དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ
Sanskrit title (Tibetan script, as in the text) ཏཏྟྭ་སཾ་གྲ་ཧ་ཀཱ་རི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 191 · folio 114b
འབྲས་མེད་ཡིན། །ཐམས་ཅད་མངོན་སུམ་གྱིས་མཐོང་ཉིད། །དམ་བཅའ་དེ་བཞིན་འབྲས་མེད་འགྱུར། །རང་ཆོས་ཆོས་མིན་ཙམ་ཤེས་པ། །སྒྲུབ་དང་དགག་བྱེད་ཡོད་པ་ན། །དེས་བསྟན་ལུང་ནི་བླང་བྱ་དང་། །དོར་བྱ་ཉིད་ནི་རབ་བསྒྲུབ་ཕྱིར། །དེ་ལ་འགྲོ་ཀུན་པྲ་བ་ཡི། །དབྱེ་བ་
མཁྱེན་པ་ཉིད་སྒྲུབ་ན། །གཞུང་རྩོད་དག་ལ་རྩོད་པ་ཡིན། །གནས་མིན་འཇིག་རྟེན་ཉོན་མོངས་འགྱུར། །འཇལ་བར་བྱེད་པོ་ཀུན་འབྲེལ་པའི། །མངོན་སུམ་སོགས་ནི་དགག་བྱས་ཕྱིར། །སྡིག་པ་དང་ནི་བསོད་ནམས་དག །ལུང་ཉིད་འབའ་ཞིག་གིས་རྟོགས་འགྱུར། །དཔྱོད་པ་པ་
རྣམས་ཀྱི་ཕྱོགས་ནི། །དེ་ཙམ་ཉིད་ཀྱིས་གྲུབ་ནའང་སླར། །ཀུན་མཁྱེན་སྤོང་བའི་འབད་པ་གང་། །དེ་ནི་ཤི་བ་གསོད་པར་ཟད། །རྩ་བ་མེད་པ་ཉིད་ཀྱི་ཕྱིར། །ཆོས་ཉིད་ཤེས་པ་ཉམས་འགྱུར་ན། །ཀུན་མཁྱེན་སྐྱེས་བུར་གང་སྨྲས་པ། །དེ་ནི་ཕུབ་མ་རྡུང་བྱེད་འདྲ། །དངོས་སུ་མངོན་
སུམ་གྱིས་མཐོང་ཕྱིར། །གང་ལ་མི་གཙང་ཁུ་བ་སོགས། །རང་རིག་པར་ནི་ཐལ་བར་འགྱུར། །དེ་ནི་སུ་ཞིག་སྒྲུབ་པར་བྱེད། །སངས་རྒྱས་པ་སོགས་དག་གི་ནི། །རིག་བྱེད་ཉེ་རིག་བྱེད་ཡན་ལག །ཉིང་ལག་སོགས་དོན་རྟོགས་སྣང་མིན། །དེ་ལ་ཀུན་མཁྱེན་ཇི་ལྟར་ཡོད། །
གལ་ཏེ་རང་གཞུང་མ་བསྟན་ཀྱང་། །རང་ཉིད་ཀྱིས་དོན་ཤེས་འདོད་ན། །རང་གིས་སྙན་ངག་རྩོམ་པ་ཡིན། །སྙན་ངག་མཁས་ཀུན་ཀུན་མཁྱེན་འགྱུར། །འགལ་བའི་དོན་ནི་སྟོན་བྱེད་ཅན། །ཀུན་མཁྱེན་མང་པོ་ཡོད་པ་ན། །ཀུན་གྱི་རྒྱུ་མཚན་མཚུངས་པ་ཡིས། །གཅིག་པུར་སུ་ཞིག་
ངེས་པར་འགྱུར། །གལ་ཏེ་བདེ་གཤེགས་ཀུན་མཁྱེན་ན། །སེར་སྐྱ་མིན་ཞེས་ཚད་མ་ཅི། །འོན་ཏེ་གཉིས་ཀའང་ཀུན་མཁྱེན་ན། །དེ་གཞུང་མི་མཐུན་ཇི་ལྟར་འགྱུར། །རྒྱལ་བ་སངས་རྒྱས་སོགས་སེམས་ཅན། །བདེན་པར་སྨྲ་བ་ཐམས་ཅད་ཀྱི། །རྩི་སོགས་ཕྱོགས་རེ་ཤེས་པ་ལ། །
ཁྱད་པར་ངེས་པར་གཟུང་དུ་མེད། །རང་ཕྱོགས་དགའ་བ་ཙམ་གྱིས་ནི། །གཏན་ཚིགས་གང་གིས་གཅིག་ལ་ནི། །ཀུན་མཁྱེན་ཉིད་ནི་སྒྲུབ་བྱེད་པ། །དེ་ནི་གཞན་ལའང་ཡོད་པ་མིན། །རྒྱལ་བ་ཀུན་མཁྱེན་བསྒྲུབ་པ་ལ། །ཤཱཀྱའི་སློབ་མ་ཁྲོས་ནས་ནི། །སུན་དབྱུང་གང་དག་བསྟན་པ་
Vol. 191 · folio 115a
སྟེ། །དེ་དག་རྒྱལ་བ་པ་ཡིས་སྦྱོར། །དེ་ལ་དེ་རྣམས་ཀྱིས་སྒྲུབ་དང་། །སུན་དབྱུང་ཐ་དད་མི་གནས་པ། །གཟུགས་བརྙན་འབྱུང་བས་ཟིན་པ་ཡིས། །ཇི་ལྟར་ངེས་པར་བྱེད་པར་འགྱུར། །དེ་ལྟར་ཀུན་མཁྱེན་འདྲ་བ་དག །ཕན་ཚུན་འཇོམས་པར་བྱེད་པ་ན། །ཀུན་
མཁྱེན་ཀུན་གྱི་ཅུང་ཟད་ལྷག །རིག་བྱེད་སྨྲ་བ་པོས་འཇོམས་བྱེད། །ཇི་ལྟར་ནེའུ་ལེའི་སོ་རྩེ་ཡིས། །རེག་པའི་སྨན་ནི་འགའ་ཞིག་གང་། །རྩེད་མོའི་ཕྱིར་ནི་སྦྱར་བྱས་ཀྱང་། །སྦྲུལ་གདུག་ཐམས་ཅད་སེལ་བར་བྱེད། །དེ་བཞིན་རིག་བྱེད་སྨྲ་བའི་ཁར། །རིག་བྱེད་འཇིག་རྟེན་རིགས་པ་འགའ། །
གནས་པས་ངག་ཀྱང་ཤཱཀྱ་ཡི། །སློབ་སོགས་སྦྲུལ་གདུག་ཤེས་པ་སེལ། །གང་ལ་ཤེས་བྱ་གཞལ་བྱ་ཉིད། །དངོས་ཉིད་ཡོད་ཉིད་སོགས་མཚན་ཅན། །གཏན་ཚིགས་འཇོམས་བྱེད་ནུས་ཡོད་ན། །དེ་ནི་སུ་ཞིག་སྒྲུབ་པར་བྱེད། །ཚད་མ་གཅིག་གིས་ཀུན་མཁྱེན་ནི། །གང་གིས་
ཡོད་པར་བརྟགས་པ་ནི། །དེ་ནི་ངེས་པར་མིག་གིས་ནི། །རོ་སོགས་ཐམས་ཅད་རྟོགས་པར་འགྱུར། །ཇི་ལྟའི་རིགས་ཅན་ཚད་མ་ཡིན། །ཇི་ལྟར་རིགས་པའི་དོན་སྣང་བ། །ད་ལྟར་འཇིག་རྟེན་ན་ནི་མཐོང་། །དེ་བཞིན་དུས་གཞན་ན་ཡང་འགྱུར། །ཤེས་རབ་ཡིད་གཞུངས་སྟོབས་རྣམས་
ཀྱིས། །ཅུང་ཟད་ཅུང་ཟད་ཁྱད་པར་གྱིས། །ཕུལ་བྱུང་ཅན་མི་གང་དག་མཐོང་། །དེ་དག་དབང་འདས་མཐོང་བས་མིན། །སྐྱེས་བུ་ཤེས་རབ་ཅན་ཡང་ནི། །ཕྲ་པའི་དོན་མཐོང་ནུས་ཡིན་ཡང་། །རང་རིག་མཐུན་པ་མ་སྤངས་པས། །སྐྱེས་བུ་གཞན་ལས་ཕུལ་བྱུང་འགྱུར། །རྣ་བས་རྟོགས་
བྱའི་སྒྲ་རྣམས་ལ། །རིང་དང་ཕྲ་སོགས་དམིགས་པ་ཡིས། །སྐྱེས་བུ་ཕུལ་བྱུང་མཐོང་བ་ཡིན། །གཟུགས་སོགས་དམིགས་པ་མ་ཡིན་ནོ། །ཕུལ་བྱུང་མིག་ནི་ཐོབ་པས་ཀྱང་། །རིང་ལ་གནས་པར་གྱུར་པ་ཡི། །ཕྲ་བའི་གཟུགས་སོགས་གསལ་བར་བྱེད། །སྒྲ་རྟོགས་ཐོས་པར་མི་
འགྱུར་རོ། །དེ་ལྟར་བསྟན་བཅོས་སྤྱོད་པ་ལ། །ཕུལ་བྱུང་ཆེན་པོ་སྣང་བར་འགྱུར། །བསྟན་བཅོས་གཞན་གྱི་ཤེས་པ་ནི། །དེ་ཙམ་གྱིས་ནི་དམིགས་མི་འགྱུར། །བྱཱ་ཀ་ར་ཎའི་སྒྲ་ཤེས་པས། །ལེགས་སྦྱར་མ་སྦྱར་སྒྲ་དག་ལ། །བློ་ནི་ཕུལ་དུ་བྱུང་གྱུར་ཀྱང་། །རྒྱུ་སྐར་ཚེས་གྲངས་
Vol. 191 · folio 115b
གཟའ་ཤེས་མིན། །སྐར་དཔྱད་ཤེས་པ་ཉི་ཟླ་ཡི། །གཟའ་འཛིན་སོགས་ལ་མཁས་གྱུར་ཀྱང་། །བྷ་ཝ་དེ་སོགས་སྒྲ་རྣམས་ཀྱི། །ལེགས་པར་སྦྱར་ཉིད་ཤེས་འགྱུར་མིན། །རིག་བྱེད་དེ་ལྟར་བྱུང་བརྗོད་སོགས། །ཤེས་པ་ཕུལ་བྱུང་ལྡན་ན་ཡང་། །མཐོ་རིས་ལྷ་མོ་སྔར་མེད་ན། །དངོས་
སུ་བྱེད་པར་ནུས་པ་མིན། །ཁྲུ་བཅུའི་བར་དུ་ནམ་མཁའ་ལ། །གང་ཞིག་མཆོངས་ནས་འགྲོ་བྱེད་གང་། །དེ་ནི་བརྒྱར་ནི་གོམས་བྱས་ཀྱང་། །དཔག་ཚད་ཙམ་མཆོངས་འགྲོ་ནུས་མེད། །དེའི་ཕྱིར་ཕུལ་དུ་བྱུང་ཤེས་པ། །ཤིན་ཏུ་གོམས་པར་གྱུར་པས་ཀྱང་། །ཅུང་ཟད་ཁོ་ན་ལྷག་པ་རུ། །ཤེས་
ནུས་དབང་འདས་ཤེས་པ་མིན། །ཁང་དམིག་གཅིག་ལ་གནས་པ་ཡི། །མངོན་སུམ་གང་ཞིག་འཇུག་པར་འགྱུར། །དེ་ཉིད་དུ་ནི་དེ་མཐོང་ནུས། །ཁང་དམིག་གཞན་ལ་མ་ཡིན་ནོ། །དོན་ནི་གང་ཞིག་ཐག་རིང་གནས། །ཡུན་རིང་རྒྱ་མཚོ་རྣམས་དང་ནི། །གླིང་དང་འཇིག་རྟེན་བར་བཅད་གང་། །
འདིར་གནས་དེ་དག་སུ་ཡིས་མཐོང་། །ན་ལའི་རྒྱལ་དང་དུས་འདབ་རྒྱལ། །རྟ་མཆོག་ཆོ་ལོའི་དོར་ཤེས་སྔོན། །ཤིང་རྟ་ཞོན་ནས་འགྲོ་བ་ན། །དུས་ཀྱི་འདབ་མས་ཚིག་འདི་སྨྲས། །ཀུན་གྱིས་ཐམས་ཅད་མི་ཤེས་ཏེ། །སྐྱེས་བུ་གཅིག་འགའ་ཞིག་ཀྱང་ནི། །མཐར་ཐུག་ཤེས་པ་ཡོད་པ་
མིན། །མ་འོངས་པ་ལ་མངོན་སུམ་གྱིས། །ནུས་པ་ཅུང་ཟད་ཀྱང་མ་མཐོང་། །རྟགས་སོགས་རྣམས་ནི་མེད་པས་ནི། །རྗེས་དཔག་ལ་སོགས་སྐྱེས་མི་འགྱུར། །དེ་ཕྱིར་དབང་འདས་དོན་རྣམས་ལ། །དངོས་སུ་ལྟ་བ་པོ་ཡོད་མིན། །གང་ཞིག་རྟག་པའི་ཚིག་གིས་ནི། །མཐོང་བར་བྱེད་
པ་དེས་མཐོང་འགྱུར། །དེ་ལྟར་མི་བཟོད་གང་ཞིག་ནི། །སྐྱེས་བུས་བྱས་པའི་གཞུང་གཞན་ལས། །དབང་འདས་དོན་གྱི་ཤེས་པ་ནི། །སངས་རྒྱས་སོགས་ལ་མངའ་སྙམ་ན། །དེ་ཡང་དེ་ཉིད་དང་མཚུངས་ཕྱིར། །དེའི་ངག་ཚད་མ་མ་ཡིན་ཞིང་། །སྐྱེས་བུ་ལ་ཡང་བརྗོད་བྱ་སྟེ། །སྔར་
བཤད་གཏན་ཚིགས་རྣམས་ཀྱིས་སོ། །བྱེད་པོ་བཅོས་མའི་ངག་ལ་ནི། །ཁྱེད་ཀྱིས་ཐོག་མེད་ཉིད་གང་བརྗོད། །ཚད་མིན་གཉིས་ཀྱི་རྟེན་གྱུར་པས། །དེ་ནི་ཚད་ཉིད་སྒྲུབ་བྱེད་མིན། །གཞན་ལྟོས་ཉིད་ཀྱིས་ཟས་གཙང་གི །སྲས་ཀྱི་ངག་རྣམས་ཚད་མ་མིན། །རང་ཉིད་ཀྱིས་ཆོས་མ་མཐོང་
Vol. 191 · folio 116a
བས། །ཟས་གཙང་སྲས་མིན་ཡང་དེ་བཞིན། །དེ་འདྲའི་གང་ཟག་རྣམས་ལ་ནི། །ཐོག་མ་མེད་ཉིད་རྟོག་ན་ཡང་། །ཚད་མིན་གོ་འཕང་གནས་ཉིད་ཕྱིར། །དེ་ལས་ཁྱད་པར་ཅན་མི་འགྱུར། །དེས་ན་དཔྱོད་པ་པ་འདྲར་འགྱུར། །སངས་རྒྱས་སོགས་ལ་ཐོག་མེད་པའི། །སྤྱི་
གང་རྗོད་པར་བྱེད་པ་ན། །དེ་ནི་ཁྱད་པར་མི་ཤས་ཕྱིར། །དེ་དག་ལ་མཚུངས་འགྱུར་བ་མིན། །དེ་ལྟར་ཡིན་ན་ཐོག་མེད་ཅན། །ཚད་ཉིད་དང་ནི་ཚད་མིན་འགྱུར། །ཚད་མ་དང་ནི་དེའི་སྣང་བ། །ཡོན་ཏན་སྐྱོན་གང་ཐོག་མ་མེད། །ཐོག་མ་མེད་པ་ཉིད་ཙམ་གྱིས། །དེ་ཀུན་མཚུངས་པར་མི་འགྱུར་
རོ། །ཇི་ལྟར་ཐོག་མཐའ་མེད་པའི་གསེར། །ཐ་སྙད་ཡན་ལག་གནས་པ་ཡིན། །དེ་བཞིན་སྒྱུ་མའི་གསེར་ཡིན་ཡང་། །ཁྱེད་ལ་དེ་དག་ཅིས་མཚུངས་མིན། །སངས་རྒྱས་སོགས་ལ་ཀུན་མཁྱེན་དང་། །རིག་བྱེད་ལ་བརྟག་ཉིད་ཡོད་གང་། །གང་དག་གིས་ནི་མཚུངས་བརྗོད་པ། །ད་ནི་དེ་
དག་ལ་ཁྱད་བརྗོད། །མིག་སོགས་རྣམས་ཀྱིས་ཀུན་མཁྱེན་ནི། །ད་ལྟར་རེ་ཤིག་མཐོང་མི་འགྱུར། །ཕྱོགས་གཅིག་རྟགས་ཏེ་ཡོད་མཐོང་མིན། །གང་གིས་ན་ནི་རྗེས་སུ་དཔོག །ལུང་གིས་སྒྲུབ་པ་འགའ་ཞིག་ཀྱང་། །རྟག་པའི་ཀུན་མཁྱེན་རྟོགས་བྱེད་མིན། །བཅོས་མ་ཡིན་ཞིང་བརྫུན་པ་
ཡིས། །དེ་ནི་ཇི་ལྟར་རྟོགས་པར་འགྱུར། །འོན་ཏེ་དེ་ཡི་ཚིག་ཉིད་ཀྱིས། །གཞན་གྱིས་ཀུན་མཁྱེན་རྟོགས་འགྱུར་ན། །དེ་དག་ཕན་ཚུན་རྟེན་ཡིན་པས། །ཇི་ལྟར་གྲུབ་པར་རིགས་པ་ཡིན། །ཀུན་མཁྱེན་གྱིས་བསྟན་ཉིད་ཀྱིས་ངག །བདེན་ཡིན་དེ་ཡིས་བདེ་ཡོད་ཉིད། །གྲུབ་པའི་
རྩ་བ་གཞན་མེད་པས། །དེ་གཉིས་ཇི་ལྟར་གྲུབ་པར་འགྱུར། །ཀུན་མཁྱེན་མ་ཡིན་པས་བསྟན་པའི། །རྩ་བ་དང་བྲལ་ཚིག་གིས་ནི། །ཀུན་མཁྱེན་རྟོགས་པར་བྱེད་པ་ན། །རང་གི་ཚིག་གིས་ཅིས་བྱེད་མིན། །ཀུན་མཁྱེན་གཅིག་ནི་བསྒྲུབ་པའི་ཕྱིར། །ཀུན་མཁྱེན་མང་པོ་བརྟགས་དངོས་
པོ། །གང་ཞིག་གཅིག་ནི་ཀུན་མཁྱེན་མིན། །དེ་ནི་ཀུན་མཁྱེན་བརྟགས་པ་ཡིན། །དེ་ཚེ་རྟོགས་བྱེད་རྣམས་ཀྱིས་ཀྱང་། །དེ་ཤེས་ཤེས་བྱ་ཤེས་སྟོང་པས། །ཀུན་མཁྱེན་འདི་ཡིས་ཞེས་དེ་ལྟར། །ཤེས་པར་ནུས་པ་མ་ཡིན་ནོ། །གང་གིས་ཐམས་ཅད་མཁྱེན་པ་ནི། །རྟོགས་པར་
Vol. 191 · folio 116b
མ་གྱུར་པ་དེ་ལ། །དེའི་ངག་ཚད་མ་ཉིད་མ་ཡིན། །རྩ་བ་མི་ཤེས་གཞན་དག་བཞིན། །སློབ་མ་ཀུན་གྱིས་ཀྱང་རྟོགས་པའི། །དོན་རྣམས་མི་སླུར་བྱེད་ན་ཡང་། །ཐམས་ཅད་མཁྱེན་པར་མི་འགྱུར་རོ། །འཇིག་རྟེན་གཞན་ཤེས་དོན་སྟོང་ཕྱིར། །སྐྱེས་བུ་ཀུན་ཤེས་ཤེས་བྱ་ལ། །མི་སླུ་
སྲིད་པ་མ་ཡིན་ཏེ། །དུས་གསུམ་འཇིག་རྟེན་གསུམ་གནས་པའི། །མི་རྣམས་དང་ནི་ཕྲད་པ་མེད། །ཅུང་ཟད་ཤེས་པ་པོས་ཀྱང་ནི། །མི་འགའ་ཞིག་ནི་འཁྲུལ་བྱེད་མིན། །གང་གིས་མོས་པར་འཁྲུལ་གྱིས་ནི། །ཀུན་མཁྱེན་ཡིན་པར་འཛིན་པར་བྱེད། །ཟོས་དང་བསམ་པ་ཚང་བ་དང་། །
ཡོད་པའི་རྫས་ནི་ཤེས་ནུས་པའི། །ཆོས་སོགས་ཤེས་དང་བྲལ་བ་ཅན། །འགའ་ཞིག་གཞན་གྱིས་ཤེས་རྣམས་ཀྱིས། །དེ་ལྟར་སྒྱུ་མ་མིག་འཕྲུལ་སོགས། །མཁས་འགའ་ཞིག་གིས་རྨོངས་པ་ནི། །འཁྲུལ་པ་སྐྱེད་པར་ནུས་ཡིན་ཏེ། །གང་གིས་དེ་དག་ཀུན་མཁྱེན་སྣང་། །དེ་ལྟར་
བྱུང་བརྗོད་གནའི་རབས་ལས། །གང་ཡང་ཚངས་སོགས་ཀུན་མཁྱེན་ཡིན། །གང་ལ་ཤེས་པ་ཐོགས་མེད་དང་། །ཆགས་བྲལ་ཡིན་པར་སྟོན་པ་ཡིན། །སྔགས་ཀྱི་གབ་པའི་ཚིག་བཞིན་དུ། །དེ་ཡང་ཕལ་པ་ཉིད་དུ་བརྗོད། །ཡང་ན་སྐབས་ཀྱི་ཆོས་སོགས་པའི། །ཤེས་པ་ཐོགས་
པ་མེད་པར་བརྗོད། །ཆོས་ནོར་འདོད་དང་ཐར་པ་ལས། །སྐབས་ལ་བབ་པའི་བཞི་པོ་ལའང་། །དེ་ཡི་ཤེས་པ་ཐོགས་མེད་གང་། །དེ་ནི་དོན་ཀུན་ཡུལ་ཅན་མིན། །གང་ཕྱིར་ཐོགས་པ་མེད་ཙམ་གྱིས། །དོན་ཀུན་སྤྱོད་ཡུལ་བརྗོད་མི་འགྱུར། །རང་དོན་ལ་ཐོགས་མེད་པས་ཀྱང་། །དེ་ནི་ཐོགས་མེད་
འགྱུར་བ་ཡིན། །ཇི་སྲིད་ཆོས་སོགས་སྤྱོད་ཡུལ་ཅན། །དེ་ཡང་འབྲས་བཅས་ཤེས་པ་ཡིན། །ཤིང་ལ་སོགས་པ་ཐམས་ཅད་ནི། །ཤེས་ཀྱང་ཅུང་ཟད་དགོས་པ་མེད། །ཇི་སྙེད་ཐབས་དང་བཅས་ཤེས་པ། །གལ་ཏེ་དེ་ནི་ཐོགས་མེད་ན། །དེ་ཡིས་འདི་ལ་ཐོགས་མེད་པའི། །ཤེས་
པའི་ཐ་སྙད་རྙེད་འགྱུར་བའི། །བདག་ཁོ་ན་ཡི་རྣམ་ཤེས་ནི། །བསམ་གཏན་གོམས་པས་འཇུག་པ་གང་། །ད་ཉིད་ལ་ཐོགས་མེད་ཡིན་ན། །དེ་ཡི་ཤེས་པ་ཐོགས་མེད་བརྗོད། །ཡེ་ཤེས་ཆགས་བྲལ་དབང་ཕྱུག་ནི། །མི་ཟད་བཅུ་དང་ལྡན་པ་ཅན། །བདེ་བྱེད་ཅེས་ནི་གང་གྲགས་པ། །
Vol. 191 · folio 117a
དེ་ཡང་བདག་བསམ་པ་ཡིས་ཤེས། །རྣམ་པར་དག་པའི་མཐའ་མཐོང་གང་། །དེ་ཉིད་ཤེས་པ་དེ་ཡིན་ནོ། །དེ་ཡི་རྒྱུ་མཚན་མ་དག་པས། །གང་བྱུང་དེ་ནི་མི་ཤེས་བརྗོད། །འོན་ཀྱང་རིག་ལུས་ཉིད་ཀྱི་ཕྱིར། །ཚངས་པ་ཁྱབ་འཇུག་དབང་ཕྱུག་རྣམས། །ཀུན་ཤེས་
ངོ་བོར་རིག་བྱེད་ལས། །ཀུན་མཁྱེན་མི་ནུས་ག་ལ་ཡོད། །གང་ན་གནས་པའི་ལྷ་མཆོག་གསུམ། །གང་ན་མི་ནི་སངས་རྒྱས་སོགས། །གང་གིས་མཚུངས་པ་དེ་དག་ཀྱང་། །ཀུན་མཁྱེན་ཞེས་བྱ་རྨོངས་པས་མཐོང་། །རིག་བྱེད་རྟག་པའི་ལུང་ལས་ནི། །ཚངས་པ་ལ་སོགས་གསུམ་
བསྟན་ཡིན། །དེ་རྟག་ཉིད་ཕྱིར་རིག་བྱེད་ཀྱི། །རྟག་པ་ཉིད་ནི་ཉམས་མི་འགྱུར། །དེ་དག་རྟག་པའི་ཡོན་ཏན་དང་། །རྟག་ཏུ་ལས་དང་ལྡན་པ་ཅན། །རྟག་པའི་རིག་བྱེད་བརྗོད་བྱ་ཉིད། །སྲིད་ཕྱིར་དེ་དག་འགལ་བ་ཡིན། །མི་རྟག་པ་ཡི་སངས་རྒྱས་སོགས། །རྟག་པའི་ལུང་ལས་རྟོགས་
མི་འགྱུར། །ལུང་ནི་རྟག་ཉིད་དུ་འདོད་ན། །ཀུན་མཁྱེན་བརྟགས་པ་དོན་མེད་ཡིན། །དེ་ལ་ཀུན་མཁྱེན་ཤེས་བྱེད་པས། །རིག་བྱེད་པས་རྟོགས་དེ་མཆོག་ཡིན། །རིག་བྱེད་ཀྱིས་རྟོགས་ཀུན་མཁྱེན་གྱིས། །བར་ཆོད་ཆོས་ནི་རྟོགས་པ་བས། །བར་དུ་མ་བསྒྲིབས་ཆོས་སོགས་ཀྱི། །ཤེས་
པ་ཁོ་ན་ཁྱད་བཅས་ཀྱི། །དེ་ལྟར་ལུང་གིས་རྟོགས་བྱ་ཉིད། །ཀུན་མཁྱེན་ལ་ནི་ཡོད་པ་མིན། །གལ་ཏེ་ཀུན་མཁྱེན་འདྲ་གང་ཞིག །ད་ལྟར་སྣང་བར་འགྱུར་བ་ན། །དེ་ཚེ་ཉེ་བར་འཇལ་སྟོབས་ཀྱིས། །ཀུན་མཁྱེན་ཡོད་པར་རྟོགས་པར་འགྱུར། །མི་རྣམས་ཀུན་མཁྱེན་མི་མཐོང་ནས། །དེ་ལྟར་
ཀུན་མཁྱེན་ཡོད་མ་གྱུར། །དེ་དང་འདྲ་བའི་ཉེར་འཇལ་བས། །ལྷག་མ་ཀུན་མཁྱེན་མིན་པར་ངེས། །ཆོས་དང་ཆོས་མིན་སོགས་ཡུལ་ཅན། །སངས་རྒྱས་ལ་སོགས་ཀྱིས་བསྟན་པ། །གལ་ཏེ་ཀུན་མཁྱེན་མེད་པ་ན། །གཞན་དུ་མི་འཐད་པར་འགྱུར་རོ། །ཀུན་མཁྱེན་སྟོན་པར་བྱེད་པ་ཅན།
མངོན་སུམ་སོགས་ནི་བཀག་ན་ཡང་། །དོན་གྱིས་གོ་བས་ཀུན་མཁྱེན་ནི། །འདི་ལྟར་རྟོགས་པར་འགྱུར་བ་ཡིན། །ཡང་ན་སྤྱིར་མཐོང་བ་ཅན་གྱི། །འདིར་ནི་སྒྲུབ་པ་འཇུག་པ་རུ། །ཀུན་མཁྱེན་ལ་ནི་བརྗོད་པ་རུ། །གཞན་དུ་ཤེས་སྔོན་སོང་མཐོང་ཕྱིར། །ཉེར་བསྟན་འགའ་ཞིག་གང་ཡིན་
Vol. 191 · folio 117b
ཏེ། །བརྗོད་པ་ཤེས་པ་སྔོན་སོང་ཉིད། །ཨ་རུ་ར་སོགས་ནུས་རྣམས་ཀྱི། །ཉེར་བསྟན་དེ་ལྟའི་རྣམས་ཅན་བཞིན། །ཆོས་དང་ཆོས་མིན་ཉེར་བསྟན་འདི། །དེས་བྱས་བསྟན་པ་ཡང་ཡིན་ཏེ། །དེ་ཡི་ཤེས་པ་སྔོན་སོང་ཉིད། །དེ་ཕྱིར་དེ་ལ་རྗེས་དཔོག་འགྱུར། །གཞན་དུ་ཡང་ནི་འབད་
ཉིད་ཕྱིར། །ཆོས་ཀྱི་གོ་བས་རྟོགས་མི་ནུས། །དེ་ཉིད་ཕྱིར་ན་རྗེས་དཔག་ཀྱང་། །དེ་ནི་ལེགས་པར་གནས་པ་ཡིན། །རིག་བྱེད་རྟོགས་ཤིང་ཐོས་ཕྱིར་དང་། །རྨོངས་ནས་རྨི་ལམ་སོགས་མཐོང་ཕྱིར། །གང་ཕྱིར་ཡིད་སོགས་ཀྱིས་བསྟན་པ། །གཞན་དུ་འཐད་པར་འགྱུར་བ་ཡིན། །རིག་
བྱེད་མི་ཤེས་གང་ཞིག་ནི། །དེ་དག་རིག་བྱེད་ལས་བྱུང་མིན། །དེས་ན་རྨོངས་པ་འབའ་ཞིག་གིས། །དེ་དག་གིས་ནི་བསྟན་པར་བྱས། །ཡང་ན་སློབ་མ་རྨོངས་དོན་དུ། །དེ་ལ་མི་བརྟེན་པའི་རྨོངས་པས། །ངན་པར་སྟོན་པར་བྱེད་རྣམས་ཀྱི། །ཉེར་བསྟེན་འཇིག་རྟེན་ན་འཇུག་འགྱུར། །གལ་
ཏེ་དེ་ནི་རིག་བྱེད་ཀྱི། །རྩ་ཅན་ཡིན་ན་ཡིད་སོགས་བཞིན། །རིག་བྱེད་སྨྲ་པོ་ཁོ་ན་ལ། །དེ་དག་དེ་ལྟར་སྟོན་པར་འགྱུར། །གང་ཕྱིར་དམངས་རིགས་རྨོངས་པ་ལ། །དེ་རྣམས་ཀྱིས་ནི་ཉེར་བསྟན་བྱས། །དེས་ན་སྐྱོན་བརྗོད་ཀུན་རྫོབ་པར། །སྒྱུ་ལས་བཞིན་དུ་དེ་ཤེས་བྱས། །གསུམ་རིག་ཡིད་ལ་
སོགས་རྣམས་གང་། །ཚད་མ་ཉིད་དུ་གྲུབ་པར་ངེས། །གསུམ་རིག་པས་བསྟེན་བསྟན་བཅོས་ཅན། །དེ་དག་རིག་བྱེད་བྱུང་ཚིག་ལྟར། །རིག་བྱེད་ངག་རྣམས་མ་མཐོང་བའམ། །ཚད་མ་རྣམས་ལ་མ་བརྟེན་ཅིང་། །དེ་བཞིན་བསྟན་བཅོས་རྩོམ་པའམ། །སྟོན་པར་འཐད་པ་མ་ཡིན་ནོ། །
མི་སྡུག་ཞིག་ཅིག་ཀུན་མཁྱེན་སྲིད། །ཡང་ན་ལ་ལར་ཀུན་མཁྱེན་ཉིད། །ཡོད་ཀྱང་སྒྲུབ་གང་རབ་སྦྱར་བྱས། །དེ་ནི་དམ་བཅའ་མ་ཚང་ཉིད། །སྒྲུབ་པར་འདོད་པའི་དོན་གང་ཡིན། །དེ་ནི་འདི་ཡིས་མངོན་བརྗོད་མིན། །གང་བརྗོད་དེ་ནི་གྲུབ་ན་ཡང་། །དགོས་པ་ཅུང་ཟད་ཡོད་མ་ཡིན། །
གང་གི་ལུང་ནི་བདེན་ཉིད་དུ། །གྲུབ་ཕྱིར་ཀུན་མཁྱེན་ཉིད་བརྗོད་ཡིན། །དེ་ནི་ཐམས་ཅད་མཁྱེན་པ་ཡི། །སྤྱི་སྒྲུབ་ཙམ་གྱིས་མི་རྙེད་དོ། །ཇི་སྲིད་སངས་རྒྱས་ཀུན་མཁྱེན་མིན། །དེ་སྲིད་དེ་ཚིག་ལོག་པ་ཡིན། །གང་ཡང་རུང་བ་ཀུན་མཁྱེན་ཉིད། །གྲུབ་ཀྱང་དེ་བདེན་གང་ལ་འགྱུར། །གང་
Vol. 191 · folio 118a
ཕྱིར་ཀུན་མཁྱེན་གཞན་གྲུབ་ན། །གཞན་གྱིས་ཚིག་ནི་བདེན་ཉིད་མེད། །གཞི་མཐུན་པ་ཡིས་དེ་དག་ནི། །ཡན་ལག་ཡན་ལག་ཅན་ཉིད་འགྱུར། །འཇིག་རྟེན་ན་ནི་ཐམས་ཅད་གང་། །དེ་འགའ་ཞིག་གི་མངོན་སུམ་ཡིན། །གཞལ་བྱ་ཤེས་བྱ་དངོས་ཉིད་ཕྱིར། །ཞོ་
ཡི་གཟུགས་དང་རོ་སོགས་བཞིན། །ཤེས་བྱེད་འདིར་ནི་མ་བསྟན་པས། །ཕྱོགས་ནི་མ་ཚང་ཉིད་དུ་འགྱུར། །གང་ཞིག་ཀུན་མཁྱེན་འདོད་པ་ཡིན། །འདི་ལྟར་དེ་ནི་བསྟན་བྱས་མིན། །གལ་ཏེ་སངས་རྒྱས་ལས་གཞན་པ། །འགའ་ཞིག་ཀུན་མཁྱེན་ཉིད་འགྱུར་ན། །སངས་རྒྱས་
ཀྱི་གསུང་ཚད་མ་རུ། །དེ་ཡི་ཤེས་པས་ཅི་ཞིག་དགོས། །ས་བཅུ་ལ་བཞུགས་པ་ཡང་ནི། །འདོད་ཆགས་སོགས་ཀུན་ཟད་པ་ན། །དག་ཅིང་ཤེལ་དང་མཚུངས་པ་ཡི། །ཡེ་ཤེས་ཀྱིས་ཀུན་མཁྱེན་པ་ཡིན། །བསམ་གཏན་ལ་བཞུགས་དོན་ཀུན་གྱི། །ཡུལ་ཅན་སེམས་བརྩེ་
གཅིག་འཛིན་པས། །དེ་བཞིན་དོན་རྣམས་ཀྱིས་ཁྱབ་པར། །ཉེ་བར་བསྟན་པར་ནུས་མ་ཡིན། །གང་ཚེ་སྤྱི་བརྗོད་བྱེད་པོ་བཞིན། །སུ་ཞིག་ཅུང་ཟད་སྟོན་བྱེད་ན། །ཕྱོགས་གཅིག་ཤེས་པས་དེ་སྨྲས་ཡིན། །ཀུན་མཁྱེན་གྱིས་གསུང་མི་འགྱུར་རོ། །དེ་ནི་བསམ་གཏན་ལ་བཞུགས་ན། །
ཡིད་བཞིན་རིན་ཆེན་བཞིན་བཞུགས་པས། །རྩིག་སོགས་ལས་ཀྱང་བསྟན་པ་རྣམས། །ཇི་ལྟར་བསམས་བཞིན་འབྱུང་བར་འགྱུར། །མི་རྣམས་ཤེས་པར་འདོད་དོན་ཀུན། །དེ་རྣམས་ཀྱིས་ནི་ཤེས་པར་འགྱུར། །ཇི་ལྟར་རིགས་པ་ཕན་པ་རྣམས། །དེ་དག་མྱུར་བར་ཐོབ་པར་འགྱུར། །
དེ་ལྟ་བུ་སོགས་བརྗོད་པ་ནི། །དད་དང་ལྡན་ལ་མཛེས་པ་ཡིན། །ཁོ་བོ་རིག་པ་དོན་གཉེར་གང་། །དད་པའི་རྗེས་སུ་འབྲང་བ་མིན། །རྩིག་སོགས་ལས་བྱུང་ཚིག་རྣམས་ནི། །ཡིད་ཆེས་པས་བསྟན་མི་འགྱུར་རོ། །དེ་དག་སུ་ཡིས་སྨྲས་བྱས་པས། །དེ་དག་ལ་ཡིད་ཆེས་མི་འགྱུར། །སངས་
རྒྱས་ཀྱིས་གསུངས་ཡིན་ནམ་ཅི། །བྲམ་ཟེ་སླུ་བར་བྱེད་པ་ཡིས། །རིང་ན་གནས་པས་སྒྲ་བརྙན་བཞིན། །རྩེད་མོ་བྱེད་པར་སྨྲས་སམ་ཅི། །ཡང་ན་གནོད་བྱེད་ཤ་ཟ་སོགས། །མ་མཐོང་བས་ནི་སྨྲས་སམ་ཅི། །དེས་ན་ཤེས་རབ་ང་རྒྱལ་ཅན། །དེ་ལ་ཡིད་ཆེས་མི་བྱའོ། །འདི་
Vol. 191 · folio 118b
ལྟར་སྐྱེས་བུའི་ཀུན་མཁྱེན་ཉིད། །རང་དབང་ཉིད་ཀྱིས་གཞི་མེད་ཡིན། །སླར་ཡང་འདི་ལྟར་དཔྱད་བྱ་སྟེ། །ཀུན་མཁྱེན་ཇི་ལྟར་འདོད་པ་ཡིན། །རིམ་གྱིས་སམ་ནི་ཅིག་ཅར་རམ། །དངོས་ཀུན་རང་བཞིན་གཅིག་གིས་སམ། །གཙོ་བོ་ཅི་ཞིག་ནམ་ནུས་ལས། །བྱུང་དང་འབྱུང་
དང་ད་ལྟར་གྱི། །དངོས་པོ་མཐའ་ཡས་རེ་རེ་ནས། །རིམ་གྱིས་ལོ་ནི་བརྒྱ་ཡིས་ཀྱང་། །སུ་ཞིག་གིས་ནི་ཤེས་པར་ནུས། །ཅིག་ཅར་གཙང་དང་མི་གཙང་སོགས། །རང་བཞིན་རྣམས་ནི་འགལ་བ་ཅན། །བློ་གཅིག་གིས་རྟོགས་མ་མཐོང་སྟེ། །ཐ་དད་བློ་རྣམས་ལ་ལར་བཅས། །
རྣམ་དབྱེ་མ་བྱས་པའི་ངོ་བོས། །དངོས་པོ་ཀུན་ནི་གང་གིས་རྟོགས། །དངོས་པོ་ཀུན་གྱི་རང་མཚན་ཉིད། །དེ་ཡིས་རྟོགས་པར་མི་འགྱུར་རོ། །སྤྱི་ཡི་ངོ་བོ་རྟོགས་བྱེད་པོ། །ཀུན་མཁྱེན་ཡིན་པ་དེས་ཅི་དགོས། །རྣམ་པ་གཞན་ནི་རྟོགས་པ་ཡིས། །དངོས་པོ་རྟོགས་པར་མི་འགྱུར་
ཏེ། །རྣམ་པ་གཅིག་བཅས་རྣམ་ཤེས་དེ། །ཡང་དག་མ་ཡིན་ལོག་མ་ཡིན། །ཡང་དག་ཡིན་ན་མཐོང་གནོད་འདི། །ཐམས་ཅད་གཉིས་མེད་ཐལ་བར་འགྱུར། །དེས་ཀྱང་ཀུན་མཁྱེན་སློབ་མ་དང་། །ཆོས་དང་ཆོས་མིན་དེས་བསྟན་པར། །མི་མཐུན་ཐ་དད་དངོས་ཉིད་ཀྱི། །རང་
བཞིན་ངེས་བཟུང་མ་བྱས་ཕྱིར། །གཅིག་རྟོགས་ལོག་ཉིད་ཡིན་པ་ན། །ཀུན་མཁྱེན་འཁྲུལ་པ་ཐོབ་པར་འགྱུར། །དེ་ཚེ་དེ་ཡི་ཚིག་དད་པ། །རིགས་མིན་ཉོན་སོགས་དག་བཞིན་ནོ། །གལ་ཏེ་འཇིག་རྟེན་ལས་འདས་པ། །ཏིང་འཛིན་ལས་བྱུང་ཡེ་ཤེས་ཀྱིས། །རྒྱུ་བཅས་ལས་བཅས་
འབྲས་གང་མཁྱེན། །དེ་ནི་ཐམས་ཅད་མཁྱེན་འདོད་ན། །མངོན་སུམ་རྗེས་དཔག་སྒྲ་ལས་བྱུང་། །དོན་གྱིས་གོ་དང་དངོས་མེད་པའི། །ཚད་མ་འདི་ནི་སྒྲུབ་བྱེད་ན། །མེད་པས་དེ་འདྲ་ཡོད་མ་ཡིན། །རིམ་གྱིས་སམ་ནི་ཅིག་ཅར་གྱིས། །ཇི་ལྟར་འབྲས་མེད་རྗེས་དཔག་ཡིན། །ནུས་
པ་ཡང་ནི་ཡོད་མིན་ཏེ། །ཡང་ན་ཐམས་ཅད་ནུས་ལྡན་ཉིད། །ཀུན་གྱིས་ཐམས་ཅད་རྟོག་པ་ན། །ཞིང་ཞེས་ནུས་དང་ལྡན་པ་རྣམས། །ཐབས་དང་བྲལ་བ་ཉིད་ཀྱི་ཕྱིར། །དེ་དག་གིས་ནི་ཀུན་ཤེས་མིན། །ཐུན་མོང་མ་ཡིན་ཐབས་རྙེད་པ། །སྐྱེས་ཀུན་མ་ལུས་མཚན་ཉིད་ཅན། །
Vol. 191 · folio 119a
དེ་ལ་ཀུན་མཁྱེན་གཅིག་འགའ་ཞིག །ཞེས་བྱ་དེ་ནི་ཚད་མེད་ཅན། །གང་ཚེ་འདི་ལྟར་ཀུན་མཁྱེན་ནི། །འགའ་ཞིག་འཐད་པ་མ་ཡིན་ཏེ། །དེ་ཚེ་ཆོས་རྟོགས་པ་ཡི་རྒྱུ། །སྐྱེས་བུས་བྱས་པའི་ཚིག་མ་ཡིན། །དེ་ལྟར་ཐོས་པ་ལ་སོགས་པའི། །དཔྱོད་པ་པ་རྣམས་རང་རང་
གིས། །ཐོས་པ་འདོད་པས་འདི་ལྟར་གནས། །རིག་བྱེད་རྣམས་ལ་རྒྱས་པ་རུ། །སྐྱེས་བུས་བྱས་པ་བསྒྲུབས་ཟིན་ཏོ། །དེ་ཕྱིར་དབང་འདས་དོན་རྣམས་ནི། །དངོས་སུ་གཟིགས་པ་ཁོ་ན་ཡིན། །རྟག་པའི་ཚིག་ནི་འགའ་ཞིག་གིས། །མཐོང་མིན་མི་སྲིད་པ་ཡི་ཕྱིར། །རྟག་པའི་
ཚིག་གི་ནུས་པ་ནི། །རང་དང་གཞན་ལས་ཀྱང་མེད་དེ། །རང་གི་དོན་ཤེས་སྐྱེད་པ་ལ། །རིམ་དང་ཅིག་ཅར་འགལ་ཕྱིར་རོ། །དེ་ཕྱིར་མཐོ་རིས་མཆོད་སྦྱིན་སོགས། །རང་ཉིད་ཀྱིས་ཤེས་ནས་བསལ་བྱས། །ཁྱེད་ལ་རིག་བྱེད་བྱེད་པོ་ཡང་། །དེ་
འདྲ་དབང་འདས་དོན་མཐོང་ཡོད། །སྐྱེས་བུའི་དོན་གྱིས་གཙོ་མཁྱེན་པའམ། །ཆོས་ཐམས་ཐམས་ཅད་མཁྱེན་པ་ཉིད། །དེ་ནི་ཁས་ལེན་མ་ཡིན་ན། །གཞན་དུ་རིག་བྱེད་ཚད་མི་འགྱུར། །དེས་ན་དོན་གྱིས་གྲུབ་པ་ཡི། །ཁྱོད་ཀྱིས་ཆོས་མཁྱེན་ཁས་བླངས་པས། །
ཁྱེད་ཀྱིས་རྒྱས་པར་བྱས་པ་ཡི། །དགག་པ་དེ་ལ་གནོད་པར་འགྱུར། །གཞན་ཡང་སྐྲ་དང་བ་སྤུ་གང་། །དེ་དག་ཤེས་པ་སུས་ནུས་འོས། །དེ་ནི་རྒྱུ་མེད་ཁོ་ན་རུ། །རྒྱལ་པོའི་བཀག་དང་འདྲ་བར་སྨྲས། །གང་ཕྱིར་འགའ་ཡི་མི་གཡོ་བའི། །དྲི་མེད་ཡེ་ཤེས་མར་མེ་ཡིས། །དངོས་པོ་མ་
ལུས་གསལ་བྱེད་པ། །དེ་ལ་གནོད་ཅན་སྨྲས་མ་ཡིན། །མི་སྣང་བ་ཙམ་གྱིས་ཀྱང་ནི། །དེ་མེད་པར་ནི་འབྱུང་མིན་ཏེ། །དངོས་པོ་རྣམས་ཀྱི་དམིགས་པ་ནི། །རྒྱུ་དང་ཁྱབ་བྱེད་མེད་པ་ན། །རྒྱུ་ལྡན་ཁྱབ་པར་བྱ་བ་དག །འདིར་ནི་ལྡོག་པར་རིགས་པ་ཡིན། །དེ་ལས་བྱུང་དེ་བདག་ཉིད་
ཕྱིར། །མེ་དང་ཤིང་ནི་མེད་པ་ན། །དུ་བ་ཨ་མྲ་ལ་སོགས་བཞིན། །དེ་ལྟ་མིན་ན་རྒྱུ་མེད་དང་། །ཐ་དད་ཉིད་དུ་ཐལ་བར་འགྱུར། །གལ་ཏེ་དོན་རྣམས་མ་ལུས་ལ། །རང་གི་དམིགས་པའི་རྒྱུ་དང་ནི། །ཁྱབ་བྱེད་ཉིད་དུ་ཁྱོད་ཀྱིས་ནི། །ཚད་མ་འགའ་ལས་ངེས་བྱས་ན། །དེ་ཡི་ཚེ་ཁྱེད་
Vol. 191 · folio 119b
འབད་མེད་པར། །དོན་ཀུན་ཤེས་པར་གྲུབ་པ་ཡིན། །དེས་ན་ཁྱེད་རང་ཀུན་མཁྱེན་པས། །བདག་ཉིད་རང་ལ་ཅི་ཕྱིར་སྡང་། །དེ་ཉིད་ཀྱི་ཕྱིར་ཁྱེད་ལ་ནི། །ཀུན་མཁྱེན་འདི་ནི་སྣང་མི་འགྱུར། །དེས་སྣང་གྱུར་ན་ཁྱོད་རང་ནི། །འབད་པ་མེད་པར་ཀུན་མཁྱེན་འགྱུར། །གལ་ཏེ་ཁྱོད་ལའང་དོན་
ཀུན་གྱི། །ཡུལ་ཅན་ཤེས་པ་ཡོད་པ་ན། །དེ་ཚེ་དོན་ཀུན་ཡུལ་ཅན་གྱི། །ཤེས་པ་ཁྱེད་ལ་སྣང་བར་འགྱུར། །གང་ཁྱོད་དོན་ཀུན་ཡུལ་ཤེས་མེད། །དེ་ལ་དེ་ནི་ཇི་ལྟར་སྣང་། །དེས་རྒྱུ་ཁྱབ་བྱེད་བདག་ཉིད་ཀྱི། །རང་བཞིན་མི་སྣང་ངོ་བོའི་ཕྱིར། །ཁྱེད་ཀྱིས་མ་མཐོང་ཁྱད་པར་འདི། །ཀུན་
མཁྱེན་པ་ནི་མི་གྲུབ་པོ། །མི་མཐོང་རྣམ་གསུམ་ཅན་འདི་ཡང་། །སྣ་ཚོགས་ངོ་བོར་འཇུག་འགྱུར་ཏེ། །དེ་དང་དེ་འགལ་ལ་སོགས་པ། །མི་རྟོགས་རྟོགས་དབྱེའི་སྦྱོར་སྒོ་ནས། །ཀུན་མཁྱེན་མེད་པར་བསྒྲུབས་པ་ལ། །རྩ་བའི་དབྱེ་བས་ངོ་བོ་ཅན། །མི་དམིགས་འདི་ནི་ནུས་བྲལ་བར། །
བསྒྲུབས་ན་གཞན་དགའ་འབད་བྱེད་སེལ། །རྒྱུ་དང་འབྲས་ཉིད་ཁྱབ་བྱ་དང་། །ཁྱབ་བྱེད་ཉིད་དང་འགལ་བ་ཉིད། །སྣང་ཉིད་ཡིན་ན་གྲུབ་འགྱུར་ཏེ། །གང་ཡང་བདག་ཉིད་ཁྱབ་པ་ཅན། །ཁྱེད་ལ་ཀུན་མཁྱེན་མི་སྣང་བས། །དེས་ན་མི་དམིགས་དེ་དག་རྣམས། །དེ་སྤོང་བར་ནི་བྱེད་ནུས་མིན། །
དགག་པའི་ཡན་ལག་གཞན་ཡང་མེད། །གལ་ཏེ་མ་མཐོང་ཙམ་གྱིས་ནི། །ཀུན་མཁྱེན་འགོག་པར་བྱེད་ཡིན་ན། །དེ་ཚེ་ཁྱེད་ཀྱིས་མར་མེ་བསྐོར། །བྱས་ལ་སོགས་ཀྱང་བཀག་པར་འགྱུར། །བུ་ཞེས་བྱ་བའི་འབྲས་མཐོང་ཕྱིར། །དེ་རྒྱུ་ཡོད་པར་རྟོགས་ཤེ་ན། །དེ་མེད་ཀྱང་ནི་
འབྲས་བུ་དེ། །འགའ་ཞིག་ལ་སྣང་མ་ཡིན་ནམ། །གལ་ཏེ་གཞན་གྱིས་དམིགས་པས་ན། །དེ་ནི་མེད་པར་རྟོགས་པ་མིན། །ཁྱེད་ལ་གཞན་གྱི་དམིགས་དེ་ནི། །ཡུལ་ཅན་ཇི་ལྟར་གྲུབ་མིན་ནམ། །ཉེར་བསྟན་ཕྱིར་ན་དེ་བཞིན་དུ། །འདི་ལ་ཀུན་མཁྱེན་ལ་ཅིས་མེད། །རང་གིས་སྨྲས་
པ་འདི་ཡང་ནི། །འདིར་ནི་ཅི་ཡི་ཕྱིར་མ་མཐོང་། །སྐྱེས་བུ་རྣམས་ཀྱང་རྟག་ཏུ་ནི། །ཕལ་ཆེར་བརྫུན་ནི་སྨྲ་བ་ཡིན། །ཇི་ལྟར་ད་ལྟར་ཡིད་ཆེས་མེད། །དེ་ལྟར་འདས་དོན་སྨྲས་ལའང་ཡིན། །ཉེར་བསྟན་པའམ་འདིར་ཚད་མ། །ཉིད་མིན་ཡིན་མོད་དེ་ལྟ་ནའང་། །ཁྱེད་ཀྱིས་ཀུན་མཁྱེན་མ་
Vol. 191 · folio 120a
དམིགས་ཞེས། །ངེས་པ་འདི་ནི་གང་ལས་སྐྱེས། །སེམས་ཅན་བདག་ཉིད་མ་མཐོང་ན། །དེ་ལྟ་བུ་ཡི་ངེས་འབྱུང་འགྱུར། །དེ་དག་མཐོང་ན་ཁྱོད་དང་ནི། །ཀུན་མཁྱེན་འགྱུར་བར་བསྟན་ཟིན་ཏོ། །དེ་ལྟ་མིན་ན་ཐེ་ཚོམ་ནི། །དམིགས་པ་ལ་ཡང་ཡོད་བཞིན་རིགས། །འགའ་ཞིག་
ཀུན་མཁྱེན་ཡིན་པས་ན། །རང་བདག་ཉིད་ཀྱིས་བདག་ཉིད་ནི། །རིག་པར་འགྱུར་གྱི་དོགས་ཡིན་ཏེ། །དེ་ནི་བདག་གསལ་མཐོང་བ་ཡིན། །དེ་ཡང་དེ་ལྟར་དོགས་པ་ན། །ཀུན་གྱིས་མ་མཐོང་ངེས་པ་མེད། །འདི་ལྟར་ཐམས་ཅད་སྒྲ་ཡིས་ནི། །སྲོག་ཆགས་ཐམས་ཅད་འདོད་པ་
ཡིན། །དེ་ཡང་ཀུན་ལ་ཕྱི་ནང་མེད། །དེས་ན་མ་མཐོང་ངེས་པ་མེད། །དེ་གཅིག་ཡོངས་སུ་སྤོང་བས་ན། །འདིར་ནི་འབྲེལ་པ་འགའ་ཞིག་ཡོད། །གཞན་གྱིས་ཡོངས་སུ་མི་ཤེས་ཕྱིར། །རང་གི་ཆགས་སོགས་ལྡོག་མི་འགྱུར། །ཚུ་རོལ་མཐོང་བ་འགའ་ཞིག་ཀྱང་། །རྗེས་སུ་དཔག་
པས་རྟོགས་པར་འགྱུར། །རེས་འགའ་ཁོ་ན་འགའ་ཞིག་གི །བློ་རྣམས་ལ་ལར་ཁྱད་བཅས་ཡིན། །འདི་ལྟར་རིག་བྱེད་ལ་སོགས་ལ། །སྐད་ཅིག་ཉིད་སོགས་སྒྲུབ་པ་ནི། །སྔར་ནི་གསལ་བར་བསྟན་ཟིན་ཀྱང་། །རྨོངས་པ་རྣམས་ཀྱིས་ཉེར་མཚོན་མིན། །དེ་ལྟར་དགོས་པ་འདི་
ལ་ནི། །ཚད་མ་མེད་པའང་དེས་མི་འགྱུར། །གང་ལ་གཉིས་སྐྱེས་དགོས་མེད་པར། །ཀུན་མཁྱེན་མེད་ཉིད་དུ་རྟོགས་ཡིན། །རྗེས་སུ་དཔག་པ་མེད་ན་ཡང་། །དེ་ཡིས་ཀུན་མཁྱེན་མེད་དེས་མིན། །དུ་སོགས་འབྲས་བུ་མི་རྩོལ་བའི། །མེ་སོགས་ཡོད་ཉིད་ལ་བཞིན་ནོ། །རེས་འགའ་དམིགས་
པའི་དོན་ལ་ནི། །ཐེ་ཚོམ་རིགས་པ་མ་ཡིན་ནམ། །མཐོ་ཡོར་བཞིན་དུ་འདི་ལྟར་ནི། །དེ་ནི་གཉིས་ཀའི་ཆར་བརྟེན་ཡིན། །གང་ཕྱིར་རེས་འགའ་མཐོ་ཡོར་མིན། །མཐོང་ན་དེ་ལ་བརྟེན་པ་ཡི། །ཐེ་ཚོམ་དེར་ནི་རིགས་པ་ཡིན། །ཀུན་མཁྱེན་དེ་ལྟར་མཐོང་མ་ཡིན། །རྣམ་པ་འདི་
ཉིད་ཁོ་ན་ཡིས། །མ་ཡི་མེ་སྐོར་ལ་སོགས་པ། །ཐེ་ཚོམ་མེད་པས་མེད་པ་རུ། །བློ་ལྡན་ཁྱེད་ལ་ཐལ་མིན་ནམ། །དངོས་པོ་རྣམས་ནི་ཡོད་མེད་དུ། །ཚད་མ་ངེས་པར་ལྡོག་པའི་ཕྱིར། །ཁོ་བོས་ཚད་མ་མེད་ན་ཡང་། །འདིར་ནི་ཐེ་ཚོམ་ཡོད་པར་སྨྲས། །མིག་སོགས་རྣམས་
Vol. 191 · folio 120b
ནི་ཉམས་པ་ནི། །དངོས་ཡོད་ཀྱང་ནི་ཚད་མི་འཇུག །དེ་རྣམས་མ་ཉམས་པ་ཉིད་ཀྱང་། །དངོས་པོ་མེད་ཕྱིར་བུམ་སོགས་བཞིན། །དེས་ན་མི་དམིགས་འབའ་ཞིག་ནི། །རྣམ་པ་གཉིས་སུ་སྣང་བའི་ཕྱིར། །དེས་ན་ཚད་མ་མེད་ན་ཡང་། །ཀུན་མཁྱེན་ཐེ་ཚོམ་འགྱུར་བའི་མཆོག །དེ་ནི་
ཡོད་ཀྱང་གཞན་རྟོག་བཞིན། །རྨོངས་པས་དངོས་སུ་མཐོང་མ་ཡིན། །ལྕགས་གོང་དང་ནི་མདག་མ་ཡི། །མེ་བཞིན་འབྲས་བུ་མི་སྐྱེད་དོ། །གཞན་རྟོག་ལས་བྱུང་ཆགས་པ་བཞིན། །དེ་ཡི་འབྲས་བུ་ལ་ལྟོས་མིན། །འབྲས་བུ་སྣང་ཡང་དེ་དང་ནི། །འདི་ལ་རྗེས་འགྲོ་རྟོགས་པ་
མིན། །གང་ཕྱིར་རྨོངས་པའི་བློ་མཐོང་ལ། །རྟག་ཏུ་མཁྱེན་ཀུན་སྣང་མི་འགྱུར། །དེའི་ཕྱིར་རྗེས་སུ་དཔག་པ་དེས། །མེད་པར་འགྲུབ་པར་མི་འགྱུར་རོ། །ཚད་མའི་དངོས་པོའི་རྒྱུ་དང་ནི། །ཁྱབ་བྱེད་ཉིད་ནི་མིན་པར་བཤད། །དེ་ལོག་ན་ནི་དེ་ཡོད་པར། །མཐོང་ཡིན་དེས་ན་ཐེ་ཚོམ་
བཤད། །དེ་ཕྱིར་ཀུན་མཁྱེན་ཡོད་པ་རུ། །གནོད་པ་ཅན་གྱི་ཚད་མ་ནི། །ཅུང་ཟད་ཡོད་མིན་འདིའི་སྒྲུབ་བྱེད། །རྒྱས་པར་མངོན་པར་འཆད་པར་འགྱུར། །མ་ལུས་དོན་ནི་ཡོངས་ཤེས་པས། །སྒྲུབ་པ་འབྲས་བུ་མེད་ཡིན་ཡང་། །བློ་བཟངས་བདེ་གཤེགས་པ་རྣམས་ནི། །སེམས་
འདིས་འབད་པར་བྱེད་པ་ཡིན། །མཐོ་རིས་ཐར་པ་ཐོབ་བྱེད་པའི། །རྒྱུ་ནི་དངོས་སུ་ཁྱེད་འབའ་ཞིག །ཡོད་པར་རྟོགས་ཏེ་འོན་ཀྱང་ནི། །ཐམས་ཅད་མཁྱེན་པ་རྟོགས་པར་འགྱུར། །དེས་ཀྱང་གནོད་པ་མེད་པས་ན། །སྒྲུབ་པ་གསལ་བར་ཡོད་པ་ནི། །ཅི་ཕྱིར་ཐམས་ཅད་མཁྱེན་
པ་ལ། །རྨོངས་པའི་བློ་ཅན་ལོག་རྟོགས་བྱེད། །འདི་ལ་སྒྲུབ་བྱེད་མེད་ན་ཡང་། །གནོད་བྱེད་ངེས་པར་མ་བྱས་པར། །ཐེ་ཚོམ་འགྱུར་ཏེ་དེ་དག་ལ། །དེས་འདིའི་རྒྱུ་མཚན་ག་ལས་བྱུང་། །བསྐུལ་བ་ཁོ་ནས་བྱུང་བ་སོགས། །རྟོགས་པར་ནུས་ཏེ་གཞན་གྱིས་མིན། །གཞན་ནི་མེད་
པར་ངེས་པ་ན། །དེ་ལྟར་ངེས་འདི་རིགས་པ་ཡིན། །སྐྱེས་བུའི་དོན་ཀུན་མཁྱེན་པ་ཡི། །དོན་ཀུན་མཁྱེན་པ་རབ་བསྒྲུབ་ཕྱིར། །ཚད་མ་དེ་ལ་སྔར་བསྟན་ཟིན། །ཕྱི་ནས་གཞན་ནི་འཆད་པར་འགྱུར། །དེས་ན་འགྲོ་ཀུན་ཕྲ་བ་ཡི། །དབྱེ་བ་མཁྱེན་པ་ཉིད་སྒྲུབ་ན། །གཞུང་རྩོད་དག་ལ་
Vol. 191 · folio 121a
བརྩོན་པ་ཡིས། །གནས་མིན་འཇིག་རྟེན་ཉོན་མོངས་མིན། །འཇལ་བར་བྱེད་པ་ཀུན་འབྲེལ་བའི། །མངོན་སུམ་སོགས་ནི་མ་བཀག་ཕྱིར། །སྡིག་པ་དང་ནི་བསོད་ནམས་དག །ལུང་ཙམ་འབའ་ཞིག་གིས་རྟོགས་མིན། །དཔྱོད་པ་པ་རྣམས་ཀྱི་ཕྱོགས་ནི། །དེ་ཙམ་
གྱིས་མི་གྲུབ་ཀྱང་བླ། །ཀུན་མཁྱེན་སྤོང་བའི་འབད་པ་གང་། །དེ་ནི་གཞན་དག་རྨོངས་པས་བྱས། །རྩ་བ་མ་ཆད་པ་ཉིད་ཕྱིར། །ཆོས་ཉིད་མཁྱེན་པ་ཉམས་པ་མིན། །ཀུན་མཁྱེན་སྐྱེས་བུར་གང་གིས་སྨྲས། །དེ་དག་གིས་བློའི་ཁྱད་པར་བསྟན། །ལྕེ་ཡི་དབང་པོ་དང་འབྲེལ་པའི། །
ཆང་སོགས་མི་གཙང་རོ་སོགས་རྣམས། །གལ་ཏེ་དེ་དག་དེ་བསྟར་ན། །དེ་ལྟ་ན་དེ་སྨད་པར་འགྱུར། །ཡང་དག་དོན་བསྒོམས་ལས་བྱུང་བ། །ཡིད་ཀྱི་རྣམ་པར་ཤེས་པ་ཡིས། །སྨད་པར་གྱུར་ཀྱང་ཀུན་རྫོབ་ཏུ། །མ་ཕྲད་ཉིད་དང་རིག་པར་འགྱུར། །གང་ཕྱིར་སྐྱོབ་པ་ཡི་ནི་གསུང་། །རིག་
བྱེད་སོགས་ཀྱིས་བསྟན་པའི་དོན། །སྟོན་པར་བྱེད་ཕྱིར་སྣང་མིན་ཏེ། །དེས་ན་དེ་ཉིད་ཀུན་མཁྱེན་དུ། །སྲིད་ཡིན་མུ་སྟེགས་མ་ལུས་དང་། །ཐུན་མོང་མ་ཡིན་གནས་པ་ན། །ཚད་མས་གནོད་པའི་བདག་སོགས་ནི། །རིག་བྱེད་བརྫུན་པར་བསྟན་པ་ཡིན། །གཞན་གྱིས་ཤེས་མིན་ཞི་བའི་སྒོ། །
ལྟ་བ་ངན་པ་འཇིག་བྱེད་པ། །གདུལ་བྱ་རྣམས་ལ་ཕན་པའི་ཕྱིར། །བདག་མེད་དེ་ཡིས་གསལ་བར་གསུངས། །འཁོར་བ་པས་ནི་མ་གོམས་པ། །ཤེས་ན་ཕུང་ཁྲོལ་ཀུན་ལྡོག་མེད། །དེ་གོམས་པ་དང་ལྡན་རྣམས་ལ། །ཡོན་ཏན་རིན་ཆེན་འབྱུང་གནས་མཆོག །དེ་འདྲ་མཆོག་གྱུར་དེ་ཉིད་
ནི། །གལ་ཏེ་སྙན་ངག་མཁན་ཤེས་ན། །སྐྱེས་བུའི་དོན་གྱི་གཙོ་ཤེས་པས། །སུ་ཞིག་ཀུན་མཁྱེན་དུ་འདོད་མིན། །བསྟོད་རིས་ལ་སོགས་རྣམས་ལ་ནི། །བདག་མེད་ཡེ་ཤེས་དེ་འདྲ་བ། །ཡོད་མིན་མུ་སྟེགས་ཐམས་ཅད་ནི། །བདག་ཏུ་ལྟ་བ་ལ་འཇུག་ཕྱིར། །འགྱུར་སྨྲ་སྐད་ཅིག་ཉིད་མིན་
སོགས། །མངོན་སུམ་སོགས་ཀྱིས་གནོད་པ་ཅན། །རིག་བྲལ་མང་དུ་དེ་དག་གིས། །སྨྲས་ཡིན་དེ་དག་ཀུན་མཁྱེན་ཉིད། །ཁུ་བ་ཚྭ་སོགས་མངོན་སུམ་གྱིས། །དོན་སྒྲུབ་པ་ལའང་འཁྲུལ་པ་གང་། །དེ་དག་ལ་ནི་དབང་འདས་པའི། །རིགས་པ་གསལ་བ་ཇི་ལྟར་སྲིད། །དེ་ལྟར་ཡིན་ན་ཀུན་མཁྱེན་
Vol. 191 · folio 121b
ཉིད། །མ་ཡིན་ཉིད་དུ་གསལ་བར་རྟོགས། །ལོག་པའི་ཤེས་པ་དང་འབྲེལ་ཕྱིར། །ཕྱིན་ཅི་ལོག་དོན་གསལ་བྱེད་ཕྱིར། །རྟོགས་པ་པོ་གཞན་མཐོ་ཡོར་ལ། །མི་ཞེས་བྱ་བར་འཁྲུལ་པ་བཞིན། །རྟག་པ་ཐམས་ཅད་རྣམས་ཀྱིས་ནི། །གཏན་ཚིགས་གྲུབ་པ་ཉིད་ཤེས་བྱ། །དངོས་
ཀུན་རྣམས་ཀྱི་དེ་ཉིད་ནི། །ཡང་དག་མཁྱེན་པས་ཀུན་མཁྱེན་ཡིན། །དེས་ན་ལྡོག་ན་ཐེ་ཚོམ་ཅན། །གཏན་ཚིགས་ཉིད་དུ་བརྗོད་མི་བྱ། །གལ་ཏེ་དེ་དག་འགྱུར་སྨྲ་སོགས། །ཚིག་ནི་དགོས་པའི་དོན་ཡིན་ན། །དངོས་པོ་རྣམས་ཀྱི་དེ་ཉིད་ཀྱི། །ངོ་བོ་དེ་དག་ཇི་ལྟར་འདོད། །གལ་ཏེ་བདག་མེད་
སྐད་ཅིག་སོགས། །དེ་ལྟ་ན་དེ་ཀུན་མཁྱེན་འགྱུར། །དངོས་པོ་མ་ལུས་པ་དེ་ཉིད། །ངོ་བོ་དངོས་སུ་མཐོང་བའི་ཕྱིར། །དེ་དག་མ་ལུས་པ་རྣམས་ནི། །འདོད་པ་གཅིག་ལ་གནས་པའི་ཕྱིར། །ཕན་ཚུན་འགལ་བའི་དོན་རྣམས་ནི། །ངེས་པའི་དོན་དུ་སྨྲ་བ་མིན། །བསྟན་པར་བྱ་བའི་ངོ་བོ་ཅན། །
དངོས་པོ་ཀུན་ལ་གནས་པ་ནི། །དེ་ཉིད་དངོས་སུ་མཁྱེད་པས་ན། །བདེ་བར་གཤེགས་རྣམས་ཀུན་མཁྱེན་ཡིན། །དེ་དག་དེ་ལྟའི་རྣམས་ཅན་གྱིས། །ཡེ་ཤེས་བདེ་གཤེགས་ཉིད་འགྱུར་ཡོད། །སྔགས་དངོས་ཡེ་ཤེས་ལྡན་པའི་ཕྱིར། །དེ་ཡི་མཚན་ཉིད་དེ་ཙམ་ཡིན། །དེས་ན་སྤྱིས་ཀྱང་ཀུན་
མཁྱེན་ནི། །སྲིད་པར་སྒྲུབ་པར་བྱས་པ་ན། །དེ་མཚན་ཉིད་མེད་མི་འབྱུང་ཕྱིར། །བདེ་བར་གཤེགས་པ་ཉིད་ལ་གནས། །གང་ཞིག་འགྲོ་ཀུན་ཇི་བཞིན་དུ། །བདག་མེད་སོགས་དངོས་རིགས་པ་ཡིས། །ཁྱད་པར་མ་བསྟན་པ་ན་ཡང་། །སུ་ཞིག་ཀུན་མཁྱེན་སྲིད་པ་ཡིན། །བདག་མེད་མངོན་
སུམ་དུ་བྱས་ན། །སྐྱོན་འདི་གནས་པ་རྙེད་མི་འགྱུར། །དེ་དང་འགལ་བ་ཉིད་ཀྱི་ཕྱིར། །མར་མེས་མུན་པ་ལྟ་བུའོ། །དངོས་སུ་བྱས་པའི་ཁྱད་བཅས་ཕྱིར། །བག་ཆགས་དང་བཅས་སྐྱོན་མེད་འགྱུར། །དེས་ན་ཐམས་ཅད་མཁྱེན་ཉིད་གྲུབ། །སྒྲིབ་པ་ཐམས་ཅད་ལས་གྲོལ་ཕྱིར། །དེ་ཡང་བདེ་བར་
གཤེགས་ལ་གྲུབ། །ཐོག་མར་བདག་མེད་ཉིད་གསུངས་ཕྱིར། །དེ་ཕྱིར་མུ་སྟེགས་ཐམས་ཅད་ཀྱི། །དེ་བཞིན་གཤེགས་པ་ལྟ་ན་བཞུགས། །ཚད་མ་ཡིས་ནི་མི་སླུ་བའི། །དེ་ཉིད་མཐོང་ལྡན་དེ་དང་ནི། །འགལ་བའི་དོན་ནི་སྟོན་བྱེད་པ། །གཞན་དག་དང་ནི་རྒྱུ་མཚུངས་མིན། །གང་དག་
Vol. 191 · folio 122a
ཚད་མའི་སྤྱོད་ཡུལ་ལའང་། །ཚད་མའི་གནོད་དཀྲུགས་ཚིག་བརྗོད་ན། །དེ་དག་དབང་པོ་ལས་འདས་པའི། །ཤེས་པའི་ནུས་ལྡན་རིང་བར་འགྱུར། །འབྲེལ་པ་དང་ནི་རྗེས་མཐུན་ཐབས། །སྐྱེས་བུའི་དོན་ནི་རྗོད་བྱེད་ངག །མཐོང་ལྡན་ཚད་མ་གཉིས་ཀྱིས་ནི། །
ཅུང་ཟད་ཀྱང་ནི་གནོད་པ་མེད། །སྲེག་དང་བཅད་དང་བདར་བ་ཡིས། །དྲི་མ་མེད་པའི་གསེར་བཞིན་དུ། །རྟོགས་པར་བྱེད་ན་གང་ཞིག་ནི། །འགྱུར་བར་འཇུག་པ་མ་ཡིན་ནོ། །སྣོད་ངན་མ་ལུས་མུན་པ་ནི། །སྤངས་པས་རྗེས་མཐུན་འབྱུང་བ་ཅན། །སྡིག་ཅན་རྣམས་ཀྱིས་མ་རྙེད་པ། །དེ་
བཞིན་གཤེགས་གསུངས་རིན་ཆེན་ཡིན། །དེས་ན་བདེ་བར་གཤེགས་པ་ཉིད། །བློ་གྲོས་རྒྱས་པས་ཀུན་མཁྱེན་བཤད། །སྐྱེས་བུ་དོན་གཙོ་མཁྱེན་པས་ན། །དེ་ཉིད་སྨན་པ་མཆོག་ཏུ་གསུངས། །དེས་ན་བདེ་གཤེགས་ཀུན་མཁྱེན་ཡིན། །སེར་སྐྱ་མིན་ཞེས་ཚད་མ་ནི། །འདས་མ་
ཐག་ཏུ་གསལ་བར་བཤད། །དེ་ནི་རྨོངས་པས་མཚན་བྱས་མིན། །མུ་སྟེགས་ངན་ཁྱུ་མཆོག་སོགས་པས། །འདོད་ལྷ་འཇིག་པར་མཛད་པ་ནི། །ཇི་སྐད་བཤད་པའི་ཁྱད་པར་གྱིས། །ཁྱད་པར་བཅས་ཀྱང་ངེས་པར་འགྱུར། །ཡི་གེ་ཕྱི་མོ་རིག་ཙམ་གྱིས། །ཟོས་པ་ལ་སོགས་བདེ་བ་
དང་། །བསྟན་བཅོས་ཀུན་དོན་དེ་ཉིད་མཁྱེན། །མཚུངས་སྙམ་རྨོངས་པ་སུ་ཞིག་སེམས། །དེས་ན་གཏན་ཚིགས་གྱིས་ཀྱང་ནི། །གཅིག་ལ་ཀུན་མཁྱེན་ཉིད་གྲུབ་ན། །དེ་ཡི་གཏན་ཚིགས་དངོས་མེད་ཕྱིར། །དེ་ནི་གཞན་ལ་ཡོད་མ་ཡིན། །དེས་ན་རྒྱལ་བ་ཀུན་མཁྱེན་དུ། །བསྒྲུབ་ལ་
ཤཱཀྱའི་སློབ་མ་ནི། །ཁྲོས་མིན་སུན་དབྱུང་གང་བསྟན་དེ། །ཕྱོགས་གོས་སྦྱོར་ནུས་ཅན་གྱིས་མིན། །བདེ་བར་གཤེགས་པའི་གྲུབ་མཐའ་ལ། །གལ་ཏེ་འབྲེལ་གྲུབ་ཚད་མ་ཡིས། །དེ་ཉིད་གང་ཞིག་བསྟན་བྱས་པ། །དེ་བཞིན་གཞན་འདོད་ལ་གྲུབ་མིན། །དེས་ན་དེ་རྣམས་ཀྱིས་གྲུབ་
དང་། །སུན་དབྱུང་ཐ་དད་གནས་པ་ཅན། །གཟུགས་བརྙན་འབྱུང་བས་མ་བཟུང་བས། །ངེས་པར་བྱེད་པར་ནུས་པ་ཡིན། །རྣམ་པ་ཐམས་ཅད་མཁྱེན་ཉིད་དང་། །ལྷན་ཅིག་ཤེས་བྱ་ཉིད་སོགས་དག །དངོས་སུའམ་བརྒྱུད་པས་འགལ་བ་ནི། །ཅུང་ཟད་ཙམ་ཡང་ཡོད་མ་ཡིན། །ཤེས་
Vol. 191 · folio 122b
བྱ་མིན་ཉིད་སོགས་ལྡན་པར། །ཤེས་བྱ་ཉིད་སོགས་གནས་པ་ཡིན། །ཀུན་མཁྱེན་མ་ཡིན་ལས་ལྡོག་པ། །དེ་ཡང་གནས་པར་འདོད་པ་ཡིན། །ཀུན་མཁྱེན་ཉིད་དེ་རྒྱུ་ཆང་བར། །སྔར་འཇུག་འགྱུར་བ་ལ་ལར་ནི། །མ་མཐོང་བ་ནི་གང་གིས་ནི། །ཡོང་སོགས་སྲིད་ན་ཕྱིས་ལྡོག་འགྱུར། །
རང་བཞིན་རང་རིག་མེད་པས་ན། །དེ་ནི་སྐྱེ་བར་མི་འགྱུར་ཏེ། །སྔར་འཇུག་ཡོད་ན་འདི་ལྟར་ནི། །ཀུན་མཁྱེན་འདི་ཉིད་གྲུབ་པར་འགྱུར། །འགལ་བ་བསྒྲུབ་པར་མ་བྱས་པར། །གཞན་ནི་ལྡོག་པར་རིགས་མ་ཡིན། །དེ་ལྟ་མིན་ན་གཟུགས་ཡོད་པས། །རོ་ཡང་མེད་པར་རྟོགས་པར་འགྱུར། །
དེས་འདིར་སོགས་པའི་སྒྲས་བསྡུས་པ། །ཕན་ཚུན་འགལ་བ་ཉིད་ཀྱི་ཕྱིར། །སྨྲས་པ་ཉིད་ལའང་ལྡོག་པ་ནི། །ངེས་པ་ཡིན་སྙམ་འགའ་སེམས་ན། །རྣམ་རྟོག་ཡོད་པས་སྨྲ་བ་ཡོད། །རྟོག་མེད་ལས་ནི་ཀུན་མཁྱེན་ཡིན། །བརྗོད་རྟོག་བཅས་ཀྱི་ཤེས་དང་བཅས། །དངོས་པོ་
རྟོགས་པར་མི་འགྱུར་རོ། །འདིར་ཡང་ཡང་དག་ཀུན་མཁྱེན་ལའང་། །སྨྲ་བ་ཉིད་ནི་རྟོག་པ་ཡི། །རྗེས་སུ་བྱེད་པ་ཡིན་སྙམ་སེམས། །དེ་དག་གིས་ནི་སྨྲས་ཡོད་ན། །སྐྱོབ་པ་ཀུན་མཁྱེན་འདོད་མིན་ཏེ། །རྟོག་བཅས་ཤེས་པ་འཇུག་ཕྱིར་རོ། །རྟོག་མེད་སྐད་ཅིག་དེ་ལ་ནི། །སྨྲ་བ་ཉིད་ནི་
མ་གྲུབ་བོ། །དེ་ལྟ་ཡིན་ནའང་དེ་ལ་ནི། །ཀུན་མཁྱེན་མིན་ཉིད་འཐད་སྨྲས་མིན། །ཐམས་ཅད་མཁྱེན་པ་ལ་ལྟོས་ཕྱིར། །དེ་ནི་མི་སླུ་བ་རུ་འགྱུར། །གང་ཞིག་དྲོ་བ་ཉམས་མྱོང་ནས། །ཕྱིས་ནི་སྨྲ་བར་བྱེད་པ་བཞིན། །དེ་ཕྱིར་དེ་དོན་ཉམས་མྱོང་ལས། །བྱུང་ཕྱིར་དངོས་ལ་མི་སླུ་ཡིན། །
དངོས་པོ་མ་ལུས་རྣམ་ཤེས་པའི། །ནུས་པ་སྤོང་བར་བྱེད་ན་ཡང་། །ཁྱེད་ལ་ལྡོག་པ་ཐེ་ཚོམ་ཉིད། །གནས་སྐབས་དེ་བཞིན་ཐལ་བར་འགྱུར། །སྨྲ་བར་འཇུག་པའི་ནུས་པ་ནི། །གཏན་ཚིགས་ཉིད་དུ་འདོད་ན་ཡང་། །ལྡོག་ལ་ཐེ་ཚོམ་ཟ་བ་ཡི། །སྐྱོན་ཉིད་རྗེས་སུ་འཇུག་པར་འགྱུར། །འཁོར་
ལོ་བསྐོར་བའི་སྦྱོར་བ་བཞིན། །རྟོག་པ་མེད་ཀྱང་སྐྱོབ་པ་ནི། །ཚོགས་ཀྱི་ཤུགས་ཀྱིས་ནུས་པ་ཡིས། །བསྟན་པ་གཞན་དག་འཇུག་པར་འགྱུར། །ད་ལྟར་བློ་བཟང་གང་དག་སྨྲས། །དེ་དག་ལ་ཡང་གྲུབ་འགྱུར་མིན། །འཇིག་རྟེན་པ་ནི་ཞེན་པ་ཅན། །སྨྲ་ཉིད་གང་ཞིག་འདོད་པ་ཡིན། །
Vol. 191 · folio 123a
དེ་ལ་དེ་འདྲའི་གཏན་ཚིགས་ཏེ། །ལྡོག་ལ་ཐེ་ཚོམ་ཟ་བ་ཡིན། །རིགས་པ་དང་བྲལ་གཞུང་གིས་ནི། །ཇི་ལྟར་འདིར་ནི་མ་གྲུབ་འགྱུར། །སྨྲས་པ་གལ་ཏེ་སྨྲ་ཉིད་ནི། །རང་རྒྱུད་ཀྱིས་སྒྲུབ་འདོད་པ་ན། །དེ་ཚེ་རྟེན་ནི་གྲུབ་པ་མིན། །ཡང་ན་ཐེ་ཚོམ་ཟ་མ་གྲུབ། །དོན་
འདིར་ཐེ་ཚོམ་ཟ་བའི་ཕྱིར། །ཐེ་ཚོམ་མ་གྲུབ་པ་ཉིད་གནས། །དེ་ཕྱིར་ཐལ་བར་བསྒྲུབ་པ་ནི། །ཁྱོད་ཀྱིས་དེ་འདྲ་བ་བརྗོད་དགོས། །དེ་ལ་ཡང་ནི་ལུང་ཙམ་གྱིས། །གྲུབ་པའི་ཆོས་ནི་གསལ་བྱེད་ཡིན། །ཡོད་པར་སྒྲུབ་པའི་དོན་དུ་ནི། །ཤེས་བྱེད་གཞན་ནི་ཚོལ་བ་མིན། །གང་ལ་དེ་ལྟར་
གཞལ་བྱ་དང་། །དངོས་པོ་ཡོད་སོགས་མཚན་ཉིད་ཅན། །གཏན་ཚིགས་འཇོམས་པའི་ནུས་མེད་པས། །དེ་ནི་སུ་ཞིག་སྒྲུབ་མི་བྱེད། །དེ་བཞིན་རིག་བྱེད་སྨྲ་བའི་ཁར། །རིག་བྱེད་འཇིག་རྟེན་རིགས་པ་འགའ། །གནས་པས་ཤཱཀྱའི་སློབ་མ་ཡི། །མི་ཟད་སྦྲུལ་དུག་ཤེས་མི་
སེལ། །ནུས་ཆུང་བྲམ་ཟེ་རྨོངས་པ་འདིར། །མཐོང་བའི་དུག་གིས་ཟིན་པས་ན། །དབུགས་འབྱིན་པར་ཡང་མི་ནུས་ན། །སྨྲ་བར་བྱེད་པར་ཇི་ལྟར་ནུས། །རིག་བྱེད་སྨྲ་བའི་ཁར་གནས་པའི། །རིགས་པ་བཟང་ཡང་ངན་པ་ཉིད། །སྨད་པའི་རྟེན་ལ་གནས་པའི་ཕྱིར། །མགུལ་རྒྱན་
རྐང་པ་ལ་བཏགས་བཞིན། །དེ་ཡིས་མེ་ལ་མ་འཁྲུལ་ཉིད། །དུ་བ་ལ་ཡང་བརྗོད་པ་རུ། །ནུས་པ་མིན་ཏེ་གང་གི་ཕྱིར། །དེ་གཞུང་དུ་བ་གཞན་དུ་གནས། །དངོས་གཅིག་ངོ་བོ་ཉིད་ཀྱི་ཕྱིར། །ཆུ་ལ་ཡང་ནི་འཇུག་པར་འགྱུར། །དེ་ལ་ཡང་ནི་མེ་ཡོད་ན། །ལོག་པ་ཅི་ཡང་བརྟེན་པ་ཡིན། །
ཡང་དེ་ཡི་དངོས་འབྲས་བུ་ཡི། །རྣམ་རིག་དེར་ཅིས་དམིགས་འགྱུར་མིན། །མི་མཐུན་མཚན་ཉིད་དངོས་ཡིན་པའམ། །དངོས་དབྱེ་དེ་ཉིད་ཅན་ཡིན་ཆུག །ཀུན་མཁྱེན་ལ་ནི་མ་ལུས་པའི། །དངོས་པོ་དང་འབྲེལ་དེ་ཉིད་ཀྱི། །གོམས་པའི་སྟོབས་ལས་བྱུང་བ་ཅན། །ཡིད་ཆེས་ཚད་མ་གཅིག་ཏུ་བཏགས། །མིག་སོགས་
རྣམ་པར་ཤེས་པ་མིན། །དེས་ན་ངེས་པར་མིག་གིས་ནི། །རོ་སོགས་ཐམས་ཅད་རྟོགས་པར་འགྱུར། །ཅི་ཕྱིར་དེ་ལྟར་བརྗོད་པ་ཡིན། །གཟུགས་སོགས་ཉམས་མྱོང་བདག་ཉིད་ཅན། །ཡིད་ཀྱི་ཤེས་པའང་གྲུབ་པ་ཡིན། །གཞན་ལ་ཡང་ནི་རྩོད་མེད་དེ། །དངོས་པོ་ཉིད་ནི་གསལ་བ་རུ། །
Vol. 191 · folio 123b
གང་ཕྱིར་དེ་ཡི་དངོས་ཉིད་ལ། །གཟུགས་སྒྲ་སོགས་པའི་སྤྱོད་ཡུལ་ཅན། །དྲན་པ་གསལ་བར་བརྗོད་པ་ཡིན། །རྨི་ལམ་ངན་ཡང་ཡིད་ཤེས་ན། །དེ་ཀུན་ཉམས་མྱོང་བདག་ཉིད་ཅན། །དེས་ན་ཐམས་ཅད་མཁྱེན་པ་ལ། །ངེས་བྱེད་དོན་ཅན་ཡིན་རྟོག་ན། །གང་གི་ཕྱིར་ན་མིག་གིས་ནི། །
རོ་སོགས་རྟོགས་པར་འགྱུར་བ་ཡིན། །མིག་ལས་བྱུང་ཉིད་དེ་རྟོག་ན། །སྐྱོན་ནི་འདི་ལྟར་འགྱུར་བ་ཡིན། །ཡིད་ལས་བྱུང་བའི་སེམས་ཀྱིས་ནི། །དེ་ནི་རོ་སོགས་མཁྱེན་པ་ཡིན། །གང་ལ་ཡང་ནི་ཕུལ་བྱུང་མཐོང་། །དེ་ཡང་རང་དོན་མ་སྤངས་ཕྱིར། །རིང་དང་ཕྲ་སོགས་མཐོང་བ་ཡིན། །
གཟུགས་ལ་རྣ་བ་འཇུག་པ་མིན། །དེས་ན་དེ་ལྟ་བུ་སོགས་ཚིག །གཞན་གྱིས་རིགས་པ་དང་བྲལ་སྨྲས། །གང་ཕྱིར་དྲང་དོན་མ་སྤངས་པས། །ཡིད་ལ་ཕུལ་བྱུང་འདོད་པ་ཡིན། །ཇི་ལྟར་རིགས་ཅན་ཚད་མ་ཡིས། །ཇི་ལྟར་རིགས་པའི་དོན་སྣང་བར། །ད་ལྟར་འཇིག་རྟེན་ན་ནི་མཐོང་། །
དེ་བཞིན་དུས་གཞན་དག་ལའང་ཡིན། །རྣམ་པར་དག་པའི་ཤེས་ཀུན་ནམ། །དོན་ཀུན་སྤྱོད་ཡུལ་ཅན་ཡིན་ཏེ། །འབྲས་བུ་འགའ་ཞིག་རྒྱུ་ཡིས་ནི། །བྱས་པའི་ཕུལ་བྱུང་ཅུང་ཟད་སྲིད། །མྱ་ངམ་ན་ནི་སྐྱུ་རུའི་ཤིང་། །འབྲས་བུ་ཆུང་དང་བཅས་མཐོང་བས། །དེ་དག་ཐམས་ཅད་དེ་ཉིད་ཀྱི། །
དེ་དངོས་གཞན་དུ་ཡང་འདུག་མིན། །སྦྲུལ་རྣམས་མིག་གིས་ཉན་པ་ཡིན། །དེ་ཡང་དེ་ལྟར་གྲགས་པ་ཡིན། །དེས་ན་སེམས་ཅན་ལས་ནུས་རྣམས། །སྣ་ཚོགས་དོན་བཅས་སྲིད་པ་ཡིན། །གང་ལས་དུས་གསུམ་གནས་པ་ཡི། །དངོས་པོ་ཐམས་ཅད་དེ་བཞིན་དུ། །ནུས་པ་ངས་པ་
ཅན་དུ་སྣང་། །དེས་ནི་དེ་ལྟར་བརྗོད་ན་མཛེས། །ཇི་ལྟའི་རིགས་ཅན་ཚད་མ་ཡིས། །ཇི་ལྟར་རིགས་པའི་དོན་སྣང་ཡང་། །དེ་ལྟར་འཇིག་རྟེན་ན་ནི་མཐོང་། །དེ་བཞིན་དུས་གཞན་ན་ཡང་འགྱུར། །ཁྱོད་ནི་སྐྱེ་བོ་ཙམ་ཡིན་པས། །ནུས་ཀུན་ངེས་པར་མ་བྱས་ཕྱིར། །འཇིག་རྟེན་རྣམས་
ཀྱིས་ནུས་པ་ནི། །ད་ལྟར་དུས་ནའང་ཤེས་ནུས་མིན། །ནུས་པ་མ་ལུས་ཐམས་ཅད་ནི། །ཤེས་ན་ཁྱོད་རང་ཀུན་མཁྱེན་འགྱུར། །རྣམ་པ་གཞན་དུ་ཡོད་དོགས་པས། །རྗེས་སུ་དཔག་པས་ཀྱང་གྲུབ་མིན། །དབང་འདས་དོན་ཤེས་དང་ལྡན་པས། །སྐྱེས་བུ་རྣམས་ལ་ཤེས་རབ་
Vol. 191 · folio 124a
སོགས། །ཡོན་ཏན་ལྡན་ཉིད་དམིགས་འགྱུར་ཏེ། །རིགས་ལ་སོགས་པའི་ནུས་ཡོད་ཕྱིར། །ལྟ་བ་ཅན་སོགས་ཞེས་བྱ་བའི། །རིགས་པ་ཡོད་པ་ལེགས་བསྒོམས་གང་། །ཚེ་འདི་ཉིད་ལ་གཞན་གྱིས་སེམས། །ཡོངས་སུ་ཤེས་པར་བྱེད་པ་དང་། །ཚེ་འདི་ལ་
ནི་མ་མཐོང་དང་། །རྗེས་སུ་དཔག་པ་མ་ཐོས་པ། །བྱུང་དང་འབྱུང་འགྱུར་ད་ལྟར་བ། །དེ་ཀུན་ཤེས་འགྱུར་སྨྲ་བྱེད་ཡིན། །སྣ་ཚོགས་སྔགས་དང་ཀླུ་དབང་པོ། །སྲིན་པོ་གནོད་སྦྱིན་ལ་སོགས་མཐུས། །འདིར་ནི་སྐྱེས་བུ་ལ་བབས་ན། །མི་སླུ་བ་ཅན་གསལ་བར་སྨྲ། །འཁྲུལ་པའི་ཡུལ་
མཐོང་མེད་པ་ན། །དེ་ལྟ་ན་ཡང་འདིར་གནོད་ཅན། །ཚད་མ་ཅུང་ཟད་ཡོད་པ་མིན། །ཚད་མ་ཅུང་ཟད་མེད་པ་ཡིས། །དེ་ནི་མེད་པར་འགྲུབ་མི་འགྱུར། །སྔར་བཤད་པ་ཡི་རིམ་པ་ཡིས། །རིག་བྱེད་བྱེད་པ་པོ་བསྒྲུབས་པས། །ཁྱེད་ཀྱིས་དབང་འདས་མཐོང་བ་ཡིས། །གདོན་མི་ཟ་བར་ཁས་བླང་དགོས། །དེས་ན་ཤེས་
རབ་ཅན་སྐྱེས་བུས། །དོན་ཕྲ་རྣམས་མཐོང་ནུས་པ་ཡིན། །རང་གི་རིགས་ཅན་སྤངས་ནས་ཀྱང་། །མི་གཞན་ཟིལ་གྱིས་གནོན་པ་ཡིན། །ཇི་ལྟར་འགྲོ་དང་སྦྱོར་སོགས་པའི། །ཁྱད་པར་གྱིས་ནི་སྣ་ཚོགས་པའི། །ནུས་པ་རང་ཡུལ་ཁྱད་ཅན་འགྱུར། །དེ་བཞིན་ཡིད་ཀྱང་འགྱུར་བ་ཡིན། །འདི་
ལྟར་བྱ་རྒོད་རྣམས་ཀྱིས་ནི། །གཟུགས་ནི་ཤིན་ཏུ་རིང་ནས་མཐོང་། །གྲུབ་པའི་མིག་སྨན་སོགས་རྣམས་ཀྱིས། །དེ་བཞིན་བསྒྲིབས་པའི་གཏེར་སོགས་ཀྱང་། །དེ་ལྟར་འགྲོ་བའི་ཁྱད་པར་གྱིས། །ལྟ་ལ་སོགས་པ་རྣམས་ཀྱིས་ནི། །ཕྲ་དང་བསྒྲིབས་སོགས་མཐོང་ཡིན་ཏེ། །རང་གི་རིག་པ་རྗེས་
མཐུན་ཕྱིར། །རྣལ་འབྱོར་གོམས་པའི་ཁྱད་པར་གྱིས། །རྣལ་འབྱོར་རྣམས་ཀྱི་ཡོད་ཤེས་ནི། །དེ་ལྟར་ཕུལ་བྱུང་དངོས་འགྱུར་བས། །འདིར་ནི་གནོད་པ་ཅན་ཡོད་མིན། །གལ་ཏེ་འགྲོ་དང་སྦྱོར་སོགས་ནི། །མེད་པས་ཤེས་ལ་ཁྱད་སྤོང་ན། །དེ་ཚེ་ཁྱེད་ཀྱིས་དེ་རིགས་ཡིན། །རྒྱུ་མེད་པས་ནི་
འབྲས་མེད་ཕྱིར། །ཇི་ལྟར་བསྟན་བཅོས་གཞན་ཤེས་པས། །དེ་ཙམ་གྱིས་ནི་ཤེས་འགྱུར་མིན། །དེའི་རྒྱུ་ཕྱི་མ་ཕྱི་མ་ནི། །མེད་པས་ཕུལ་བྱུང་ཡང་དེ་བཞིན། །ཕྱོགས་གཅིག་རྣམ་པར་ཤེས་པས་ན། །ཀུན་མཁྱེན་ཡོད་པར་སྨྲ་བ་ཡིན། །གང་གིས་རིགས་བྱེད་སོགས་ཤེས་པར། །
Vol. 191 · folio 124b
མཐོ་རིས་སོགས་ནི་མངོན་སུམ་འགྱུར། །འོན་ཀྱང་ཤེས་རབ་བརྩེ་སོགས་ནི། །གོམས་པས་འཕེལ་བར་མཐོང་བའི་ཕྱིར། །དེ་ནི་འཕེལ་བར་འགྱུར་བས་ན། །ཕུལ་བྱུང་གཞན་ཡང་རྟོགས་པར་འགྱུར། །ཡིད་ཀྱི་ཡོན་ཏན་ཉིད་ཀྱིས་ནི། །དེ་དག་རབ་ཀྱི་མཐར་ཐུག་ཡིན། །མི་སྨོད་བཞིན་
དེ་ཡང་གོམས་པས། །མ་ལུས་དོན་རྟོགས་ཕྱིར་མཐར་ཐུག །ཆོས་ཀུན་རྟོགས་པའི་ངོ་བོ་ནི། །ཤེས་རབ་མཚན་ཉིད་ཀྱིས་ནི་གནས། །གཅིག་ནི་ཡོངས་སུ་མ་ཤེས་ན། །དེ་ཉིད་རྫོགས་པར་མི་འགྱུར་རོ། །གང་དག་རིགས་མཐུན་སྔ་མ་ཡི། །ས་བོན་ལས་ནི་འབྱུང་འགྱུར་བ། །འདུས་
བྱས་འཕེལ་བའི་བྱེ་བྲག་གིས། །དེ་དག་འཕེལ་བའི་ཆོས་ལྡན་པར། །སྲིད་པ་ཡིན་ཏེ་འབྲུ་སོགས་བཞིན། །བརྩེ་བ་དང་ནི་བློ་དག་ཀྱང་། །ཇི་སྐད་བཤད་པའི་ཆོས་ལྡན་ཡིན། །འཕེལ་བས་ཀུན་མཁྱེན་ཉིད་དུ་འགྱུར། །གང་དག་གཉེན་པོ་ཉེར་གནས་ན། །འགྲིབ་པའི་ཆོས་དང་གང་ལྡན་
པ། །དེ་དག་ཤིན་ཏུ་འགྲིབ་པ་སྲིད། །གསེར་གྱི་དྲི་མ་ལ་སོགས་བཞིན། །དེ་ལྟར་ཉོན་མོངས་པ་དང་ནི། །ཤེས་བྱའི་སྒྲིབ་སོགས་འདི་དག་ནི། །ཇི་སྐད་བཤད་པའི་ཆོས་ལྡན་ཡིན། །དེ་མེད་དྲི་མེད་བློ་འབྱུང་འགྱུར། །ཡང་ན་ཇི་སྐད་བཤད་ཆོས་ལྡན། །དེ་དག་ཤིན་ཏུ་རྩ་འབྱིན་ལ། །
དྲི་མ་མེད་པའི་ནུས་ཡོད་པའི། །དེ་བཞིན་གཉེན་པོ་སྲིད་པ་ཡིན། །དེ་ཉིད་ལྟ་བའི་གེགས་ཉིད་ཕྱིར། །ལ་ལར་ཤིན་ཏུ་འགྲིབ་པ་ཅན། །ཕྱི་རོལ་ཉིད་ཀྱིས་མུན་པ་བཞིན། །ནང་གི་ཡང་ནི་རྟོགས་པར་འགྱུར། །དེ་ནི་འགྲིབ་པར་འགྱུར་བ་དང་། །ཐོགས་མེད་ཡེ་ཤེས་ཆེན་པོ་ནི། །ཤེས་བྱ་
ཐམས་ཅད་ཀྱི་ཚོགས་ལ། །རང་དབང་གིས་ནི་འཇུག་པར་འགྱུར། །གང་དག་བརྟན་པའི་རྟེན་གནས་པ། །ཅི་ཞིག་གིས་ནི་ཁྱད་པར་བྱས། །གནོད་ཅན་མེད་ན་དེ་དངོས་ནི། །ཐོབ་ཕྱིར་སླར་འབད་ལྟོས་པ་མིན། །དེ་དག་འདུས་བྱས་འཕེལ་བ་ཡི། །དབྱེ་བས་གསལ་བའི་རབ་ཀྱི་མཐར། །
འཇུག་པར་འགྱུར་བ་སྲིད་པ་ཡིན། །གསེར་གྱི་རྣམ་པར་དག་པ་ཡིན། །བློ་དང་བརྩེ་བ་ལ་སོགས་པ། །འདི་དག་ཇི་སྐད་བཤད་ཆོས་ལྡན། །དེ་དག་རབ་ཀྱི་མཐར་ཕྱིན་པ། །འོད་གསལ་ཀུན་མཁྱེན་ཉིད་འབྱུང་འགྱུར། །མཆོངས་དང་ཆུ་ཡི་དྲོ་བ་ཡིས། །འདིར་ནི་འཁྲུལ་པ་ཉིད་ཡོད་
Vol. 191 · folio 125a
མིན། །མཆོངས་པ་མཆོངས་པའི་རྒྱུས་བྱུང་མིན། །སྟོབས་དང་འབད་པ་ལས་མཆོངས་འབྱུང་། །ཡང་ན་མཆོངས་པ་ལ་ཡང་ནི། །རང་རྒྱུད་ཏིང་འཛིན་ལས་བྱུང་བའི། །ཁྱད་པར་གྱིས་ནི་རབ་ཀྱི་མཐར། །ཕྱིན་པ་ཉིད་དུ་འདོད་པ་ཡིན། །ཡིད་མགྱོགས་རྫུ་འཕྲུལ་
ཞེས་བྱ་བ། །མཆོག་གྱུར་དེ་ལྟར་གྲགས་པ་ཡིན། །གང་ཞིག་དགོས་པ་ཙམ་གྱིས་ནི། །གཙོ་བོ་རིང་དུ་གཤེགས་པར་མཛད། །མ་མཐོང་བ་ཙམ་གྱིས་ཀྱང་ནི། །དེ་མེད་པར་ནི་གྲུབ་པ་མིན། །འདིར་ནི་གཞན་གྱིས་གནོད་པ་ཅན། །ཅུང་ཟད་སྨྲ་བར་ནུས་མ་ཡིན། །དང་བའི་རྒྱལ་པོའི་ཕྲུག་གུ་
ནི། །ཚང་ནས་བྱུང་བར་མི་ནུས་ཀྱི། །གོམས་པ་ཡི་ནི་ཁྱད་པར་གྱིས། །རྒྱ་མཚོ་ཡི་ནི་ཕ་མཐར་ཕྱིན། །རྟེན་གྱི་ཁྱད་པར་གོམས་པ་ཡིས། །དབྱེ་བས་འདི་ནི་ཇི་བཞིན་འགྲོ། །དེ་ལྟ་དེ་ལྟ་བུ་ལས་ནི། །ཅི་ཕྱིར་ལྷག་པ་ཅན་སྲིད་མིན། །བྱང་ཆུབ་སེམས་དཔའི་གནས་སྐབས་ན། །དེ་འདྲའི་
འགྲོ་བ་ཐོབ་པ་མིན། །ཏིང་ངེ་འཛིན་ནི་ཁྱད་པར་ཅན། །ཐོབ་ན་ཐུབ་པས་སྤྱོད་པ་ཅན། །ཁྲུ་བཅུའི་བར་དུ་ནམ་མཁའ་ལ། །གང་ཞིག་མཆོངས་ནས་འགྲོ་བ་ཡིན། །དེ་ལ་རྒྱུ་ལས་དེ་འདྲ་ཡི། །རིང་དུ་འགྲོ་བའི་ནུས་པའང་ཡོད། །ཆུ་ནི་དྲོ་བར་བྱེད་པ་ན། །ཆུ་ནི་ཟད་པར་འགྱུར་བ་ཡིན། །དེས་ན་མི་
བརྟན་རྟེན་ཅན་དེ། །གང་ཞིག་གང་དུ་ཁྱད་ཅན་འགྱུར། །ཡིད་ལས་བྱུང་ཡོན་ཏན་རྣམས་ལ། །སེམས་ནི་རྒྱུ་ནི་རྟེན་ཡིན་ཏེ། །དེ་ནི་རྟེན་འབྲེལ་པས་འཇུག་པ། །ནམ་ཡང་ལྡོག་པར་མི་འགྱུར་རོ། །ཇི་སྲིད་ཇི་སྲིད་ཡོན་ཏན་གོམས། །མངོན་དུ་ཕྱོགས་ནས་གནས་པ་ཡིན། །དེ་སྲིད་ཤིན་ཏུ་འོད་
གསལ་བ། །དེ་ནི་ཤིན་ཏུ་གནས་པ་ཉིད། །གང་ཕྱིར་དྲི་མ་གློ་བུར་འདོད། །དེ་ཉིད་མཐོང་བའི་བདག་ཉིད་ཅན། །འོད་གསལ་བ་ཡི་སེམས་འདི་ནི། །རང་བཞིན་ཉིད་ཀྱིས་གནས་པ་ཡིན། །གལ་ཏེ་སེམས་ནི་གཞན་གྱིས་ནི། །རྟོག་པའི་བདག་ཉིད་ངེས་སྲིད་ན། །དེ་ཚེ་དམིགས་པ་མ་གྲུབ་
ཕྱིར། །དོན་ལ་འཇུག་པ་མི་སྲིད་དོ། །དེ་ཕྱིར་གསལ་བར་བྱེད་པའི་ཕྱིར། །རང་རིག་བདག་ཉིད་སེམས་ལ་ཡོད། །སྒྲོ་བཏགས་མེད་པའི་ངོ་བོ་ཅན། །རང་རིག་པ་འདི་གནས་པ་ཡིན། །དེས་ན་ལམ་བདག་ཉིད་འགྱུར་ན། །འདོད་ཆགས་གཏི་མུག་གི་སྐྱོན་གྱིས། །སེམས་ནི་ཟིལ་གྱིས་
Vol. 191 · folio 125b
གནོན་པ་མིན། །དེ་ནི་སྔར་ཡང་སྟོབས་ཆུང་ཡིན། །སྐྱོན་ཀུན་འཇིག་རྟེན་བྱེད་པ་ཅན། །ལམ་གྱི་བདག་ཉིད་དུ་འགྱུར་ན། །འབད་པ་མེད་ན་སྤོང་མི་འགྱུར། །ཡོན་ཏན་མཐོང་བས་འབད་པ་མེད། །དེས་ན་དྲི་མེད་མི་གཡོ་བའི། །ཡོན་ཏན་ཚོགས་ཀྱིས་བརྒྱན་པ་ཅན། །སྐྱོན་གྱི་རླུང་
གིས་བསྐྱོད་བདག་མིན། །རྒྱལ་བ་ཀུན་མཁྱེན་རྟོགས་པར་འགྱུར། །གཞན་ཡང་གང་དང་གང་བསྒོམས་པ། །བསྒོམས་པ་ཡོངས་སུ་རྫོགས་པ་ན། །དེ་དང་དེ་དག་གསལ་སྣང་འགྱུར། །འདོད་པ་ལ་སོགས་པའི་ཡུལ་བཞིན། །ཆོས་རྣམས་ཀུན་ཡང་དུས་རིང་དུ། །རྣམ་པ་དུ་མས་
བསྒོམ་བྱ་མིན། །བདག་ཉིད་ཆེན་པོས་སྟོང་པ་དང་། །བདག་མེད་སོགས་ཏེ་དངོས་ཉིད་ཅན། །སྟོང་དང་བདག་མེད་སོགས་ངོ་བོ། །ཡང་དག་ཉིད་དུ་བསྒྲུབས་ཟིན་ཏོ། །དེས་ན་ཡང་དག་དོན་བསྒོམས་ལས། །བྱུང་ཕྱིར་ཡིད་དེ་ཚད་མ་ཡིན། །གསལ་བར་སྣང་ཕྱིར་མངོན་སུམ་དང་། །
དངོས་དང་འབྲེལ་ཕྱིར་ཚད་མ་ཡིན། །མིག་སོགས་རྟེན་ལས་བྱུང་བ་ཡི། །སྔོ་སོགས་སོ་སོར་སྣང་བ་བཞིན། །དེས་ན་རྣམ་ཤེས་གཅིག་ལ་ནི། །ཆོས་རྣམས་དག་ནི་ཐམས་ཅད་ཀྱང་། །ཅིག་ཅར་གསལ་བར་སྣང་སྲིད་པས། །དེ་ལྟ་བུ་ནི་རྟོགས་པར་གྱིས། །འདི་ལྟར་བསྒོམ་བཞིན་
པ་ཉིད་ཕྱིར། །བུད་མེད་བུ་དང་ཆོམ་རྐུན་བཞིན། །འདོད་པ་ཙམ་གྱིས་མངོན་ཕྱོགས་པས། །བསྒོམ་པ་རྙེད་པར་དཀའ་བ་ཡིན། །སྒོམ་པའི་རབ་མཐོ་བློ་གཅིག་ལ། །ཆོམ་རྐུན་གསལ་བར་སྣང་བ་ཡིན། །དངོས་པོ་ཡོད་སོགས་གཏན་ཚིགས་ཕྱིར། །བུད་མེད་ལ་སོགས་ལྟ་བུའོ། །གང་ལ་
འདི་ལྟར་དངོས་ཉིད་དང་། །ཡོད་དང་སྐྱེ་སོགས་མཚན་ཉིད་ཅན། །ངེས་བྱེད་གཏན་ཚིགས་ནུས་ཅན་ཡོད། །དེ་ནི་སུ་ཞིག་སྒྲུབ་བྱེད་མིན། །ཤེས་བྱ་མ་ལུས་པ་ཡི་ཚོགས། །ཤེས་པའི་སྐད་ཅིག་གཅིག་ཁྱབ་མཛད། །ལྷ་དང་ལྷ་མིན་གཙུག་ནོར་བུར། །གྱུར་པའི་ཀུན་མཁྱེན་འདི་གྲུབ་
འགྱུར། །ཚིག་མ་ལྟོས་པར་འགའ་ཞིག་གིས། །ཆོས་སོགས་དེ་དག་ལྟོས་ཡིན་ཏེ། །བདེན་བདག་ཉིད་ཀྱིས་སྟོང་ཉིད་ཕྱིར། །གསེར་ལ་སོགས་པ་རྣམ་དག་བཞིན། །རིག་བྱེད་སྐྱེས་བུས་བྱས་ཉིད་དུ། །གྲུབ་ཕྱིར་གྲུབ་པ་ལ་སྒྲུབ་མིན། །མི་ཤེས་པ་ཡི་སྟེས་དབང་གིས། །བདེན་
Vol. 191 · folio 126a
པའི་ཉེར་བསྟན་ཡོད་མ་ཡིན། །ཕྱག་རྒྱ་དཀྱིལ་འཁོར་སྔགས་རྣམས་ཀྱིས། །ཤ་ཟ་མཁའ་འགྲོ་ལས་ཐར་དང་། །དུག་ལ་སོགས་པ་སེལ་བ་ཡི། །ནུས་པ་དབང་འདས་གང་ཡིན་པ། །ཐུབ་དང་མཁའ་ལྡིང་སོགས་དབང་གིས། །ཐོས་དང་རྗེས་དཔག་མ་ཡིན་
པའི། །དྲི་མེད་དངོས་སུ་མི་མཁྱེན་ན། །དེ་དག་ཇི་ལྟར་གསུངས་པ་ཡིན། །རྗེས་སུ་དཔག་པས་ཀྱང་མཁྱེན་མིན། །དེར་ནི་སྔར་མ་མཐོང་བའི་ཕྱིར། །དེ་དང་རྟགས་ཀྱི་འབྲེལ་པ་ཡི། །མཐོང་བ་མི་འཐད་པར་འགྱུར་རོ། །གཞན་ལ་གསན་ནས་གསུངས་མིན་ཏེ། །བརྒལ་
ཞིང་བརྟག་པ་མཚུངས་པའི་ཕྱིར། །སྟེས་དབང་མི་སླུའི་ངོ་བོ་ནི། །དེ་འདྲ་གསུངས་པ་མ་ཡིན་ནོ། །དེ་ལྟར་ཆོས་བསྟན་འདི་ལྷུར་མཛད། །རྒྱུ་མཚན་གཞན་དུ་བརྟགས་པ་མིན། །གང་ཕྱིར་དོན་གཞན་འཇུག་བྱེད་ལ། །སྟེས་དབང་དེ་དོགས་སྐྱེ་བར་འགྱུར། །སྐོམ་པས་གདུངས་པའི་
བསམ་པ་ཅན། །འབབ་ཆུར་ཉེ་བར་འགྲོ་བ་ན། །ཇི་ལྟར་བྱི་རུ་རྙེད་པ་ལྟར། །དེར་ནི་སྟེས་དབང་ཡོད་པར་རིགས། །གཡེང་བའི་སེམས་ལྡན་རྨོངས་རྣམས་ཀྱིས། །རེས་འགའ་བ་ཡི་རིམ་ཅན་འདི། །ཁྱད་པར་འབྲས་བུ་སྒྲུབ་བྱེད་པ། །དེ་སྨྲ་ནུས་པ་མ་ཡིན་ནོ། །མ་ཐོས་རྗེས་དཔག་མ་བྱས་
པའི། །བདེན་པའི་དོན་ནི་ལྷུར་སྨྲ་གང་། །དེ་ནི་སྔོན་ཤུལ་ཕྱིས་དེའི་དངོས། །ཤེས་ཤིང་དེ་འདྲ་སྟོན་བྱེད་ཡིན། །གཞན་གྱིས་མངོན་སུམ་གྱིས་མཐོང་བའི། །ཆུ་སོགས་སྟོན་པར་བྱེད་པ་བཞིན། །མ་ཐོས་རྗེས་དཔག་མ་བྱས་པའི། །དབྱེན་དོན་དབང་པོ་ལས་འདས་པའོ། །གཞན་
གྱིས་མི་རྟོགས་ནུས་ཅན་ཡང་། །དེས་པ་ཡི་ནི་ཕྱག་རྒྱ་དང་། །དཀྱིལ་འཁོར་རྟོག་སོགས་མཚན་ཉིད་ཅན། །དེ་ལྷུར་ལེན་ཐུབ་མཆོག་གིས་གསུངས། །དེ་ཕྱིར་ཕུལ་བྱུང་ཤེས་པ་ནི། །ཐབས་ཀྱི་སྟོབས་ལས་བྱུང་རྣམས་ཀྱིས། །གང་ཞིག་དབང་འདས་ཐམས་ཅད་ཉིད། །དེས་ནི་ལྷག་
པར་ཤེས་བྱེད་ནུས། །ཁང་ཁྱིམ་གཅིག་ལ་གནས་པ་ཡི། །མངོན་སུམ་གང་ཞིག་ཞུགས་པར་གྱུར། །དེ་ཉིད་དུ་ནི་དེ་མཐོང་ནུས། །ཁང་ཁྱིམ་གཞན་ལ་མ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་གནས་པའི། །ནུས་པའི་ཉམས་མྱོང་ཡོད་པ་ན། །ཁྱེད་ཀྱིས་དེ་ལྟར་ངེས་ཉིད་རིགས། །
Vol. 191 · folio 126b
གཞན་དུ་རྒྱུ་མཚན་ཅི་ཞིག་ཡོད། །སྐྱེས་བུ་ཉིད་སོགས་གཏན་ཚིགས་ཀྱིས། །ནུས་པ་མེད་པར་ངེས་བྱེད་ན། །བདག་ཉིད་དཔེ་རུ་བྱས་པ་ཡིས། །ཧ་ཅང་ཐལ་བར་འགྱུར་བ་ཡིན། །དེ་ལྟར་ཁྱེད་ཀྱིས་རྨོངས་པ་ཉིད། །ངེས་པར་བྱས་པས་མཁས་པ་ཀུན། །ཁྱོད་ཉིད་དཔེ་རུ་བྱས་པ་ཡིས། །
རྨོངས་པའི་བློ་ཅན་ཐལ་བར་འགྱུར། །སྐྱེས་བུ་གཅིག་འགའ་ཞིག་ཀྱང་ནི། །མཐར་ཐུག་ཤེས་པ་ཡོད་པ་མིན། །དེ་ལྟར་འདི་ཡང་ངག་ཙམ་ནི། །རྒྱུ་མཚན་མེད་པར་སྨྲས་པ་ཡིན། །ཡང་ན་རང་མཚུངས་སེམས་ཅན་རྣམས། །རྣམ་དག་བློ་ནི་མི་རྨོངས་པའི། །དབང་དུ་བྱས་ནས་དེ་ལྟར་
ངག །རྒྱལ་བའི་དུས་འདབ་ཀྱིས་ནི་སྨྲས། །ཐམས་ཅད་མཁྱེན་པ་སྲིད་པ་ཡི། །ཚད་མ་རྒྱས་པར་བསྟན་པ་ཡིན། །གཞན་གྱིས་དེ་ལ་གནོད་པ་ཅན། །སྨྲ་བ་སྔར་ཡང་སྨྲས་ཟིན་ཏོ། །དེ་ཡི་སྲིད་པ་བསྒྲུབ་པ་ནི། །གཞན་ནི་སྨྲ་བར་མ་བྱས་ན། །གནོད་པ་ཅན་བཙལ་བ་ཙམ་གྱིས། །
དེ་ནི་སྲིད་པར་རྟོགས་པར་འགྱུར། །འདི་ལྟར་གནོད་པ་ཅན་མཐོང་ན། །སྒྲུབ་བྱེད་རབ་གསལ་མ་བྱས་ཀྱང་། །ཐེ་ཚོམ་སྐྱེ་བར་འགྱུར་བ་དེས། །དེ་ནི་སྲིད་པར་འགྱུར་བ་ན། །རིག་བྱེད་ཁོ་ན་རང་དབང་གིས། །ཆོས་ནི་མཚོན་ཞེས་ངེས་པ་འདི། །ཁྱེད་ཀྱིས་ངེས་པར་གྲུབ་འགྱུར་མིན། །རྣལ་
འབྱོར་པ་རྣམས་མ་འོངས་པའི། །ཤེས་བྱ་ལ་ནི་མངོན་སུམ་གྱིས། །ནུས་པ་ཇི་ལྟར་ཡོད་དེ་ནི། །དུས་གསུམ་བརྟག་པ་ལས་བཤད་ཟིན། །ཡང་ན་རྣལ་འབྱོར་ནུས་བྱུང་བའི། །འདས་དང་མ་འོངས་ལྟར་གསལ་བ། །རྟགས་དང་ལུང་ལ་མ་ལྟོས་པའི། །ཡིད་ནི་རྣལ་འབྱོར་པ་ལ་
ཡོད། །རང་བདག་སྣང་བ་རིགས་པའི་ཕྱིར། །དེ་ནི་རང་མཚན་སྤྱོད་ཡུལ་ཅན། །གསལ་བར་སྣང་བ་མི་སླུའི་ཕྱིར། །དེ་ཡང་མངོན་སུམ་འདོད་པ་ཡིན། །དེ་ཕྱིར་དབང་འདས་དོན་རྣམས་ནི། །དངོས་སུ་མཐོང་བ་ཉིད་ཡོད་ཡིན། །རྟག་པའི་ཚིག་ནི་མེད་པའི་ཕྱིར། །དེས་ནི་ཅུང་ཟད་མཐོང་བ་
མིན། །བློ་བཟངས་རྣམས་ཀྱིས་ཐུབ་པ་ཡིས། །དབང་འདས་དོན་གྱི་རྣམ་ཤེས་ནི། །སྔར་བཤད་རྗེས་སུ་དཔག་པས་བཤད། །བྱས་པའི་ལུང་གཞན་ལས་མ་ཡིན། །ཚད་མ་ཉིད་ནི་གྲུབ་དོན་དུ། །བྱས་པ་གང་དང་བྱེད་པོ་ལ། །ཐོག་མ་མེད་ཉིད་སྨྲས་པ་མིན། །གང་ཕྱིར་དེ་ཚད་མིན་ལའང་
Vol. 191 · folio 127a
འཇུག །འདི་ལྟར་མེད་པ་ལ་སོགས་དང་། །དེ་བཞིན་དེ་ཚིག་རྣམས་དང་ནི། །རིག་བྱེད་དང་ནི་སྨྲ་པོ་རྣམས། །ཐོག་མེད་ཡིན་ཡང་ཚད་མ་མིན། །ཚད་མ་ཉིད་ནི་གྲུབ་དོན་དུ། །མ་བྱས་ངག་དང་སྨྲ་པོ་ལ། །ཐོག་མ་མེད་ཉིད་གང་སྨྲས་དེ། །ཁོ་བོ་ལ་བཞིན་བཀག་པར་
འགྱུར། །སྨྲ་པོ་བྱེད་པོ་དང་མཚུངས་ཏེ། །དེ་ལ་ལྟོས་ནས་རིག་བྱེད་རྣམས། །ཚད་མ་ཉིད་འགྱུར་དེས་བྱས་པའི། །བྱས་པས་དོན་ཤེས་སྐྱེད་པའི་ཕྱིར། །དེས་ན་རིག་བྱེད་ངག་རྣམས་ནི། །གཞན་དབང་ཉིད་ཀྱིས་ཚད་མ་མིན། །རང་གིས་ཆོས་ནི་མ་མཐོང་ཕྱིར། །སྨྲ་པོ་རྣམས་ལ་དེ་ཡོད་
མིན། །དེ་ཕྱིར་དེ་འདྲའི་སྨྲ་པོ་ལ། །ཐོག་མ་མེད་ཉིད་བརྟགས་པ་ན། །ཚད་མིན་གོ་འཕང་གནས་ཉིད་ཕྱིར། །མེད་པ་སོགས་ལས་ཁྱད་པར་མེད། །དེས་ན་ཁྱད་པར་མ་རྟོགས་ཕྱིར། །ཐམས་ཅད་འདིར་ནི་མཚུངས་པར་འགྱུར། །ཚད་མ་དང་ནི་ཚད་མ་མིན། །དེ་ལྟ་ཡིན་པས་ཐོག་མེད་མིན། །
ཡང་ན་ཐུབ་དང་དེའི་གསུང་ལ། །ཁྱད་པར་འདི་ནི་ཡོད་པ་ཡིན། །གཉིས་མེད་ཆོས་ནི་གཟིགས་པ་དང་། །བརྩེ་བའི་ངོ་བོས་གསུངས་པ་ཡིན། །གང་ལ་མངོན་མཐོའི་འགྲུབ་པ་དང་། །ངེས་པར་ལེགས་པར་འགྲུབ་པར་འགྱུར། །མཁས་རྣམས་ཀུན་གྱིས་དེ་འདྲ་སྟེ། །ཆོས་ཞེས་བྱ་
བར་བཤད་པ་ཡིན། །དེས་གསུངས་སྔགས་དང་རྣལ་འབྱོར་སོགས། །དམ་ཚིག་ཆོ་ག་བཞིན་བྱས་པས། །ཤེས་རབ་ནད་མེད་སྦྱོར་སོགས་ནི། །མཐོང་བའི་ཆོས་ལའང་སྐྱེ་བར་འགྱུར། །མ་ལུས་ཆོས་བདག་ཉིད་མཐོང་བ། །དེ་ཡིས་རབ་གསལ་མཛད་པ་ཡིས། །འཇིག་ཚོགས་
ལྟ་ལས་བྱུང་བ་ཡིན། །ཉོན་མོངས་ཚོགས་འདི་ལ་མེད་འགྱུར། །བདག་དང་བདག་གིར་འཛིན་ལྟ་ཅན། །ཡོད་པའི་སྟོབས་ལ་འཇུག་པར་འགྱུར། །བདག་དང་བདག་འཛིན་ང་རྒྱལ་གྱིས། །ཉོན་མོངས་མ་ལུས་འབྱུང་བར་འགྱུར། །ཡོད་པར་ལྟ་བའི་གཉེན་པོ་ནི། །བདག་མེད་ངེས་པར་མཐོང་བ་ཡིན། །གོམས་པས་
བདག་ཉིད་འགྱུར་བ་ན། །དེ་ཡོད་པས་ནི་དེ་ཡང་ལྡོག །ཉོན་མོངས་ཕུང་པོ་དེའི་རྩ་ཅན། །རྒྱུ་མེད་པས་ན་མེད་པར་འགྱུར། །དེ་མེད་པས་ན་དེ་རྒྱུ་ནི། །ཁྱེད་ལ་སླར་ཡང་སྐྱེ་མི་འགྱུར། །དེ་ལས་ཤིན་ཏུ་རྣམ་གྲོལ་བ། །ཐར་པ་ཞེས་ནི་བཤད་པ་ཡིན། །དེས་ན་བདག་མེད་ལྟ་བ་ནི། །གཉིས་པ་མེད་པའི་ཞི་སྒོ་ཡིན། །མུ་
Vol. 191 · folio 127b
སྟེགས་ཐམས་ཅད་རྣམས་ཀྱང་ནི། །ང་རྒྱལ་ངེས་པར་ལོག་པ་ཡིས། །ཐར་པར་འདོད་དེ་བདག་ཡོད་པས། །ང་རྒྱལ་ལྡོག་པར་མི་འགྱུར་ཏེ། །ནུས་པ་ཅན་རྒྱུ་ཡོད་པ་དང་། །ཡུལ་ནི་སུན་དབྱུང་མ་བྱས་ཕྱིར། །དེ་སུན་དབྱུང་བ་དངོས་མེད་ཀྱི། །གཞན་དུ་ཕྱིན་ཅི་ལོག་ཐལ་འགྱུར། །གལ་
ཏེ་བདག་ནི་ཡོད་པ་ན། །བདག་མེད་ཅེས་དེ་ལྟར་རིགས་མིན། །དེ་ཉིད་རིགས་པར་ངེས་པར་ནི། །མྱ་ངན་འདས་འགྱུར་ཁྱེད་ཀྱི་བརྫུན། །དེ་ཕྱིར་མུ་སྟེགས་གཞན་དག་ལ། །མི་དགེ་བཅུ་ནི་སྤངས་པ་ཡིས། །གལ་ཏེ་མངོན་མཐོའི་ཕྱོགས་ཙམ་ནི། །ཤིན་ཏུ་ཆེ་ཆུང་ཐོབ་ཡོད་ནའང་། །
ཐར་པའི་འབྲས་བུ་ཐོབ་པ་ནི། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །ཡོད་པར་ལྟ་བ་ལ་འཇུག་པས། །ཉོན་མོངས་རྩ་ནས་མ་བྱུང་ཕྱིར། །སྐྱོབ་པས་སླར་ཡང་དགེ་བ་ཡི། །ལས་ལམ་བཅུ་པོ་གང་གསུངས་པ། །ཡང་དག་ལྟ་དང་ཡོངས་ལྡན་པས། །དེ་དག་ཤིན་ཏུ་སྟོབས་ལྡན་འགྱུར། །ཡོད་
པའི་ལྟ་བས་སྒྲིབ་པ་ཅན། །ཕྱིན་ཅི་ལོག་དང་རྗེས་འབྲེལ་ཕྱིར། །དག་མིན་དེས་ན་དེ་དག་ལས། །དག་པའི་འབྲས་བུ་སྐྱེ་མི་འགྱུར། །དེ་ནས་ཐུབ་པའི་མཆོག་གིས་ནི། །རང་ཉིད་ཀྱིས་ཆོས་མ་གཟིགས་པས། །ཆོས་ཀྱི་དེ་ཉིད་གསུངས་ཡིན་ཞེས། །སྨྱོན་པ་མིན་པ་སུ་ཞིག་སྨྲ། །
སྐྱོབ་པ་ལ་ནི་ཀུན་མཁྱེན་དང་། །རིག་བྱེད་ལ་ནི་རྟག་ཉིད་གང་། །མཁས་པ་མིན་པ་མཚུངས་པར་སྨྲ། །རྟག་པ་ཉིད་ནི་མི་སྲིད་ཕྱིར། །དེ་ཡི་གནོད་པ་ཅན་སྨྲས་ཡིན། །རིམ་དང་ཅིག་ཅར་འགལ་བའི་ཕྱིར། །རྣམ་ཤེས་ལ་སོགས་དེའི་འབྲས་བུ། །ཅིར་ཡང་འཐད་པ་མ་ཡིན་
ནོ། །ད་ལྟར་དུས་སུ་ཅི་ཁྱོད་ལ། །ཐམས་ཅད་མཁྱེན་པ་མི་སྣང་ལ། །འོན་ཏེ་ཀུན་ལ་མི་སྣང་ཞེས། །རྒྱས་པར་སུན་ཕྱུང་སྔར་བསྟན་ཟིན། །ཁྱོད་ཀྱིས་མ་དམིགས་འབའ་ཞིག་ཙམ། །འཁྲུལ་པ་དང་ནི་ལྡན་པ་ཡི། །གཞན་ཀུན་གྱི་ནི་མ་དམིགས་པ། །ཐེ་ཚོམ་ཟ་བས་སྒྲུབ་བྱེད་
མིན། །དགག་པར་བྱ་བ་ནུས་བཞིན་དུ། །སྔར་ཡང་མེད་བརྟགས་ནུས་ཤེ་ན། །རིགས་མིན་འདས་པའི་དུས་ན་ཡང་། །དེ་ཡི་དགག་པར་རིགས་མིན་ཕྱིར། །གལ་ཏེ་འདས་དུས་གང་ཡིན་པ། །དེ་ནི་ཀུན་མཁྱེན་གྱིས་སྟོང་ཡིན། །དུས་ཉིད་ཡིན་པའི་ཕྱིར་དཔེར་ན། །ད་ལྟར་
Vol. 191 · folio 128a
དུས་རྟོགས་བཞིན་ཞེ་ན། །ལྡོག་ལ་ཐེ་ཚོམ་ཟ་བའི་ཕྱིར། །སྒྲུབ་པ་དེ་ནི་རིགས་ལྡན་མིན། །ད་ལྟར་བ་ཡི་དུས་འདི་ནི། །དེ་ཡིས་སྟོང་པ་ཞེས་བྱས་མིན། །རྒྱུ་ཡི་ཚོགས་པ་མེད་པའི་ཕྱིར། །འདས་པ་ད་ལྟར་དུས་སུ་མེད། །འདས་དུས་དགའ་བྱེད་ལ་
སོགས་བཞིན། །གང་གིས་མི་སྲིད་པར་འགྱུར་ཡིན། །ཤེས་རབ་ལ་སོགས་ཆོས་ཅན་དུ། །བྱས་ནས་རྟགས་ནི་བཤད་པ་ཡིན། །རྟགས་ནི་མི་སྣང་མ་གྲུབ་ཡིན། །དེས་ན་ཀུན་མཁྱེན་མེད་མི་འགྲུབ། །ཁོ་བོ་ཅག་གིས་ཀུན་མཁྱེན་ནི། །ལུང་གིས་གྲུབ་པར་ཞུགས་པ་
མིན། །སྔར་བཤད་རྟགས་ནི་ཡོད་པས་ན། །ལུང་གིས་གྲུབ་པར་སུ་ཞིག་བརྗོད། །འོན་ཀྱང་རིག་བྱེད་ཚད་མ་རུ། །གལ་ཏེ་ཁྱེད་ཅག་མངོན་འདོད་ན། །དེ་ཅིས་བཅོམ་ལྡན་འདས་ལ་ནི། །རྨོངས་པ་ཀུན་མཁྱེན་ཁས་ལེན་མིན། །མཚན་ཅན་ཞེས་བྱའི་འཕྲོས་གཞན་ལས། །བྲམ་ཟེ་
མཁས་པ་རྣམས་ཀྱིས་ནི། །ཐུབ་པ་རྣམས་ཀྱི་མཆོག་གྱུར་པ། །བཅོམ་ལྡན་ཀུན་མཁྱེན་གསལ་བར་འདོད། །གང་ཞིག་གླང་ཆེན་ཐལ་ཀར་ནི། །མཆེ་བ་དྲུག་པའི་བདག་ཉིད་ཅན། །རྨི་ལྟས་བསྟན་ནས་ཉིད་བལྟམ་འགྱུར། །བྱང་ཆུབ་སེམས་དཔའི་ཡོན་ཏན་མཚོ། །འཆི་མེད་གོ་
འཕང་བརྙེས་པ་དག །ཐུགས་རྗེའི་བདག་ཉིད་གྲགས་པས་ཁྱབ། །དེ་ནི་ཀུན་མཁྱེན་གྱུར་པ་དང་། །འཇིག་རྟེན་ཀུན་གྱི་ཡབ་ཏུ་གྱུར། །འོན་ཏེ་འཕྲོས་པའི་ཁྱད་པར་འདི། །རིག་བྱེད་ཁོང་གཏོགས་མི་འདོད་ན། །དེས་འདིར་སྡང་བ་སྤངས་ནས་ནི། །ཁྱེད་ལ་རྒྱུ་མཚན་ངེས་འགྱུར་མིན། །དབྱངས་ལ་
སོགས་པའི་ཆོ་ག་དག །ཐོས་ལ་ཡོད་པར་རབ་གྲགས་པ། །དེ་ལའང་དེ་དག་བྱ་བར་ནུས། །མི་ཡི་འདོད་ཙམ་གྱིས་འབྱུང་ཕྱིར། །དེ་ལྟར་ལྷུར་ལེན་རྟག་པ་ཡི། །ལུང་རྙེད་ནུས་མིན་མ་ཡིན་ནམ། །གལ་ཏེ་རྟག་ན་གབ་ཚིག་ཉིད། །དེ་ལྷུར་ལེན་ན་མི་རྟག་འགྱུར། །ལུང་ནི་རྟག་ཉིད་དུ་གྲུབ་
ན། །དེ་བརྟགས་པ་ནི་དོན་མེད་ཡིན། །གང་ཕྱིར་མི་རྣམས་དེ་ལས་ནི། །ཆོས་ནི་རྟོགས་པར་བྱེད་ཉིད་འགྱུར། །འདི་ནི་རབ་ཏུ་གྲུབ་ན་ཡང་། །རིག་བྱེད་རྟག་པ་ཉིད་ཡོད་མིན། །གང་གིས་བཙལ་མ་ཐག་འབྱུང་ཤེས། །རིམ་གྱིས་ཤེས་སོགས་དེ་འབྲས་ཡིན། །འོན་ཀྱང་རབ་གྲུབ་དེ་
Vol. 191 · folio 128b
ལ་ནི། །ཚད་མ་ཉིད་ཁས་ལེན་ཡོད་ན། །རིག་བྱེད་ཉིད་ཕྱིར་འཕྲོས་བཞིན་ཡང་། །ཁྱེད་ལ་ཚད་མ་ཉིད་དུ་འགྱུར། །ཡང་ན་རིག་བྱེད་མིན་ཉིད་དུ། །ཁྱེད་ཀྱི་རིག་པས་ཤེས་པར་གྱིས། །གཞན་དུ་ཐོས་པས་མ་སྨྲས་ཉིད། །ཁྱེད་ལ་ཐེ་ཚོམ་ཟ་བར་འགྱུར། །རིག་བྱེད་རྟག་པ་ཉིད་དང་དེ། །
ལྷུར་ལེན་ཡིན་བླ་དེ་ལ་ནི། །དེ་ལྷུར་ལེན་པ་མི་རྟག་འགྱུར། །གང་ཕྱིར་འཇིག་དོན་དང་འབྲེལ་ཕྱིར། །གལ་ཏེ་དེ་ལྟར་དགང་ལུགས་དང་། །འབྲུ་དང་གསེར་རལ་ཅན་སོགས་རྣམས། །རྟག་བདག་ཉིད་ཡོད་དེ་ཡིས་ནི། །མི་རྟག་ངོ་བོ་ཇི་ལྟར་བརྗོད། །དེ་ལ་རིག་རྟག་ཡོད་ཅེ་ན། །དེ་
ཡང་བསལ་བྱས་མ་ཡིན་ནམ། །དེ་ཙམ་ཚིག་གིས་བརྗོད་པས་ན། །དགང་ལུགས་སོགས་ལ་བློ་འབྱུང་མིན། །དེ་ཡང་བརྗོད་ལ་ཚིག་ལ་ནི། །རྟག་པ་ཉིད་ཅེས་ཉམས་མི་འགྱུར། །ཡང་ན་ཀུན་མཁྱེན་ལ་རིགས་བླ། །དེས་ན་དེ་ལྷུར་ལེན་པས་རྟག །རིག་བྱེད་ངག་རྣམས་རང་དབང་
ཕྱིར། །རིག་བྱེད་ལས་དོན་ངེས་མིན་ཏེ། །རྨོངས་སོགས་དབང་བྱས་བདག་ཉིད་དང་། །གཞན་ལས་ཀྱང་དོན་ངེས་སྐྱེ་མིན། །དེས་ན་མཐོ་རིས་འདོད་མེ་ལ། །སྦྱིན་སྲེག་བྱ་ཞེས་ཐོས་པ་ལ། །རྒྱལ་བ་ཀུན་མཁྱེན་ཞེས་བྱའི་དོན། །འདི་མིན་ཞེས་འདིར་ཚད་མ་ཅི། །མཐོ་རིས་དང་ནི་
ཐར་པའི་ལམ། །གསལ་བར་ཉེ་བར་བསྟན་པའི་ཕྱིར། །གཙོ་བོའི་དོན་ནི་ཡོངས་མཁྱེན་ཕྱིར། །ཀུན་མཁྱེན་ཞེས་བྱར་རྟོགས་པར་འགྱུར། །རྒྱ་མཚོ་བྱེ་མའི་གྲངས་སྙེད་ཀྱི། །རྣམ་ཤེས་གང་ལ་ཉེ་བར་མཁོ། །དེས་ན་གཞན་གྱི་དོན་ཤེས་མཁྱེན། །ཁོ་བོ་ཅག་ལ་ཅི་ཞིག་
དགོས། །སྔགས་ཀྱིས་གབ་པའི་ཚིག་བཞིན་དུ། །དེ་ཡང་ཕལ་པ་ཉིད་དུ་བརྗོད། །ཅེས་བྱ་འདི་ལྟར་ངེས་པ་འདི། །ཀུན་མཁྱེན་ངེས་པར་གསལ་ནས་འགྲུབ། །སྔར་བཤད་གནོད་པ་རིགས་མིན་པར། །རྒྱས་པར་བསྒྲུབ་པར་བྱས་པས་ན། །ཕལ་ཆེན་ངེས་ལ་ཐེ་ཚོམ་ཟ། །
གཙོ་བོའི་དོན་ནི་ཡང་སྲིད་ཕྱིར། །གལ་ཏེ་འདི་ནི་ཆོས་སོགས་ཀྱི། །སྤྱོད་ཡུལ་ཅན་ཤེས་ཐོགས་མེད་ཉིད། །འབྲས་བུ་དང་བཅས་གསལ་བརྗོད་ན། །དེ་ཚེ་སངས་རྒྱས་འགྲོ་ལས་རྒྱལ། །གང་ཕྱིར་མངོན་མཐོ་ཐར་པ་དང་། །རྒྱུ་བཅས་ལ་ཡང་ཤེས་པ་ནི། །ཐོགས་མེད་དེ་དག་ལ་སྒྲུབ་
Vol. 191 · folio 129a
ན། །དེས་ན་མ་འདྲེས་ཤེས་གསལ་ཡིན། །བདག་ཁོ་ན་ཡི་རྣམ་ཤེས་ནི། །བསམ་གཏན་གོམས་པས་འཇུག་པ་གང་། །དེ་ལ་ཡང་ནི་ཐོགས་མེད་ཉིད། །དེ་དག་ལ་སྔར་བསྒྲུབས་ཟིན་ཏོ། །གློ་བུར་དྲི་མ་སྤངས་པ་ཅན། །སེམས་ཙམ་རང་རིག་པའི་ངོ་བོ། །རྣམ་པར་
དག་པའི་བདག་མཐོང་གང་། །དེ་ཉིད་ཁོ་ན་དེ་ཤེས་ཡིན། །རིག་བྱ་རིག་བྱེད་རྣམ་པ་མེད། །བློ་ནི་སྔར་ཉིད་རབ་བསྒྲུབ་བྱས། །བསླད་པ་ཉིད་ཀྱིས་སྟོང་པ་ཅན། །སངས་རྒྱས་རྣམས་ཀྱིས་དེ་གསལ་མཛད། །དེས་ན་བློ་གྲོས་ཆེན་པོ་དག །འཁོར་བ་མི་མཐུན་ཤེས་བཅས་འགྲུབ། །གང་
གི་དབང་གིས་བསྟན་པ་རྣམས། །འབྱུང་ཞིང་ད་ལྟར་ཡང་སྣང་འགྱུར། །རང་བཞིན་གྱིས་འོད་གསལ་བའི་སེམས། །གཉིས་ཀའི་རྣམ་པས་རྙོག་མེད་པ། །རྣམ་གཉིས་རྨོངས་མེད་བདག་ཉིད་ཅན། །སུ་ཞིག་རྣམ་གཞན་དུ་བློ་བྱེད། །བདག་མེད་རྣམ་གཉིས་རྟོག་པ་ན། །བུད་
མེད་སོགས་ཀུན་རྟོག་འབྱུང་ན། །འདོད་ཆགས་ཞེ་སྡང་རྨོངས་སོགས་དང་། །འབད་པ་མེད་པས་འཇིག་པར་འགྱུར། །དེ་ཉིད་གསུངས་པས་གསུངས་པ་གང་། །འདི་དེ་མཆོག་གྱུར་དེ་ཉིད་ནི། །ཕུན་སུམ་ཚོགས་ཀུན་གོ་འཕང་སྟེ། །ཀི་ཤ་པ་སོགས་སྤྱོད་ཡུལ་མིན། །གཞན་
དག་གིས་ནི་བདག་བརྟེན་ཞིང་། །དག་པའི་ཤེལ་འདྲར་ཤེས་དེ་དག །དེ་ཡང་ཕྱིན་ཅི་ལོག་ཡིན་ཏེ། །རྟག་པའི་བདག་ཉིད་བཀག་ཕྱིར་རོ། །བདག་ཏུ་འཛིན་པའི་རྣམ་ཤེས་ནི། །བདག་ལས་གལ་ཏེ་སྐྱེ་འགྱུར་ན། །དེས་ན་ཀུན་བདག་ཉིད་རྣམ་ཤེས། །ཅིག་ཅར་སྐྱེ་བར་
ཐལ་བར་འགྱུར། །འོན་ཏེ་དེ་ལ་མི་སྐྱེ་བའམ། །ཡང་ན་རྟག་པར་ཁས་ལེན་ན། །དེ་ཚེ་དེ་ཡུལ་ཅན་མི་འགྱུར། །སྐྱེས་བུ་གཞན་གྱི་སེམས་བཞིན་ནོ། །བཟུང་བའི་མཚན་ཉིད་འགལ་བ་རུ། །རྒྱས་པར་བསྒྲུབ་པར་བྱ་བའི་ཕྱིར། །གང་ཞིག་རྟག་པའི་བདག་མཐོང་བ། །དེ་
ཉིད་དེ་ཡི་ཤེས་པ་མིན། །འོན་ཏེ་བདག་ཤེས་ངོ་བོ་རུ། །ཁས་ལེན་བྱེད་ཀྱང་སྣང་བ་དང་། །བལྟ་བ་དུ་མ་ཉིད་མེད་པས། །དེ་ལྟ་ན་ཡང་དེ་ཉིད་མེད། །གལ་ཏེ་རང་གསལ་དངོས་པོ་ཉིད། །དེ་ཡི་ཤེས་པ་འདོད་པ་ན། །དེ་ཚེ་རང་རིག་ཐོབ་པ་དང་། །བློ་ཡང་མངོན་སུམ་དུ་
Vol. 191 · folio 129b
འགྱུར་རོ། །རིག་བྱེད་དང་ནི་ཚངས་པ་སོགས། །འབྲེལ་པ་ཅུང་ཟད་ཡོད་པ་མིན། །ཐ་དད་ཕྱིར་དང་རྟག་ཉིད་ཀྱིས། །ལྟོས་མེད་ཕྱིར་དེ་ལས་གཞན་བཞིན། །དེས་ན་རིག་བྱེད་ལུས་ཉིད་ནི། །ཚངས་ལ་སོགས་པ་རིག་པ་མིན། །རིག་བྱེད་ཀུན་ཤེས་ངོ་བོ་རུ། །རིགས་མིན་དོན་ངེས་མེད་པའི་ཕྱིར། །
རང་དབང་ཉིད་ཀྱིས་ཀྱང་སངས་རྒྱས། །ཀུན་མཁྱེན་བསྒྲུབ་པར་བྱས་པ་ཡིན། །རིག་བྱེད་ལུས་ཅན་ཉིད་ཡིན་ཕྱིར། །ཚངས་པ་སོགས་བཞིན་བརྟགས་བྱས་མིན། །འགྲོ་ལྔའི་བདག་ཉིད་འཁོར་བ་ལས། །ཕྱི་རོལ་གྱུར་པས་མིར་མི་གཏོགས། །ཁོ་བོ་སངས་རྒྱས་རྣམས་ལ་ནི། །དེ་ལྟར་སྤྲུལ་པར་
འདོད་པ་མིན། །འོག་མིན་གནས་ནི་མཆོག་གྱུར་པ། །གཙང་མའི་གནས་ཀྱི་སྟེང་གནས་པར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་སངས་རྒྱས། །ཁྱེད་ཀྱིས་རང་དགའ་ཉིད་ཀྱིས་ནི། །མི་ཉིད་དུ་ནི་ཇི་ལྟར་ངེས། །གཞན་གྱི་ལུང་གི་སྒོ་ནས་མིན། །དེ་ནི་དེ་ལྟར་གནས་
པས་སོ། །ཁོ་བོས་དེ་དག་དང་འགྲན་པར། །ཀུན་མཁྱེན་དེ་ན་འདོད་པ་མིན། །བདེན་པ་རྣམས་ནི་ནམ་མཁའ་ཡི། །མེ་ཏོག་དང་འདྲར་སུ་ཞིག་རྟོག །ནུས་པ་ཐམས་ཅད་དང་བྲལ་བས། །རྟག་པ་དངོས་མེད་བསྒྲུབས་ཟིན་ཏོ། །དེས་ན་གཞན་གྱིས་འདོད་པ་ཡིས། །ཆུང་མ་གསུམ་ཅན་སོགས་ཡོད་
མིན། །གཞན་ཡང་དེ་དག་ལོག་ཤེས་ཡིན། །བདག་ལ་སོགས་པ་མཐོང་བའི་ཕྱིར། །སངས་རྒྱས་ལོག་ཤེས་མི་མངའ་བར། །རྒྱས་པར་སྔར་ནི་བསྒྲུབས་ཟིན་ཏོ། །དེས་ཀྱང་དེ་དང་འགྲན་པ་མིན། །ཤིན་ཏུ་ཆེས་ཁྱད་ཡོད་པའི་ཕྱིར། །རབ་རིབ་ཅན་དང་ལྷན་ཅིག་ཏུ། །ནད་མེད་མིག་ཅན་སུ་ཞིག་འགྲན། །
ཡོན་ཏན་ལས་དང་དབང་ཕྱུག་སོགས། །རིག་བྱེད་རྣམས་ཀྱི་རྟག་པ་ཉིད། །སྤངས་པས་ཁོ་བོའི་རྟག་པ་ཡིན། །ལུང་དེ་ཡང་ནི་འདོད་མ་ཡིན། །ཉེ་བར་འཇལ་བས་ཀུན་མཁྱེན་ནི། །ཡོད་པར་གྲུབ་པར་འདོད་མ་ཡིན། །དེ་ཚད་ཉིད་མིན་སྨྲས་པའི་ཕྱིར། །དེ་ལས་ཡོད་པ་མི་གྲུབ་པོ། །ཡོད་པ་རབ་
ཏུ་གྲུབ་པ་ན། །དེས་ནི་འདྲ་བ་ཉིད་རྟོགས་འགྱུར། །ཀུན་མཁྱེན་ཡོད་པར་བསྒྲུབ་པ་ཡི། །སྒྲུབ་པ་རྣལ་མ་འདི་ཡིན་ནོ། །དེས་ན་ཉེར་འཇལ་རབ་གྲུབ་པའི། །དགག་པ་དེ་ནི་འབྲས་མེད་ཡིན། །གལ་ཏེ་ཁྱོད་ཀྱིས་མི་ཀུན་ནི། །ཀུན་ལ་མ་ཡིན་པར་མཐོང་ན། །དེས་ན་ཁྱོད་རང་ཀུན་མཁྱེན་འགྱུར། །རིང་
Vol. 191 · folio 130a
དང་བར་ཆོད་མཐོང་ཕྱིར་དང་། །རྒྱུད་གཞན་དང་འབྲེལ་ཤེས་པ་ནི། །ནུས་པ་འགའ་ནི་མཐོང་བའི་ཕྱིར། །མདུན་གནས་པ་ཡི་སྐྱེས་བུ་ཡང་། །ཀུན་མཁྱེན་མ་ཡིན་ཞེས་དེ་ལྟར། །ངེས་པ་ཁྱེད་ལ་ཇི་ལྟར་ཡོད། །ཡོད་ན་དབང་འདས་རིག་པར་འགྱུར། །བདག་ཉིད་ཀུན་མཁྱེན་
མ་མཐོང་བས། །མ་ལུས་ཀུན་མཁྱེན་མིན་ངེས་ན། །ཧ་ཅང་ཐལ་འགྱུར་ཕྱིར་རྨོངས་སོགས། །ཐམས་ཅད་ལ་ཡང་ངེས་པར་འགྱུར། །གལ་ཏེ་གནོད་པ་མཐོང་བའི་ཕྱིར། །ཆོས་ཀུན་མིན་འདོད་མིན་ཞེ་ན། །སྨྲས་པ་ལ་ཡང་གནོད་དགོས་ལ། །གནོད་མཐོང་ལས་ཐ་དད་འགྱུར་མིན། །རྒྱལ་
བས་མཐོ་རིས་ཐར་ལམ་གྱི། །ཁ་ན་མ་ཐོ་མེད་པའི་གསུང་། །བསྒྲུབས་པ་དེ་ནི་རྨོངས་པ་ཡིས། །བྱམས་སྙམ་རྨོངས་ལས་གཞན་དུ་སེམས། །མཐོང་ཆོས་མངོན་མཐོ་སྣ་ཚོགས་དེ། །དེ་བཞིན་སྐྱོན་རྣམས་ཞི་བའི་མཆོག །དེ་ལས་ཐོབ་པར་འགྱུར་བ་ན། །དེས་ན་གཞན་དག་རྨོངས་པར་བྱེད། །
སངས་རྒྱས་རྣམས་ཀྱིས་ཉེར་བསྟན་འདི། །རིག་བྱེད་རྩ་བ་ཅན་མ་ཡིན། །རྙོག་པ་མེད་པ་དེ་གསུངས་ཡིན། །ཐོས་པ་རྙོག་པ་དང་བཅས་སྨྲས། །དེ་དག་དེ་ལྟར་ཉེར་བསྟན་པ། །དེ་འདྲ་རང་དོན་བསྒྲུབ་ཕྱིར་མིན། །དེ་དག་གི་རྩོམ་མ་ལུས་པ། །དེ་འདྲ་གཞན་གྱི་དོན་དུ་ཡིན། །དེ་ཕྱིར་འགྲོ་ལ་ཕན་
བྱེད་པ། །དབང་ཐོབ་སྙིང་རྗེའི་བདག་ཉིད་ཅན། །རྒྱུ་མཚན་མེད་པའི་གཉེན་ཡིན་པས། །ཀུན་ལ་གོ་འཕང་དེ་ཉིད་གསུངས། །བརྐམ་ཆགས་འཇིགས་དང་ཞེ་སྡང་དང་། །སེར་སྣ་སོགས་ཀྱིས་དབང་བྱས་པ། །བརྩེ་མེད་བདག་ཉིད་དེ་དག་ལ། །ཉེར་བསྟན་ཕྱོགས་གཅིག་པ་རུ་འགྱུར། །
ཐུགས་རྗེ་གཞན་དབང་གྱུར་པ་ནི། །དེ་ཉིད་གསལ་བར་གཟིགས་པ་ཅན། །དམིགས་བསལ་ཀུན་ལ་དོགས་མེད་པས། །ཐམས་ཅད་དུ་ནི་སྟོན་པར་མཛད། །ཇི་ལྟ་ཇི་ལྟར་རྨོངས་སོགས་ཀྱི། །སྐྱོན་གྱིས་སྐྱེ་བོ་སྐྱོན་བཅས་འགྱུར། །དེ་ལྟ་དེ་ལྟར་མགོན་རྣམས་ཀྱི། །ཐུགས་བརྩེ་དེ་དག་ལ་
ནི་འཇུག །མེ་བསྐོར་བྱས་ན་ཁྱིམ་སོགས་འགྲོ། །འབྲེལ་བ་དེ་དག་གིས་བཞེད་མིན། །ཕན་པ་གདགས་པར་བྱ་བ་སྟེ། །དེས་ན་འདི་ལྟར་ལེགས་སྨྲས་ཡིན། །རིགས་དང་དུལ་དང་ཕུན་ཚོགས་པའི། །བྲམ་ཟེ་བ་ལང་གླང་པོ་ཆེ། །ཁྱི་དང་ཁྱི་འཚེད་པ་དག་ནི། །མཁས་པ་རྣམས་ནི་མཉམ་པར་
Vol. 191 · folio 130b
བལྟ། །ལན་བརྒྱར་རིགས་ནི་བཀག་བྱས་པས། །རིགས་ཀྱིས་རྒྱགས་པ་ཅི་ཕྱིར་བྱེད། །དེ་ལས་གཞན་ལས་ཁྱད་མེད་པས། །གལ་ཏེ་དེ་བརྟེན་དབང་འགྱུར་སོགས། །ཡོན་ཏན་གཞིར་གྱུར་སྡིག་པ་ནི། །མ་ལུས་པར་ཟད་ནས་འདིར་ནི། །ཁྱད་པར་མེད་པར་དེ་ལྡན་པས། །ཀུན་ཀྱང་གཉིས་སྐྱེས་
སུ་འགྱུར་ན། །དེ་ཚེ་ཁྱད་པར་ཅན་གྲུབ་འགྱུར། །གཉིས་སྐྱེས་རྔོན་པ་བྱེད་བཞིན་དུ། །གཞན་དུ་ཁྱད་པར་ཅན་ཉིད་མེད། །སྐྱེས་ནས་ཆོ་ག་ཚོགས་གང་དག །གྲུབ་པའི་བྱ་བ་དེ་ཀུན་རྫོབ། །གང་ཕྱིར་དེ་དག་བཅོས་མ་ལའང་། །ཡོད་པས་དེ་ལས་གཞན་པའང་བཞིན། །དུས་ནི་རིང་པོ་འདས་པ་
དང་། །བུད་མེད་སེམས་ཀྱང་གཡོ་བ་ཡི། །བྲམ་ཟེ་ཉིད་ནི་ཡོད་ན་ཡང་། །ངེས་པར་བྱ་བར་ནུས་མ་ཡིན། །དབང་འདས་དངོས་དོན་ཤེས་པ་ནི། །འགའ་ཞིག་ཁྱོད་ལ་ཡོད་པ་མིན། །དེས་ན་རྣམ་པར་དག་པའི་རིགས། །རིག་བྱེད་པས་ཀྱང་སྨྲས་མི་བྱེད། །དེ་ཕྱིར་ཡིད་སོགས་རྣམས་ཀྱིས་
ཀྱང་། །དེ་དག་བྲམ་ཟེ་མ་གཏོགས་པས། །བྲམ་ཟེ་རྣམས་ལ་ཉེ་བར་བསྟན། །བྱས་མིན་དེ་ངེས་མེད་པའི་ཕྱིར། །ཡིད་ལ་སོགས་པ་རྣམས་ཀྱིས་ནི། །རང་ལ་རྟོགས་པའི་ནུས་མེད་པའམ། །ཡང་ན་རིག་བྱེད་རིགས་བྲལ་ཡིན། །རིག་བྱེད་གདོན་རྨོངས་བྲམ་ཟེ་ནི། །དཔྱོད་བྱེད་ནུས་པ་མ་
ཡིན་ཞེས། །གང་ལས་ངེས་པར་བྱས་པ་ཡིན། །དེས་ན་དེ་ཡིས་བྲམ་ཟེ་ལ། །རིག་བྱེད་ལ་སོགས་ཉེར་བསྟན་བྱས། །གནའ་རབས་དང་ནི་ཡིད་ཀྱིས་ནི། །རིག་བྱེད་ཡན་ལག་བཅས་གསོ་དཔྱད། །དཀའ་ཡིས་གྲུབ་པ་བཞི་པོ་ལ། །གཏན་ཚིགས་ཀྱིས་གཞིག་མི་བྱའོ། །དེས་ན་གང་
གང་རྨོངས་རྣམས་ལ། །དེ་ཉིད་ཀྱིས་འདི་འཇིག་སྐུར་སྙམ། །གང་ཙམ་གྱིས་ནི་གཞན་དུ་ཡང་། །བཀའ་ཡིས་གྲུབ་ཉིད་ཅིས་མི་འགྱུར། །བདག་ཉིད་ཆེན་པོ་གང་དག་གིས། །གང་གསུངས་རིགས་ལྡན་དོན་ཉིད་དང་། །བདག་ལ་དེ་དོན་ནུས་པ་ནི། །གསལ་བར་ངེས་པར་མཛད་པ་ཡིན། །
མུ་སྟེགས་ངན་གླང་ཆེས་སྨྱོས་པའི། །དྲེགས་པ་ཉམས་པར་མཛད་པ་ཅན། །སྐྲག་པ་མ་ལུས་མི་མངའ་བ། །འདི་ལྟར་དེ་དག་སེང་སྒྲ་སྒྲོགས། །དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ལ་ང་ཡི་བཀའ། །བླང་
Vol. 191 · folio 131a
བར་བྱ་ཡི་གུས་ཕྱིར་མིན། །གང་དག་སྡིག་པ་སྤངས་བྱས་པས། །དོན་དམ་པ་ཡི་བྲམ་ཟེ་ནི། །དྲི་མེད་བདག་མེད་གོམས་བྱེད་པའི། །དེ་དག་ཐུབ་པའི་བསྟན་པ་ཡོད། །དེས་ན་བསྟན་པ་འདི་ཉིད་ལ། །དགེ་སློང་རྣམ་བཞི་ཡོངས་གྲགས་ཡིན། །གཞན་གྱིས་བསྟན་
པ་དགེ་སྦྱོང་དང་། །དེ་བཞིན་བྲམ་ཟེ་རྣམས་ཀྱིས་སྟོང་། །མི་སུ་ཞིག་གཅིག་ཀུན་མཁྱེན་སྲིད། །ཅེས་བྱ་སོགས་ལ་བསྒྲུབས་པ་ནི། །དམ་བཅའ་མ་ཚང་བའི་སྐྱོན་གྱིས། །སྐྱོན་དང་བཅས་པར་མི་འགྱུར་ཏེ། །མ་ལུས་དོན་ནི་ཡོངས་ཤེས་པས། །བསྒྲུབ་པ་འབྲས་མེད་ཡིན་ན་
ཡང་། །བློ་བཟང་བདེ་གཤེགས་པ་རྣམས་ནི། །འབད་པ་བྱེད་ཅེས་སྔར་བསྒྲུབས་ཟིན། །ཕྱོགས་གཅིག་ཤེས་པས་དེ་སྨྲས་ཡིན། །ཀུན་མཁྱེན་གྱིས་གསུངས་མི་འགྱུར་ཞེས། །འདིར་ཡང་ཐམས་ཅད་ཀྱིས་ཤེས་པ། །རྗེས་འགྲོའི་ཕྱིར་ཡང་སྔར་བསྟན་ཟིན། །ཇི་ལྟར་ཅུང་ཟད་མཐོང་
བ་ཡི། །དྲི་སོགས་དོན་རྣམས་ཉམས་མྱོང་ནས། །དེ་དག་སེམས་ལ་སྒྲོ་བཏགས་པས། །ཉམས་མྱོང་ལ་བརྟེན་ཕྱིས་རྗོད་བྱེད། །དེ་ཡི་ཚིག་དེ་དངོས་པོ་དེའི། །ཤེས་པ་ལས་བྱུང་མིན་པ་མིན། །ཀུན་མཁྱེན་གསུང་ཡང་དེ་ལྟར་ཡིན། །རྒྱུ་ཡི་དབྱེ་བས་ཐ་དད་འགྱུར། །དངོས་
པོ་མ་ལུས་རྣམ་ཤེས་ནི། །འདིའི་རྒྱུ་ཉིད་དུ་འགྱུར་བ་ཡིན། །ཅུང་ཟད་ཙམ་དོན་རྣམ་ཤེས་ནི། །དེ་ཡི་རྒྱུ་མཚན་གནས་པར་འགྱུར། །རྣམ་པར་རྟོག་པ་མི་སྲིད་པས། །དེ་ཡི་བརྗོད་འདོད་ཅི་འདྲ་ཡིན། །སྒྲིབ་པ་ཐམས་ཅད་སྤངས་པའི་ཕྱིར། །རྣམ་རྟོག་འདི་ལ་འཇུག་མིན་ན། །དེ་མིན་
ཉོན་མོངས་བཅས་ཀུན་རྟོག །དེ་ལ་མི་མངའ་སྒྲིབ་ཟད་ཕྱིར། །འགྲོ་ལ་ཕན་པ་རྗེས་མཐུན་པ། །དགེ་བཅས་སུ་ཞིག་སྤོང་བར་བྱེད། །དེས་ཀྱང་རྣམ་རྟོག་དེ་ཉིད་ནི། །དོན་དང་ལྡན་པར་ངེས་མི་འགྱུར། །སྒྱུ་མ་བྱེད་པ་བཞིན་དུ་ནི། །དེ་ཡིས་དམིགས་མེད་དེ་རིག་ཡིན། །ཇི་ལྟར་སྒྱུ་མ་མཁན་
འགའ་ཞིག །སྤྱོད་ཡུལ་སྤྲུལ་པར་བྱས་ན་ཡང་། །སེམས་ཀྱིས་ཡུལ་མེད་ཅན་རིགས་ཏེ། །དེས་ན་འཁྲུལ་པ་སྐྱེ་མི་འགྱུར། །དེ་ལྟ་བུ་སོགས་བརྗོད་པ་ནི། །དད་དང་ལྡན་ལ་མཛེས་མ་ཡིན། །སྐབས་བབ་རྗེས་མཐུན་དོན་ཉིད་དུ། །དེ་ནི་བྲམ་ཟེས་སྨྲས་པ་མིན། །དེ་བཞིན་དོན་
Vol. 191 · folio 131b
རྣམས་ཀྱིས་ཁྱབ་པར། །ཉེ་བར་བསྟན་པར་ནུས་མ་ཡིན། །དེ་ལྟར་དེ་ཡི་སྐབས་བབ་འདིར། །འདིར་ཡང་བློ་བཟང་གིས་གསུངས་ཡིན། །གལ་ཏེ་དེ་ལ་ཉེར་བསྟན་པའི། །ནུས་མེད་ན་དེ་དེ་ལྟར་འགྱུར། །དེས་ན་ལུང་དུ་མི་འགྱུར་ཞེས། །ཁྱེད་ཅག་གིས་ནི་བརྗོད་དགོས་སོ། །
འདིར་ཡང་སྨྲས་དེ་དེ་ལྟར་འགྱུར། །དེ་གསུང་ཁྱོད་ཀྱིས་མཐོང་ངམ་ཅི། །གལ་ཏེ་ཐལ་བར་བསྒྲུབས་པ་ཡིས། །འདོད་པ་མ་ཡིན་པར་བརྗོད་ན། །གལ་ཏེ་སྒྲ་ཉིད་མི་འདོད་པས། །ལུང་ཁས་བླངས་པར་མི་འགྱུར་རོ། །དེ་གསུང་ལུང་ནི་འདོད་པ་ན། །དེ་ལ་སྨྲ་ཉིད་འདོད་པར་གྱིས། །
གལ་ཏེ་དེ་འདྲའི་རིགས་པ་ནི། །རིགས་པར་སྨྲ་རྣམས་ལ་གྲུབ་ན། །དེ་ཚེ་ཐལ་བར་བསྒྲུབས་པས་ཆོས། །དང་བ་ཙམ་དུ་གཞན་གྱིས་འདོད། །རིགས་པར་རབ་སྒྲུབ་ཉིད་ཡིན་ན། །རང་རྒྱུད་པ་ཡི་སྒྲུབ་པར་འགྱུར། །དེ་གསུང་བ་ཡི་ལུང་དེ་ནི། །འདི་ལྟར་གཞན་གྱིས་འདོད་པ་ཡིན། །
ཚིག་གི་ཤུགས་ཀྱིས་དེ་ལས་ནི། །སྐྱེས་བུ་ཡིད་བཞིན་ནོར་བུ་ལྟར། །རྩིག་སོགས་ལས་ཀྱང་ཆོས་ཀྱི་སྒྲ། །ཇི་ལྟར་འདོད་བཞིན་འབྱུང་བར་འགྱུར། །བདག་པོར་འགྱུར་བ་ཙམ་རྟོགས་པས། །སྟོན་པར་བྱེད་པ་དེ་བརྗོད་ཡིན། །རྣམ་རྟོག་རྗེས་འགྲོ་ཅན་སྨྲ་ཉིད། །དེ་ཕྱིར་ཐལ་
འགྱུར་མ་ཤེས་པས། །དེ་ལ་ཐལ་བར་མི་འགྱུར་རོ། །ཁོ་བོ་རིགས་པ་དོན་གཉེར་གང་། །དད་པའི་རྗེས་སུ་འབྲང་བ་མིན། །ཞེས་བྱ་དེ་ལྟར་སྨྲས་པ་ཡིན། །རྩིག་པ་ལ་སོགས་ལས་བྱུང་བ། །ཡིད་ཆེས་མིན་གསུང་ཇི་ལྟར་ཡིན། །གང་ཕྱིར་དེར་བདག་ཉེར་གནས་པས། །
དེ་རྣམས་འཇུག་པར་འགྱུར་བ་ཡིན། །ངག་འཁྱལ་དང་ནི་འཚེ་སོགས་པའི། །སྨད་པའི་དོན་དང་རྣམ་པར་བྲལ། །རྩེད་མོའི་ཚུལ་དང་ཤ་ཟ་སོགས། །དེ་རྣམས་ཇི་ལྟར་སྨྲས་པ་ཡིན། །ངག་འཁྱལ་དང་ནི་རྣམས་འཚེ་སོགས། །སྨད་པའི་དོན་གྱི་ཉེར་བསྟན་པ། །རྩེད་མོའི་ཚུལ་དང་ཤ་
ཟ་སོགས། །བྱིས་པ་ངག་འཁྱལ་འཚེ་སོགས་པ། །སྨད་པའི་དོན་དང་བཅས་པ་ཡི། །ཉེར་བསྟན་དེ་དག་ཡོད་པ་མིན། །ཚད་མ་གཉིས་ཀྱིས་མི་སླུ་འདོད། །དེའི་ཡུལ་མ་ལུས་གང་ལ་ནི། །ཚད་མ་གཉིས་ཀྱིས་གནོད་པ་ཅན། །ཅུང་ཟད་མཐོང་བར་མི་འགྱུར་ཞིང་། །གང་ཞིག་
Vol. 191 · folio 132a
ཤིན་ཏུ་ལྐོག་གྱུར་ལའང་། །སྔ་ཕྱི་ཡིས་ནི་གནོད་ཅན་མིན། །སྐྱེས་བུ་ཐམས་ཅད་སྙིང་རྗེ་སོགས། །ཡོན་ཏན་སྐྱེ་ལ་འཇུག་བྱེད་ལས། །རྣམ་པ་ཐམས་ཅད་མཆོག་ལྡན་པའི། །དམ་པའི་ཚུལ་ཁྲིམས་སྟོན་བྱེད་ལ། །འདི་དང་ཕྱི་མར་སྐལ་ལྡན་ལ། །མངོན་
མཐོང་སྣ་ཚོགས་སྒྲུབ་བྱེད་ཅིང་། །བག་ལ་ཉལ་ཀུན་ཚོགས་ཀྱི་ནི། །གཉེན་པོའི་ཕྱོགས་ནི་སྟོན་པ་ཅན། །མྱ་ངན་འདས་པ་གྲོང་ཁྱེར་གྱི། །དེ་ཡི་སྒོ་འཕར་འབྱེད་པ་པོ། །གལ་ཏེ་དེ་ལྟར་རྩེད་མོ་འམ། །སྲིན་པོའི་ཚིག་ཏུ་འགྱུར་ཡིན་ན། །དེ་མཚན་ཉིད་ཀུན་ཡོད་པའི་ཕྱིར། །དེ་
ཉིད་སངས་རྒྱས་ཡིན་ཟད་མོད། །གང་ཕྱིར་མིང་གཞན་བརྟགས་པ་ཡིས། །དངོས་པོའི་ངོ་བོ་ལྡོག་འགྱུར་མིན། །ཁྱད་པར་ཅན་ལ་དམན་པའི་མིང་། །བྱེད་ན་ཁྱེད་རང་སྨད་བྱར་འགྱུར། །འདོད་པ་ལོག་པར་གཡེམ་པ་དང་། །སྲོག་ཆགས་འཚེ་སོགས་མཚན་ཉིད་ཅན། །གོམས་དང་
དེ་ཡི་བྱ་བ་ནི། །ཚིག་གང་ཞིག་གིས་གསལ་བར་བྱས། །དེ་ཉིད་སྤྱང་པོ་ཤ་ཟ་སོགས། །སྨྲས་པ་ཞེས་ནི་དོགས་པར་འགྱུར། །དེའི་སྤྱོད་མངོན་པར་ཆགས་རྣམས་ལ། །དེ་འདྲའི་ཚིག་ནི་སྲིད་པ་ཡིན། །འགལ་བཅས་གཙང་མི་གཙང་སོགས་ཀྱི། །རང་བཞིན་རྣམས་ནི་ཅིག་
ཅར་དུ། །བློ་གཅིག་གིས་ནི་རྟོགས་པར་མཐོང་། །དེ་དག་བློ་དང་འགལ་བ་མིན། །ཕན་ཚུན་སྤངས་ཏེ་གནས་པ་ཡི། །མཚན་ཉིད་ཅན་ནམ་ཡང་ན་ནི། །གཅིག་ལ་ལྷན་ཅིག་མི་གནས་པའི། །འགལ་བ་དེ་དག་ལ་ཡོད་མིན། །ཤེས་པ་གཅིག་ལ་སྣང་བ་ཉིད། །དེ་དག་ལ་
ནི་འགལ་བ་མིན། །གཙང་དང་མི་གཙང་ལ་སོགས་དང་། །སྦྲུལ་དང་རྨ་བྱ་ལ་སོགས་ནི། །མིག་ལ་ཅིག་ཅར་སྣང་བའི་ཕྱིར། །བདེ་དང་སྡུག་བསྔལ་སོགས་དབྱེ་བས། །རྒྱུ་མེད་ཉེ་བར་གནས་མེད་པས། །དེ་ཤེས་བྱ་སྟེ་འགལ་བས་མིན། །སྔོ་དང་སེར་དང་དཀར་སོགས་
བཞིན། །ཡུལ་དང་རང་བཞིན་དབྱེ་བ་ཡིས། །དངོས་པོའི་དབྱེ་བས་འགལ་བ་ཅན། །གང་ཕྱིར་ཅིག་ཅར་དུ་སྣང་འགྱུར། །ཤེས་བྱའི་དཀྱིལ་འཁོར་མ་ལུས་པ། །ཤེས་པ་སྐད་ཅིག་གཅིག་ཁྱབ་ཅན། །གང་ཕྱིར་ཀུན་མཁྱེན་བསྒྲུབ་བྱ་བ། །དེ་ནི་རིམ་པ་ལ་བརྟེན་ཕྱིར། །གང་
Vol. 191 · folio 132b
དང་གང་དག་རྟོགས་བཞེད་པ། །དེ་དང་དེ་རིང་ངེས་སྦྱོར་ལས། །དེ་ལ་ནུས་པ་དེ་ལྟར་མངའ། །གང་ཕྱིར་སྒྲིབ་སྤངས་ཅན་དེ་ཡིན། །ཟག་པ་ཟད་པ་སོགས་རྣམས་ཀྱི། །ཡེ་ཤེས་དབང་གྱུར་རྙེད་པ་དེས། །རིམ་གྱིས་སམ་ནི་ཅིག་ཅར་དུ། །རང་གི་བཞེད་པས་མཁྱེན་པར་གྱུར། །
ཤེས་པའི་སྐད་ཅིག་བཅུ་དྲུག་གིས། །བདེན་པ་བཞི་ཡི་རང་བཞིན་ཅན། །ཤེས་བྱ་ཀུན་ནི་རིམ་གྱིས་མཁྱེན། །ཡང་ན་ཁོ་བོ་ལ་ཀུན་མཁྱེན། །དེ་ལ་དེ་འདྲའི་ཡེ་ཤེས་ནི། །རིམ་གྱིས་གཙོ་བོ་ལས་བྱུང་འགྱུར། །ཐང་ཅིག་ཙམ་ཡང་སྡོད་མིན་ན། །ལོ་བརྒྱ་སྨོས་ཀྱང་ཅི་དགོས་
ཀྱེ། །རྣམ་དབྱེ་མ་བྱས་པའི་ངོ་བོས། །དངོས་པོ་ཀུན་ནི་གང་གིས་རྟོགས། །དངོས་པོ་ཀུན་གྱི་རང་བཞིན་ཉིད། །དེས་ནི་མཁྱེན་པར་འགྱུར་བ་ཡིན། །བདག་བཅས་སྐད་ཅིག་མིན་སོགས་ལས། །གང་ཞིག་ལོག་པར་རང་མཚན་ཉིད། །རྟག་ཏུ་ཉེར་རྟོགས་རྒྱུ་མཚན་ཕྱིར། །དེ་
འདིར་སྤྱི་ཞེས་བརྗོད་པ་ཡིན། །དེ་འཛིན་བྱེད་པའི་རྣམ་ཤེས་ནི། །བསྒོམ་པའི་སྟོབས་ལས་བྱུང་བ་གང་། །རྣལ་འབྱོར་དབང་ཕྱུག་ལ་མངོན་གསལ། །དེ་ནི་རང་མཚན་སྤྱོད་ཡུལ་ཅན། །དེ་ཉིད་གཞན་ཉིད་སོགས་བརྗོད་མེད། །གཞན་དག་གིས་ཀྱང་བརྟགས་པ་ཡི། །སྤྱི་དེ་
རྣལ་འབྱོར་ཡེ་ཤེས་དེས། །འཛིན་པར་མཛད་པ་མ་ཡིན་ནོ། །རྣལ་འབྱོར་དབང་ཕྱུག་གི་ཡིད་ནི། །དེ་ནི་རྟོག་བྲལ་མ་འཁྲུལ་ཡིན། །དེ་འཛིན་ན་ནི་རྟོག་བཅས་དང་། །འཁྲུལ་པ་དང་བཅས་ཐལ་བར་འགྱུར། །གང་གིས་བརྗོད་དུ་མེད་པའི་སྤྱི། །རྣམ་རྟོག་བདག་ཉིད་ཅན་
དུ་བཤད། །རྟག་པའི་རྗེས་འགྲོའི་རང་བཞིན་སྤྱི། །དངོས་པོ་མེད་པར་བསྟན་ཟིན་ཏོ། །ཏིང་ངེ་འཛིན་ལས་བྱུང་བ་ཡི། །ཡེ་ཤེས་འཇིག་རྟེན་ལས་འདས་པ། །རྒྱུ་བཅས་འབྲས་བུ་ལས་མཁྱེན་པ། །དེ་ནི་བདག་གིས་ཀུན་མཁྱེན་འདོད། །དེ་ནི་ཡོད་པ་ཉིད་དུ་ནི། །རྗེས་སུ་དཔག་པས་སྔར་
བསྒྲུབས་ཟིན། །དེས་ན་དེ་ནི་ཡོད་སྒྲུབ་པའི། །ཚད་མ་ཡོད་པས་དེ་ཡང་ཡོད། །རིམ་གྱིས་སམ་ནི་ཅིག་ཅར་གྱིས། །ཤེས་པའི་འབྲས་བུ་བསྒྲུབས་པ་ཡིན། །དེ་ལ་ཡང་ནི་ནུས་ཡོད་དེ། །གང་ཚེ་ཉེར་བསྟན་མཛད་པ་ཡིན། །ཆོས་ལ་བདག་མེད་ལེགས་བསྒོམས་པས། །གང་གིས་བསྟན་
Vol. 191 · folio 133a
པ་དྲི་མེད་འདི། །བསྟན་བཅོས་ཀུན་གྱིས་བསྒྲུབས་བྱས་པས། །ཚད་མ་ཀུན་གྱིས་གནོད་པ་མིན། །འཁོར་བ་མི་མཐུན་ཤེས་པ་ཅན། །ཁྱབ་འཇུག་སོགས་ཀྱི་སྤྱོད་ཡུལ་མན། །མཁས་པ་རྣམས་ཀྱིས་གང་ཞིག་ནི། །དད་པས་སྤྱི་བོས་ལེན་པར་བྱེད། །ཉོན་མོངས་མ་ལུས་དགྲ་བོ་
ཡི། །ཚོགས་ནི་འཇིག་པར་བྱེད་པ་ཅན། །མངོན་པར་མཐོ་བ་སྣ་ཚོགས་ཀྱི། །རྫོགས་རྒྱུ་མྱ་ངན་འདས་ཐོབ་རྒྱུ། །ཐུན་མོང་མིན་པའི་ཐབས་རྙེད་པ། །སྐྱེས་བུ་མ་ལུས་དང་མི་མཐུན། །གཅིག་པུ་དེ་ཉིད་ཀུན་མཁྱེན་མགོན། །དེ་ནི་ཚད་མ་དང་ལྡན་ཡིན། །གང་ཚེ་འདི་ལྟར་ཀུན་མཁྱེན་ནི། །ཆོས་
ལ་སོགས་པ་རྟོགས་པའི་རྒྱུ། །འགའ་ཞིག་འཐད་པར་འགྱུར་བ་ན། །དེ་ཚེ་སྐྱེས་བུས་བྱས་ཚིག་གྲུབ། །རྣམ་པ་མེད་སོགས་དཔྱད་པ་ནི། །ཀུན་མཁྱེན་ལ་ནི་ཉེར་མཁོ་མིན། །ཇི་ལྟར་ཁྱེད་ཀྱི་ཤེས་པ་ནི། །དོན་འགའ་ལ་འཇུག་དེ་བཞིན་གཞན། །དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་
ལས་གཞན་གྱི་དབང་པོ་ལས་འདས་པའི་དོན་མཐོང་བ་ཅན་གྱི་སྐྱེས་བུ་བརྟག་པ་སྟེ་སུམ་ཅུ་པའོ།། །།སློབ་དཔོན་ཞི་བ་འཚོའི་ཞལ་སྔ་ནས་ཀྱིས་མཛད་པ་དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ་རྫོགས་སོ།། །།གུ་གེ་ཡུལ་གྱི་དབེན་ས་རི་བོ་དགེ་གནས་
ཕུན་ཚོགས་གླིང་དུ། རྒྱ་གར་གྱི་མཁན་པོ་དཔལ་གུ་ཎཱ་ཀ་ར་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང་། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དཔལ་ལྷ་བཙན་པོ་ཤཱཀྱའི་དགེ་སློང་ལྷ་བླ་མ་ཞི་བ་འོད་ཀྱི་ཞལ་སྔ་ནས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། གྲངས་ཅན་གཅེར་བུ་བྱེ་བྲག་པ་དང་རྒྱང་པན་རིག་པ་ཅན་དང་སངས་རྒྱས་
དེ་དག་གི་ཕྱོགས་ནི། །ཆུ་ཀླུང་པ་དང་ཙ་ར་ཀ་དང་དུས་སྨྲ་སྤྱོད་པ་བརྡ་སྤྲོད་ཞི་བ་ཚངས་དང་སྣ་ཚོགས་ཚལ། །སྒྲ་ཡི་ཚངས་པ་རིག་བྱེད་མཐའ་དང་བྱེ་བྲག་སྨྲ་དང་མདོ་སྡེ་སེམས་ཙམ་དབུ་མ་དེ་དག་གི །བྱེ་བྲག་ལུང་བཅས་ཤེས་པའི་སྤྱོད་ཡུལ་གང་ཡིན་འདི་ནི་རྟོགས་ནས་འགྲོ་ལ་ཕན་ཕྱིར་བདག་གིས་བསྒྱུར།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words