ་བརྟན་པར། །འཁྱུད་ནས་སྐྱེ་བ་མ་ཡིན་ན། །གང་གིས་དེ་དག་ཅི་དགར་
འགྱུར། །ཅིག་ཅར་བ་ཉིད་འགལ་བ་ཡིན། །གང་ཕྱིར་རྒྱུ་དེ་རང་ཉིད་ཀྱིས། །འབྲས་བུ་སོས་བསྡོམས་བཞིན་བཟུང་བ། །སྐྱེས་པ་ཡིན་ན་ཅིག་ཅར་བར། །འགྱུར་ན་དེ་ནི་དེ་ལྟར་མིན། །འབྲས་བུའང་རང་བཞིན་དེ་ལ་ནི། །འདོད་ལྡན་སྡུག་བསྔལ་འཁྱུད་བཞིན་པས། །སྐྱེ་བ་ཡིན་ན་ཅིག་ཅར་བར། །འགྱུར་ན་དེ་ཡང་དེ་ལྟར་མིན། །རང་གི་རྒྱུ་ལས་འབྱུང་
བ་ནི། །སྐད་ཅིག་དང་པོར་གང་བྱུང་བ། །སྐད་ཅིག་གཉིས་པར་ཉེ་བ་ཡི། །དེ་མ་ཐག་ཏུ་གང་བྱུང་མིན། །བྱ་བ་མེད་པའི་དངོས་ལ་ཡང་། །དེ་ནི་དེ་ཡི་སྐྱེད་བྱེད་ཡིན། །འདོད་པ་ཙམ་ལས་བྱུང་བ་ཡི། །བརྡ་ནི་རྗེས་སུ་སྒྲུབ་བྱེད་ཡིན། །སྐྱེ་བ་ལས་ནི་དུས་གཞན་པའི། །བྱ་བས་འདིར་ནི་ཅི་ཞིག་དགོས། །གང་ཕྱིར་ཡོད་ལས་འབྲས་བྱུང་བས། །ཡོད་པ་ཉིད་ནི་དེའི་
བྱའོ། །དེ་མ་ཐག་པར་གང་ངེས་པ། །དེ་ཉིད་ལྟོས་པ་ཡིན་ཞེས་བརྗོད། །རྟག་ཏུ་འབྲས་བུ་འབྱུང་བ་དང་། །ལྡན་པའི་རྒྱུ་ཡི་བྱ་བའོ། །དེ་ཡོད་པ་ན་འབྱུང་བ་ཙམ། །བྱ་བ་ཞེས་ཀྱང་ཀུན་ཏུ་བརྟགས། །དེ་དང་ལྡན་པས་རྒྱུ་ཉིད་དེ། །དེ་ཕྱིར་དེ་ལྡན་དེ་ཉིད་མཆོག །གང་ཕྱིར་ས་བོན་མྱུ་གུ་སོགས། །
ཡོད་ན་ཡོད་པར་མཐོང་ཉིད་ཀྱི། །བྱ་བ་དངོས་པོ་ཡོད་པ་ལས། །ཅུང་ཟད་ཀྱང་ནི་མཐོང་མ་ཡིན། །ནུས་པ་མ་མཐོང་བཞིན་དུ་ཡང་། །རྒྱུ་ཉིད་དུ་ནི་རྟོག་བྱེད་ན། །འདི་དང་བྱེ་བྲག་ཅི་ཡོད་ན། །གཞན་ཡང་ཅི་ཕྱིར་རྒྱུར་མི་འདོད། །ཇི་ལྟར་གཞན་ནི་མེད་ན་ཡང་། །བྱ་བ་འབྲས་བུ་རྒྱུར་འདོད་བཞིན། །
གཞན་ཡང་ཅི་ཕྱིར་རྒྱུ་མ་ཡིན། །ཡང་ན་དངོས་བཅས་མཐོང་བར་ནི། །འདོད་ནའང་འདི་ནི་ཁོ་བོ་ཅག །མཐོང་བར་འདོད་ཡིན་རྒྱུ་མེད་ན། །དེ་ལ་དངོས་པོ་ཡོད་པ་ཡང་། །ཅི་ཡི་ཕྱིར་ན་ཁས་ལེན་བྱེད། །ཇི་ལྟར་སྐྱེ་བ་ཅན་བློ་ཉིད། །ཚད་མ་ཉིད་དུ་ངེས་སྨྲ་བ། །དེ་བཞིན་དངོས་པོ་ཐམས་ཅད་ལ། །
Vol. 191 · folio 21a
དེ་རྒྱུ་ཉིད་དུ་ཅིས་མི་འདོད། །ཇི་ལྟར་བློ་ནི་སྐད་ཅིག་ལ། །དེ་བཞིན་སྐྱེ་བ་ཅན་གཞན་ཡང་། །བསྒྲུབས་པ་དེ་ཕྱིར་འགྲོ་བ་འདི། །དེ་བཞིན་ཁོ་ན་བྱ་བྲལ་བའོ། །རྒྱུན་གྱིས་འཇུག་པའི་དྲི་ལ་སོགས། །ཕན་ཚུན་རྒྱུར་འདོད་ཁོ་ན་སྟེ། །དེ་རྒྱུ་ཉིད་དུ་ཐལ་འགྱུར་ཏེ། །འདི་ལ་གནོད་པ་ཅན་
མིན་ནོ། །གང་ཡང་རུང་བའི་རྒྱུ་རྣམས་ཀྱི། །གཞན་གྱི་དེ་མ་ཐག་འབྱུང་བའང་། །དེ་བཞིན་ངེས་པ་ལ་འདོད་པས། །བརྟན་པར་འདོད་ལ་སྐྱོན་འདི་ཡང་། །གང་ཞིག་གང་ལ་བྱ་བ་དང་། །བཅས་ཏེ་དེ་ཡི་རྒྱུར་འདོད་ནའང་། །གང་ལ་ཡང་དག་ངེས་གང་ཡིན། །དེ་རྒྱུ་ཡིན་པར་འདོད་པ་ནི། །མངོན་
སུམ་དང་ནི་མི་དམིགས་པས། །ཡོད་ན་ཡོད་པར་གྲུབ་འདི་དག །གལ་ཏེ་རྣམ་བཅས་རྣམ་ཤེས་ཀྱིས། །དངོས་རྣམས་རིག་པར་ཁྱོད་འདོད་དམ། །འོན་ཏེ་རྣམ་མེད་པས་དངོས་རྣམས། །རྣམ་པར་རིག་པར་ཁྱེད་འདོད་པ། །སྐད་ཅིག་གིས་འཇིག་ཕྱོགས་ལའང་དེ། །མཚུངས་པར་ཉེ་བར་
མཚོན་པར་བྱ། །སྔ་མའི་རང་གི་རྒྱུ་རྣམས་དང་། །གཟུགས་སོགས་རིག་པའི་རང་བཞིན་གྱི། །རྣམ་པར་ཤེས་པ་ཐམས་ཅད་ཉིད། །དུས་མཉམ་ཉིད་དུ་སྐྱེ་བ་ཡིན། །གལ་ཏེ་རྣམ་ཤེས་རྣམ་པ་དང་། །བཅས་ན་སེམས་ནི་སྣ་ཚོགས་འགྱུར། །རྣམ་པས་མཚན་མ་ཉིད་མིན་ནའང་། །ཉེ་བ་
ན་གནས་རྒྱུ་མེད་པའོ། །ཞེ་ན་དེའི་ལན་འདིར་ཅུང་ཟད། །ཁྱེད་ཀྱིས་ཀྱང་ནི་སྨྲ་བར་གྱིས། །འདི་ལ་ཁྱེད་ཅག་ལན་གང་ཡིན། །དེ་ནི་ཁོ་བོ་ཅག་གིར་འགྱུར། །གལ་ཏེ་རྒྱུ་ནི་འབྲས་བུ་དག །སྐྱེད་པར་མི་འདོད་དེ་ལྟ་ན། །བྱས་འཇིག་འགྱུར་ན་འདི་མིན་ཏེ། །རྒྱུན་གྱིས་རྒྱུ་ཉིད་འགྱུར་བ་ཡིན། །
གལ་ཏེ་རྒྱུ་ནི་མེད་པར་ཡང་། །ལ་ལར་འབྲས་བུ་འབྱུང་འགྱུར་ན། །མ་བྱས་པ་ཐོབ་པར་འགྱུར་ན། །དེ་མིན་ནུས་པ་དེས་ཕྱིར་རོ། །སྐད་ཅིག་གིས་འཇིག་རྣམ་རྟོག་གིས། །བྱས་པ་འཇིག་ཚོགས་ཕས་རྒོལ་བ། །དེས་ནི་མི་འདོད་པ་ཉིད་དུ། །གྱུར་པ་ཅུང་ཟད་ཡོད་མ་ཡིན། །མི་འཇིགས་
ཡོད་པར་ལྟ་བ་རྣམས། །རྒྱུན་ལ་གཅིག་པར་མངོན་སེམས་པས། །སྐད་ཅིག་གིས་ཕྱེའི་རྣམ་རྟོག་གིས། །ཇི་ལྟར་ཡང་ནི་འཇུག་མི་འགྱུར། །སྐད་ཅིག་རེ་རེ་རྣམ་འཇིག་པའི། །དེ་ཁོ་ན་ཉིད་རྣམ་རྟོག་ཤིང་། །རྒྱུ་ཡི་ངེས་པར་རིག་ནས་ནི། །དགེ་བའི་ལས་ནི་རྩོམ་པར་འགྱུར། །འབྲས་བུ་
Vol. 191 · folio 21b
འབྲས་བུ་ཅན་ཉིད་དག །ངེས་པའི་ཁྱད་པར་ཅན་ཉིད་ཀྱི། །སེམས་གང་ཡིན་པའི་དྲན་པ་སོགས། །ཀུན་ལའང་གནོད་པ་མེད་པ་ཡིན། །དེ་ལ་རྒྱུ་འབྲས་འགྱུར་བ་ཡི། །མ་རིག་ལ་སོགས་པས་བཅིངས་འདོད། །དེ་དང་བྲལ་ཞིང་དྲི་མེད་པའི། །བློ་ཉིད་ཐར་པ་ཡིན་པར་འདོད། །ཐམས་ཅད་
སྐད་ཅིག་པ་ཉིད་ཀྱི། །བཅིངས་དང་གྲོལ་བ་རབ་གྲགས་པ། །གཞི་གཅིག་པ་ཉིད་ཡིན་པར་ནི། །འཇིག་རྟེན་པ་ལའང་གྲུབ་པ་མིན། །བདག་ལ་བྱེ་བྲག་ཐམས་ཅད་དུ། །མེད་ཕྱིར་བྱེད་པོ་ཟབ་པ་པོ། །བཅིངས་སོགས་འདི་འདྲ་ལ་གནོད་ཀྱི། །གཞན་དུ་མི་རྟག་པ་ཉིད་དོ། །དེ་ཁོ་ན་ཉིད་
བསྡུས་པའི་རབ་ཏུ་བྱེད་པ་ལས་ལས་དང་འབྲས་བུའི་འབྲེལ་པ་བརྟག་པ་སྟེ་བཅུ་བཞི་པའོ།། །།རྫས་ལ་སོགས་པའི་དོན་དྲུག་ནི། །དམ་པའི་དོན་དུ་ཡོད་པའི་ཕྱིར། །རིག་སོགས་དངོས་མེད་ཉིད་དུ་ནི། །སྔར་བསྟན་རིགས་པ་མ་ཡིན་ཞེས། །རྐང་མིག་པ་དང་
གཟེགས་ཟན་པ། །ལུང་ཙམ་པ་ནི་སྨྲ་བྱེད་པའི། །རྫས་ལ་སོགས་པ་དགག་པ་འདི། །མདོར་བསྡུས་པ་ནི་བརྗོད་པར་བྱ། །ས་ལ་སོགས་པས་ཕྱེ་བ་ཡི། །རྫས་དགུ་ཐ་དད་པར་འདོད་པའི། །ས་ལ་སོགས་པ་གྲངས་བཞི་ནི། །རྟག་དང་མི་རྟག་གིས་རྣམ་གཉིས། །རེ་ཞིག་ས་སོགས་
བདག་ཉིད་ཀྱིས། །གང་འདོད་པ་ཡི་རྡུལ་ཕྲན་རྣམས། །དེ་རྣམས་རྟག་པའོ་དེ་ལ་སོགས། །རྩོལ་བ་གང་ཡིན་དེ་འཇིག་འདོད། །དེ་ལ་རྡུལ་ཕྲན་རྣམས་རྟག་པ། །ཡིན་པར་རིག་པ་མ་ཡིན་ཏེ། །དངོས་པོ་མ་ལུས་པ་ཡི་ཡུལ། །སྐད་ཅིག་གིས་འཇིག་བསྒྲུབ་ཕྱིར་རོ། །རྟག་ཏུ་གོང་བུ་
མ་ལུས་པ། །ཅིག་ཅར་སྐྱེ་བ་ཁོ་ནར་འགྱུར། །དེ་རྣམས་ཕྲད་པ་ལ་སོགས་པ། །ལྟོས་མིན་བྱེ་བྲག་མེད་ཕྱིར་རོ། །རྡུལ་ཕྲན་སྐྱེད་པ་པོར་འདོད་པ། །ཡོད་པ་ཆོས་སུ་རྟོགས་མིན་ཏེ། །དོན་ཡོད་ལ་དམིགས་ཚད་མ་ཡི། །ཡུལ་འགྱུར་མ་ཡིན་ཞེ་ན་ནི། །གང་གིས་ཐགས་མཁན་
སོགས་མཐོང་བས། །རྡུལ་ཕྲན་རྒྱུ་ནི་མི་འགྲུབ་མིན། །གང་ཕྱིར་སྣམ་བུ་སོགས་ཐམས་ཅད། །རྡུལ་ཕྲན་བདག་ཉིད་ཁོ་ནའོ། །ཡོད་འཛིན་ཚད་མ་མེད་ཙམ་གྱིས། །མེད་པ་གྲུབ་པ་མ་ཡིན་ཏེ། །གང་ཕྱིར་ཚད་མ་ལོག་པ་ནི། །དོན་མེད་ཡིན་པའི་ངེས་པ་མེད། །དེ་རྣམས་
Vol. 191 · folio 22a
རྩོམ་པའི་ཆ་ཤས་ཅན། །ཡོན་ཏན་ཆ་ཤས་ཐམས་ཅད་ལྡན། །མཐོང་བ་མིན་པ་ཉིད་ཀྱིས་ན། །དེས་ན་ཚད་མ་ཅན་གྲུབ་མིན། །ཤེལ་གོང་ཉེ་བར་བསྒྱུར་བ་ཡི། །བསྒྱུར་བ་སྣང་བ་མ་ཡིན་ནམ། །ཆུ་སྐྱར་སོགས་པའང་དེ་གཟུགས་སུ། །འཛིན་པ་ཉིད་དུའང་མཐོང་མིན་
ནམ། །རལ་གའི་ནང་གི་སྐྱེས་བུ་ལ། །དེ་ཡི་གཟུགས་སོགས་མི་ཤེས་ཀྱང་། །སྐྱེས་བུར་ཤེས་པ་མཐོང་བ་དང་། །གོས་དམར་བློ་ཡང་ཡོད་མ་ཡིན། །གཟུགས་སོགས་ཨུཏྤལ་ལ་སོགས་ལས། །གཅིག་ཏུ་ཐ་དད་པ་ཡིན་ཏེ། །དེས་ན་དེ་ནི་ནག་པའི་ལས། །རྟ་བཞིན་རྣམ་པར་
གཅོད་ཕྱིར་རོ། །ས་ལ་སོགས་དང་གཟུགས་དྲི་སོགས། །ཤིན་ཏུ་ཐ་དད་འགྱུར་བ་སྟེ། །གཅིག་དང་སྔ་མའི་ཚིག་དབྱེ་བས། །ཟླ་བ་སྐར་མའི་ཐ་དད་བཞིན། །བྱེད་པ་ནུས་སོགས་ཐ་དད་པར། །སྣལ་མ་སྣམ་བུ་ཐ་དད་བཞིན། །འགལ་བའི་ཆོས་དག་སྦྱོར་བས་ན། །ཀ་བ་
བུམ་པའི་དངོས་བཞིན་ནོ། །གོང་བུའི་དོན་ཡོད་མ་ཡིན་ན། །ཤིང་སོགས་མཐོང་བ་ཉིད་མི་འགྱུར། །དེ་ཡི་ངོ་བོ་ལས་གཞན་པ། །གཞན་གྱི་བདག་ཉིད་མཐོང་མིན་ཏེ། །གཞན་གྱི་རྣམ་པ་རིག་པའི་བློ། །མི་རིགས་ཤིན་ཏུ་ཐལ་འགྱུར་ཕྱིར། །དེ་བཞིན་དཀར་པོ་ལ་སོགས་པར། །
རིག་པ་ཡིས་ཀྱང་སྲིད་པར་འགྱུར། །དེ་ཕྱིར་དུང་ལ་སེར་སོགས་ཀྱི། །བློ་བཞིན་བློ་འདི་འཁྲུལ་པ་ཡིན། །རལ་ག་ནང་ཆུད་སྐྱེས་པ་ཡི། །ཤེས་པ་དེ་རྗེས་དཔག་པ་སྟེ། །དེ་ཡི་གཏན་ཚིགས་སུ་གྱུར་ལ། །རལ་ག་ཉིད་ནི་མཐོང་ཕྱིར་རོ། །སྐ་དང་གུར་ཀུམ་སོགས་རྣམ་པས། །གོས་ཀྱི་
གཟུགས་ནི་གཞན་ཐོབ་ཅིང་། །གོས་རྣམས་སྐད་ཅིག་པ་ཉིད་པས། །སྔ་མའི་གཟུགས་ནི་ཞིག་པ་ཡིན། །སླར་ཡང་ཆུ་སོགས་ལྟོས་བཅས་ལས། །གཟུགས་དེ་ཉིད་ལས་དཀར་པོ་ཡི། །གཟུགས་གཞན་དུ་ཡང་འབྱུང་བར་འགྱུར། །ལྕགས་སོགས་སྔོན་པོ་སོགས་བཞིན་
དུ། །གནས་སྐབས་དེ་ཉིད་ཀྱི་གཟུགས་ལ། །རང་དངོས་རྗེས་སུ་འཇུག་ཕྱིར་རོ། །དྲུག་པའི་ཚིག་ལ་སོགས་དབྱེ་བ། །འདོད་པ་ཙམ་གྱིས་འབྱུང་བ་སྟེ། །དེ་ཕྱིར་དངོས་རྣམས་དེ་ཉིད་ཀྱི། །ངོ་བོར་རྣམ་གནས་རིག་མ་ཡིན། །འདི་ལྟར་དྲུག་པོ་ལས་གཞན་པའི། །ཡོད་ཉིད་ཐ་དད་
Vol. 191 · folio 22b
ཉིད་མི་འདོད། །དེ་རྣམས་སྡེ་ཚན་གཅིག་ཉིད་དོ། གཞན་ཡང་ཁས་བླངས་པ་མིན་ནོ། །ཡོད་པ་ཤེས་པའི་ཚད་མ་ཡིན། །ཡུལ་དུ་དེ་ཉིད་འདོད་པས་ན། །དྲུག་པོའི་ཡོད་ཉིད་ཡིན་ཞེ་ན། །ཁྱེད་ལ་དྲུག་ལས་གཞན་ཐལ་འགྱུར། །དེ་དྲུག་ཆོས་ཅན་དུ་བརྗོད་དེ། །ཆོས་ནི་དེ་དག་
ལས་གཞན་པར། །འདོད་པ་ཉིད་ཡིན་ཞེ་ན་ཡང་། །དེ་དང་དེ་ཡི་འབྲེལ་འདོད་གང་། །རྫས་སོགས་ངེས་ཕྱིར་ཕྲད་པ་ཡང་། །མི་རིགས་གཞན་ཡང་འདུ་བ་ཡང་། །འབྲེལ་པ་གཞན་ནི་ཁྱོད་འདོད་མིན། །འབྲེལ་པ་མི་འཐད་དེ་རྣམས་ཀྱི། །ཆོས་སུ་ཇི་ལྟར་འགྱུར་བ་ཡིན། །དེ་ལས་
བྱུང་ཙམ་གྱིས་ཤེ་ན། །གཞན་ཡང་དེ་དང་འདྲ་གྱུར་ལ། །དེ་ཡང་ཡོད་པ་ཉིད་ཡིན་ན། །ཐ་དད་པ་ཅན་གྱིས་དབྱེ་བ། །ཐོབ་འགྱུར་དེ་ལའང་གཞན་ཡིན་པས། །མཐའ་མེད་པར་ནི་ཐལ་བར་འགྱུར། །ཆོས་གཞན་ལ་ནི་འཇུག་པ་ཡིས། །དེར་ནི་ཆོས་ཅན་ཉིད་ཐོབ་ན། །དེ་ཉིད་ཀྱི་
ཕྱིར་རྫས་སོགས་ཉིད། །ཆོས་ཅན་ཉིད་དུ་འདོད་མི་འགྱུར། །གལ་ཏེ་སྔ་རོལ་སྣལ་མ་ལས། །སྣམ་བུ་ཐ་དད་སྒྲུབ་བྱེད་ན། །སྒྲུབ་པར་བྱེད་པ་དོན་མེད་ཉིད། །དེ་བཞིན་བཟློག་པར་དཀའ་བ་ཡིན། །སྣལ་མ་དེ་རྣམས་གནས་སྐབས་ཀྱི། །བྱེ་བྲག་གཞན་ནི་ཐོབ་པ་ན། །ཁྱད་པར་
ཅན་དོན་བྱེད་ནུས་པ། །སྔ་མ་ལས་གཞན་མཚན་ཉིད་ཀྱི། །བྱ་བ་གཅིག་ཉིད་ལ་མཁོ་ལ། །སོ་སོར་ཤེས་པ་པོ་བསྟན་ན། །མངས་དང་ནུས་མེད་འབྲས་མེད་པའི། །སྐྱོན་རྣམས་བསལ་བར་འདོད་པ་ཡི། །ཐ་སྙད་འདོགས་པ་པོ་རྣམས་ཀྱིས། །གང་དག་མ་ལུས་པ་རྣམས་
ལ། །ཐ་སྙད་ཉུང་བའི་བསམ་པ་ཡི། །ཚིག་གཅིག་གིས་ནི་བརྗོད་པ་ཡིན། །བྱེད་པོ་ནུས་པ་ཐ་དད་ལ། །ཡོངས་སུ་གྱུར་སོགས་ཆོས་ལྡན་ཕྱིར། །དེ་རྣམས་དུས་གཅིག་ཉིད་དུ་ནི། །སྣམ་བུ་ཉིད་དུ་འགྲུབ་པ་མིན། །རྡུལ་ཕྲན་རྣམས་ནི་ཕན་ཚུན་དུ། །བསྟངས་པས་སྐྱེ་བ་ཉིད་
ཡིན་ན། །དེ་རྣམས་དབང་པོའི་སྤྱོད་ཡུལ་ཉིད། །མིན་པས་དབང་པོ་ལས་འདས་མིན། །རྡུལ་ཕྲན་སྔོ་སོགས་རྣམ་པའི་དངོས། །ངོ་བོ་ཉིད་ཡིན་བརྟགས་པ་མིན། །སྔོན་པོ་སོགས་སུ་སྣང་བ་ཡང་། །མིག་སོགས་ཤེས་པས་རིག་པ་ཡིན། །གལ་ཏེ་འང་དེ་རྣམས་ཤར་ཉིད་དང་། །
Vol. 191 · folio 23a
གཞན་ཉིད་དུ་འབྱེད་མཚན་ཉིད་མིན། །དེ་ལྟའང་སྦྱར་བའི་བཏུང་བ་བཞིན། །གནས་ལ་མངོན་སུམ་གྱིས་གནོད་མིན། །དངོས་པོ་འདི་རྣམས་ཐམས་ཅད་ཉིད། །ཀུན་ལས་ལོག་པའི་རང་བཞིན་དུ། །མཐོང་བ་ཡིན་ཡང་རང་བཞིན་དུ། །རྣམ་པ་ཐམས་ཅད་ངེས་པ་མིན། །བརྟགས་མིན་དབང་
རྟེན་རྟོགས་བྱ་བ་ཡང་། །ཆ་ཤས་དོན་མེད་རང་མཚན་ཉིད། །གང་ལས་ཐ་དད་ངེས་པ་ལ། །རྒྱུ་ཡོད་ན་ནི་དེ་འབྱུང་འགྱུར། །ཇི་ལྟར་མར་མེ་འབར་བའི་རྒྱུན། །འདྲ་བར་འབྱུང་ལ་གཅིག་པར་འཁྲུལ། །དེ་བཞིན་ཕྲ་བ་དུ་མ་རྣམས། །རྒྱུན་མི་འཆད་རྣམས་བློས་གཅིག་རྟོགས། །དབྱེ་བ་མི་རྟོགས་
དེ་རྣམས་ལ། །མངོན་སུམ་དུ་འདོད་མིན་ཞེ་ན། །མར་མེ་སོགས་དེ་ཇི་ལྟར་མཐོང་། །དེ་བཞིན་ཆ་ཤས་ཅན་ཅིས་འདོད། །འདི་རྣམས་རྡུལ་དུ་མ་ངེས་ན། །སྔོན་པོ་ལ་སོགས་རྣམ་པའོ་ཞེས། །དེ་ལྟ་བུར་ཡང་རྟོགས་བྱ་བར། །འདི་ནི་ཇི་ལྟར་འགྱུར་བ་ཡིན། །གང་ཕྱིར་དེ་ལའང་
རྒྱུ་མེད་དེ། །ཤེས་པ་དེ་ནི་ཡུལ་མེད་མིན། །གོང་བུ་ཡུལ་གཅིག་མ་ཡིན་ཏེ། །གཅིག་དང་གོང་བུ་ཉིད་འགལ་ཕྱིར། །གོང་བུ་གཅིག་དངོས་ཉིད་ཡིན་ན། །སྦྲང་མའི་རྐང་པ་གཡོགས་ཙམ་གྱིས། །དེ་དག་ཐམས་ཅད་གཡོགས་པར་ནི། །འགྱུར་ཏེ་དབྱེ་བ་མེད་ཕྱིར་རོ། །ཆ་གཅིག་ཏུ་ནི་དམར་བ་ཡང་། །
ཐམས་ཅད་ལ་འགྱུར་དམར་པོ་བཞིན། །འགལ་བའི་ཆོས་དག་སྦྱོར་བ་ཡང་། །སྣ་ཚོགས་ཉིད་དུ་ཐལ་བར་འགྱུར། །གཅིག་གི་དངོས་ཉིད་མ་ཡིན་ན། །ཐམས་ཅད་སྒྲ་འདིར་ཅི་ཞིག་བྱ། །དེ་ཡང་དུ་མའི་ཡུལ་ཡིན་ན། །ཡན་ལག་ཅན་ནི་དུ་མ་ཡིན། །གོས་དང་ལུས་དང་རི་སོགས་
གང་། །འཇིག་རྟེན་ལ་གྲུབ་མ་ཡིན་ནམ། །དེ་ཉིད་ཡན་ལག་ཅན་ཉིད་དུ། །ཁྱེད་ཅག་གིས་ནི་སྨྲས་པ་ཡིན། །གོས་དམར་ཀུན་དུ་ཐམས་ཅད་དང་། །ལྷག་མེད་དེ་བཞིན་མ་ལུས་པ། །དེ་ལ་ཐམས་ཅད་རབ་སྦྱོར་བ། །འདོད་པ་ཙམ་གྱིས་འབྱུང་བ་ཡིན། །དེ་འདྲ་མངོན་པར་འདོད་པ་ནི། །
ཁོ་བོ་ཅག་ཀྱང་སྨྲ་བ་སྟེ། །གོས་ཀུན་དམར་པོར་འགྱུར་སོགས་པར། །སྨྲ་ལ་བར་དུ་གཅོད་པ་མེད། །བརྟགས་ནས་དེ་བརྗོད་ཡིན་ཞེ་ན། །ཚིག་གཞན་དུ་ནི་ཐལ་འགྱུར་ཞིང་། །གཙོ་བོ་ཕལ་པར་འདོད་དག་གི །ཐ་དད་བློ་ཡང་ཡོད་མ་ཡིན། །སྦྱོར་བ་ཀུན་ལ་ཁྱབ་བྱེད་པ། །འཇུག་པ་ཉིད་
Vol. 191 · folio 23b
ནི་མ་ཡིན་ཕྱིར། །ཐམས་ཅད་དམར་པོར་ཐལ་བ་མིན། །ཐམས་ཅད་གཡོགས་པར་འདོད་པའང་མིན། །རྫས་ནི་ཆ་ཤས་མེད་མིན་ནམ། །ཅི་ཕྱིར་མ་ཁྱབ་པར་རྣམ་གནས། །རང་དངོས་དེ་ལྟར་གནས་ན་ནི། །དེ་ཉིད་ཀྱི་ཕྱིར་ཐ་དད་གྲུབ། །ཡུལ་མང་ལ་གནས་པ་དེས་ན། །གནས་
གཅིག་བྱེད་པ་ཉིད་མ་ཡིན། །དེ་ཕྱིར་སྣམ་བུ་ལ་སོགས་པ། །དུ་མའི་ངོ་བོ་ཉིད་དུ་གྲུབ། །དེ་ཉིད་དོན་ནི་མི་ཤེས་པའི། །འཇིག་རྟེན་གོང་བུ་གཅིག་སྙམ་སེམས། །རྣམ་རྟོག་དེ་ལ་ལྟོས་ནས་ནི། །ཕྲ་རབ་རྡུལ་ཞེས་འདིར་བརྗོད་པའམ། །རྒྱུ་མཚན་རྣམ་རྟོག་མིན་པར་ཡང་། །བརྡ་ཡི་རྗེས་
འགྲོ་ལྡན་པ་ཡི། །དབུལ་ལའང་ཕྱུག་པོ་ཞེས་བརྗོད་ཡིན། །འདི་ནི་དེ་འདྲའི་མིང་དུ་གནས། །སྣལ་མ་དང་ནི་ལག་པ་སོགས། །ཆ་ཤས་ཅན་གཅིག་རྗེས་འཇུག་མིན། །དཔེར་ན་དུ་མ་ཉིད་གྲུབ་པའི། །རེ་ལྡེ་སྣམ་བུ་རྩིག་སོགས་བཞིན། །གལ་ཏེའང་མངོན་པར་འདོད་པའི་རྫས། །གཅིག་
ཕྱིར་ཡན་ལག་དུ་མ་ལ། །རྟེན་མིན་རྡུལ་བཞིན་འཇུག་པར་ནི། །མི་རིགས་གནོད་ཅན་ཚད་མའོ། །གཅིག་འཇུག་གནས་དེའང་ཆ་ཤས་ཀྱི། །རྟེན་གཞན་ལ་ནི་འཇུག་པ་ནི། །དངོས་དེ་ཉིད་ཀྱིས་སམ་གཞན་གྱིས། །རྣམ་པ་གཞན་ཡོད་མིན་པས་སོ། །དེ་ལ་འདི་ནི་དེ་ཉིད་ཀྱིས། །
གཞན་ལ་འཇུག་པར་བརྟག་མིན་ཏེ། །དེ་དབང་བྱས་པ་ཉིད་ཀྱིས་ནི། །གཞན་དུ་དེར་འཇུག་ཡོད་མ་ཡིན། །དཔེར་ན་ཁུ་འཇོ་བའི་མ་མ། །གཞན་གྱི་དབང་བྱའི་རྟེན་འགྱུར་མིན། །དེ་བཞིན་གཅིག་གིས་དབང་བྱས་པའི། །རྫས་ནི་གཞན་གྱི་རྟེན་བྱེད་མིན། །གང་ཕྱིར་དེ་འབྲེལ་རང་
བཞིན་ནོ། །དེ་མིན་ཡུལ་ལའང་འཇུག་པས་ན། །དེ་ནི་ཡུལ་གཅིག་ཉིད་ཐོབ་བམ། །གཅིག་བདག་ཉིད་འགྱུར་དབྱེར་མེད་ཕྱིར། །གཞན་ཉིད་བདག་ཉིད་ཀྱིས་འཇུག་ན། །རང་བཞིན་ཐ་དད་པ་ཡི་དངོས། །ཐ་དད་བདག་ཉིད་ཉིད་ཡིན་པས། །གཅིག་ནི་དུ་མར་གནས་འགྲུབ་མིན། །
དེ་དེ་རྣམས་ལ་འདུ་བ་ཡི། །བདག་ཉིད་ཀྱིས་འཇུག་ཡིན་ཞེ་ན། །སྐྱོ་བ་ཉིད་ཀྱིས་འདི་འགྲོ་བ། །དེ་ཡང་རྣམ་པར་དཔྱད་བྱ་ཡིན། །གཞན་ཡང་བདག་ཉིད་ཐམས་ཅད་ཀྱིས། །འཇུག་ན་དུ་མ་ཉིད་ཐོབ་འགྱུར། །ཕྱོགས་གཅིག་གིས་ན་ཐ་མེད་འགྱུར། །དེ་གཅིག་མིན་པའམ་གང་དུ་མིན། །
Vol. 191 · folio 24a
རང་རྒྱུད་པའང་ཐལ་འགྱུར་བའི། །བསྒྲུབ་པས་གང་ཞིག་འཇུག་པ་ན། །དེ་ནི་རང་ཉིད་ཀྱིས་མཐོང་བ། །ཡིན་ན་འབྲེལ་པར་འགྱུར་བ་ཡིན། །མ་ལུས་པས་སམ་ཕྱོགས་གཅིག་གིས། །འཇུག་པ་གང་དུའང་མ་ཤེས་ཉིད། །གང་གི་ཡོད་པ་མིན་ཕྱིར་རྫས། །མེད་
པའང་གཞན་དུ་འགྱུར་བའོ། །དེ་ནི་ལ་ལར་མཐོང་བ་ན། །རྫས་ལ་སོགས་པ་གསལ་བ་བཞིན། །དེ་བཞིན་དེར་ནི་མ་མཐོང་ན། །ཐ་དད་པར་རྒོལ་མི་རིགས་སོ། །དེ་དག་ཙམ་གྱིས་འཇུག་པ་ཉིད། །མེད་པར་བརྗོད་འགྱུར་ཞེ་ནའང་དེ། །མི་རིགས་འདི་ན་འདི་ཞེས་པའི། །བློ་ཡིས་མངོན་
སུམ་གྱིས་གྲུབ་པའི། །དེ་ནི་མངོན་སུམ་འདོད་མིན་ན། །གནོད་པ་ཅན་འགའ་བརྗོད་པའི་རིགས། །གཞན་དུ་གཟུགས་སོགས་ཤེས་པ་ཡང་། །མངོན་སུམ་མིན་པ་ཉིད་དུ་འགྱུར། །འདི་ལ་འཇུག་པ་དེ་མེད་པར། །དབྱེར་མེད་ཚུལ་གྱིས་སྔར་བསྟན་ཟིན། །འདི་ལ་ཞེས་པའི་ཤེས་པ་
མེད། །དེ་ཡི་ངོ་བོ་མི་སྣང་ཕྱིར། །མ་ལུས་པ་དང་ཕྱོགས་གཅིག་པའི། །སྒྲ་དང་དོན་འདི་བཤད་མཛད་པའི། །ཆ་ཤས་མེད་འདིའི་འཇུག་པ་ཅི། །དེ་ནི་དེ་ལས་གཞན་དུའམ། །ཇི་ལྟར་སྣོད་ལ་སོགས་བཞག་པའི། །དཔལ་འབྲས་ལ་སོགས་ཇི་བཞིན་པའམ། །སྟན་ནི་དུ་མ་ལ་
འཇུག་པའི། །ནག་པ་སོགས་མཐོང་ལྟ་བུ་ཡིན། །བུམ་པ་མར་མེ་ལ་སོགས་བཞིན། །འཇིག་པ་ལ་སོགས་གཏན་ཚིགས་ཀྱིས། །སྒྲ་རྣམས་འགའ་ཞིག་ལ་བརྟེན་ཡིན། །དེ་ནི་ནམ་མཁར་འགྱུར་བ་ཡིན། །ཉི་སོགས་བྱ་བའི་རྫས་རྣམས་ལས། །ཐ་དད་པ་ཡི་རྒྱུ་མཚན་ནི། །གཞན་
ན་གཞན་མིན་སོགས་ཤེས་པ། །ཇི་ལྟར་བུམ་སོགས་ཤེས་བཞིན་ནོ། །སྐྲ་དཀར་གཉེར་མ་ལུས་རྩུབ་སོགས། །གྱུར་ལ་སོགས་པའི་ཤེས་ཕྱིར་འདིར། །གང་ལས་མཚན་ཉིད་མི་འདྲ་རྒྱུ། །དེ་ནི་དུས་ཞེས་བྱ་བར་འདོད། །ཤར་དང་གཞན་སོགས་བློ་རྣམས་ལས། །ཕྱོགས་ཉིད་
རྗེས་སུ་དཔོག་པ་ཡིན། །ཤེས་པ་རིམ་གྱིས་སྐྱེ་བ་ལས། །ཡིད་ཀྱང་རྗེས་སུ་དཔག་པར་འདོད། །གཟུགས་ལ་སོགས་པའི་ཤེས་པ་ནི། །རིམ་གྱིས་སྐྱེ་ཕྱིར་གཟུགས་སོགས་ལས། །གཞན་པའི་རྒྱུ་ལ་ལྟོས་པ་སྟེ། །དཔར་ན་ཤིང་རྟ་སོགས་བཞིན་ནོ། །ཟིན་སོགས་འབྱུང་བ་ཆེན་པོ་རྣམས། །
Vol. 191 · folio 24b
རྒྱུ་ཉིད་ཡིན་པར་ཁས་ལེན་ན། །སྒྲ་རྣམས་དེ་རྣམས་ལ་བརྟེན་པར། །འགྲུབ་ཕྱིར་སྔ་མ་སྒྲུབ་བྱེད་མིན། །ཁ་ཅིག་རྟག་པར་ཁྱབ་བྱད་པ། །འདུ་བ་ཉིད་དུ་འགྲུབ་མིན་ཏེ། །འདི་རྣམས་རྗེས་འགྲོ་མ་ཚང་ཕྱིར། །དེ་བཞིན་རིམ་མིན་སོགས་ཐོབ་འགྱུར། །གཞན་དང་གཞན་མིན་སོགས་
ཤེས་པའི། །རྒྱུ་ནི་བརྡ་ཡི་བྱེ་བྲག་ལས། །བྱུང་བའི་ཡིད་ལ་བྱེད་པ་དག །ཡིན་ཕྱིར་དུས་དང་ཕྱོགས་དེ་དག །ཆ་ཤས་མེད་གཅིག་དངོས་ཡིན་ཕྱིར། །གཞན་དང་གཞན་སོགས་སྲིད་པ་མིན། །དེ་དང་འབྲེལ་པ་ཅན་དབྱེ་བས། །ཞེ་ན་དེ་དག་འབྲས་མེད་འགྱུར། །མིག་ལ་སོགས་པ་
ལ་གཞན་པ། །དྲུག་པོ་དེ་མ་ཐག་འབྱུང་བའི། །ཤེས་པ་གང་ཡིན་དེ་ཡིད་དུ། །ཁོ་བོ་ཅག་ཀྱང་འདོད་པ་ཡིན། །ཡིན་ཉིད་རྟག་ན་ཤེས་པ་རྣམས། །ཅིག་ཅར་བ་ཉིད་ཐོབ་པར་འགྱུར། །དེས་འདིར་སྔར་སྨྲས་གཏན་ཚིགས་སུ། །འདོད་པ་རྣམ་པར་
ཉམས་བྱས་འགྱུར། །སངས་རྒྱས་པ་དང་ཕྱི་རོལ་པས། །བརྟན་པའི་ཡིད་འགྲུབ་མི་འགྲུབ་པ། །གཞན་གྱིས་མདོར་སྨྲ་ཨཱ་བཅས་དང་། །གཞན་དུ་ཡང་ནི་བཟླས་ནས་སོ། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་རྫས་ཀྱི་ཚིག་གི་དོན་བརྟག་པ་སྟེ་བཅོ་ལྔ་པའོ།། །།
རྫས་རྣམས་བཀག་པ་དེ་ལས་ནི། །དེ་བཞིན་རྟེན་པར་འདོད་པ་ཡི། །ཡོན་ཏན་ལ་སོགས་ཀུན་ལ་ཉིད། །མེད་པར་འགྱུར་བ་ཁོ་ནའོ། །འབྲེལ་པ་ཅན་རྣམས་བཀག་པ་ན། །འདུ་བའང་གང་ལ་གང་ཞིག་ཡིན། །དེ་ལྟ་ན་ཡང་བྱེ་བྲག་ཏུ། །དགག་པ་འདི་ནི་བརྗོད་པར་བྱ། །སྔོན་པོ་ལ་
སོགས་རགས་པའི་རྫས། །གལ་ཏེ་གཅིག་པ་ཉིད་འདོད་ན། །བུ་གའི་སྣང་བས་དེ་གསལ་བཞིན། །གསལ་བ་ཅི་ཕྱིར་སྣང་བ་མིན། །ཡངས་པའི་ཕྱོགས་ན་གནས་པ་ཡི། །སྔོན་པོ་ལ་སོགས་མཐོང་བ་ཡང་། །གསལ་འགྱུར་མིན་པ་དེ་ཡི་ཚེ། །དེ་ལས་དེ་དེ་ཐ་དད་འགྱུར། །དེ་
མིན་གཞན་ལ་བློ་ལོག་ཅིང་། །གླང་པོ་སོགས་ལས་ཐ་དད་པའི། །གྲངས་ནི་སྣང་བར་ཁྱེད་འདོད་དེ། །ཤེས་ལས་སྣང་བ་ཡོད་ཉིད་མིན། །འདོད་པས་རབ་ཏུ་སྦྱར་བ་ཡི། །བརྡ་ནི་ཡིད་བྱེད་རྗེས་འགྲོ་བ། །བུམ་སོགས་གཅིག་སོགས་རྣམ་ཤེས་འདི། །ཤེས་པ་སོགས་བཞིན་
Vol. 191 · folio 25a
འཇུག་པ་སྟེ། །དེ་རྣམས་རྫས་ཉིད་མིན་པའི་ཕྱིར། །རྣམ་འབྱེད་རྫས་ནི་གང་ཞིག་ཡིད། །མ་འཁྲུལ་པ་ཡི་དེ་ཉིད་ཀྱིས། །ཤེས་དེ་བརྗོད་པར་རིགས་མིན་ཉིད། །དེ་ནི་རྫས་དང་འབྲེལ་པ་ལས། །གཅིག་ཉིད་ཡིན་དང་དོན་གཅིག་ལ། །འདུ་ཕྱིར་ཡོན་ཏན་ལ་སོགས་
ལ། །རྣམ་ཤེས་གཅིག་ཏུ་འདོད་ཅེ་ན། །དེ་ལྟར་གཅིག་པའི་ཤེས་པ་ཉིད། །ཡིན་ཡང་གཉིས་སོགས་བློ་གང་ཡིན། །ཚིག་གི་དོན་དྲུག་སོགས་གང་ལ། །དེ་རྣམས་ལ་ལྟོས་རྒྱུ་གང་ཡིན། །དོན་གཅིག་ལ་ནི་འདུ་སོགས་ཀྱི། །ཤེས་པ་འདི་ནི་མེད་པར་འགྱུར། །དེས་ན་འདི་ནི་
འཁྲུལ་འགྱུར་ཏེ། །མི་ལ་མེ་ཡི་བློ་བཞིན་ནོ། །གླང་པོ་ལ་སོགས་ཤེས་དེ་ལས། །གཞན་པ་ལས་བྱུང་དམག་གི་བློ། །མཚན་ཉིད་མི་འདྲ་ལས་སྒྲུབ་པ། །སྣམ་བུ་སྔོ་སོགས་བློ་བཞིན་ནོ། །འདོད་པས་སྦྱར་བའི་བརྡ་དང་ནི། །ཡིད་ལ་བྱེད་སོགས་ཐབས་ཡིན་ན། །བློ་དེ་འདོད་ཡིན་
དེ་ཉིད་ཀྱིས། །བློ་ལ་སོགས་པའང་གྲངས་སུ་འགྱུར། །གལ་ཏེ་བློ་ལ་ལྟོས་པ་ལས། །གྲངས་འགྲུབ་པར་ནི་སྨྲ་བ་ཡང་། །བརྡ་ལ་འཇུག་པ་ཙམ་གྱིས་ནི། །བློ་དེ་ཅི་ཡི་ཕྱིར་མི་འདོད། །ཆེ་དང་རིང་སོགས་དབྱེ་བ་ཡིས། །བོང་ཚོད་གང་ཞིག་རྗོད་བྱེད་པའི། །དོན་དེའང་དེ་བཞིན་མིན་
དངོས་ཀྱི། །དབྱེ་བ་ཉིད་ལས་ཅིས་མི་འདོད། །ཁང་བཟངས་ཕྲེང་ནི་རིང་པོ་དང་། །ཆེན་པོར་ཇི་ལྟར་སྣང་བ་ཡིན། །དེ་ལ་འདི་འདྲའི་བོང་ཚོད་ཀྱི། །ངོ་བོར་རྟོག་པ་མ་ཡིན་ནོ། །དོན་གཅིག་ལ་ནི་འདུ་བ་ཡིས། །དེ་ལྟར་བསྟན་པ་ཡིན་ཞེ་ན། །གང་ཕྱིར་ཕན་ཚུན་ཐ་དད་པ། །སོ་སོ་བར་བརྗོད་དེའི་
ཡན་ལག །དང་བྲལ་གཞན་ལས་གཞན་དེ་བཞིན། །གང་དང་ཕྲད་དང་དབྱེ་བ་ཡང་། །གཞན་ལ་རྫས་སུ་ངེས་པ་དག །ཕྲད་སོགས་བློ་དག་གི་ནི་རྒྱུད། །བརྟག་པ་དེ་དག་དོན་མེད་ཉིད། །ཕྲད་པ་ཡོད་པ་མ་ཡིན་ན། །ས་བོན་ཆུ་དང་ཞིང་ལ་སོགས། །རྟག་ཏུ་འབྲས་བུ་འབྱིན་པར་ནི། །
ཐལ་འགྱུར་བྱེ་བྲག་མེད་ཕྱིར་རོ། །ཞིང་དང་ས་བོན་ཆུ་སོགས་རྣམས། །ལྟོས་དང་བཅས་པར་ཤེས་བྱས་ཏེ། །རང་འབྲས་རྟག་ཏུ་མི་འབྱིན་ཕྱིར། །འབྱིན་པ་འཁོར་ལོའི་ཆུ་བཞིན་ནོ། །དེ་རྣམས་གང་ལ་ལྟོས་གྱུར་པའི། །དངོས་པོ་ཕྲད་པ་ཡིན་པར་འགྱུར། །དེ་ནི་བྱེ་བྲག་དངོས་གྱུར་ཕྱིར། །
Vol. 191 · folio 25b
ཐ་དད་ཉིད་ཅེས་ཤེས་བྱ་སྟེ། །ཕྲད་པར་འདོད་པ་གང་དག་དང་། །ཕྲད་ལ་ལོངས་སྤྱོད་པ་ཞེས་བརྗོད། །དེ་ལས་གཞན་པ་ཡོངས་སྤངས་ནས། །དེ་ཉིད་ལོངས་སྤྱོད་པ་འདིའོ། །དངོས་འདི་བར་ཆད་མེད་པའམ། །འདི་ནི་བར་ཆད་དང་བཅས་ཞེས། །འདི་འདྲའི་བློ་ཡི་དབྱེ་བ་དག །འདི་དག་མེད་གང་
ལས་འདིར་རིག །གང་འདིར་བར་ཆད་བཅས་བློ་ལ། །བར་ཆད་མེད་པའི་བློ་ངེས་དང་། །བར་ཆད་མེད་ལའང་གང་གཞན་པ། །འདི་གཉིས་ལོག་པའི་ཤེས་པ་སྟེ། །ལོག་པའི་ཤེས་པ་ཐམས་ཅད་ཉིད། །དོན་གྱི་གཙོ་བོའི་རྗེས་འཇུག་ལ། །གཙོ་བོར་འདིར་ནི་བརྗོད་བྱ་བ། །བརྗོད་
པས་དེ་དག་ཀྱང་འགྲུབ་འགྱུར། །གདུབ་འཁོར་ཅན་ཞེས་བློ་འདི་ཡང་། །རྒྱུ་གང་གིས་སྐྱེ་མི་ལ་ནི། །གདུབ་འཁོར་ཡོད་པའི་ཕྱིར་ཞེ་ན། །དེ་ནི་རྟག་ཏུ་ཐལ་བར་འགྱུར། །གཞན་དུ་མཐོང་བ་ཡོད་པ་ལ། །གཞན་དུ་དགག་པ་ཉིད་རིགས་ཀྱི། །ཕྲད་པ་གང་དུའང་མ་མཐོང་བ། །
དེ་གོ་ཇི་ལྟར་དགག་ཏུ་རུང་། །ནག་པ་གདུབ་འཁོར་མེད་དེ་བཞིན། །དེ་ཕྱིར་དངོས་རྣམས་ཡོད་ཉིད་ཡིན། །དགག་དང་སྒྲུབ་སོགས་གང་ཡིན་པའི། །རྣམ་པར་དབྱེ་བའི་གནས་ཡིན་ཞེས། །སྨྲ་ལ་སྐད་ཅིག་པ་ཉིད་ཀྱིས། །ཆུ་སོགས་བྱེ་བྲག་མེད་པ་སྟེ། །བར་ཆད་མེད་པ་སོགས་ཡོད་
ཀྱང་། །གནས་སྐབས་གཞན་ལ་ལྟོས་བཅས་ཡིན། །གལ་ཏེ་རྒྱུ་ལ་སོགས་དེ་རྣམས། །ཕྲད་པ་ཙམ་ལ་ལྟོས་བཅས་ན། །ཕྲད་པ་ཐག་ཉིད་འབྲས་འབྱུང་འགྱུར། །དེ་མིན་མཐར་ཡང་འབྱུང་མི་འགྱུར། །བར་ཆད་མེད་པར་འབྱུང་བ་ལས། །གནས་སྐབས་བྱེ་བྲག་ཐོབ་པ་ལའང་། །
གང་དག་འདི་ལོངས་སྤྱོད་མཐོང་བའང་། །དངོས་དེ་དག་ཀྱང་དེ་བཞིན་འགྲུབ། །བར་དུ་ཆོད་ཀྱང་གཞན་ཉིད་བར། །སྐྱེ་བའི་རྒྱུ་ལས་བར་ཆད་དང་། །བཅས་དང་བར་ཆད་མེད་ཤེས་པ། །ལོག་པའི་ཤེས་པ་ཐམས་ཅད་ཀྱང་། །ཆོས་མཐུན་ལ་ལྟོས་མིན་པར་ཡང་། །འཁྲུལ་རྒྱུ་ནང་ལ་
ཡོད་འགའ་ཞིག །གཞན་དུ་འགྱུར་བའི་སེམས་ལ་ནི། །ཟླ་བ་གཉིས་སོགས་བློ་བཞིན་ནོ། །བར་ཆད་མེད་སོགས་ལས་བྱུང་བ། །གཙོ་བོ་འདིར་ནི་ཡོད་ན་ཡང་། །གནས་སྐབས་བྱེ་བྲག་ལས་སྐྱེས་པ། །གདུབ་འཁོར་ཅན་ཞེས་པ་བློ་འདི། །ནག་པ་དང་ནི་གདུབ་འཁོར་བཞིན། །ཕྲད་པ་དང་
Vol. 191 · folio 26a
ནི་འདྲ་བ་ཡི། །གནས་སྐབས་ཁྱད་པར་ཅན་ལས་སོ། །དེ་འདྲར་མཐོང་བཞིན་གཞན་དུ་མིན། །ཕྲད་པ་ཉིད་དུ་མཐོང་མིན་ལས། །ནག་པ་གདུབ་འཁོར་མེད་སོགས་པའི། །ཕ་རོལ་པོ་ཡི་འདོད་པ་ལས། །ཕྲད་པའི་དངོས་པོའི་བློ་སྐྱེ་མིན། །ཕྲད་པའི་བློ་
ནི་གང་ཡིན་ལས། །ཁང་བཟངས་སོགས་ལ་ཕྲད་བློ་འབྱུང་། །ཡང་ན་དངོས་པོ་དུ་མ་ཉིད། །ཡོད་ལ་སྣལ་མ་མང་པོ་ལ། །སོགས་པའི་ཡུལ་ཅན་བློ་བཞིན་དུ། །ཐ་དད་པར་ནི་སྐྱེ་བར་འགྱུར། །བྱ་བ་ཡང་ནི་ཅི་རིགས་པར། །ཚད་མ་གཉིས་ཀྱི་བརྗོད་བྱ་སྟེ། །གཅིག་ནི་དུ་མ་ལ་འཇུག་
པའང་། །མི་རིགས་གནོད་པ་ཅན་ཡིན་ནོ། །ཕ་རོལ་ཕ་རོལ་མིན་བརྗོད་སོགས། །རྟོག་པའི་རྒྱུ་མཚན་གང་ཡིན་པ། །ཕ་རོལ་ཉིད་དང་ཕ་རོལ་མིན། །ཉིད་ཡིན་ཕྱོགས་དུས་དེ་རྒྱུ་མིན། །དཔེར་ན་སྔོན་པོ་སོགས་དངོས་རྣམས། །རིམ་གྱིས་འབྱུང་དང་གནས་པ་ལས། །གཞན་མའི་
རྒྱུ་མཚན་གྱིས་དབེན་པའང་། །ད་ལྟར་བསྟན་ཅིང་གཞན་དེ་བཞིན། །གྲངས་དང་ཕྲད་པ་ལ་སོགས་ཀུན། །རྫས་ལས་ཐ་དད་མིན་པ་མིན། །དེ་ནི་རྣམ་དཔྱོད་བྱེད་ཉིད་ཀྱིས། །དབྱིག་པ་སོགས་བཞིན་འདོད་ཅེ་ན། །དེ་རྣམས་ཀུན་རྫོབ་ཏུ་ཡོད་པར། །སྨྲ་བས་འདོད་པ་སྒྲུབ་བྱེད་ཡིན། །གང་
ཕྱིར་ཀུན་རྫོབ་ཏུ་ཡོད་པར། །དེ་ཉིད་གཞན་ཉིད་ཀྱིས་བརྗོད་མིན། །འོན་ཏེ་བརྗོད་བྱ་ཉིད་མིན་པའི། །ཚོགས་ལ་སོགས་པ་འགོག་བྱེད་པ། །གང་ཕྱིར་ངེས་པའི་ཆོས་ཉིད་དེ། །གཟུགས་སྒྲ་དྲི་རོ་སོགས་བཞིན་དུ། །དེ་ནི་དེ་ཁོ་ན་ཉིད་དུ། །དངོས་མེད་ནམ་མཁའི་པདྨ་བཞིན། །ཆོས་ངེས་པ་
ཉིད་མི་འགྲུབ་སྟེ། །དེ་རྣམས་རྟོག་པས་སྒྲོ་བཏགས་པའོ། །གང་ཕྱིར་ནམ་མཁའི་པད་སོགས་ཀྱིས། །དེ་སྐད་སྨྲས་ཉིད་མ་ངེས་པའོ། །ཐ་དད་མིན་དང་ཐ་དད་པའང་། །དངོས་པོ་ཉིད་ལ་རྣམ་པར་གནས། །གྲངས་སོགས་རྫས་ལས་ཐ་དད་པ། །དེ་ལྟར་བསྒྲུབ་བྱ་ཡིན་ཞེ་ན། །གཞི་ཉིད་
མ་གྲུབ་པ་ཡི་ཕྱིར། །གྲངས་སོགས་རྣམས་ནི་མི་འགྲུབ་པོ། །བསྡུས་པ་སོགས་ལས་ཐ་དད་པའི། །རྫས་ཉིད་དེ་ལྟར་བརྗོད་བྱ་བ། །རང་དངོས་ཉིད་ལས་ཐ་དད་པ། །རྣམ་པར་ཉམས་པར་སྒྲུབ་པར་འགྱུར། །བྱས་པའི་ཤུགས་ནི་རྣམ་གསུམ་དུ། །བསྟན་ཏེ་ཤུགས་སུ་བརྗོད་པ་དང་།
Vol. 191 · folio 26b
གོམས་པ་བརྗོད་དང་གནས་འཇིག་པ། །འདི་དག་མ་ལུས་མི་འཐད་དེ། །དངོས་རྣམས་སྐད་ཅིག་པ་ཡིན་ཕྱིར། །བྱས་པ་གང་ཡང་ཡོད་མིན་ན། །བྱས་པའི་ཤུགས་ཀྱི་བཀའ་ཅན་ལ། །གང་གི་རྒྱུ་ནི་རྒྱུར་འགྱུར་ཡིན། །གོམས་པ་བརྗོད་པར་བྱས་པའི་ཤུགས། །སེམས་ཀྱི་བག་
ཆགས་བདག་ཉིད་རིགས། །བདག་གི་ཡོན་ཏན་ཉིད་དེ་ནི། །མི་རིགས་དེ་ནི་གསལ་ཕྱིར་རོ། །གནས་སུ་འཇོག་བྱེད་དངོས་ཉིད་དུ། །མི་རིགས་སྐད་ཅིག་གིས་འཇིག་ཕྱིར། །གནས་དོན་འབྱུང་བ་ཉིད་གྱུར་ལས། །དེ་ཡི་ངོ་བོ་ཉིད་དུ་གནས། །རང་གི་རྒྱུ་ཉིད་ལས་བྱུང་བ། །སྐད་ཅིག་གཅིག་
ནི་གནས་པ་རྣམས། །སྔ་མ་སྔ་མའི་ནུས་མཐུ་ལས། །རྒྱུན་གྱིས་རྗེས་སུ་འཇུག་པ་ཡིན། །དེ་ནི་གཞན་དུ་འབྱུང་མིན་པ། །དེ་ཕྱིར་འདི་ཡི་འཇོག་བྱེད་གང་། །འདི་ཡི་མཐོང་བའི་རྒྱུ་ཉིད་མིན། །གཞན་ཡང་བྱས་པའི་ཤུགས་སུ་འགྱུར། །གོས་སོགས་སྐྱེ་བ་འདི་ཉིད་ལ། །འཇོག་
བྱེད་ཡོན་ཏན་དུ་འདོད་ན། །དེ་བཞིན་བྱས་ཤུགས་ཡོན་ཏན་ཡང་། །ཐམས་ཅད་དུ་ཡང་ཡོད་མི་འགྱུར། །ཡིད་དང་བདག་ཏུ་སྦྱོར་བ་དག །གོང་དུ་རྒྱས་པར་བཀག་པའི་ཕྱིར། །མ་མཐོང་བ་ལ་ཕ་རོལ་པོས། །སྨྲས་པ་མཚན་ཉིད་ལྡན་མི་རིགས། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་
པ་ལས་ཡོན་ཏན་གྱི་ཚིག་གི་དོན་བརྟག་པ་སྟེ་བཅུ་དྲུག་པའོ།། །།དངོས་རྣམས་སྐད་ཅིག་གཅིག་གི་ལ། །རྡེག་པ་ལ་སོགས་ལས་ཡོད་མིན། །སྐྱེ་བའི་ཡུལ་དུ་ཞེན་པ་ཉིད། །དེ་ལས་གཞན་ཐོབ་ཡོད་མ་ཡིན། །སྐྱེ་བའི་ལས་ནི་གཞན་པའི་དུས། །ལས་ཀྱི་
དུས་ཤེས་ཕ་རོལ་སྨྲ། །ཤིན་ཏུ་མྱུར་བར་ཞིག་འདོད་པ། །མར་མེ་ལ་སོགས་དངོས་ལ་ཡང་། །རྒྱབ་མ་མདུན་པའི་ཡུལ་དག་ལས། །ཕྲལ་དང་ཕྲད་པའི་འབྱུང་དག་ལ། །འགྲོ་བ་ཅན་ནམ་གཞན་ཀུན་ཡང་། །ལས་ཀྱི་གཞིར་ནི་རབ་བརྟགས་ལས། །གར་སྐྱེས་ནམ་དུའང་སྐད་
ཅིག་ཀྱང་། །གནས་མིན་གཡོ་བའི་བདག་ཉིད་དོ། །དེ་ནི་རྡུལ་ཕྲན་ཙམ་གྱིས་ཀྱང་། །ཡུལ་དུ་འཕོ་བ་ཡོད་མ་ཡིན། །རྟག་པའི་དངོས་པོ་ཐམས་ཅད་ནི། །འགྲོ་ལ་སོགས་པར་ཤིན་ཏུ་ཡང་། །བསྒྲུབ་དཀའ་གནས་སྐབས་ཐམས་ཅད་དུ། །འདི་ལ་བྱེ་བྲག་མེད་ཉིད་དོ། །གལ་ཏེ་
Vol. 191 · folio 27a
འགྲོ་པོ་སོགས་དངོས་དེའི། །དངོས་ཡིན་རྟག་ཏུ་འགྲོ་སོགས་འགྱུར། །སྐད་ཅིག་གཅིག་ཀྱང་མི་གཡོ་བར། །གཅིག་ཏུ་གནས་པ་མ་ཡིན་ནོ། །གང་དུ་འགྲོ་སོགས་མེད་པ་ཡང་། །འདིས་ནི་རྟག་ཏུ་ཐོབ་འགྱུར་ན། །སྔ་མའི་ངོ་བོ་མི་འདོར་ཕྱིར། །འགྲོ་སོགས་
རྩོམ་པའི་དུས་བཞིན་ནོ། །འོན་ཏེ་འགྲོ་མིན་སོགས་དངོས་པོའི། །དངོས་ཡིན་རྟག་ཏུ་འགྲོ་མི་འགྱུར། །སྐད་ཅིག་གཅིག་ཀྱང་འགུལ་བར་ནི། །འགྱུར་བ་ཉིད་ནི་མ་ཡིན་ནོ། །གང་ཕྱིར་འགྲོ་སོགས་ཡིན་ན་ཡང་། །མི་གཡོའི་བདག་ཉིད་ཕྱིར་ཡིན་ཏེ། །སྔ་མའི་ངོ་བོ་མི་འདོར་ཕྱིར། །གཡོ་
མིན་ངོ་བོའི་དུས་བཞིན་ནོ། །གལ་ཏེ་འགྲོ་མིན་དུས་གཅིག་ཚེའང་། །གཞན་དུ་ཡང་ནི་འགྱུར་ཡིན་ན། །ཕན་ཚུན་འགལ་བའི་བདག་ཉིད་དང་། །འདྲེས་པས་ཐ་དད་ཉིད་དུ་འགྱུར། །དེ་དག་ཤིན་ཏུ་ཐ་དད་པའི། །བདག་ཉིད་དུ་ནི་ངེས་པ་སྟེ། །འགལ་བའི་ཆོས་དག་འདྲེ་བའི་ཕྱིར། །གཡོ་
དང་མི་གཡོའི་དངོས་བཞིན་ནོ། །མཐོང་བ་ཉིད་དུ་མངོན་འདོད་པའི། །ལས་ནི་དངོས་པོ་ལས་གཞན་མིན། །འདི་ནི་མཐོང་བ་ཉིད་ཀྱང་མིན། །རིགས་པའི་རྗེས་འབྲངས་ཡོད་མ་ཡིན། །མི་བརྟན་ཉིད་དང་བརྟན་ཉིད་དང་། །དེ་ལྟའི་འགྲོ་སོགས་རྣམས་ཡོད་མིན། །ཐོབ་དང་གཞན་
པའི་ཡུལ་དག་ལས། །བྱེད་དང་ཕྲད་པའི་རིགས་མ་ཡིན། །རྒྱུན་མི་འཆད་པར་སྐྱེ་བ་ཡིན། །འདྲ་བ་དང་གཞན་དངོས་རྣམས་ཀྱི། །ཡུལ་གཞན་ཉེ་བར་ཐོབ་པ་ལ། །འགྲོ་བར་འཁྲུལ་ཡིན་སྒྲོན་མ་ཡིན། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་ལས་ཀྱི་ཚིག་གི་དོན་བརྟག་པ་སྟེ་
བཅུ་བདུན་པའོ།། །།རྫས་ལ་སོགས་པ་བཀག་པ་ནི། །རིགས་རྣམས་ཀྱང་ནི་གསལ་བ་ཡིན། །དེ་དག་ཐམས་ཅད་ཚིག་གི་དོན། །གསུམ་ལ་གནས་པར་ཀུན་དུ་བརྟགས། །དེ་ལ་རིགས་འདི་རྣམ་གཉིས་སུ། །ཕ་རོལ་པོས་ནི་ཁས་བླངས་པ། །མ་ལུས་
པ་ལ་རྗེས་འཇུག་པས། །ཡོད་པར་བརྗོད་པ་སྤྱི་ཉིད་དང་། །བྱེ་བྲག་ཡོད་པར་མངོན་བརྗོད་པའི། །རྫས་ལ་སོགས་པའི་སྤྱི་ཉིད་དེ། །རང་གནས་རྣམས་སུ་རྗེས་འཇུག་པའི། །སེམས་ཀྱི་རྒྱུར་གྱུར་དངོས་ལས་སོ། །རིགས་མི་མཐུན་པ་ཐམས་ཅད་དང་། །རང་གི་གནས་ཀྱི་བྱེ་བྲག་
Vol. 191 · folio 27b
ལས། །ལོག་པའི་བློ་ཡི་རྒྱུ་ཉིད་དེ། །དེ་རྣམས་དེ་ལྟར་གནས་པ་ཉིད། །བྱེ་བྲག་ཉིད་ནི་ཁ་ཅིག་གི །ལོག་པ་ཉིད་ཀྱི་རྒྱུ་རྣམས་ཏེ། །རྟག་པའི་རྫས་སུ་གང་གནས་རྣམས། །བྱེ་བྲག་ཅེས་ནི་བརྗོད་པ་ཡིན། །གང་གི་སྟོབས་ཀྱིས་རྡུལ་ཕྲན་ལས། །སོགས་ལས་རྣལ་འབྱོར་པའི་བློ་
འབྱུང་། །འདི་ནི་དེ་དང་མཚན་ཉིད་ནི། །མི་འདྲ་བར་ནི་སོ་སོར་གནས། །ཡོད་ཉིད་བ་ལང་ཉིད་སོགས་རིགས། །མངོན་སུམ་གྱིས་ཀྱང་རབ་གྲུབ་སྟེ། །དབང་པོའི་བྱ་བ་ཡོད་པ་ལ། །ཡོད་སོགས་ཤེས་པ་འབྱུང་ཕྱིར་རོ། །རྗེས་སུ་དཔག་པའི་སྟོབས་ཀྱིས་ཀྱང་། །འདི་དག་ཡོད་པར་ཤེས་
བྱ་སྟེ། །ཤེས་པའི་བྱེ་བྲག་གང་ཞིག་གིས། །རྒྱུ་མཚན་གཞན་ལས་བྱུང་བའོ། །བ་ལང་གླང་པོ་སོགས་རྣམས་ལ། །གླང་སོགས་སྒྲ་དང་ཤེས་བྱེ་བྲག །བརྡ་དང་དབྱིབས་དང་རིལ་པོ་སོགས། །ཐ་དད་དོན་གྱི་རྒྱུ་མཚན་ནོ། །བ་ལང་ལ་སོགས་ཡུལ་ཉིད་ལའང་། །དེ་ཡི་སྒྲ་བློ་ཡོད་པ་
ལས། །གཞན་ཕྱིར་དཔེར་ན་དེ་ཉིད་ལའང་། །ལྕགས་ཀྱུ་བེའུ་བཅས་བློ་སྒྲ་བཞིན། །རི་བོང་རྭ་སོགས་རྣམ་ཤེས་ཀྱིས། །བྱེ་བྲག་ལ་ནི་རྣམ་འཕྲུལ་ཕྱིར། །དེ་ཡི་ངོ་བོ་བརྗོད་རྣམས་ཀྱང་། །ཆོས་མི་མཐུན་པར་ལྟ་བར་བྱེད། །བ་ལང་སོགས་རྗེས་འཇུག་ཤེས་པའང་། །རིལ་པོ་ལས་
གཞན་པར་སྐྱེ་སྟེ། །བྱེ་བྲག་ལྡན་ཕྱིར་སྔོན་པོ་ལས། །སོགས་པའི་ཤེས་པ་ལྟ་བུའོ། །བ་ལང་ཉིད་ནི་བ་ལང་ལས། །དོན་གཞན་ཐ་དད་བློ་ཡུལ་ཕྱིར། །དེ་བཞིན་གཟུགས་དང་རེག་སོགས་བཞིན། །བརྗོད་པ་ནག་པའི་རྟ་བཞིན་ནོ། །དེ་ཀུན་སྙིང་པོ་མེད་པ་སྟེ། །གཞུང་ལུགས་
ཙམ་དུ་སྨྲ་བ་རྣམས། །འདི་ལས་ཤེས་བྱེད་ཚད་མ་ནི། །ཅུང་ཟད་ཙམ་ཡང་མ་མཐོང་ངོ་། །དབང་པོའི་བྱ་བ་ཡོད་པ་ཡི། །རྗེས་བྱུང་ཡོད་སོགས་ཤེས་པ་ནི། །འགྲུབ་པ་མིན་ཏེ་དེ་རྣམས་ནི། །བརྡལ་འཇུག་པ་ཉིད་ཕྱིར་རོ། །དཔེར་ན་སྣ་ཚོགས་པ་ཡི་ནད། །བསལ་ན་སྐྱུ་རུ་ར་ཤིང་
སོགས། །རེ་རེ་འམ་ནི་སྦྱར་བའང་རུང་། །ནུས་པ་སྣ་ཚོགས་ཉིད་དུའང་རིགས། །དེ་རྣམས་ལ་ནི་སྤྱི་ཞེས་པའི། །ནུས་ལྡན་ཅུང་ཟད་ཡོད་མ་ཡིན། །ཡུན་རིང་མྱུར་བའི་དབྱེ་བ་ཡིས། །ནད་རྣམས་ཞི་བར་ཐར་ཕྱིར་རོ། །ཞིང་སོགས་དབྱེ་བས་འགའ་ཞིག་ལའང་། །
Vol. 191 · folio 28a
གཅིག་གི་ངོ་བོ་ལ་རྟག་པའི། །ཁྱད་པར་ཅན་སྤྱི་ཡོད་སྤྱི་ཡི། །སྐྱུ་རུ་རའི་ཤིང་སོགས་དེ་ཡོད། །དེ་ལྟར་ཤིན་ཏུ་ཐ་དད་ཀྱང་། །ཁ་ཅིག་ནུས་པ་ངེས་པ་ཡིས། །མཚུངས་པར་བསྲེ་བ་ལ་སོགས་པའི། །རྒྱུ་ཉིད་ཐོབ་ཀྱི་གཞན་དུ་
མིན། །བྱ་བ་ཙམ་ལ་མཁོ་བ་ཡི། །བརྗོད་པར་འདོད་པའི་སྒྲ་དེ་ཡང་། །བརྡ་རུ་བྱས་པ་དེ་ལའམ། །ཡང་ན་ཅི་འདོད་གཞན་ཡང་ངོ་། །དགལ་དང་བཞོ་སོགས་ངོ་བོ་ཡི། །བྱ་བའི་དབྱེ་བ་ལ་མཁོ་བ། །བ་ལང་སོགས་སྒྲའི་བརྡ་རུ་ནི། །ཐ་སྙད་འདོགས་པ་པོ་རྣམས་བྱེད། །དེ་བརྡ་ཡིན་
པར་བྱེད་པ་ལ། །ཡོད་པ་ལ་སོགས་པ་འདི་ནི། །སྐྱེ་བར་ཡང་ནི་ཤེས་བྱ་ཡི། །དབང་པོའི་བྱ་བའི་རྗེས་ཐོགས་མིན། །རྟོག་མེད་རྣམ་པའི་ཤེས་པ་ཉིད། །དང་པོ་ཉིད་དུ་སྐྱེ་འགྱུར་ཞིང་། །དེ་ནས་བརྡ་རྣམས་ཡིད་བྱེད་ལ། །དེ་ལས་དེ་དྲན་དེ་རྣམས་ལས། །གཞན་དུ་སོན་པའི་སེམས་
ལ་ནི། །དང་པོའི་གཏན་ཚིགས་ཀྱང་འབྲས་མེད། །ཕྱོགས་དེ་ཕྱི་རོལ་ལ་མིན་ཏེ། །བསྒྲུབ་བྱས་སྟོང་པར་སྟོན་པ་ཡིན། །དངོས་སུ་དེ་ཡི་རྒྱུ་མིན་ཏེ། །ཕྱི་ཡི་ལྕགས་ཀྱུ་བེའུ་སོགས་བཞིན། །རང་གི་མཚན་ཉིད་འདི་ལ་ནི། །བརྗོད་དང་རྣམ་རྟོག་འཇུག་ཡོད་མིན། །གང་གིས་རང་
གི་མཚན་ཉིད་ནི། །ངག་ཀུན་སྤྱོད་ཡུལ་ལས་འདས་དངོས། །ནང་ཙམ་ལ་ནི་བརྟེན་ནས་འདི། །ཀུན་རྫོབ་ཉིད་དུ་དམིགས་བྱེད་དེ། །ལྕགས་ཀྱུ་ལ་སོགས་ཕྱི་དངོས་པོར། །ངེས་པས་འཇུག་པར་འགྱུར་བ་ཡིན། །ལས་དང་ཡོན་ཏན་ཐ་སྙད་དག །མེད་པ་རྒྱུར་ནི་གང་སྨྲས་
པ། །མེད་པའི་ཤེས་པས་བྱེ་བྲག་ནི། །དེ་ཡང་མི་རིགས་ནུས་པ་ཡིས། །རྒྱུ་ཉིད་ལས་ནི་དངོས་པོ་ཉིད། །གཞན་ཡང་ཡོད་སོགས་བྱེ་བྲག་དག །མེད་ལས་མེད་པའི་ཤེས་པ་ཐོབ། །རིལ་ལས་ཐ་དད་བློ་ཡིན་པས། །ཤེས་པ་དེ་དག་རྣམས་དང་ནི། །མཚན་ཉིད་མི་འདྲ་བ་མི་
འགྲུབ། །དེས་ནི་གཏན་ཚིགས་མི་འགྲུབ་འགྱུར། །གང་ཕྱིར་རྗེས་འཇུག་ལྡན་ཤེས་པས། །སྒྲ་དང་གསལ་བར་སྣང་བཅས་ལ། །མདོག་དབྱིབས་ཡི་གེའི་རྣམ་པ་ཡིས། །སྟོང་པ་རིགས་ཡིན་ཞེས་སྨྲས་བྱེད། །སྤྱི་ཡང་སྔོན་པོ་ལ་སོགས་པའི། །དངོས་ཉིད་ཡིན་ན་ཡོན་ཏན་
Vol. 191 · folio 28b
དང་། །འདི་ལ་དབྱེ་བ་ཅི་ཞིག་ཡོད། །སྔོན་པོ་སོགས་ལ་གཅིག་ཉིད་ནི། །རྗེས་འཇུག་པར་ཡང་སྣང་བ་ཡིན། །སྣང་བཞིན་ཡིན་ཡང་འདི་ཡི་ནི། །དབྱེ་བ་ཤེས་འགྱུར་མིན་ཞེ་ན། །དེ་ཡི་སྟོབས་ཀྱིས་དེ་དག་ནི། །སྒྲ་བློ་ཇི་བཞིན་གསལ་འཇུག་འགྱུར། །སྤྱི་ཡི་ཤེས་པ་ཕ་རོལ་པོ། །ངེས་
པའི་བདག་ཉིད་ངེས་འདོད་པ། །ངེས་པ་མེད་པར་མི་རིགས་ཏེ། །མི་འཛིན་པ་ཉིད་ཐོབ་པར་འགྱུར། །རྒྱུ་མཚན་གཞན་ཉིད་ལས་འགྲུབ་ཀྱང་། །རྗེས་འཇུག་གཅིག་པུ་མི་བརྟེན་ལས། །ཐ་དད་སྤྱི་ནི་མི་འགྲུབ་སྟེ། །རིམ་གྱིས་འབྱུང་བ་ཉིད་ཕྱིར་རོ། །ཚིག་གི་དོན་སྒྲ་དྲུག་པོ་ཡིས། །བདག་
ཉིད་རྒྱུ་གཞན་ལ་ལྟོས་པ། །གང་ཡང་ཡོད་པ་སོགས་རྗེས་འཇུག །ཡོད་པ་ཤེས་པའི་ཤེས་པའོ། །ཆོས་ཅན་རྒྱུ་མཚན་ཡིན་ཞེ་ན། །དེ་ལའང་ཡོད་པའི་བློ་ཡོད་པས། །ཆོས་གཞན་དེ་ཡི་རྒྱུ་ཉིད་དེ། །ཐུག་མེད་ཆོས་ཅན་ཉིད་ཀྱང་ཐོབ། །དེ་ཕྱིར་འདི་རྣམས་ཀྱིས་གཏན་ཚིགས། །
འདི་ནི་འཁྲུལ་པར་མཐོང་བ་སྟེ། །ཉེ་བར་སྦྱོར་བ་ཐམས་ཅད་ལ། །ཁྱབ་པར་འདི་ནི་སྒྲུབ་པ་མིན། །དེ་ཡི་འོག་ཏུ་ཉེར་བསྟན་པ། །འདི་ཉིད་ཀྱིས་ནི་གསལ་བ་ཡིན། །ཐུན་མོང་དུ་སྒྲུབ་དེ་ལ་ནི། །འདོད་པ་འགྲུབ་པ་སོགས་པར་མཚུངས། །འཚེད་པ་པོ་ལ་སོགས་པ་ཡང་། །རྗེས་འཇུག་
ཅན་གཅིག་མིན་ན་ཡང་། །ཤེས་པ་བྱེ་བྲག་ཅན་སྐྱེ་ཞིང་། །མེད་ལ་མེད་པའི་བློ་ཡང་ངོ་། །འདོད་པས་སྦྱར་བའི་ངོ་བོ་དང་། །ཞིག་དང་མ་སྐྱེས་པ་རྣམས་ལ། །ཇི་སྐད་བསྟན་པ་དེ་ཀུན་གྱིས། །གཏན་ཚིགས་མ་ངེས་པ་ཉིད་དོ། །འཚེད་པ་པོ་སོགས་བློ་རྣམས་ཀྱིས། །རྒྱུ་མཚན་ཅུང་ཟད་
ཡོད་མ་ཡིན། །ལས་ཡོད་ཅེ་ན་དེ་བཞིན་དུ། །གསལ་བ་སོ་སོས་ཕྱེ་མིན་ནམ། །ཕྱེ་ལ་རྗེས་འཇུག་ཅན་གྱི་བློ། །རྗེས་འཇུག་ཡོད་པར་རིགས་མ་ཡིན། །དེ་ཕྱིར་གཅིག་ཏུ་འདོད་པའི་ཕྱིར། །གསལ་བ་ཀུན་རྗེས་འཇུག་ལྡན་འགྱུར། །རྗེས་འཇུག་གིས་ཕོངས་ལས་ལ་ནི། །གལ་ཏེ་རྒྱུར་
རྟོག་དེ་ལྟར་ན། །གསལ་བ་རྣམས་ནི་དེ་ཉིད་ལ། །ཅི་ཕྱིར་རྒྱུ་ཉིད་དུ་ནི་འདོད། །ལས་རྣམས་དང་ནི་བྲལ་བ་དེར། །འཚེད་པོ་སོགས་བློ་མེད་གྱུར་ཏེ། །རིགས་བཞི་ལས་ནི་དུས་ཀུན་དུ། །གནས་པར་ཕ་རོལ་པོ་འདོད་མིན། །འདས་དང་མ་འོངས་ལས་ནི་དེའི། །རྒྱུ་མཚན་ཅན་དུ་བྱས་ཤེ་
Vol. 191 · folio 29a
ན། །འཚེད་པ་པོ་སོགས་བློ་སྒྲ་ཡི། །རྒྱུ་དེ་མ་ཡིན་མེད་པས་སོ། །གལ་ཏེ་ལས་ཉིད་ཀྱི་རིགས་དང་། །འབྲེལ་པའི་ལས་དང་སྦྱོར་བའི་བློ། །དེ་ནི་ཞིག་པའི་ལས་ལ་ཡང་། །ངེས་པའི་རྒྱུ་ནི་མཚོན་ཕྱིར་རོ། །འདས་པའི་ལས་ནི་དེ་ཡི་ཚེ། །མཚོན་དུ་ཟིན་
ཡང་ཡོད་པ་དང་། །གཟུང་བྱ་མིན་ཏེ་རིགས་ཀྱི་ནི། །རང་རྟེན་ལྡོག་པ་ངེས་པས་སོ། །དབྱིག་པ་གདུབ་འཁོར་སོགས་རིགས་རྣམས། །ལན་ཅིག་དམིགས་ལ་དེ་དང་ནི། །བྲལ་ཡང་དབྱིག་པ་ལ་སོགས་བློ། །དེ་རྣམས་ལ་ནི་འཇུག་པ་མིན། །འོན་ཏེའང་འཚེད་པ་པོ་ལ་སོགས། །
རིགས་གཞན་དུ་ནི་སྨྲ་བྱེད་ན། །སྐྱེས་མ་ཐག་ལའང་དེ་སྦྱོར་བས། །འཚེད་པ་པོ་སོགས་བློ་རུ་འགྱུར། །དེ་ཚེ་ཡོད་སོགས་བློ་བཞིན་དུ། །འདུ་བ་ཅན་རྣམས་མེད་ཅེ་ན། །ཕྱིས་ཀྱང་དེ་ལ་དེ་བཞིན་དུ། །འགྱུར་ཏེ་བྱེ་བྲག་མེད་ཕྱིར་རོ། །དེ་དང་འབྲེལ་པའི་རང་བཞིན་ནོ། །ཡོན་ཏན་
ལྡན་མིན་དེ་དག་ལ། །འདུ་བ་འདི་ནི་དེ་ལྟར་ན། །ཕྱིས་དེའི་བདག་ཉིད་ཇི་ལྟར་འགྱུར། །གལ་ཏེ་གསལ་བ་མི་རྟག་པས། །ཁྱད་པར་ཅན་གྱུར་དེ་ལྟ་ནའང་། །རིགས་ཀྱི་ཡོན་ཏན་མི་ལྡན་པའི། །ངོ་བོ་ནམ་ཡང་འདོད་མི་འགྱུར། །འཚེད་པ་ལ་སོགས་བྱ་བ་ལས། །གཙོ་བོ་སྒྲུབ་པར་འདོད་
པ་ཡིས། །འཚེད་པ་པོ་སོགས་ཞེས་པ་དེའི། །གཙོ་བོའི་འཚེད་པོ་གཞན་ཡོད་མིན། །གཙོ་བོ་ཞེས་བྱ་འདི་ཅི་ཞིག །རྗེས་འཇུག་མིན་ཕྱིར་ནུས་པ་མིན། །རྫས་དང་ལས་དང་ཡོན་ཏན་སོགས། །བདག་ཉིད་ཉིད་དུ་དེ་རྟག་མིན། །དེ་དང་རིགས་མི་འདྲ་བ་ལས། །ལོག་པའི་ངོ་བོར་ངེས་པ་
ཙམ། །བརྡ་ཡི་བྱེ་བྲག་ལ་ལྟོས་པ། །མེ་ལ་སོགས་པའི་བློ་ཡིན་ནོ། །བརྡ་ཉིད་ཇི་ལྟ་བ་ཉིད་དེ། །དེ་ཕྱིར་གཅིག་ཉིད་རྗེས་འཇུག་པ། །མེད་ཀྱང་སྒྲ་དང་བློ་ཉིད་ཀྱི། །དབྱེ་བ་ཡིས་ནི་འཇུག་པ་ཡིན། །དེ་ལྟ་ན་ཡང་མེད་རྣམས་ལ། །མེད་པའི་བློ་དང་སྒྲ་དག་ཀྱང་། །རྗེས་འཇུག་འགལ་མིན་
དེ་དག་གི །དོན་མེད་བརྡ་རྗེས་འཇུག་ཕྱིར་རོ། །བུམ་པ་སྔ་ན་མེད་འདིའོ་ཞེས། །དེ་ཕྱིར་དངོས་པོའི་བྱེ་བྲག་ཅན། །ཉིད་ཀྱི་མིག་བློར་ཤེས་བྱ་སྟེ། །བྱེ་བྲག་ལ་བརྟེན་སྤྱི་དབང་གིས། །དེ་ནི་ཀུན་དུ་རྗེས་འཇུག་ཉིད། །ཅེ་ན་དེ་ལྟ་མིན་མཚན་ཉིད། །མིན་འདྲ་དེ་མིན་ལ་བརྟེན་ཕྱིར། །བུམ་པ་ཞེས་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words