དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ
Sanskrit title (Tibetan script, as in the text) ཏཏྟྭ་སཾ་གྲ་ཧ་ཀཱ་རི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 191 · folio 57b
གི་ཤེས་པ་ནི། །ཡན་ལག་ཐམས་ཅད་ཐུན་མོང་དུ། །འབྲེལ་པ་དེ་ཉིད་ཐལ་བར་འགྱུར། །ཤིན་ཏུ་བརྟན་པའི་ངག་ཐོས་ནས། །འདྲ་བའི་དོན་དུ་དམིགས་པ་ན། །མིང་དང་འབྲེལ་པ་རྣམ་རྟོག་པས། །ཉེ་བར་འཇལ་བར་ཁ་དོག་འདོད། །དེར་ནི་ཤིན་ཏུ་བསྟན་པའི་ངག །མཉན་
པ་ལ་ནི་སྐྱེས་པ་ཉིད། །གལ་ཏེ་ཉེ་བར་འཇལ་བ་ན། །མཁོ་བ་མཚུངས་དོན་འཛིན་པ་ན། །ཁྱད་པར་ཅན་གྱི་ཡུལ་ཉིད་ཀྱིས། །འབྲེལ་པ་རྟོགས་པར་འགྱུར་བ་ཡིན། །གང་ཕྱིར་ལུང་ལས་འབྲེལ་པ་དེ། །སྤྱི་ཡི་ཡུལ་ནི་རིག་པ་སྟེ། །ཁྱད་པར་ཅན་གྱི་ཡུལ་ནི་དེར། །ཉེར་འཇལ་བརྟན་
ནས་རྣམ་རྟོག་འགྱུར། །གལ་ཏེ་འདི་ལ་མིང་དང་ནི། །འབྲེལ་པ་རྟོགས་པར་གྱུར་པ་ན། །དེ་ལས་གཞན་པའི་དོན་རྟོགས་པར། །མི་རིགས་ཤིན་ཏུ་ཐལ་འགྱུར་ཕྱིར། །སྣ་ཚོགས་ལག་རྒྱན་ཅན་འགའ་ཡི། །མིང་ནི་བཟུང་བར་གྱུར་པ་ན། །ཕྱི་མའི་དུས་སུ་སྒྲ་དེ་ལས། །མཛེས་པའི་
ཅོད་པན་ཅན་རྟོགས་འགྱུར། །དེ་ཕྱིར་སྔ་མ་དེ་ཉིད་འདིའི། །ཕྱི་ཡི་རྣམ་རྟོག་གཟུགས་བརྙན་འདི། །བློ་ནི་སྤྱི་ཡི་མིང་ཅན་ནོ། །བ་མེན་ཉེ་བར་དམིགས་ན་ཡང་། །དེ་ཉིད་ལ་ཡང་འདི་ལྟར་འགྱུར། །མཐོང་དང་རྟོག་པའི་རྣམ་དབྱེ་བ། །མི་ཤེས་ཕྱིའོ་སྙམ་དུ་སེམས། །དེ་ལྟར་ཡང་ནི་
ཤེས་བྱས་ཏེ། །སྒྲ་དང་རྣམ་པར་རྟོག་པའི་ཡུལ། །རང་གི་མཚན་ཉིད་ཡིན་པ་ནི། །རྒྱས་པར་བསལ་བ་ཉིད་ཡིན་ནོ། །དེ་ནི་དེ་རྣམས་ཡུལ་ཡིན་དུ། །ཟིན་ཀྱང་ཉེར་འཇལ་རྗེས་དཔག་ཉིད། །ཚུལ་གསུམ་པོ་ཡི་རྟགས་ཉིད་ལས། །སྐྱེས་པ་འདི་ལྟར་ཤེས་བྱ་སྟེ། །གང་ཞིག་བ་
ལང་འདྲ་བར་ནི། །ཐོས་པའི་ཡུལ་གྱི་བ་མིན་ཏེ། །བརྡ་འཛིན་པ་ཡི་གནས་སྐབས་ཀྱི། །བ་མེན་བློ་གནས་ལྟ་བུའོ། །གལ་ཏེ་བློ་ལ་གནས་པ་ཡང་། །དུས་དེར་ཡོད་པ་མ་ཡིན་ན། །འདི་ནི་བ་ལང་དང་འདྲ་ཞེས། །བརྡ་ཡི་ཅི་ལས་འབྲེལ་པ་ཡིན། །འབྲེལ་པ་ཅན་ལས་ཐ་དད་པའི། །
འབྲེལ་པ་གཞན་ཡོད་མིན་པར་བསྒྲུབས། །སྔོན་དུ་བརྡ་ལ་རྣ་བ་ཡི། །རྣམ་ཤེས་ཀྱིས་ནི་སྒྲ་བཟུང་ལ། །མིག་གི་མདུན་ན་གནས་པ་ཡི། །བ་མིན་བཟུང་བར་གྱུར་པ་ན། །མངར་བ་དང་ནི་དྲི་ཞིམ་སོགས། །སོ་སོར་བཟུང་བ་ཀུན་སྦྱོར་བ། །རྣམ་ཤེས་སོ་སོ་བ་དག་ནི། །སྦྱར་འདི་ཚད་མར་
Vol. 191 · folio 58a
རིགས་པ་མིན། །མིང་དང་སྦྱོར་བ་ཡང་དག་རིགས། །དྲན་པ་ཉིད་ནི་བསལ་བ་མིན། །ཐབས་མཐའ་ཡས་པ་ལས་བྱུང་བའང་། །མིང་འབྲེལ་ཡང་དག་རིགས་པ་རྣམས། །ཆོས་མཐུན་ཉིད་ལ་མི་ལྟོས་ཀྱང་། །མི་བདག་ཉིད་ལས་འབྱུང་འགྱུར་ཏེ། །ཉི་མའི་འོད་ཟེར་
གྱིས་གདུངས་པ། །རྣམ་པར་སལ་བའི་གདུགས་དཀར་ཅན། །དེ་རྣམས་ནང་ན་མི་བདག་ཅེས། །སྨྲས་པའི་ཉེར་བསྟན་བྱེ་བྲག་གིས། །དུས་ཕྱིས་དེ་ནི་མཐོང་བ་ན། །མི་དེ་འདིའོ་སྙམ་བློ་དེ། །ཁྱེད་ལ་ཚད་མ་གཞན་ཐོས་འགྱུར། །ཆོས་མཐུན་ལ་སོགས་ལྟོས་མེད་ཕྱིར། །རྗེས་
དཔག་སྟོབས་ཀྱིས་ཚད་མ་གཞན། །ཡོད་པ་ཉིད་དུ་གཞན་སྒྲུབ་བྱེད། །མངོན་སུམ་རྗེས་དཔག་ལས་གཞན་པ། །གཉིས་བཅས་ཚད་མ་གཞན་ཡིན་ཏེ། །ཚད་མ་ཡིན་ཕྱིར་རྗེས་དཔག་བཞིན། །རྗེས་སུ་དཔག་པའང་དེ་དེ་བཞིན། །གཏན་ཚིགས་ལ་གནོད་མ་བསྟན་ཕྱིར། །དེ་རྣམས་
འབྲེལ་པ་མེད་པ་ཡིན། །དེ་ལྟར་དེ་བཞིན་ཡིན་ན་ནི། །ཚད་མ་བཞི་པོའང་ཁྱེད་ཀྱིས་བསལ། །ཁྱེད་ཀྱིས་དེར་སྨྲས་ལན་གང་ཡིན། །དེ་ཉིད་འདིར་ནི་ལན་དུ་འགྱུར། །ཉེ་བར་འཇལ་བ་རྣམ་པར་དཔྱད་པའོ།། །།ཚད་མ་དྲུག་ཏུ་ཤེས་བྱས་ཏེ། །གང་དུ་དོན་གཞན་དུ་འགྱུར་ཡིན། །མ་མཐོང་
བ་ལ་རྟོག་པ་གཞན། །དེ་ནི་དོན་གྱིས་གོ་བར་བསྟན། །དེ་ལ་བསྲེག་པར་མངོན་སུམ་རིག །མེ་ལ་བསྲེག་པའི་ནུས་ཡོད་དང་། །ཉི་མ་འགྲོ་བར་རྗེས་དཔག་ལས། །དེ་ཡི་ནུས་པ་ལ་སྦྱོར་བས། །དངོས་པོ་རྣམས་ཀྱི་ནུས་པ་ནི། །འབྲས་ལས་དོན་གྱི་གོས་སྒྱུར་བྱེད། །འབྲེལ་པ་བཟུང་བ་མེད་
པར་ནི། །སྔར་མེད་དེ་ཡང་རྟོགས་པར་བྱེད། །འདི་རྣམས་སྔར་འབྲས་འབྲེལ་པའང་མིན། །ད་ལྟར་གཞན་འཛིན་པ་ཡང་མིན། །གང་ལས་ཕྱོགས་ཆོས་རྗེས་འགྲོར་འགྱུར། །རྣ་བ་ལ་སོགས་ནུས་ཕྱོགས་ལའང་། །གཏན་ཚིགས་ཇི་སྙེད་རབ་སྦྱོར་བ། །དེ་ཀུན་ཆོས་ཅན་མ་གྲུབ་པས། །གཞི་མ་
གྲུབ་པར་ཐལ་བར་འགྱུར། །ལྷ་སྦྱིན་ཚོན་པོ་ཉིན་པར་ནི། །མི་ཟ་ཞེས་སོགས་ཚིག་ཐོས་པ། །མཚན་མོ་ཟ་བར་ཤེས་པ་ནི། །ཐོས་ལས་དོན་གྱིས་གོ་བར་བཤད། །མཚན་མོ་ལ་སོགས་ཚིག་རྣམས་དོན། །ཉིན་མོའི་ཚིག་གིས་རྟོགས་པ་མིན། །ཉིན་མོ་ལ་སོགས་ཚིག་གི་དོན། །
Vol. 191 · folio 58b
ཟབ་མོའི་བཟའ་ལ་འདྲེ་བ་མིན། །གང་གིས་ཚིག་དེ་དེ་སྒྲུབ་པར། །བྱེད་པར་འགྱུར་གྱི་གཞན་པ་མིན། །དོན་གཞན་ལ་ནི་འཇུག་ཕྱིར་ཡང་། །གཉིས་པའི་དོན་ལ་རྟོགས་པ་མིན། །དེ་ཡི་ཕྱིར་ནི་ཚིག་གཞན་གྱིས། །བློ་ལ་བརྟེན་པར་འདི་ཞེས་བྱ། །དེས་ན་གོ་བྱེད་མིན་པར་ཡང་། །ཚིག་
གང་ཡིན་དེ་ཤེས་བྱ་སྟེ། །མངོན་སུམ་ཚོགས་པར་གང་འགྱུར་བའི། །ཚད་མར་དེ་ནི་བརྗོད་བྱ་ན། །ཚིག་ཏུ་མ་སྨྲས་པ་ཉིད་ནི། །རེ་ཞིག་མངོན་སུམ་པར་མི་འདོད། །འདི་ནི་དེ་དང་ལྷན་ཅིག་པར། །ནམ་ཡང་མ་མཐོང་རྗེས་དཔག་མིན། །གལ་ཏེ་འབྲེལ་པ་མ་མཐོང་ཡང་། །
རྟགས་ཉིད་དུ་ནི་འདོད་པ་ན། །དེ་ནི་བརྗོད་པ་ཙམ་གྱིས་ཀྱང་། །ཚིག་རྣམས་ཐམས་ཅད་རྟོགས་པར་འགྱུར། །འབྲེལ་པ་མེད་པར་གཞན་དག་ལ། །དེ་ལ་བྱེ་བྲག་མེད་པ་ཡིན། །བ་མེན་གྱིས་མཚོན་བ་ལང་གང་། །ཤེས་པས་གཟུང་བ་ནུས་པ་ཉིད། །ཉེ་བར་འཇལ་སྟོབས་ལས་བྱུང་བའི། །
ནུས་པ་ཉིད་ཀྱིས་རྟོགས་པར་བྱེད། །བརྗོད་པ་སྨྲ་པོའི་ནུས་པ་ལས། །གཞན་དུ་འགྲུབ་པར་མི་འགྱུར་ཏེ། །དོན་གྱིས་གོ་བར་རྟོགས་པར་འགྱུར། །དེ་ལས་གཞན་པ་འགྲོ་བ་མིན། །སླར་ཡང་དོན་གྱིས་གོ་བ་གཞན། །ཉིད་ཀྱིས་སྒྲ་ནི་རྟག་ཉིད་ངེས། །གང་ཕྱིར་རྟག་པ་མིན་ན་བརྡ། །ཐ་སྙད་
ལ་ནི་རྗེས་འཇུག་མིན། །ཚད་མས་ངེས་པའི་དངོས་མེད་པས། །ནག་པའི་ཁྱིམ་ན་མེད་པ་ཡི། །བྱེ་བྲག་ལས་ནི་ཕྱི་རོལ་ན། །ཡོད་པར་འགྲུབ་ཅེས་གང་སྨྲས་པ། །དངོས་མེད་དེ་ལས་བྱུང་བ་གཞན། །དོན་གྱིས་གོ་བ་ཞེས་བཤད་དོ། །ཕྱོགས་ཆོས་ལ་སོགས་ཡན་ལག་ནི། །མིན་
ཕྱིར་རྗེས་དཔག་ལས་གཞན་འདི། །ཕྱི་ཡུལ་བྱེ་བྲག་ཅན་དོན་ནམ། །དེ་ཡི་བྱེ་བྲག་ཅན་གྱི་ཡུལ། །གཞལ་བྱ་ཡིན་ན་གང་ཁྱིམ་ན། །མེད་འདི་ཇི་ལྟར་ཕྱོགས་ཆོས་ཡིན། །སྲོག་བཅས་ཁྱིམ་ན་མེད་པ་ནི། །ཕྱོགས་ཀྱི་ཆོས་སུ་འདིར་རྟོགས་ན། །རྒྱབ་ན་དེ་ཡོད་པར་རིག་པའི། །བློ་ནི་སྐྱེ་བ་
མ་ཡིན་ནོ། །ཡོད་པ་ཉིད་དང་བྲལ་བ་ཡི། །གང་ཞིག་ཁྱིམ་ན་མེད་པ་ཙམ། །ཤི་བ་ལ་ཡང་དེ་མཐོང་ཕྱིར། །ཕྱི་རོལ་གནས་པར་སྒྲུབ་བྱེད་མིན། །དེ་ལ་ནུས་བཅས་དང་བྲལ་བའི། །ནུས་པ་གང་ན་སྲིད་མིན་པ། །ནུས་བཅས་མངོན་སུམ་ཉིད་ཡིན་ན། །དོན་གྱིས་གོ་བས་རྟོགས་བྱ་
Vol. 191 · folio 59a
གང་། །སྲེག་པ་ལ་སོགས་རྒྱུ་གང་ཡིན། །མི་ལ་སོགས་པ་མ་ནོར་བར། །ཐེ་ཚོམ་མེད་པར་མཐོང་བ་ནི། །དེ་ལ་བུམ་པ་གཞན་ཅིར་འགྱུར། །ཐ་དད་ཡིན་ན་འབྲས་བུ་ལ། །དེ་ནི་དགོས་པ་ཡིན་པའི་ཕྱིར། །དངོས་པོ་བྱེད་པ་མིན་ཉིད་འགྱུར། །དགོས་པ་
ཡིན་ན་ཐ་དད་འགྱུར། །དོན་བྱེད་ནུས་པའི་ངོ་བོ་ནི། །ནུས་པ་རང་གི་མཚན་ཉིད་དེ། །དེ་འདྲའི་བདག་ཉིད་དུ་སྣང་བ། །མངོན་སུམ་གྱིས་ནི་ངེས་པ་ཡིན། །མཚན་ཉིད་གཞན་དུ་གྲུབ་པ་ཉིད། །ཚད་མ་ཅུང་ཟད་ཀྱང་ཡོད་མིན། །དེས་རྟོགས་ན་ཡང་དོན་མེད་དེ། །ངོ་བོས་དེ་འབྲས་གྲུབ་ཕྱིར་
རོ། །ནུས་པའི་མཚན་ཉིད་གཞན་བྲལ་བས། །དོན་གྱིས་གོ་བ་རྟོགས་ཤེ་ན། །མ་ཡིན་གཞན་དུ་འབྲེལ་འབྱུང་ཕྱིར། །དངོས་པོ་ལས་དེ་འབྱུང་བ་ཡིན། །ཆུ་ལ་སོགས་པ་ལས་ལྡོག་པ། །སྲེག་པ་ལ་སོགས་ནུས་བཅས་མེད། །མངོན་སུམ་གྱུར་བཞིན་དེ་ལས་གཞན། །ནུས་པ་དགོས་པ་ཅི་
ཞིག་ཡོད། །ནུས་དེ་གཅིག་ཏུ་ཐ་དད་མིན། །གཉིས་ཀའི་བདག་ཉིད་ཅན་ཞེ་ན། །མ་ཡིན་འགལ་ཕྱིར་གཞན་མིན་ན། །གང་ཕྱིར་དེ་ཡང་མངོན་སུམ་གྱུར། །མངོན་སུམ་ཉིད་གནས་འདི་རྣམས་ནི། །རྗེས་སུ་དཔག་བྱ་ཉིད་བསལ་བ། །ཉམས་མིན་གང་གིས་འདི་ལ་ནི། །ཡུལ་ན་རྗེས་
དཔག་ཏུ་མི་འདོད། །སྣང་བ་ལ་སོགས་དངོས་པོ་གང་། །མངོན་སུམ་གྱི་ནི་ཡུལ་མིན་པ། །དེ་རྣམས་ནུས་པའི་མཚན་ཉིད་དུ། །ཡོད་ཉིད་རྟགས་ཀྱིས་རྟོགས་པར་བྱེད། །རྒྱུ་མཚན་ལ་ནི་ལྟོས་བཅས་པའི། །སྒྲ་ལ་སོགས་པ་རིགས་པ་པོ། །རྒྱུ་གཞན་དག་ནི་ཡོད་གྱུར་ཀྱང་། །མི་འབྱུང་
མྱུ་གུ་ལ་སོགས་བཞིན། །ཉི་མ་ཉེ་བར་ལེན་པ་ཡི། །ཡུལ་ལས་ཡུལ་གཞན་དག་ཏུ་ཡང་། །རྒྱུན་མི་འཆད་འགྲོ་ཡུལ་གཞན་ཐོབ། །འབར་བ་སོགས་བཞིན་ཤེས་པར་བྱ། །བརྟན་བདག་ཉིད་དུ་དབྱེར་མེད་ཕྱིར། །གཞན་པར་འདི་ནི་མི་རིགས་ཏེ། །དེ་ནི་ཡུལ་གཞན་ཕྱིན་པ་
ལས། །གཞན་པའི་ནུས་པ་བསལ་བ་ཡིན། །ཚོ་ལ་ཉིན་མོ་མི་ཟ་བའང་། །དོན་དེ་ལ་ནི་ངེས་པ་མིན། །ཞེ་སྡང་གཏི་མུག་སོགས་འབྲེལ་མི། །གཞན་དུ་ཡང་ནི་སྨྲ་བར་བྱེད། །དོན་དུ་གཏོགས་ལ་མི་ལྟོས་པ། །འདིས་ནི་གལ་ཏེ་ཚིག་གཞན་ཡང་། །དོན་དང་བཅས་པ་འདྲེན་བྱེད་ན། །
Vol. 191 · folio 59b
ཚིག་གཞན་དག་ཀྱང་འདྲེན་པར་འགྱུར། །ཇི་ལྟར་ཉེ་བར་འགྲོ་བ་ཡི། །ངོ་བོར་དེར་ནི་རྟོགས་པ་ཡི། །ཚད་མ་གཞན་ཉིད་གང་ཡིན་དེས། །དོན་རྟོགས་འགྱུར་བ་བརྗོད་འདོད་ན། །མཚན་མོའི་བཟའ་བ་དང་འབྲེལ་བ། །བརྗོད་འདོད་མིར་ནི་ཤེས་པར་བྱ། །ཉིན་མོའི་བཟའ་བ་དང་བྲལ་
བ། །ཚོ་ཕྱིར་དེ་ལ་གཞན་བཞིན་ནོ། །ཟ་བ་ཡིན་དང་ཚོ་བ་ཉིད། །རྗེས་སུ་འགྲོ་དང་ལྡོག་པ་ཡི། །འབྲེལ་པ་ངེས་པ་དེ་ཡི་ནི། །དངོས་པོ་ལས་ནི་དངོས་པོ་རྟོགས། །འབྲེལ་པ་ཐམས་ཅད་ཀྱིས་སྟོང་པའི། །ཚིག་ལས་ཇི་ལྟར་རྟོགས་འགྱུར་ཏེ། །གཅིག་ལས་གཞན་ཀུན་རྟོགས་
མིན་གྱི། །གཞན་དུ་ཡང་ནི་འགྱུར་བ་ཡིན། །དེ་ཕྱིར་འབྲེལ་པ་མེད་པ་དང་། །ཡོད་ཀྱང་ངེས་པར་མ་བཟུང་བ། །ཚིག་འདི་རྟོགས་བཞིན་པ་ནའང་། །ཚད་མ་ཅན་དུ་འགྱུར་མ་ཡིན། །འབྲེལ་པ་ཚད་མ་ཉིད་གནས་པ། །གལ་ཏེ་རྒྱལ་པོའི་བཀའ་ཡིན་ནམ། །མངོན་སུམ་འབྲེལ་པ་མེད་
བཞིན་དུ། །ཇི་ལྟར་ཚད་མ་ཉིད་དུ་འགྱུར། །འབྲེལ་པས་རྟོགས་བྱེད་ཉིད་ཡིན་ན། །ཅི་ཕྱིར་གཞན་ཡང་རྟོགས་བྱེད་མིན། །འབྲེལ་པས་སྟོང་པ་ཉིད་དུ་ནི། །བྱེ་བྲག་ཅི་ཡང་མེད་པར་འདོད། །མངོན་སུམ་ལ་ཡང་འབྲེལ་པ་ཉིད། །ཚད་མ་ཉིད་དུ་རྣམ་པར་གནས། །མི་སླུ་བ་
ནི་ཚད་མ་ཉིད། །དོན་དེ་ལས་ནི་བདག་ཉིད་ཐོབ། །དེ་རྒྱུ་མིན་པའམ་རྒྱུ་མིན་པ། །དེ་ཡང་ངེས་པར་མི་སླུ་བར། །རིགས་པ་མིན་ཏེ་མ་ལུས་པ། །མི་སླུ་བར་འགྱུར་གཞན་དུ་མིན། །གཉིས་པའི་ཚིག་ནི་སྣང་བ་ཡི། །བསམ་པའི་རྗེས་སུ་དཔོག་པ་སྟེ། །རྗེས་སུ་འགྲོ་བའི་ཚིག་འདི་
ལས། །ལྡོག་པར་གོ་བར་འདོད་པ་ཡིན། །ཉེ་བར་འཇལ་བ་ཚད་མ་ཉིད། །ཡིན་པ་རྒྱས་པར་བསལ་བས་ན། །དེས་བསྐྱེད་དོན་གྱིས་གོ་བ་ཡིས། །ཚད་མ་ཉིད་ཀྱང་བསལ་བ་ཡིན། །བ་ལང་ཉེ་བར་དམིགས་པ་ཉིད། །ཉེ་བར་འཇལ་བའི་ཚད་མར་འདོད། །དེ་ཡོད་པ་ལ་དམིགས་པ་
ཡང་། །རང་ཉིད་ཉེས་པ་སྐྱེད་བྱེད་པ། །འདོད་ཕྱིར་དོན་གང་རྟོགས་པ་ལ། །ལྟོས་པའི་ནུས་པ་གང་ཞིག་ཡིན། །གཞན་མིན་པ་ཉིད་མ་ཡིན་ཡང་། །ལག་པ་བསྐྱོད་སོགས་ལས་བཞིན་དུ། །སྒྲ་རྣམས་ཀྱིས་ནི་དོན་རྟོགས་པར། །འགལ་བར་འགྱུར་བ་མ་ཡིན་ནོ། །ཇི་
Vol. 191 · folio 60a
ལྟར་འདྲ་བའི་ཆོས་དག་ནི། །བསྲེས་པ་རྒྱུར་གྱུར་པ་ཡི་ཕྱིར། །དེ་ཕྱིར་སྒྲ་རྣམས་གོ་བྱེད་པ། །ཉིད་དུ་འགལ་བ་མ་ཡིན་ནོ། །མངོན་སུམ་རྫས་ལ་བརྟེན་པར་ནི། །མཐོང་བའི་བྱ་བ་གང་ཡིན་པ། །དེ་རྣམས་ཡི་གེ་ཇི་བཞིན་དུ། །སྔར་མཐོང་ངོ་ཤེས་རྟག་
པར་འདོད། །གསལ་བར་བྱེད་པ་མེད་ཕྱིར་ཡང་། །འདི་ནི་ཡོད་ཀྱང་མི་དམིགས་ཉིད། །ཁྱེད་ཀྱི་སྐྱེད་བྱེད་གང་ཡིན་ཡིད། །དེ་ཉིད་ཁོ་བོ་གསལ་བྱེད་ཡིན། །དེ་མིན་ནུས་པ་ཐོགས་མེད་པ། །ཡིན་ན་ཤེས་པ་དེ་རྟག་འབྱུང་། །དེ་དང་ལྡན་པ་མ་ཡིན་ན། །དེ་ནི་ནམ་ཡང་འབྱུང་མི་
འགྱུར། །དེ་ཕྱིར་དེ་རྣམས་གསལ་བྱེད་པའི། །རྒྱུས་བསྐྱེད་པ་ཉིད་མི་རིགས་སོ། །སྔར་མཐོང་ངོ་ཤེས་པ་རྟག་ཉིད། །གོང་དུ་བསལ་བ་ཉིད་ཡིན་ནོ། །ནག་པ་ཁྱིམ་ན་མེད་པ་ལས། །ཕྱི་རོལ་ཡོད་པ་མི་རིགས་ཏེ། །གང་ཕྱིར་ཤི་བར་དོགས་པ་ལས། །གཞན་དུ་ན་ནི་འཐད་པ་ཡིན། །
གསོན་ལ་ཁྱིམ་ན་མེད་པ་ནི། །ཕྱི་རོལ་ཡོད་པར་རབ་བསྒྲུབས་པའི། །དོན་གྱིས་གོ་བ་འདིར་སྨྲ་བ། །དེ་མིན་དེར་ཡང་མ་ངེས་ཕྱིར། །ཚུ་རོལ་མཐོང་བས་ནག་པ་ནི། །ཁྱིམ་དུ་མ་མཐོང་ཚད་མ་མིན། །དེ་ནི་སྲོག་བཅས་དང་འབྲེལ་པ། །ཇི་ལྟར་རྗེས་སུ་འཇུག་པ་ཡིན། །ཇི་སྟ་སྐད་ལ་
སོགས་པ་སྟེ། །སྲོག་དང་བཅས་པར་ངེས་ཡིན་ན། །ཁྱིམ་ན་མེད་པས་མེད་པར་ཡང་། །ངེས་འདི་ཚད་མ་ཉིད་ཡིན་ན། །དེ་ལྟའང་ཁྱིམ་ན་མེད་པ་ཉིད། །བལྟར་རུང་མ་མཐོང་བར་ངེས་པའང་། །དེ་ཕྱིར་དེར་ནི་ཕྱི་རོལ་ན། །ཡོད་པར་བརྟགས་ཉིད་ལས་ངེས་ཡིན། །ཁྱིམ་དུ་གང་
ཞིག་མ་ཕྲད་པ། །འདི་ནི་ཕྱི་རོལ་ན་ཡོད་ངེས། །ཁྱིམ་གྱི་དང་ར་ཁྱིམ་སྒོ་ནས། །ཡོད་པ་མཐོང་བའི་མི་བཞིན་ནོ། །འདིར་ནི་ཁྱིམ་གྱི་ཁོང་གཏོགས་པ། །མི་མཐུན་ཕྱོགས་ནའང་ཡོད་པའི་ཕྱིར། །དེ་ཕྱིར་དོན་གྱིས་གོ་བ་འདི། །རྗེས་དཔག་ལས་ནི་མི་ཕྱེད་དོ། །དོན་གྱིས་གོ་བ་རྣམ་
པར་དཔྱད་པའོ།། །།དངོས་པོ་གང་ཞིག་ངོ་བོ་ལ། །ཚད་མ་ལྔ་པོ་མ་བསྐྱེད་པའི། །དངོས་ཡོད་རྟོགས་ཕྱིར་དེ་ལ་ནི། །དངོས་པོ་མེད་པའི་ཚད་མ་ཉིད། །མངོན་སུམ་ལ་སོགས་མི་བསྐྱེད་པའམ། །དངོས་པོ་མེད་པའི་ཚད་མར་འདོད། །བདག་ཉིད་ཡོངས་སུ་མ་གྱུར་
Vol. 191 · folio 60b
པའམ། །དངོས་གཞན་རྣམ་པར་རིག་པའམ། །ཚད་མ་མེད་པའི་དངོས་པོ་རྣམས། །དངོས་པོ་མེད་པར་རྟོག་པར་བྱེད། །སྔ་ན་མེད་པ་ལ་སོགས་པ། །འདི་ནི་རྣམ་པ་བཞི་རུ་དབྱེ། །ཞོ་སོགས་འོ་མ་ལ་མེད་གང་། །དེ་ནི་སྔ་ན་མེད་པར་བརྗོད། །ཞོ་ལ་འོ་མ་མེད་པ་ཉིད། །ཞིག་ནས་
མེད་པའི་མཚན་ཉིད་དོ། །རྟ་སོགས་བ་ལང་ལ་མེད་གང་། །གཅིག་ལ་ཅིག་མེད་པར་བརྗོད་དེ། །དེ་ལས་གཞན་དངོས་མེད་ཅིང་དེའི། །བདག་ཉིད་གཞན་ལ་མེད་པས་སོ། །མགོ་ཡི་ཆ་ནི་དམའ་མོ་ལ། །འབྲེལ་དང་སྲ་སོགས་ངོ་བོ་ཡི། །རི་བོང་རྭ་དག་མེད་གྱུར་པ། །འདི་
ནི་ཤིན་ཏུ་མེད་པར་འདོད། །གལ་ཏེ་སྔ་མ་མེད་པ་སོགས། །དབྱེ་བས་དངོས་མེད་ཡོད་མིན་ན། །རྒྱུ་ལ་སོགས་པ་རྣམས་དབྱེ་བའི། །ཐ་སྙད་འདི་ཡང་མེད་པར་འགྱུར། །དེ་དངོས་མིན་ན་དབྱེར་མེད་པ། །དེས་ན་འདི་ནི་དངོས་པོ་ཉིད། །འབྲས་བུ་ལ་སོགས་དངོས་མེད་
གང་། །རྒྱུ་སོགས་དངོས་མེད་ཡིན་བདག་འདོད། །གང་འདི་རྗེས་འཇུག་མི་འཇུག་གི །བློ་ཡི་བཟུང་བ་གང་དེའི་ཕྱིར། །བ་ལང་སོགས་བཞིན་དངོས་པོ་ཉིད། །གཞལ་བྱའི་ཕྱིར་ཡང་ཤེས་པར་བྱ། །དངོས་མེད་སྒྲ་ཡི་བརྗོད་བྱ་ཉིད། །ཡིན་ཕྱིར་མངོན་སུམ་སོགས་ལས་གཞན། །
གཞལ་བྱ་དངོས་པོ་མེད་པ་བཞིན། །ཚད་མ་རྣམས་ཀྱང་དངོས་མེད་པའོ། །དངོས་པོ་མེད་པའང་ཚད་མ་ཡིན། །རང་དང་རྗེས་མཐུན་དཔག་བྱ་སྟེ། །གཞལ་བྱ་ཡིན་ཕྱིར་དངོས་པོ་བཞིན། །དེ་ཕྱིར་དངོས་བདག་ཉིད་ལས་གཞན། །དེ་འདིར་རྟག་པའི་བདག་ཉིད་ཀྱི། །ཡོངས་སུ་གྱུར་པ་
བསལ་བས་ན། །དེ་ལས་བཟློག་པའི་དངོས་ཡོད་པ། །རེས་འགའ་བ་ནི་མི་རིགས་སོ། །གལ་ཏེ་དེ་ཡོངས་དོར་ཙམ་གྱིས། བདག་ཉིད་དུ་ནི་འདི་སེམས་ན། །རྟག་ཏུ་དངོས་པོ་མེད་ཉིད་དུ། །འདི་ནི་རྒྱུན་མི་འཆད་ཅེས་བྱ། །ཡོངས་སུ་མ་གྱུར་འདི་ཡོད་ནའང་། །དེ་ལྟ་ན་ཡང་འཁྲུལ་པ་ཉིད། །
གཉིད་དང་བརྒྱལ་སོགས་གནས་སྐབས་སུ། །དོན་ཡོད་ན་ཡང་དོན་འབྱུང་ཕྱིར། །གལ་ཏེ་རྐྱེན་གཞན་ཡོད་པ་ལ། །དེས་དབེན་པ་ཡི་གཞན་མཐོང་ཕྱིར། །བུམ་པ་ཤེས་པ་ལ་སོགས་པའི། །ངོ་བོས་དེ་ནི་ཡིན་འདོད་ན། །གཉིས་པའི་ཕྱོགས་སུ་བསྟན་པ་ཡིན། །འདི་ལ་བྱེ་བྲག་ཅི་ཡོད་
Vol. 191 · folio 61a
ན། །གང་འདི་ཁྱོད་ཀྱི་རྣམ་གྲངས་ཀྱིས། །ཕྱོགས་གཉིས་དག་ཏུ་བཤད་པ་ཡིན། །དངོས་གཞན་སྒྲུབ་པའི་ཤེས་པ་ལ། །འཇུག་པ་ཐམས་ཅད་མེད་པ་ཉིད། །དངོས་མེད་གཉིས་པ་ལ་བརྟེན་ནས། །མ་མཐོང་བ་ཡང་གོ་བར་འགྱུར། །རྒྱུ་གཞན་ཉེ་བར་གྱུར་པ་ན།
རུང་བར་མཚུངས་པའི་ངོ་བོ་དེ། །དེས་དབེན་གཞན་ནི་མ་ཤེས་པ། །དེ་ནི་མེད་ཅེས་བྱ་ཞེ་ན། །བལྟ་ནུས་དངོས་པོ་སྣང་བ་ནི། །མེད་ཉིད་མངོན་སུམ་ཉིད་ཀྱིས་ཏེ། །དེ་ལྟར་ཡང་དག་བསྟན་པ་ནི། །འཁྲུལ་པ་ཅན་གཞན་རྣམས་ཀྱི་མིན། །གང་བློ་མངོན་སུམ་མི་འདོད་པ། །དངོས་གཞན་
རྣམ་པར་རིག་པ་ནི། །སྐྱེ་བར་ཇི་ལྟར་ཤེས་པར་བྱེད། །གལ་ཏེ་དོན་གྱིས་གོ་བ་ལས། །ཡིན་ན་དེ་ཡང་ཤེས་བདག་ཉིད། །ཡིན་པས་དེ་ཡང་ག་ལ་གོ །དོན་གྱིས་གོ་བ་གཞན་དགོས་ན། །ཐུག་པ་མེད་པར་ཐལ་བར་འགྱུར། །དངོས་མེད་ཚད་མ་དངོས་ཡིན་ན། །གཞལ་བྱ་དངོས་མེད་
ཀྱང་དེ་བཞིན། །དངོས་མེད་མངོན་སུམ་ནང་འདུས་པ། །དེ་བཞིན་ཁྱོད་ལ་ཇི་ལྟར་མིན། །འབྲས་བུ་ལ་སོགས་དངོས་མེད་པ། །གང་ཡིན་རྒྱུ་སོགས་དངོས་མེད་པའོ། །དེར་ཡང་གཞན་གྱིས་དབེན་བདག་ཉིད། །མངོན་སུམ་གྱིས་ནི་རྟོགས་པར་བྱེད། །རང་དངོས་གཞན་གྱིས་དངོས་བདག་ནི། །
རྟག་ཏུ་ཡོད་དང་མེད་བདག་ཉིད། །དངོས་པོའི་ངོ་བོ་ཅུང་ཟད་ནི། །རེས་འགའ་འགའ་ཞིག་གིས་རྟོགས་འགྱུར། །མངོན་སུམ་ལ་སོགས་འཇུག་པས་ཀྱང་། །གང་ཚེ་དངོས་པོའི་ཆ་འཛིན་པ། །བྱ་བ་དེ་ནི་མི་སྐྱེད་པ། །དངོས་པོ་མེད་པའི་ཆ་འཛིན་འདོད། །དངོས་པོ་རྣམས་ཀྱི་རང་དངོས་ཉིད། །
གཞན་ལས་ལོག་པ་མ་ཡིན་ནམ། །དེས་ནི་དེ་བདག་ཉིད་ཡོད་པའི། །བདག་ཉིད་འདིས་ནི་མངོན་སུམ་མོ། །ཡོད་པ་དོན་བྱེད་ནུས་པ་སྟེ། །གཞན་ནི་མེད་པར་བསྟན་པ་ཡིན། །དེ་དག་གཅིག་ཏུ་ཉམས་གྱུར་པར། །རིགས་པ་མ་ཡིན་འགལ་ཕྱིར་རོ། །གལ་ཏེ་རང་སྒྲུབ་པར་ནུས་པ། །
གཞན་སྒྲུབ་མི་ནུས་མ་ཡིན་ནམ། །དེ་ཉིད་ཀྱི་ཕྱིར་གཉིས་དངོས་ཉིད། །དངོས་པོ་གཅིག་ལ་ཡོད་མ་ཡིན། །གལ་ཏེ་ནུས་མེད་གཞན་ཉིད་ལས། །གཞན་དུའང་འདོད་པ་དེ་ལྟ་ན། །དངོས་པོ་གཉིས་ནི་འཐོབ་འགྱུར་ན། །གཅིག་ནི་གཉིས་ཀྱི་དངོས་ཉིད་མིན། །དངོས་པོ་མེད་པའང་དངོས་པོ་
Vol. 191 · folio 61b
ཉིད། །ཡིན་པར་གོང་དུ་ཁས་བླངས་པ། །དེ་ཉིད་སླར་ཡང་ངོ་བོ་ཉིད། །མེད་ཅེས་ཅི་ཕྱིར་སྨྲ་བར་བྱེད། །ངོ་བོ་མེད་ཕྱིར་ཤེས་པ་ཡི། །ངོ་བོ་ཉམས་པས་ཚད་མ་ཉིད། །མི་རིགས་དེ་ནི་གཞལ་བྱ་ཉིད། །ཡང་དག་རིག་པའི་རང་བཞིན་ནོ། །དེ་རྒྱུ་ཡིན་ཕྱིར་ཚད་མ་སྟེ། །མིག་སོགས་
བཞིན་ཞེས་བྱ་ཞེ་ན། །ངོ་བོ་མེད་པ་རྒྱུ་ཉིད་དོ། །འགྱུར་བ་ནམ་ཡང་མི་སྲིད་དོ། །ཤེས་པའི་ངོ་བོས་ཤེས་པ་ན། །དེ་དངོས་མེད་པར་ཇི་ལྟར་ཤེས། །དེ་ཡི་ཡུལ་དངོས་ཚད་མ་ཉིད། །ལས་ཡིན་ཐུག་མེད་མ་ཡིན་ནམ། །དངོས་པོ་དངོས་མེད་ལས་ཚད་མ། །ཚད་མ་དངོས་མེད་ལས་དངོས་
པོ། །གལ་ཏེ་མེད་པ་གོ་བྱེད་ཉིད། །ཡིན་ན་ཕན་ཚུན་གནས་པར་འགྱུར། །དེ་ཡི་གཅིག་མཐོང་གང་ཡིན་པ། །དེ་ནི་གཞན་མཐོང་ཡིན་པར་བརྗོད། །རང་གི་ངོ་བོས་བེམས་པོ་ཉིད། །མིན་ཕྱིར་དེ་ཡང་རང་དབང་འགྲུབ། །བློ་ནི་བློ་གཞན་ལས་གྲུབ་པ། །བློ་གཞན་གྱིས་ནི་རྟགས་
ལས་ཏེ། །ཡང་ན་གཞན་དུ་མི་འཐད་པའམ། །ཐམས་ཅད་དུ་ཡང་མི་འབྱུང་བའོ། །བརྒལ་ཞིང་བརྟག་པ་གསུམ་པོ་འདི། །རེ་རེ་ཞིང་ཡང་ཡོད་སྲིད་ན། །ཐུག་པ་མེད་པ་དུ་མ་ཡི། །ཁྱོད་ཀྱི་འདི་ལ་ཁྱབ་པར་འགྱུར། །རུང་བའི་ངོ་བོར་མཚུངས་པའི་ཕྱིར། །གཅིག་ཉིད་ཉེ་བར་དམིགས་
པ་ལས། །རུང་བ་ཉིད་གཞན་མེད་པར་ནི། །ངེས་པར་ཡང་དག་རྟོགས་པར་བྱེད། །མཁའ་ལ་ཟླ་བ་མེད་ཤེས་པར། །གཅིག་པོ་གང་ལས་རིག་པ་ཡིན། །སྒྲ་ཀུན་གྱིས་ནི་དབེན་པར་ཡང་། །གང་དུ་ཇི་ལྟར་ངེས་པར་བྱེད། །སྣང་བ་དང་ནི་མུན་པ་ཡི། །ཕུང་པོ་དག་ལས་སྒྲུབ་པ་པོ། །དེ་ཉིད་
ཤེས་མཁའོ་སྙམ་སེམས་ཏེ། །གང་ཕྱིར་གནས་མེད་བལྟར་ཡང་མེད། །སྒྲ་ཀུན་གྱིས་ནི་དབེན་པར་ཡང་། །འབྲས་བུ་མ་མཐོང་བ་ལས་ཤེས། །དེ་ལྟར་ཤེས་པ་གཞན་དག་གི །ཉམས་སུ་མྱོང་ལས་དེ་ཡང་འགྲུབ། །འདི་ཡི་དངོས་མེད་ཚད་མ་ནི། །དངོས་པོའི་དངོས་པོ་དེ་གནས་
པ། །དངོས་མེད་སྒྲ་ཡིས་བརྗོད་བྱ་ཉིད། །ནང་དུ་འདུས་བྱས་གནོད་པ་མེད། །དངོས་པོ་མེད་པའི་ཚད་མ་ནི། །རང་དང་རྗེས་མཐུན་པས་དཔོག་ན། །དེ་འདིར་འགྲུབ་པ་ལས་བསྒྲུབ་ཉིད། །དེ་འདྲར་རྗེས་མཐུན་ཡོད་ཕྱིར་རོ། །དངོས་པོ་མེད་པ་རྣམ་པར་དཔྱད་པའོ།། །།
Vol. 191 · folio 62a
དེ་ཡོད་པར་དེར་འདི་འབྱུང་ལ། །མེད་པར་ཡང་ནི་མི་འབྱུང་བ། །དེ་ཕྱིར་དེ་ལས་འབྱུང་བ་དེ། །འདི་ནི་རིགས་པ་ཞེས་བརྗོད་དེ། །འདི་ཡོད་པས་ནི་འདི་འབྱུང་གི །འདི་མེད་པར་ནི་འདི་མི་འབྱུང་། །འདི་ནི་ཚད་མ་གཞན་ཉིད་ཅེས། །ཐུབ་པ་ཙ་ར་ཀ་སྨྲ་སྟེ། །གང་ཕྱིར་
འདི་དཔེ་མ་དམིགས་ཕྱིར། །འདི་ནི་རྗེས་དཔག་མ་ཡིན་ནོ། །དམིགས་པ་གང་གིས་དོན་གང་ཞིག །རྟོགས་པ་དེ་དངོས་མེད་པ་ལས། །མེད་པ་ཉིད་དུ་རྟོགས་པ་སྟེ། །མི་དམིགས་པ་ཞེས་བྱ་བར་འདོད། །དཔེ་ལ་ལྟོས་པ་མེད་པའི་ཕྱིར། །འདི་ཡང་ཚད་མ་གཞན་ཡིན་ནོ། །
དཔེ་ཡང་མེད་པ་ཉིད་དུ་ནི། །འདི་ཉིད་ཀྱིས་ནི་རབ་ཏུ་གྲུབ། །རྒྱུ་འབྲས་ཉིད་དང་དངོས་མེད་དང་། །རྟོགས་པ་དང་ནི་འབྲེལ་མེད་ཀྱི། །སྒྲུབ་དང་བསྒྲུབ་བྱ་གང་ཡིན་པ། །དེ་དང་འདི་ལ་འདི་དབྱེར་མེད། །དེ་ཡོད་འབྱུང་བ་མ་གཏོགས་པར། །རྒྱུ་དང་འབྲས་བུ་ཉིད་གཞན་མེད། །སྣང་
བ་མི་དམིགས་མ་གཏོགས་པར། །མེད་པ་གཞན་ཉིད་རྟོགས་པ་མིན། །དངོས་པོ་དེ་ཡི་ཐ་སྙད་དུ། །རུང་བ་ཉིད་དུ་རབ་སྒྲུབ་བྱེད། །བརྡ་ཡིས་དངོས་སུ་རྟོགས་པ་ཡིས། །དོན་ཡོད་ངེས་པར་མཐོང་བའོ། །ཚོགས་པར་རྣམ་པར་གནས་པ་ཡི། །རྒྱུ་ནི་ཚོགས་པ་ཅན་ཉིད་དེ། །
སྟོང་ཡོད་འབྲས་བུའི་རྟགས་ལས་ནི། །བརྒྱ་སོགས་ཡོད་པའི་ཤེས་པ་སྐྱེ། །ཞེས་གྲགས་པ་དང་དེ་བཞིན་དུ། །མཐངས་ཀྱིས་ཚོར་བ་ལ་སོགས་པ། །འདི་འདྲའི་འཁྲུལ་བཅས་དུ་མ་དག །ཚད་མར་མི་སྦྱར་ཐལ་འགྱུར་ཕྱིར། །གལ་ཏེ་འདི་ནི་གནས་མིན་པ། །ཉིད་ལ་ཉམ་ཐག་
ལས་བྱེད་ནའང་། །མངོན་སུམ་དང་ནི་ལྐོག་གྱུར་ཏེ། །དོན་ནི་རྣམ་པ་གཉིས་སུ་གནས། །གཉིས་ཀ་གཉིས་ཀ་མིན་བདག་ཉིད། །དོན་གཞན་རིགས་པ་མིན་པ་ཉིད། །གཅིག་ལ་བྱ་དང་བྱ་མིན་པར། །ཤེས་ན་གཅིག་ཉིད་ཉམས་པ་ཡིན། །དངོས་སུ་རྣམ་ཤེས་སྐྱེད་བྱེད་
ལ། །མངོན་སུམ་དོན་དུ་བརྗོད་པར་བྱ། །ཇི་སྐད་བསྟན་པ་ལས་བཟློག་པ། །ལྐོག་ཏུ་གྱུར་ཅེས་བྱ་བར་བརྗོད། །རེ་ཞིག་སྒྲ་འབྱུང་ཉེར་འཇལ་སོགས། །འདི་ནི་དང་པོའི་དོན་ཡུལ་མིན། །མངོན་སུམ་ཁོང་གཏོགས་ཐོབ་པའམ། །འབྲས་མེད་ཉིད་དེ་དྲན་པ་བཞིན། །ལྐོག་ཏུ་གྱུར་
Vol. 191 · folio 62b
པའི་ཡུལ་དེ་ཡང་། །དེ་རྣམས་ཡུལ་དུ་ཇི་ལྟར་འགྱུར། །གལ་ཏེ་དངོས་གྱུར་ལྐོག་གྱུར་འདི། །མིན་ཏེ་མངོན་སུམ་དངོས་པོ་བཞིན། །གཞན་ལ་རྣམ་པར་བརྟེན་ན་ཡང་། །འདི་ནི་དེ་རྟོགས་ཇི་ལྟར་ཡིན། །གཞན་དང་འབྲེལ་པའམ་མ་འབྲེལ་པའམ། །ཐ་དད་སྣང་བའམ་དེ་བཞིན་
མིན། །མ་འབྲེལ་པ་ལས་དེ་འབྱུང་ན། །ངེས་པ་མེད་པར་ཐལ་བར་འགྱུར། །གལ་ཏེ་ཐ་དད་སྣང་འགྱུར་ན། །ཁྱབ་པ་འབྲེལ་པར་མི་འགྱུར་རོ། །གང་ཞིག་ལྐོག་ཏུ་གྱུར་པའི་དོན། །འབྲེལ་པའི་དོན་ལ་བརྟེན་པ་དང་། །ཐ་དད་དེ་གཞན་མི་བརྟེན་ཏེ། །རྗེས་དཔག་ཡིན་པར་བསལ་
ཞེས་བྱ། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་ཚད་མ་གཞན་བརྟག་པ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།གལ་ཏེ་ནོར་བུ་གཟི་ལྟ་བུར། །དངོས་པོ་དུ་མའི་བདག་ཉིད་ཅན། །རང་བཞིན་དེ་ལྟར་ཡིན་པ་འམ། །ཡོད་ལ་སོགས་པ་འགལ་ཅི་ཡོད། །དངོས་པོ་དངོས་གཞན་
མཚུངས་པ་ཡིན། །ནམ་མཁའ་མེ་ཏོག་ཁྱད་པར་མེད། །གལ་ཏེ་མཚུངས་མིན་ཉིད་བྲལ་ན། །དེ་དག་ཐམས་ཅད་གྲུབ་པ་མིན། །གང་ཕྱིར་ཐམས་ཅད་མཚུངས་མིན་ཕྱིར། །མངོན་པར་འདོད་པའི་དངོས་པོ་ལ། །དངོས་པོ་གཞན་དུ་ངེས་པ་ནི། །དངོས་པོ་ཉིད་ནི་མེད་པར་འགྱུར། །
དངོས་པོ་ལས་ནི་ལྡོག་པ་ན། །མེད་པ་ཉིད་ནི་སྤངས་ནས་ནི། །གཞན་དུ་འགྲོ་ཡོད་ཅི་ཞིག་མཚོན། །རྒྱུ་སྐར་ལམ་གྱི་མཚོ་སྐྱེས་ཕྱིར། །དེ་ཕྱིར་དངོས་དེར་འདོད་པ་ནི། །ནམ་མཁའི་མེ་ཏོག་དང་མཚུངས་མིན། །ནམ་མཁའི་མེ་ཏོག་མཚུངས་མིན་པར། །འདོད་ན་དེ་ཕྱིར་དངོས་
དེ་ནི། །དེ་དང་མཚུངས་པའི་དངོས་པོ་ཉིད། །སྤྱི་ཞེས་བྱ་བར་འདོད་པར་གྱིས། །རྣམ་པ་གཞན་དུ་བློ་དེ་ནི། །གཏོར་ཟས་སོ་བརྟག་ལ་འཇུག་མིང་། །དངོས་པོ་རྣམས་སུ་ངེས་ནས་སོ། །འཇུག་པ་དེ་ནི་གང་གིས་བྱས། །གལ་ཏེ་འདྲ་བས་ངེས་འདི་ནི། །དེ་ཉིད་སྤྱིར་ནི་བདག་ཅན་
འདོད། །རང་བཞིན་རྗེས་འགྲོ་ནུས་པ་ནི། །དེ་ཉིད་ཀྱིས་ནི་བཤད་པ་ཡིན། །དེ་ཕྱིར་ཤིན་ཏུ་ཐ་དད་བློ། །འབའ་ཞིག་ཉིད་དུ་གྲུབ་པ་མིན། །གང་ཕྱིར་དངོས་པོས་ངོ་བོ་ཀུན། །ཕན་ཚུན་དུ་ནི་ཐ་དད་མིན། །དངོས་པོའི་མཐར་ནི་བྱས་པ་ལས། །གལ་ཏེ་འདྲ་མིན་དང་བྲལ་བའི། །དངོས་
Vol. 191 · folio 63a
པོ་དེ་ནི་ཐ་དད་མིན། །དེ་དབྱེ་མེད་ཕྱིར་དེ་བདག་བཞིན། །དེ་ལས་ཐ་དད་རང་ངོ་བོ། །མི་འདྲ་བར་ནི་མངོན་པར་བརྗོད། །འདྲ་བ་མིན་ཡང་ཐ་དད་མིན། །དེ་ནི་ཕན་ཚུན་འགལ་བ་ཡིན། །དེ་ཕྱིར་དོན་རྣམས་ཐ་དད་ཉིད། །ཇི་ལྟར་ཡང་ནི་འདོད་པ་ན། །མི་འདྲ་
བར་ནི་འདོད་པར་གྱིས། །དེ་ནས་ཁྱད་པར་བདག་ཉིད་ཀྱང་། །དེ་ཉིད་ཀྱིས་ན་དངོས་གཅིག་དང་། །རྣམ་པ་དུ་མར་འདོད་པ་ཡིན། །དེ་དག་རྗེས་འཇུག་ལྡོག་པ་ཡིན། །བློ་ཡི་གཟུང་བྱ་ཉིད་དུ་གནས། །ཐོག་མར་གང་དག་རྗེས་འཇུག་ཕྱིར། །སྤྱི་ཞེས་བྱ་བར་གྲགས་པ་ཡིན། །དེ་
ལས་གཞན་ནི་ལོག་པའི་ཕྱིར། །ཁྱད་པར་ཡང་ནི་བརྗོད་པ་ཡིན། །སྤྱི་དང་ཁྱད་པར་དག་གི་ནི། །ཕན་ཚུན་རང་བཞིན་ཉིད་ལ་ནི། །འདྲེ་བར་གྱུར་པས་དེ་ཉིད་དུ། །རྣམ་པ་གཉིས་འདི་རིགས་མ་ཡིན། །ཕན་ཚུན་རང་བཞིན་མེད་པ་ཉིད། །སྣ་ཚོགས་ཉིད་དུ་རྗེས་སུ་འཇུག །དེ་ལྟ་བུ་
ཡི་ངོ་བོ་ཡང་། །རྣམ་པ་གཉིས་ནི་རིགས་མ་ཡིན། །གལ་ཏེ་གཅིག་དངོས་འདི་ཡོད་ནའང་། །ཆོས་ཀྱི་དབྱེ་བ་རབ་གྲུབ་ཕྱིར། །གལ་ཏེ་ཐ་དད་གནས་འགལ་མིན། །དཔེར་ན་བྱེད་པའི་ནུས་པ་བཞིན། །མཐོང་བ་ལ་ཡང་རིགས་མིན་མེད། །གང་ཕྱིར་སྤྱི་དང་ཁྱད་པར་ལ། །གཅིག་
པུ་ཉིད་དང་ཐ་དད་དང་། །འཇིག་རྟེན་ཐ་སྙད་རྗེས་འཇུག་མཐོང་། །གཅིག་པུ་ངོ་བོ་ཉིད་ཡོད་ན། །ཐ་དད་ཆོས་གྲུབ་མ་ཡིན་ནས། །གང་ཕྱིར་མ་བརྟགས་དབྱེ་བ་ནི། །སྣ་ཚོགས་ཉིད་དུ་མངོན་པར་བརྗོད། །ནུས་པ་སྣ་ཚོགས་བདག་ཉིད་ནི། །བརྗོད་པར་འདོད་པ་ཙམ་གྱིས་སྤྲུལ། །དངོས་
པོ་གཅིག་པུའི་བདག་ཉིད་ནི། །དེ་ལ་ཐ་དད་རིགས་པ་མིན། །གང་དེ་ཉིད་དངོས་ཅེས་བརྗོད་པ། །དེ་ཉིད་གཅིག་ཅེས་བཤད་པ་ཡིན། །དེ་དངོས་མི་འགྱུར་སླར་ཡང་དེ། །སྣ་ཚོགས་བདག་ཉིད་ཅེས་བྱའོ། །དེ་དངོས་དང་ནི་དེ་དངོས་མིན། །ཕན་ཚུན་དུ་ནི་འགལ་བའི་ཕྱིར། །དངོས་པོ་
གཅིག་པུ་ཉིད་དུ་ནི། །ཇི་ལྟར་ཡང་ནི་རིགས་མ་ཡིན། །སྒྲུབ་པ་དང་ནི་དགག་པ་ནི། །ཕན་ཚུན་དུ་ནི་འགལ་བ་ཡིན། །གང་གིས་མ་འཁྲུལ་སེམས་ཀྱིས་ནི། །གཅིག་ཏུ་བྱ་བ་ནུས་པ་ཡིན། །རིགས་མཐུན་པ་དང་རིགས་མི་མཐུན། །དུ་མ་ལས་ལྡོག་དངོས་པོ་ལ། །དེ་དང་དེ་ལས་ལྡོག་
Vol. 191 · folio 63b
པ་ན། །ཆོས་ཀྱི་ཐ་དད་རབ་ཏུ་བརྟགས། །དེ་ཕྱིར་གཅིག་ལའང་དུ་མ་ཡིན། །ངོ་བོ་ཉིད་བརྟགས་རིགས་པ་མིན། །དངོས་པོ་གཅིག་ལ་རྣམ་པ་གཉིས། །ཡང་དག་པར་ནི་ཡོད་མ་ཡིན། །གང་ཡང་མི་ཡི་སེང་གེ་སོགས། །རྣམ་པ་གཉིས་སུ་ཉེར་བཤད་དེ། །དེ་དག་ལ་ཡང་རྣམ་
པ་གཉིས། །ཡང་དག་པར་ནི་ཡོད་མ་ཡིན། །དེ་ནི་རྡུལ་ཕྲན་དུ་མའི་ཚོགས། །ངོ་བོ་གཟུགས་གཅིག་ལྡན་མ་ཡིན། །སྣ་ཚོགས་གང་ཡང་དེ་གཅིག་མིན། །སྣ་ཚོགས་རིགས་ཀྱི་རིན་ཆེན་བཞིན། །གཅིག་ཉིད་ན་ནི་རྣམ་གཉིས་པས། །སྣ་ཚོགས་རྣམ་པར་སྣང་མི་འགྱུར། །སྦྲང་མའི་
རྐང་པ་ཙམ་གྱིས་ཀྱང་། །བསྒྲིབས་ཏེ་མ་བསྒྲིབས་པ་ལ་ནི། །མི་ཡི་སེང་གེའི་ཆ་རྗེས་འབྲང་། །ངོ་ཤེས་པ་ཡི་རྒྱུ་དག་ནི། །དེ་ཡང་རྡུལ་ཕྲན་རང་བཞིན་ཏེ། །ཁྱད་པར་ཅན་གྱི་རྐྱེན་འབྱུང་བཞིན། །དེ་ཉིད་ཀྱིས་ནི་རྣམ་པ་ཡིས། །སྣ་ཚོགས་རིན་ཆེན་ལ་སོགས་
བཤད། །དུ་མའི་བདག་ཉིད་སྣ་ཚོགས་ཏེ། །གཅིག་པུ་ཉིད་དང་འགལ་བ་ཡིན། །དོན་བྱེད་པར་ནི་ནུས་པ་ཉིད། །དངོས་པོ་ཉིད་དུ་བས་པར་བརྗོད། །གལ་ཏེ་རྗེས་འགྲོ་ཉིད་དེ་ནི། །ཐམས་ཅད་ཀུན་གྱི་བྱ་བྱེད་འགྱུར། །དངོས་པོ་གཅིག་པུ་ཉིད་དང་ནི། །སྐྱེད་པར་ནུས་པ་དང་སྦྱོར་བ། །
དེ་ཡང་གཞན་ཡང་ཁྱད་མེད་ཡོད། །ཇི་ལྟ་བུར་ནི་སྐྱེད་བྱེད་མིན། །སྔོ་སོགས་ཁོ་ན་དངོས་པོ་ཉིད། །གལ་ཏེ་རྗེས་འགྲོར་འདོད་ན་ནི། །དཀར་པོ་སེར་པོ་ལ་སོགས་ཀྱང་། །སྔོན་པོའི་འབྲས་བུ་སྐྱེད་བྱེད་འགྱུར། །གཉིས་པའི་བདག་ཉིད་དང་བྲལ་བ། །གཅིག་པུ་ཉིད་ནི་དེ་ལས་སྐྱེས། །
དེ་ཕྱིར་ཁྱེད་ཀྱིས་སྣ་ཚོགས་ཀུན། །གཅིག་ལ་དུ་མའི་རྣམ་པ་མེད། །གཟེགས་ཟན་འདོད་པའི་ཡོད་པ་བཞིན། །གལ་ཏེ་དེ་ཉིད་དངོས་ཉིད་མིན། །གཅིག་ནི་དུ་མའི་ངོ་བོ་ཉིད། །དེ་ལྟར་འགྱུར་མིན་ཐ་དད་ཕྱིར། །འགལ་བའི་ཆོས་དང་འདྲེ་བ་ཡང་། །དངོས་པོའི་ཐ་དད་མཚན་ཉིད་དེ། །
སྔོན་པོ་སེར་པོའི་ཐ་དད་ནི། །འདོད་པ་ཇི་ལྟར་ཡང་མི་འགྱུར། །རྗེས་འགྲོ་རྣམ་པ་གཞན་དངོས་ཕྱིར། །དེ་ཡང་སྤྱི་དང་ཁྱད་པར་ལ། །དེ་དག་གསལ་པོར་ཐ་དད་དུ། །ཡོད་པ་དེ་ནི་ཇི་ལྟར་མེད། །ཇི་བཞིན་ཁ་དོག་ཁྲ་བོ་ལ། །ཇི་ལྟར་འདོད་པའི་ཁ་དོག་འཛིན། །སྣ་ཚོགས་ཉིད་ཕྱིར་དངོས་
Vol. 191 · folio 64a
དེ་བཞིན། །ཐ་དད་ཐ་མི་དད་པར་ངེས། །གང་ཚེ་དངོས་པོ་ཁྲ་བོ་ནི། །ཅིག་ཅར་དུ་ནི་རྟོག་པར་བྱེད། །དེ་ཚེ་གཞན་དང་གཞན་མིན་སོགས། །དབྱེ་བ་ཐམས་ཅད་རབ་ཐིམ་ཉིད། །དངོས་པོ་དུ་མའི་ངོ་བོ་ལ། །བརྗོད་པར་འདོད་པ་ངོ་བོར་འདོད། །རིམ་དང་ཅིག་ཅར་འཇུག་པ་
ཡིས། །ཚིག་རྣམས་རྣམ་པ་གཞན་ཡོད་མིན། །དེ་མ་ཐག་ཏུ་འགག་པའི་ཕྱིར། །གཅིག་ནི་སྣ་ཚོགས་ཉིད་མ་ཡིན། །དུ་མའི་ངོ་བོ་སྣ་ཚོགས་ཏེ། །གཅིག་ཉིད་ལྷན་ཅིག་གནས་པ་མིན། །ཇི་སྲིད་རྣམ་པ་དེ་དག་ནི། །དངོས་པོ་དེ་ལ་ཡང་དག་ཡོད། །དེ་སྲིད་ཁོ་ནར་སྐྱེད་པ་སྟེ། །
དེ་སྲིད་དངོས་པོར་གཅིག་ཉིད་ནི། །དངོས་པོ་གཅིག་ལས་གཞན་ཉིད་དུ། །དེ་ཡི་བདག་ཉིད་དང་བྲལ་འགྱུར། །ནམ་མཁའི་མེ་ཏོག་དང་འདྲ་མིན། །དེ་ཡང་དོན་བྱེད་ནུས་པ་མིན། །གཅིག་པུའི་ནུས་པའི་རང་བཞིན་ཏེ། །དངོས་པོ་གཞན་ལ་འཇུག་མ་ཡིན། །འབྲས་བུ་དམིགས་པར་སྣང་བ་ཡི། །
ཐ་དད་ལ་སོགས་བཤད་པའི་ཕྱིར། །དངོས་དེའི་བདག་ཉིད་མིན་པ་ཡང་། །དེ་དང་མ་འདྲེས་པས་ནི་རིགས། །དངོས་མེད་ཉིད་ནི་ཁྱད་མེད་མིན། །དངོས་པོའི་མཚན་ཉིད་ཡོད་པའི་ཕྱིར། །དེ་ཡང་དོན་བྱེད་ནུས་པ་རུ། །དེ་ལྟར་དངོས་པོ་ཞེས་སུ་བརྟག །ནུས་པ་མེད་པ་ལ་ལྡོག་པ། །འདྲ་བ་
ཉིད་དུ་བརྟགས་པ་ཡིན། །དེས་ནི་ཤིན་ཏུ་ཐ་དད་པ། །མཚུངས་པ་ཉིད་དུ་ཡོད་པར་བརྟགས། །དང་པོ་དངོས་གཞན་དང་མཚུངས་པ། །ནམ་མཁའི་མེ་ཏོག་དེ་ཁྱད་ཡོད། །མཐུན་དང་གཞན་དང་དངོས་པོ་ལས། །གང་གི་བདག་ཉིད་དངོས་དེ་ནི། །གལ་ཏེ་ལྡོག་ན་མཐུན་པའི་རིགས། །དེ་ཉིད་ཀྱིས་
མཚུངས་མ་ཡིན་ནམ། །དེ་ཚེ་མཐུན་པའི་རིགས་རྣམས་ཀྱིས། །མཚུངས་པ་ཉིད་དུ་ཤེས་པར་འགྱུར། །དེ་ཡི་བདག་ཉིད་ཁྱད་མེད་ཕྱིར། །དེ་བཞིན་དུ་ཡང་དེ་ཤེས་མིན། །གང་ཕྱིར་རིགས་མཐུན་པ་ཡི་མིང་། །གང་གིས་འདི་ནི་འགྱུར་བ་ཡིན། །དེ་དང་མཐུན་པའི་བདག་ཉིད་ཀྱང་། །དེ་དང་
རང་བཞིན་ཐ་དད་འགྱུར། །རང་བཞིན་དེ་ཉིད་ཀྱིས་ནི་དེ། །མཐུན་པ་ཞེས་བྱར་རྟོགས་པ་ཡིན། །གཅིག་ཏུ་རྟོགས་པའི་ཤེས་པ་ལ། །རྒྱུ་ཉིད་གཞན་ནི་ཐ་དད་ཕྱིར། །གང་ཕྱིར་གཅིག་པུ་རྟོགས་པ་ལ། །རྒྱུ་ནི་འགའ་ཞིག་ཁོ་ན་སྟེ། །ནུས་པ་རང་བཞིན་ངེས་ཐ་དད། །དབང་པོ་བདུད་རྩི་ལ་
Vol. 191 · folio 64b
སོགས་བཞིན། །གལ་ཏེ་སྔོ་སོགས་ལས་མིན་ནི། །ལྡོག་པའི་ངོ་བོའི་རྟེན་ཉིད་འདོད། །སྔོན་པོ་ལ་སོགས་ཤེས་པ་ནི། །དེ་ནི་ཇི་ལྟར་སྐྱེད་ཡིན་ནམ། །སྔོ་སོགས་ཤེས་སྐྱེད་སྔོན་པོ་ལས། །ཇི་ལྟར་ཐ་དད་ལྡན་པ་ཡི། །རྣ་བས་དེ་ནི་མི་སྐྱེད་དེ། །དེ་བཞིན་མིག་ཀྱང་འདོད་པར་གྱིས། །
སྐྱེད་བྱེད་ལས་ནི་ལྡོག་པ་ཡི། །གང་གཞན་སྐྱེད་བྱེད་དངོས་པོར་འགྱུར། །དེ་ཕྱིར་དངོས་པོ་རྣམས་ལ་ནི། །རྗེས་འགྲོ་ཡང་ནི་ངེས་པ་ཡིན། །རྣམ་པ་གཞན་དུ་ཁྱད་མེད་ཕྱིར། །རྣ་བ་ལ་སོགས་ཐ་དད་ཀྱང་། །དེ་ཡི་སྐྱེད་བྱེད་ཅིས་མི་འདོད། །མིག་གཟུགས་ལ་སོགས་ཁྱད་པར་བཞིན། །སྐྱེད་
བྱེད་ལ་སོགས་ལས་ལྡོག་པ། །མིག་སོགས་པ་ནི་གྲུབ་པ་མིན། །གང་ཕྱིར་ཁྱད་མེད་དེ་དག་ནི། །བདག་ཉིད་ཀྱང་ནི་སྐྱེད་བྱེད་འདོད། །དངོས་པོ་རྣམས་ཀྱི་རང་བཞིན་ལས། །ལྡོག་པ་ཉིད་ནི་དམིགས་མི་འགྱུར། །རང་བཞིན་ལས་ནི་ལྡོག་པ་ན། །རང་བཞིན་མེད་པར་ཐལ་བར་འགྱུར། །སྐྱེད་བྱེད་
གཞན་ལས་དེ་དག་ནི། །ལྡོག་པ་ཉིད་དུ་བརྗོད་པ་ན། །དེས་བསྐྱེད་ངོ་བོ་ཉིད་མ་ཡིན། །དེ་ཡང་ཁོ་བོ་ཅག་ཉིད་འདོད། །དེ་ཡི་སྐྱེད་བྱེད་དེ་ཡང་ནི། །རང་བཞིན་ཉིད་དུ་བརྗོད་པ་ཡིན། །དེ་ཀུན་དེ་ལས་ངེས་པར་ནི། །རང་གི་རྒྱུ་ལས་ཡང་དག་འབྱུང་། །གཅིག་པུའི་བདག་ཉིད་རྗེས་འགྲོའི་ཕྱིར། །
གལ་ཏེ་དེ་དག་སྐྱེད་བྱེད་ཡིན། །བདག་ཉིད་གཅིག་ལའང་དེ་ཡོད་ཡིན། །ལྷན་ཅིག་བྱེད་པ་གཞན་ཅི་ཞིག །ཁྱད་པར་གཞན་ནི་མེད་པའི་ཕྱིར། །གལ་ཏེ་གཅིག་པུ་སྐྱེད་བྱེད་ཕྱིར། །དེ་ཐ་དད་ཕྱིར་ནུས་མིན་ནམ། །ཐ་མི་དད་ཡིན་མ་ཚང་ཅི། །ཇི་ལྟར་རྗེས་འགྲོ་ཁྱད་མེད་ཀྱང་། །ཐམས་ཅད་
ཐམས་ཅད་བྱེད་པ་མིན། །སྣ་ཚོགས་ཉིད་ལ་ཁྱད་མེད་ཀྱང་། །དེ་ལྟ་ཉིད་དུ་ངེས་པར་འགྱུར། །ཐ་དད་འགའ་ཞིག་ཀྱང་སྐྱེད་བྱེད། །རང་བཞིན་གྱིས་ནི་ངེས་པར་འགྱུར། །རྗེས་འགྲོ་ཉིད་ནི་གཅིག་ཅིག་ལ། །སྐྱེད་བྱེད་སྐྱེད་བྱེད་མིན་ཅི་ཞིག །གལ་ཏེ་དེར་ཡང་ཁྱད་ཡོད་ན། །ཡོད་ཆུ་དེ་ཅི་དངོས་དེ་
ཉིད། །དེ་ཐ་དད་ཕྱིར་མི་སྐྱེད་པ། །རྗེས་འགྲོ་ལས་གཞན་མ་ཡིན་ནམ། །དེ་ཉིད་ཡང་དག་པ་ཡི་དོན། །གང་ཞེས་དོན་བྱེད་ནུས་པ་ཡིན། །དེ་ལ་རྗེས་འགྲོ་ཅན་མ་ཡིན། །རྗེས་འགྲོ་གང་དེས་འབྲས་སྐྱེད་མིན། །བདག་ཉིད་གང་ཞིག་མངོན་འདོད་པས། །སྐྱེས་བུ་དེ་ནི་རབ་འཇུག་འགྱུར། །
Vol. 191 · folio 65a
དེ་ལ་གནས་པ་ཉིད་སྤྱོད་པས། །ཐ་དད་ཐ་མི་དད་མི་རྟོགས། །གཞན་དུ་བདག་ཉིད་ཐ་དད་ལ། །ལོག་པ་ཉིད་དུ་མཚུངས་ཉིད་དུ། །ཡོད་ཉིད་དངོས་པོའི་རྗེས་འགྲོ་ན། །རབ་འཇུག་ལ་སོགས་ཐལ་བར་འགྱུར། །བྲམ་ཟེ་གཅེར་བུ་སེར་སྐྱ་བས། །རྟོགས་པས་དཔྱད་པ་ཉིད་
དུ་ནི། །སྣ་ཚོགས་སུ་ནི་བརྗོད་པ་ན། །ཅི་ཞེས་ཕུལ་དུ་བྱུང་བ་སྨྲས། །གསེར་གྱི་ཕོར་བུ་ཆག་པ་ཡིས། །གང་ཚེ་གསེར་གྱི་གདུ་བུར་བྱས། །དེ་ཚེ་སྔ་འདོད་མྱ་ངན་སྐྱེད། །ཕྱི་མ་འདོད་པས་དགའ་བའང་སྐྱེད། །གསེར་འདོད་པ་ནི་བཏང་སྙོམས་སོ། །དེ་ཕྱིར་མངོན་སུམ་བདག་ཉིད་ཅན། །
སྐྱེ་དང་འཇིག་དང་གནས་མེད་ན། །བློ་གྲོས་གསུམ་དུ་འགྱུར་མ་ཡིན། །འཇིག་པ་མེད་ན་མྱ་ངན་མེད། །སྐྱེ་བ་མེད་ན་རྒ་བ་མེད། །གནས་པ་མེད་ན་བཏང་སྙོམས་མེད། །དེས་ནི་སྤྱི་ནི་རྟག་པ་ཉིད། །དེ་ལྟར་དེ་ཡང་རིགས་པ་མིན། །རྟེན་ནི་མི་མཚུངས་ཉིད་ཀྱི་ཕྱིར། །གང་ཕྱིར་སྐྱེ་དང་
གནས་དང་འཇིག །དོན་གཅིག་ལ་ནི་བརྟེན་པ་མིན། །ཕན་ཚུན་འགལ་བ་རྣམས་ལ་ནི། །དུས་ནི་མཚུངས་པ་ཐོབ་པར་འགྱུར། །འདི་ནི་སྐད་ཅིག་འཇིག་པ་ཉིད། །ཡོད་ན་ཐམས་ཅད་འཁྲུལ་མ་ཡིན། །གསེར་ཕོར་གྱི་ནི་དངོས་པོ་ཡང་། །གསེར་གྱི་བདག་ཉིད་རང་བཞིན་ལས། །
རྗེས་འགྲོ་མེད་པར་འཇིག་པ་ཡིས། །འགའ་ཞིག་ལ་ནི་མྱ་ངན་སྐྱེད། །རྣམ་ཀུན་སྔོན་ནི་མེད་ངོ་བོའི། །དེ་ཡི་བདག་ཉིད་གདུ་བུ་ནི། །འབྱུང་བ་ན་ནི་དགའ་བ་བསྐྱེད། །གང་ན་ཡང་ནི་བརྟན་པ་མེད། །གསེར་གྱི་བདག་ཉིད་དངོས་པོ་དག །གང་ཚེ་མཐོང་བ་བློ་གྲོས་རྨོངས། །འདྲ་བ་གཞན་
ནི་འབྱུང་བ་ན། །དེ་ཚེ་བརྟན་པ་ཉིད་དུ་སེམས། །གསེར་ནི་བརྟན་པའི་ངོ་བོ་ཉིད། །དེ་ཡི་ངོ་བོ་གདུ་བུ་ཡང་། །སྔ་ཕྱི་ལ་སོགས་གནས་སྐབས་ལ། །མཐོང་འགྱུར་གཞན་གྱི་དུ་མ་ཉིད། །དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་ལས་འགྱུར་བར་སྨྲ་བ་བརྟག་པ་སྟེ་ཉི་ཤུ་རྩ་བཞི་
པའོ།། །།གསེར་གྱི་རྗེས་འགྲོ་མཚུངས་པ་ཡི། །དུས་གཉིས་རྗེས་འགྲོ་མ་ཡིན་ནོ། །གནས་སྐབས་ཐ་དད་ལྡན་དངོས་པོ། །འགའ་ཞིག་སངས་རྒྱས་པ་ཡང་འདོད། །གནས་སྐབས་ཐ་དད་ཡོད་ན་ཡང་། །ཇི་ལྟར་ཁ་དོག་མ་སྤངས་གསེར། །དུས་གསུམ་
Vol. 191 · folio 65b
དུ་ནི་དེ་བཞིན་དངོས། །འདི་ནི་རྫས་མ་སྤངས་པ་མིན། །འདས་དང་མ་འོངས་པའི་ཤེས་པ། །གཞན་དུ་ཡུལ་མེད་པར་ནི་འགྱུར། །གཉིས་ལ་བརྟེན་པའི་རྣམ་ཤེས་ནི། །སྐྱོབ་པས་ཇི་ལྟར་གསུངས་པ་ཡིན། །འདས་པའི་ལས་ཀྱང་ཡོད་མིན་ན། །ཇི་ལྟར་འབྲས་བུ་སྟེར་
བར་འདོད། །འདས་དང་མ་འོངས་ཤེས་དབྱེ་བ། །རྣལ་འབྱོར་པ་ལ་ཇི་ལྟར་འགྲུབ། །དེ་ཕྱིར་འདས་དང་མ་འོངས་པའི། །ཡུལ་ནི་རྫས་སུ་མེད་པ་མིན། །དུས་ཀྱིས་བསྡུས་པའི་གཟུགས་ལ་སོགས། །དངོས་པོ་ལ་སོགས་ད་ལྟར་བཞིན། །གང་ལས་དུས་ཐ་དད་རྗེས་འགྲོ། །དེ་
ལྟར་འདི་ནི་བསམ་མི་བྱ། །གང་ཕྱིར་བྱེད་པས་རྣམ་ཕྱེ་བ། །འདིར་ནི་དུས་རྣམས་རྟག་པར་འགྱུར། །བྱེད་པ་ལ་ནི་གང་གནས་པ། །དེ་ནི་དེ་ལྟ་བ་རུ་བརྗོད། །བྱེད་པ་ཞིག་ལ་འདས་པ་སྟེ། །དེ་མ་ཐོབ་པ་མ་འོངས་པ། །བྱེད་པ་འབྲས་བུ་འདྲེན་པ་སྟེ། །ཆོས་རྣམས་ཀྱི་ནི་སྐྱེད་བྱེད་
མིན། །འདས་པ་འདྲེན་པ་ཡོད་མིན་ཏེ། །དེ་ལ་བྱེད་པ་ཡོད་མ་ཡིན། །དེ་དག་ཆོས་ལ་བྱེད་པ་འདི། །གཞན་ཉིད་དམ་ནི་དེ་ཉིད་དུ། །ཁས་ལོང་གང་ཕྱིར་གཞན་འགྲོ་བའི། །དངོས་པོ་ཉིད་དུ་ཡོད་མ་ཡིན། །གཞན་ཉིད་དུ་ནི་གནས་པ་ན། །སྔ་ཕྱི་ལ་ཡང་རང་བཞིན་མེད། །རྒྱུ་ཉིད་
འདུས་བྱས་ཉིད་སོགས་བཞིན། །བྱེད་པ་ཡང་ནི་རྟོགས་པར་གྱིས། །རང་བཞིན་རྟག་ཏུ་གནས་པའི་ཕྱིར། །གཞན་དུ་རྟག་པ་ཉིད་དུ་འགྱུར། །གང་ཕྱིར་གཟུགས་ལས་ཐ་དད་པའི། །རྟག་པའི་མཚན་ཉིད་ཡོད་པ་མིན། །རིམ་དང་རིམ་མིན་འགལ་བའི་ཕྱིར། །རྟག་པ་ཡི་ནི་རྒྱུ་ཉིད་
ནི། །སྔར་སུན་ཕྱུང་སྟེ་འདུས་བྱས་ནི། །རྟག་པ་ལ་ནི་གསལ་བརྟེན་མིན། །ཕུང་པོ་ལ་སོགས་ཐ་དད་པའི། །བྱེད་པ་རུ་ནི་རྗོད་བྱེད་པ། །རང་གི་གྲུབ་མཐའ་དང་འགལ་བ། །བཟློག་པར་དཀའ་བར་ཐལ་བར་འགྱུར། །གཞན་ཉིད་མིན་ཡང་བྱེད་པ་ནི། །ཆོས་དང་ཐ་མི་དད་པའི་
ཕྱིར། །ཆོས་ཀྱི་རང་གི་ངོ་བོ་བཞིན། །དུས་ཀུན་ཏུ་ནི་ཐལ་བར་འགྱུར། །དེས་ན་དུས་ཀྱི་རྣམ་དབྱེ་འདི། །དེ་ཡི་དབང་གིས་རྟག་མི་འགྱུར། །དེ་ཡི་རྣམ་པར་དབྱེ་བ་ཡིན། །ཞིག་དང་ཐོབ་དང་མ་ཐོབ་མེད། །བྱེད་དང་ཐ་མི་དད་པའི་ཕྱིར། །ཆོས་ནི་བྱེད་པ་བཞིན་དུ་འགྱུར། །སྔོན་
Vol. 191 · folio 66a
དང་ཕྱི་མ་རྣམ་གཅོད་ཅིང་། །དབུས་ཙམ་དུ་ནི་ཡོད་པ་ཅན། །རྒྱུན་དུ་བྱེད་པ་ཡོད་པ་མིན། །ཆོས་ནི་རྟག་ཏུའང་ཡོད་པར་བརྗོད། །ཆོས་ལས་གཞན་ནི་བྱེད་པ་མིན། །ལྷ་ཡི་སྤྱོད་པ་བསལ་བ་ཡིན། །བྱེད་པ་གཞན་ནི་ལྟོས་བཅས་ན། །གལ་ཏེ་དེར་ཡང་དུས་གནས་
པ། །མཚུངས་པར་རྗེས་སུ་རྩོད་པ་ནི། །ཀུན་དུ་འགྲོ་བ་མ་ཡིན་ནམ། །རང་གི་ངོ་བོ་ཐ་མི་དད། །གལ་ཏེ་ཁྱད་པར་མཐོང་ན་ཡང་། །ཐོགས་དང་བཅས་པ་ཉིད་བཞིན་དུ། །དེ་ནི་རང་བཞིན་ལ་ཕན་མིན། །དངོས་པོ་རྗེས་སུ་འགྲོ་བ་ལས། །ཐོགས་དང་བཅས་པ་ཉིད་སོགས་ནི། །འགའ་
ཞིག་རེས་འགའ་བར་འདོད་མིན། །དངོས་པོ་ཉིད་དུ་བརྗོད་ཕྱིར་རོ། །གཞན་གྱི་བྱེ་བྲག་འགུགས་པ་མིན། །དངོས་པོ་ཉིད་དུ་དེ་ལྟར་བརྗོད། །གཟུགས་ཀྱིས་དེ་ཞེས་སྒྲ་ཡིས་ནི། །འོན་ཀྱང་སེམས་ཀྱི་བག་ཆགས་སོ། །བྱེད་པ་རྒྱུན་ལ་སོགས་པ་བཞིན། །དེ་ཉིད་གཞན་ཉིད་རྣམ་པ་
ཡིས། །འོན་ཏེ་བརྗོད་དུ་མེད་པར་བརྗོད། །བྱེད་པ་རྒྱུན་ལ་སོགས་པ་བཞིན། །དེ་ལྟར་ཀུན་རྫོབ་མ་ཡིན་ནམ། །དེས་ན་རྟག་པ་ཉིད་ཀྱིས་ནི། །རྒྱུ་བཞིན་དུ་ནི་འབྲས་བུ་ལའང་། །དེ་ནི་གང་དུའང་དགོས་པ་མིན། །གང་ཕྱིར་དངོས་ཉིད་དོན་བྱེད་ནུས། །དེ་དང་འདི་ནི་ཉེ་བ་སྟེ། །ངོ་
བོ་ཉིད་དུ་ཡོད་མ་ཡིན། །དེ་ཡིས་བྱས་པའི་དུས་གསུམ་གྱི། །རྣམ་གཞག་དེ་ཉིད་དུ་མི་འཐད། །བྱེད་པ་ཞེས་བྱའི་འབྲས་འགུགས་པའི། །ནུས་གསང་སྒྲ་ཡི་སྤྱོད་ཡུལ་མིན། །ནུས་པ་ཁོ་ནའི་དངོས་ཉིད་ཕྱིར། །ཐ་སྙད་དུ་དེ་ཇི་ལྟར་ཡོད། །གང་འདི་དངོས་པོ་སྣང་བ་ནི། །བཙོ་
དང་སྲེག་སོགས་འབྲས་བུར་བྱེད། །འདས་དང་མ་འོངས་པར་གནས་པ། །དེ་ཉིད་ཁས་ལེན་བྱེད་དམ་ཅི། །གལ་ཏེ་ཉིད་ཅེས་བྱ་བ་དེ། །དེ་ཉིད་གཅིག་པུའི་བདག་ཉིད་ཡོད། །བྱེད་དང་བྱེད་པའི་ངོ་བོ་ནི། །ཞིག་པ་ཞེས་བྱ་ཇི་ལྟར་ཡིན། །དངོས་པོ་གཅིག་པུ་འདི་ཉིད་ལ། །ཁྱད་པར་
མེད་ན་ཕན་ཚུན་དུ། །འགལ་བའི་རྣམ་པ་དེ་དག་ཏུ། །ཇི་ལྟ་བུར་ན་རིག་པ་ཡིན། །གནས་སྐབས་གཅིག་ནི་ཡོངས་བཏང་ནས། །གནས་སྐབས་གཞན་ནི་ཡོངས་འཛིན་ཕྱིར། །དེ་ནི་ཁྱད་མེད་མ་ཡིན་ཏེ། །ཁྱད་པར་མེད་ཅེས་བཏགས་པ་ཡིན། །དངོས་པོ་གནས་སྐབས་ཐ་དད་
Vol. 191 · folio 66b
ཅིང་། །མ་ཡིན་བྱེད་པོ་མི་འཐོབ་ཕྱིར། །དེ་དག་ཉིད་ནི་ཡོད་པའི་ཕྱིར། །འབྲས་བུ་ཡོད་པར་དམིགས་པར་འགྱུར། །དུས་རྣམས་སུ་ནི་དངོས་དེ་དག །ཐ་མི་དད་པ་ཇི་ལྟར་འགྱུར། །མ་བྱུང་བ་ནི་བྱུང་བ་དག །འཇིག་འགྱུར་དེ་བདག་ཉིད་ཅི་ལྟར། གནས་སྐབས་སུ་ཡང་དབུས་མ་ལ། །རང་
བཞིན་གྱིས་ནི་བྱེད་པོ་ཉིད། །དེ་ཕྱིར་དེ་ཉིད་རང་ངོ་བོ། །དེ་ཉིད་གནས་སྐབས་གཞན་དག་ལའང་། །དེ་ཡི་བྱེད་པ་ཞིག་པ་དང་། །དེ་ཡི་དེ་དག་ཇི་ལྟར་འདོད། །གཞན་གྱི་ངོ་བོས་བྱེད་པ་ན། །བྱེད་པ་ཉིད་ནི་ཐོབ་པའང་མེད། །འདས་དང་མ་འོངས་པར་གནས་པའི། །མེ་སོགས་གལ་ཏེ་གཞན་
ཡིན་ན། །དེ་ཕྱིར་འདྲེས་སོགས་སྐྱོན་དེ་ནི། །ཕྱོགས་འདི་ལ་ནི་གཞི་མེད་པ། །ད་ལྟར་མ་བྱུང་དེ་ཉིད་ནི། །འབྲས་བུ་སྐྱེར་རུང་འབྱུང་བ་ནི། །འབྱུང་བ་དེ་ནི་གནས་པ་མིན། །འདི་རྗེས་འགྲོ་མེད་བདག་ཉིད་གྲུབ། །གང་ཕྱིར་དོན་བྱེད་ནུས་པ་ནི། །དེ་ཉིད་ཡང་དག་དངོས་པོ་སྟེ། །དེ་དག་ལ་
ནི་དེ་ཡང་མེད། །གང་ཡོད་དེ་ལས་འབྲས་མི་འབྱུང་། །མ་བྱུང་བ་ནི་བྱུང་བའི་ཕྱིར། །འདས་པ་ཡང་ནི་དངོས་པོ་འདི། །གཞན་བཞིན་ད་ལྟར་བ་བསལ་ཐོབ། །རེས་འགའ་ལ་ནི་ཉིད་ཀྱིས་ཀྱང་། །རྒྱུ་མེད་གཞན་ལ་མི་ལྟོས་ཕྱིར། །རྟག་ཏུ་ཡོད་པའང་མེད་པར་འགྱུར། །རྒྱུ་ནི་ངེས་པར་
ཡོད་པ་ཅན། །དོན་ནི་ད་ལྟར་རབ་ཏུ་བརྗོད། །སོ་སོར་བརྟགས་པའི་འགོག་པ་ལས། །མཚན་ཉིད་མི་འདོད་གཞན་དག་འདོད། །གཟུགས་ལ་སོགས་པའི་འདུས་བྱས་ཉིད། །སྐྱེ་དང་གནས་སོགས་འབྲེལ་པའི་ཕྱིར། །དེ་ལ་སྐྱེ་བའི་ཁྱད་པར་གང་། །བསྐྱེད་པས་སྐྱེད་བྱེད་བརྗོད་པ་ཡིན། །
འདི་ཞེས་བྱ་བ་ཡོད་པའི་དངོས། །མ་སྐྱེས་དེ་ཉིད་གཞན་ཉིད་ཡིན། །དེ་ལས་གཞན་མིན་ཁྱད་པར་ནི། །རེ་ཞིག་བྱེད་པར་ནུས་མ་ཡིན། །ཡིད་ཕྱིར་སྔར་ཡང་གྲུབ་པའི་ཕྱིར། །གྲུབ་པ་ཡིས་ནི་དུས་ཕྱིས་བཞིན། །འདི་ནི་ཁྱད་པར་གཞན་ཉིད་མིན། །ཐ་དད་ཕྱིར་དང་མ་འབྲེལ་ཕྱིར། །དེ་ནི་
སྔ་མ་མེད་པའི་ཕྱིར། །ཡོད་པའི་འབྲས་བུར་ཐལ་བར་འགྱུར། །རྣམ་པ་གཞན་དང་གནས་དང་འཇིག །གཞན་ཉིད་དེ་ཉིད་བརྟགས་པ་དང་། །རྒས་སོགས་ཡུལ་གྱི་སྐྱོན་རྣམས་ནི། །དེ་དག་ཁོ་ནར་ཡོངས་སུ་སྦྱར། །ནུས་པ་ངེས་པའི་བདག་ཉིད་ཀྱིས། །འདི་དག་རང་གི་འབྲས་བུ་
Vol. 191 · folio 67a
སོགས། །རིགས་ལ་སོགས་པའང་དེའི་ངོ་བོར། །སྔ་ཕྱི་ལ་ཡང་ཡོད་པ་མིན། །ནུས་པའི་ངོ་བོ་ཡོད་པའི་ཕྱིར། །རང་དང་མཐུན་པའི་བྱ་བ་ནི། །དེ་ཚེ་ཅི་ཕྱིར་རྩོད་པ་མིན། །དེ་རྩོམ་དཔག་མེད་དུས་ནི་ཐོབ། །འོན་ཀྱང་འདས་དང་མ་འོངས་དངོས། །སྐད་ཅིག་མ་འམ་
མིན་པ་ནི། །དེ་དག་སླར་ཡང་ཐོག་མ་ནས། །དེས་ནི་དཔག་མེད་དུས་ཐོབ་འགྱུར། །དེ་སྐྱེས་པ་ཡི་སྐད་ཅིག་གང་། །དེས་ནི་དེ་ལྟ་བ་རུ་བརྗོད། །སྐྱེས་ནས་འཇིག་པ་གང་ཡིན་པ། །དེ་ནི་འདས་པ་འབྱུང་མ་འོངས། །འོན་ཏེ་དེ་དག་སྐད་ཅིག་མིན། །ཁྱེད་ཀྱི་གྲུབ་མཐའ་དང་འགལ་
འགྱུར། །འདུས་བྱས་ཐམས་ཅད་སྐད་ཅིག་མར། །གྲུབ་མཐའ་ལས་ནི་རབ་ཏུ་བཤད། །རིག་པས་གནས་ཀྱང་ཡོད་ན་ནི། །ངེས་པར་སྐད་ཅིག་མར་འཇིག་ཡིན། །ད་ལྟར་བ་བཞིན་འདིར་ཡང་ནི། །འབྲེལ་པ་སྔར་ནི་བསྒྲུབས་པ་ཡིན། །འདི་དག་འདིས་ནི་མ་འོངས་པ། །དོན་བྱེད་
ནུས་པ་ཡིན་ནམ་མིན། །དོན་བྱེད་ནུས་པ་ཡོད་པ་ན། །ད་ལྟར་བ་ནི་དེ་གཞན་བཞིན། །ད་ལྟར་བ་ནི་མ་ཡིན་ན། །ནུས་པ་ཐམས་ཅད་དང་བྲལ་ཕྱིར། །ནམ་མཁའི་པདྨ་ལ་སོགས་བཞིན། །འཇིག་དང་མི་སྐྱེད་ཐལ་བར་འགྱུར། །བརྒལ་ཞིང་བརྟག་པ་མཚུངས་པར་བྱས། །མ་ངེས་
པར་ནི་བརྟག་པ་ལས། །དེ་དག་ཀྱང་ནི་རྒྱུ་མཚན་མིན། །དོན་བྱེད་ནུས་པར་ངེས་པ་ནི། །དངོས་པོ་རྣམས་ཀྱི་རྐྱེན་ལས་སོ། །རྒྱུ་མེད་ཉིད་ཀྱིས་མཚུངས་པ་ནི། །ཐམས་ཅད་ཐམས་ཅད་ལ་དངོས་ཡིན། །ངེས་པར་དོན་བྱེད་ནུས་པ་ཡི། །སྐྱེ་བ་རྐྱེན་གྱིས་ངེས་པར་འབྱུང་། །ད་ལྟར་བ་ཡི་
དངོས་པོ་ཡི། །མཚན་ཉིད་ཡོད་པས་གཞན་ཡོད་མིན། །འདས་དང་མ་འོངས་པ་དག་ལ། །དེ་ཉིད་ཁྱེད་ལ་མ་ཉམས་ཡོད། །དེ་ཕྱིར་ད་ལྟ་བ་ཉིད་ནི། །དེ་དག་ལས་ནི་ཅིས་མི་འབྱུང་། །དེས་ན་མཐོ་རིས་ཐར་པ་ཡི། །འབྲེལ་པའི་བརྩོན་པ་འདི་དོན་མེད། །འབད་པས་འབྲས་བུ་
བསྒྲུབས་པ་ནི། །དེ་ནི་ཅུང་ཟད་དམིགས་སུ་མེད། །འོན་ཏེ་དོན་བྱེད་ནུས་པ་ཡང་། །མེད་པར་དེ་དག་ལ་ཁས་ལེན། །དེ་ལྟར་ཡིན་ན་དེ་ཡི་ཕྱིར། །གཏན་ཚིགས་རྣམས་ནི་དངོས་མེད་ཆོས། །མ་གྲུབ་ཕྱིར་ན་གྲུབ་རྟེན་མིན། །ད་ལྟར་ཉིད་ནི་གྲུབ་པས་ན། །འགལ་ཡིན་ཆོས་ཅན་ལ་གནོད་
Vol. 191 · folio 67b
ཕྱིར། །བྱུང་ནས་གཟུགས་ནི་གང་སོང་བ། །དེར་ནི་འདས་པ་རབ་ཏུ་བཤད། །རྐྱེན་དང་ལྡན་པ་ཡོད་པས་ན། །གང་བྱུང་དེ་ནི་མ་འོངས་པ། །ཡོད་པ་ད་ལྟར་བ་ཉིད་དུ། །འགྱུར་བ་ཞེས་བྱར་བསྒྲུབས་པ་ཡིན། །གང་ཕྱིར་ཡོད་པ་མཚན་ཉིད་ནི། །ད་ལྟ་བ་ཡི་མཚན་ཉིད་ཡིན། །
འདས་ལ་སོགས་པ་གཟུགས་སོགས་ཉིད། །དེ་བཞིན་འབྱུང་བའི་ཁོངས་ཆུད་དེ། །སྒྲོ་བཏགས་གནས་སྐབས་འདི་ལ་ནི། །བཤད་པ་ཡིན་ཏེ་ཡང་དག་མིན། །གཉིས་ལ་བརྟེན་པའི་ཤེས་པ་ནི། །གང་གསུངས་དེ་ཉིད་གཟིགས་པ་ཡི། །ཡུལ་དང་བཅས་པས་སེམས་དགོངས་
ནས། །དེ་ནི་བརྟན་པར་བཞེད་པ་ཡིན། །རྟག་པའི་དབང་ཕྱུག་སོགས་ཀྱི་བློ། །གང་ཕྱིར་དམིགས་པ་མེད་པ་ཡིན། །སྒྲ་དང་མིང་ལ་སོགས་པའི་ཆོས། །དེ་ཡི་རྣམ་པ་དང་བྲལ་ཕྱིར། །རྟོག་པའི་རྗེས་འགྲོ་ཙམ་གྱིས་ནི། །རྣམ་ཤེས་ཞེས་བྱར་བཤད་པ་ཡིན། །དེ་འདིར་བེམས་པོ་
ངོ་བོ་ཉིད། །རབ་གསལ་ནས་ནི་ཡོངས་བརྟགས་ཡིན། །འདས་པ་རྣམ་སྨིན་རྒྱུ་འབྲས་ནི། །སྟེར་བ་ཁས་ལེན་མ་ཡིན་ཏེ། །དེ་ཡི་བག་ཆགས་ལྡན་ཤེས་པའི། །རྒྱུ་ལས་འབྲས་བུ་འདོད་པ་ཡིན། །དེ་ཉིད་ཀྱང་ནི་བག་ཆགས་ཀྱི། །སེམས་ཀྱི་རྒྱུ་ལ་བརྟེན་ནས་ནི། །ལས་དེ་ཡོད་
ཅེས་ཉེར་བཏགས་ཏེ། །བརྟེན་པས་དངོས་པོ་མི་འཇིགས་བཞིན། །ཆད་པའི་ལྟ་བ་སྤངས་བྱའི་ཕྱིར། །དེ་ལྟར་བསྟན་བཅོས་ལས་བཤད་ཡིན། །རྣམ་པ་གཞན་དུ་སྟོང་ཉིད་མདོར། །གསུངས་པ་དེ་ནི་ཇི་ལྟར་འདོད། །དངོས་སམ་བརྒྱུད་པའི་སྒོ་ནས་ནི། །རྒྱུ་འམ་འབྲས་བུ་ཉིད་གྱུར་པ། །
ད་ལྟ་བ་ཡི་ངོ་བོ་གང་། །དེ་ནི་རྣལ་འབྱོར་བ་དག་ཤེས། །རྣམ་རྟོག་རྗེས་འགྲོའི་བདག་ཉིད་ཀྱི། །དད་པ་འཇིག་རྟེན་པའི་ཡེ་ཤེས། །དེ་ཉིད་དུ་ནི་ཡུལ་མེད་ཀྱང་། །སླར་ཡང་རྗེས་སུ་ཤེས་པ་ཡིན། །དེས་ན་རྒྱུ་དང་འབྲས་བུ་ནི། །འདས་དང་མ་འོངས་པ་ཡི་རྒྱུན། །དེ་ལ་རྟེན་ནས་རབ་འཇུག་འགྱུར། །འདས་
དང་མ་འོངས་བསྟན་པའོ། །རྟོག་པའི་དྲ་བ་མ་ལུས་པ། །སྤངས་པའི་ཡེ་ཤེས་རྒྱུན་ལྡན་པའི། །དེ་བཞིན་གཤེགས་པའི་བསྟན་པ་ནི། །ལྷུན་གྱིས་གྲུབ་པར་འཇུག་པ་ཡིན། །དེ་ཁོ་ན་ཉིད་བསྡུས་པའི་རབ་ཏུ་བྱེད་པ་ལས་དུས་གསུམ་བརྟག་པ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།
Vol. 191 · folio 68a
གལ་ཏེ་དངོས་པོའི་རྗེས་འགྲོ་བ། །འདིར་ནི་ཅུང་ཟད་ཡོད་མ་ཡིན། །དེ་ཚེ་འཇིག་རྟེན་ཕ་རོལ་པ། །མེད་ཕྱིར་འཇིག་རྟེན་ཕ་རོལ་མེད། །ལུས་དང་བློ་དང་དབང་པོ་སོགས། །སོ་སོར་སྐད་ཅིག་འཇིག་པའི་ཕྱིར། །འཇིག་རྟེན་ཕ་རོལ་པ་རིགས་མིན། །གཞན་ནི་ཁས་
ལེན་མ་བྱས་པས། །དེ་ཡི་འབྱུང་བའི་ཁྱད་པར་ལས། །དེ་ལྟར་དེ་དག་ལས་ཤེས་ཉིད། །ཇི་ལྟར་རྒྱུ་དང་ནུས་སོགས་བཞིན། །སྐྱེ་བའི་གསལ་བར་བྱེད་པའོ། །དེ་ཡང་ས་ལ་སོགས་པ་ཡི། །ཁྱད་པར་རྣམས་ལ་འཇུག་པ་སྟེ། །ལུས་དང་དབང་པོ་སོགས་ཀྱི་མིང་། །གཞན་ནི་དེ་ཉིད་
དུ་ཡོད་མིན། །རྩོད་པའི་གཞིར་གྱུར་སེམས་དག་ནི། །ཐ་དད་ལུས་ལ་གནས་པའི་ཕྱིར། །རྒྱུ་འབྲས་ཉིད་ནི་ཡོད་པ་མིན། །བ་ལང་རྟ་ཡི་ཤེས་པ་བཞིན། །བརྗོད་པར་འདོད་པའི་ཤེས་པ་ཡིས། །བློ་རྣམས་སྐྱེད་པར་འདོད་པ་མིན། །ཤེས་པ་ཉིད་ཕྱིར་རྒྱུད་གཞན་དང་། །འབྲེལ་པའི་
བློ་རྣམས་ལྟ་བུའོ། །ཆགས་པ་དང་བཅས་འཆི་ཀའི་སེམས། །སེམས་གཞན་དང་ནི་འབྲེལ་བྱེད་མིན། །འཆི་བའི་སེམས་ཀྱི་ངོ་བོའི་ཕྱིར། །ཉོན་མོངས་བྲལ་བ་དེ་ཇི་བཞིན། །དེ་ཕྱིར་སྲོག་རྩོལ་སོགས་བྱིན་རླབས། །ལུས་ཉིད་ལས་ནི་ཤེས་པ་ནི། །སྐྱེ་བར་འགྱུར་བ་རིགས་སོ་
ཞེས། །ཟླ་བ་ཅན་དང་རྟ་མཆོག་ཟེར། །ནུར་ནུར་པོ་སོགས་ཤེས་ཡོད་ལ། །རིགས་པ་མེད་པར་སྨྲ་བ་ཡིན། །དབང་པོ་དག་ནི་མ་སྐྱེས་ཕྱིར། །དེ་ལ་རྟོགས་བྱའི་དོན་ནི་མེད། །དོན་རྟོགས་པ་ལས་གཞན་ཉིད་དུ། །ངོ་བོའི་ཤེས་པ་རིགས་པ་མིན། །དེ་ཚེ་ནུས་པའི་ངོ་བོ་ཡིས། །བློ་ཞེས་བྱ་
བའང་ཡོད་པ་མིན། །ནུས་པ་རྣམས་ནི་རྟེན་མེད་པར། །གནས་པར་འཐད་པ་མ་ཡིན་ཏེ། །ཤེས་པའི་རྟེན་གྱི་བདག་ཉིད་ནི། །ཡོད་ན་ལུས་ཉིད་དེ་ཡི་རྟེན། །མཐར་ནི་ལུས་ནི་ལྡོག་པ་ན། །ཤེས་པའི་འཇུག་པ་ཅི་ལ་བརྟེན། །དེ་ཡི་དེ་མ་ཐག་བྱུང་བའི། །གལ་ཏེ་ལུས་གཞན་ལ་བརྟེན་ན། །
ལུས་གཞན་མཐོང་བ་མེད་པས་ནི། །དེ་ནི་ཡོད་པར་ཇི་ལྟར་ཤེས། །གླང་པོ་རྟ་སོགས་སེམས་བཞིན་དུ། །ཐ་དད་ལུས་ལ་འཇུག་པས་ན། །ཤེས་པ་དེ་ནི་རྒྱུན་གཅིག་པུ། །འབྲེལ་པ་རུ་ནི་ཇི་ལྟར་འགྱུར། །དེ་ཕྱིར་ཤེས་པའི་རྟེན་གཅིག་ནི། །ཐོག་མཐའ་མེད་པའི་སྐྱེས་བུ་འགའ། །
Vol. 191 · folio 68b
འཁོར་བ་པར་ནི་འདོད་པར་གྱིས། །ཡང་ན་མེད་པ་ཉིད་ཁས་ལོང་། །དེ་ལ་འཇིག་རྟེན་ཕ་རོལ་ནི། །ཉེ་བར་ལེན་དང་བླང་བྱ་རུ། །འགྱུར་བའི་ཤེས་རྒྱུན་ལ་སོགས་ལས། །འགའ་ཞིག་གཞན་ནི་ཡོད་མ་ཡིན། །དེ་ཡི་ཐོག་མཐའ་མེད་པ་ཡི། །སྔོན་དང་ཕྱི་མ་ད་ལྟར་གྱི། །འགའ་ཞིག་
ངེས་པའི་བར་མཚམས་ཀྱི། །གནས་སྐབས་ཉིད་དུ་ཡོངས་སུ་བཤད། །མཐོང་བའི་བདེ་བ་ཙམ་ཞེན་པས། །ཇི་ལྟར་དེ་ཙམ་བརྟག་པ་ཡིན། །འཇིག་རྟེན་ཕ་རོལ་ཡུལ་གཞན་སོགས། །དེ་ལྟར་དེ་ནི་ཁོ་བོ་སྨྲ། །གལ་ཏེ་དེ་དང་ཐ་དད་པའི། །འཇིག་རྟེན་ཕ་རོལ་བཀག་ཡིན་ན། །དེ་ཚེ་
བསྒྲུབ་པ་དོན་མེད་དེ། །དེ་མེད་ཉིད་ལ་རྩོད་མེད་ཕྱིར། །རྒྱུན་ནི་དངོས་མེད་མ་ཡིན་ཕྱིར། །གནས་སྐབས་གཞན་ནི་ཡོད་པ་མིན། །དེ་ལ་གནས་པའི་འཇིག་རྟེན་ནི། །ཕ་རོལ་ཇི་ལྟར་དེ་ཉིད་ཀྱིས། །དེ་ལྟར་མ་ཡིན་རྒྱུན་གྱི་སྒྲས། །སྐད་ཅིག་རྒྱུན་ཅན་དེ་དག་ནི། །ཟོར་ཡང་ཕྱིར་ན་ནགས་
ཚོགས་བཞིན། །མ་ལུས་པས་ནི་རབ་བསྟན་ཏེ། །གཅིག་པུ་ཉིད་དུ་བརྟགས་པ་ནི། །དེ་ཉིད་གཞན་ཉིད་སོགས་བརྗོད་མེད། །ནམ་མཁའི་མེ་ཏོག་ཕྲེང་བ་བཞིན། །རང་བཞིན་མེད་པ་ཉིད་དུ་འདོད། །དེ་ཡང་ཐོག་མཐའ་མེད་པ་ནི། །ཇི་ལྟར་ཡང་དག་བསྒྲུབ་པར་འགྱུར། །གལ་ཏེ་
ཐོག་མར་འདོད་པའི་སེམས། །དེ་ནི་རྒྱུ་མེད་འགྱུར་བའམ། །ཡང་ན་བརྟག་པའི་རྒྱུ་ལས་བྱུང་། །དེ་ཡང་རང་བཞིན་ཉིད་ཀྱིས་རྟག །འབྱུང་བ་ཙམ་ལས་བྱུང་བའམ། །ཡང་ན་གཞན་ཤེས་ཙམ་ལས་བྱུང་། །མ་ལ་སོགས་པ་ཐོག་མའི་སེམས། །དེ་ལ་རྒྱུ་མེད་རེས་འགའ་བར།
རིགས་མིན་གཞན་དུ་དེ་ཡི་ནི། །ཡོད་ཉིད་རྟག་ཏུ་སྣང་བར་འགྱུར། །རྟག་པའི་ཡིད་དུས་ཕྱོགས་དང་ནི། །དབང་ཕྱུག་བདག་སོགས་ཀྱིས་བྱས་མིན། །དེ་ཉིད་ཀྱིས་ན་རྟག་ཡོད་མིན། །ཐལ་འགྱུར་ཕྱིར་རོ་དེ་མེད་ཕྱིར། །རྣམ་ཤེས་གཅིག་པུ་རྟག་པ་ཡི། །རང་བཞིན་ཞེས་སྨྲ་གཟུ་ལུམས་
ཡིན། །གཟུགས་དང་སྒྲ་སོགས་ཀྱི་སེམས་དག །གསལ་བར་ཐ་དད་སྣང་བའི་ཕྱིར། །ས་དང་ཆུ་དང་མེ་སོགས་པའི། །འབྱུང་བ་ལས་ནི་སྐྱེས་པ་དང་། །གསལ་བ་མིན་པའི་སེམས་རྣམས་ནི། །ཅིག་ཅར་འབྱུང་བར་ཐལ་བར་འགྱུར། །འབྱུང་བ་བཞི་པོ་དེ་ཡང་ནི། །གཞན་གྱིས་
Vol. 191 · folio 69a
བསྟན་པའི་ངོ་བོར་འདོད། །ལྷན་ཅིག་བྱེད་པའི་ལྟོས་ལ་ཡང་། །འོན་ཏེ་འདི་ཉིད་སྐད་ཅིག་མར། །གཞན་དག་གིས་ཀྱང་བརྗོད་ན་ནི། །དེ་ལྟར་ཡིན་ན་དེ་དག་གི །ཇི་ལྟར་གྲུབ་མཐའ་ལ་མི་གཏོད། །དེ་ནི་ངེས་པར་གནོད་གྱུར་ཀྱང་། །རིགས་པ་ཡིན་ཞེས་ཁས་
ལེན་བྱེད། །སྔར་བཤད་རིགས་པས་སྐད་ཅིག་མར། །ཐམས་ཅད་ཉིད་དུ་རིགས་པ་ཡིན། །རང་གི་ཕྱོགས་ལ་ལྟོས་མེད་ཅིང་། །གལ་ཏེ་རིགས་པའི་རྗེས་ཆགས་ན། །འབྱུང་བ་ཉིད་ནི་ཡོད་མིན་པའི། །རིགས་པའི་མཆོག་འདི་འདོད་པར་གྱིས། །དེ་དག་ཡན་ལག་ཅན་དངོས་མེད། །
རྡུལ་ཕྲན་དངོས་ཉིད་ཀྱང་རིགས་མིན། །རྡུལ་ཕྲན་རྣམས་ནི་མེད་པའི་ཕྱིར། །དེ་ལྟར་དེ་ནི་འཆད་པར་འགྱུར། །བག་ཆགས་ཡོངས་སུ་སྨིན་པས་ན། །ཕྱི་རོལ་མེད་པའི་ངོ་བོ་ནི། །རྣམ་ཤེས་ལ་ནི་སོ་སོར་སྣང་། །རྨི་ལམ་སོགས་མཚུངས་གཞན་དུ་མིན། །རྣམ་ཤེས་ཉིད་ཀྱི་སྣང་བ་
ལ། །བརྟེན་ནས་རབ་ཏུ་བརྟགས་པ་ཡིན། །གལ་ཏེ་འབྱུང་བ་བཞི་པོ་ནི། །རྨི་ལམ་སྒྱུ་མ་དང་འདྲ་སྟེ། །དེ་ཚེ་དེ་ལས་གཞན་མེད་ཕྱིར། །རྒྱུ་ཉིད་དུ་ནི་མི་འཐད་དོ། །སྔར་གྱུར་འབྱུང་བ་ངེས་གནས་པ། །ཤེས་པས་གཞན་ནི་སྐྱེད་བྱེད་ཡིན། །གལ་ཏེ་རྒྱུད་གཞན་གྱི་རྣམ་
ཤེས། །དེ་ཡི་རྒྱུར་ནི་འདོད་པ་ན། །དེ་ཅི་ཉེ་བར་ལེན་ཡིན་ནམ། །ཡང་ན་ལྷན་ཅིག་བྱེད་པའམ། །གལ་ཏེ་ཉེ་བར་ལེན་འདོད་ན། །བུ་ཚའི་ཤེས་པའི་རྒྱུན་ལ་ནི། །ཕ་མ་འདུས་སོགས་འདུས་བྱས་ལ། །ཁྱད་པར་རྗེས་འགྲོར་འགྱུར་བ་ཡིན། །གང་ཕྱིར་ཉེར་ལེན་ཉེར་བླང་བའི། །
ཆོས་འདི་ཉིད་ནི་རྣམ་གནས་པ། །རྗེས་སུ་འགྲོ་དང་ལྡོག་པས་ན། །རང་གི་རྒྱུ་ལས་ངེས་པ་ཡིན། །རང་གི་ཉེར་ལེན་སྟོབས་བྱུང་ན། །རྒྱུད་གཞན་པ་ཡི་རྣམ་ཤེས་ནི། །ལྷན་ཅིག་བྱེད་ཉིད་དུ་བརྟག་ལ། །གང་ཡང་འགལ་བ་སླར་ཡང་མེད། །དེ་ཕྱིར་ཐོག་མའི་རྣམ་ཤེས་ནི། །རང་
གི་ཉེར་ལེན་སྟོབས་ལས་བྱུང་། །རྣམ་ཤེས་ཉིད་སོགས་གཏན་ཚིགས་ཀྱིས། །ད་ལྟར་མ་ཡིན་རྣམ་ཤེས་བཞིན། །རྒྱུ་གཞན་པ་ནི་སྤངས་པའི་ཕྱིར། །རྒྱུ་ཉིད་མེད་པར་གནས་པ་ལ། །རྣམ་པ་གཞན་དུ་ངེས་པའི་ཆོས། །འདི་ནི་དེ་ཡི་ཐལ་འགྱུར་མིན། །ཤི་ཀའི་སྐད་ཅིག་རྣམ་
Vol. 191 · folio 69b
ཤེས་ནི། །རང་གི་ཉེར་བླང་སྐྱེད་ནུས་ཏེ། །ཆགས་པས་བྱས་པའི་འབྲེལ་པ་ཉིད། །སྔོན་གྱི་རྣམ་པར་ཤེས་པ་བཞིན། །གང་གི་ངོ་བོས་རྣམ་ཤེས་ནི། །སྐྱེད་པར་བྱེད་པ་ཡོད་ངེས་ཡིན། །སྔ་ཕྱིར་དེ་ནི་མ་ཉམས་སུ། །ཟིན་ཀྱང་ཅི་ཕྱིར་རྒྱུ་མ་ཡིན། །ཕ་རོལ་ཕྱོགས་ཀྱི་རྣམ་
ཤེས་ནི། །ལུས་སྐྱེས་ཁོ་ན་ཡིན་པས་ན། །བསྒྲུབ་པར་བྱ་བའི་ཆོས་ལྡན་པ། །དཔེ་ནི་དེ་དག་ཇི་ལྟར་འགྲུབ། །ལུས་ནི་རྣམ་ཤེས་རྒྱུ་ཉིད་དུ། །སྔར་ནི་བཀག་བྱས་མ་ཡིན་ནམ། །སེམས་རྣམས་ཅིག་ཅར་ཐོབ་ཕྱིར་དང་། །ཐ་དད་པ་ལ་མེད་པའི་ཕྱིར། །འདོད་ན་སྡུག་པ་ཡིད་
བྱེད་སོགས། །དྲན་དང་ཆགས་སོགས་རྣམ་ཤེས་ནི། །འབྱུང་བ་ཉིད་དུ་རྣམ་པར་ངེས། །དེ་ནི་དགག་པར་མི་ནུས་སོ། །གོམས་པའི་ཁྱད་པར་སྔར་ཡོད་པ། །འཕེལ་དང་འགྲིབ་པ་དག་ལས་ནི། །བློ་རྣམས་འགྲིབ་དང་ཕུལ་དུ་བྱུང་། །བློ་ལ་སྣང་བར་གྱུར་པ་ཡིན། །དོན་གཞན་
ལ་ཆགས་མི་མཐུན་སེམས། །དོན་གཞན་འཛིན་པ་མེད་ཕྱིར་རོ། །ཤེས་པ་ཤེས་པའི་རྒྱུ་ཉིད་ལ། །རྩོད་པ་ཉིད་དུ་འགྱུར་བ་མིན། །དེ་ཉིད་ཕྱིར་ལུས་ཐ་དད་ལ། །བརྟེན་པ་ཉིད་དུ་འགྲུབ་མི་འགྱུར། །སེམས་ནི་ལྟུང་བའི་ཆོས་ཅན་མིན། །ལུས་ཅན་རྣམས་ལ་ཇི་ལྟར་རྟེན། །འབབ་
པ་ལ་ནི་གེགས་བྱེད་ཕྱིར། །ཆུ་ལ་སོགས་པའི་རྟེན་དུ་འགྱུར། །འགྲོ་བ་མེད་པའི་སེམས་རྣམས་ལ། །རྟེན་དག་གིས་ནི་ཅི་ཞིག་དགོས། །གལ་ཏེ་དག་གིས་བདག་ཉིད་གནས། །བརྟེན་པར་འདིར་ནི་རྟོག་ན་སེམས། །ལུས་ནི་བདག་ཉིད་མི་རིགས་ཕྱིར། །ཁྱེད་ཀྱི་དེ་ཡང་འཐད་པར་
མིན། །ཇི་ལྟར་དེ་ཡི་བདག་ཉིད་ལུས། །གཞན་དག་གིས་ནི་གསལ་བར་རྟོགས། །དེ་ལྟར་འདོད་ཆགས་ཞེ་སྡང་ལས། །སོགས་པའི་སེམས་ཀྱང་ཅིས་མི་རྟོགས། །སེམས་ནི་བདག་ཉིད་ཀྱིས་རིག་སྟེ། །ལུས་ནི་གཞན་དག་གིས་ཀྱང་རིག །འདི་ལྟར་གང་དག་དེ་ཐ་དད། །རྒྱུ་
གསེར་དང་ནི་ཟློས་གར་བཞིན། །གཉིས་སུ་མེད་པའི་ཕྱོགས་ལ་ནི། །གཏན་ཚིགས་འདི་ནི་འཁྲུལ་མ་ཡིན། །རང་རང་གི་ནི་སྣང་བ་ནི། །རིག་ཕྱིར་རབ་རིབ་ལ་སོགས་བཞིན། །སེམས་ནི་སྐྱེས་མ་ཐག་འཇིག་པ། །བར་ཆད་མེད་པར་མཚོན་གྱུར་ཏེ། །ལུས་ནི་དེ་ཡི་དངོས་ཡིན་ན། །
Vol. 191 · folio 70a
སྐད་ཅིག་ཉིད་དུ་ཅིས་མི་འདོད། །དེ་ལ་བརྟེན་ནས་འབྱུང་བ་དང་། །དེ་ནི་མ་འཁྲུལ་པ་ཡི་ཕྱིར། །གལ་ཏེ་དེ་ལ་བརྟན་འདོད་ན། །དེ་ལྟར་ན་ཡང་འཁྲུལ་ཉིད་ཡིན། །སྔར་གནས་པ་ཡི་ཤེས་པ་ཡང་། །སྐད་ཅིག་སོ་སོར་འཇིག་ལུས་ལ། །བསྟན་ནས་རྒྱུན་མི་
འཆད་པར་ནི། །ཉིང་མཚམས་སྦྱོར་བ་ཁོ་ནར་བྱེད། །གལ་ཏེ་རྒྱུན་གཅིག་ངོ་བོ་ཡིས། །དེར་ནི་ཐ་དད་ཉིད་མིན་ན། །གཞན་དུ་ཡང་ནི་རྒྱུན་གཅིག་ཏུ། །ཡོད་ཉིད་ཐ་དད་མི་འགྱུར་མོད། །ཟག་པ་ཟད་པའི་རྣམ་ཤེས་ནི། །ཉིང་མཚམས་སྦྱོར་མེད་ཅི་ལ་ཤེས། །གལ་ཏེ་གཞན་གྲུབ་
མཐའ་ཡིས་ནི། །ཆ་ཡིན་ཚད་མར་མ་བཟུང་ཕྱིར། །འདིར་ནི་བློ་བཟངས་འགལ་གང་དག །རྒྱལ་བ་མི་གནས་མྱ་ངན་འདས། །ཐེག་པ་གཉིས་ནི་དེའི་ཐེག་པར། །འདུས་པར་ཡང་ནི་རབ་ཏུ་བཤད། །ཕྱིར་རྒོལ་འདོད་པའི་གྲུབ་མཐའ་ལ། །ཁྱོད་ནི་རྟེན་ཡང་བསྒྲུབ་བྱ་ཡི། །ཆེས་དང་
ལྡན་པའི་དཔེ་འདི་ནི། །དེ་དག་ལ་ནི་གྲུབ་པ་མིན། །གནོད་པ་ཅན་ཡང་མ་བརྗོད་ཕྱིར། །ལྡོག་པ་ལ་ཡང་ཐེ་ཚོམ་ཟ། །རིགས་མི་མཐུན་ལ་ཡོད་དོགས་ཕྱིར། །ནུར་ནུར་སོགས་ལ་རྣམ་ཤེས་ནི། །ཡོད་ཅེས་བྱ་བ་གཟུ་ལུམས་མིན། །དབང་པོ་མ་སྐྱེས་པ་ཉིད་ལ། །དེར་མི་ཤེས་
པ་ཅི་ཕྱིར་མེད། །རྣམ་ཤེས་ཀུན་ནི་དབང་པོ་དང་། །དོན་གྱིས་སྟོབས་ལས་བྱུང་ཞེས་པ། །དེ་ནི་མི་རིགས་གང་ཕྱིར་དེ། །གཞན་དུ་རྨི་ལམ་སོགས་སུའང་རིག །དོན་རྟོགས་པ་ལས་གཞན་དངོས་ཀྱང་། །འདི་ལ་ངེས་པར་བྱས་པ་ཡིན། །དེས་ན་རྒྱལ་བ་ལ་སོགས་ལ། །
འདི་ནི་ཡོད་པར་འཐད་པ་ཡིན། །དེ་ཚེ་ནུས་པའི་ངོ་བོ་ཡིས། །བློ་ནི་གནས་པར་འགྱུར་བ་མིན། །དེ་ཚེ་རང་དོན་ཁོ་ན་ཡིས། །བློ་རྣམས་ཡོད་པར་འདོད་པ་ཡིན། །གཉིད་དང་བརྒྱལ་སོགས་གནས་སྐབས་སུ། །སེམས་མེད་ཁྱེད་ཀྱིས་ཅི་ལ་ངེས། །གལ་ཏེ་རིགས་པ་མེད་པའི་
ཕྱིར། །དེ་ཡང་གང་ལས་རྟོགས་པ་ཡིན། །གལ་ཏེ་ཁྱོད་ནི་དེ་དག་ལ། །འདི་ལྟར་ངེས་པར་འཇུག་འགྱུར་ཏེ། །སེམས་ནི་རིག་པ་མིན་ཞེས་མིན། །དེ་ལྟར་ཡིན་ན་སེམས་ལྡན་གྲུབ། །གལ་ཏེ་བརྒྱ་ལ་རྣམ་ཤེས་དེ། །གནས་སྐབས་དེ་དག་ལ་ཡོད་ན། །སད་པ་ལ་སོགས་
Vol. 191 · folio 70b
དྲན་པ་ནི། །དེ་ཡི་རྣམ་པ་ཅི་མི་འགྱུར། །དེ་ནི་གྲུབ་པའི་རྒྱུ་མིན་ནོ། །ཤིན་ཏུ་གསལ་སོགས་མེད་པའི་ཕྱིར། །དྲན་པ་རབ་ཏུ་མི་འབྱུང་སྟེ། །སྐྱེས་མ་ཐག་སོགས་སེམས་བཞིན་ནོ། །གལ་ཏེ་དེ་ལྟར་ཡིད་འདི་ལ། །ཡོད་ཉིད་དེ་དག་ལ་ཅི་ངེས། །སྔར་བསྟན་གཏན་ཚིགས་
ཉིད་ཀྱིས་ནི། །ངེས་པར་འགྱུར་བར་གོ་བར་གྱིས། །གཉིད་དང་བརྒྱལ་སོགས་གནས་སྐབས་ལ། །གལ་ཏེ་སེམས་མེད་པར་འདོད་ན། །འཆིར་འགྱུར་དེ་ནི་ཡང་སྐྱེས་ན། །འཆི་བ་མེད་པ་ཁོ་ནར་འགྱུར། །མིག་ལ་སོགས་ལ་ལྟོས་མེད་ཕྱིར། །རང་དགའ་ཡིད་ཀྱི་བློ་ཡིན་ཏེ། །
རང་གི་ཉེར་ལེན་སྟོབས་ཉིད་ཀྱིས། །རྨི་ལམ་སོགས་ལྟར་འབྱུང་བར་འགྱུར། །འདི་ལྟར་རྣམ་པར་རྟོག་རྣམས་ནི། །དབང་པོ་དང་དོན་ལྟོས་པ་མིན། །དེ་ཡི་བྱ་བ་མེད་ན་ཡང་། །ནམ་མཁའི་ཨུཏྤ་ལ་ཡོད་ཕྱིར། །དེ་དག་ཡོད་ཕྱིར་སྔོ་སོགས་པའི། །རྣམ་པར་རྟོག་པ་གང་བྱུང་གྱུར། །
དེ་ནི་དོན་མེད་སྣང་བ་དང་། །མཚུངས་པ་ཁོ་ནར་ངེས་པར་འགྱུར། །རྣམ་པར་རྟོག་པ་རྣམས་ལ་ནི། །སྒྲ་དོན་སོ་སོར་སྣང་བས་ན། །དངོས་པོའི་ངོ་བོར་མི་སྣང་སྟེ། །དེ་ལྟར་ཐམས་ཅད་རྒྱས་བསྟན་ཟིན། །གསང་ནང་ལ་སོགས་གནས་སྐབས་སུ། །ལུས་ནི་རྣམ་པར་འགྱུར་ན་ཡང་། །
ཡིད་ཀྱི་བློ་ནི་མི་འགྱུར་ཏེ། །དེ་ཕྱིར་དེ་ལ་འདི་བརྟེན་མིན། །རབ་རིབ་ལ་སོགས་ཕྲ་མོ་ཡིས། །མིག་ནི་རྣམ་པར་འགྱུར་བ་ན། །མིག་ལ་སོགས་ལ་བརྟེན་པའི་བློ། །རྣམ་པར་འགྱུར་བ་ཉིད་དུ་སྐྱེས། །དེ་ཕྱིར་ལུས་ནི་འཇིག་ན་ཡང་། །ཡིད་ཀྱི་བློ་ནི་འདིར་བརྟེན་མིན། །རང་གི་ཉེ་བར་
ལེན་སྟོབས་ཀྱིས། །འབྱུང་འགྱུར་འགལ་བ་མེད་པ་ཅན། །གང་ཕྱིར་ཡིད་བློ་འབའ་ཞིག་ཀྱང་། །འགལ་བ་མེད་པ་དེ་ལྟར་ཡིན། །དེ་ཕྱིར་ལུས་གཞན་ཡོང་གྲུབ་ཕྱིར། །ཁོ་བོ་ཅག་གིས་འབད་མི་དགོས། །དེ་ནི་དགག་པར་ནུས་མིན་ཏེ། །མ་མཐོང་ན་ཡང་ཐེ་ཚོམ་ཕྱིར། །མིག་མི་
གསལ་བས་དུ་བ་ནི། །ཕྲ་སོགས་མི་མཐོང་བཞིན་དེ་འགྱུར། །ཐ་དད་ལུས་ལ་བརྟེན་ན་ཡང་། །དེ་ཡི་ཁྱད་པར་རྗེས་བྱེད་ཕྱིར། །རྒྱུན་གཅིག་ཏུ་ནི་འབྲེལ་པ་ཡིན། །ཤེས་པ་སྔ་མའི་རྒྱུན་བཞིན་ནོ། །སྐྱེས་མ་ཐག་པ་དག་ལ་ཡང་། །འོན་ཀྱང་ནུ་མ་འཐུངས་སོགས་ལ། །མངོན་པར་འདོད་པ་
Vol. 191 · folio 71a
འབྱུང་བ་དང་། །ཉེ་བར་གནོད་ལས་སྐྱོ་བར་འགྱུར། །ངུ་དང་ནུ་མ་འཐུངས་སོགས་པའི། །འབྲས་བུས་དེ་ནི་རྟོགས་པར་འགྱུར། །དེ་ཡང་ཐམས་ཅད་རྟོགས་བདག་ཉིད། །དེ་དང་མིང་ནི་རྗེས་འབྲེལ་ཅན། །མིང་གི་ངོ་བོ་གོམས་པ་ནི། །སྐྱེ་བ་འདི་ལ་ཡོད་པ་མིན། །
དེ་དག་ལ་གཞན་སྲིད་མེད་ན། །དེ་ནི་ཆད་པར་ཐལ་བར་འགྱུར། །དེས་ན་མི་ཉམས་མྱོང་གོམས་པས། །དེ་ནི་བག་ཆགས་སྟོབས་ལས་བྱུང་། །དེ་དག་རྣམ་རྟོག་དངོས་ཉིད་ཀྱིས། །ད་ལྟར་བ་ཡི་རྣམ་རྟོག་བཞིན། །གང་ཕྱིར་མི་ཉམས་མྱོང་གོམས་པའོ། །བག་ཆགས་ཡོངས་སུ་སྨིན་
པ་ལས། །རྟོག་སྐྱེས་དེ་དག་ལ་འཇུག་ཕྱིར། །དེ་ཕྱིར་སྲིད་གཞན་རབ་ཏུ་གྲུབ། །མིང་ནི་གོམས་པའི་སྟོབས་ཉིད་དེ། །གལ་ཏེ་དེ་དག་ལ་དེ་འབྱུང་། །དེས་ན་ཅི་ཕྱིར་ངག་གསལ་དང་། །དྲན་པའང་སྨྲ་མཁས་བཞིན་མ་བྱུང་། །གསལ་བ་ཉེ་བར་ཉམས་པ་དང་། །ཡོངས་སྨིན་འཁྲུག་པ་
ཉིད་ཀྱིས་ན། །དེ་དག་ལ་འདི་མི་འབྱུང་སྟེ། །འདུས་པའི་ནད་ཀྱི་གནས་སྐབས་བཞིན། །བདག་ཉིད་ཆེན་པོ་གང་དག་ལ། །ཅུང་ཟད་ཀྱང་ནི་ཉམས་པ་མེད། །དེ་དག་གི་གང་གསལ་ཐོས་ཤིང་། །དྲན་པ་གསལ་པོ་དེ་ཡང་ཡོད། །འདོད་ཆགས་ཞེ་སྡང་སོགས་འདི་དག །གསལ་བར་
གོམས་པའི་སྦྱོར་ལས་བྱུང་། །རྗེས་འགྲོ་དང་ནི་ལྡོག་པ་ལས། །བྱུང་འགྱུར་ཡོངས་སུ་ངེས་པ་ཡིན། །གང་དག་ཐོག་མར་བྱུང་གྱུར་ན། །དེ་དག་འདིར་གོམས་དང་བྲལ་ཡིན། །གལ་ཏེ་སྲིད་པ་གཞན་མེད་ན། །དེ་དག་སྐྱེ་བའི་རྒྱུ་ནི་གང་། །ཉེ་བར་གནས་པ་དམིགས་པ་ལས། །དེ་དག་སྐྱེ་འགྱུར་
མི་འཐད་དེ། །སོ་སོར་རྟོག་པ་ཡོད་པ་ན། །དེ་ཡོད་ན་ཡང་དེ་མི་འབྱུང་། །སོ་སོར་རྟོག་པ་ལྡོག་པ་ན། །དེ་དག་སྟོབས་འཕེལ་སྣང་བའི་ཕྱིར། །ཕྱིན་ཅི་ལོག་ཏུ་ངེས་འཕེལ་བས། །ཞིག་དང་མ་སྐྱེས་པ་ཡི་ཡུལ། །གཙང་དང་བདག་དང་བརྟན་སོགས་སུ། །ཉེར་བརྟག་བུད་མེད་སོགས་
བདག་ལ། །འདོད་ཆགས་ལ་སོགས་འབྱུང་འགྱུར་ཏེ། །ཡུལ་ཡང་དེ་ཡི་ངོ་བོ་མིན། །དེ་ཕྱིར་རིགས་མཐུན་གོམས་ནུས་ལས། །དམིགས་པ་མེད་པ་ཉིད་དུ་ནི། །ཚེ་འདིའི་འདོད་ཆགས་སོགས་འབྱུང་སྟེ། །ཆགས་སོགས་ཉིད་ཕྱིར་ཕྱི་མ་བཞིན། །སོ་སོར་རྟོག་པ་དང་བྲལ་ཞིང་། །ཡུལ་
Vol. 191 · folio 71b
ནི་ཉེ་བར་གནས་པ་ན། །ཚུལ་བཞིན་མ་ཡིན་ཡིད་བྱེད་པའི། །དབང་གྱུར་སྟོབས་ནི་ཇི་ལྟ་བར། །བདེ་དང་སྡུག་བསྔལ་སོགས་འབྱུང་སྟེ། །དེ་ལ་རིགས་དང་མཐུན་པ་ཡི། །བག་ཆགས་ཡོངས་སུ་སྨིན་གྱུར་པ། །ཆགས་སྡང་ལ་སོགས་ཉོན་མོངས་འབྱུང་། །དེས་ན་དངོས་སུ་ཡུལ་རྣམས་
ནི། །ཆགས་སྡང་ལ་སོགས་རྒྱུ་མ་ཡིན། །ཀུན་ལ་དེ་ཡི་ཤེས་པ་བཞིན། །དེ་ལ་ཉོན་མོངས་ཅིག་ཅར་འགྱུར། །གཞན་སྤྱོད་པ་ལ་དམིགས་པའམ། །གཞན་གྱིས་སྨྲས་པའི་སྟོབས་ཀྱིས་ནི། །དེ་དག་ལ་ནི་ཆགས་སྐྱེ་མིན། །འཁྲུལ་པ་རུ་ནི་དམིགས་པའི་ཕྱིར། །སྤྱོད་པ་མ་མཐོང་མ་ཐོས་
པས། །ཕག་དང་རི་དྭགས་ལ་སོགས་ནི། །རིགས་མཚུངས་འགྲོ་བ་ལ་སྦྱོར་བ། །བྱ་བ་སྣ་ཚོགས་གྲུབ་པར་འགྱུར། །ཤེས་རབ་ཚུལ་ཁྲིམས་བཟོད་སོགས་ནི། །འཁོར་བར་མི་འཇུག་པ་ཡི་ཆོས། །རང་བཞིན་གྱིས་འབྱུང་མི་འགྱུར་ཏེ། །དེ་ཉིད་ཀྱིས་ན་སྨྱོན་སོགས་བཞིན། །བད་ཀན་ལ་
སོགས་ནུས་པ་ཡིས། །དེ་དག་ཀྱང་ནི་འབྱུང་བ་མིན། །སྔ་མ་བཞིན་དུ་འཁྲུལ་པ་ནི། །ཐམས་ཅད་དུ་ནི་དམིགས་པའི་ཕྱིར། །དེ་ཕྱིར་ཐོག་མར་བྱུང་དེ་དག །གང་ཞིག་གོམས་པ་སྔོན་སོང་བར། །དེ་ཉིད་སྲིད་པ་གཞན་གྲུབ་པས། །དེས་ན་མེད་ཉིད་ལོག་པ་ཉིད། །འདིར་ནི་གོམས་པ་སྔོན་
སོང་ནས། །སྒྲུབ་པར་བྱེད་ན་མཐོང་འདོད་གནོད། །སྲིད་པ་གཞན་ནི་སྔོན་སོང་ཉིད། །སྒྲུབ་བྱས་སྟོང་པའི་དཔེ་ཡིན་ཏེ། །ཁྱད་པར་མེད་པས་བསྒྲུབ་བྱས་ན། །གཏན་ཚིགས་འདི་ནི་འགལ་བ་ཉིད། །དེ་བཞིན་སྲིད་ལ་གཞན་གོམས་པའི། །རྒྱུད་ཉིད་ཡོངས་སུ་གྱུར་པའི་ཕྱིར། །སྤྱི་ཙམ་
ཉིད་ཀྱིས་བསྒྲུབ་བྱ་ནི། །གཏན་ཚིགས་ཀྱང་ནི་འགལ་བ་མིན། །གང་ཕྱིར་དེས་ན་འགལ་མེད་པས། །གང་གིས་དེ་ནི་ལྡོག་པར་འགྱུར། །དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་ལས་འཇིག་རྟེན་རྒྱང་པན་པའི་བརྟག་པ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།གལ་ཏེ་ཤེས་པ་ལས་གཞན་
པར། །འབྱུང་བ་བཞི་པོ་ཡོད་པ་མིན། །གསལ་བར་སྣང་བར་གྱུར་པ་ཡི། །རྣམ་བཅད་འདི་ནི་ཅི་ཞིག་ཡིན། །འདི་ལྟར་སྣང་བ་དེ་ཉིད་ཀྱང་། །མེད་པ་ཉིད་དུ་ཁས་ལེན་ན། །སེམས་ནི་ཡོད་པ་ཉིད་དུ་ཡང་། །ཁྱོད་ལ་ཚད་མ་ཅི་ཞིག་ཡོད། །ཕྱི་རོལ་དོན་དུ་སྣང་བ་འདིའི། །བདག་
Vol. 191 · folio 72a
ཉིད་ཇི་ལྟར་སྣང་བ་ཡིན། །འོན་ཏེ་རྡུལ་ཕྲན་རང་བཞིན་ནམ། །ཡང་ན་ཡན་ལག་ཅན་མཚན་ཉིད། །རེ་ཞིག་ཕྲ་རབ་རྣམས་ཀྱིས་ནི། །རྣམ་པ་སོ་སོར་རིག་པ་མིན། །ཕྲ་རབ་ཆ་མེད་དུ་མ་དང་། །ལུས་ཅན་ཤེས་ལ་མི་སྣང་ཕྱིར། །ཆ་ཤས་དབྱེ་བ་དང་བྲལ་བར། །
རྡུལ་ཕྲན་རྣམས་ནི་སྣང་བར་འགྱུར། །རང་གི་རྣམ་པ་མི་སྣང་ཕྱིར། །གཞན་དུ་དེ་དང་མངོན་སུམ་མིན། །ལྷན་ཅིག་ཏུ་ནི་སྐྱེས་པ་ཡང་། །དེ་དག་རང་བཞིན་དུ་ནི་སྣང་། །གནས་སྐབས་དེ་དག་ལ་འདི་ཉིད། །ཆ་མེད་ངོ་བོ་ཉིད་མི་སྤོང་། །གལ་ཏེ་འགྲིབ་པའི་མཐར་ཐུག་པའི། །རང་བཞིན་
དེ་ལྟར་ཡོད་ན་ནི། །ཚོར་བ་ལ་སོགས་ལྟ་བུར་ནི། །དེ་དག་ལུས་མེད་ཅིས་མི་འགྱུར། །སྐད་ཅིག་མཚུངས་པ་གཞན་སྐྱེའི་ཕྱིར། །རྟག་པ་ཉིད་དུ་འཁྲུལ་པ་གཞན། །གལ་ཏེ་རིགས་མཐུན་པར་མེད་པར། །འཛིན་ན་རིགས་པ་འཁྲུལ་པ་ཡིན། །མངོན་སུམ་རང་གི་བྱ་བ་ཡི། །སྟོབས་ཉིད་
ཀྱིས་ནི་ཤེས་པ་བསྲེ། །གལ་ཏེ་སྐྱེད་བྱེད་མ་ཡིན་པར། །དེ་ཅི་མངོན་སུམ་སྤྱོད་ཡུལ་ཡིན། །དངོས་པོ་རྣམས་ནི་སྐད་ཅིག་མར། །རྗེས་སུ་དཔག་པས་ངེས་པ་ཡིན། །སེར་པོ་དཀར་པོ་ལ་སོགས་ནི། །རྡུལ་ཕྲན་ཡིན་པར་ཅི་ལས་ཤེས། །ཕྱི་རོལ་མིག་གིས་གཟུང་བྱ་ནི། །རགས་ཕྱིར་
རི་ལ་སོགས་བཞིན་དུ། །ཕྲ་སོགས་སྔོན་སོང་དེ་ལ་ཡང་། །རྗེས་དཔག་འདི་ཉིད་ཡོད་ཅེ་ན། །རགས་པ་ཉིད་ནི་དངོས་ཆོས་སུ། །ཆོས་ཅན་གཉིས་ལ་གྲུབ་པ་མིན། །རགས་པ་ཡན་ལག་ཅན་ནི་མེད། །རྡུལ་ཕྲན་ཡང་ནི་དེ་ལྟ་མིན། །འོན་ཏེ་ཡུལ་ནི་རྒྱ་ཆེ་བར། །གནས་པའི་
གཟུགས་ནི་དེ་བཞིན་འབྱུང་། །དེ་ལྟ་ཡིན་ན་འཁྲུལ་ཤེས་ལ། །སྣང་བའི་གཟུགས་ཀྱིས་ཐེ་ཚོམ་ཟ། །གལ་ཏེ་དེ་བརྫུན་དེ་ལྟར་མིན། །བྱེ་བྲག་རབ་ཏུ་བསྒྲུབ་པར་གྱིས། །དེ་དང་འདི་དང་ཁྱད་པར་ཅི། །གལ་ཏེ་དོན་བྱེད་མི་སླུ་བ། །དོན་བྱེད་སྣང་བའི་རྣམ་ཤེས་ནི། །མི་སླུ་བར་ནི་བརྗོད་པ་
ཡིན། །རྒྱུ་ཡི་ནུས་པ་ངེས་པ་ཡི། །གཞན་དུ་ཐམས་ཅད་འབྱུང་བར་འགྱུར། །གང་ཚེ་མཚུངས་དངོས་གཟུང་བྱ་ཞིང་། །མཚུངས་མིན་ཉིད་ནི་གཟུང་བྱ་མིན། །རྡུལ་ཕྲན་ངོ་བོ་གཉིས་ཉིད་ཕྱིར། །དེ་ཚེ་ཅི་ཕྱིར་མི་འཐད་པ། །གང་ཚེ་སྤྱི་དང་ཁྱད་པར་གྱི། །བདག་ཉིད་དངོས་པོ་ཐམས་ཅད་
Vol. 191 · folio 72b
ཀྱིས། །མཚུངས་དང་མི་མཚུངས་དངོས་ཉིད་ཀྱིས། །རྡུལ་ཕྲན་ངོ་བོ་གཉིས་སུ་བརྗོད། །དེ་ལ་མཚུངས་པའི་ངོ་བོ་གང་། །དེ་ནི་མིག་གི་ཤེས་པའི་ཡུལ། །དེས་ན་རྣམ་གཅིག་ཤེས་པ་ནི། །རྡུལ་ཕྲན་རྣམས་ལ་འཐད་པ་ཉིད། །མཚུངས་པ་མིན་པའི་ངོ་བོ་གང་། །དེ་ནི་རྣལ་འབྱོར་མངོན་
སུམ་ཡུལ། །དེ་ལྟར་བློ་དམན་འགའ་ཞིག་ནི། །འཁྲུལ་པ་རུ་ནི་བརྟགས་པ་ཡིན། །དངོས་པོ་གཅིག་ལ་ངོ་བོ་གཉིས། །ཇི་ལྟར་ཤེས་བྱ་རིགས་པ་ཡིས། །དེ་དག་དངོས་ཉིད་ཐོབ་པའམ། །ཕན་ཚུན་ངོ་བོ་མེད་པའི་ཕྱིར། །ཕན་ཚུན་བདག་ཉིད་ཡིན་ན་ཡང་། །ངོ་བོ་གཉིས་ཏེ་
འགལ་བར་འགྱུར། །ཁྱད་པར་ཡང་ནི་མིག་སོགས་པའི། །དབང་པོ་རྣམས་ཀྱིས་དམིགས་པ་ཡིན། །ཕན་ཚུན་འགལ་བའི་བདག་ཉིད་ཀྱི། །ངོ་བོ་ཇི་ལྟར་གཅིག་ཏུ་འགྱུར། །རིག་ཕྱིར་དངོས་པོ་གཅིག་པུ་ལ། །འགལ་བ་དག་ནི་མི་སྲིད་མིན། །གཅིག་ནི་རྣམ་པ་གཅིག་འགྱུར་བར། །
དེ་ཤེས་དབང་ཕྱུག་བཀའ་ནི་མིན། །གང་ཞིག་ཇི་ལྟར་དམིགས་འགྱུར་བར། །དེ་ནི་དེ་ལྟར་ཁས་བླངས་གིས། །དེ་མིན་མེད་ཀྱང་རིག་པའི་ཕྱིར། །དུང་ལ་སེར་སོགས་ངོ་བོ་བཞིན། །འགལ་བའི་ངོ་བོ་དང་འདྲེས་ལས། །ཐ་དད་མཚན་ཉིད་གཞན་ནི་མེད། །ཚད་མས་གྲུབ་པར་མ་གྱུར་
ཀྱང་། །རྡུལ་ཕྲན་རྣམས་ལ་ཐེ་ཚོམ་ཟ། །འདི་དག་ལ་ནི་མེད་པ་ཡི། །རྟོག་ལྡན་ངེས་པ་ཇི་ལྟར་སྐྱེ། །ཡང་དག་འབྱར་དང་བསྐོར་བའམ། །བར་མེད་རྣམ་པར་གནས་ཀྱང་རུང་། །དབུས་ནས་རྡུལ་ཕྲན་རྡུལ་གཅིག་ལ། །བལྟས་པའི་རང་བཞིན་གང་ཡིན་པ། །རྡུལ་ཕྲན་གཞན་ལ་
ལྟས་པ་ཡང་། །དེ་ཉིད་གལ་ཏེ་ཡིན་རྟོག་ན། །དེ་ལྟ་ཡིན་ན་ས་འཛིན་སོགས། །རྒྱས་པར་འགྱུར་བ་རིགས་པ་མིན། །རྡུལ་ཕྲན་གཞན་ལ་ལྟ་བའི་དངོས། །གལ་ཏེ་གཞན་དུ་འདོད་ན་ནི། །རྡུལ་ཕྲན་གཅིག་པུ་ཆ་ཤས་ནི། །མེད་པ་རུ་ནི་ཇི་ལྟར་འགྱུར། །ཆ་ཤས་དབྱེ་བ་མེད་པ་
གང་། །རྡུལ་ཕྲན་དུ་ནི་ཇི་ལྟར་འགྱུར། །རྡུལ་ཕྲན་དུ་ནི་གཞན་དག་འདོད། །དེ་ཉིད་ལ་ནི་རྣམ་དཔྱད་བྱས། །དེ་ཕྱིར་ཐུག་མེད་སྲིད་པ་མིན། །གང་ཚེ་དེ་དག་དངོས་རྣམས་ཀྱི། །རྡུལ་ཕྲན་ཉིད་དུ་ཁས་ལེན་བྱེད། །དེ་ཚེ་དེ་དག་དམ་བཅའ་ནི། །གདོན་མི་ཟ་བར་ཉམས་པར་འགྱུར། །
Vol. 191 · folio 73a
གཏན་ཚིགས་གཞི་མ་གྲུབ་པ་མིན། །གཞན་གྱི་ཁས་ལེན་སྦྱོར་སོགས་པའི། །སྟོབས་ཀྱིས་གཅིག་ཉིད་སེལ་བ་ཡིན། །དེ་ལྟར་ཕྱོགས་རྣམས་ཐམས་ཅད་ལ། །བདག་ཉིད་གཅིག་པུ་དེ་མི་རིགས། །གཅིག་ནི་མ་གྲུབ་པ་ཡི་ཕྱིར། །དུ་མའི་རང་བཞིན་ཡང་
མི་སྲིད། །དེ་ཕྱིར་རྡུལ་ཕྲན་ངེས་པར་ནི། །མེད་པར་ངེས་པར་སྐྱེ་རུང་ཡིན། །གཅིག་དང་དུ་མའི་རང་བཞིན་གྱིས། །སྟོང་ཕྱིར་ནམ་མཁའི་པདྨ་བཞིན། །རྡུལ་ཕྲན་མི་རིགས་པ་ཡི་ཕྱིར། །ཡན་ལག་ཅན་ཡང་ཡོད་པ་མིན། །གང་ཕྱིར་དེ་ནི་རྡུལ་ཕྲན་གྱིས། །རྩོམ་པར་གཞན་དག་གིས་
ཁས་བླངས། །སྣང་བ་མེད་དང་སྣང་དང་བཅས། །གཞན་གྱི་སྣང་བ་ཁོ་ན་ཡི། །རྣམ་པར་ཤེས་པས་ཕྱི་རོལ་དོན། །རྣམ་པ་གང་གིས་ཀྱང་མི་ཤེས། །རྣམ་ཤེས་བེམས་པོའི་རང་བཞིན་ལས། །བཟློག་པར་རབ་ཏུ་སྐྱེ་བ་སྟེ། །བེམས་མིན་རང་བཞིན་གང་ཡིན་པ། །དེ་འདིའི་བདག་ཉིད་ཤེས་པ་
ཡིན། །གཅིག་པ་ཆ་མེད་རང་བཞིན་ལས། །གསུམ་གྱི་རང་བཞིན་མི་འཐད་ཕྱིར། །འདི་ཡི་རང་གིས་རིག་པ་ནི། །བྱ་དང་བྱེད་པའི་ངོ་བོར་སྨིན། །དེ་ཕྱིར་འདི་ནི་ཤེས་པ་ཡི། །རང་བཞིན་ཡིན་པས་བདག་ཤེས་རུང་། །དོན་གྱི་ངོ་བོ་གཞན་པ་ནི། །དེ་ཡིས་ཇི་ལྟར་ཤེས་པར་འགྱུར། །
དེ་ཡི་རང་བཞིན་གཞན་ལ་མེད། །གང་གིས་དེ་ཤེས་གཞན་ཡང་ཤེས། །དངོས་པོ་རྣམས་ནི་དོན་དམ་པར། །ཐ་དད་ཉིད་དུ་གནས་ཕྱིར་རོ། །ཤེས་པའི་ངོ་བོར་སྐྱེས་པས་ན། །ཤེས་པ་ཤེས་པར་རིགས་པ་ཡིན། །དོན་ནི་ཤེས་དངོས་མ་སྐྱེས་པས། །དེས་ནི་ཇི་ལྟར་ཤེས་པར་འགྱུར། །
ཤེས་པ་རྣམས་བཅས་ཕྱོགས་ལ་ནི། །དངོས་སུ་དེ་ཉིད་ཐ་དད་ཀྱང་། །དེ་དང་གཟུགས་བརྙན་འདྲ་བས་ན། །གདགས་པ་ཙམ་གྱིས་ཚོར་བར་རུང་། །དོན་གྱིས་རྣམ་པར་བསྒྱུར་ལྡན་པའི། །རྣམ་ཤེས་སུ་ཞིག་མི་འདོད་པ། །དེ་ལ་ཕྱི་རོལ་རིག་པ་ཡི། །རྣམ་པ་འདི་ཡང་ཡོད་མ་ཡིན། །
བརྒྱ་ལ་གླང་པོ་ཤིང་ལ་སོགས། །ཇི་ལྟར་རལ་གྲིའི་མེ་སོགས་ཀྱིས། །དེ་ཡི་ངོ་བོ་མ་ཡིན་ཡང་། །བཅད་སྲེག་སོགས་བྱེད་འདི་དེ་བཞིན། །གང་ཕྱིར་དེ་དང་འདི་མཚུངས་མིན། །དེ་དག་འདིར་བསྐྱེད་པ་ཡི་རྒྱུ། །ཡིན་པས་དེ་ལྟའི་ངོ་བོར་གྲུབ། །ཤེས་པ་དེ་འདྲར་སྐྱེད་བྱེད་མིན། །གང་ཚེ་
Vol. 191 · folio 73b
གཟུང་བྱའི་ཡོངས་གཅོད་ནི། །ཤེས་པའི་ངོ་བོར་སྲིད་པ་ཡིན། །དེ་ཡི་ཡོངས་གཅོད་ངོ་བོ་ཉིད། །ཤེས་པ་ལ་ནི་འཐད་པ་ཡིན། །གཞན་དུ་ན་ནི་ཡོངས་གཅོད་པའི། །ངོ་བོར་ཤེས་པ་ཞེས་བྱ་བར། །གསལ་བར་བརྗོད་བྱ་ཉིད་ཡིན་ནོ། །འདི་ལྟར་དོན་རིགས་མ་བསྟན་ཏོ། །ཡོངས་གཅོད་
དེ་ནི་གང་གིས་ཤེས། །བརྒལ་ཞིང་བརྟག་པའི་གཞི་མ་ཡིན། །དེ་ཡི་བདག་ཉིད་ཡོངས་གཅོད་དེ། །བདེ་སོགས་བདེ་བ་ཉིད་སོགས་བཞིན། །རང་གི་ངོ་བོར་རིག་པའི་ཕྱིར། །ཤེས་བྱེད་གཞན་ལ་ལྟོས་པ་མིན། །འདི་ལ་མ་རྟོགས་པ་ཡོད་མིན། །རང་རིག་པ་ཡི་དོན་འདི་ཡིན། །
གལ་ཏེ་དོན་རྟོགས་བྱ་བ་བྱེད། །ཤེས་པ་ཉིད་དུ་མི་རྟོགས་པས། །དེས་ན་གསལ་བྱེད་ཉིད་ཡིན་པས། །རྟོགས་ཕྱིར་གཞན་ལ་ལྟོས་པ་ཡིན། །དེ་དོན་བདག་ཉིད་ཉམས་མྱོང་ན། །དེ་འདྲའང་གསལ་བ་ཉིད་དུ་ཡོད། །འདི་ལ་བདག་ཉིད་ཉམས་མྱོང་མེད། །དེ་ཕྱིར་བདག་ཉིད་གསལ་བྱེད་
མིན། །མིག་སོགས་རྣམས་ནི་གཟུགས་སོགས་ལ། །གསལ་བར་བྱེད་པ་ཉིད་ཡིན་པས། །ཇི་ལྟར་རྣམ་བཞག་སྣང་གྱུར་པ། །དེ་ལྟར་འདིར་ཡང་འགྱུར་བ་ཡིན། །ཕྱི་རོལ་དོན་ལ་གསལ་བྱེད་ཡིན། །ནུས་པ་མེད་ཕྱིར་བདག་གསལ་མིན། །དངོས་པོ་རྣམས་ཀྱི་ནུས་པ་ནི། །བརྒལ་
ཞིང་བརྟག་པ་མ་ཡིན་ནོ། །དོན་ལ་རྣམ་པར་རིག་པ་ནི། །ཤེས་ཉིད་བརྗོད་པ་མ་ཡིན་ནམ། །དེ་ནི་དེ་བདག་ཉིད་འགྱུར་ན། །བྱ་བ་གཞན་ནི་ཅི་ཞིག་འགྱུར། །དོན་གྱི་ཉམས་མྱོང་ངོ་བོ་ནི། །གལ་ཏེ་དེ་ཡང་ཤེས་བདག་ཉིད། །དེ་ཚེ་དོན་ཉམས་མྱོང་བདག་ཉིད། །ཤེས་ལ་རིགས་སོ་དེ་
ཡོད་མིན། །ཁས་ལེན་དོན་ཡོད་སྤངས་པར་ནི། །ཐལ་འགྱུར་ཕྱིར་ཏེ་རང་ཉིད་ལས། །ཉམས་མྱོང་བདག་ཉིད་སྐྱེ་ན་ཡང་། །དོན་རིག་རབ་ཏུ་གྲུབ་པ་མིན། །ཇི་ལྟར་རྣམ་བཅས་ཤེས་པ་ཡི། །ཕྱོགས་ལ་དོན་གྱི་གཟུགས་བརྙན་ནི། །ཕ་རོལ་པོ་ལ་དེར་ཉེ་བའི། །རྒྱུ་མཚན་ཡོད་པ་མ་ཡིན་ནོ། །
རང་བཞིན་བེམས་པོའི་དངོས་ཉིད་ཕྱིར། །གལ་ཏེ་འདི་བདག་ཉམས་མྱོང་མིན། །ཤེས་པ་རིག་པ་མེད་པ་ན། །དེ་ཚེ་དོན་གྱི་ཉམས་མྱོང་འཇིག །དོན་གྱི་ཉམས་མྱོང་ཞེས་བྱ་བར། །ཤེས་པ་ཁོ་ནར་བརྗོད་པ་ཡིན། །དེ་ནི་མ་གྲུབ་དངོས་ཉིད་ནི། །དེ་ནི་རབ་གྲུབ་གཞན་ཅིར་འགྱུར། །ཤེས་
Vol. 191 · folio 74a
པ་གཞན་གྱིས་ཉམས་མྱོང་ན། །དོན་དེ་རང་གིས་མྱོང་མ་གྲུབ། །གྲུབ་པ་མ་གྲུབ་པ་ཡི་ཕྱིར། །གང་གི་ཚེ་ན་གྲུབ་པར་འགྱུར། །གལ་ཏེ་དེ་ཡི་ཤེས་སྐྱེ་ན། །རང་བདག་རིག་པར་མ་གྱུར་པར། །གཞན་གྱིས་རིག་པ་གྲུབ་སྨྲ་ན། །དེ་ལྟར་དེ་ནི་ལེགས་སྨྲས་ཡིན། །
དེ་ལ་ཉམས་མྱོང་མ་གྲུབ་ན། །སྔ་མ་ལ་ཡང་མ་གྲུབ་ཉིད། །དེ་ལ་གཞན་རིག་སྐྱེ་བ་ན། །ཐུག་པ་མེད་པར་ཐལ་བར་འགྱུར། །སྤྱོད་ཡུལ་གཞན་ལ་འཕོ་བ་ན། །དེ་ལྟར་འགྱུར་མིན་དེ་ཡང་སྣང་། །སྤྱོད་ཡུལ་གཞན་དུ་འཕོ་བ་ན། །ཐ་མ་གང་ཡིན་དེ་རང་ངམ། །གཞན་ལས་གྲུབ་པ་མ་
ཡིན་ཏེ། །དེ་མ་གྲུབ་པས་ཀུན་གྲུབ་མིན། །དེས་ན་འགྲོ་བ་མ་ལུས་པ། །དམུས་ལོང་ཉིད་དུ་ཐལ་བར་འགྱུར། །ཐ་མ་རང་གིས་གྲུབ་པ་ན། །གཞན་དག་ལ་ཡང་དེ་ངེས་ཡོད། །ཤེས་ཕྱིར་གཞན་དུ་ཁྱེད་ཅག་ལ། །དེ་དག་ཤེས་མེད་བུམ་སོགས་བཞིན། །མིག་ནི་གཟུགས་ལ་རྣམ་ཤེས་
ནི། །སྐྱེ་བྱེད་ཕྱིར་ནི་གསལ་བྱེད་མིན། །དེ་ནི་རིག་ཕྱིར་མ་ཡིན་ཏེ། །དེས་ན་ཤེས་དང་འདི་ཅིས་མཚུངས། །གང་ཞིག་རིག་པ་ཉིད་འགྱུར་ན། །གང་ཞིག་རིག་པར་ངེས་པ་ཡིན། །དེ་ལས་དེ་ནི་ཐ་དད་མིན། །དེ་ལས་དེ་ཡང་དབྱེར་མེད་འགྱུར། །ཇི་ལྟར་སྔོན་པོ་བློ་བདག་ཉིད། །
ཇི་ལྟར་ཟླ་བ་གཉིས་པ་ཡང་། །སྔོན་པོའི་རྣམ་པ་ཤེས་པ་འདི། །སྔོན་པོའི་བློས་ཀྱང་རིག་པ་ཡིན། །གལ་ཏེ་ཐ་མི་དད་ཡིན་ན། །ཤེས་པའི་བདག་ཉིད་གཞན་བདག་མིན། །ཤེས་བྱ་སྔོན་པོའི་བློ་རིག་ནི། །དེས་སྔོ་རྣམ་པ་ཇི་ལྟར་རིག །རིག་པ་འདི་དག་ཐམས་ཅད་ནི། །དོན་གཞན་
སྤྱོད་ཡུལ་ཅན་མ་ཡིན། །རིག་པའི་རང་བཞིན་ཉིད་ཀྱིས་རིག །རང་གི་བདག་ཉིད་རིག་པ་བཞིན། །གཙོ་བོར་དོན་ནི་འཛིན་བྱེད་མིན། །རང་གི་རང་བཞིན་ལ་གནས་ཕྱིར། །དོན་གྱི་རྣམ་པས་བསྒྱུར་ལྡན་དང་། །བྲལ་ཞིང་བརྟགས་པས་དོན་འཛིན་མིན། །དག་པའི་ཤེལ་དང་འདྲ་བ་ནི། །དོན་
གྱི་རྣམ་པ་དང་བྲལ་བ། །ཤེས་པ་གང་སུ་འགའ་ཞིག་འདོད། །དེ་དག་ལ་ནི་སྒྲུབ་པ་ཡིན། །འདྲ་བ་དང་བཅས་རྣམ་ཤེས་ནི། །ཕྱི་རོལ་དོན་རིགས་འགྱུར་ཟད་མོད། །དེ་ཡང་ཐམས་ཅད་དུ་མེད་ཕྱིར། །དོན་རིགས་གནས་པ་རིགས་པ་མིན། །ཤེལ་ལས་ཐ་མི་དད་པའི་ཕྱིར། །རྣམ་པ་དུ་མ་
Vol. 191 · folio 74b
ཉིད་མི་འགྱུར། །དེས་ན་དེ་ཡི་སྟོབས་ཀྱིས་ནི། །དོན་རིགས་གནས་པ་ཡོད་པ་མིན། །རྣམ་པ་དང་ཐ་དད་པའི་ཕྱིར། །ཤེས་པའང་གཅིག་ཉིད་དུ་མི་འགྱུར། །གཞན་དུ་འདི་ལས་གཅིག་ཉིད་དུ། །ཇི་ལྟར་ཡོངས་སུ་བརྟགས་པར་འགྱུར། །ཀུན་ནས་བདག་ཉིད་དང་མཚུངས་ན། །ཤེས་པ་
མི་ཤེས་སོགས་ཉིད་འགྱུར། །ཆ་འགའ་ཞིག་ནི་མཚུངས་པ་ན། །ཐམས་ཅད་ཐམས་ཅད་རིག་པར་འགྱུར། །གཞན་གྱི་རྣམ་པའི་ཤེས་པ་ཡང་། །གལ་ཏེ་དོན་རིག་ཡིན་པ་ན། །ཀུན་ཀྱང་ཀུན་གྱིས་ཤེས་པར་འགྱུར། །ངེས་པར་བྱེད་པའི་རྒྱུ་ཡང་མེད། །ཇི་ལྟར་ཁྱེད་ཅག་གིས་ཤེས་པ། །དེ་
ཉིད་ཀྱིས་ན་རྣམ་མེད་ནི། །ཡང་དག་མ་ཡིན་རྣམ་པར་རིག །གལ་ཏེ་ཡང་དག་དོན་དེ་བཞིན། །སེམས་དང་སེམས་ལས་བྱུང་བ་ཡི། །རང་བཞིན་ཐུན་མོང་མ་ཡིན་འདི། །དེས་ན་གཞན་དག་གཙོ་བོར་ནི། །རིག་པ་དེ་ནི་གང་གིས་མིན། །ཚོགས་པ་གཅིག་ལ་རག་ལས་ཉིད། །རྒྱུ་དང་འབྲས་
བུ་ཉིད་སོགས་སམ། །ཡང་དག་བརྟེན་ནས་ཞེས་བྱ་བར། །ཡང་དག་རིག་པར་ཉེར་བརྟགས་འགྱུར། །གཟུགས་མེད་པ་ཡི་དངོས་པོ་ནི། །ཚོགས་པ་གཅིག་ལ་རག་ལས་མིན། །འདི་ཡི་རིག་པ་ཕལ་པ་ཡང་། །ཤིན་ཏུ་མེད་པ་ཁོ་ནའང་མིན། །འོན་ཀྱང་ཡང་དག་མིན་རྣམ་པ། །འཁྲུལ་
པས་རེག་ཅེས་བྱ་བར་བརྗོད། །དེ་ཉིད་ཀྱིས་རིག་མ་ཡིན་ཏེ། །དེས་ན་ཡུལ་མེད་པ་དེ་ཡིན། །གལ་ཏེ་དེར་ཡང་རྣམ་ཤེས་ནི། །འཁྲུལ་པས་དེ་ལྟར་སྣང་འགྱུར་ན། །རིག་པར་བྱེད་པར་བརྗོད་པས་ན། །དེ་ནི་ཡུལ་མེད་གསལ་བར་འགྱུར། །རྣམ་པ་དང་བཅས་རྣམ་མེད་པ། །དེ་ནི་
གཞན་མེད་རིགས་མ་ཡིན། །དེས་ན་སངས་རྒྱས་རྣམ་ཤེས་ལ། །ཁོ་བོ་ཅག་ནི་རྟག་འཇུག་བྱེད། །དེ་དང་འདྲ་བ་ཉིད་འབྱུང་བས། །གཞན་གྱི་འདོད་ཆགས་སོགས་རིག་ནས། །སྒྲིབ་པ་ཡོད་པ་འཐོབ་འགྱུར་ཏེ། །དམིགས་པ་ཅན་གྱི་གཞུང་ལུགས་ལ། །དཔག་བསམ་ཤིང་དང་
འདྲ་བར་ནི། །ཀུན་རྟོག་རླུང་གིས་མི་བསྐྱོད་ཀྱང་། །ཐུབ་པས་འཇིག་རྟེན་ཐམས་ཅད་ཀྱི། །དོན་གྱི་ཕུན་སུམ་ཚོགས་པ་མཛད། །རྒྱལ་བ་ཐམས་ཅད་མཁྱེན་པ་ནི། །དེས་ན་གཟིགས་པ་མེད་པར་བསྟན། །ལྷུན་གྱིས་གྲུབ་པ་ཐམས་ཅད་ཀྱི། །མ་ལུས་ཀུན་མཁྱེན་དོན་བསྒྲུབ་ཕྱིར། །
Vol. 191 · folio 75a
དཀར་སོགས་ངོ་བོ་བློ་མིན་ན། །དེ་ནི་རེ་ཞིག་ཇི་ལྟར་འགྱུར། །བློ་ནི་དཀར་སོགས་དངོས་ཉིད་ན། །ཕྱི་དོན་ཚད་མ་གང་གིས་གྲུབ། །སྔོ་སོགས་སོ་སོར་སྣང་བ་ནི། །མི་སླུ་ཉིད་ཀྱིས་ཤེས་པ་ཡི། །རྣམ་པ་ཉིད་ཀྱི་རིགས་མཐུན་ལས། །སྐྱེ་བར་བསྒྲུབ་ན་
ཤེས་པ་བཞིན། །ཕྱི་རོལ་དོན་ནི་ཐོབ་བྱེད་དམ། །གལ་ཏེ་དེ་ཡི་ནུས་པ་ནི། །མི་སླུ་བ་ཉིད་དུ་འདོད་ན། །ཕྱི་དོན་སྨྱོན་ལ་དེ་གྲུབ་མིན། །གལ་ཏེ་དོན་བྱེད་པར་སྣང་བའི། །ཤེས་པ་ལ་ནི་རྒྱུ་ཉིད་དུ། །མི་སླུ་བ་ཉིད་དུ་འདོད་ན། །དེ་ལྟར་མིག་མེད་ལ་དེ་སྲིད། །ཇི་ལྟར་ཕྱི་རོལ་ཆུ་སོགས་
ལ། །ནུས་པ་ཉིད་དུ་ངེས་འདོད་ན། །ཤེས་བདག་ཉིད་ལ་ཡང་དེ་བཞིན། །དེས་ན་ལྡོག་ཉིད་ཐེ་ཚོམ་ཟ། །རྗེས་སུ་དཔག་ལ་སྣང་བ་ཡིས། །གསལ་བར་མ་ངེས་ཐུན་མོང་འདི། །མེ་སོགས་གསལ་བའི་གཟུགས་དང་ནི། །འདི་ནི་མཚུངས་པ་མ་ཡིན་ནོ། །གལ་ཏེ་ཡུལ་གྱི་རྣམ་བཅད་
སྣང་། །ནང་གི་ཉམས་མྱོང་ལས་ཐ་དད། །གཞལ་བྱ་ཉིད་སོགས་གཏན་ཚིགས་ཀྱིས། །རྒྱུ་གཞན་ལ་གནས་སེམས་གཞན་ནོ། །འདིར་ཡང་འཁྲུལ་པ་ཉིད་ཡིན་ཏེ། །སེམས་དེ་རང་གི་ངོ་བོ་དང་། །དེ་བཞིན་མིག་ནད་ལས་བྱུང་བའི། །ཟླ་བ་གཉིས་ལ་སོགས་ཀྱིས་འཁྲུལ། །གལ་
ཏེ་ཕྱི་དོན་རྣམ་གཞན་དུ། །འདི་ནི་རིག་པ་ཡིན་བརྗོད་ན། །སྣང་བར་འགྱུར་བའི་རྣམ་པ་ནི། །དེ་ནི་དོན་དེ་བདག་ཉིད་མིན། །དེ་ནི་དེ་ལྟར་སྣང་འགྱུར་བས། །རྣམ་པར་ཤེས་པས་རྟོག་མི་འགྱུར། །གལ་ཏེ་སྣང་འགྱུར་མི་རིགས་ན། །དེ་རིག་རྣམ་པ་གཞན་ཡང་རིག །དེ་ནི་ཕན་ཚུན་
འགལ་ཉིད་ན། །ཇི་ལྟར་འཐད་པ་ཞེས་བྱར་འགྱུར། །དེ་ཉིད་ཀྱི་ཕྱིར་སེམས་རྣམས་ལ། །རང་རིག་ཉིད་ནི་བསྒྲུབ་དཀའ་ཉིད། །བདག་ཉིད་འགྱུར་བའི་སྣང་བ་ནི། །དེ་ཚེ་རིག་པར་སྣང་བའི་ཕྱིར། །དེ་ཕྱིར་དོན་ཉིད་རྟོགས་བྱེད་དང་། །ཡོད་པ་རྣམ་གཞན་རྟོག་པས་ན། །བློ་འདི་ཉིད་ནི་
འཁྲུལ་པ་ཡིན། །དེས་ན་བདག་ཉིད་རིག་པ་ཡིན། །འོན་ཏེ་འཛིན་པའི་ངོ་བོ་གང་། །དེ་ནི་དེ་གཟུང་ལས་ཐ་དད། །དེ་རིག་ན་དེ་མི་རིག་ཕྱིར། །ཇི་ལྟར་རོ་སོགས་འཛིན་པ་ལྟར། །གཟུང་བའང་དེ་འཛིན་པས་དེ་བཞིན། །གང་གིས་དེ་ནི་རྟོགས་པ་ན། །ངེས་པར་རྟོགས་པར་མི་འགྱུར་
Vol. 191 · folio 75b
ཏེ། །རོ་འཛིན་པ་ལ་སོགས་པ་བཞིན། །ཐ་དད་རོ་སོགས་བཞིན་དུ་བསྒྲུབ། །ཡང་ན་དངོས་གཅིག་མི་ཤེས་ཕྱིར། །རྒྱུད་གཞན་ལ་གནས་བློ་བཞིན་ནོ། །ཤེས་པ་རང་ཆ་འཛིན་བྱེད་མིན། །ཤེས་ལས་སྐྱེས་འགྱུར་རང་ནུས་བཞིན། །བཟུང་བ་ལ་དགག་པ་དེ་བཞིན། །གང་
གིས་བག་ཆགས་གཉིས་བྲལ་ཡིན། །ནག་པའི་ཤེས་པས་དེ་བྱུང་བའི། །ཤེས་པའི་གཟུང་བྱ་རྟོགས་བྱེད་མིན། །ཤེས་པ་ཉིད་ཕྱིར་ཇི་བཞིན་དུ། །དེ་ནི་གཞན་པའི་ལུས་བྱུང་བ། །སོ་སོ་མ་ཡིན་རིག་ཕྱིར་དང་། །དེ་ཉིད་སྔར་ནི་བསྟན་པའི་ཕྱིར། །ངོ་བོ་གཅིག་པུ་མི་ཤེས་པའི། །
བར་དུ་གཏན་ཚིགས་མ་གྲུབ་ཉིད། །དེ་ནི་ཕྱི་རོལ་ཕྱོགས་དང་འབྲེལ། །ཞེས་བྱ་འདིས་ནི་བཟུང་བ་ཡིན། །རྣམ་པ་གཞན་དག་རིག་འགྱུར་ཏེ། །འཛིན་པར་ཉམས་མྱོང་མེད་པར་བརྗོད། །དེ་ཚེ་བདག་གི་དོན་ཅིར་ཡང་། །འཛིན་པས་བྱས་པ་དྲན་པ་མེད། །གཟུང་བའི་ངོ་བོ་དང་བྲལ་བ། །
འཛིན་པ་སྐྱེས་པར་དྲན་པར་འགྱུར། །དེ་ཕྱིར་ཐ་མི་དད་ཡིན་ན། །གཟུང་བ་ལ་ཡང་དྲན་པར་འགྱུར། །འཛིན་པ་དྲན་པ་ཡོད་པ་ན། །དེར་ནི་དེ་ཉིད་འཛིན་པར་འགྱུར། །རྗེས་སུ་འགྲོ་དང་ལྡོག་པ་ཡི། །དེ་ལྟར་དེ་དག་ཐ་དད་གྲུབ། །དེ་ལྟར་གཏན་ཚིགས་དེ་དག་ནི། །
བསྒྲུབ་བྱའི་ཆོས་ཅན་ལ་ནི་གྲུབ། །དམིགས་པ་རབ་ཏུ་མ་གྲུབ་ན། །དོན་མཐོང་རབ་ཏུ་མི་འགྲུབ་བོ། །དེ་ཕྱིར་འཛིན་པ་རིག་མེད་པར། །གཟུང་བ་རིག་པར་འགྱུར་བ་མིན། །མིག་ནད་ཅན་གྱིས་མཐོང་བ་ཡི། །སེར་སོགས་དེ་བཞིན་གསལ་པོར་
སྣང་། །འཛིན་པའི་ཆ་ལ་རེག་བྱ་མིན། །དེ་བཞིན་དུ་ནི་གཞན་ཡང་ནི། །ཁྱད་པར་མཚོན་པ་མེད་པ་ཡི། །གཟུང་བའི་ངོ་བོ་ལ་དེའང་དྲན། །ཐམས་ཅད་ལས་ལྡོག་ངོ་བོ་ལ། །དེ་མྱོང་གོམས་སོགས་མེད་པའི་ཕྱིར། །གཞན་དུ་ཅིར་ཡང་དེ་ལྟ་བུ། །འཛིན་
ཅེས་དྲན་པར་མི་འགྱུར་རོ། །དག་ཅིང་ཤེལ་དང་འདྲ་བར་ནི། །དྲན་པ་ཡོད་པའང་མ་ཡིན་ནོ། །དུང་ལ་སེར་སོགས་རྣམ་ཤེས་ཀྱིས། །གཏན་ཚིགས་ཕྱི་མ་གཉིས་པོ་ཡང་། །གསལ་པོར་མ་ངེས་ཉིད་ཡིན་ཏེ། །སྒྲུབ་པ་གཞན་ལ་འང་ཕྱོགས་འདིས་ཡིན། །དེས་ན་རྩོད་པའི་གཞིར་གྱུར་
Vol. 191 · folio 76a
ཡིན། །ཤེས་པ་ཉིད་ཕྱིར་གཉིས་སུ་མེད། །རིག་བྱ་རིག་པར་བྱེད་པོ་དག །བྲལ་ཞིང་གཟུགས་བརྙན་ལྟ་བུ་ཡི། །གཟུགས་བརྙན་ལ་ཡང་ཤེས་པ་ནི། །དམིགས་པ་དང་ལྡན་འདོད་མིན་ནམ། །མིག་གི་སྣང་བ་ལྡོག་པ་ན། །རང་གདོང་དེ་བཞིན་མཐོང་ཕྱིར་
རོ། །མངོན་པར་ཕྱོགས་དེ་སྣང་ཕྱིར་དང་། །ཚད་ཡུལ་བྱེ་བྲག་སོགས་མཐོང་ཕྱིར། །རང་གི་གདོང་སོགས་དེ་བཞིན་དུ། །མི་མཐོང་དངོས་པོ་གཞན་བཞིན་ནོ། །རྣམ་ཤེས་ཉིད་དང་གསལ་བ་ཉིད། །དེ་ཡང་ཕྱི་རོལ་ལ་བརྟེན་མིན། །རྣམ་མེད་ལ་སོགས་མི་རུང་བས། །དེས་ན་
འདི་ཡི་ཁྱབ་པ་དེས། །དེ་མ་ཐག་པའི་ཤེས་ནུས་ལ། །བཟུང་བའི་ཆ་ནི་ཡུལ་དངོས་གནས། །དེ་ཉིད་མིན་པར་ཁོ་བོ་འདོད། །དེས་ན་དེ་ནི་མ་བསྒྲུབས་སོ། །རྣམ་རིག་ཙམ་ཉིད་བསྒྲུབ་པ་ནི། །བློ་ལྡན་རྣམས་ཀྱིས་དྲི་མེད་མཛད། །ཁོ་བོ་ཅག་གིས་དེ་ཕྱོགས་ནི། །དོན་དམ་ངེས་པར་
བསྐྱེད་པར་བྱས། །དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་ལས་ཕྱི་རོལ་གྱི་དོན་བརྟག་པ་སྟེ་ཉི་ཤུ་རྩ་བདུན་པའོ།། །།ཡང་འདིར་གཞན་དག་མི་ཤེས་པའི། །དྲི་མས་གོས་པའི་བློ་ཅན་རྣམས། །སེམས་ཙམ་ཚུལ་འདི་མི་རིགས་ཏེ། །ཐོས་པས་གནོད་པའི་ཕྱིར་
ཞེས་སྨྲས། །དེ་ནི་ཀུན་ལ་ཚད་མ་རུ། །སྐྱེས་བུས་མ་བྱས་པར་ནི་གནས། །གང་ཕྱིར་སྐྱེས་བུས་བྱས་ཚིག་གིས། །ལོག་པ་ཉིད་དུ་རྟོག་པར་འགྱུར། །ཉེས་པ་ཡོད་དམ་མེད་པར་ནི། །སྐྱེས་བུའི་ངག་ལ་ཐེ་ཚོམ་ཟ། །བྱེད་པོ་མེད་ཕྱིར་ཐོས་པོ་ལ། །སྐྱོན་ཡོད་ཐེ་ཚོམ་ཡོད་པས་
མིན། །བྱེད་པོ་རེ་ཞིག་མ་མཐོང་ན། །གང་ཚེ་ཡོད་ཅེས་འདོད་པ་ཡིན། །སྔོན་མ་མཐོང་དང་འབྲེལ་པ་ནི། །མི་ཤེས་རྒྱུ་ཡིས་ད་ལྟར་སྨོད། །རྗེས་སུ་དཔག་པ་དང་བྲལ་ཡང་། །དེ་ནི་ཡོད་པར་བརྟགས་པ་ཡིན། །བྱས་དང་མ་བྱས་པའི་ལུང་ནི། །ཁོ་བོ་ཅག་ལ་དེ་གྲུབ་མིན། །
རང་ཉིད་ཚད་མ་ཡིན་པའི་ཕྱིར། །བྱས་པས་འདི་ནི་རྟོགས་བྱེད་མིན། །དྲང་སྲོང་ཡིད་སོགས་ཚིག་ཀྱང་ནི། །དེ་ཉིད་ཀྱིས་ནི་བདེན་པར་འགྱུར། །མ་འབྲེལ་ཞེ་སྡང་དང་བཅས་པ། །བདེན་པར་སྨྲ་བར་ཇི་ལྟར་འགྱུར། །དེ་ཕྱིར་བྱེད་པོ་སྒྲུབ་པའི་ལུང་། །གཞན་བྱས་བདག་ཅག་ལ་གྲུབ་མིན། །
Vol. 191 · folio 76b
གལ་ཏེ་རིག་བྱེད་བྱེད་པོ་དང་། །འདྲ་བ་དང་ལྟར་ཅུང་ཟད་སྣང་། །དེ་ཕྱིར་ཉེ་བར་འཇལ་བ་དེས། །བྱེད་པོ་ལ་ཡང་ཉེར་འཇལ་འགྱུར། །གལ་ཏེ་བྱེད་པོ་མེད་ཅུང་ཟད། །གཞལ་བྱས་གྲུབ་པར་མི་འགྱུར་ན། །དེས་ན་ངེས་པར་བྱེད་པོ་ནི། །དོན་གྱིས་གོ་བའི་གཞལ་བྱར་འགྱུར། །དེ་མེད་
ཀྱང་ནི་རིག་བྱེད་ལ། །མི་འཐད་ཅུང་ཟད་གང་ཡང་མེད། །དེ་ཡོད་ན་ནི་ཚད་མ་སོགས། །མང་པོ་གྲུབ་པར་མི་འགྱུར་རོ། །དེར་ནི་ལྔ་པོར་མ་ངེས་ཕྱིར། །དངོས་མེད་ཉིད་ཀྱིས་རྟོགས་པར་འགྱུར། །དེས་ན་དེ་ཡོད་རྙེད་དཀའ་སྟེ། །དངོས་མེད་ཚད་མས་གནོད་པའི་ཕྱིར། །ཚད་མ་མ་ཡིན་
ཉིད་ལྡོག་ཕྱིར། །རིག་བྱེད་སྐྱེས་བུས་མ་བྱས་ཉིད། །གང་འདོད་དེ་ཡང་དངོས་མིན་པས། །སྒྲུབ་པ་རྣམས་ཀྱི་བསྒྲུབ་བྱ་མིན། །རྟོག་གེ་རྣམས་ཀྱིས་གང་སྨྲས་ཞེས། །སྐྱེས་བུས་བྱས་པ་ཉིད་སྒྲུབ་པ། །དེ་ནི་སྤང་བར་བྱས་པ་མིན། །རིག་བྱེད་སྐྱེས་བུས་མ་བྱས་གྲུབ། །དངོས་
པོའི་ངོ་བོར་ཕྱོགས་གང་དག །གཙོ་བོ་དང་ནི་རྡུལ་ཕྲན་བཞིན། །དེ་དག་གང་རུང་མ་གྲུབ་ན། །ཅིག་ཤོས་རང་ཉིད་ཀྱིས་མི་གྲུབ། །གཙོ་བོ་ཡི་ནི་རྒྱུ་ཉིད་ཀྱི། །སྒྲུབ་པ་ཡང་ནི་སྤང་བྱས་ཀྱང་། །གཏན་ཚིགས་གཞན་མ་རྣམས་ཀྱིས་ནི། །རྡུལ་ཕྲན་ཀྱིས་བྱས་འགྲོ་བསྒྲུབ་བྱ། །
དངོས་པོའི་ཕྱོགས་ནི་བསྒྲུབ་དོན་དུ། །སྒྲུབ་པ་གང་ཞིག་བརྗོད་པ་མིན། །དེ་ནི་གཞན་དག་སྤང་བྱས་ན། །མེད་པ་རང་ཉིད་ཀྱིས་ནི་གྲུབ། །སྔ་ཕྱི་ཡི་ནི་མཐའ་དག་ལ། །གཞན་གྱིས་སྒྲུབ་པ་གང་བརྗོད་ཡིན། །དེ་ནི་སྤང་བར་བྱས་ནས་ནི། །རིག་བྱེད་སྨྲ་བའི་བྱ་བ་རྫོགས། །རྟག་
ཉིད་དངོས་པོའི་ངོ་བོ་གང་། །དེ་ནི་མ་བསྒྲུབས་ན་ཡང་ནི། །སྔ་མའི་ཕྱོགས་གཉིས་སུན་བཏོན་ཏེ། །རང་ཉིད་ཀྱིས་ཏེ་གྲུབ་པར་འགྱུར། །ཐོག་མའི་རིག་བྱེད་ཀྱིས་མཐའ་གང་། །སྐྱེས་བུས་བྱས་པའི་མཚན་ཉིད་ཅན། །ཕྱི་མཐའ་འཇིག་པའི་ངོ་བོ་ཡང་། །དེ་དག་མེད་པ་རྟག་པ་ཉིད། །ཐོག་
མར་རིག་བྱེད་གང་བྱས་མིན། །ཕྱིས་ཀྱང་འཇིག་པར་མི་འགྱུར་བ། །དེ་ཉིད་དེ་ཡི་རྟག་པ་ཉིད། །གལ་ཏེ་ཤེས་བྱ་དེར་ཡང་འདོད། །མ་བྱས་ཉིད་དང་འཇིག་མེད་ཀྱིས། །རྟག་པ་ཉིད་དུ་འདོད་པ་ཡིན། །དེ་དག་དངོས་མེད་བདག་ཉིད་ཀྱིས། །རང་གི་སྒྲུབ་པ་ལ་ལྟོས་མིན། །རིག་བྱེད་ངག་དོན་
Vol. 191 · folio 77a
ལོག་པ་ཉིད། །རྗེས་སུ་དཔག་པས་གང་བརྗོད་པ། །དེ་ཡི་རིག་བྱེད་སྒྲུབ་ཤེས་པའི། །སྟོབས་ཀྱི་ཕྱོགས་ནི་ལྡོག་པར་འགྱུར། །དེ་ནི་མངོན་སུམ་མཚུངས་ཉིད་ཕྱིར། །རིག་བྱེད་ལས་བྱུང་སྟོབས་ཆེན་ཅན། །དེས་ན་རྗེས་སུ་དཔག་པས་ནི། །ཇི་ལྟར་ཡང་ནི་གནོད་ནུས་
མིན། །མངོན་སུམ་ཕྱོགས་ལ་དགོས་པས་ན། །གང་ཕྱིར་བསྟན་བཅོས་ཉིད་གནས་ཡིན། །དེ་ནི་ཤིན་ཏུ་སྟོབས་ལྡན་ཕྱིར། །རྗེས་སུ་དཔག་པ་ལ་གནོད་བྱེད། །དཔེ་ལ་ལྟོས་པ་མེད་ཕྱིར་དང་། །སྐྱོན་མེད་ཕྱིར་ན་ཟོར་ཡང་མིན། །ལུང་ནི་ཚད་མ་ཉིད་ཡིན་ལ། །དེ་དང་རྗེས་དཔག་འདྲ་
བ་མིན། །དེས་ན་ལུང་དང་རྗེས་དཔག་པས། །དོན་གང་ལ་ནི་ཐེ་ཚོམ་འགྱུར། །དེ་ལ་སྟོབས་ཆེན་ལུང་གིས་ནི། །དེ་ཉིད་ཀྱིས་ནི་ངེས་པར་བྱོས། །རིག་བྱེད་ཀྱིས་དོན་རྟོགས་བྱེད་ཀྱང་། །བདག་ལ་ཚད་མ་མིན་དེ་ལྟར། །བདེན་སྨྲས་ཞེ་སྡང་ཙམ་གྱིས་ནི། །བརྗོད་པར་ནུས་པ་མ་ཡིན་ནོ། །མི་
འདོད་པ་དང་ཞེ་སྡང་གིས། །ཚད་མ་མིན་པ་ཉིད་མི་འགྱུར། །དགའ་བ་དང་ནི་འདོད་པ་ཡིས། །ཚད་མར་བརྟགས་པར་མི་འགྱུར་རོ། །ཞེ་སྡང་ཅན་ཡང་རིག་བྱེད་ལ། །ཚད་མ་ཡིན་པ་ཉིད་ཀྱི་རྒྱུ། །ཅུང་ཟད་སྨྲ་བར་མི་བྱེད་དེ། །གང་གིས་དེ་དག་བདེན་སྨྲར་འགྱུར། །འཛིན་དང་འདོད་དང་འཆད་
པ་ཡིས། །ལས་ལ་རྟག་ཏུ་མངོན་སྦྱོར་བར། །ལོག་པ་ཉིད་རྒྱུ་མི་ཤེས་ན། །རིང་ན་གནས་པས་ཇི་ལྟར་ཤེས། །གང་ཕྱིར་དེས་ནི་ངེས་སྦྱོར་བ། །དེ་དང་འབྲེལ་པའི་དགོས་པ་ཅན། །དེར་གནས་ཡོན་ཏན་སྐྱོན་རྣམས་ནི། །དེ་དག་ཤེས་པའི་དབང་དུ་བྱས། །ཚངས་ལ་གང་དག་སྡང་བ་ནི། །
སྡིག་ཅན་རིག་བྱེད་ལས་རིང་གནས། །རིག་བྱེད་སྐྱོན་དང་ཡོན་ཏན་ཚིག །ངོ་ཚ་མེད་པར་ཇི་ལྟར་བརྗོད། །གཞན་ཡང་རྣ་སྐྱེས་ངོ་ཤེས་པས། །སྒྲ་ཡང་རྟག་པ་ཉིད་དང་ནི། །ཁྱབ་པ་ཉིད་དང་འགྲུབ་པས་ན། །བཟློག་ལ་ངེས་པར་སུ་ཞིག་བྱེད། །དེས་ན་དུས་ནི་ཐམས་ཅད་དང་། །ཡུལ་ཀུན་
དུ་ནི་གཅིག་ཉིད་གང་། །ངོ་ཤེས་པ་ཡི་མངོན་སུམ་གྱིས། །རང་གྲུབ་འདི་ལ་གནོད་ཕན་ཡིན། །འབར་སོགས་སྐད་ཅིག་ཉིད་ཡིན་ཡང་། །ངོ་ཤེས་ཤེ་ན་དེ་མིན་ཏེ། །ཁོ་བོའི་སྤྱི་ནི་རྟག་ཉིད་པས། །འདི་ཡི་ངོ་ཤེས་པ་འདི་ཡིན། །ཁྱད་པར་འགའ་ཞིག་གིས་ནི་ཆ། །གང་ལ་བློ་ནི་ཐ་དད་འགྱུར། །
Vol. 191 · folio 77b
དེ་ལ་ངོ་ཤེས་ཆ་ཡིན་ཏེ། །ཐ་དད་བློ་ཡིས་ངེས་པར་འགྱུར། །ཡུལ་དང་དུས་སོགས་ཐ་དད་པའི། །བ་ལང་སྒྲ་གསལ་བློ་རྣམས་ནི། །ཐམས་ཅད་མཚུངས་པའི་ཡུལ་ཅན་ནམ། །སྣ་ཚོགས་དོན་གྱི་ཡུལ་ཅན་མིན། །བ་ལང་ཞེས་བྱ་ལས་སྐྱེས་ཕྱིར། །ད་ལྟར་སྐྱེས་པའི་བློ་བཞིན་ནོ། །
སྔ་དེའི་བ་ལང་སྒྲ་བློ་ཡིས། །བ་ལང་སྒྲ་ནི་རབ་བརྟན་ཡིན། །བ་ལང་སྒྲ་ཡི་ཡུལ་ཉིད་ཀྱིས། །ཇི་ལྟར་ཕྱི་དེ་སྐྱེས་པ་བཞིན། །འདི་ཡང་དེ་ནི་ཤེས་ཡིན་ཏེ། །གཏན་ཚིགས་དེ་ཕྱིར་སྔ་བློ་བཞིན། །གཉིས་ཀ་ཡང་ནི་ཡུལ་གཅིག་ཡིན། །ཇི་ལྟར་བློ་ནི་གཅིག་བཞིན་བློ། །ཡུལ་
དང་དུས་སོགས་ཐ་དད་པ། །བ་ལང་ཉིད་བློ་མ་ལུས་པས། །བ་ལང་སྒྲ་གཅིག་སྐྱེད་འགྱུར་ཏེ། །བ་ལང་བློ་ཕྱིར་བློ་གཅིག་བཞིན། །སྔ་དེའི་བ་ལང་སྒྲ་བརྗོད་པ། །ཕྱི་དེ་ཡང་ནི་ཡོད་པ་ཡིན། །བ་ལང་སྒྲ་ཡིས་ཤེས་རྟོགས་ཕྱིར། །ཕྱི་དེ་བརྗོད་པའི་སྒྲ་བཞིན་ནོ། །ཕྱི་དེ་བ་ལང་སྒྲ་ཐོས་པ། །བདག་གིས་སྒྲ་དེ་སྔ་དེའང་ཐོས། །
སྔར་བསྟན་གཏན་ཚིགས་ཉིད་ཀྱིས་ནི། །ཕྱི་དེ་བརྗོད་པའི་སྒྲ་བཞིན་ནོ། །སྒྲ་ཡང་བརྗོད་པར་བྱ་བ་གང་། །དེ་བསྟན་ཡུན་ནི་རིང་པོར་ཕན། །འབྲེལ་པ་ཉམས་མྱོང་ལ་ལྟོས་པས། །ཤེས་བྱ་ལ་ཤེས་འཇུག་ཕྱིར་རོ། །དེ་འདྲ་གང་ཡིན་བརྟན་པར་མཐོང་། །དུ་བའི་སྤྱི་ཡི་ཆ་བཞིན་ནོ། །འབྲེལ་པའི་ཤེས་པ་ལ་ལྟོས་པ། །མི་བརྟན་པ་ནི་རྟོགས་བྱེད་
མིན། །དེ་ཚེ་རྒྱུ་མཚན་ཉིད་ཡིན་ཕྱིར། །མར་མེ་གློག་གི་གསལ་བ་བཞིན། །སྒྲ་ཡི་མི་རྟག་ཉིད་ཕྱོགས་ལས། །རྗེས་སུ་དཔག་པས་གཏན་གྲུབ་པས། །དེ་ཀུན་གྱིས་ནི་འགལ་བར་འགྱུར། །བུམ་སོགས་གཅིག་ཉིད་ཐོབ་གྱུར་ན། །རིགས་རྟེན་འདོད་པས་གྲུབ་པ་སྒྲུབ། །གསལ་བ་རྣམས་ལ་
གཅིག་ཉིད་དུ། །ཕྱོགས་འདི་ཡིས་ནི་བྱེད་པ་ན། །དེ་ཚེ་མཐོང་བ་དང་འགལ་ཉིད། །ཚད་མ་ཀུན་གྱིས་བརྗོད་པར་བྱ། །བཅོས་མའི་འབྲེལ་པ་ཉིད་ཡིན་ན། །དེ་ཡི་སྦྱོར་བ་མེད་པའི་ཕྱིར། །གསལ་བ་དེ་གཅིག་ལ་གནས་པས། །འབྲེལ་པ་ཐམས་ཅད་ཁྱབ་འགྱུར་མིན། །ས་ལས་
བྱུང་དང་ཡོད་རྫས་སོགས། །མཇུག་མ་ཉིད་སོགས་འཇོལ་བའི་ཕྱིར། །སྦྱོར་བ་མང་དུ་བྱེད་པས་ན། །བ་ལང་ཉིད་ངེས་འགྱུར་བ་མིན། །དེ་ཕྱིར་སྒྲ་ནི་བཅོས་མ་མིན། །རེས་འགའ་ཡང་ནི་འཇིག་མི་འགྱུར། །རྟག་པ་དང་ནི་རྟེན་འབྲེལ་ཕྱིར། །ནམ་མཁའ་རྡུལ་ཕྲན་ལྟ་བུའོ། །
Vol. 191 · folio 78a
སྤྱི་རྣམས་དུ་མ་མངོན་ཕྱོགས་པའི། །ཡུལ་ཅན་ལན་ཅིག་ཐོས་པས་ན། །རང་དོན་བརྗོད་ཉིད་དམིགས་དགར་བས། །སྒྲ་ཡིས་རྟོགས་པར་མི་འགྱུར་རོ། །མང་དུ་ཐོས་པས་དེ་ཉིད་ནི། །སྲོག་ཆགས་ཉིད་ལ་སོགས་པ་དང་། །གར་སོགས་འགྲོ་བ་ལ་སོགས་
དག །ལྐོག་ཤལ་མཇུག་མ་ཉིད་སོགས་ཀྱང་། །ཁྲ་བོ་སོགས་དང་ཁུ་ཡུ་སོགས། །གསལ་བའང་རང་གི་རྒྱུ་སྤངས་ནས། །དམིགས་དགར་བ་ལ་ཉིད་བརྗོད་ཉིད། །ཡུན་རིང་ནས་ནི་རྟོགས་པར་འགྱུར། །དུས་དེ་ཙམ་དུ་བསྟན་པ་འདི། །ཕྱོགས་ནི་སུ་ཞིག་རྗོད་པར་བྱེད། །
སླར་ཡང་རྒྱུ་མཚན་འདི་ཡིས་ནི། །འདི་ལ་འཛིན་པ་མི་སྲིད་ཉིད། །ཇི་ལྟར་བུམ་སོགས་རྙིངས་པའམ། །མཚོན་སོགས་ཀྱིས་ནི་བཅག་པ་ཡིས། །འཇིག་པར་འགྱུར་བ་རྟོགས་པ་ཡིན། །དེ་བཞིན་སྒྲ་ལས་རྒྱུ་ཡོད་མིན། །ཡུལ་དང་དུས་དང་སྦྱོར་བྱེད་རྣམས། །ཐ་དད་པས་ཀྱང་
དབྱེ་ལྡན་མིན། །ག་སོགས་ཡི་གེ་གང་གིས་ནི། །དེ་ལ་ངོ་ཤེས་གསལ་བར་ཡོད། །མྱུར་བ་ལ་སོགས་དབྱེ་བས་ཀྱང་། །ག་གསལ་གཞན་ལས་རྣམ་བཅད་པར། །ག་ཡི་གསལ་གཞན་གསལ་པོ་རུ། །རྫོགས་པར་འགྱུར་བ་རྟོགས་པ་ཡིན། །ཤིན་ཏུ་དམིགས་བཀར་
ཡི་གེ་ག །ག་ཉིད་རྟེན་ནི་ཡོད་པ་མིན། །ག་གཞན་བློ་ཡིས་མ་རྟོགས་ཕྱིར། །གཞན་གྱིས་བརྟགས་པའི་ག་ཉིད་བཞིན། །ཡི་གེ་ཉིད་སྦྱོར་འདི་བསྒྲུབ་བྱ། །ཡི་གེ་ཁ་སོགས་ཉིད་བཞིན་ནོ། །ལྡོག་པ་ཡང་ནི་མ་མཐོང་ཕྱིར། །འདིར་ནི་མཐོང་བ་ལྡོག་བྱེད་མིན། །ཡི་གེའི་
བདག་ཉིད་གཉིས་གྲུབ་ནི། །རྟག་པ་ཉིད་སོགས་རྟོགས་པ་ལ། །ཇི་ལྟར་འདོད་ཡིན་དེ་བཞིན་དུ། །གྲུབ་པ་ཉིད་ལས་ཁས་བླང་གིས། །དེས་ན་ཡི་གེ་གཅིག་ཉིད་དུ། །བློ་ནི་གཅིག་ཉིད་སྐྱེ་བར་འགྱུར། །གསལ་བར་བྱེད་པའི་དབྱེ་བ་ཡིས། །ཁྱད་པར་གྱི་བློ་ཡོད་པར་འགྱུར། །
གང་ལ་རྣ་བའི་ཡུལ་གཉིས་ལ། །དེ་ལ་བློ་གཉིས་སྐྱེ་མིན་ནམ། །ཁྱེད་ལ་དབང་པོ་ལས་འདས་ཕྱིར། །ཇི་ལྟར་སྒྲ་ཡིས་ཁྱད་པར་བློ། །སྒྲ་ཙམ་ལེགས་བྱས་རྣ་བ་ཡིས། །གང་ཚེ་སྒྲ་ནི་རྟོགས་པར་འགྱུར། །དེ་དང་ཉེར་བསྲེས་དེ་ཡིས་ནི། །རྟོགས་པ་ཡིན་ཞེས་འགའ་ཞིག་ཟེར། །ཡང་
Vol. 191 · folio 78b
ན་དེ་དག་འཛིན་པ་མིན། །དེ་ཡི་དབང་གིས་སྒྲ་བློ་སྐྱེ། །ལེགས་པར་བྱས་པའི་རྗེས་བྱེད་ཕྱིར། །དེ་ཡང་ཆེན་པོ་ཉིད་སོགས་རྟོགས། །མངར་བ་ཁ་བའི་ངོ་བོ་དང་། །དེ་བཞིན་དཀར་པོའང་སེར་པོ་རུ། །མཁྲིས་པའི་གནད་ཀྱིས་སེམས་འཁྲུལ་པས། །དེ་ལྟར་ཡུལ་ནི་འཛིན་པར་བྱེད། །
དེ་བཞིན་ཤུགས་ཀྱིས་རྒྱུག་པ་དང་། །གྲུ་ལ་ཞུགས་ནས་འགྲོ་བ་ཡིས། །འཁྲུལ་པས་རི་ལ་སོགས་པར་ནི། །དེ་དག་འགྲོ་བར་སྣང་བ་འགྱུར། །སྦལ་པའི་ཞག་གིས་མིག་བྱུགས་པས། །འོ་མའང་སྦྲུལ་གྱི་ངོ་བོར་སྣང་། །གསལ་བ་ཉུང་དང་མང་ཉིད་ཀྱིས། །དེ་བརྟེན་སྤྱི་ཡང་ཆེ་ཆུང་
འཛིན། །དེ་དག་རྣམས་ནི་ཇི་བཞིན་དུ། །རྒྱུ་མཚན་འཛིན་པ་མེད་ན་ཡང་། །གསལ་བྱེད་ལ་གནས་མ་རྟོགས་ནས། །དེ་ལྟར་གསལ་བྱ་ལ་འཁྲུལ་འགྱུར། །ཐུང་སོགས་དབྱེ་བ་རང་བཞིན་གྱིས། །རྟག་པར་སྨྲ་བ་ལ་འགལ་ཡིན། །གང་ཞིག་རྟག་ཏུ་ཡོད་པ་ཡིན། །རང་ཉིད་ཀྱིས་
དེ་ཚད་གཅིག་ཅིས། །དེ་ཕྱིར་དེ་ཡི་བརྗོད་པ་ཡི། །ཚད་ཀྱི་དུས་ནི་རྟོགས་པར་གྱིས། །ཚད་གཉིས་སམ་ནི་ཚད་གསུམ་མམ། །རང་ཉིད་ཀྱིས་ནི་ཚད་གཅིག་མིན། །སྒྲ་ཙམ་རྣམས་ཀྱིས་གསལ་བ་ནི། །སྒྲ་ལ་མི་འཐད་པ་ཡིན་ནམ། །སྒྲ་ནི་ལེགས་པར་བྱས་པས་སམ། །དང་
པོ་འམ་ནི་གཉིས་དེར་འགྱུར། །དེ་ལ་གལ་ཏེ་སྒྲ་ལེགས་བྱས། །ཐམས་ཅད་ཀྱིས་ནི་རྟོགས་པར་འགྱུར། །ཆ་ཤས་མེད་པའི་ཁྱབ་པ་ལ། །ཕྱོགས་གཅིག་ལེགས་པར་བྱར་མི་འདོད། །བརྟེན་པ་ཡི་ནི་དབྱེ་བས་ཀྱང་། །ལེགས་པར་བྱ་བ་ངེས་མི་འགྱུར། །གང་ཕྱིར་སྒྲ་ནི་རྟེན་མེད་པ། །
ནམ་མཁའི་བདག་ཉིད་ལ་སོགས་བཞིན། །འོན་ཏེ་ནམ་མཁའ་རྟེན་ཡིན་ཏེ། །དེ་ཡང་ཆ་མེད་དངོས་ཡོད་པས། །མ་ལུས་སྒྲ་ནི་རྟོགས་པའི་ཕྱིར། །ཕྱོགས་གཅིག་ལེགས་སྦྱར་མི་འགྱུར་ཏེ། །ཕྱོགས་གཅིག་ལེགས་པར་བྱས་པ་ན། །ཇི་སྲིད་ནམ་མཁའ་ལ་གནས་པ། །མ་ལུས་
ངོ་བོ་ཉིད་ཀྱིས་ནི། །ལུས་པ་མེད་པར་རྟོགས་ནུས་མིན། །མཁའ་ཉིད་རྣམ་པར་འདོད་ཕྱོགས་ལ། །ཁྱབ་པ་ཉིད་ཕྱིར་མཚུངས་ཐོབ་འགྱུར། །རིང་དུ་གནས་ཀྱང་སྒྲ་རྣམས་ཀྱི། །ཤེས་པ་འབྱུང་བར་ཐལ་བར་འགྱུར། །སྲོག་ཆགས་ཀུན་གྱི་རྣ་བ་ནི། །གཅིག་ཉིད་དུ་ནི་དེ་ལྟར་
Vol. 191 · folio 79a
འགྱུར། །དེས་ན་གཅིག་གིས་ཐོས་དུས་སུ། །དེ་དག་ཐམས་ཅད་ཀྱིས་ཐོས་འགྱུར། །དེ་ཡང་ཆ་ཤས་མེད་ཉིད་ཕྱིར། །ཆོས་དང་ཆོས་མིན་ལེགས་བྱས་པ། །གནས་སྐབས་གཉིས་ནི་གྲུབ་པའི་ཕྱིར། །རྣ་བ་ནམ་མཁའི་ཕྱོགས་འགྱུར་མིན། །ལན་ཅིག་རྣ་
བ་ལེགས་བྱས་པས། །སྒྲ་ནི་ཐམས་ཅད་རྟོགས་པར་འགྱུར། །བུམ་པའི་ཕྱིར་ནི་མིག་ཕྱེ་བས། །སྣམ་བུ་མི་མཐོང་བར་མི་འགྱུར། །ཡུལ་ཡང་ལེགས་པར་བྱས་པས་ན། །དེ་ཉིད་ཁོ་ནར་ཐལ་བར་འགྱུར། །ཡུལ་མཚུངས་པར་ནི་གནས་པ་ན། །ལེགས་པར་བྱས་ལ་ཁྱད་མེད་ཕྱིར། །
བརྟན་པའི་རླུང་ནི་ཡོངས་སྤངས་པས། །འདི་ལ་ལེགས་བྱས་འགྱུར་བ་མིན། །སྒྲིབ་པ་རྣམས་ནི་ཡོངས་སྤངས་ནས། །དེ་ཡི་ཕྱོགས་གཞན་དམིགས་པར་འདོད། །སྒྲ་ནི་གཅིག་ཉིད་ཡིན་པ་ན། །ལེགས་བྱས་མ་བྱས་མི་འགྲུབ་པོ། །གནས་སྐབས་གཅིག་ནི་ཁས་ལེན་ན། །ཀུན་གྱིས་
རྟོགས་འགྱུར་ཡང་ན་མིན། །གཉིས་ཀ་ལེགས་པར་བྱས་པ་ན། །སོ་སོར་བསྟན་སྐྱོན་ཀུན་འབྱུང་འགྱུར། །དེས་ན་སྒྲ་ལ་གསལ་བྱེད་ནི། །ཇི་ལྟར་ཡང་ནི་མི་འཐད་དོ། །བཤད་པ་བྱེད་པ་པོ་ཡིས་ནི། །རྣ་བ་ལེགས་བྱས་ཕྱིར་ལན་བརྗོད། །དེ་དབྱེ་ཐོས་པའི་དབྱེ་བ་ལའང་། །
ཐོས་པ་པོ་ལའང་གནས་པ་ཡིན། །ཇི་ལྟར་མིག་ལ་ཕན་བཏགས་པས། །བུམ་སོགས་རྣམས་ལ་མར་མེ་སོགས། །གསལ་འདོད་རྣ་བ་ལེགས་བྱས་ཕྱིར། །སྒྲ་ཙམ་དེ་ལྟར་བྱུང་བ་ཡིན། །ལེགས་བྱས་རྣམ་པ་གང་གིས་ནི། །འདིར་ནི་བརྒལ་ཞིང་བརྟགས་པ་མེད། །སྐྱེ་བ་
ལ་ཡང་མཚུངས་ཉིད་པས། །དེར་ཡང་ནུས་པ་དབང་འདས་ཕྱིར། །ནུས་པ་འབྲས་བུས་གཏན་རྗེས་དཔོག །གང་གིས་དེ་ནི་བརྒལ་ཞིང་བརྟག །དེ་ཡོད་དེ་འབྱུང་ཙམ་གྱིས་ནི། །ཚད་མས་དེ་ནི་རྟོགས་པར་འགྱུར། །དེས་ན་དབང་འདས་ནུས་པ་ཡིན། །དེ་དག་དབང་འདས་ནུས་
པ་ནི། །དབང་པོ་ལ་ནི་སྐྱེད་བྱེད་པས། །མངོན་གསལ་རྒྱུ་རུ་ཁོ་བོ་འདོད། །གང་དག་མ་ཕྲད་པར་སྐྱེ་བ། །སྒྲ་འདི་རྣ་བས་འཛིན་པར་བྱེད། །རིང་དང་བར་དུ་ཆོད་སོགས་ལ། །དེ་དག་ལ་ཕྲ་མཚུངས་ཉིད་ཡིན། །དེ་ལ་རིང་དང་ཉེར་གནས་པའི། །བཟུང་དང་མ་བཟུང་མཚུངས་པར་འགྱུར། །
Vol. 191 · folio 79b
རིམ་གྱིས་ཀྱང་ནི་མི་འགྱུར་ཏེ། །མྱུར་དང་དལ་སོགས་ཀྱང་མི་འབྱུང་། །དེ་ཕྱིར་གཙང་སྦྲ་ཅན་མཐོང་བའང་། །བལྟ་བ་ཡང་ནི་བལྟ་བར་གྱིས། །འབད་རྩོལ་གྱིས་ནི་བསྐུལ་བའི་རླུང་། །ལྟེ་བ་ལས་བྱུང་རྒྱུ་ཞིང་འགྲོ། །རྐན་ལ་སོགས་པར་ལྡན་པ་དང་། །རྣམ་པར་དབྱེ་བ་རྗེས་སུ་བྱེད། །ཤུགས་
ཉིད་ལྡན་ཕྱིར་དེ་ཡང་ནི། །ཇི་སྲིད་ཤུགས་ཡོད་བར་དུ་གནས། །དེ་ཡི་རང་གི་ཡན་ལག་ནི། །བརྟན་པའི་རླུང་དང་ལྷན་ཅིག་ཏུ། །འགྲོ་ཞིང་ལྡན་དང་རྣམ་དབྱེ་བ། །ངེས་པ་སྐྱེད་པར་འགྱུར་བ་ཡིན། །རྣ་བའི་ནམ་མཁར་ཕྱིན་འགྱུར་ན། །རྣ་བའི་ནུས་པ་སྐྱེད་བྱེད་ཡིན། །དེ་ཡོད་པས་ན་སྒྲ་
རྟོགས་ཕྱིར། །ལེགས་བྱས་མ་མཐོང་ན་ཡང་ལེགས། །སྐྱེ་བའི་ནུས་པ་བཞིན་དེ་ཡང་། །བདག་ལ་ཅི་ཡང་ལྷག་པ་མེད། །སྒྲ་ཡི་བྱེ་བྲག་གཟུང་བའི་ཕྱིར། །དེའི་ཁྱད་པར་ཡང་དེ་བཞིན་འགྱུར། །རྩིག་པ་ལ་སོགས་རླུང་གི་ནི། །གེགས་སུ་རབ་ཏུ་འཐད་པ་ཡིན། །དེ་ནི་དྲག་པོར་འཇུག་པ་
ཡིན། །རྣ་བའི་ཕྱོགས་ཀྱིས་གེགས་བྱེད་རིགས། །དེ་ནི་རིམ་པས་འཇུག་ཉིད་ཕྱིར། །འཇིག་པ་དང་ནི་ཤུགས་བཅས་ཡོད། །ལེགས་བྱས་རིམ་པས་གསལ་པོ་ཉིད། །མི་གསལ་སོགས་པའི་རྒྱུ་མཚན་རིགས། །ཁོ་བོས་ངེས་པར་རྣ་བ་ནི། །ནམ་མཁའ་ཁས་ལེན་མི་བྱེད་དོ། །ནམ་
མཁར་ཆ་ཤས་མེད་མིན་ཏེ། །རྒྱལ་བ་གྲངས་ཅན་གྱིས་བཀག་ཕྱིར། །དེ་ན་ནམ་མཁའི་ཕྱོགས་གཅིག་གམ། །ཡང་ན་དངོས་པོ་གཞན་དུ་འགྱུར། །སོ་སོའི་མི་ལ་གནས་རྣ་བ། །འབྲས་བུའི་དོན་གོས་ཁོ་བོས་རྟོགས། །གལ་ཏེ་ཁྱབ་པ་གཅིག་ཉིད་ནི། །དེ་ལྟ་ན་ཡང་རྟེན་གང་ལ། །
སྒྲ་ཙམ་གྱིས་ལེགས་བྱས་དེ་ཡོད། །དེས་ནི་སྒྲ་རྣམས་རྟོགས་པར་བྱེད། །འོན་ཀྱང་དབང་པོ་ལེགས་བྱ་བ། །དེ་ཡང་རྟེན་གྱི་ཕྱོགས་ཀྱིས་འབྱུང་། །དེས་ན་རྣ་བ་ལེགས་བྱས་ན། །རྣ་བས་སྒྲ་ནི་ཐོས་འགྱུར་མིན། །སྒྲ་ཙམ་རྣ་ཕྱོགས་མ་ཕྱིན་པས། །རྣ་བའི་དབང་པོ་ལེགས་བྱས་མིན། །
དེས་ན་རྟེན་གྱི་དབྱེ་བ་ཡིས། །ལེགས་པར་བྱེད་པ་ངེས་པར་གནས། །འོ་ན་རྟེན་ནི་གཅིག་ལ་ནི། །དབང་པོ་ལེགས་པར་བྱ་བ་ཐོབ། །ལུས་ཀུན་ལ་ནི་རྟོགས་བྱེད་པ། །དབང་པོ་གཅིག་ཏུ་སྒྲ་ལ་འགྱུར། །སྐྱེས་བུའི་ལུས་ཀྱི་ཕྱོགས་རྣམས་ལ། །རྣམ་པར་ཤེས་པས་སྐྱེད་འདོད་ཡིན། །
Vol. 191 · folio 80a
དེས་ན་གཙོ་བོ་ཐ་དད་པས། །རྣ་བའི་ལེགས་བྱས་ཐ་དད་འགྱུར། །བདག་ནི་ཕྱོགས་རྣམས་དང་བྲལ་ཡང་། །མ་ལུས་པར་ནི་རྟོགས་བྱེད་པ། །ལུས་ཉིད་ལ་གནས་འཛིན་པས་ན། །ཁོ་བོས་དེ་སྨྲས་འགལ་བ་མེད། །དེ་ཉིད་ཀྱི་ན་རྒྱུ་ཡིས་ནི། །འོན་པ་ཉིད་
སོགས་གནས་པ་ཡིན། །ཆོས་དང་ཆོས་མིན་དབང་བྱས་པ། །དེ་ཉིད་གཞན་ལོངས་སྤྱད་བྱ་ཡིན། །ཇི་ལྟར་དབང་དང་བྲལ་བ་རྣ། །ཡུལ་དེར་གནས་པར་གྱུར་ན་ཡང་། །ལོངས་སྤྱོད་མི་རྙེད་དེ་བཞིན་དུ། །གཞན་གྱིས་ཐོས་ཀྱང་འོན་པས་མིན། །རྣ་བ་སྒྲ་དང་རྟེན་དག་ནི། །རང་ཉིད་
ཀྱིས་ནི་ཡན་ལག་བྲལ། །ཕྱོགས་གཅིག་ལ་ནི་གནས་པ་མིན། །དེ་ལྟ་ན་ཡང་དེ་སྐྱོན་མེད། །གསལ་བར་བྱེད་པའི་རླུང་རྣམས་ལ། །ཐ་དད་ཡན་ལག་ཕྱོགས་ཉིད་དང་། །རིགས་ཀྱི་ཐ་དད་པ་ཡོད་པས། །དེ་ཉིད་ཀྱིས་ནི་ལེགས་པར་གནས། །གཞན་གྱི་དོན་དུ་རླུང་བསྐུལ་བས། །ཇི་
ལྟར་ཁྱེད་ལ་གཞན་བྱེད་མིན། །དེ་བཞིན་ཡིད་བཞིན་ལེགས་བྱས་པའི། །ནུས་པ་གཞན་ནི་ལེགས་བྱེད་མིན། །རྐན་སོགས་སྦྱོར་བ་གཞན་དག་གིས། །ཇི་ལྟར་ཡི་གེ་གཞན་བྱེད་མིན། །དེ་ཉིད་སྒྲ་ཙམ་གཞན་བསྐུལ་བས། །སྒྲ་ཙམ་གཞན་ནི་བྱེད་པ་མིན། །དེ་ཕྱིར་སྐྱེ་དང་
གསལ་དག་ནི། །འབད་རྩོལ་བརྗོད་པར་འདོད་པ་ལ། །ཀུན་ལ་ནུས་པའི་བྱེ་བྲག་ནི། །འབྲས་བུའི་དོན་གོས་མཚུངས་པར་ངེས། །ཡང་ན་རིག་བྱེད་རྗེས་འབྲངས་པས། །ཕྱོགས་ནི་རྣ་བ་ཉིད་ངེས་བྱ། །ནམ་མཁའི་བདག་ཉིད་རྣ་བ་རུ། །བརྗོད་པར་རིག་བྱེད་གང་ནའང་མེད། །ཕྱོགས་ནི་རྣ་བ་
ཡིན་ནོ་ཞེས། །དེ་ནི་རབ་ཏུ་ཐིམ་སྐབས་བརྗོད། །དེ་ཡང་རང་བཞིན་འགྲོ་ཉིད་ཀྱི། །ཚིག་གིས་མིག་ལ་སོགས་པ་བཞིན། །ཇི་ལྟར་འདི་མིག་གཟི་བརྗིད་ཀྱི། །རང་བཞིན་དུ་ངེས་ཉི་མ་ལ། །འགྲོ་བར་འགྱུར་ཞེས་བརྗོད་པ་ཡིན། །དེ་བཞིན་རྣ་བ་ཕྱོགས་བདག་ཉིད། །ཕྱོགས་ནི་ཀུན་
འགྲོ་གཅིག་པུ་ཉིད། །ནམ་མཁའ་ཇི་སྲིད་དུ་གནས་པ། །རྣ་བའི་བུ་གས་ཡོངས་བཅད་པ། །རྣ་བ་ཡིན་ནོ་མཁའ་ཕྱོགས་བཞིན། །ནམ་མཁའ་ཆ་ཉིད་བརྟགས་པ་ལ། །ཇི་སྲིད་ཅུང་ཟད་རིགས་པ་ཡིན། །ཕྱོགས་ཀྱི་ཆ་ལའང་དེ་མཚུངས་ཏེ། །ལུང་གིས་ཁྱབ་པར་འགྱུར་བ་ཡིན། །
Vol. 191 · folio 80b
དེས་ན་བསོད་ནམས་བསོད་ནམས་མིན། །དབང་བྱས་རྣ་བུག་གིས་ཡོངས་བཅད། །ཕྱོགས་རྫས་ཆ་ཡི་རྣ་གང་ཡིན། །དེ་ནི་ལེགས་པར་བྱ་བར་འགྱུར། །ཡུལ་ཡང་ལེགས་པར་བྱེད་པ་ན། །དེས་ན་གཅིག་ལ་ལེགས་བྱས་ཡིན། །མི་ཡི་ནུས་པ་ཐ་དད་ཕྱིར། །ཐམས་ཅད་ཀྱིས་ནི་
རྟོགས་འགྱུར་མིན། །ཇི་ལྟར་སྐྱེ་བར་གྱུར་པ་འདི། །ཕྱོགས་དང་ཡུལ་ལ་སོགས་པ་ཡི། །དབྱེ་བས་ཀུན་ལ་ཡོད་ན་ཡང་། །ཐམས་ཅད་ཀྱིས་ནི་རྟོགས་བྱ་མིན། །དེ་བཞིན་གང་དང་ཉེར་གནས་པ། །སྒྲ་ཙམ་གྱིས་ནི་ལེགས་བྱས་གང་། །དེ་དག་ཉིད་ཀྱིས་སྒྲ་ཐོས་འགྱུར། །རིང་
ན་གནས་པར་ཅིས་མི་འགྱུར། །སྒྲ་ཡི་སྐྱེ་བ་བཀག་པའི་ཕྱིར། །གཞན་དུ་མི་འཐད་པ་ཡིན་ན། །སྒྲ་ཙམ་རྣམས་ཀྱི་ཁྱད་པར་ལས། །ལེགས་པར་བྱ་བ་ངེས་སྐྱེད་འགྱུར། །འདིར་ནི་དེ་ཡོད་དེ་འབྱུང་ཉིད། །ནུས་པ་ཡོད་ཉིད་རྟོགས་བྱེད་པ། །རྣ་བའི་ནུས་པ་བཞིན་དུ་འདོད། །དེ་རུ་
བློ་ནི་ཡང་དག་བསྡུས། །གཉིས་ཀ་ལེགས་པར་བྱས་ཕྱོགས་ལས། །ཉེས་པ་གཉིས་ཆར་བརྫུན་པ་ཡིན། །གང་གིས་གང་རུང་མ་ཚང་ན། །ཐམས་ཅད་ཀྱིས་ཀུན་རྟོགས་མི་འགྱུར། །ཇི་ལྟར་ཉིད་གཅིག་ཆུ་སོགས་ལ། །དབྱེར་མེད་དེ་ཡང་དུ་མ་ཡི། །བདག་ཉིད་དུ་ནི་སྣང་བར་
འགྱུར། །སྒྲ་ཡང་དེ་བཞིན་ཤེས་པར་བྱ། །གསལ་བྱེད་སྒྲ་ཙམ་གྲགས་པ་ལས། །དེ་ཡི་ཡུལ་ནི་ངེས་གཟུང་འགྱུར། །བར་མཚམས་མེད་པའི་ནམ་མཁའ་ལས། །ཁྱབ་ནུས་སྒྲ་ཙམ་ལ་ནི་མེད། །དེས་ན་མ་བཅད་པའི་ངོ་བོས། །དེ་ནི་ཐམས་ཅད་དུ་རྟོགས་མིན། །སྒྲ་ཙམ་ཡུལ་གྱི་ཐ་
སྙད་ཉིད། །ཐོས་པ་དེར་ནི་རྗེས་སུ་བྱེད། །བར་མཚམས་མ་ཁྱབ་པ་ཉིད་ཀྱིས། །རྣམ་གཅོད་ཀྱང་ནི་ངེས་པར་འགྱུར། །དེ་དག་ཉུང་ལ་ཡུལ་གཅིག་པས། །སྒྲ་ཡང་མ་ཁྱབ་པ་རུ་ངེས། །འགྲོ་དང་ཤུགས་ཉིད་བཅས་པ་ཡིས། །དེ་དག་གང་དང་གང་ལས་འབྱུང་། །ཉན་པོ་དེ་དང་དེ་ལས་
ནི། །སྒྲ་ནི་འབྱུང་བ་བཞིན་དུ་སེམས། །གཟུགས་བརྙན་རེ་རེ་ཐ་དད་པ། །སོ་སོའི་སྣོད་དུ་ཅིག་ཅར་དུ། །སྣང་བ་རྒྱུ་མཚན་གང་གིས་ནི། །འཛིན་པར་འགྱུར་ཞེས་བརྗོད་པ་ན། །འདིར་སྨྲས་གང་ཚེ་རེ་ཞིག་ནི། །ཆུ་ལ་ཡིད་འོང་གཡོ་བ་ཡི། །མིག་གི་སྣང་བ་གང་བྱུང་བ། །དེ་ནི་ལྡོག་
Vol. 191 · folio 81a
པར་གྱུར་པ་ན། །ཉི་མ་རྣམ་པ་དུ་མ་ནི། །ཅི་སྟེ་སྣོད་དུ་ཐ་དད་གཟུགས། །རང་གནས་ལ་གནས་འཛིན་གྱུར་ན། །དེ་ཚེ་དུ་མ་ག་ལས་བྱུང་། །སོར་མོས་ཅུང་ཟད་མནན་མིག་གིས། །ཇི་ལྟར་གཅིག་ནི་དུ་མ་རུ། །སྣང་འགྱུར་མི་འཇུག་ཐ་དད་པ། །ཁོ་བོས་སྒྲ་
ཡང་དེ་བཞིན་ནོ། །གཞན་དག་འདི་ལ་རྒོལ་བ་ན། །གཟུགས་བརྙན་འཆར་བར་འདོད་པ་ཅན། །གལ་ཏེ་དེ་ཉིད་རྟོགས་གྱུར་ན། །ཅི་ཕྱིར་སྟེང་དུ་སྣང་མི་འགྱུར། །ཁྲོན་པ་ལ་སོགས་གཏིང་དུ་ནི། །གཟུགས་བརྙན་མེད་ན་ཇི་ལྟར་སྣང་། །ཤར་བལྟས་མེ་ལོང་ལ་བལྟས་ན། །ནུབ་
ཏུ་བལྟས་པར་ཇི་ལྟར་འགྱུར། །ཆུ་ལ་ཉི་མ་སྣང་བ་ནི། །མིག་གཅིག་སྟེང་དང་འོག་གི་ནི། །ཕྱོགས་གཉིས་སུ་ནི་རྟགས་འཇུག་འགྱུར། །རྟེན་ནི་ཡོན་པོར་གནས་ཉིད་ཕྱིར། །དེ་ལ་སྟེང་ཕྱོགས་གསལ་བ་ཡི། །བདག་གིས་ཉི་མ་མཐོང་བར་འགྱུར། །བརྒྱུད་ནས་བཀོད་པར་གྱུར་
པས་ན། །འོག་ན་གནས་པ་མཐོང་བར་འགྱུར། །དེ་ནི་གཅིག་ཉིད་ཕྱིར་སྟེང་ན། །གནས་པ་འོག་ཏུ་སྣང་བར་འགྱུར། །དེས་ན་འོག་ནི་ཁོ་ན་རུ། །བར་མཚམས་བཅད་པར་ཉི་མ་སྣང་། །དེ་བཞིན་ཤར་དུ་སོང་འཇུག་པས། །ནུབ་ཕྱོགས་སོང་འཇུག་ལ་བཀོད་པ། །གདོད་མཐོང་
བ་ན་འཁྲུལ་པ་ཡིས། །ནུབ་ཕྱོགས་ལྟ་བར་རྟོགས་པ་ཡིན། །དུ་མའི་ཡུལ་རྣམས་ལ་གནས་པ། །གཟུགས་བརྙན་ཡོད་པ་ཡིན་ན་ཡང་། །མཚུངས་པའི་བློས་ནི་རྟོགས་ཉིད་ཕྱིར། །དུ་མ་ཉིད་དུ་ཡོད་པ་མིན། །ཡུལ་གྱི་དབྱེ་བས་ཐ་དད་ཉིད། །དེ་ནི་རྗེས་སུ་དཔག་ལས་བྱུང་། །
དེ་འདི་ཡིན་ཞེས་ཤེས་པ་ནི། །མངོན་སུམ་ཡིན་དེས་གནོད་པར་འགྱུར། །ཇི་ལྟར་རིམ་གྱིས་སྐྱེས་བུ་ནི། །ཐ་དད་ཡུལ་དུ་འགྲོ་བ་ཡང་། །ལྷ་སྦྱིན་ཐ་དད་མི་འགྱུར་ཏེ། །དེ་ལྟར་སྒྲ་ཡང་ཐ་དད་མིན། །གཅིག་པུ་ཉིད་དུ་རྟོགས་འགྱུར་བས། །ཇི་ལྟར་ཡང་ཡང་མཐོང་འགྱུར་བ། །དེ་ནི་
དུས་དབྱེས་ཕྱེ་མི་འགྱུར། །དེ་བཞིན་སྒྲ་ཡང་ཡུལ་གྱིས་མིན། །གལ་ཏེ་རིམ་གྱིས་འགལ་མེད་ན། །ཁྱབ་པ་ཉིད་དུའང་ལྟ་བར་གྱིས། །མཐོང་བ་གྲུབ་ཕྱིར་ཆོས་གང་ཡིན། །རྣམ་པ་ཀུན་གྱིས་དེ་ཁས་ལོང་། །ཇི་ལྟར་ས་ཁུང་ཡང་བསྐོས་པས། །ཤིན་ཏུ་མ་བྱས་པ་ཡིན་ཡང་། །
Vol. 191 · folio 81b
ནམ་མཁའི་ལ་ནི་ཆེ་བློ་ཉིད། །དོག་པ་ལ་ནི་བློ་ཆུང་འགྱུར། །དེས་འདིར་གཞན་གྱི་ཁྱད་པར་གྱིས། །སྒྲ་འཇུག་དེ་ལྟར་བློ་འཁྲུལ་ཡིན། །སྒྲ་ལ་གནས་པའི་རགས་ཉིད་དང་། །ཕྲ་བ་ཉིད་ནི་མཚོན་འགྱུར་མིན། །བློ་ཡི་གསལ་དང་མི་གསལ་ཉིད། །ཆེ་ཆུང་ཉིད་དུ་བརྟགས་པ་ཡིན། །
བུམ་སོགས་ལ་ཡང་བརྟག་པར་ནི། །འོད་ཆེན་པོས་ནི་གསལ་བྱས་ནས། །དེ་ཡང་གསལ་པོ་ཁོ་ནར་འགྱུར། །འོད་ཆུང་གསལ་བྱས་མིན་གསལ་འགྱུར། །དེ་བཞིན་རིང་སོགས་ཐམས་ཅད་ནི། །སྒྲ་ལ་ཆོས་རྣམས་གནས་ཡིན་ཞེས། །དོན་དང་འབྲེལ་པར་མ་མཐོང་ན། །སྒྲ་ནི་
རྗོད་པར་བྱེད་འགྱུར་མིན། །དེ་ལྟ་ཡིན་ན་སྔར་མེད་པའི། །ཀུན་གྱིས་རང་དོན་རྟོགས་པར་འགྱུར། །མི་རྟག་ཡིན་ན་འདི་ལ་ནི། །འབྲེལ་པ་མཐོང་བར་འཐད་པ་མིན། །གལ་ཏེ་འབྲེལ་ཤེས་གྲུབ་པ་ན། །ངེས་པར་དུས་གཞན་ལ་གནས་མིན། །གཞན་ལ་འབྲེལ་པར་རྟོགས་པ་ན། །
གཞན་ལ་རྗོད་པར་བྱེད་འགྱུར་མིན། །བ་ལང་སྒྲ་ལ་འབྲེལ་ཤེས་ན། །རྟ་ཡི་སྒྲ་ནི་རྗོད་བྱེད་མིན། །འོན་ཏེ་གཞན་ཡང་རང་བཞིན་གྱིས། །ཅུང་ཟད་ཁོ་ན་རྟོགས་བྱེད་ན། །དེ་ལ་རྒྱུ་མཚན་མེད་པས་ན། །དེ་གང་ཡིན་ཞེས་ངེས་མི་འགྱུར། །གང་ཕྱིར་ཉན་པ་པོ་རྣམས་ལ། །དེ་ལྟ་བུ་ཡི་
ཐ་སྙད་ཀྱི། །ཤེས་པ་ཞེས་བྱར་འཐད་པར་འགྱུར། །དེ་ལྟར་བརྗོད་པ་པོ་རིགས་མིན། །མི་ཤེས་པ་ཡིས་ཐོག་མར་ནི། །སྒྲ་ནི་གང་ཞིག་བརྗོད་པར་འདོད། །གལ་ཏེ་ཤེས་པར་གྱུར་ན་ཀོ། །ངེས་པར་དེ་སྔར་ཤེས་པ་མིན། །མངོན་སུམ་ཡན་ལག་ཉིད་ཀྱི་ཕྱིར། །འོད་ནི་སྔར་
ཡང་གསལ་བར་བྱེད། །འདྲ་བ་ཉིད་ནི་མ་རྟོགས་ཕྱིར། །དེ་ཡི་སྒོ་ནས་རྗོད་བྱེད་མིན། །གང་གཅིག་དང་ནི་འདྲ་བ་ཡིས། །གཞན་ནི་རྗོད་པར་བྱེད་པར་བརྟགས། །འབྲེལ་པ་ཉིད་དུ་མ་མཐོང་ན། །གང་ཚེ་ཐམས་ཅད་མཚུངས་ཉིད་ཡིན། །གལ་ཏེ་སྔར་མཐོང་དོན་ལྡན་ན། །དེ་ནི་དེ་
ཙམ་ག་ལས་ཁོམ། །ལན་འགར་དམིགས་པར་མ་གྲུབ་ན། །དོན་དང་ལྡན་པར་རྟོགས་མི་འགྱུར། །སྒྲ་གཞན་རྟོགས་པར་མ་བྱས་ལ། །དུས་དེར་དེ་ནི་དོན་མེད་མིན། །སྒྲ་གཞན་ཐོས་ལ་དེ་ཉིད་ནི། །དོན་དང་ལྡན་འགྱུར་ངོ་མཚར་ཆེ། །རེ་ཞིག་སྒྲ་ནི་མ་བརྗོད་ན། །འབྲེལ་པ་བྱར་
Vol. 191 · folio 82a
ནི་མི་འདོད་དོ། །བརྗོད་མ་ཐག་ཏུ་འཇིག་པ་ལ། །འབྲེལ་པ་ཡིས་ནི་དགོས་པ་མེད། །དེས་ན་འབྲེལ་མེད་འཇིག་ཉིད་ཀྱིས། །སྔ་མ་རེ་ཞིག་དོན་མེད་ཡིན། །ཕྱི་མ་འབྲེལ་པར་མ་བྱས་པར། །དོན་དང་ལྡན་པར་ཇི་ལྟར་ཤེས། །སྒྲ་བརྗོད་དང་ནི་འབྲེལ་བྱེད་དང་། །
འཇིག་རྟེན་ཐ་སྙད་བྱ་བ་རྣམས། །རིམ་པའི་རང་བཞིན་ཉིད་ཡིན་པས། །སུ་ཞིག་ལ་ལ་ཅིག་ཅར་བྱེད། །ཡུལ་དུས་སོགས་ཐ་དད་སྐྱེས་བུས། །སྒྲ་གཞན་སྔར་ནི་མ་ཐོས་པས། །སྒྲ་གཅིག་ལ་ཡང་བཅོས་མ་ཡིན། །འབྲེལ་པ་གྲུབ་པ་མ་ཡིན་ནོ། །འདི་ལ་འབྲེལ་པ་བརྗོད་ན་ཡང་། །
སུན་དབྱུང་དེ་ཉིད་ཁོ་ནར་འཇུག །ཞིག་དང་མེད་དང་ད་ལྟར་ལ། །བརྗོད་པ་སྲིད་པ་མ་ཡིན་ན། །སྨྲ་པོས་དོན་ལྡན་སྒྲ་གང་ཞིག །ཉན་པ་པོ་ལས་རྗོད་པར་བྱེད། །དེ་ནི་བརྗོད་པར་ནུས་པ་མིན། །བརྗོད་པ་དེ་ནི་དོན་ལྡན་མིན། །འདྲ་བ་ཉིད་ནི་རྗོད་བྱེད་ན། །ཉན་པ་པོ་ལ་དེ་རུ་ནི། །དོན་
ལྡན་འདྲ་བའི་སྒྲ་འཐད་མིན། །དོན་དང་ལྡན་པར་འཛིན་མེད་ཕྱིར། །རང་ཉིད་ཀྱིས་དེ་དོན་ལྡན་མིན། །སྨྲ་པོ་ཉན་པའི་དུས་སུ་ཡང་། །དེ་ཉིད་དུ་ནི་ཐལ་བར་འགྱུར། །དེ་ཕྱིར་སྒྲ་དོན་མི་འབྲེལ་བ། །རྟག་པ་ཉིད་དུ་ཁས་ལེན་གྱིས། །བརྡ་ལས་བྱུང་བར་རིགས་མིན་ཏེ། །རྣམ་པ་ཀུན་གྱིས་དེ་
མེད་ཕྱིར། །བརྗོད་བྱ་རྗོད་བྱེད་ཕན་ཚུན་དུ། །བདག་ཉིད་ཀྱིས་ནི་ནུས་ཡོད་མིན། །གལ་ཏེ་མིག་གིས་བརྡ་བཞིན་དུ། །བརྡ་ཡིས་སྐྱེས་བུ་རྟོགས་འགྱུར་ན། །མི་རེ་རེ་ལ་བརྡ་རེ་འམ། །ཡང་ན་བཟླས་ནས་བརྗོད་པ་ཡིན། །འགྲོ་བ་ཡི་ནི་ཐོག་མ་རུ། །འགའ་ཡིས་ཅིག་ཅར་བྱས་ཡིན་
གྲང་། །རེ་རེ་འབྲེལ་པ་ཐ་དད་དམ། །ཡང་ན་གཅིག་པུ་ཁོ་ནར་འགྱུར། །གཅིག་ཉིད་ཡིན་ན་བྱས་མི་འགྱུར། །ཐ་དད་ཡིན་ན་བློ་ཐ་དད། །སྨྲ་ཉན་བློ་ནི་ཐ་དད་ཕྱིར། །ཐ་སྙད་འགྲུབ་པར་མི་འགྱུར་རོ། །སྨྲ་པོའི་བློ་ལ་འབྲེལ་པ་གཞན། །དེ་བཞིན་གཞན་ནི་ཉན་པ་ལ། །ཉན་པ་པོ་
ལ་འབྲེལ་བྱེད་ན། །རྗོད་པ་པོ་ཡིས་གང་རྟོགས་འགྱུར། །དེ་ཡིས་སྔར་ནི་མཐོང་བ་གང་། །དེ་ནི་ཉན་པ་ལ་མིད་མིན། །གསར་དུ་གང་ཞིག་བྱེད་པ་ན། །དེ་ཡང་སྟོན་བྱེད་མཐོང་བ་མིན། །བུམ་སོགས་ལ་མཚུངས་ཉིད་ཅེ་ན། །དེ་མིན་ཕྱིར་ནི་རབ་གྲུབ་ཕྱིར། །གལ་ཏེ་ནུས་པ་རྟོགས་
Vol. 191 · folio 82b
པས་ནི། །གསལ་བར་བྱེད་པར་མི་ནུས་སོ། །གང་ཞིག་བྱེད་པ་དེ་ལ་ཡང་། །ནུས་པ་འབྲས་བུ་ལ་ཡོད་ཡིན། །དེ་ལྟ་བུ་ཡང་རྣམ་པ་ཡིས། །ཆུ་མཆུ་ལ་སོགས་ནུས་གྲུབ་ཡིན། །དེ་ལ་ཐོག་མ་ཉིད་ཡོད་མིན། །ཁྱེད་ལ་འབྲེལ་པ་ཐོག་མར་བཅས། །གལ་ཏེ་དེ་ལ་ཡང་སྤྱི་ནི། །
རྟག་པར་ཁས་ལེན་བྱེད་པ་ན། །དེ་ལྟ་ན་ཡང་བདག་འདོད་གྲུབ། །རྣམ་པ་གཉིས་ནི་མི་སྲིད་དོ། །ནུས་པ་ཉིད་ནི་འབྲེལ་པ་སྟེ། །དེ་ལ་དབྱེ་བ་སྣང་མི་འགྱུར། །དེ་ཡང་འབྲས་བུས་རྗེས་དཔག་ཡིན། །དེ་ཡི་དབྱེ་བ་རྗེས་བྱེད་འགྱུར། །གཞན་དུ་མི་འཐད་པ་ཡིས་ནི། །ནུས་པ་ཡོད་པར་བརྟགས་
པ་ཡིན། །གཅིག་གིས་དོན་ནི་གྲུབ་པ་ན། །མང་པོར་བརྟགས་པ་འདོད་པ་མིན། །འབྲེལ་པ་བརྗོད་པའི་དུས་སུ་ཡང་། །བ་ལང་སྒྲ་སོགས་བརྗོད་པ་ན། །འགའ་ཞིག་འབྲེལ་པའི་བློ་ཡིས་ནི། །དོན་རྟོགས་དེ་བཞིན་གཞན་གྱིས་མིན། །དེ་ལ་འབྲེལ་པ་མེད་པས་ན། །ཀུན་གྱིས་དོན་ནི་
ངེས་མི་འགྱུར། །གལ་ཏེ་ཡོད་ན་ཀུན་གྱིས་རྟོགས། །དེ་མིན་འགའ་སོགས་མ་བཟུང་ཕྱིར། །ཤེས་བྱེད་ཉིད་ཀྱིས་འབྲེལ་པ་ན། །རང་བདག་ཉིད་ཅེས་རྟོགས་པ་ཡིན། །དེས་ན་འདི་ནི་ཡོད་ན་ཡང་། །མ་བཟུང་བར་ནི་གསལ་བྱེད་མིན། །ལ་ལར་དོན་ནི་ཡོད་ན་ཡང་། །མ་བཟུང་བ་ནི་
མཐོང་བ་ཡིན། །ཤིན་ཏུ་མེད་པ་ཡང་ཡོད་ཉིད་དུ། །འགའ་ཞིག་ལ་ཡང་མི་འཐད་དོ། །དངོས་པོ་གཅིག་ལ་ཡོད་མེད་དག །འགལ་བ་གཉིས་ནི་མི་འགྱུར་རོ། །ཤེས་དང་མི་ཤེས་ཉིད་དག་ལའང་། །འགལ་ཉིད་མཚུངས་པ་མ་ཡིན་ནམ། །ཤེས་པ་སྐྱེས་བུའི་རྟེན་ཡིན་པས། །དེ་དབྱེས་
དེ་དབྱེ་འགལ་བ་མིན། །སྐྱེས་བུ་གཞན་ལ་གནས་པ་ནི། །ཤེས་པ་དེ་ཡིས་གནོད་འགྱུར་མིན། །ལོང་དང་མ་ལོང་ཉེར་གནས་པའི། །དཀར་པོ་ལོང་བས་མི་མཐོང་སྟེ། །ཅིག་ཤོས་ཀྱིས་ནི་མཐོང་བར་འགྱུར། །དེ་དག་ལ་དེ་ཡོད་མེད་མིན། །མི་ཡི་ནུས་དང་མི་ནུས་པའི། །དབྱེ་བས་
དེར་ནི་འགལ་བར་འགྱུར། །འབྲེལ་པ་མ་རྟོགས་ལས་རྒྱུ་གཞན། །འདིར་ཤེས་པ་ལ་ཡོད་པ་མིན། །དེ་བཞིན་དབང་པོ་དང་མཚུངས་པ། །ཐ་སྙད་ལ་ནི་དམིགས་པ་ནི། །གང་དག་ལ་ཡོད་དེ་དག་དེས། །དོན་རྟོགས་གཞན་མིན་ལོང་བ་བཞིན། །མི་ཤེས་པ་ནི་ཐམས་ཅད་ལ། །སྔ་མ་
Vol. 191 · folio 83a
སྔ་མའི་གྲགས་པ་ཡིས། །འབྲེལ་པ་གྲུབ་ཅེས་དེ་བཞིན་དུ། །འབྲེལ་པ་ཐོག་མ་མེད་པ་ཡིན། །ཟློས་ནས་བརྗོད་པར་འཇུག་པ་ནི། །མི་རིགས་ཐ་སྙད་ཡོད་ཕྱིར་རོ། །འབྱིན་པའི་དང་པོར་བྱར་མེད་དེ། །དེ་འདྲའི་དུས་ནི་འདོད་པ་མིན། །འགྲོ་བ་ཐམས་ཅད་རེས་
འགལ་ཡང་། །མི་འདྲ་བར་ནི་འདོད་པ་མིན། །རབ་ཏུ་ཐིམ་པ་ཆེན་པོ་ཞེས། །དོན་དམ་པར་ནི་རྟོགས་འགྱུར་མིན། །མཚན་མོ་རབ་ཐིམ་ཞེས་བྱ་ཡིན། །ལས་ཀུན་ཐིམ་པ་ཉིད་ཀྱི་ཕྱིར། །ཉིན་མོ་འབྱིན་པ་ཞེས་བྱ་སྟེ། །ལས་རྣམས་ཀུན་ནི་འཇུག་པ་ཡིན། །ཡང་ན་ཡུལ་
ཞིག་རིགས་རྒྱུད་ནི། །ཆད་པའི་ངོ་བོར་རབ་ཐིམ་ཡིན། །ཐམས་ཅད་ཆད་པའི་བདག་ཉིད་ཀྱི། །ཐིམ་པའི་ཚད་མ་བདག་མེད་དེ། །དྲན་པ་མ་ཉམས་པ་འགའ་ཞིག །འབྱིན་དང་བསྡུ་བའི་བྱེད་པོ་ནི། །དབང་ཕྱུག་ལ་སོགས་བརྟན་རིགས་མིན། །ཡང་ན་འབྲེལ་པ་རྟོགས་པར་བྱེད། །
གོ་རིམས་མི་རྟག་པ་ཉིད་ཀྱིས། །རྗོད་བྱེད་མི་རྟག་འགྱུར་མིན་ནམ། །ཚིག་ནི་རྗོད་བྱེད་འདོད་པ་སྟེ། །རིམ་པ་ལ་ནི་རག་ལས་བློ། །ཀུན་འགྲོ་ཉིད་ཕྱིར་ཁྱེད་ལ་ནི། །རང་ཉིད་ཀྱིས་ཡིན་རིམ་ལྡན་མིན། །མི་རྟག་སྒྲ་ཙམ་གྱིས་འབྲས་ཕྱིར། །དེས་ན་རིམ་པ་འཇིག་པ་ཡིན། །དེ་ཡི་
བརྗོད་འདོད་དབང་གིས་ནི། །སྐྱེས་བུ་ལ་དེ་རག་ལས་འགྱུར། །དེས་ན་ཡི་གེ་རྟག་པ་ཉིད། །ཁྱེད་ལ་འབྲས་བུ་མེད་པར་འགྱུར། །རིམ་པ་མེད་པའི་ཡི་གེ་ནི། །སྟོན་པར་བྱེད་པར་ཤེས་འགྱུར་མིན། །ཁྱེད་ལ་རིམ་པ་ཚིག་ཉིད་དེ། །དེ་ཕྱིར་དེ་ལྟར་ཐལ་བར་འགྱུར། །གང་དག་
རིམ་པ་དང་བྲལ་ཚིག །ཡི་གེ་དང་བྲལ་ཚིག་ཡིན་ཏེ། །དེ་དག་ལ་ནི་སྒྲ་རྟག་ཉིད། །རྟོགས་པ་དེ་ནི་དོན་དང་ལྡན། །རེ་ཞིག་གོ་རིམས་ཉིད་ཚིག་ཏུ། །བདག་ཅག་ལ་ནི་ཐལ་འགྱུར་མིན། །གང་གིས་དངོས་པོ་གཞན་རྟེན་པ། །དེ་ནི་གསལ་བྱེད་མཐོང་འགྱུར་མིན། །དེ་དག་ལ་ནི་
ཆོས་ཙམ་འདི། །དངོས་པོ་གཞན་དུ་མི་འདོད་དོ། །དེས་ནི་འདི་ལྟར་རྟོགས་པ་ན། །ཡི་གེ་རྣམས་ནི་གོ་བྱེད་འགྱུར། །རིམ་པ་འབྲས་བུ་ཉིད་མིན་ཏེ། །སྔར་གྲུབ་ཡོངས་སུ་འཛིན་པའི་ཕྱིར། །སྨྲ་པོ་འགའ་ཞིག་རང་དབང་གིས། །རིམ་པ་ཤེས་པར་འགྱུར་མིན་ཏེ། །ཇི་ལྟར་གཞན་
Vol. 191 · folio 83b
དག་གིས་བརྗོད་པ། །དེ་ལྟར་འདིར་ནི་བརྗོད་པར་འདོད། །གཞན་ཡང་དེ་ལྟར་ངེས་ན་ཡང་། །འབྲེལ་པ་བཞིན་འདི་ཐོག་མ་མེད། །དེས་ན་བརྩེར་གནས་བརྟེན་མིན་ཡང་། །ཐ་སྙད་དུ་ནི་དེ་རྟེན་ཡིན། །སྐྱེས་བུ་རྣམས་ཀྱི་རང་དབང་ཉིད། །ཁོ་བོས་འབད་པས་བཀག་པ་ཡིན། །འོ་ན་
ཡི་གེ་རྣམས་ཀྱིས་ནི། །བརྩེར་གནས་བརྟན་མིན་དེ་ལྟར་གྲུབ། །ཡི་གེ་རྟག་པ་ཡོད་མིན་ན། །ཐ་སྙད་ལས་ནི་རིམ་པར་བྱུང་། །རྡུལ་ཕྲན་རྟག་པར་ཡོད་ན་ནི། །ཇི་ལྟར་བུམ་སོགས་གསལ་བཀོད་ཡིན། །དེ་མེད་རྩ་བ་མེད་པ་ཡི། །བཀོད་པའི་ངེས་པར་བཟུང་བ་ཡིན། །
གཞན་གྱིས་བརྗོད་པས་དགག་གིས་བརྗོད། །བརྗོད་འདོད་དེ་འདྲ་ངེས་པར་འགྱུར། །དེ་ལྟ་ན་ཡང་བརྟན་ཉིད་འགྱུར། །ཆད་མ་གཞན་གྱི་ཁྱེད་ལ་མེད། །ཇི་ལྟར་རིགས་ཀྱི་བུམ་སོགས་ཀྱི། །ཐ་སྙད་ཉེ་བར་མཚོན་པ་ཡིན། །དེ་བཞིན་གོ་རིམས་ལ་སོགས་པའི། །ཐ་སྙད་རིགས་ཀྱི་སྒོ་
ནས་གྲུབ། །རེ་ཞིག་རྐན་ལ་སོགས་པའི་རིགས། །སྐྱེས་བུ་ཐམས་ཅད་ལ་གནས་འགྱུར། །སྨྲ་པོ་དེ་དག་རྣམས་ཀྱིས་ནི། །སྒྲ་ཙམ་མཚོན་ནས་སྐུལ་བར་བྱེད། །ཇི་སྲིད་ཡིག་ཡོད་སྒྲ་ཙམ་གྱིས། །རིགས་ཐ་དད་པ་སྒྲ་ལ་ནི། །མངོན་པར་གསལ་བའི་རྒྱུར་འཇུག་པའམ། །ཡང་
ན་གསལ་བ་དེ་ལྡན་ཡིན། །དེ་ལ་རྐན་སོགས་ལྡན་པ་དང་། །རྣམ་དབྱེའི་རིམ་པ་སྔོན་འགྲོ་ཅན། །སྒྲ་ཙམ་རྣམས་ལ་གོ་རིམས་འགྱུར། །རིགས་ཀྱི་གཉིས་ཀའི་རྟགས་ཉིད་ཀྱང་། །ཇི་ལྟར་བསྐོར་བ་སོགས་རྣམས་ཀྱིས། །དབྱེ་རིགས་སོགས་ཀྱིས་མཚོན་བྱས་པ། །རིམ་པའི་
རྗེས་དྲན་འགྱུར་དེ་ལྟར། །རྐན་སོགས་སྒྲ་ཙམ་ཡིག་རྟེན་ཡིན། །ཕྲ་བ་ཉིད་ཕྱིར་གསལ་རྣམས་ལ། །རིགས་ཀྱིས་ཆོས་ནི་ངེས་བཟུང་ཡིན། །དེ་ཡི་དབང་གིས་ཡིག་རྣམས་ལ། །ཁྱབ་ཉིད་ཡིན་ཡང་རིམ་པས་འཛིན། །དེ་ལྟར་སྒྲ་ཙམ་གྱིས་ཡོན་ཏན། །ཐམས་ཅད་རྟག་ཉིད་དུ་
གནས་པ། །ཡི་གེའི་རྗེས་སུ་བྱེད་པས་ན། །དོན་གྱིས་དབྱེ་བ་རྟོགས་པར་འགྱུར། །ཡི་གེ་རྣམས་ཀྱི་གོ་རིམས་དང་། །ཐུང་དང་རིང་དང་ཆེས་རིང་དང་། །སྒྲ་ཙམ་ཁྱད་པར་ཅན་དུས་ཀྱི། །རྣམ་དབྱེར་དེ་དག་ཤེས་པར་འགྱུར། །དུས་ནི་ཅི་ཡིན་ཁྱབ་ཅིང་རྟག །རབ་ཏུ་དབྱེ་བའང་
Vol. 191 · folio 84a
རྟོགས་པར་འགྱུར། །དངོས་པོ་ཀུན་ལ་ཡི་གེ་བཞིན། །ལ་ལས་འགའ་ཞིག་གིས་གསལ་བྱས། །ཡི་གེ་རྣམས་ལ་གསལ་འགྱུར་ན། །དེ་ནི་དོན་རྟོགས་ཡན་ལག་འགྱུར། །གཞན་དུ་ཡང་ནི་ཡོད་པའི་ཕྱིར། །དེ་ཡི་རང་བཞིན་རྟག་ཉིད་ཡིན། །དེ་
ཕྱིར་འགའ་ཞིག་འཇིག་དེ་འདྲ། །ཚིག་གི་ཆོས་ནི་ཡོད་པ་མིན། །དེས་ན་ཡི་གེ་རྟག་སྨྲ་ལ། །ཚིག་རྟག་ཉིད་དུ་གྲུབ་པ་ཡིན། །གཞན་གྱི་ཆོས་ཀྱང་ཡན་ལག་ཉིད། །རྟ་ཡི་ཤུགས་སོགས་བཞིན་དུ་བརྗོད། །སྒྲ་ཀུན་རྟག་པ་ཉིད་ལ་ནི། །དོན་གྱིས་གོ་བ་ཚད་མ་ཡིན། །སྒྲ་ནི་མི་རྟག་
ཉིད་སྒྲུབ་ན། །རང་གི་ཚིག་ལ་སོགས་དང་འགལ། །བསྒྲུབ་པར་བྱ་བའི་དོན་རྟོགས་ཕྱིར། །དམ་བཅའ་ཐམས་ཅད་བརྗོད་པ་ཡིན། །མི་རྟག་ན་དེ་རང་གི་དོན། །སྨྲ་ནུས་མིན་ཞེས་དཔྱད་ཟིན་ཏོ། །དེས་ན་དོན་རྟོགས་པས་གྲུབ་ཕྱིར། །རྟག་ཉིད་ཅེས་བྱས་གནོད་པར་འགྱུར། །དོན་
གྱིས་རྗོད་བྱེད་ནུས་པར་ནི། །ཁས་བླངས་བྱས་ནས་བསྒྲུབ་པ་ན། །སྔར་ནི་ཁས་བླངས་བྱས་པས་ཀྱང་། །གཞན་གྱིས་འཇིག་ཉིད་ལ་གནོད་འགྱུར། །བསྟན་བཅོས་སོ་སོ་ལ་བརྟེན་པའི། །དོན་རྟོགས་མེད་པ་རྣམས་ཀྱིས་ནི། །འཇིག་པ་ཉིད་དུ་སྨྲ་ཀུན་ལ། །ལུང་གིས་ཀྱང་ནི་
གནོད་པར་འགྱུར། །སྔར་བཤད་པ་ཡི་ཕྱོགས་ཀྱིས་ནི། །འཇིག་རྟེན་ཀུན་ལ་གྲགས་པས་བརྗོད། །སྔར་བཤད་གཏན་ཚིགས་ཁོ་ན་ཡིས། །རྗེས་དཔག་དང་ཡང་འགལ་བར་འགྱུར། །རྣ་བ་ལས་སྐྱེས་ངོ་ཤེས་པས། །སྒྲ་ནི་རྟག་པར་ངེས་བྱས་ཕྱིར། །མངོན་སུམ་གྱིས་ཀྱང་འགལ་
བ་ཉིད། །སྔ་མ་ཁོ་ནར་བསྟན་ཟིན་ཏོ། །འཇིག་པ་ཉིད་དུ་བསྒྲུབ་པ་ཡིས། །སྒྲ་དེ་གང་ཡིན་ཞེས་བརྗོད་དགོས། །ཡོན་ཏན་གསུམ་མམ་དེ་གང་ཟག །ངོ་བོའམ་ཡང་ན་མཁའི་ཡོན་ཏན། །འོན་ཏེ་ཡིག་གཞན་སྒྲ་བདག་ཉིད། །ཡང་ན་བརྗོད་མིན་རླུང་ངོ་བོ། །ཚིག་ངག་བདག་ཉིད་
གསལ་བའམ། །ཡང་ན་འདྲ་ཉིད་གཞན་སེལ་ཡིན། །དེ་རྣམས་མི་རྟག་ཉིད་ཡོད་མོད། །ཁོ་བོའི་དེ་རྟག་ཉིད་མི་འདོད། །མ་གྲུབ་ཁྱད་པར་ཉིད་དང་ནི། །གཞི་མ་གྲུབ་པའི་གཏན་ཚིགས་འགྱུར། །འོན་ཏེ་བདག་འདོད་ཕྱོགས་ཁྱོད་འདོད། །རང་ཉིད་ཀྱིས་ནི་དེ་གཉིས་འགྱུར། །འོན་
Vol. 191 · folio 84b
ཏེ་སྒྲ་ཙམ་མི་རྟག་བརྗོད། །དེ་ཡིན་སྒྲ་ཡིན་ཁྱེད་ཅག་ལ། །མི་རྟག་ཡིན་པས་ཀུན་གྱིས་ནི། །དེ་ཡང་རྟག་པར་འདོད་དང་འགལ། །གལ་ཏེ་ཤིན་ཏུ་འཇིག་ཉིད་དུ། །མི་རྟག་ཉིད་དུ་བརྗོད་པ་ནི། །དེ་ཡིས་ཁྱད་པར་མ་གྲུབ་པའི། །ཕྱོགས་འགྱུར་ཁོ་བོ་ལ་ནི་ཡིན། །གལ་ཏེ་ཅི་
ཞིག་ལྟར་འདོད་པས། །རྟག་པ་ཉིད་ནི་བརྗོད་པ་ན། །མངོན་པར་མི་གསལ་གནས་སྐབས་ལས། །དེ་ནི་མངོན་གསལ་བདག་ཉིད་འདོད། །དབང་པོ་འབའ་ཞིག་གིས་བཟུང་ཉིད། །གཏན་ཚིགས་སུ་ནི་འདིར་རྟོག་ན། །བསྒྲུབ་པར་བྱས་པའི་རིགས་ཀྱིས་ནི། །ད་ལྟར་འཁྲུལ་པར་
རྟོགས་པར་འགྱུར། །ཕྱོགས་ཀྱི་ཆོས་ཉིད་མ་གྲུབ་ན། །ཇི་ལྟར་ཕྱིར་རྒོལ་བ་ལ་ནི། །གཏན་ཚིགས་བརྗོད་པར་མི་འཐད་དེ། །དེ་བཞིན་རྗེས་འགྲོ་ལྡོག་པ་ཡང་། །གལ་ཏེ་དེར་བསྒྲུབ་སྨྲ་བ་ལ། །རིགས་གྲུབ་མ་གྱུར་དེ་ལྟ་ནའང་། །ཇི་སྲིད་དེ་ནི་བརྩལ་མ་བྱས། །དེ་སྲིད་གཏན་
ཚིགས་ཉིད་འགྱུར་མིན། །དབང་པོ་ལས་བྱུང་ཉིད་སོགས་ལའང་། །དངོས་པོ་ཇི་ལྟར་ཡིན་དཔྱད་བྱ། །བསལ་ལས་གཞན་པའམ་གཞན་ཉིད་མིན། །ཐ་དད་ཐ་མི་དད་གསལ་དཔྱད། དེ་ལ་ཐུན་མོང་མིང་མ་གྲུབ། །མཐུན་ཕྱོགས་བསྒྲུབ་པར་བྱ་དང་བྲལ། །སྨྲ་བ་པོ་ལ་ལྟོས་ནས་ནི། །
རྣམ་པར་བརྟགས་པའི་རྗེས་འབྲངས་བརྗོད། །བརྩལ་མ་ཐག་བྱུང་ཤེས་པ་ནི། །བྱས་དང་མི་རྟག་སྒྲུབ་པ་གང་། །སྐད་ཅིག་མ་ནི་ལྡོག་པ་ཡིས། །སོ་སོར་བརྟགས་དང་མ་བརྟགས་པའི། །འགོག་དང་ནམ་མཁའ་དང་གསུམ་པོས། །དེ་ནི་མ་ངེས་པ་ཉིད་ཡིན། །བློ་ནི་སྔོན་སོང་འཇིག་པ་
ལ། །སོ་སོར་བརྟགས་པའི་འགོག་པའི་བློ། །བློ་ནི་སྔོན་དུ་མ་སོང་བའི། །འགོག་པ་སོ་སོར་མ་བརྟགས་ཡིན། །འཇིག་ཉིད་ཕྱིར་ན་དེ་དག་གཉིས། །མ་བྱས་པར་ཡང་མཐོང་བ་ཡིན། །རང་བཞིན་གྱིས་གྲུབ་འཇིགས་པ་ཡིས། །རྒྱུ་མེད་ཅེས་ནི་དེ་དག་སྨྲ། །མེ་དང་འབྲེལ་པས་
ཤིང་ལས་ནི། །སོལ་བའི་རྒྱུན་ནི་འབྱུང་བར་འགྱུར། །རང་བཞིན་ལས་འབྱུང་འཇིག་པ་ནི། །སྐྱེས་མ་ཐག་པ་ཙམ་དུ་གནས། །ཕྲ་ཞིང་འདྲ་བའི་རྒྱུན་འཇུག་ཕྱིར། །ཉེ་བར་མཚོན་པར་མི་འགྱུར་རོ། །གང་ཚེ་མི་མཐུན་པ་ཡི་རྒྱུས། །འདྲ་བའི་རྒྱུན་ལ་བསྣུན་པ་ན། །མི་མཐུན་པ་ཡི་
Vol. 191 · folio 85a
འབྲས་བུ་ཡིས། །དེ་ཚེ་རགས་པར་མངོན་གསལ་འགྱུར། །དེས་ན་རྒྱུ་ལས་མི་མཐུན་རྒྱུན། །གང་ཕྱིར་སྐྱེ་བར་འགྱུར་བ་ཡིན། །དེ་ཉིད་ཀྱིས་ནི་མ་བྱས་ནའང་། །འཇིག་པ་ངེས་པར་གསལ་བར་འགྱུར། །དེ་ནི་ཐོ་བས་བསྣུན་སོགས་པའི། །བརྩལ་མ་ཐག་ཏུ་
འབྱུང་བ་ཡིན། །གང་ཕྱིར་མ་བྱས་པར་ནི་སྣང་། །དེས་ན་གཏན་ཚིགས་འཁྲུལ་པ་ཡིན། །ནམ་མཁའ་ཡང་ནི་རྟག་ཡིན་ན། །གང་ཚེ་ས་དང་ཆུས་གང་བ། །ས་བརྐོས་ཆུ་ནི་འཆུ་སོགས་ཀྱིས། །དེ་བསལ་ནས་ནི་གསལ་བར་འགྱུར། །དེ་ཚེ་བརྩལ་མ་ཐག་བྱུང་ཞེས། །དེ་ལ་
ཡང་ནི་སྣང་བར་འགྱུར། །དེ་ཕྱིར་དེར་ཤེས་གང་བརྗོད་པ། །གཏན་ཚིགས་མ་ངེས་པ་ཉིད་ཡིན། །འདིར་མཐུན་ཕྱོགས་ཀྱང་བརྟགས་བྱ་སྟེ། །ཐོས་པའི་དོན་ནི་བསྒྲུབ་བྱ་མེད། །གསལ་བའི་མཚན་ཉིད་ཕྱོགས་ཡིན་ཡང་། །རིགས་དང་གཞན་ཉིད་གཞན་མིན་དཔྱད། །གཞན་
ཡིན་ཆོས་ཅན་བདག་མ་གྲུབ། །དེ་ཉིད་ཆོས་ཅན་གཞན་མ་གྲུབ། །ཁྱད་པར་མེད་ན་མི་རྟག་དང་། །རྟག་དངོས་དེ་དག་ལ་མི་འགྲུབ། །འདི་ལ་རིགས་ཞེས་ཁ་ཅིག་བརྟག །ཅིག་ཤོས་འཇག་པ་རུ་ནི་འདོད། འདྲེས་པའི་ངོ་བོ་གཅིག་ཡིན་ཞེས། །དངོས་པོ་སྔར་ནི་བསྟན་ཟིན་ཏོ། །
དེ་ལྟར་མི་རྟག་ལ་དཔྱད་བྱ། །འཇིགས་པ་བདག་ཅག་བསྒྲུབ་བྱས་སྟོང་། །གཞན་ཡིན་ཁྱེད་ཅག་བསྒྲུབ་བྱས་སྟོང་། །དེ་ནི་སུན་དབྱུང་ཚིག་གི་ཕྱོགས། །གལ་ཏེ་ཚིག་དང་དོན་འབྲེལ་ན། །རྟག་པ་ཉིད་དུ་བསྒྲུབ་བྱས་ཀྱང་། །ངག་གི་དོན་ལ་རིག་བྱེད་ནི། །ཚད་མ་ཉིད་དུ་གྲུབ་མི་
འགྱུར། །སྐྱེས་བུ་རྣམས་ལ་བརྡ་ཡིས་ནི། །ཡོན་ཏན་འཕེལ་ལ་སོགས་པ་བཞིན། །རྒྱུ་མེད་ཀྱང་ནི་མཆོད་སྦྱིན་པས། །མེད་པའི་དོན་ནི་ཡོངས་བརྟགས་ཡིན། །གཞན་ཡང་ཚོགས་པ་ཅན་ཕྱིར་ཏེ། །སྐྱེས་བུ་ལས་བྱུང་གཏམ་བཞིན་ནོ། །འདིར་ནི་ཡིད་ཆེས་སྐྱེས་བུ་མེད། །དེས་
ན་རིག་བྱེད་ཚད་མ་མིན། །འབྲེལ་པ་བྱར་མི་འདོད་པ་ཡིས། །རིགས་ལས་ངག་ཀྱང་རྟག་པར་བརྗོད། །གང་གིས་མཐོང་དོན་ཐ་སྙད་ཕྱིར། །བརྡ་ལས་བྱུང་བའི་ཤེས་པ་ནི། །འཕེལ་སོགས་ལས་ནི་སྲིད་པ་ཡིན། །རིག་བྱེད་ལ་ནི་མི་འཐད་དོ། །མཐོ་རིས་མཆོད་སྦྱིན་སོགས་འབྲེལ་
Vol. 191 · folio 85b
བ། །དབང་པོ་ལས་འདས་སུ་ཡིས་མཐོང་། །དེ་ཡང་དོན་བྱེད་མ་ཡིན་ཏེ། །དེ་ཡི་དོན་ཤེས་འབྱུང་བའི་ཕྱིར། །ཚོགས་པ་ཅན་གྱི་སྒྲུབ་པ་ལ། །འདི་འདྲའི་མི་མཐུན་བསྒྲུབ་བརྗོད་བྱ། །རིག་བྱེད་འདོན་པ་ཐམས་ཅད་ནི། །བླ་མའི་འདོན་པ་སྔོན་སོང་ཡིན། །རིག་བྱེད་འདོན་པ་བརྗོད་
ཉིད་ཕྱིར། །དེ་ལྟར་འདོན་པ་ཇི་བཞིན་ནོ། །བྷ་ར་ཏ་ཡང་དེ་ལྟར་འགྱུར། །བྱེད་པོར་དྲན་པས་གནོད་པར་འགྱུར། །རིག་བྱེད་པོ་ནི་དྲན་མེད་དེ། །གང་དེ་དོན་གཞན་བརྗོད་རྒྱུ་མཚན། །འདས་དང་མ་འོངས་དུས་དག་ནི། །རིག་བྱེད་བྱེད་པོ་དང་བྲལ་བ། །དུས་ཉིད་ཕྱིར་ན་འདི་ལྟར་དེ། །དེ་ལྟར་
སྣང་བའི་དུས་བཞིན་ནོ། །རིག་བྱེད་ལ་ནི་ཚངས་ལ་སོགས། །བྱེད་པོ་མིན་པར་རྟོགས་པར་གྱིས། །སྐྱེས་བུ་ཉིད་སོགས་གཏན་ཚིགས་ཀྱིས། །དཔེར་ན་ཐ་མལ་མི་བཞིན་ནོ། །དེས་ན་རིག་བྱེད་ཀྱི་ནི་ཚིག །བརྫུན་མིན་པར་ནི་ཤེས་པར་གྱིས། །རང་དོན་སྨྲ་པོ་མ་ལྟོས་ཕྱིར། །ཚིག་
དོན་ལ་ནི་ཚིག་བློ་བཞིན། །དེ་བྱས་ཤེས་པ་ཡང་དག་ཡིན། །རྟག་པའི་ངག་ལས་བྱུང་ཉིད་ཕྱིར། །དེ་ཡང་ངག་གིས་བློ་བཞིན་རྟག །རྟག་པ་ཉིད་དུ་གྱུར་པས་སོ། །བསྐུལ་བ་ལས་ནི་བྱུང་བའི་བློ། །ཚད་མ་ཡིན་ཏེ་སྐྱོན་བྲལ་བའི། །རྒྱུ་རྣམས་ཀྱིས་ནི་བསྐྱེད་བྱས་ཕྱིར། །རྟག་ཡིད་ཆེས་
སོགས་དབང་བློ་བཞིན། །དེ་བཞིན་ཡིད་མི་ཆེས་སྨྲས་པའི། །ངག་གིས་སྐྱེས་ཕྱིར་ཡུལ་དུས་སོགས། །དབྱེ་སོགས་ལ་ནི་གནོད་མེད་ཕྱིར། །ཡིད་ཆེས་ངག་བྱུང་ཤེས་པ་བཞིན། །རིག་བྱེད་ཚད་མར་གནས་པས་ན། །སློབ་དཔོན་སློབ་མའི་བརྒྱུད་པ་ཡི། །ཐོག་མ་མེད་ནས་བརྟགས་པ་ཡང་། །
སྐྱོན་མེད་ཉིད་དུ་འགྱུར་བ་ཡིན། །དེས་ན་འཇིག་རྟེན་ཀུན་མིག་གཅིག །རིག་བྱེད་འདྲ་བ་སྣང་བ་ལ། །གཞན་དག་འུག་པ་བཞིན་དུ་ནི། །མ་མཐོང་ཆོས་མིན་ལས་སྐྱེས་ལོ། །གཉིས་སྐྱེས་ལས་ནི་དེ་ཀུན་ནི། །ལོག་པ་ང་རྒྱལ་གྱིས་སྤྲོས་ཡིན། །འདིར་ནི་སྲིན་བུའི་ཡིག་འདྲར་ཡང་། །
དེ་དག་ལེགས་བཤད་ཅུང་ཟད་མེད། །བྱེད་པོ་མེད་པ་ཡིན་ན་ཡང་། །དེ་ནི་བདེན་དོན་འགྲོ་བ་ཡིན། །དེ་རྒྱུ་ཡོན་ཏན་བྲལ་བའི་ཕྱིར། །སྐྱོན་མེད་པ་ཡིས་བརྫུན་དོན་བཞིན། །སྐྱེས་བུ་ཡིས་ནི་བྱས་པ་ལ། །ཡོན་ཏན་ཡོད་ཅེས་དོགས་པར་འགྱུར། །རིག་བྱེད་བྱེད་པོ་མེད་པའི་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words