དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ

Sanskrit title (Tibetan script, as in the text) ཏཏྭ་སཾ་གྲ་ཧ་པཉྫི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 192 · folio 82a

ཕྱིར་རྣམ་པར་ཤེས་པ་ཉིད་མ་ཡིན་པར་འགྱུར་རོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་ནི་གཉིས་ལ་བརྟེན་ནས་སྐྱེའོ་ཞེས་གསུངས་པ་ལ། གཉིས་གང་ཞེ་ན། མིག་དང་གཟུགས་ལ་སོགས་པ་ནས་ཡིད་དང་ཆོས་རྣམས་ཞེས་བྱ་བའི་བར་ཡིན་

ཏེ། འདས་པ་དང་མ་འོངས་པ་དག་མེད་ན་དེ་ལ་དམིགས་པའི་རྣམ་པར་ཤེས་པ་གཉིས་ལ་བརྟེན་པར་མི་འགྱུར་བའི་ཕྱིར་ལུང་དང་འགལ་ལོ། །གཞན་ཡང་གལ་ཏེ་དེ་ཡོད་པ་མ་ཡིན་པ་སྟེ། ཡོད་པས་སྟོང་པར་གྱུར་ན་འབྲས་བུ་སྐྱེ་བའི་དུས་ན་རྣམ་པར་སྨིན་པའི་རྒྱུ་མེད་པའི་ཕྱིར་ལས་

འདས་པ་འབྲས་བུ་འབྱིན་པར་མི་འགྱུར་རོ། །མེད་པ་ལས་ནི་འབྲས་བུ་སྐྱེད་པའི་ནུས་པ་ཡོད་པ་ཡང་མ་ཡིན་ཏེ། མེད་པའི་མཚན་ཉིད་ནི་ནུས་པ་ཐམས་ཅད་དང་བྲལ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་རྒྱལ་པོ་ང་ལས་ནུ་བྱུང་བར་གྱུར་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་དང་

དེ་བཞིན་གཤེགས་པ་བྱམས་པ་འབྱུང་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་ཕྱེ་ནས་རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་འདས་པ་ལ་སོགས་པར་འབྱེད་པར་མི་འགྱུར་རོ། །མེད་པ་ལ་ནི་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ། དེ་ལྟ་བས་ན་རྒྱལ་པོ་དགའ་བའི་དཔལ་ལ་

སོགས་པ་འདས་པ་དང་མ་འོངས་པའི་དངོས་པོ་རྣམས་རྫས་དགག་པའི་ངོ་བོ་ནི་མ་ཡིན་ཏེ། དུས་ཀྱིས་བསྡུས་པའི་གཟུགས་ལ་སོགས་པ་ཉིད་དུ་བསྟན་པའི་ཕྱིར་ད་ལྟར་བྱུང་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གལ་ཏེ་འདས་པའི་གཟུགས་ཤིག་ཡོད་པར་མ་གྱུར་

ན། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བར་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་འདས་པའི་གཟུགས་ཡོད་པ་དེའི་ཕྱིར་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་འདས་པའི་གཟུགས་ལ་མི་ལྟ་བ་ཡིན་ཞེས་བྱ་བ་རྒྱས་པ་དང་། དེ་བཞིན་དུ་

གཟུགས་གང་ཅུང་ཟད་འདས་པ་དང་མ་འོངས་པ་ལ་སོགས་པ་ཐམས་ཅད་བསྡུས་ནས་གཟུགས་ཀྱི་ཕུང་པོ་ཞེས་བྱ་བའི་གྲངས་སུ་འགྲོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དུས་ཀྱིས་བསྡུས་པ་གང་དག་ལ་ཡིན་པ་དེ་དག་ནི་དུས་ཀྱིས་བསྡུས་པ་སྟེ། གཟུགས་ལ་སོགས་པའོ། །

Vol. 192 · folio 82b

སོགས་པའི་སྒྲས་ཚོར་བ་ལ་སོགས་པ་གཟུང་ངོ་། །དེ་དག་གི་ངོ་བོ་ནི་གཟུགས་ལ་སོགས་པ་ཉིད་དེ། འདིར་ཡང་སོགས་པའི་སྒྲས་སྡུག་བསྔལ་དང་ཀུན་འབྱུང་དང་མི་རྟག་པ་དང་བདག་མེད་པ་ལ་སོགས་པ་ཉིད་དུ་ཉེ་བར་བསྟན་པ་ཉིད་དུ་གཟུང་ངོ་། །ཡང་ཅི་སྟེ་འོ་ན་ནམ་མཁའ་བཞིན་

དུ་རྟག་ཏུ་གནས་པའི་ཕྱིར་ཇི་ལྟར་འདས་པ་ལ་སོགས་པ་རྣམ་པར་གཞག་སྙམ་ན། དུས་ཐ་དད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གང་གི་ཕྱིར་བྱ་བ་ཐོབ་པ་ནི་ད་ལྟར་ཞེས་བྱ་ལ། བྱ་བ་ཞིག་པ་ནི་འདས་པ་ཡིན་ཞིང་བྱ་བ་མ་ཐོབ་པ་ནི་མ་འོངས་པ་ཡིན་པའི་ཕྱིར་བྱ་བའི་སྒོ་ནས་དུས་རྣམ་པར་

གཞག་གོ། །ཡང་འདི་བྱ་བ་ཅི་ལ་འདོད། །གལ་ཏེ་དཔེར་ན་གང་གི་ཕྱིར་མིག་གིས་མཐོང་ངོ་། །རྣ་བས་ཐོས་སོ། །སྣས་ཚོར་རོ། །ལྕེས་མྱང་ངོ་ཞེས་བྱ་བ་ལ་སོགས་པ་ལ་མིག་ལ་སོགས་པ་ལྔ་རྣམས་ཀྱི་ལྟ་བ་ལ་སོགས་པ་དང་། རྣམ་པར་ཤེས་པར་བྱེད་པའི་ཕྱིར་རྣམ་པར་ཤེས་པའི་ཡང་ཤེས་

པ་པོ་ཉིད་དོ། །གཟུགས་ལ་སོགས་པ་ཡང་དབང་པོའི་སྤྱོད་ཡུལ་ཡིན་པ་ལྟར་མཐོང་བ་ལ་སོགས་པའི་མཚན་ཉིད་ཀྱི་བྱ་བ་ཡིན་ནོ། །དེ་ལྟར་ཡིན་ན་ད་ལྟར་བྱུང་བའི་མིག་དེ་དང་མཚུངས་པ་གཉིད་ལོག་པའི་གནས་སྐབས་ན་བྱ་བ་མེད་པའི་ཕྱིར་ད་ལྟར་བྱུང་བ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་བྱ་བའི་

མཚན་ཉིད་ནི་འབྲས་བུ་འབྱིན་པ་དང་འཛིན་པ་ཡིན་ཏེ། དཔེར་ན་མིག་གི་སྐྱེ་བ་ལ་སོགས་པའི་ཆོས་ལྷན་ཅིག་འབྱུང་བ་རྣམས་ནི་སྐྱེས་བུ་བྱེད་པའི་འབྲས་བུ་ཡིན་ལ། མཇུག་ཐོགས་སུ་བྱུང་བའི་མིག་གི་དབང་པོ་ནི་སྐྱེས་བུ་བྱེད་པའི་འབྲས་བུ་དང་བདག་པོའི་འབྲས་བུ་དང་རྒྱུ་མཐུན་པའི་འབྲས་

བུ་ཡིན་པའི་རང་བཞིན་ནོ། །འདི་ནི་འབྲས་བུ་སྐྱེད་པར་བྱེད་པའི་ཕྱིར་འབྱིན་པར་བྱེད་པ་ཡིན་ལ་རྒྱུའི་དངོས་པོར་གནས་པའི་ཕྱིར་འཛིན་པ་ཡིན་པས་མིག་ད་ལྟར་བྱུང་བ་ཞེས་བྱའོ་ཞེ་ན། འོ་ན་དེ་ལྟར་ན་སྐལ་བ་མཉམ་པ་དང་ཀུན་དུ་འགྲོ་བ་དང་རྣམ་པར་སྨིན་པའི་རྒྱུ་འདས་པ་དང་མ་འོངས་པ་རྣམས་ཀྱང་

འབྲས་བུ་འབྱིན་པར་ཁས་ལེན་པའི་ཕྱིར་ད་ལྟར་བྱུང་བ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་སྟེ་འབྲས་བུ་འབྱིན་པ་དང་འཛིན་པའི་མཚན་ཉིད་ཀྱི་བྱ་བ་མཐའ་དག་ལ་ཡོད་པར་འདོད་ན། དེ་ལྟ་ན་ཡང་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་འདས་པ་ཡང་ད་ལྟ་བར་ཐལ་བར་འགྱུར་ནས་འཇིགས་ནས།

Vol. 192 · folio 83a

སློབ་དཔོན་འདུས་བཟང་གིས་སྨྲས་པ། འབྲས་བུ་འཕེན་པའི་ནུས་པ་ཆོས་རྣམས་ཀྱིས་བྱ་བར་བརྗོད་ཀྱི། འབྲས་བུ་སྐྱེད་པར་ནི་མ་ཡིན་ནོ། །སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་འདས་པ་རྣམས་ལ་ནི་འབྲས་བུ་འཕེན་པ་ཡོད་པ་ཡང་མ་ཡིན་ཏེ། ད་ལྟ་བའི་

གནས་སྐབས་ན་འཕངས་ཟིན་པའི་ཕྱིར་རོ། །འཕངས་ཟིན་པ་ཡང་འཕེན་པར་རིགས་པ་མ་ཡིན་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདས་པ་རྣམས་ལ་བྱ་བ་སྲིད་པ་མ་ཡིན་པའི་ཕྱིར་མཚན་ཉིད་འཆོལ་བར་འགྱུར་བ་མ་ཡིན་ནོ་ཞེའོ། །དེ་དག་གིས་

ནི་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། བྱ་བ་དེ་ཆོས་ལས་གཞན་ནམ་གཞན་མ་ཡིན་པ་ཞེས་བྱ་བ་དེ་དག་གིས་ཁས་བླང་བར་བྱ་དགོས་ཏེ། གཞན་དང་གཞན་མ་ཡིན་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་གཅིག་དགག་པ་ནི་གཞན་

སྒྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་དངོས་པོའི་གོ་སྐབས་གཞན་ཡོད་པ་མ་ཡིན་ནོ། །དེ་ལ་གལ་ཏེ་གཞན་ཡིན་པ་དེའི་ཚེ་ད་ལྟར་བྱུང་བའི་སྔར་དང་ཕྱིས་ཀྱི་གནས་སྐབས་དག་རང་བཞིན་མེད་པ་ཉིད་དུ་འགྱུར་ཏེ། རྒྱུ་ཉིད་དང་འདུས་བྱས་ཉིད་ལ་སོགས་པའི་ཕྱིར་ནི་གཏན་ཚིགས་

སོ། །བྱ་བ་བཞིན་དུ་ནི་དཔེའོ། །སོགས་པའི་སྒྲས་ནི་དངོས་པོ་ཉིད་ལ་སོགས་པ་གཟུང་ངོ་། །དེ་ལྟ་མ་ཡིན་ན་གལ་ཏེ་སྔ་མ་དང་ཕྱི་མ་རང་བཞིན་མེད་པ་ཉིད་དུ་གྱུར་ན། དེའི་ཚེ་རང་བཞིན་ཐམས་ཅད་དུ་གནས་པའི་ཕྱིར་འདུས་བྱས་ཐམས་ཅད་རྟག་པ་ཉིད་དུ་འགྱུར་རོ། །དུས་ཐམས་

ཅད་དུ་ཡོད་པ་ལས་མ་གཏོགས་པའི་རྟག་པའི་མཚན་ཉིད་ཡོད་པ་ཡང་མ་ཡིན་ཏེ། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །ཅེས་གང་བཤད་པ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་རྟག་པ་དང་ནུས་པ་དང་རྒྱུ་ཉིད་དང་འདུས་བྱས་ཉིད་ལ་སོགས་པའི་གཏན་ཚིགས་

ཇི་ལྟར་བསྒྲུབ་པར་བྱ་བའི་མི་མཐུན་པའི་ཕྱོགས་དང་འགལ་བ་ཡིན་ཞེ་ན། རྟག་པའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཞེས་བྱ་བ་ནི་བརྟན་པའི་དངོས་པོ་རྟག་པར་དེ། འདུས་བྱས་ཐམས་ཅད་མི་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རྟག་པ་ལས་འདུས་བྱས་ཉིད་སྲིད་པ་མ་ཡིན་

Vol. 192 · folio 83b

ཞེས་གསལ་བར་ངེས་པར་བྱའོ། །གཞན་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་མ་གཏོགས་པའི་བྱ་བ་རྗོད་པར་བྱེད་ན། གྲུབ་པའི་མཐའ་དང་འགལ་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་བྲམ་ཟེ་ཐམས་ཅད་ཅེས་བྱ་བ་ནི་འདི་ལྟ་སྟེ། ཕུང་པོ་ལྔ་དང་སྐྱེ་མཆེད་བཅུ་གཉིས་དང་ཁམས་

བཅོ་བརྒྱད་དོ་ཞེས་གསུངས་པ་ཡིན་ནོ། །ཅི་སྟེ་བྱ་བ་གཞན་མ་ཡིན་པར་ཁས་ལེན་པར་བྱེད་པ་དེའི་ཚེ། ཆོས་ཀྱི་རང་གི་ངོ་བོ་བཞིན་དུ་དེ་ལས་ཐ་མི་དད་པའི་ཕྱིར་དེ་ཡང་དུས་ཐམས་ཅད་པར་འགྱུར་ཏེ། དེ་ལྟ་ཡིན་དང་བྱ་བ་ཞིག་པ་ནི་འདས་པ་དང་དེ་ཐོབ་པ་ནི་ད་ལྟར་བྱུང་བ་ཡིན་ཞིང་དེ་མ་ཐོབ་

པ་ནི་མ་འོངས་པ་ཞེས་བྱ་བའི་དབང་གིས་དུས་ལ་སོགས་པའི་རྣམ་པར་དབྱེ་བ་འདིར་མི་འགྱུར་རོ། །གལ་ཏེ་གང་གི་ཕྱིར་བྱ་བ་འདིའི་རྣམ་པར་དབྱེ་བས་ཞིག་པ་དང་ཐོབ་པ་དང་མ་ཐོབ་པ་དག་ཏུ་འགྱུར་བ་དེའི་ཚེ་དུས་ཀྱི་རྣམ་པར་དབྱེ་བ་འདིར་འགྱུར་ན། དེ་དག་གི་རྣམ་པར་ཕྱེ་ནས་ཡོད་པ་མ་ཡིན་ན་སྟེ།

རྟག་ཏུ་གནས་པས་གཅིག་གི་ངོ་བོ་ལ་རྣམ་པར་དབྱེ་བ་མེད་པའི་ཕྱིར་རོ། །གཞན་ཡང་བྱ་བ་ལས་ཐ་མི་དད་པའི་ཕྱིར་ཆོས་ཀྱང་བྱ་བ་བཞིན་དུ་སྔ་མ་དང་ཕྱི་མའི་མཐས་སྟོང་པའི་ཡོད་པ་དང་ལྡན་པར་འགྱུར་རོ། །སྔོན་དང་ཕྱི་མའི་རྣམ་པར་གཅོད་པ་ནི་སྔ་མ་དང་ཕྱི་མའི་མཐས་སྟོང་པའོ། །དེ་ནི་དབུས་

ཙམ་ཡང་ཡིན་ལ་ཡོད་པ་ཡང་ཡིན་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་འདི་ལ་ཡོད་པས་དེ་དང་ལྡན་པའོ། །བྱ་བ་རྟག་ཏུ་ཞེས་བྱ་བ་ལ་སོགས་པས་ཕན་ཚུན་འགལ་བ་ཁས་བླངས་པའི་སྒོ་ནས་བཞད་གད་དུ་བྱེད་པ་ཡིན་ནོ། །འོ་ན་དེ་ལྟ་ན་གཟུགས་ལ་སོགས་པའི་ཆོས་རྟག་ཏུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་

ཐལ་བར་འགྱུར་ཏེ། བྱ་བ་ལས་ཐ་མི་དད་པའི་ཕྱིར་རོ་ཞེ་ན། ཆོས་ནི་རྟག་ཏུ་ཡོད་པར་བརྗོད། །ཅེས་བྱ་བ་སྨོས་ཏེ། དེ་ལྟ་ན་ཡང་ཆོས་ལས་བྱ་བ་གཞན་ཉིད་དུ་ཐལ་བར་འགྱུར་རོ་ཞེ་ན། བཤད་པར་བྱ་བ་ཡང་ཆོས་ལས་གཞན་མ་ཡིན། ལྷ་ནི་དབང་ཕྱུག་ལ་སོགས་པ་སྟེ། དེ་དག་ནི་རིགས་པ་དང་

མི་རིགས་པ་དང་སྤྱོད་པ་མེད་པར་རང་དབང་དུ་འཇུག་སྟེ། དེ་དག་ནི་འདོད་པ་ཇི་ལྟ་བ་བཞིན་དུ་རང་དབང་དུ་འཇུག་པའི་ཕྱིར་རིགས་པ་དང་མི་རིགས་པས་ལྟ་བར་མི་བྱེད་དེ། འདི་ཡང་དེ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཞན་ཡང་བྱ་བ་གཞན་གྱིས་མ་འོངས་པ་ལ་སོགས་པ་ཉིད་དུ་འདོད་ན།

Vol. 192 · folio 84a

འོ་ན་བྱ་བའི་སྒོ་ནས་དུས་རྣམས་རྣམ་པར་གཞག་གོ་ཞེས་བརྗོད་པར་མི་བྱ་སྟེ། འཁྲུལ་བའི་ཕྱིར་རོ། །ཅི་སྟེ་བྱ་བ་རང་གི་ངོ་བོ་ཡོད་པ་ལ་ལྟོས་ནས་མ་འོངས་པ་ལ་སོགས་པ་ཡོད་པ་ཉིད་དུ་རྣམ་པར་འཇོག་པ་དེ་བཞིན་དུ་དངོས་པོ་རྣམས་ཀྱང་མ་འོངས་པ་ལ་སོགས་པ་ཉིད་དུ་

འགྱུར་བའི་ཕྱིར། བྱ་བ་བརྟགས་པས་ཅི་ཞིག་བྱ། །ཡང་འཁྲུལ་པའི་སྐྱོན་དུ་འགྱུར་ན་མི་རུང་ངོ་སྙམ་པས་བྱ་བ་ལ་ཡང་བྱ་བ་ཁས་ལེན་པར་བྱེད་པ་དེའི་ཚེ། དེ་ལ་ཡང་ཐ་དད་པ་ལ་སོགས་པ་བསམ་པའི་བརྒལ་ཞིང་བརྟག་པ་མཚུངས་པ་དང་། ཐུག་པ་མེད་པའི་ཉེས་པ་ཡོད་དོ། །གཞན་མ་

ཡིན་པ་ཉིད་ཡིན་ན་ཡང་བྱ་བ་དུས་ཐམས་ཅད་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་ཆོས་ཀྱི་རང་གི་ངོ་བོ་བཞིན་ནོ་ཞེས་གང་སྨྲས་པ་འདི་ལ། བཙུན་པ་འདུས་བཟང་གིས་སྨྲས་པ། རང་གི་ངོ་བོ་ལས་ཐ་མི་དད་ཀྱང་ཆོས་ཁྱད་པར་དུ་བྱེད་པར་མཐོང་སྟེ། དཔེར་ན་ས་ལ་སོགས་པ་

རྣམས་ཀྱི་ཐོགས་པ་དང་བཅས་པ་ཉིད་ལ་སོགས་པ་བཞིན་ནོ། །དཔེར་ན་དེ་དག་ནི་དོན་ཇི་ལྟ་བ་བཞིན་དུ་ཁྱད་པར་མེད་ཀྱང་ཐོགས་པ་དང་བཅས་པ་དང་ཐོགས་པ་མེད་པར་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་ཞེས་བྱ་བའི་བར་རང་གི་ངོ་བོ་ལས་ཐ་མི་དད་པའི་ཆོས་ཀྱིས་ཁྱད་པར་དུ་བྱེད་པ་རྟོག་པ་

དེ་བཞིན་དུ་བྱ་བས་ཀྱང་ཆོས་ཡིན་ནོ་ཞེས་བྱ་བ་འདི་ནི་སྐབས་ལ་ཉེ་བར་མཁོ་བ་མ་ཡིན་ཏེ། འདི་ལྟར་འདིར་དངོས་པོ་ལས་བྱ་བ་ཐ་མི་དད་པར་ཁས་བླངས་པ་ན་གཅིག་གི་བདག་ཉིད་དུ་གྱུར་པའི་དངོས་པོའི་བྱ་བ་ཁྱད་པར་མེད་པའི་ཕྱིར་དེའི་དབང་གིས་དུས་ཀྱི་རྣམ་པར་དབྱེ་བ་འདི་མི་འཐད་པ་

ཡིན་ནོ་ཞེས་བྱ་བ་འདི་ནི་སྐབས་ཡིན་ནོ། །ས་ལ་སོགས་པ་ནི་ཕན་ཚུན་རང་གི་མཚན་ཉིད་ཐ་དད་པའི་ཕྱིར་ཐ་དད་པ་ཡིན་ནོ་ཞེས་བྱ་བ་རིགས་ཏེ། གང་གི་ཕྱིར་ལ་ལ་ནི་ཐོགས་པ་དང་བཅས་པར་འགྱུར་ལ། དཔེར་ན་ཚོར་བ་ལ་སོགས་པ་ལྟ་བུར་ཁ་ཅིག་ནི་ཐོགས་པ་མེད་པ་ཉིད་ཡིན་གྱི། ཐོགས་

པ་དང་བཅས་པ་གང་ཡིན་པ་དེ་ཁོ་ན་ཐོགས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་ནོ། །གང་གི་ཕྱིར་ཆོས་གང་ཞིག་རེས་འགའ་ཐོགས་པ་དང་བཅས་པ་ཉིད་ལ་སོགས་པ་དང་བཅས་པར་འགྱུར་བས་ས་ལ་སོགས་པ་དངོས་པོའི་བདག་ཉིད་རྗེས་སུ་འགྲོ་བ་གཅིག་པོ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །

Vol. 192 · folio 84b

འོ་ན་ཅི་ཞེ་ན། དངོས་པོ་ཆ་ཤས་མེད་པ་ཉིད་དེ་ལྟར་ཏེ་རིགས་མཐུན་པ་དང་རིགས་མི་མཐུན་པ་ལས་ལྡོག་པར་བསྟན་པ་ཡིན་ཏེ། རང་གི་ངོ་བོ་ལས་ཐ་མི་དད་པའི་ཆོས་གཅིག་ཐ་དད་པར་བྱེད་པར་རིགས་པ་མ་ཡིན་ནོ། །གལ་ཏེ་རང་གི་ངོ་བོ་ལས་ཐ་མི་དད་པའི་ཆོས་ཐ་དད་དུ་བྱེད་པར་གྱུར་ན། ཇི་ལྟར་

གཟུགས་ཀྱི་ཐོགས་པ་དང་བཅས་པ་ཞེས་ཐ་དད་པའི་ཐ་སྙད་ཡིན་ཞེ་ན། གཟུགས་ཀྱི་དེ་ཞེས་བྱ་བའི་སྒྲས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཞེས་བྱ་བ་ནི་ཐོགས་པ་དང་བཅས་པ་ཉིད་དོ། །སྒྲ་ཞེས་བྱ་བ་ནི་གཟུགས་ཀྱི་ཐོགས་པ་དང་བཅས་པ་ཞེས་བྱ་བ་འདིས་སོ། །ཁྱད་པར་གཞན་

མི་འཕེན་པ་ཡིས། །ཞེས་བྱ་བ་ནི་ཁྱད་པར་གཞན་སྤངས་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བརྗོད་ཅེས་བྱ་བ་ནི་ཐ་དད་པ་ལྟ་བུར་རོ། །འདི་ལ་དཔེ་བཤད་པ་ནི། སེམས་ཀྱི་བག་ཆགས་ཀྱང་ཡང་ཡིན། །ཞེས་བྱ་བ་སྟེ། ཀྱང་ཡང་ཞེས་བྱ་བའི་ཚིག་ཕྲད་གཉིས་ཚོགས་ནས་ལྟ་བུའི་དོན་དུ་བལྟ་

བར་བྱའོ། །ཡང་དེ་ཉིད་ཀྱིས་སྨྲས་པ། བྱ་བ་ཆོས་ལས་གཞན་མ་ཡིན་ཏེ། དེ་ལས་ཐ་དད་དུ་རང་བཞིན་དམིགས་པའི་ཕྱིར་རོ། །ཆོས་ཙམ་ཡང་མ་ཡིན་ཏེ། རང་བཞིན་ཡོད་ན་ཡང་རེས་འགའ་མེད་པའི་ཕྱིར་རོ། །མེད་པ་ཡང་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་དང་། བྱ་བ་ཡང་སྔར་

མེད་པའི་ཕྱིར་རྒྱུན་བཞིན་ནོ། །དཔེར་ན་ཆོས་བར་མེད་པར་འབྱུང་བ་ནི་རྒྱུན་ཞེས་བྱ་ལ། འདི་ཆོས་ལས་ཐ་དད་པ་ཡང་མ་ཡིན་ཏེ། དེ་དང་མ་ཕྱེ་བར་གཟུང་བར་བྱ་བའི་ཕྱིར་རོ། །ཆོས་ཙམ་ཡང་མ་ཡིན་ཏེ། སྐད་ཅིག་གཅིག་ཉིད་ཀྱང་རྒྱུན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མེད་པ་

ཡང་མ་ཡིན་ཏེ། འབྲས་བུ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །ཡང་བཤད་པ། འབྲས་བུའང་རྒྱུན་ལ་མངོན་འདོད་ཅིང་། །རྒྱུན་དེའང་འགའ་ཡང་ཡོད་མ་ཡིན། །བྱ་བའི་སྒོ་ནས་དུས་གྲུབ་པ། །དེ་ལྟར་རིགས་པས་རྟོགས་པར་གྱིས། །ཞེས་པའོ། །འདིར་སྨྲས་པ། ཅི་སྟེ་རྒྱུན་ལ་

སོགས་ཞེས་བྱ་བ་ལ་སོགས་པ་ལ། རྒྱུན་ལ་སོགས་པ་བཞིན་ཞེས་བྱ་བའི་སོགས་པའི་སྒྲས་ཚོགས་པ་ལ་སོགས་པ་གཟུང་ངོ་། །ཇི་ལྟར་རྒྱུན་ཅན་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར། གང་ཟག་དང་རྒྱུན་རང་བཞིན་མེད་པ་དེ་བཞིན་དུ་བྱ་བ་ཡང་རང་བཞིན་མེད་པར་འགྱུར་རོ། །

Vol. 192 · folio 85a

རང་བཞིན་ཞིག་ཡིན་ན་ནི་གདོན་མི་ཟ་བར་དེ་ཉིད་དམ་གཞན་དུ་འགྱུར་བ་ཡིན་ཏེ། དེ་ལྟ་ཡིན་དང་བྱ་བ་དེ་བརྟགས་པ་ཡིན་པའི་ཕྱིར་རྒྱུན་བཞིན་དུ་འབྲས་བུ་འགའ་ལ་ཡང་ཉེ་བར་སྦྱོར་བ་མ་ཡིན་ནོ། །བརྟགས་པའི་རྒྱུ་ནི་འབྲས་བུ་འགའ་ཞིག་ལ་ཡང་ཉེ་བར་སྦྱོར་བ་ཡོད་པ་མ་

ཡིན་ཏེ། དེ་ནི་རང་བཞིན་མེད་པ་ཡིན་པའི་ཕྱིར་ལ་འབྲས་བུ་སྐྱེ་བ་ནི་རང་བཞིན་དང་འབྲེལ་པའི་ཕྱིར་རོ། །དེ་ལྟ་བས་ན་རྒྱུན་ཅན་གྱི་རང་བཞིན་གྱིས་དངོས་པོའི་རང་བཞིན་ཉིད་དོན་བྱེད་པར་ནུས་པ་ཡིན་གྱི། རྒྱུན་བརྟགས་པ་ནི་མ་ཡིན་ནོ། །དེ་ལྟ་ཡིན་དང་བྱ་བ་བརྟགས་སུ་ཡོད་པ་

ཡིན་པའི་ཕྱིར་སྔ་མ་བཞིན་དུ་ཕྱིས་ཀྱང་དོན་དམ་པར་ཡོད་པ་མ་ཡིན་པའི་ཕྱིར་དེའི་དབང་གིས་དུས་གསུམ་རྣམ་པར་གཞག་ན་ཡང་བརྟགས་པ་ཉིད་དུ་འགྱུར་གྱི་ཡང་དག་པ་ནི་མ་ཡིན་ནོ། །ཡང་ཅི་སྟེ་བྱ་བ་བརྟགས་སུ་ཡོད་པ་དང་དེས་བྱས་པའི་དུས་རྣམ་པར་གཞག་པ་ཡང་བརྟགས་སུ་

ཡོད་པ་ཡིན་ལ་རག་མོད་དེ་ལས་སྐྱོན་ཅིར་འགྱུར་སྙམ་ན། བྱ་བར་བརྗོད་པ་ཞེས་བྱ་བ་སྨོས་ཏེ། འབྲས་བུ་འཕེན་པའི་ནུས་པ་ནི་ཆོས་རྣམས་ཀྱི་བྱ་བ་ཡིན་ནོ་ཞེས་བྱ་བར་ཁྱེད་ཅག་གིས་བརྗོད་ལ། འབྲས་བུ་འཕེན་པའི་ནུས་པ་གང་ཡིན་པ་སྟེ་དངོས་པོའི་རང་གི་མཚན་ཉིད་ལས་གཞན་

ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ཉིད་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་སྒྲའི་སྤྱོད་ཡུལ་མ་ཡིན་ཏེ། ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར་ལ། རང་གི་མཚན་ཉིད་ལ་སྒྲ་མི་འཇུག་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ནུས་པ་ཉིད་དངོས་པོ་ཡིན་གྱི་གཞན་མ་ཡིན་པའི་ཕྱིར་ཇི་ལྟར་ནུས་པ་དེ་ཐ་སྙད་དུ་

ཡོད་པར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་དེའི་དབང་གིས་དུས་རྣམ་པར་གཞག་པ་དེ་ཁོ་ན་ཉིད་དུ་འདོད་པར་བྱ་དགོས་སོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གང་མེ་ལ་སོགས་པའི་ངོ་བོ་བསྲེག་པ་དང་འཚེད་པ་ལ་སོགས་པ་དོན་བྱ་བ་བྱེད་པར་

དམིགས་པ་ཉིད་ཅི་འདས་པ་དང་མ་འོངས་པའི་གནས་སྐབས་ཡིན་ནམ། འོན་ཏེ་གཞན་ཡིན། གལ་ཏེ་དེ་ཉིད་ཡིན་ན་ཁྱད་པར་མེད་པའི་དངོས་པོ་གཅིག་ལ་གང་གིས་གོ་རིམས་བཞིན་དུ་མ་འོངས་པ་དང་། འདས་པ་དང་ད་ལྟར་རྣམ་པར་འཇོག་པར་འགྱུར་བ་ཇི་ལྟར་མི་བྱེད་པ་ལ་སོགས་

Vol. 192 · folio 85b

པའི་ཆོས་ཕན་ཚུན་འགལ་བའི་ཆོས་ཡོད་པར་འགྱུར། གལ་ཏེ་འགལ་བའི་ཆོས་དང་ལྡན་པ་ཡང་གཅིག་ཏུ་གྱུར་ན། འོ་ན་དེ་ཐ་དད་པར་རྣམ་པར་མི་གཞག་གོ། །དེ་ལྟ་ཡིན་དང་འགྲོ་བ་ཐམས་ཅད་གཅིག་ཉིད་དུ་འགྱུར་ལ། གཅིག་ཉིད་ཡིན་ན་ཡང་ལྷན་ཅིག་སྐྱེ་བ་ལ་སོགས་པར་ཐལ་བར་འགྱུར་

རོ། །ཡང་ཅི་སྟེ་གནས་སྐབས་སྤངས་པ་དང་ཡོངས་སུ་འཛིན་པའི་བྱེ་བྲག་གིས་ཐ་དད་པའི་ཕྱིར་དུས་རྣམས་སུ་དངོས་པོ་ཁྱད་པར་མེད་དོ་ཞེས་རྟོག་ན། དེ་ལྟ་ན་ཡང་ཅི་གནས་སྐབས་དེ་དག་དངོས་པོ་ལས་ཐ་དད་པ་ཡིན་པ་ཡིན་ནམ་འོན་ཏེ་ཐ་མི་དད་པ་ཡིན་ཞེས་བྱ་བ་བརྗོད་པར་བྱ་དགོས་སོ། །ཕ་རོལ་

པོས་མ་ཡིན་ཞེས་བྱ་བ་སྨོས་ཏེ། དངོས་པོ་ལས་ཐ་དད་པ་ཡིན་ཞེས་འབྲེལ་ཏེ། །ཅིའི་ཕྱིར་ཞེ་ན། དངོས་པོ་བྱེད་པོ་མི་ཐོབ་ཕྱིར་ཏེ། བྱེད་པ་པོ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གནས་སྐབས་དེ་དག་ཉིད་དུ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་འབྲས་བུ་ལ་ནུས་པ་གྲུབ་པའི་ཕྱིར་

རོ། །འདིར་སྐྱོན་བཤད་པ་ནི། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་གནས་སྐབས་དངོས་པོ་ལས་ཐ་མི་དད་པར་ཤེས་པར་འགྱུར་རྟོགས་པར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ། །གང་གི་ཕྱིར་གནས་སྐབས་མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་འཇིག་པར་འགྱུར་བ་དེ་ལྟར་དངོས་པོ་ནི་མི་

འདོད་དེ། ཐམས་ཅད་དུ་ཡོད་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་དེའི་བདག་ཉིད་དེ་དག་ནི་མ་བྱུང་བ་ལས་བྱུང་བ་དང་བྱུང་ནས་ཀྱང་འཇིག་པ་ཇི་ལྟར་རིགས་པ་ཡིན། མ་ཡིན་པ་ཁོ་ན་སྟེ། གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། དེའི་བདག་ཉིད་ཡིན་ན་དེ་དག་

ཀྱང་རྟག་ཏུ་ཡོད་པ་ཉིད་དུ་ཐལ་བར་འགྱུར་ཏེ། དངོས་པོའི་རང་བཞིན་དེ་ལས་ཐ་མི་དད་པའི་ཕྱིར་རོ། །དངོས་པོ་ཡིན་ན་ཡང་མ་བྱུང་བ་ལས་བྱུང་བ་ལ་སོགས་པ་ཐལ་བར་འགྱུར་ཏེ། གནས་སྐབས་ཀྱི་རང་བཞིན་ནོ། །གནས་སྐབས་ཐ་དད་པ་ཡོངས་སུ་བརྟགས་པ་ཡིན་དུ་ཆུག་མོད། དེ་ལྟ་ན་

ཡང་འགལ་བའི་ཆོས་དང་ལྡན་པ་མ་སྤངས་པ་ཁོ་ན་ཡིན་ཏེ། འདི་ལྟར་དབུས་ཀྱི་གནས་སྐབས་ཀྱི་དངོས་པོ་ཅི་རང་གི་ངོ་བོས་བྱེད་པ་ཡིན་ནམ། འོན་ཏེ་གཞན་གྱི་ངོ་བོས་ཡིན། གལ་ཏེ་རང་གི་ངོ་བོས་ཡིན་ན། ངོ་བོ་དེ་ཉིད་འདས་པ་དང་མ་འོངས་པའི་གནས་སྐབས་གཞན་དག་ལ་ཡོད་པའི་ཕྱིར།

Vol. 192 · folio 86a

འདིའི་བྱེད་པའི་རང་བཞིན་མི་བྱེད་པ་དང་བྱེད་པ་ཞིག་པ་ཇི་ལྟར་འགྱུར། ཅི་སྟེ་གཞན་གྱི་ངོ་བོ་ཡིན་ན་དེའི་ཚེ། ཡང་འདིའི་བྱེད་པ་པོ་མ་ཡིན་པ་ཐོབ་པར་འགྱུར་བས་དངོས་པོ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་རེ་ཞིག་མེ་ལ་སོགས་པའི་རང་བཞིན་དེ་ཉིད་འདས་པ་དང་

མ་འོངས་པ་ལ་སོགས་པའི་གནས་སྐབས་སུ་མི་རིགས་སོ། །འོན་ཏེ་གཞན་ཡིན་ན་ཕྱོགས་འདི་ལ་གཅིག་ལ་བྱེད་པ་དང་མི་བྱེད་པ་ལ་སོགས་པ་ཕན་ཚུན་འགལ་བའི་ཆོས་འཆོལ་བ་ལ་སོགས་པའི་སྐྱོན་དུ་མི་འགྱུར་ཏེ། དངོས་པོ་ཐ་དད་པའི་ཕྱིར་རོ། །འོན་ཀྱང་སྲེག་པ་དང་འཚེད་པ་ལ་

སོགས་པའི་འབྲས་བུ་ལ་རུང་བའི་མེ་ལ་སོགས་པའི་དངོས་པོ་གང་ཡིན་པ་དེ་མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་འཇིག་པར་འགྱུར་བའི་ཕྱིར་དེའི་ཚེ་ཡོད་པ་ཉིད་དུ་ཁས་ལེན་པ་དང་འགལ་བར་འགྱུར་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །གལ་ཏེ་ཡང་འདི་སྙམ་དུ་འབྲས་བུ་ལ་བྱུང་བ་

ཉིད་མ་བྱུང་བ་ལས་བྱུང་ཞིང་བྱུང་ནས་ཀྱང་འཇིག་པར་འགྱུར་བ་དེ་ལྟ་ན་ཡང་ན་འདས་པ་དང་མ་འོངས་པའི་གནས་སྐབས་ཀྱི་འབྲས་བུ་ལ་རུང་བ་མ་ཡིན་པའི་དངོས་པོ་ཡོད་པ་ཉིད་ཡིན་ལ། དེ་ལྟ་ཡིན་དང་རྟག་ཏུ་ཡོད་པ་ཉིད་དུ་ཁས་བླངས་པ་དང་འགལ་བ་མ་ཡིན་ནོ་སྙམ་དུ་སེམས་ན། དོན་

བྱེད་ནུས་པ་ཞེས་བྱ་བ་སྨོས་ཏེ། དེ་ཉིད་ཅེས་བྱ་བ་ནི་དོན་བྱེད་ནུས་པའོ། །དེ་དག་ལ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པའི་གནས་སྐབས་དག་ལའོ། །གང་ཡོད་ཅེས་བྱ་བ་ནི་འབྲས་བུ་ལ་རུང་བ་མ་ཡིན་པའོ། །ཡང་ཅི་སྟེ་སྐལ་བ་མཉམ་པའི་རྒྱུ་ལ་སོགས་པ་འདས་པ་འབྲས་བུ་ལ་རུང་བ་ཉིད་

དུ་འདོད་དེ། དེ་བས་ན་དེ་ལས་འབྲས་བུ་མི་འབྱུང་ཞེས་བྱ་བ་འདི་མ་གྲུབ་པ་ཡིན་ནོ་སྙམ་ན། མ་བྱུང་བ་ལས་ཞེས་བྱ་བ་སྨོས་ཏེ། རེས་འགའ་བ་ནི་ཉིད་ཀྱིས་ཀྱང་ཞེས་བྱ་བ་ནི། གཞན་བཞིན་གསལ་བར་ད་ལྟར་འགྱུར། །ཞེས་བྱ་བ་དང་སྦྲེལ་བར་བྱའོ། །གཞན་བཞིན་ཞེས་བྱ་བ་ནི་རྩོད་པའི་

གཞིར་མ་གྱུར་པའི་ད་ལྟར་བ་བཞིན་ནོ། །གཏན་ཚིགས་འདི་རྗེས་སུ་འགྲོ་བ་མེད་པ་ཡང་མ་ཡིན་ཏེ། འདི་ལྟར་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་དོན་གང་ཡིན་པ་དེ་ནི་ད་ལྟར་ཞེས་བྱ་ལ་གང་ཡང་རེས་འགའ་བ་ནི་གདོན་མི་ཟ་བར་རྒྱུ་དང་རྐྱེན་དག་གིས་བསྐྱེད་པ་ཡིན་ནོ། །འདི་ལྟར་རྒྱུ་མེད་པ་ལ་ནི་

Vol. 192 · folio 86b

གོ་སྐབས་གཉིས་ཡོད་དེ། རྟག་ཏུ་ཡོད་པའམ་མེད་པ་ཉིད་དེ། གཞན་ལ་མི་ལྟོས་པའི་ཕྱིར་རོ། །དེ་ལྟ་བས་ན་གང་རེས་འགའ་བ་ཡིན་པ་དེ་ནི་གདོན་མི་ཟ་བར་རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ཡིན་ལ། གང་ཡང་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་ཡོད་པ་དེ་ནི་གདོན་མི་ཟ་བར་ད་ལྟར་བྱུང་བ་ཡིན་པའི་ཕྱིར་

ད་ལྟར་བྱུང་བས་རེས་འགའ་བ་ཉིད་ལ་ཁྱབ་པར་གྲུབ་པོ། །གཞན་ཡང་གལ་ཏེ་འདས་པ་དང་མ་འོངས་པ་རྫས་སུ་ཡོད་པ་ཡིན་པ་དེའི་ཚེ་འདུས་བྱས་ཐམས་ཅད་རྟག་པ་ཉིད་དུ་ཐལ་བར་འགྱུར་ལ། དེ་ལྟ་ཡིན་དང་གཟུགས་ལ་སོགས་པ་སོ་སོར་བརྟགས་པའི་འགོག་པ་ལ་སོགས་པ་ལས་ཁྱད་པར་

དུ་མི་འགྱུར་རོ། །ཅི་སྟེ་གཟུགས་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དང་ལྡན་པའི་ཕྱིར་འདུས་བྱས་ཉིད་ཡིན་གྱི་ནམ་མཁའ་ལ་སོགས་པ་ནི་མ་ཡིན་ཏེ། དེས་ན་གཟུགས་ལ་སོགས་པ་ལས་སོ་སོར་བརྟགས་པའི་འགོག་པ་མི་འདྲ་བར་འགྱུར་རོ་ཞེས་བྱ་བར་གཞན་དག་གིས་འདོད་ན་དེ་ནི་

ཡང་དག་པ་མ་ཡིན་ཏེ། འདི་ལྟར་སྐྱེ་བ་དང་རྒ་བ་དང་གནས་པ་དང་མི་རྟག་པ་ཞེས་བྱ་བ་བཞི་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དག་ཡིན་ནོ། །དེ་ལ་སྐྱེ་བས་སྐྱེད་པར་བྱེད་དོ། །གནས་པས་གནས་པར་བྱེད་དོ། །རྒས་པས་རྒས་པར་བྱེད་དོ། །མི་རྟག་པས་འཇིག་པར་བྱེད་དོ་ཞེས་བྱ་བ་འདི་

དག་གི་བྱ་བ་ནི་སྐྱེད་པ་ལ་སོགས་པ་འདི་དག་ཡིན་ནོ། །དེ་ལ་རེ་ཞིག་སྐྱེ་བ་ནི་ཁྱབ་པར་གང་ཞིག་སྐྱེད་པར་བྱེད་པ་ན་གཟུགས་ལ་སོགས་པའི་སྐྱེད་པར་བྱེད་པ་ཞེས་བརྗོད་པ། ཅི་གཟུགས་ལ་སོགས་པ་དེ་ལས་གཞན་ཏེ་ཐ་དད་པའམ། འོན་ཏེ་གཞན་མ་ཡིན་པ་སྟེ་ཐ་མི་དད་པའི་ཁྱད་པར་སྐྱེད་

པར་བྱེད་པ་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །དེ་ལ་རེ་ཞིག་ཐ་མི་དད་པ་ནི་མ་ཡིན་ཏེ། གང་གི་ཕྱིར་ཁྱད་པར་འདི་སྐྱེ་བའི་བྱ་བ་ལས་སྔར་ཡང་གྲུབ་པའི་ཕྱིར་བྱ་བར་མི་ནུས་ཏེ། གྲུབ་པའི་དུས་ཕྱིས་བཞིན་ནོ། །གྲུབ་ཟིན་པ་ནི་བྱ་བར་རིགས་པ་མ་ཡིན་ཏེ་ཧ་ཅང་ཐལ་བར་འགྱུར་བའི་

ཕྱིར་རོ། །ཁྱད་པར་ཐ་དད་པ་བྱེད་པ་ཡང་མ་ཡིན་ཏེ། ཐ་དད་ན་ནི་གཟུགས་ལ་སོགས་པ་འདིའི་ཁྱད་པར་འདི་ཞེས་བྱ་བའི་འབྲེལ་པ་མ་གྲུབ་པའི་ཕྱིར་ཏེ། འདི་ལྟར་དེ་རེ་ཞིག་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་མེད་དེ། ཐ་དད་པར་ཁས་བླངས་པའི་ཕྱིར་རམ། ཁས་མི་ལེན་ན་ཡང་སྔར་

Vol. 192 · folio 87a

བཤད་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱང་མེད་དེ་སྐྱེ་བ་ཉིད་ལས་དེ་བྱུང་བའི་ཕྱིར་རོ། །འབྲེལ་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། རྟེན་དང་བརྟེན་པ་ཉིད་ལ་སོགས་པ་ནི་དེ་ལས་བྱུང་བའི་ཁོངས་སུ་འདུས་པའི་ཕྱིར་རོ། །ཡང་དེ་ལས་བྱུང་

བར་ཁས་ལེན་ན། དེ་ཙམ་ལས་བྱུང་བའི་ཁྱད་པར་ནི་རྟག་ཏུ་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ད་ནི་སྐྱེ་བ་ཅི་ཞིག་བྱེད་པར་འགྱུར། སྐྱེ་བ་ལ་ལྟོས་ནས་སྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། ཕན་འདོགས་པར་མི་བྱེད་པའི་སྐྱེ་བ་ལ་ལྟོས་པ་ནི་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་

ཕྱིར་རོ། །ཕན་འདོགས་པར་བྱེད་ན་ཡང་ཕན་པ་དེ་ཁྱད་པར་བཞིན་དུ་དེ་ཉིད་དང་གཞན་ཉིད་ཀྱིས་བསམས་པ་ན་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་ཐ་དད་པ་ཡིན་ན་འབྲེལ་པ་མི་འགྲུབ་བོ། །གཞན་ཡང་ཁྱད་པར་དེ་སྔར་མེད་པའི་ཕྱིར་འབྲས་བུ་མེད་པར་ཁས་བླངས་

པར་འགྱུར་རོ། །དེ་བཞིན་དུ་རྒ་བས་གཞན་དུ་འགྱུར་བར་བྱེད་ལ། གནས་པས་གནས་པ་དང་། མི་རྟག་པས་འཇིག་པར་བྱེད་པ་ན་གཞན་དུ་འགྱུར་བ་ཉིད་ལ་སོགས་པ་འདི་དག་ནི་གཞན་དང་གཞན་མ་ཡིན་པར་རྣམ་པར་བརྟགས་པ་ན་སྐྱོན་གང་ཡིན་པ་དེ་དག་ནི་སྐྱེ་བ་བཞིན་དུ་རྒ་བ་ལ་སོགས་པ་ལ་ཡང་བརྗོད་

པར་བྱའོ། །རང་གི་འབྲས་བུ་ལས་རིགས་པ་ལ་སོགས་པ་ཡོད་པ་ཉིད་གང་ཡིན་པ་དེ་ནུས་པའི་རང་བཞིན་ངེས་པའི་ཕྱིར་འདོད་དེ། དེ་དག་ནི་ནུས་པའི་རང་བཞིན་དེ་ཡང་ཐམས་ཅད་དུ་ཡོད་པའི་ཕྱིར་ཐམས་ཅད་དུ་འབྲས་བུ་རྩོམ་པ་ཉིད་དུ་ཐལ་བར་འགྱུར་རོ། །རྒྱུ་དང་རྐྱེན་མ་ཚང་བ་ཡང་མ་

ཡིན་ཏེ། དེ་དག་ཀྱང་རྟག་ཏུ་གནས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འདས་པ་དང་མ་འོངས་པའི་གནས་སྐབས་དག་ཏུ་སྐྱེ་བ་ལ་སོགས་པས་སྐྱེད་པ་ལ་སོགས་པའི་བྱ་བ་བྱེད་པའི་ཕྱིར་དུས་གཅིག་ཉིད་ལ་དུས་དཔག་ཏུ་མེད་པར་ཐལ་བར་འགྱུར་རོ། །གཞན་ཡང་འདས་པ་དང་མ་འོངས་པ་

དག་སྐད་ཅིག་མ་ཉིད་ཡིན་ན། སྐད་ཅིག་མ་མ་ཡིན་པ་ཉིད་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །དེ་ལ་གལ་ཏེ་དང་པོ་སྟེ་སྐད་ཅིག་མ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཚེ་དུས་དཔག་ཏུ་མེད་པར་འགྱུར་བ་སོ་ན་འདུག་པ་ཡིན་ནོ། །དེ་ལ་སྐད་ཅིག་གང་ཞེས་བྱ་བས་དེ་ཉིད་སྟོན་པ་ཡིན་ནོ། །

Vol. 192 · folio 87b

ཅི་སྟེ་སྐད་ཅིག་མ་མ་ཡིན་པ་ཞེས་བྱ་བའི་ཕྱོགས་ཡིན་ན། དེ་ལྟ་ཡིན་ན་གྲུབ་པའི་མཐའ་དང་འགལ་ཏེ། གྲུབ་པའི་མཐའ་ནི་ངེས་པའི་མཐའ་ལ་བརྗོད་དོ། །དེ་སྐད་དུ་ཡང་འདུས་བྱས་ཐམས་ཅད་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་ནོ། །གཞན་ཡང་གྲུབ་པའི་མཐའ་

དང་འགལ་བ་འབའ་ཞིག་ཏུ་མ་ཟད། དམ་བཅའ་བ་རྗེས་སུ་དཔག་པ་དང་ཡང་འགལ་བ་ཡིན་ཏེ། འདི་ལྟར་གང་ཡོད་པ་དེ་ཐམས་ཅད་ནི་སྐད་ཅིག་མ་ཡིན་ཏེ། ད་ལྟར་བ་བཞིན་ནོ། །འདས་པ་དང་མ་འོངས་པ་དག་ཀྱང་ཡོད་པ་ཡིན་ནོ་ཞེས་ངེས་པའི་ཕྱིར་སྐད་ཅིག་མ་འཇིག་པར་

འགྱུར་རོ། །གཏན་ཚིགས་འདིའི་འབྲེལ་པ་སྐད་ཅིག་མ་འཇིག་པ་བརྟགས་པར་བསྒྲུབས་ཟིན་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ། །འདི་ལྟར་ཡོད་པའི་མཚན་ཉིད་ནི་དོན་བྱ་བ་བྱེད་པ་ཡིན་ཏེ། སྐད་ཅིག་མ་མ་ཡིན་པ་ཡང་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་

རོ། །དོན་བྱེད་པ་ལོག་ན་དེའི་མཚན་ཉིད་ཅན་གྱི་ཡོད་པ་ལྡོག་པའི་ཕྱིར་བསྒྲུབ་བྱའི་མི་མཐུན་པའི་ཕྱོགས་ཀྱིས་ཡོད་པ་ལ་ཁྱབ་པོ། །གཞན་ཡང་འདས་པ་དང་མ་འོངས་པ་འདི་དག་དོན་བྱེད་པར་ནུས་པ་ཞིག་གམ་མི་ནུས་པ་ཞིག་ཅེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །གལ་ཏེ་ནུས་ན་

དེའི་ཚེ་ནུས་པ་ཡོད་པ་ན་ད་ལྟར་བར་འགྱུར་ཏེ། རྩོད་པའི་གཞིར་མ་གྱུར་པའི་ད་ལྟར་བ་བཞིན་ནོ། །སྦྱོར་བ་ནི་གང་དང་གང་དོན་བྱ་བ་བྱེད་པར་ནུས་པ་དེ་དག་ནི་ད་ལྟར་བ་ཡིན་ཏེ། རྩོད་པའི་གཞིར་མ་གྱུར་པའི་ད་ལྟར་བ་བཞིན་ནོ། །འདས་པ་ལ་སོགས་པ་ཡང་དོན་བྱེད་པར་ནུས་པ་ཡིན་ནོ་ཞེས་

བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་ཐལ་བར་འགྱུར་བའོ། །འདི་མ་ངེས་པ་ཡང་མ་ཡིན་ཏེ། འདི་ལྟར་ད་ལྟར་བ་ལོག་པ་ན་ཞིག་པ་དང་མ་སྐྱེས་པ་རྣམས་ནུས་པ་ཐམས་ཅད་དང་བྲལ་བར་འགྱུར་ཏེ། ནམ་མཁའི་པད་མོ་བཞིན་ནོ། །སྦྱོར་བ་ནི་གང་དག་ད་ལྟར་བྱུང་བ་ཡང་མ་ཡིན་པ་དེ་

དག་ནི་འགའ་ཞིག་ཏུ་ནུས་པར་ཡང་མི་འགྱུར་ཏེ། ནམ་མཁའི་པད་མ་བཞིན་ནོ། །འདས་པ་ལ་སོགས་པ་རྣམས་ཀྱང་ད་ལྟར་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །འདུས་མ་བྱས་ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པ་དང་སོ་སོར་བརྟགས་པ་མ་ཡིན་པའི་

Vol. 192 · folio 88a

འགོག་པ་རྣམས་ཀྱིས་མ་ངེས་པར་འགྱུར་བ་ཡང་མ་ཡིན་ཏེ། དེ་དག་ཀྱང་ཕྱོགས་སུ་བྱས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་མ་ངེས་པ་ཉིད་དུ་བརྟགས་པའི་རྒྱུ་མཚན་མ་ཡིན་ནོ། །འདི་ལྟར་གང་དངོས་པོ་རྣམས་ཀྱི་སོ་སོར་ངེས་པའི་དོན་བྱེད་པའི་ནུས་པ་དེ་ནི་བྱིན་ལས་བྱུང་བ་

ཡིན་ནོ་ཞེས་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ཏེ་གལ་ཏེ་རྒྱུ་མེད་པར་གྱུར་ན། དེའི་ཚེ་ངེས་པའི་རྒྱུ་མེད་པའི་ཕྱིར་དངོས་པོ་རྣམས་ཀྱི་ནུས་པ་སོ་སོར་ངེས་པར་མི་འགྱུར་རོ། །དེ་ལྟ་ཡིན་དང་ཐམས་ཅད་འབྲས་བུ་ཐམས་ཅད་ལ་ཉེ་བར་སྦྱོར་བར་འགྱུར་རོ། །དེ་ལྟ་བས་ན་ནམ་མཁའ་ལ་

སོགས་པ་མ་བྱས་པའི་ནུས་པ་ངེས་པར་མི་རིགས་པའི་ཕྱིར་དེ་དག་ནི་མ་ངེས་པ་ཉིད་དུ་བརྟགས་པའི་རྒྱུ་མཚན་མ་ཡིན་ནོ། །གཏན་ཚིགས་དང་པོ་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བ་ཡང་མ་ཡིན་ཏེ། ཇི་ལྟར་ངེས་པའི་དོན་བྱ་བ་ལ་ནུས་པ་གང་ཡིན་པ་དེའི་སྐྱེ་བ་གང་ཡིན་པ་འདི་ནི་

རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ཡིན་ལ་དེ་ཉིད་ད་ལྟར་བའི་མཚན་ཉིད་ཡིན་ནོ། །ད་ལྟར་བྱུང་བའི་མཚན་ཉིད་མ་ཚང་བ་མེད་པ་འདི་ཡང་འདས་པ་ལ་སོགས་པ་ལ་ཡང་ཡོད་པའི་ཕྱིར་རྒྱུ་མཚན་གཞན་མེད་པས། ཅིའི་ཕྱིར་ད་ལྟར་བྱུང་བར་ཐལ་བར་མི་འགྱུར། གཞན་ཡང་གང་གི་ལྟར་ན་འདས་

པ་དང་མ་འོངས་པ་རྫས་སུ་ཡོད་པ་དེའི་ལྟར་ན་འབྲས་བུ་ཡང་རྟག་ཏུ་ཡོད་པའི་ཕྱིར་མཐོ་རིས་དང་བྱང་གྲོལ་ཐོབ་པར་བྱ་བའི་དོན་དུ་འབད་པ་འབྲས་བུ་མེད་པར་འགྱུར་ཏེ། འདི་བསྒྲུབ་པར་བྱ་བ་ལ་འབྲས་བུ་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །འདི་ལ་བརྟུལ་ཞུགས་དང་ངེས་པ་ལ་སོགས་

པའི་མཚན་ཉིད་མི་གཡོ་བ་ཅི་ཞིག་ལ་ནུས་པར་འགྱུར། སྐྱེ་བ་ལ་ནུས་པ་མ་ཡིན་ནོ་ཞེ་ན། འོ་ན་སྐྱེ་བ་མ་བྱུང་བ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཅི་སྟེ་དེ་ཡང་ཡོད་ན་དེ་ནི་གང་ཞིག་གང་དུ་ནུས་པ་ཡིན་ད་ལྟར་བྱེད་པ་ལ་ནུས་པ་ཡིན་ནོ་ཞེ་ན། ད་ལྟར་ལ་བྱེད་པ་ཞེས་བྱ་བ་འདི་ཅིའི་ཡིན་

ཡུལ་གཞན་དུ་འགུགས་པ་ཡིན་ནོ་ཞེ་ན། འོ་ན་དངོས་པོ་རྟག་པར་ཐལ་བར་འགྱུར་ཏེ། ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཚོར་བ་ལ་སོགས་པའི་གཟུགས་ཅན་མ་ཡིན་པ་རྣམས་ལ་བྱེད་པ་མེད་པའི་ཕྱིར་འགུགས་པར་འགྱུར། གང་ཡང་དེ་འགུགས་པ་དེ་ཡང་མ་བྱུང་བ་ལས་བྱུང་

Vol. 192 · folio 88b

བ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །མཐོ་རིས་ནི། རི་རབ་ཀྱི་སྟེང་ལ་སོགས་པའོ། །བྱང་གྲོལ་ནི་ཐར་པ་སྟེ། དེ་དག་ཐོབ་པ་ནི་འབྲེལ་པའོ། །དེ་ལ་འབད་པ་ནི་བརྟུལ་ཞུགས་དང་ངེས་པ་ལ་སོགས་པའོ། །ཅི་སྟེ་དོན་བྱེད་པར་མི་ནུས་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་གཉིས་པ་ལ་བརྟེན་ན། འོ་ན་དེ་ལྟར་ན་དོན་

བྱེད་ནུས་པས་སྟོང་པ་དེ་ཉིད་ཀྱི་ཕྱིར་ནམ་མཁའི་མེ་ཏོག་བཞིན་དུ་མེད་པ་ཉིད་དུ་འགྱུར་ཏེ། མེད་པ་ཉིད་ཀྱི་མཚན་ནི་དོན་བྱེད་ནུས་པ་ཐམས་ཅད་ཀྱིས་དབེན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་འདས་པ་དང་མ་འོངས་པ་དག་གིས་མེད་པར་སྒྲུབ་པར་བྱེད་པའི་ཚད་མ་བརྗོད་ནས་ཡོད་པ་སྒྲུབ་པར་

བྱེད་པའི་ཚད་མ་དགག་པའི་ཕྱིར། མེད་པའི་ཆོས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་དུས་ཀྱིས་བསྡུས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་རྣམས་ནི་གཞི་མ་གྲུབ་པ་ཡིན་ཏེ། འདས་པ་ལ་སོགས་པའི་ཆོས་ཅན་མ་གྲུབ་པའི་ཕྱིར་རོ། །ཇི་

སྐད་དུ། མ་གྲུབ་པ་ལ་ཡོད་ཆོས་མེད། །ཅེས་བཤད་པ་ལྟ་བུའོ། །གལ་ཏེ་གྲུབ་པར་གྱུར་པ་དེ་ལྟ་ན་ཡང་ད་ལྟར་བྱུང་བ་ཉིད་དུ་གྲུབ་པའི་ཕྱིར་ཆོས་ཀྱི་རང་གི་ངོ་བོ་ཕྱིན་ཅི་ལོག་ཏུ་གྲུབ་པས་གཏན་ཚིགས་འགལ་བ་དག་ཡིན་ནོ། །ད་ནི་འདས་པ་དང་མ་འོངས་པའི་གཟུགས་ལ་སོགས་པ་

དུས་ཀྱིས་བསྡུས་པ་ཉིད་དུ་བསྟན་ཏེ། རི་བོང་གི་རྭ་ལ་སོགས་པ་གཏན་མེད་པ་ནི་འདས་པའམ་མ་འོངས་པ་རྣམ་པར་འཇོག་པ་མ་ཡིན་ནོ་ཞེ་ན། ངོ་བོ་གང་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །འོ་ན་ཇི་ལྟར་གཟུགས་དང་ཚོར་བ་ལ་སོགས་པའི་དངོས་པོ་རྣམས་

བསྟན་ཞེ་ན། འདས་སོགས་འདིའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་སྐབས་དེ་ཞེས་བྱ་བ་ནི་སྐབས་དེའོ། །འོ་ན་ཇི་ལྟར་རྣམ་པར་ཤེས་པ་གཉིས་པ་བརྟེན་པར་གསུངས་ཤེ་ན། དེ་ཉིད་གཟིགས་པས་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཏེ། དམིགས་

པ་དང་བཅས་པ་དང་དམིགས་པ་མེད་པའོ། །དམིགས་པ་དང་བཅས་པ་གང་ཡིན་པ་དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པ་གཉིས་ལ་བརྟེན་པར་གསུངས་སོ། །ཅི་སྟེ་རྣམ་པར་ཤེས་པ་དམིགས་པ་མེད་པ་ཡང་ཡོད་དོ་ཞེས་ཇི་ལྟར་ངེས་པར་བྱ་ཞེ་ན། རྟག་

Vol. 192 · folio 89a

པའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ནི་གཙོ་བོ་དང་དུས་ལ་སོགས་པ་གཞན་གྱིས་ཀུན་དུ་བརྟགས་པ་བཟུང་ངོ་། །བློ་འདི་དག་སྒྲ་ལ་དམིགས་པ་ཡིན་ནོ་ཞེས་བྱ་བ་འདི་ཡང་བསམ་པར་མི་བྱ་སྟེ། སྒྲ་དང་མིང་ཞེས་བྱ་བ་ལ་སོགས་པ་སྨྲས་

སོ། །སྒྲའམ་མི་ལྡན་པའི་འདུ་བྱེད་ཀྱི་ཁྱད་པར་གྱི་མིང་ནི་དབང་ཕྱུག་ལ་སོགས་པ་དེའི་རྣམ་པ་རྟག་པ་ཉིད་དང་སྲིད་པ་གཟུགས་ཀྱི་རྒྱུ་ཉིད་ལ་སོགས་པའི་བློ་དེས་ངེས་པར་བྱ་བའི་རྣམ་པ་གང་ཡིན་པ་དེ་དང་བྲལ་བའི་ཕྱིར་རོ། །སོགས་པའི་སྒྲས་ནི་རྒྱུ་མཚན་ལ་སོགས་པ་གཞན་གྱིས་ཁས་

བླངས་པའི་དོན་གྱིས་གཟུགས་བརྙན་གྱི་རང་བཞིན་གཟུང་ངོ་། །གལ་ཏེ་ཤེས་པ་ཡུལ་མེད་པ་ཡང་ཡོད་ན། དེ་ཇི་ལྟར་ཤེས་པ་ཞེས་ཐ་སྙད་དུ་བྱེད། དེ་བཞིན་དུ་རྣམ་པར་ཤེས་པར་བྱེད་པས་རྣམ་པར་ཤེས་པ་ཞེས་བརྗོད་ལ། ཤེས་པར་བྱ་བ་མེད་ན། ཡང་ཅི་ཞིག་རྣམ་པར་ཤེས་པས་

རྣམ་པར་ཤེས་པར་འགྱུར་ཞེ་ན། རྟོག་པའི་རྗེས་སུ་འགྲོ་བརྩམ་གྱིས། །ཞེས་བྱ་བ་སྨོས་སོ། །རྟོག་པའི་རྗེས་སུ་འགྲོ་བ་ཡང་རྟོགས་པར་བྱ་བར་མེད་པར་མི་སྲིད་དོ་ཞེ་ན། འདིའི་ཞེས་བྱ་བ་སྨོས་ཏེ། རྣམ་པར་ཤེས་པ་འདིའི་རྟོག་པ་རྗེས་སུ་འབྲང་བ་དེ་ཡང་ངོ་། །ཅི་ཞིག་བརྗོད་ཅེ་ན།

བེམས་པོ་མ་ཡིན་པའི་ངོ་བོ་གང་ཡིན་པ་དེའོ། །གསལ་བར་བྱ་བའི་དངོས་པོ་གཞན་མེད་པའི་ཕྱིར་དང་། གསལ་བར་བྱེད་པ་གཞན་དང་བྲལ་བའི་ཕྱིར་ནམ་མཁའི་དཀྱིལ་ན་ཡོད་པའི་སྣང་བ་བཞིན་དུ་གསལ་བ་སྨོས་པའི་ཕྱིར་རྟོག་པའི་ངོ་བོ་དེ་ཡིན་ནོ་ཞེས་བྱ་བར་བརྗོད་དོ། །ཇི་ལྟར་

འདས་པའི་ལས་འབྲས་བུ་འབྱིན་པ་ཡིན་ཞེས་བྱ་བ་འདི་ལ་འབྲས་བུ་འབྱིན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དགོས་པའི་བརྒྱུད་ནས་འབྲས་བུ་སྐྱེད་པའི་ནུས་པ་གྲུབ་པའོ། །གལ་ཏེ་དེ་ལྟར་ན་ཇི་ལྟར་བཅོམ་ལྡན་འདས་ཀྱིས་ཟད་པ་དང་འགགས་པ་དང་ཡོངས་སུ་གྱུར་པའི་ལས་གང་ཡིན་པ་

དེ་ནི་ཡོད་དེ་ཞེས་གསུངས་ཤེ་ན། སེམས་ཀྱི་རྒྱུད་ལ་ཞེས་བྱ་བ་སྨོས་ཏེ། ཉེ་བར་བརྟགས་ནས་ཞེས་བྱ་བ་ནི་ཕལ་པར་རོ། །ཇི་ལྟར་རྒྱུའི་རྫས་ལས་བྱུང་བའི་དབྱིག་པ་ལ་སོགས་པའི་འབྲས་བུའི་རྒྱུན་ཡོན་ཞིག་ན་ཡང་རྒྱུའི་རྫེས་མ་ཞིག་གོ་ཞེས་བརྗོད་པ་དེ་བཞིན་དུ་ལས་རྣམས་ཀྱང་ཡིན་ནོ། །

Vol. 192 · folio 89b

ཉེ་བར་བརྟགས་ནས་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ལྟར་ཞེས་བྱ་བ་སྨོས་ཏེ། ལས་འདས་པ་མེད་དེ་ཞེས་གསུངས་ན། རྒྱུ་དང་འབྲས་བུ་བསྐྱེད་པའི་ནུས་པ་འདས་པའི་ལས་དེས་བསྒོས་པ་གང་ཡིན་པ་དེ་ཡང་མེད་པ་ཉིད་དུ་གོ་བར་འགྱུར་བས་གདུལ་བྱ་ཆད་པར་བལྟ་བར་འགྱུར་བའི་ཕྱིར་

བཅོམ་ལྡན་འདས་ཀྱིས་ལས་ཡོད་དོ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་འདས་པ་རང་གི་ངོ་བོ་ཡོད་པར་གྱུར་ན་དེའི་ཚེ་དོན་དམ་པ་སྟོང་པ་ཉིད་ཀྱི་མདོ་ལས། མིག་སྐྱེ་བ་ན་ཡང་གང་ནས་ཀྱང་མ་འོངས་འགག་པ་ན་ཡང་གང་དུ་ཡང་མ་སོང་ཞེས་མིག་མ་བྱུང་བ་ལས་བྱུང་བ་དང་བྱུང་

ནས་ཀྱང་འཇིག་པར་འགྱུར་རོ་ཞེས་གསུངས་པ་ཇི་ལྟར་དྲང་བར་བྱ། ད་ལྟར་བྱུང་བའི་དུས་ན་མ་བྱུང་བ་ལས་བྱུང་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དུས་དངོས་པོ་ལས་དོན་གཞན་མ་ཡིན་པའི་ཕྱིར་ཏེ། དེ་དག་ཉིད་དུས་གཏམ་གཞི་དང་། །ཞེས་བཤད་པའི་ཕྱིར་རོ། །ཇི་སྟེ་རང་གི་བདག་ཉིད་མ་

བྱུང་བ་ལས་བྱུང་བ་ཉིད་ཡིན་པ་དེའི་ཚེ་མིག་མ་འོངས་པ་མེད་དོ་ཞེས་བྱ་བར་གྲུབ་པོ། །གཞན་ཡང་རྟག་ཏུ་གནས་པ་ཉིད་ཡིན་ན་འདུས་བྱས་རྣམས་ཀྱི་རྒྱུ་དང་འབྲས་བུ་དག་མེད་པའི་ཕྱིར་སྡུག་བསྔལ་དང་ཀུན་འབྱུང་བའི་བདེན་པ་མེད་པ་དང་། དེ་མེད་པའི་ཕྱིར་འགོག་པ་དང་ལམ་ཡང་མེད་

ལ། དེ་ལྟ་ཡིན་དང་བདེན་པ་བཞི་མེད་པའི་ཕྱིར་ཡོངས་སུ་ཤེས་པ་དང་སྤངས་པ་དང་མངོན་དུ་བྱ་བ་དང་བསྒོམ་པ་ཡང་མི་འཐད་པར་འགྱུར་རོ། །དེ་མེད་པས་ཀྱང་འབྲས་བུ་གནས་པ་རྣམས་དང་ཞུགས་པའི་གང་ཟག་རྣམས་མེད་པའི་ཕྱིར་གསུང་རབ་མཐའ་དག་དང་འགལ་བས་འདས་པ་

ལ་སོགས་པའི་དངོས་པོ་ཡོད་པར་བརྟགས་པ་ནི་ལེགས་པ་ཡིན་ནོ། །རྣལ་འབྱོར་པ་རྣམས་ཀྱིས་འདས་པ་དང་མ་འོངས་པའི་ཤེས་པ་རྣམ་པར་དབྱེ་བ་ཇི་ལྟ་བུ་ཞེ་ན། འདིར་སྨྲས་པ། དངོས་སམ་ཞེས་བྱ་བ་ལ་སོགས་པ་སྟེ། འདས་པའི་དོན་ལ་ལྟོས་ནས་འབྲས་བུར་འགྱུར་

ལ། མ་འོངས་པ་ལ་ལྟོས་ནས་རྒྱུར་འགྱུར་རོ། །དེ་ཉིད་དུ་ན་ཡུལ་མེད་ཀྱང་། །ཞེས་བྱ་བ་ནི་མངོན་པར་བརྗོད་པ་ཅན་གྱི་ཤེས་པས་རང་གི་མཚན་ཉིད་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །རྣམ་རྟོག་རྗེས་འབྲེལ་བདག་ཉིད་ཀྱི། །ཞེས་བྱ་བ་ནི་རྟོག་པ་དང་བཅས་པ་ཞེས་བྱ་བའི་དོན་ཏོ། །

Vol. 192 · folio 90a

དེས་ན་ནི་དེའི་ཕྱིར་རོ། །རྒྱུ་དང་འབྲས་བུ་དག་གིས་རྒྱུན་འབྱུང་བ་དང་འབྱུང་བར་འགྱུར་བ་ལ་བརྟན་ནས་ཡོངས་སུ་མ་དག་པའི་རྣལ་འབྱོར་པ་རྣམས་འདས་པ་ལ་སོགས་པ་སྟོན་པ་ལ་འཇུག་གོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་ནི་འཇིག་རྟེན་པའི་ཤེས་

པ་ཡང་མངའ་བ་མ་ཡིན་ཏེ། རྟག་ཏུ་མཉམ་པར་གཞག་པས་མ་རིག་པ་ཐམས་ཅད་སྤངས་པའི་ཕྱིར་ལ། རྣམ་པར་རྟོག་པ་ཡང་མ་རིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྟོག་པ་འདི་ནི་རང་ཉིད་ཀྱིས་མ་རིག་པའི་ངོ་བོར་འགྱུར། གང་ཕྱིར་རང་གི་རྣམ་པ་ནི། །ཕྱི་རོལ་ངོ་བོས་

སྒྲོ་བཏགས་འཇུག །ཅེས་གང་གསུངས་པ་ཡིན་ནོ། །སྔོན་གྱི་སྨོན་ལམ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སྟོབས་ཀྱིས་ཐོབ་པའི་ཡིད་བཞིན་ནོར་བུ་ལྟ་བུའི་སྐུ་ཅན་དེའི་བསྟན་པ་ནི་ལྷུན་གྱིས་གྲུབ་པར་འཇུག་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་དུས་

གསུམ་བརྟགས་པ་སྟེ། ཉི་ཤུ་དྲུག་པའོ།། །།ཐོག་མ་མཐའ་མེད་པ་ཞེས་བྱ་བ་དེ་བསྒྲུབ་པར་བྱ་བའི་ཕྱིར། རྒོལ་བ་བཀོད་པ་སྔོན་དུ་འགྲོ་བ་ཅན་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་བདག་སྔར་བཀག་པའི་ཕྱིར་མེད་

པ་ཉིད་ཀྱིས་རྗེས་སུ་འགྲོ་བ་མ་ཡིན་ཏེ། རྣམ་པར་ཤེས་པ་ལ་སོགས་པ་ཡང་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དུས་གསུམ་བརྟག་པར་རྗེས་སུ་འགྲོ་བ་བཀག་པའི་ཕྱིར་ཡང་རྗེས་སུ་འགྲོ་བ་མེད་དོ། །འོན་ཏེ་ལུས་ལ་སོགས་པ་འཇིག་རྟེན་ཕ་རོལ་པོར་མི་འགྱུར་རམ་ཞེ་ན། ལུས་དང་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་གཟུང་ངོ་། །གཞན་ཡང་ཁས་ནི་མ་བླངས་སོ་ཞེས་བྱ་བ་ནི་བདག་གོ། །དེ་ལྟ་བས་ན་འཇིག་རྟེན་རྒྱང་པན་པའི་ཕྱོགས་འདི་རྗེས་སུ་མཐུན་པ་ཡིན་པར་གྲུབ་པོ། །འདི་ལྟར་འཇིག་རྟེན་ཕ་རོལ་པོ་མེད་པའི་

ཕྱིར་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བ་དང་། དེ་བཞིན་དུ་དེ་ཁོ་ན་ཉིད་ནི་ས་དང་ཆུ་དང་མེ་དང་རླུང་ཞེས་བྱ་བ་བཞི་པོ་འདི་དག་ཡིན་ལ། དེ་དག་ལས་ནི་སེམས་པ་ཅན་ནོ་ཞེས་བྱ་བ་འདི་ནི་དེའི་མདོའི་དོན་ཡིན་ནོ། །དེ་ལ་འགྲེལ་པ་བྱེད་པ་ཁ་ཅིག་ནི་དེ་དག་ལས་སེམས་པ་ཅན་སྐྱེ་བ་ཡིན་པར་

Vol. 192 · folio 90b

སྨྲས་ལ་གཞན་དག་ནི་མངོན་པར་གསལ་བ་ཡིན་པར་སྨྲའོ། དེའི་ཕྱིར་བསྐྱེད་པའམ་གསལ་བར་བྱེད། །ཅེས་ཕྱོགས་གཉིས་བཤད་དོ། །ཚྭ་ནི་སྐྱུར་པོའོ། །ཆང་ཞེས་བྱ་བ་ནི་མྱོས་པ་སྐྱེད་པར་བྱེད་པའི་ནུས་པའོ། །སོགས་པའི་སྒྲས་བརྒྱལ་བ་ལ་སོགས་པ་སྐྱེད་པའི་ནུས་པ་གཟུང་ངོ་། །

འོན་ཏེ་མིག་ལ་སོགས་པ་དང་གཟུགས་ལ་སོགས་པའི་ཡུལ་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་པ་འདི་ཤིན་ཏུ་གྲགས་པ་མ་ཡིན་ནམ། དེའི་ཕྱིར་དེ་དག་ཁོ་ན་ལས་རྣམ་པར་ཤེས་པ་སྐྱེ་ཞེས་ཇི་སྐད་དུ་བརྗོད་ཅེ་ན། ས་ལ་སོགས་པའི་བཀོད་པའི་ཞེས་བྱ་བ་སྨོས་ཏེ། དེ་སྐད་དུ་

ཡང་། དེ་ཚོགས་པ་ལ་ལུས་དང་དབང་པོ་དང་ཡུལ་གྱི་ཐ་སྙད་འདོགས་སོ་ཞེས་བྱ་བ་ནི་དེ་དག་གི་མདོ་ཡིན་ནོ། །འབྱུང་བ་ཆེན་པོ་ལས་མ་གཏོགས་པའི་དབང་པོ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། དེའི་གནས་ལུགས་ཀྱི་ཁྱད་པར་ཉིད་ལ་དེ་བཏགས་པའི་ཕྱིར་ལ། བཀོད་པ་ཞེས་བྱ་བ་

བཀོད་པ་ཅན་ལས་གཞན་ཡང་ཡོད་པ་མ་ཡིན་ནོ། །འབྱུང་བ་ཆེན་པོ་བཞི་པོ་འདི་ཡང་མངོན་སུམ་གྱིས་གྲུབ་སྟེ། དེ་ཁོ་ན་ཉིད་མངོན་སུམ་གྱིས་གྲུབ་པ་འདི་ལས་གཞན་ཡང་ཡོད་པ་མ་ཡིན་ནོ། །གང་གིས་འཇིག་རྟེན་ཕ་རོལ་ལ་སོགས་པ་གཞན་འགྲུབ་པར་འགྱུར་བ་མངོན་སུམ་ལས་

གཞན་པའི་ཚད་མ་ཡོད་པ་ཡང་མ་ཡིན་ནོ། །གཞན་ཡང་གལ་ཏེ་འདས་པའི་ལུས་ལ་གནས་པའི་སེམས་སྐྱེ་བའི་དང་པོའི་སེམས་དང་། འཆི་བའི་སེམས་ལས་འབྱུང་བར་འགྱུར་བའི་སེམས་ལ་རྒྱུའི་དངོས་པོར་གྱུར་ན་དེའི་ཚེ་སེམས་རྒྱུན་མི་འཆད་པའི་ཕྱིར་འཇིག་རྟེན་ཕ་རོལ་རྟག་པར་འགྱུར་

ན། འདི་ལྟར་རེ་ཞིག་རྩོད་པའི་གཞིར་གྱུར་པའི་སེམས་དང་པོ་འདི་དག་གི་རྒྱུ་དང་འབྲས་བུ་ཡོད་པ་མ་ཡིན་ཏེ། ལུས་ཐ་དད་པ་ལ་གནས་པའི་ཕྱིར་རྟ་དང་བ་ལང་ལ་གནས་པའི་རྣམ་པར་ཤེས་པ་དག་བཞིན་ནོ། །ཡང་ན་སྐྱེ་བའི་བློ་རྣམས་ནི་ཆོས་ཅན་ནོ། །འདས་པའི་ལུས་ལ་གནས་

པའི་ཐ་མའི་རྣམ་པར་ཤེས་པའི་བསྐྱེད་པར་བྱ་བ་ཉིད་དགག་པ་ནི་དེའི་བསྒྲུབ་པར་བྱའོ། །ཤེས་པ་ཡིན་ཕྱིར་ཞེས་བྱ་བའི་སྤྱི་ནི་གཏན་ཚིགས་སོ། །རྒྱུད་གཞན་ལ་གནས་པའི་བློ་དག་ནི་དཔེའོ། །སྦྱོར་བ་ནི་འདི་ལྟར་བྱ་སྟེ། གང་རྣམ་པར་ཤེས་པ་ཡིན་པ་དེ་ནི་བརྗོད་པར་འདོད་པའི་

Vol. 192 · folio 91a

འདས་པའི་ལུས་ལ་གནས་པའི་ཐ་མའི་ཤེས་པའི་བསྐྱེད་པར་བྱ་བ་མ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར། རྒྱུད་གཞན་ལ་གནས་པའི་ཤེས་པ་བཞིན་ནོ། །བརྗོད་པར་འདོད་པའི་ལུས་ལ་གནས་པའི་སྐྱེ་བའི་བློ་འདི་དག་ཀྱང་ཤེས་པའི་ངོ་བོ་ཡིན་ནོ་ཞེས་བྱ་

བ་ནི་འགལ་བས་ཁྱབ་པ་དམིགས་པ་སྟེ། བརྗོད་པར་འདོད་པའི་རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་དང་འགལ་བ་བརྗོད་པར་འདོད་པའི་ཤེས་པས་བསྐྱེད་པར་བྱ་བ་ཉིད་ཀྱིས་ཤེས་པ་ཉིད་ལ་ཁྱབ་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་འདས་པའི་སྐྱེ་བ་བཀག་པ་བྱས་ནས་ད་ནི་མ་འོངས་

པའི་སྐྱེ་བ་དག་པའི་ཕྱིར། ཆགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆགས་པ་དང་བཅས་པའི་འཆི་བའི་སེམས་ནི་སེམས་གཞན་དང་མཚམས་སྦྱོར་བ་མ་ཡིན་ཏེ། འཆི་བའི་སེམས་ཡིན་པའི་ཕྱིར། དགྲ་བཅོམ་པ་ཐ་མའི་སེམས་བཞིན་ནོ་ཞེས་བྱ་བ་ནི་ཁྱབ་

པར་བྱེད་པ་འགལ་བ་དམིགས་པའོ། །དཔེར་ན་ཉོན་མོངས་བྲལ་བ་ཞེས་བྱ་བ་ནི་འཆི་བའི་ཤེས་པའོ། །འོ་ན་ཤེས་པ་གང་ལས་སྐྱེ་ཞེ་ན། དེའི་ཕྱིར་འབྱུང་རྔུབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྐད་དུ། ལུས་ཉིད་ལས་ཞེས་བྱ་བ་ནི་མདོ་སྟེ། ལ་བ་ཅན་དང་རྟ་མཆོག་

གཉིས་ཟེར་རོ། །འོན་ཏེ་ལུས་མ་གྲུབ་པ་ཡང་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་སུ་བརྒྱལ་བའི་རྣམ་པར་ཤེས་པ་ཡོད་པ་ཉིད་ཡིན་ཏེ། དེ་ཡང་ཁྱེད་ཅག་ལ་འདས་པའི་རྣམ་པར་ཤེས་པ་བསྐྱེད་པར་བྱ་བ་ཉིད་དུ་གྲུབ་སྟེ། དེའི་ཕྱིར་ཇི་ལྟར་ལུས་ཁོ་ན་ལས་ངེས་པ་ཡིན་ཞེ་ན། ནུར་

ནུར་པོ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་སྐྱེད་པའི་རྒྱུ་ནི་དབང་པོ་དང་དོན་དག་ཡིན་ཏེ། ཤེས་པ་ནི་དོན་རྟོགས་པའི་ངོ་བོ་ཡིན་པའི་ཕྱིར་ལ། ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ན་ཡང་དབང་པོ་དང་དོན་དག་མེད་པའི་ཕྱིར་ཇི་ལྟར་ཤེས་པ་དེའི་འབྲས་བུར་འགྱུར་

ཞེས་བྱ་བའི་རྒྱུ་མི་དམིགས་པས་བརྒྱལ་བའི་གནས་སྐབས་ནི་རྣམ་པར་ཤེས་པ་མེད་པར་གྲུབ་པོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །རྣམ་པར་ཤེས་པ་ནུས་པའི་ངོ་བོས་ཡོད་དོ་ཞེས་རྟག་པར་རིགས་པ་ཡང་མ་ཡིན་ཏེ། དེའི་ཚེ་ཤེས་པའི་རྟེན་རིགས་པ་ཅན་གྱིས་བརྟགས་པའི་བདག་གམ་

Vol. 192 · folio 91b

རྣམ་པར་ཤེས་པའི་རྒྱུན་མེད་པའི་ཕྱིར་རོ། །ནུས་པ་རྟེན་མེད་པ་ཡང་རིགས་པ་མ་ཡིན་ཏེ། དེ་ལྟ་བས་ན་ཤུགས་ཀྱིས་དེའི་ཚེ་ལུས་ཉིད་རྟེན་ཡིན་ནོ། །གཞན་ཤེས་པའི་རྟེན་གྱི་བདག་སྟེ། ཤེས་པའི་རྟེན་གྱི་རང་བཞིན་ཤེས་པའི་རྒྱུན་ནམ། བདག་ནི་དེའི་ཚེ་མེད་པའི་ཕྱིར་རོ། །དེ་ལྟ་

ཡིན་དང་ཐ་མར་དེ་འཆི་བའི་གནས་སྐབས་སུ་རྟེན་ལུས་ལོག་པ་ན་ཇི་ལྟར་རྟེན་མེད་པའི་རྣམ་པར་ཤེས་པ་གནས་ཏེ། དེའི་ཕྱིར་མ་འོངས་པའི་སྐྱེ་བ་མེད་པར་གྲུབ་པོ། །ཡང་ཅི་སྟེ་འཆི་བའི་དེ་མ་ཐག་ཏུ་བྱུང་བའི་སྲིད་པ་བར་མ་དོའི་ལུས་ལ་བརྟེན་ནས་སེམས་འཇུག་པར་འགྱུར་རོ་སྙམ་ན་

དེ་ནི་ཡང་དག་པ་མ་ཡིན་ཏེ། འཆི་བའི་དེ་མ་ཐག་ཏུ་ལུས་གཞན་སྐྱེ་བར་མ་མཐོང་ལ། མ་མཐོང་བ་ཡོད་པ་ཉིད་དུ་ངེས་པར་རིགས་པ་ཡང་མ་ཡིན་ཏེ། དེ་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །རྒྱུད་གཅིག་ལ་གནས་པའི་སེམས་ལུས་གཞན་ལ་བརྟེན་པར་རིགས་པ་ཡང་མ་

ཡིན་ཏེ། རྟ་དང་གླང་པོ་ལ་སོགས་པའི་སེམས་བཞིན་དུ། རྒྱུད་གཅིག་དང་འབྲེལ་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །སྦྱོར་བ་ནི་གང་ཞིག་ལུས་ཐ་དད་པ་ལ་འཇུག་པའི་ཤེས་པ་དེ་ནི་རྒྱུད་གཅིག་དང་འབྲེལ་པ་མ་ཡིན་ཏེ། དཔེར་ན་རྟ་དང་གླང་པོའི་སེམས་བཞིན་ནོ། །

སྲིད་པ་བར་མ་དང་འཆི་བའི་སྲིད་པ་དག་གི་སེམས་ཀྱང་ལུས་ཐ་དད་པ་ལ་འཇུག་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའི་ཐལ་བར་འགྱུར་བའོ། །དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་བཟློག་པ་ཡིན་ནོ། །གང་ཞིག་རྒྱུད་གཅིག་དང་འབྲེལ་པ་དེ་ནི་ལུས་ཐ་དད་པ་ལ་འཇུག་

པ་མ་ཡིན་ཏེ། དཔེར་ན་གླང་པོའི་སེམས་རྟའི་ལུས་ལ་མི་བརྟེན་པ་བཞིན་ནོ། །སྲོག་ཆགས་རྣམས་ཀྱི་སེམས་ཀྱང་རྒྱུད་གཅིག་དང་འབྲེལ་པ་ཡིན་ནོ་ཞེས་བྱ་བ་ནི་འགལ་བས་ཁྱབ་པ་དམིགས་པ་སྟེ། ལུས་ཐ་དད་པ་ལ་འཇུག་པ་ཉིད་དང་འགལ་བ་ལུས་ཐ་མི་དད་པ་ལ་འཇུག་པ་ཉིད་ཀྱིས་རྒྱུད་

གཅིག་དང་འབྲེལ་པ་ཉིད་ལ་ཁྱབ་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དེ། ཐོག་མ་ནི་སྐྱེ་བའོ། །མཐའ་མ་ནི་འཇིག་པའོ། །གང་ལ་ཐོག་མ་དང་ཐ་མ་ཡོད་པ་མ་ཡིན་པ་འདི་ནི་ཐོག་མཐའ་མེད་པའོ། །སྐྱེས་བུ་ཞེས་བྱ་བ་ནི་བདག་གོ། །ཡང་ན་མེད་པ་

Vol. 192 · folio 92a

ཉིད་ཁས་ལོང་ཞེས་བྱ་བ་འདིས་ནི་འཇིག་རྟེན་ཕ་རོལ་མེད་པའི་ཕྱིར། འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བའི་མདོ་འདི་བསྟན་པ་ཡིན་ནོ། །དེས་འདིར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། གང་ཞིག་ཁྱེད་ཅག་དགག་བྱེད་པ། །འཇིག་རྟེན་ཕ་རོལ་ཞེས་

བྱ་བ་འདི་ཅི་ཞིག །ཅི་རྣམ་པར་ཤེས་པ་ལ་སོགས་པའི་ཕུང་པོ་བཞི་པོ་ཉེ་བར་ལེན་པ་དང་ཉེ་བར་བླངས་པ་ཉིད་ཀྱིས་རྒྱུ་དང་འབྲས་བུར་གྱུར་པ་ལས་གཞན་ཡིན་ནམ། འོན་ཏེ་དེ་ཉིད་ཡིན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། དེ་ཁས་མི་ལེན་པའི་ཕྱིར་རོ། །གང་ཞིག་ཁས་བླང་བར་

བྱ་བ་ཉེ་བར་ལེན་པ་དང་ཉེ་བར་བླང་བར་འགྱུར་བའི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུན་ལས་གཞན་པའི་འཇིག་རྟེན་ཕ་རོལ་ཞེས་བྱ་བ་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཐོག་མ་དང་ཐ་མ་མེད་པའི་ཤེས་པ་ལ་སོགས་པའི་རྒྱུན་དེ་ལོ་བརྒྱ་ལ་སོགས་པར་ཆད་པའི་ངོ་བོ་ངེས་པར་

བཟུང་ནས་གནས་སྐབས་འགའ་ཞིག་ཉིད་འཇིག་རྟེན་ཕྱི་མ་དང་སྔ་མ་དང་འདི་ཞེས་ཀྱང་རྣམ་པར་གཞག་གོ། །ཇི་ལྟར་ཁྱེད་ཀྱིས་མཐོང་བ་ཙམ་གྱིས་བདེ་བ་ལ་མངོན་པར་ཆགས་པའི་ཕྱིར་དབང་པོ་དང་ཡུལ་འདི་དག་ཉིད་ཡུལ་གཞན་ལ་སོགས་པ་འཇིག་རྟེན་ཕ་རོལ་ལ་སོགས་པ་ཉིད་

དུ་བརྟགས་ཏེ། ཇི་སྐད་དུ། ཇི་སྲིད་དབང་པོ་དང་སྤྱོད་ཡུལ། །དེ་ཉིད་གཅིག་ཉིད་སྐྱེས་བུ་ཡིན། །དེ་བཞིན་དུ་ཡང་བཤད་པ། ཡུལ་གཞན་ནམ། དུས་གཞན་ནམ་གནས་སྐབས་གཞན་ནི་འཇིག་རྟེན་ཕ་རོལ་ཡིན་ནོ་ཞེས་སྨྲས་པ་ལྟ་བུའོ། །གལ་ཏེ་རྒྱུ་དང་འབྲས་བུར་གྱུར་

པའི་རྣམ་པར་ཤེས་པ་ལ་སོགས་པའི་རྒྱུན་ལས་ཐ་མི་དད་པའི་འཇིག་རྟེན་ཕ་རོལ་འགེགས་པར་བྱེད་ན། དེའི་ཚེ་གྲུབ་པ་ལ་སྒྲུབ་པར་བྱེད་པའི་ཕྱིར་སྒྲུབ་པར་བྱེད་པ་དོན་མེད་པར་འགྱུར་ཏེ། དེ་ལྟ་བུར་གྱུར་པའི་འཇིག་རྟེན་ཕ་རོལ་ཁས་མ་བླངས་པའི་ཕྱིར་རོ། །འོན་ཏེ་རྒྱུན་དངོས་

པོ་མེད་པའི་ཕྱིར་རོ། །དེར་རྣམ་པར་གཞག་པའི་གནས་སྐབས་ཀྱི་ཁྱད་པར་གང་ཡིན་པ་དེ་ཡང་དངོས་པོ་མེད་པ་ཉིད་མ་ཡིན་ནམ། དེ་ལྟ་ཡིན་དང་དེ་རྒྱུན་དེ་ལ་གནས་སྐབས་ཀྱི་ཁྱད་པར་རྣམ་པར་གཞག་པའི་འཇིག་རྟེན་ཕ་རོལ་འདི་ཡང་དོན་དམ་པར་བྱེད་པར་མི་འགྱུར་རོ་ཞེ་ན།

Vol. 192 · folio 92b

སྐྱོན་འདི་ནི་མེད་དེ། རྒྱུན་གྱི་སྒྲས་ནི་དངོས་པོར་གྱུར་པའི་སྐད་ཅིག་མ་རྒྱུན་ཅན་རྣམས་ཚེགས་ཆུང་བར་བྱ་བའི་ཕྱིར་མཐའ་དག་གིས་ཅིག་ཅར་བསྟན་པ་ཡིན་ཏེ། ནགས་ལ་སོགས་པའི་སྒྲས་དྷ་བ་ལ་སོགས་པ་བཞིན་ནོ། །འོ་ན་ཅི་ལྟར། ཅི་སྟེ་རྒྱུ་ལ་སོགས་པ་བཞིན། །ཞེས་

བྱ་བའི་སྐབས་འདིར་སྔར་རྒྱུན་དངོས་པོ་མེད་པ་ཉིད་དུ་བསྟན་ཞེ་ན། གཅིག་པུ་ཉིད་དུ་བརྟགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཅིག་ཉིད་དུ་བརྟགས་པའི་རྒྱུན་གང་ཡིན་པ་དེ་ནི་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་དངོས་པོ་མེད་པ་ཉིད་དུ་མངོན་པར་འདོད་དེ།

ནམ་མཁའི་མེ་ཏོག་གི་ཕྲེང་བ་བཞིན་ནོ། །དེའི་གནས་སྐབས་ཀྱི་ཁྱད་པར་ལ་ཁོ་བོ་ཅག་འཇིག་རྟེན་ཕ་རོལ་དུ་རྣམ་པར་གཞག་པར་བྱེད་པ་ཡིན་ནོ། །ཅི་སྟེ་འཇིག་རྟེན་ཕ་རོལ་གྱི་མིང་ཅན་ཤེས་པ་ལ་སོགས་པའི་རྒྱུན་འདི་དགག་པར་བྱེད་པ་དེའི་ཚེ་རེ་ཞིག་དེའི་རང་གི་ངོ་བོ་དགག་

པའི་སྒོ་ནས་འཇིག་རྟེན་ཕ་རོལ་དགག་པར་བྱ་བར་མི་ནུས་ཏེ། མཐོང་བ་ནི་བསྙོན་པར་མི་ནུས་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། ཐོག་མ་དང་ཐ་མ་མེད་པའི་ཆོས་དགག་པའི་སྒོ་ནས་ཏེ། ཐོག་མ་དང་ཐ་མ་མེད་པ་དེ་ཡང་ཇི་ལྟར་འགྲུབ་པར་འགྱུར་གལ་ཏེ་ཐོག་མ་མེད་པ་ཉིད་དུ་འདོད་པ་གང་

ཡིན་པ་དེ་རྒྱུ་མེད་པར་འགྱུར་བའམ། ཤེས་པ་རྟག་པ་ཅན་གྱི་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བའམ། ཡང་ན་རང་ཉིད་ཀྱིས་རྟག་པའམ། འབྱུང་བ་ཙམ་གྱིས་བསྐྱེད་པའམ། རྒྱུད་གཞན་གྱི་ཤེས་པའི་རྒྱུད་ཅན་ཡིན་ཞེས་བྱ་བར་ཕྱོགས་ལྔའོ། །གལ་ཏེ་སེམས་

ཐམས་ཅད་རང་གི་རྒྱུད་ལ་གནས་པའི་ཤེས་པ་སྔ་མ་སྔ་མའི་རྒྱུ་ཅན་དུ་གྱུར་ན་དེའི་ཚེ་སེམས་ཀྱི་རྒྱུན་ཐོག་མ་མེད་པ་ཅན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསམས་ནས་ཕྱོགས་འདི་རྣམས་ཉེ་བར་བཀོད་དོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། རྟག་ཏུ་ཡོད་པ་ལ་སོགས་

པར་ཐལ་བར་འགྱུར་བའི་ཕྱིར་རོ། །ལྟོས་པའི་དངོས་པོ་རྣམས་ནི་རེས་འགའ་བ་འགྱུར་བ་ཡིན་ལ། གང་རྒྱུ་མེད་པ་དེ་ནི་ཅུང་ཟད་ཀྱང་མི་ལྟོས་པས་ཅིའི་ཕྱིར་མ་ཚང་བར་འགྱུར། ཕྱོགས་གཉིས་པ་ཡང་མ་ཡིན་ཏེ། རྟག་ཏུ་ཡོད་པར་ཐལ་བར་འགྱུར་བ་དེ་ཉིད་ཀྱི་ཕྱིར་རོ། །རྒྱུ་མ་ཚང་

Vol. 192 · folio 93a

བའི་ཕྱིར་འབྲས་བུ་རྣམས་མེད་པ་ཉིད་ཡིན་ཏེ། རྒྱུ་མ་ཚང་བ་མེད་པ་གང་ཡིན་པ་དེ་ཅིའི་ཕྱིར་མི་འགྱུར་ཞེས་བརྗོད་པར་བྱ་དགོས་སོ། །ཕྱོགས་གསུམ་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་མེད་ཕྱིར་ཏེ། རྟག་ཏུ་ཡོད་པ་དེ་ཉིད་མེད་པའི་ཕྱིར་རོ། །རྣམ་ཤེས་རྟག་པ་

ཞེས་བྱ་བ་ལ་སོགས་པས་དེ་མེད་པ་དེ་ཉིད་སྟོན་པར་བྱེད་པ་ཡིན་ཏེ། འདིས་ནི་དམ་བཅའ་བ་མངོན་སུམ་དང་འགལ་བར་བཤད་དོ། །ས་དང་ཞེས་བྱ་བ་ལ་སོགས་པས་ཕྱོགས་བཞི་པ་སེལ་བར་བྱེད་དེ་ས་ནི་སའོ། །རྟག་པའི་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བའི་ཕྱོགས་བཞིན་

དུ་འདིར་ཡང་སྐྱོན་མཚུངས་ཏེ། འདི་ལྟར་གཞན་གྱི་འབྱུང་བ་ཆེན་པོ་བཞི་བརྟན་པའི་ངོ་བོར་འདོད་ལ། ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་ནས་རིམ་གྱིས་རྟག་པ་ལས་སྐྱེ་བ་ཞེས་བརྗོད་པར་རིགས་པ་ཡང་མ་ཡིན་ཏེ། རྟག་པ་ནི་ཕན་འདོགས་པ་ལ་ལྟོས་པ་མ་ཡིན་ནོ་ཞེས་ཕལ་ཆེར་དཔྱད་

ཟིན་པའི་ཕྱིར་རོ། །ཡང་ཇི་སྐད་དུ་བཤད་པའི་སྐྱོན་གྱིས་འཇིགས་ནས་གཞན་དག་གིས་ཏེ་ཚུ་རོལ་མཛེས་པ་རྣམས་ཀྱིས་ཀྱང་འབྱུང་བ་ཆེན་པོ་བཞི་པོ་འདི་སྐད་ཅིག་མ་ཉིད་དུ་ཁས་ལེན་པར་བྱེད་པ་དེའི་ཚེ་ཡང་སྐྱོན་ཅན་ཉིད་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདི་ལྟར་རེ་ཞིག་

གང་གིས་དེའི་ཐ་སྙད་གྲུབ་པར་འགྱུར་བ་ལུས་དང་བློ་དག་རྒྱུ་དང་འབྲས་བུའི་དངོས་པོ་གྲུབ་པ་ལ་ཚད་མ་ཅུང་ཟད་ཀྱང་མེད་དོ། །སྦྱོར་བ་ནི་གང་དུ་དངོས་པོ་གང་ཞིག་གྲུབ་པར་བྱ་བའི་ཕྱིར་ཚད་མ་ཅུང་ཟད་ཀྱང་མེད་པ་དེ་ནི་དེར་རྟོག་པ་དང་ལྡན་པས་ཐ་སྙད་བྱ་བ་མ་ཡིན་ཏེ། མེ་ལ་གྲང་

བའི་ཐ་སྙད་བཞིན་ནོ། །ལུས་དང་བློ་དག་ལ་ཡང་རྒྱུ་དང་འབྲས་བུ་གྲུབ་པར་བྱ་བའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་རྒྱུ་དང་འབྲས་བུའི་སྒྲུབ་པར་བྱེད་པ་ནི་མངོན་སུམ་

དང་མི་དམིགས་པ་ཡིན་ནོ། །དེ་ཡང་ཁྱད་པར་ཅན་གྱི་རྗེས་སུ་འགྲོ་བའམ། ལྡོག་པ་ཉིད་ལས་ངེས་པ་ཡིན་གྱི། མཐོང་བ་དང་མ་མཐོང་བ་ཙམ་གྱིས་ནི་མ་ཡིན་ནོ། །དེ་ལ་རྗེས་སུ་འགྲོ་བ་ལས་འབྲས་བུ་ངེས་པར་བྱ་བ་ལ་གང་དག་དམིགས་ན་དམིགས་པའི་མཚན་ཉིད་དུ་གྱུར་

Vol. 192 · folio 93b

པ་སྔ་མ་དམིགས་པ་ན་དམིགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་རྟེན་པར་བྱེད་དེ། དེ་ལྟ་མ་ཡིན་ཏེ། གལ་ཏེ་དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པ་ཞེས་བྱ་བ་དེ་ལྟ་བུ་ལ་མི་ལྟོས་པ་དེའི་ཚེ་དེ་ལ་འབྲས་བུ་དང་པོ་ནས་ཡོད་པའམ། ཡུལ་གཞན་ནས་འོངས་པའམ་གང་དག་རྒྱུ་

ལས་སྔར་གནས་པའི་རྩིག་པ་དང་རེ་ལྡེ་ལ་སོགས་པ་དེ་དག་རྒྱུ་ཡིན་པ་མ་བཀག་པར་འགྱུར་རོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་མི་དམིགས་པ་ཉེ་བར་བསྟན་པས་ནི་དེ་བཀག་པར་འགྱུར་ཏེ། དེ་དེ་ལས་འཁྲུལ་པ་མེད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་རྗེས་སུ་འགྲོ་བ་ལས་འབྲས་

བུ་ངེས་པ་ཡིན་ནོ། །ལྡོག་པ་ལས་ཀྱང་འབྲས་བུ་ངེས་པར་བྱ་བ་ནི་དེ་ལས་གཞན་པའི་ནུས་པའི་རྒྱུ་དག་ཡོད་ན་ཡང་གང་ཞིག་གཅིག་མེད་ན་མི་འབྱུང་བ་ཞེས་བྱ་བ་དེ་ལྟ་བུ་ལ་བརྟེན་པར་བྱ་སྟེ། དེ་ལྟ་མ་ཡིན་ཏེ། དེ་མེད་ན་མི་འབྱུང་བ་ཞེས་བྱ་བ་འབའ་ཞིག་ཉེ་བར་བརྟན་པས་ནི་འདིར་དེའི་

ནུས་པ་ལ་ཐེ་ཚོམ་ཟ་བ་ཉིད་དུ་འགྱུར་ཏེ། དེ་ལ་ནུས་པ་གཞན་ཡང་ཡོད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་འདི་ལྟར་སྲིད་པ་ཡིན་ཏེ། དེ་ལ་ནུས་པ་ནི་གཞན་ཉིད་ཡིན་ཏེ། དེ་མེད་པས་དེ་མི་འབྱུང་བ་ཡིན་ནོ། །གང་ཡང་འདི་ལྡོག་པ་ན་ལྡོག་པ་དམིགས་པ་དེ་ནི་འདོད་རྒྱལ་བའི་མི་སླུ་བ་ཡིན་ཏེ།

མ་བག་མར་ལེན་པར་འོངས་པའི་ཡུལ་དུ་སྐྱེ་བའི་འབྲག་གོ་མ་བག་མར་ལེན་པ་མེད་པའི་ཡུལ་གཞན་དུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ནུས་པ་ཡོད་ཀྱང་ཞེས་བྱ་བར་ཁྱད་པར་དུ་བྱ་བ་ཡིན་ཏེ། དེ་ལྟར་ན་དེ་ཉིད་རྒྱུ་ཉིད་དུ་ངེས་ཏེ་དེ་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །ཕན་མི་འདོགས་པ་

ནི་ལྡོག་པའི་རྗེས་སུ་བྱེད་པ་འགའ་ཡང་མེད་དེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ཐེ་ཚོམ་མེད་པར་རྒྱུ་དང་འབྲས་བུ་ཉིད་དུ་ངེས་ཀྱི་གཞན་དུ་ནི་མ་ཡིན་ནོ། །དེ་དག་ལ་འདི་འདྲ་བའི་རྗེས་སུ་འགྲོ་བའམ་ལྡོག་པ་ངེས་པ་ནི་ནམ་ཡང་ཡོད་པ་མ་

ཡིན་ཏེ། འདི་ལྟར་རེ་ཞིག་རང་གི་ལུས་དང་བློ་དག་རྗེས་སུ་འགྲོ་བ་ངེས་པར་ནུས་པ་མ་ཡིན་ཏེ། མངལ་ལ་སོགས་པར་སྐྱེ་བ་ལས་སྔར་འབྲས་བུ་འགའ་ཞིག་དམིགས་པ་མེད་པའི་ཕྱིར་ལ་སེམས་མེད་པར་དམིགས་པར་འགྱུར་བ་ཡང་མ་ཡིན་ཏེ། གཞན་གྱི་ལུས་ལ་ཡང་སེམས་དམིགས་

Vol. 192 · folio 94a

པའི་མཚན་ཉིད་དུ་མ་གྱུར་པའི་ཕྱིར་སྔ་མ་དང་ཕྱི་མ་འཛིན་པ་མེད་པས་དེའི་ཕྱིར་རྗེས་སུ་འགྲོ་བ་ངེས་པ་མ་ཡིན་ཏེ། ལྡོག་པ་ངེས་པ་ཡང་མ་ཡིན་ཏེ། དེ་ལ་ཡང་རེ་ཞིག་རང་གི་ལུས་ལྡོག་པས་རང་གི་བློ་ལྡོག་པ་ཉིད་དུ་ཤེས་པར་ནུས་པ་ཡང་མ་ཡིན་ཏེ། རང་ཉིད་རྣམ་པ་ཐམས་

ཅད་དུ་མེད་པའི་ཕྱིར་རོ། །གཞན་གྱི་བློ་ལོག་པས་དེ་དང་འབྲེལ་པའི་བློ་ལྡོག་པར་ངེས་པར་ནུས་པ་ཡང་མ་ཡིན་ཏེ། དེའི་བློ་དམིགས་པའི་མཚན་ཉིད་དུ་མ་གྱུར་པ་ཉིད་ཀྱིས་ལུས་ལོག་ན་ཡང་བློ་ལྡོག་པར་ཐེ་ཚོམ་ཟ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་རྩིག་པ་ལ་སོགས་པ་ལ་ལུས་མེད་ཀྱང་བློ་ལྡོག་

པར་ངེས་པ་མ་ཡིན་ཏེ། དེ་ཡོད་པ་དམིགས་པའི་མཚན་ཉིད་དུ་མ་གྱུར་པ་ཉིད་ཀྱིས་ཐེ་ཚོམ་ཟ་བའི་ཕྱིར་རོ། །གཡོ་བ་ལ་སོགས་པའི་འབྲས་བུ་མ་མཐོང་བའི་ཕྱིར་ཡང་མེད་པར་ངེས་པར་རིགས་པ་མ་ཡིན་ཏེ། རྒྱུ་རྣམས་ནི་གདོན་མི་ཟ་བར་འབྲས་བུ་དང་ལྡན་པ་མ་ཡིན་ནོ། །གཞན་ཡང་སྤྱིའི་

ལུས་ཀྱི་ཁྱད་པར་འཛིན་པའི་རྒྱུ་སྲིད་པ་ཕྱིན་ཅི་ལོག་གི་མཚན་ཉིད་རང་གི་རྒྱུ་མེད་པའི་ཕྱིར་རྩིག་པ་ལ་སོགས་པ་དེ་ལ་བློ་མེད་པ་ཡིན་ནམ། འོན་ཏེ་ལུས་ལྡོག་པ་ལས་ཡིན་ཞེས་ཐེ་ཚོམ་ཟའོ། །དེ་ལྟ་བས་ན་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་

ཕྱོགས་ལ་ཡོད་པའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་། རྟོག་པ་དང་ལྡན་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་ཁྱེད་ལ་ལུས་བློའི་རྒྱུ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་གནོད་པར་བྱེད་པའི་ཚད་མ་ཅི་ཞིག་ཡོད་ཅེ་ན། མ་ཡིན་ཏེ།

ཚད་མ་ཡོད་པ་ཉིད་དེ། དེ་སྐད་དུ་ཡང་ཡིད་ཀྱི་བློའི་རྒྱུ་ལུས་མ་ཡིན་ནོ་ཞེས་བྱ་བ་འདི་ལ། ཡིད་ཀྱི་བློ་ནི་རང་དབང་ཅན། །ཞེས་བྱ་བ་ལ་སོགས་པས་ཚད་མ་སྟོན་པར་འགྱུར་རོ། །དེ་ཉིད་སྲིད་པ་གཞན་དུ་མཚམས་སྦྱོར་བ་ལ་བདག་པོ་ཡིན་པའི་ཕྱིར་ལུས་ལ་མི་བརྟེན་པ་ཉིད་དུ་གྲུབ་པ་ན་

འཇིག་རྟེན་ཕ་རོལ་གྲུབ་པོ། །གཞན་ཡང་ཡིད་ཀྱི་བློའི་རྒྱུ་ལུས་ཡིན་པ་ན་ཡན་ལག་ཅན་གྱི་ངོ་བོ་གཅིག་ཡིན་ནམ། རྡུལ་ཕྲ་རབ་ཏུ་མ་འདུས་པའི་བདག་ཉིད་དམ། ཡང་ན་དབང་པོ་དང་བཅས་པའམ། དབང་པོ་མེད་པའམ། ཅི་ཉེ་བར་ལེན་པའི་རྒྱུའམ། འོན་ཏེ་ལྷན་ཅིག་བྱེད་པའི་

Vol. 192 · folio 94b

རྒྱུ་ཡིན་ནོ་ཞེས་རྣམ་པར་བརྟག་གོ། །དེ་ལ་རེ་ཞིག་ཡན་ལག་ཅན་གཅིག་རིགས་པ་མ་ཡིན་ཏེ། དེ་ནི་སྔར་བཀག་ཟིན་པའི་ཕྱིར་དང་། འབྱུང་བ་ཆེན་པོ་བཞིའི་བདག་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་ལ་རང་བཞིན་བཞི་རིགས་པ་མ་ཡིན་ཏེ། དུ་མའི་ཐ་སྙད་

ཚད་མར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་རྡུལ་ཕྲ་རབ་ཏུ་མ་འདུས་པའི་བདག་ཉིད་དུ་ཁས་བླང་བར་བྱའོ། །རྡུལ་ཕྲ་རབ་དེ་དག་ཀྱང་རེ་རེ་རྒྱུ་ཡིན་ནམ། ཚོགས་པ་རྒྱུ་ཡིན་གྲང་། རེ་ཞིག་རེ་རེ་ནི་མ་ཡིན་ཏེ། ས་བོན་རེ་རེ་མྱུ་གུ་བསྐྱེད་པ་བཞིན་དུ་རྡུལ་ཕྲ་རབ་རེ་རེ་རྣམ་པར་

རྟོག་པ་སྐྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཚོགས་པ་ཡང་མ་ཡིན་ཏེ། སྣ་ཚོགས་པའི་ཡན་ལག་གཅིག་མ་ཚང་ན་ཡང་མི་སྐྱེ་བར་འགྱུར་བའི་ཕྱིར་ཏེ། ས་ལ་སོགས་པ་གང་ཡང་རུང་བ་མ་ཚང་ན་མྱུ་གུ་མི་སྐྱེ་བ་བཞིན་ནོ། །ཚོགས་པ་ལ་རག་ལས་པའི་འབྲས་བུ་ནི་གང་ཡང་

རུང་བ་མེད་པ་ནི་འགྱུར་བ་མ་ཡིན་ཏེ། དེ་ལ་རག་ལས་པ་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཇི་ལྟར་ཡོད་པ་བཞིན་དུ་ཐམས་ཅད་ཀྱང་སེམས་ཀྱི་རྒྱུར་རྟོག་པར་བྱེད་ན། འོ་ན་དེ་ལྟ་ན་ལུས་ཀྱི་ཡན་ལག་ཚང་བ་དང་མ་ཚང་བ་ལས་བྱུང་བའི་རྣམ་པར་རྟོག་པ་དེ་དག་

ཐ་དད་པར་འགྱུར་ཏེ། རྒྱུ་ཐ་དད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འབྲས་བུའི་ཐ་དད་པ་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །ཡན་ལག་མ་ཚང་བ་མེད་པ་ལས་ཕྱིས་ཡན་ལག་མ་ཚང་བར་གྱུར་པ་ན་ཡིད་ཀྱི་བློ་འགའ་ཞིག་ཁྱད་པར་དུ་འགྱུར་བ་ནི་ཡོད་པ་མ་ཡིན་ཏེ། ཐོས་པ་ལ་སོགས་པའི་

ལེགས་པར་བྱས་པ་ནི་དེའི་ཚེ་ཡང་མ་ཚང་བ་མེད་པར་འཇིག་པའི་ཕྱིར་རོ། །གླང་པོ་ལ་སོགས་པའི་ལུས་ལ་གནས་པའི་ཡིད་ཀྱི་བློ་ཁྱད་པར་དུ་འཕགས་པར་འགྱུར་གྱི་མའི་བློ་ནི་མ་ཡིན་ནོ། །གང་ཡང་ལུས་ཆུང་བའི་མའི་སྐྱེ་བ་དེ་དག་བློ་དམན་པ་དང་། ལུས་ཆེན་པོ་ནི་བློ་གསལ་བར་འགྱུར་

ཏེ། རྒྱུ་ཆུང་བ་དང་ཁྱད་པར་དུ་འཕགས་པ་ལས་འབྲས་བུ་ཆུང་བ་དང་ཁྱད་པར་དུ་འཕགས་པར་མཐོང་བའི་ཕྱིར་རོ། །གང་ཞིག་ཐ་དད་པས་གང་ཐ་དད་པར་མི་འགྱུར་བ་དེ་ནི་དེའི་འབྲས་བུ་ཡིན་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དང་། འབྲས་བུའི་ཐ་དད་པ་ཡང་རྒྱུ་

Vol. 192 · folio 95a

མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དབང་པོ་དང་བཅས་པ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། འདི་ལྟར་ཡིད་ཀྱི་བློ་དབང་པོ་རེ་རེ་ལས་སམ། ཚོགས་པ་ལས་ཡིན་གྲང་རེ་ཞིག་རེ་རེ་ལས་ནི་མ་ཡིན་ཏེ། དབང་པོ་རེ་རེ་ཉམས་ན་ཡང་ཡིད་ཀྱི་བློ་མ་ཚང་བ་མེད་པའི་

ཕྱིར་རོ། །འདི་ལྟར་ཉམས་བྱེད་ཅེས་བྱ་བ་ལ་སོགས་པའི་ནད་ལ་སོགས་པས་ལུས་ཀྱི་དབང་པོ་ལ་སོགས་པ་ལ་གནོད་ཀྱང་ཡིད་ཀྱི་བློ་མ་ཚང་བ་མེད་པ་ཉིད་དུ་ཡོད་པར་ཉམས་སུ་མྱོང་ངོ་། །གང་འགྱུར་ན་ཡང་གང་མི་འགྱུར་བ་དེ་ནི་དེའི་འབྲས་བུར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་

འགྱུར་བའི་ཕྱིར་རོ། །གཞན་ཡང་མིག་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་དུ་སོ་སོར་ངེས་པའི་དོན་འཛིན་པ་དང་རྟོགས་པ་མེད་པ་དང་། དོན་ཉེ་བ་ལ་ལྟོས་ནས་འཇུག་པ་དང་རེས་འགའ་བར་འགྱུར་ཏེ། རྒྱུ་ཐ་མི་དད་པའི་ཕྱིར་དང་། ཅིག་ཅར་དུ་མ་སྐྱེས་པར་ཐལ་བར་འགྱུར་

བའི་ཕྱིར་རོ། །ཚོགས་པ་ལས་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། དབང་པོ་གཅིག་མེད་པ་ན་ཡང་མེད་པར་ཐལ་བར་འགྱུར་བའི་ཕྱིར་ཏེ། ལྷན་ཅིག་བྱེད་པ་གཅིག་མེད་པ་ན་མྱུ་གུ་ལ་སོགས་པ་ཉམས་པ་བཞིན་ནོ། །དབང་པོ་མེད་པ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ།

ལུས་ལ་བཅང་བའི་ལག་པ་ལ་སོགས་པ་ཡང་དེའི་རྒྱུ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཁྱད་པར་ཅན་རྒྱུ་ཉིད་ཡིན་ན་དབང་པོ་དང་བཅས་པ་ཉིད་འདོད་པར་འགྱུར་ཏེ། དབང་པོ་དང་བཅས་པ་ལས་གཞན་ཁྱད་པར་ཅན་བསྟན་པར་ནུས་པ་མ་ཡིན་ནོ། །ཉེ་བར་ལེན་པའི་རྒྱུ་ཞེས་བྱ་

བའི་ཕྱོགས་ཀྱང་མ་ཡིན་ཏེ། འདི་ལྟར་འབྲས་བུར་གཏོགས་པའི་ཁྱད་པར་མཐའ་དག་གི་རྗེས་སུ་འགྲོ་བའི་རང་བཞིན་གྱི་རྒྱུ་གང་ཞིག་རྟག་ཏུ་བདག་ཉིད་ཡོད་པ་ཉེ་བའི་ཕྱིར་དེ་ལ་ཕན་འདོགས་པར་བྱེད་པ་གང་ཞིག་འགྱུར་བར་མ་བྱས་པར་འབྲས་བུ་འགྱུར་བར་མི་ནུས་པའི་རྒྱུའི་ཁྱད་པར་དེ་

ཉིད་ཉེ་བར་ལེན་པ་ཉིད་དུ་གྲགས་ཏེ། དཔེར་ན་འཇིམ་པའི་བདག་ཉིད་ཀྱི་ཚོགས་པ་སྔ་མ་སྔ་མ་བུམ་པའི་མིང་ཅན་གྱི་འབྲས་བུའི་ཚོགས་པ་ཕྱི་མ་ཕྱི་མའི་ཉེ་བར་ལེན་པར་འདོད་པ་ཉིད་བཞིན་ནོ། །གང་ཞིག་གང་རྣམ་པར་འགྱུར་བར་བྱེད་འདོད་པ་དེ་དེའི་ཉེ་བར་ལེན་པ་རྣམ་པར་འགྱུར་བར་

Vol. 192 · folio 95b

བྱས་པ་ཉིད་ཀྱིས་དེ་རྣམ་པར་འགྱུར་བར་བྱེད་ཀྱི་གཞན་དུ་ནི་མ་ཡིན་ནོ། །ནུས་པ་ཐོགས་པ་མེད་པའི་ཉེ་བར་ལེན་པ་སྔ་མ་ཡོད་ན་དེའི་འབྲས་བུ་ཕྱིས་སྐྱེ་བར་འདོད་པ་གང་གིས་གནོད་པར་བྱ་བར་ནུས་པ་མ་ཡིན་ཏེ། དཔེར་ན་སྐྱེ་བར་འདོད་པའི་འབྲས་བུ་བུམ་པ་ལ་སོགས་པ་ཕྱི་མ་འཇི་བའི་

བདག་ཉིད་སྔ་མ་ལ་གེགས་མ་བྱས་པར་ནུས་པ་མེད་པའི་སྐད་ཅིག་སྐྱེད་པའི་ཕྱིར་འགྱུར་བར་བྱེད་པ་མ་ཡིན་ནོ། །ཐམས་ཅད་དུ་འགྱུར་བར་བྱེད་པའི་ཚུལ་ནི་འདི་ཉིད་ཡིན་ཏེ། ཉེ་བར་ལེན་པའི་སྐད་ཅིག་ཕྱི་མ་ནུས་པ་མེད་པ་ཉིད་དུ་སྐྱེད་པའོ། །གཞན་དུ་ན་དངོས་སུ་ནི་འགལ་བ་འགའ་

ཡང་སྲིད་པ་མ་ཡིན་ནོ། །གལ་ཏེ་རྒྱུའི་འགྱུར་བ་བྱེད་པ་བཞིན་དུ་འབྲས་བུ་ཡང་དངོས་སུ་རྣམ་པར་འགྱུར་བར་བྱེད་པར་འགྱུར་གྱི། ཉེ་བར་ལེན་པ་འགྱུར་བར་བྱེད་པའི་སྒོ་ནས་ནི་མ་ཡིན་ནོ། །གང་ཡང་སྒྲོན་མ་ལ་སོགས་པའི་དབང་དུ་བྱས་ནས་དེའི་འོད་ཡུལ་གཞན་དུ་འཇུག་པའི་བར་དུ་སྒྲིབ་

གཡོགས་ཀྱིས་འགྱུར་བར་བྱེད་པ་དེ་ནི་དེའི་དངོས་ཀྱི་ཉེ་བར་ལེན་པའི་རྒྱུ་སྒྲོན་མ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འོད་ཀྱི་སྐད་ཅིག་སྔ་མ་སྔ་མ་སྟེ། དེ་ཉིད་ནུས་པ་མེད་པའི་སྐད་ཅིག་གཞན་སྐྱེད་པའི་མཚན་ཉིད་ཀྱི་འགྱུར་བ་བསྒྲུབ་པའི་ཕྱིར་སྒྲིབ་གཡོགས་ཀྱིས་འོད་ཉམས་པར་བྱེད་དོ། །ཡང་

དངོས་པོ་གང་ཞིག་གི་དབང་དུ་བྱས་ནས་གང་འགྱུར་བར་བྱེད་པ་དེ་ནི་དེའི་ཉེ་བར་ལེན་པ་མ་ཡིན་ཏེ། དཔེར་ན་བ་མེན་གྱི་དབང་དུ་བྱས་ནས་བ་ལང་རྣམ་པར་འགྱུར་བ་བཞིན་ནོ། །མི་འདོད་པ་སྤྱོད་པ་ལ་སོགས་པས་ཡིད་མི་བདེ་བ་ལ་སོགས་པའི་མཚན་ཉིད་ཀྱི་འགྱུར་བ་སྒྲུབ་པར་བྱེད་པའི་ཡིད་

ཀྱི་བློ་ཡང་ལུས་ཀྱི་དབང་དུ་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འོན་ཏེ་ཟས་དང་གཉིད་ལ་སོགས་པས་ལུས་རྒྱས་པ་ལ་སོགས་པའི་རྣམ་པར་འགྱུར་བ་ན་འདོད་ཆགས་ལ་སོགས་པའི་མཚན་ཉིད་ཀྱི་ཡིད་ཀྱི་བློའི་རྣམ་པར་འགྱུར་བ་སྒྲུབ་པར་བྱེད་པར་

མཐོང་བ་ཁོ་ནའོ། །གལ་ཏེ་མཐོང་མོད། དེ་ལས་ཅིར་འགྱུར། དེ་ཙམ་གྱིས་ནི་གཏན་ཚིགས་མ་གྲུབ་པ་ཉིད་མ་ཡིན་ཏེ། འདི་ལྟར་གང་ཞིག་རྣམ་པར་མི་འགྱུར་ན་ཡང་གང་རྣམ་པར་འགྱུར་བར་བྱེད་པ་དེ་ནི་དེའི་ཉེ་བར་ལེན་པ་མ་ཡིན་ནོ་ཞེས་བྱ་བ་དེ་ཙམ་ཞིག་འདིར་བརྗོད་

Vol. 192 · folio 96a

པར་འདོད་པ་ཡིན་ནོ། །གནས་སྐབས་འགའ་ཞིག་ཏུ་མི་འདོད་པ་སྤྱོད་པ་ལ་སོགས་པས་ལུས་རྣམ་པར་འགྱུར་བར་བྱེད་པ་མེད་པར་ཡང་བློ་འགྱུར་བར་བྱེད་པར་སྲིད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ག་ལས་ཡིན། རེས་འགའ་དེ་ལྟ་བུར་གྱུར་པས་དེའི་རྣམ་པར་

འགྱུར་བའི་རྗེས་སུ་བྱེད་པའི་ཕྱིར་དེའི་ཉེ་བར་ལེན་པ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་ཡུལ་ཡང་ཉེ་བར་ལེན་པ་ཉིད་དུ་འགྱུར་ཏེ། འདི་ལྟར་སྟག་དང་ཁྲ་ལ་སོགས་པའི་འཇིགས་སུ་རུང་བའི་ཡུལ་མཐོང་བ་ལ་སོགས་པའི་སྟོབས་ཀྱིས་

ཀྱང་རེས་འགའ་སྡར་མའི་ཡིད་རྨུགས་པའི་མཚན་ཉིད་ཀྱི་ཡིད་ཀྱི་འགྱུར་པ་འབྱུང་བ་ཁོ་ནའོ། །དེ་ཙམ་གྱིས་ནི་ཡིད་ཀྱི་བློ་དེ་དེ་ལ་བརྟེན་པར་འགྱུར་བ་ཡང་མ་ཡིན་ནོ། །འདོད་པ་དང་མྱ་ངན་ལ་སོགས་པའི་རྣམ་པར་སྤྱད་པས་ཀྱང་ཡིད་ཉམས་པ་ན་ལུས་རྣམ་པར་འགྱུར་བ་མཐོང་

བའི་ཕྱིར་དེ་ལུས་ཀྱི་ཡང་ཉེ་བར་ལེན་པར་ཐལ་བའི་ཕྱིར་རོ། །འོན་ཀྱང་ངེས་པར་དངོས་སུ་གང་ཞིག་གང་འགྱུར་བའི་རྗེས་སུ་བྱེད་པ་དེ་ནི་དེའི་ཉེ་བར་ལེན་པར་རིགས་པ་ཡིན་ཞིང་འདོད་ཆགས་ལ་སོགས་པའི་མཚན་ཉིད་ཀྱི་རྣམ་པར་འགྱུར་བ་ངེས་པར་ལུས་ཡོངས་སུ་རྒྱས་པ་ལ་སོགས་

པ་ལས་འགྱུར་བ་མ་ཡིན་ཏེ། སོ་སོར་རྟོགས་པ་དང་ལྡན་པ་འགའ་ཞིག་ལུས་ཡོངས་སུ་རྒྱས་ན་ཡང་དེ་མེད་པའི་ཕྱིར་རོ། །དེ་བཞིན་དུ་ཚུལ་བཞིན་མ་ཡིན་པ་མང་དུ་ཡིད་ལ་བྱེད་པའི་གང་ཟག་ལུས་ཤིན་ཏུ་རིངས་པའམ། དུད་འགྲོར་གཏོགས་པ་འགའ་ཞིག་ལུས་ཤིན་ཏུ་ཉམ་ཆུང་

ཡང་འདོད་ཆགས་ལ་སོགས་པ་ཤས་ཆེན་པོར་མཐོང་བའི་ཕྱིར་རོ། །གང་མེད་ན་ཡང་དེ་ཡོད་པ་དེ་ནི་དེའི་འབྲས་བུར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ལུས་ལས་དངོས་སུ་འདོད་ཆགས་ལ་སོགས་པ་སྲིད་པ་ཡང་མ་ཡིན་ཏེ། ཚུལ་བཞིན་མ་ཡིན་པ་

ཡིད་ལ་བྱེད་པ་ལ་སོགས་པས་བར་དུ་གཅོད་པའི་ཕྱིར་རོ། །འདི་ལྟར་ལུས་རྒྱས་ན་ནང་གི་རེག་བྱའི་ཡུལ་གྱི་སྐད་ཅིག་གིས་སྐྱེད་པའི་བདེ་བ་ལ་སོགས་པ་ཉམས་སུ་མྱོང་ལ། དེ་ལས་བདག་དང་བདེ་བ་ལ་སོགས་པ་དེ་དང་དེ་གྲུབ་པར་བྱེད་པ་ལས་སྲེད་པ་དང་ལྡན་པ་རྟག་པ་

Vol. 192 · folio 96b

ལ་སོགས་པའི་ཕྱིན་ཅི་ལོག་དང་ལྡན་པའི་ཡིད་ཅན་འདི་ནི་བདག་ལ་ཕན་འདོགས་པའམ། གནོད་པ་བྱེད་པ་ཡིན་ཞེས་བདག་ལ་ཕན་པ་དང་གནོད་པར་རྣམ་པར་རྟོག་གོ། །དེ་ལས་དེ་ལ་ཡོངས་སུ་དགའ་བ་དང་ཡིད་བདེ་བ་ལ་སོགས་པ་འབྱུང་ལ། དེ་ལས་བདེ་བ་ལ་སོགས་པའི་

ཡུལ་ཅན་འདི་མངོན་པར་ཤེས་པ་ལ་སོགས་པ་སྐྱེའོ་ཞེས་བྱ་བ་འདི་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྟོགས་པ་ཉིད་ཡིན་ཏེ། ཡིད་བདེ་བ་ལ་སོགས་པ་སྲིད་པ་ཉིད་ན་འདོད་ཆགས་ལ་སོགས་པ་མཐོང་བའི་ཕྱིར་རོ། །རྒྱས་པ་ལ་སོགས་པ་ཡོད་ཀྱང་དེ་མེད་ན་མ་མཐོང་བའི་

ཕྱིར་རོ། །དེའི་ཕྱིར་རྒྱས་པ་ལ་སོགས་པ་ནི་དངོས་སུ་ཡོད་ཀྱི་བློ་འགྱུར་བ་བྱེད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དངོས་སུ་ཕན་འདོགས་པར་བྱེད་པ་མ་ཡིན་པའི་ཕྱིར་ལུས་དེའི་ལྷན་ཅིག་བྱེད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །མྱུ་གུ་ལ་སོགས་པ་ལས་ལ་སོགས་པའི་ཕན་

འདོགས་པ་རྣམས་དངོས་སུ་ལྟན་ཅིག་བྱེད་པ་ཉིད་དུ་གྲགས་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་རིགས་མཐུན་པའི་ས་བོན་སད་ནས་འཇུག་པ་ཅན་ཉིད་ཀྱི་འདོད་ཆགས་ལ་སོགས་པ་དང་། ལུས་རྒྱས་པ་དང་ལང་ཚོ་དང་དུས་ལ་སོགས་པ་ནི་སོ་

སོར་རྟོག་པ་གོམས་པ་དང་བྲལ་བ་འགའ་ཞིག་གི་དེ་བག་ཆགས་སད་པའི་རྒྱུ་ཡིན་ནོ། །ལུས་རང་གི་ཉེ་བར་ལེན་པས་འཇུག་པའི་ཡིད་ཀྱི་བློ་རེས་འགའ་དངོས་སུ་ཕན་འདོགས་པར་བྱེད་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་ལུས་ལྡོག་ན་ཡང་དེ་ལྡོག་པ་འགྲུབ་པར་མི་འགྱུར་ཏེ།

དཔེར་ན་མེ་ལོག་ཀྱང་བུམ་པ་ལ་སོགས་པ་མི་ལྡོག་པ་བཞིན་ཏེ། རང་གི་ཉེ་བར་ལེན་པ་མ་ལོག་པའི་ཕྱིར་མི་འདོད་པར་འགྱུར་བ་མ་ཡིན་ནོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འགལ་བ་ཡང་མ་ཡིན་ཏེ། མཐུན་པའི་ཕྱོགས་ལ་ཡོད་

པའི་ཕྱིར་རོ། །དེའི་ཕྱིར་ལུས་ཉེ་བར་ལེན་པའི་རྒྱུ་མ་ཡིན་ཞིང་། ལྷན་ཅིག་བྱེད་པའི་རྒྱུ་ཡང་མ་ཡིན་པའི་ཕྱིར་ཡིད་ཀྱི་བློ་སྔ་མ་སྔ་མའི་བློའི་སྟོབས་ཀྱིས་བྱུང་བ་ཅན་ཡིན་པར་གྲུབ་པོ། །འདི་སྙམ་དུ་གང་དག་ལྷན་ཅིག་གནས་པར་ངེས་པ་དེ་དག་ནི་ཉེ་བར་བླང་བར་བྱ་བར་འགྱུར་བ་དག་ཡིན་

Vol. 192 · folio 97a

ཏེ། མར་མེ་དང་འོད་དག་བཞིན་ནོ། །ལུས་དང་ཡིད་ཀྱི་རྣམ་པར་ཤེས་པ་དག་ཀྱང་ལྷན་ཅིག་གནས་པ་ངེས་པ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེའི་ཕྱིར་འདི་ནི་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་ཡིན་ཏེ། གཟུགས་མེད་པའི་ཁམས་ན་

ལུས་མེད་ཀྱང་ཡིད་ཀྱི་བློའི་གནས་སྐབས་ཁས་ལེན་པའི་ཕྱིར་རོ། །འདོད་པ་ཡང་མ་ཡིན་ཏེ། ཡིད་ཀྱི་བློ་ཡང་ལུས་ཀྱི་ཉེ་བར་ལེན་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། རྒྱུ་ཐ་མི་དད་པས་ཀྱང་ལྷན་ཅིག་གནས་པ་སྲིད་པའི་ཕྱིར་མེ་དང་ཟངས་ཀྱི་ཞུ་བ་ཉིད་

བཞིན་ཏེ། འདི་ལྟར་མེ་ལྷན་ཅིག་བྱེད་པ་ཅན་གྱི་ཟངས་ཞུ་བར་རྩོམ་གྱི་འབའ་ཞིག་པ་ནི་མ་ཡིན་ནོ། དེ་བཞིན་དུ་འདི་ལ་ཡང་ལུས་ཀྱི་ཉེ་བར་ལེན་པ་ནུར་ནུར་པོ་ལ་སོགས་པ་ཡིད་ཀྱི་རྣམ་པར་ཤེས་པ་ལྷན་ཅིག་བྱེད་པ་ཅན་གྱི་ལུས་རྩོམ་པས་དེའི་ཕྱིར་དེ་དག་ལྷན་ཅིག་གནས་པ་ཡིན་

གྱི་ཉེ་བར་ལེན་པ་དང་ཉེ་བར་བླང་བའི་དངོས་པོས་ནི་མ་ཡིན་པའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ། ཡང་ཅི་སྟེ་གལ་ཏེ་ཡང་དུས་ཕྱི་མའི་ཡིད་ཀྱང་བློ་སྔ་མ་སྔ་མའི་སྟོབས་ཀྱིས་འབྱུང་བ་དེ་ལྟ་ན་ཡང་ལུས་དང་པོར་བྱུང་བ་གང་ཡིན་པ་དེའི་ཉེ་བར་ལེན་པ་ཉིད་ཡིན་པས་དེའི་ཕྱིར་ཐོག་མ་མེད་

པ་ཉིད་དུ་མ་གྲུབ་པོ་སྙམ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། རྟོག་པ་འདིའི་སྒྲུབ་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ།། །།གནོད་པར་བྱེད་པ་ཡང་མེད་དོ་ཞེ་ན། མ་ཡིན་ཏེ། གནོད་པར་བྱེད་པ་ཡོད་པ་ཉིད་དོ། །དེ་ལྟར་ཡིད་

ཀྱི་བློ་ལན་ཅིག་ལུས་ལས་བྱུང་ལ་ཕྱིས་རིགས་མཐུན་པ་ལས་བྱུང་བར་གྱུར་ན་དེའི་ཚེ་དུས་ཕྱིས་ཐམས་ཅད་དུ་ཡིད་ཀྱི་རྣམ་པར་ཤེས་པ་སྔ་མ་སྔ་མ་ཁོ་ན་ལས་འབྱུང་བར་འགྱུར་གྱི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རིགས་མི་མཐུན་པ་ལས་བྱུང་བ་ནི་མ་ཡིན་པར་འགྱུར་རོ། །

དུ་བ་མེ་ལས་ལན་ཅིག་བྱུང་ནས་ཕྱིས་རིགས་མི་མཐུན་པ་གཞན་ཡང་འབྱུང་བ་ནི་མ་ཡིན་ནོ། །དུས་ཕྱིས་ཡིད་ཀྱི་བློ་ཡིད་ཀྱི་རྣམ་པར་ཤེས་པ་ལས་བྱུང་བ་ཁོ་ནར་ཉམས་སུ་མྱོང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ངེས་པ་ལས་བྱུང་བ་ཅན་ཡིན་ནོ། །

Vol. 192 · folio 97b

གང་ཞིག་གང་ལས་དང་པོར་སྐྱེ་བ་བསྒྲུབ་པར་དམིགས་པ་དེ་ནི་དེ་ལས་གཞན་ལས་འབྱུང་བར་འོས་པ་ཡང་མ་ཡིན་ཏེ། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དང་པོར་ཡིད་ཀྱི་བློ་མིག་ལ་སོགས་པའི་རྣམ་པར་ཤེས་པ་མཚུངས་པ་དེ་མ་ཐག་པའི་རྐྱེན་མ་ངེས་པ་

ལས་སྐྱེ་བར་ཉམས་སུ་མྱོང་བས་དེའི་ཕྱིར་མ་ངེས་པའི་རྣམ་པར་ཤེས་པ་ཙམ་ལས་བྱུང་བར་གྲུབ་པོ། །གཞན་ཡང་གལ་ཏེ་ལུས་དུས་དང་པོ་ཉིད་དུ་ཡིད་ཀྱི་བློའི་ཉེ་བར་ལེན་པའི་རྒྱུ་ཡིན་ལ་དུས་ཕྱིས་མ་ཡིན་པ་དེའི་ཚེ་ཅིའི་ཕྱིར་དེ་ལུས་ལ་མི་ལྟོས་པར་འཇུག་པར་མི་འགྱུར། དེ་ནི་

ཕན་མི་འདོགས་པའི་ལུས་ལ་འགའ་ཡང་ལྟོས་པར་རིགས་པ་མ་ཡིན་ནོ། །ཁྱེད་ཅག་གང་གི་ལྟར་ན་བློ་ནི་གཞན་སྔོན་དུ་འགྲོ་བ་ཅན་ཡིན་པ་དེའི་ལྟར་ན་ཡང་ཅིའི་ཕྱིར་དེ་འགའ་ཞིག་མི་འཇུག་ཅེ་ན། འཇུག་པ་ཉིད་མ་ཡིན་ནམ། དཔེར་ན་གཟུགས་མེད་པའི་ཁམས་ན་ལྟ་

བུའོ། །གང་གཟུགས་ལ་ཆགས་པ་དང་ལྡན་པ་དེ་ནི་དེ་ལ་ལྟོས་ནས་འཇུག་པ་ཡིན་པའི་ཕྱིར་རྩོད་པ་མེད་པ་ཉིད་དོ། །ཅི་སྟེ་ལུས་ཀྱང་དུས་ཕྱིས་ཕན་འདོགས་པར་བྱེད་པ་ཁས་ལེན་པར་བྱེད་པ་དེའི་ཚེ་རྣམ་པར་ཤེས་པའི་རྒྱུན་དུ་མི་སྐྱེ་བ་ཐལ་བར་འགྱུར་ཏེ། རྣམ་པར་ཤེས་པའི་

ཉེ་བར་ལེན་པར་གྱུར་པ་མ་ཚང་བ་མེད་པའི་ལུས་གཞན་ཡང་དེ་སྐྱེད་པར་བྱེད་པ་ཉིད་དུ་གནས་པའི་ཕྱིར་རོ། །འདི་ལྟར་རྣམ་པར་ཤེས་པ་གང་ཞིག་ལུས་གང་ཁོ་ན་ལས་སྐྱེས་པ་དེ་ནི་དེ་ལས་གཞན་པའི་ཤེས་པ་སོ་སོ་སོ་སོར་བསྐྱེད་པའི་ཕྱིར་སྲོག་ཆགས་གཅིག་གི་སྐད་ཅིག་རེ་རེ་ལ་

རྣམ་པར་ཤེས་པའི་རྒྱུན་དཔག་ཏུ་མེད་པ་སྐྱེ་བར་འགྱུར་ལ། དེ་ལྟར་ཉམས་སུ་མྱོང་བ་ཡོད་པ་ཡང་མ་ཡིན་ནོ། །ཡང་ན་ཅི་སྟེ་དུས་ཕྱིས་ལུས་ཉེ་བར་ལེན་པའི་རྒྱུ་ཉིད་ཀྱིས་ལོགས་ཤིག་ཏུ་ཕན་འདོགས་པར་བྱེད་པར་མི་འདོད་དོ། །འོ་ན་ཅི་ཞེ་ན། རྒྱུན་གྱིས་རང་གི་ཉེ་བར་ལེན་པ་ལས་

ཡིད་ཀྱི་བློ་རྣམས་འཇུག་པ་ཕྱི་མ་ཕྱི་མའི་འབྲས་བུ་སྐྱེ་བ་ལ་ལུས་ལྷན་ཅིག་བྱེད་པ་ཡིན་པས་དེའི་ཕྱིར་དེ་ལུས་ལ་མི་ལྟོས་པར་འཇུག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་མི་བདེན་ཏེ། གང་ཞིག་གང་གི་ཇི་ལྟར་སྐྱེད་པར་བྱེད་པ་ཉིད་དུ་གྲགས་པ་དེ་ནི་དེ་སྐྱེད་པར་བྱེད་ཀྱི་རྣམ་པ་གཞན་དུ་ནི་མ་ཡིན་

Vol. 192 · folio 98a

ཏེ། ཁྱད་པར་མེད་པའི་ཕྱིར་རོ། །འདི་ལྟར་སྣང་བ་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་མ་ཉམས་པ་ལ་དམིགས་པའི་ངོ་བོ་སྐྱེད་པར་བྱེད་པ་ཉིད་དུ་ཉམས་སུ་མྱོང་ན་ཡང་དེ་རྣམ་པ་གཞན་དུ་སྐྱེད་པར་བྱེད་པ་མ་ཡིན་ནོ། །གཟུང་བར་བྱ་བའི་མཚན་ཉིད་ལ། །གཟུང་བྱ་ལས་གཞན་

སྐྱེད་བྱེད་མིན། །གཟུགས་སོགས་བློ་ཡི་དངོས་སུ་ནི། །ཕན་འདོགས་ཡིན་གྱི་གཞན་དུ་མིན། །ཞེས་གང་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་འབྲས་བུ་རྒྱུས་བྱས་པའི་རང་བཞིན་ཐ་མི་དད་པ་དང་ཐ་དད་པའི་རྣམ་པར་གཞག་པར་མི་འགྱུར་ཏེ། དེར་གཏོགས་པའི་ཕན་འདོགས་པའི་རྗེས་སུ་

མི་བྱེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་རོ། །དུས་དང་པོར་ལུས་རྣམ་པར་ཤེས་པ་ལ་དངོས་སུ་སྐྱེད་པར་བྱེད་པ་ལས་མ་གཏོགས་པ་གཞན་ཉེ་བར་ལེན་པ་ཉིད་དུ་ཁྱོད་ཀྱིས་གཟུང་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་སུ་ཕན་འདོགས་པ་ཉིད་ཡིན་

ལ། དེ་ཡང་དུས་ཕྱིས་ཀྱང་ཡོད་པའི་ཕྱིར། ཅིའི་ཕྱིར་ཉེ་བར་ལེན་པའི་རྒྱུ་མ་ཡིན་པར་འགྱུར། དེ་ལྟ་མ་ཡིན་ན་སྔར་ཡང་མི་འགྱུར་ཏེ། ཕྱིས་དང་ཁྱད་པར་མེད་པའི་ཕྱིར་རོ། །དུས་ཕྱིས་ཀྱང་རྣམ་པར་ཤེས་པ་སྔ་མ་ལྷན་ཅིག་བྱེད་པ་ཅན་གྱི་ལུས་ཉིད་བློ་ཕྱི་མ་ཕྱི་མའི་ཉེ་བར་ལེན་པར་

འགྱུར་རོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། ཉེ་བར་ལེན་པ་ཉིད་ནི་སྔར་རྒྱས་པར་བཀག་ཟིན་པའི་ཕྱིར་དང་སྐྱེ་བའི་དང་པོའི་བློ་ཡང་བློ་གཞན་སྔོན་དུ་འགྲོ་བ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འབྱུང་བ་རྟོག་པའི་ཕྱོགས་ལ། ལུས་ལས་བློ་ནི་ལྷན་ཅིག་བྱུང་། །ཕྱི་

ནས་རང་གི་རིགས་ལས་ངེས། །གལ་ཏེ་ལུས་ནུས་ཡིན་ཞེ་ན། །མ་ཚང་བ་ནི་ག་ལས་ཡིན། །ཞེས་གང་བཤད་པའི་སློབ་དཔོན་གྱིས་སུན་འབྱིན་པ་འདི་ཆེས་རིགས་པ་ཡིན་ནོ། །དེ་ལྟ་བས་ན་ཡིད་ཀྱི་བློ་ཐོག་མ་མེད་པ་ཉིད་དུ་གྲུབ་པ་ཡིན་ནོ། །ཡང་ན་བློ་ཐམས་ཅད་ཐོག་མ་མེད་པར་

གྲུབ་སྟེ། འདི་ལྟར་དང་པོའི་བློ་འབྱུང་བ་ན་དབང་པོའི་བློའམ་ཡིད་ཀྱི་བློ་ཞིག་ཡིན། རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། གཉིད་ལོག་པ་དང་བརྒྱལ་བ་དང་སེམས་མེད་པ་རྣམས་ཀྱི་དབང་པོ་ཡོད་ན། ཡང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་མེད་པས་དབང་པོའི་བློ་མི་སྐྱེ་

Vol. 192 · folio 98b

བའི་ཕྱིར་རོ། །དེས་ན་དབང་པོ་འབའ་ཞིག་དབང་པོའི་བློའི་རྒྱུ་མ་ཡིན་གྱི་འོན་ཀྱང་ཡིད་ལ་བྱེད་པའི་ཁྱད་པར་ལ་ལྟོས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བར་ངེས་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ནི་རྗེས་སུ་འགྲོ་བ་དང་ལྡོག་པས་རྟོགས་པར་བྱ་བའི་ཕྱིར་རོ། །གང་ཞིག་གང་ལས་

ཆེས་དང་པོར་སྐྱེད་པ་ཉིད་དུ་ངེས་པ་དེ་ནི་དེ་ལས་གཞན་ལས་ཆེས་དང་པོ་སྐྱེད་པར་བྱེད་པ་ཡང་མ་ཡིན་ཏེ། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། མེ་མ་ཡིན་པ་ལས་དུ་བ་བཞིན་ནོ། །དང་པོར་མིག་གི་བློ་སྐྱེ་བ་ན་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ལ་ལྟོས་པ་དང་བཅས་པ་

ཉིད་སྐྱེ་བས། དེ་ལྟ་བས་ན་དབང་པོ་འབའ་ཞིག་འདིའི་ནམ་མཁའ་ཡང་རྒྱུ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །དེ་ལྟ་མ་ཡིན་ན་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བ་ནི་གནོད་པར་བྱེད་པའི་ཚད་མའོ། །ཡིད་ཀྱི་བློ་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། །དེ་དབང་པོས་མ་དམིགས་པའི་དོན་ལ་རང་

དབང་དུ་འཇུག་པ་ནི་མ་ཡིན་ཏེ། ལོང་བ་དང་འོན་པ་ལ་སོགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འཇུག་ན་ཡང་ཅི་སྟེ་རྟོག་པ་དང་བཅས་པའམ། འོན་ཏེ་རྟོག་པ་མེད་པ་ཡིན་ཞེས་བྱ་བར་བརྗོད་པར་བྱའོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། འདི་ལྟར་རྣམ་

པར་རྟོག་པ་འཇུག་པ་ན་ཐམས་ཅད་རྗོད་པར་བྱེད་པ་སྒྲའི་རྣམ་པའི་རྗེས་སུ་བྱེད་པ་ཉིད་དུ་འཇུག་སྟེ། རྟག་ཏུ་ནང་དུ་བརྗོད་པའི་རྣམ་པ་ཉིད་དུ་ཉམས་སུ་མྱོང་བའི་ཕྱིར་རོ། །རྣམ་པར་རྟོག་པའི་བརྗོད་པའི་སྒྲའི་རྣམ་པ་ཉིད་དེ་ཡང་བརྡ་བསྟན་པའི་དབང་གིས་སམ། ཡང་ན་སྒྲའི་ངོ་བོ་ཤེས་པའི་

བདག་ཉིད་ཀྱི་ཆོས་ཡིན་པའི་ཕྱིར་རྟོག་པའི་ངོ་བོ་བཞིན་དུ་རྗོད་པར་བྱེད་པའི་བདག་ཉིད་ཡིན་ནམ། སྒྲ་དང་བཅས་པའི་དོན་བཟུང་བ་ལས་ཡིན་ཞེས་བྱ་བ་དག་བརྟག་གོ། །དེ་ལ་རེ་ཞིག་བརྡ་བཟུང་བ་ལས་ཞེས་བྱ་བའི་ཕྱོགས་ནི་མ་ཡིན་ཏེ། སྔར་བརྡ་མ་བཟུང་བའི་ཕྱིར་རོ། །ཕྱོགས་

གཉིས་པ་ཡང་མ་ཡིན་ཏེ། འདི་ལྟར་སྒྲའི་བདག་ཉིད་ནི་རྣམ་པ་གཉིས་ཏེ། རང་གི་མཚན་ཉིད་ཀྱི་རང་བཞིན་དང་། སྤྱིའི་མཚན་ཉིད་ཀྱི་རང་བཞིན་ནོ། །དེ་ལ་རེ་ཞིག་རང་གི་མཚན་ཉིད་ཀྱི་ངོ་བོ་གང་ཡིན་པ་དེ་ནི་རྗོད་པར་བྱེད་པ་མ་ཡིན་པའི་ཕྱིར་དེའི་རྣམ་པའི་རྗེས་སུ་བྱེད་པ་ཉིད་ཀྱིས་ཤེས་

Vol. 192 · folio 99a

པ་རྟོག་པ་དང་བཅས་པ་ཉིད་མ་ཡིན་ནོ། །འདི་ཤེས་པའི་བདག་ཉིད་དུ་རྟོགས་པའི་ཆོས་ཀྱང་མ་ཡིན་ཏེ། སྔོན་པོ་ལ་སོགས་པ་བཞིན་དུ་ཕྱི་རོལ་གྱི་ངོ་བོར་སྣང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྔོན་པོ་ལ་སོགས་པ་ཡང་ཤེས་པའི་ཆོས་ཉིད་དུ་འགྱུར་ཏེ། ཁྱད་པར་མེད་པའི་

ཕྱིར་རོ། །དེ་ལྟ་བས་ན་སྣ་ཚོགས་རྣམ་པར་ཤེས་པ་ཙམ་ཉིད་དུ་འགྱུར་གྱི་འབྱུང་བ་ཡོངས་སུ་འགྱུར་བའི་ངོ་བོ་ནི་མ་ཡིན་ནོ། །འོན་ཏེ་ཤེས་པ་རྣམ་པ་དང་བཅས་པའི་ཕྱོགས་ལ་སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པའི་བདག་ཉིད་དུ་རྟོགས་པ་ཉིད་ཀྱི་ཆོས་ཕྱི་རོལ་གྱི་ངོ་བོར་སྣང་བ་མ་

ཡིན་ནམ། དེའི་ཕྱི་རོལ་གྱི་ངོ་བོར་སྣང་བའི་ཕྱིར་ཤེས་པའི་ཆོས་སུ་མི་འགྱུར་རོ་ཞེས་ཅི་སྟེ་འདོད་ཅེ་ན། དེ་ནི་བདེན་མོད་ཀྱི། ཕྱི་རོལ་གྱི་དོན་གྱི་བསྒྱུར་བ་ཉིད་ཀྱིས་ཤེས་པ་དེ་ལྟར་སྣང་བའི་ཕྱིར་ཤེས་པ་འདི་བདག་ཉིད་དུ་གཏོགས་པའི་ཞེས་རྣམ་པར་གཞག་པ་ནི་མ་ཡིན་ནོ། །འོ་ན་

ཅི་ཞེ་ན། ཕྱི་རོལ་ཉིད་ཀྱིས་ཞེས་བྱ་སྟེ། དེ་ཉིད་དེའི་བདག་ཉིད་ཡིན་པའི་ཕྱིར་ལ། ཤེས་པ་ནི་དོན་དེས་ཉེ་བར་བསྒྲུབ་པར་བྱས་པ་ཉིད་ཀྱི་གློ་བུར་བ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རང་གི་མཚན་ཉིད་ཀྱིས་རང་བཞིན་གྱི་སྒྲའི་བདག་ཉིད་ནི་རྗོད་པར་བྱེད་པ་མ་ཡིན་ལ། འདི་ཤེས་

པའི་བདག་ཉིད་ཆོས་ཀྱང་མ་ཡིན་ནོ། །གལ་ཏེ་ཡང་སྤྱིའི་མཚན་ཉིད་ཀྱི་རང་བཞིན་ནི་རྗོད་པར་བྱེད་པ་ཡིན་པ་དེ་ལྟ་ན་ཡང་འདི་ཤེས་པའི་བདག་ཉིད་ཀྱི་ཆོས་ནི་མ་ཡིན་ཏེ། རྣ་བས་ངེས་པར་བྱ་བའི་ཕྱི་རོལ་རང་གི་མཚན་ཉིད་ཁོ་ན་ལ་དེ་སྦྱོར་བའི་ཕྱིར་ཤེས་པའི་བདག་ཉིད་ལ་ནི་མ་

ཡིན་ནོ། །གཞན་དུ་གཏོགས་པའི་སྤྱི་ནི་ཤེས་པ་གཞན་ལ་སྦྱོར་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་བ་ལང་ཉིད་རྟ་ལ་སོགས་པ་ལ་ཡང་སྦྱོར་བར་འགྱུར་རོ། །སྒྲ་རང་གི་མཚན་ཉིད་ཀྱི་ཆོས་ཅན་མ་བཟུང་ན་ཆོས་དེ་རྗོད་པར་བྱེད་པའི་བདག་ཉིད་དུ་སྦྱོར་

བར་ནུས་པ་ཡང་མ་ཡིན་ཏེ། ཆོས་རྣམས་ནི་ཆོས་ཅན་གྱི་གཞན་གྱི་དབང་ཡིན་པ་ཉིད་ཀྱིས་རང་དགར་མི་འཛིན་པའི་ཕྱིར་རོ། །རྣམ་པར་རྟོག་པས་རང་གི་མཚན་ཉིད་ཀྱི་བདག་ཉིད་ཀྱི་ཆོས་ཅན་འཛིན་པར་ནུས་པ་ཡང་མ་ཡིན་ཏེ། དེའི་ཡུལ་ནི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་

Vol. 192 · folio 99b

ལྟ་བས་ན་རྣམ་པར་རྟོག་པ་རྣམས་ནི་ཐོག་མ་མེད་པའི་རང་གི་མཚན་ཉིད་ཉམས་སུ་མྱོང་བས་བསྒོས་པའི་བག་ཆགས་སད་པ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །སྒྲ་དང་བཅས་པའི་དོན་འཛིན་པ་ལས་ཞེས་བྱ་བའི་ཕྱོགས་ཀྱང་མ་ཡིན་ཏེ། དོན་ལ་སྒྲ་ཡོད་པའམ། དེའི་བདག་

ཉིད་ནི་མ་ཡིན་ཏེ། མ་བྱང་བ་ཡང་རྟོགས་པར་ཐལ་བར་འགྱུར་བའི་ཕྱིར་དང་། ཇི་ལྟར་འདོད་པ་བཞིན་དུ་དོན་དག་ལ་སྦྱོར་བ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྟག་པ་ལ་སོགས་པའི་ངོ་བོས་དོན་ལ་ཁྱད་པར་མེད་ན་ཡང་རྣམ་པར་རྟོག་པ་རྣམ་པ་ཐམས་ཅད་ཅིག་

ཅར་རྟོགས་པར་བྱེད་པ་མ་ཡིན་ཏེ། རྣམ་པ་གཞན་རྣམ་པར་བཅད་པའི་སྒོ་ནས་སོ་སོར་ངེས་པའི་རྣམ་པ་གཅིག་བཟུང་བ་ཉིད་ཀྱིས་རྣམ་པར་རྟོག་པ་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་ཡང་གཅིག་གི་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་ལ་རྒྱུ་བརྗོད་པར་བྱ་དགོས་ལ། དེ་ནི་གོམས་པ་ལས་གཞན་

བརྗོད་པར་མི་ནུས་ཏེ། རོ་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་ནོ། །དེ་ལྟ་ཡིན་དང་རྣམ་པར་རྟོག་པ་ནི་སྔར་གོམས་པའི་དབང་གིས་སྐྱེ་བའི་ཕྱིར་རྣམ་པར་རྟོག་པ་ལ་སོགས་པའི་བློ་ཐོག་མ་མེད་པ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཡང་རྟོག་པ་མེད་པ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ།

ཇི་སྐད་དུ་བཤད་པའི་ཚུལ་གྱིས་ནམ་ཡང་རྣམ་པར་རྟོག་པའི་བློ་སྐྱེ་བར་འགྱུར་བ་མ་ཡིན་ནོ། །བརྡའི་དབང་གིས་དུས་ཕྱིས་སྐྱེ་བ་ཡིན་ནོ་ཞེ་ན། རྟོག་པ་མེད་པའི་ཤེས་པ་མི་གནས་པའི་སྐྱེ་བོ་བརྡ་བྱ་བར་མི་ནུས་པའི་ཕྱིར་ཏེ། འདི་ལྟར་ཇི་སྲིད་སྒྲའི་སྤྱིའམ་དོན་གྱི་སྤྱི་བློ་ལ་མི་སྣང་བ་དེ་སྲིད་དུ་བརྡ་

བྱ་བར་ནུས་པ་མ་ཡིན་ཞིང་། རྟོག་པ་མེད་པའི་ཤེས་པ་ལ་སྤྱི་སྣང་བ་ཡང་མ་ཡིན་ལ་གང་རང་གི་མཚན་ཉིད་སྣང་བ་དེའམ་དེས་བརྡ་བྱེད་པ་ཡང་མ་ཡིན་ཏེ། དེའི་ཐ་སྙད་ཀྱི་དོན་དུ་ཡིན་པའི་ཕྱིར་རོ། །བརྡའི་དུས་ན་མཐོང་བའི་རང་གི་མཚན་ཉིད་ཐ་སྙད་ཀྱི་དུས་སུ་ཡོད་པ་སྲིད་པ་ཡང་མ་ཡིན་པའི་

ཕྱིར་རང་གི་མཚན་ཉིད་ལ་བརྡ་བྱེད་པ་མ་ཡིན་ནོ། །དེ་ལྟ་བས་ན་བརྡ་བྱེད་པ་ལས་སྔར་གདོན་མི་ཟ་བར་རྣམ་པར་རྟོག་པ་ཁས་བླང་བར་བྱ་དགོས་ལ། དེ་ཡང་གོམས་པ་མེད་པར་མི་འགྲུབ་པའི་ཕྱིར་ཐོག་མ་མེད་པ་ཉིད་དུ་གྲུབ་པོ། །གཞན་ཡང་གལ་ཏེ་སྐྱེ་བའི་དང་པོར་བྱུང་བའི་བློ་སྐྱེ་བ་སྔ་མ་ལ་གོམས་

Vol. 192 · folio 100a

པའི་བག་ཆགས་ཀྱི་རྗེས་སུ་འགྲོ་བར་མི་འདོད་པ་དེའི་ཚེ། དེ་གང་གིས་བདེ་བ་སྒྲུབ་པར་བྱེད་པ་ནུ་མ་ལ་སོགས་པའི་ཚོལ་བ་དང་། དེ་མ་རྙེད་པ་ན་ངུ་བར་རྩོམ་ལ། རྙེད་ན་ཡང་དེ་མ་ཐག་ཏུ་ངུ་བ་བཏང་ནས་ཐ་སྙད་ལ་སོགས་པའི་བྱ་བ་བྱེད་པ་དེར་སྐྱེས་པའི་བྱིས་པ་དང་

དུད་འགྲོར་སོང་བ་ཡང་འདི་ནི་བདེ་བའི་སྒྲུབ་པར་བྱེད་པའོ། །འདི་ནི་སྡུག་བསྔལ་གྱིའོ་ཞེས་ཞེན་པ་ཇི་ལྟར་འགྱུར། འདི་རེས་འགའ་ནུ་མ་ལ་སོགས་པ་བཀྲེས་པས་ཉེན་པ་ཉེ་བར་ཞི་བ་ལ་སོགས་པའི་རྒྱུ་ཉིད་དུ་ཉམས་སུ་མ་མྱོང་ལ། གང་གིས་དེར་སྐྱེས་པའི་སྤྲེའུ་ལ་སོགས་པའི་

ཕྲུ་གུ་གཡང་དུ་ལྷུང་བ་ལས་བྱུང་བའི་སྡུག་བསྔལ་དྲན་ནས་འཇིགས་ཏེ་མ་ལ་ཤིན་ཏུ་འཐམས་པར་བྱེད་ཅིང་གཡང་ས་ལ་སོགས་པའི་གནས་ཀྱང་འདོར་བར་བྱེད་པ་གཡང་དུ་ལྷུང་བ་ལ་སོགས་པ་གནོད་པའི་རྒྱུ་ཉིད་དུ་ཉམས་སུ་མྱོང་བ་ཡང་མ་ཡིན་ནོ། །འདོད་པ་དང་མི་འདོད་པའི་

སྒྲུབ་པར་བྱེད་པའི་འབྲས་བུ་ཉམས་སུ་མ་མྱོང་བ་དེ་དག་ནི་འདོར་བའམ་ལེན་པར་བྱེད་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཁབ་ལེན་གྱིས་ལྕགས་འདྲེན་པའི་དཔེ་ཡང་མི་རིགས་པ་ཉིད་དེ་དེ་རྒྱུ་མེད་པ་ཉིད་ནི་མ་ཡིན་ཏེ། ཐམས་ཅད་དུ་ཡོད་པ་ལ་སོགས་པར་

ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་དང་བཅས་པ་ཉིད་ཡིན་ན་ཡང་ཇི་ལྟར་རྗེས་སུ་འགྲོ་བ་དང་ལྡོག་པ་གྲུབ་པའི་ཁབ་ལེན་དེའི་རྒྱུ་ཉིད་དུ་བསྟན་པ་དེའི་སྤོང་བ་དང་ལེན་པའི་རྗེས་སུ་སྒྲུབ་པའི་རྒྱུར་བརྗོད་པར་བྱའོ། །གོམས་པ་མ་གཏོགས་པ་འདི་བསྟན་པར་ནུས་པ་མ་ཡིན་ནོ། །

དེ་ལྟ་བས་ན་བྱིས་པ་རྣམས་ཀྱིས་འདོད་པ་དང་མི་འདོད་པ་ལེན་པ་དང་སྤོང་བའི་མཚན་ཉིད་ཀྱི་ཐ་སྙད་འདི་གོམས་པ་སྔ་མས་བྱས་པ་ཉིད་ཡིན་ནོ་ཞེས་བྱ་བར་གྲུབ་སྟེ། བློ་ཐོག་མ་མེད་པ་ཞེས་བྱ་བར་དགོངས་པའོ། །དེ་སྐད་དུ་ཡང་། ཡིད་ཀྱི་བློ་ནི་རང་དབང་ཅན། །ཞེས་བྱ་བ་ལ་

སོགས་པ་དང་། གཞན་ཡང་། ནུ་མ་འཐུང་བ་ལ་སོགས་པ། །ཞེས་བྱ་བ་ལ་སོགས་པ་ཐུན་མོང་གི་སུན་འབྱིན་པ་འཆད་པར་འགྱུར་བའི་ཕྱིར་སྤྲོས་པས་ཆོག་གོ། །གཞན་ཡང་དེ་དག་གི་སྟེ་ཚུ་རོལ་མཛེས་པ་པ་རྣམས་ཀྱི་སྐད་ཅིག་མ་ཉིད་དུ་ཁས་བླངས་ན་རང་གི་ཁས་བླངས་པ་

Vol. 192 · folio 100b

སྟེ་རང་གི་གྲུབ་པའི་མཐའ་དང་འགལ་བར་འགྱུར་ཏེ། འབྱུང་བ་རྣམས་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །ཅི་སྟེ་རིགས་པས་འོངས་པ་ཉིད་ཀྱི་ཕྱིར་སྐད་ཅིག་མ་ཉིད་དུ་ཁས་ལེན་པ་དེའི་ཚེ་འོ་ན་རྣམ་པར་རིག་པ་ཙམ་ཉིད་ཀྱི་ཚུལ་མཆོག་ཏུ་གྱུར་པ་ཁས་བླང་བར་གྱིས་ཤིག །

དེ་ལ་ཡང་ཁས་ལེན་པའི་རྒྱུ་རིགས་པས་འོངས་པ་ཉིད་དུ་མཚུངས་པའི་ཕྱིར་རོ། །ཅི་ལྟར་ཞེ་ན། དེ་དག་ཡན་ལག་ཅན་བདག་མིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་འབྱུང་བ་ཆེན་པོ་རྣམས་སོ། །འཆད་པར་འགྱུར་ཞེས་བྱ་བ་ནི་དེ་མ་ཐག་ཏུ་ཕྱི་རོལ་གྱི་

དོན་བརྟག་པར་བྱའོ། །གལ་ཏེ་འབྱུང་བ་དག་མེད་ན་འོ་ན་ཇི་ལྟར་དེ་དག་སྣང་ཞེ་ན། ཕྱི་རོལ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་ལས་མིན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ལས་གཞན་དུ་ཕྱི་རོལ་ཞེས་བྱ་བའི་ཐ་ཚིག་གོ། །འོ་ན་ཇི་ལྟར་ས་ལ་སོགས་པའི་ཐ་སྙད་འཇིག་

རྟེན་དང་བསྟན་བཅོས་དག་ལ་ཡིན་ཞེ་ན། རྣམ་ཤེས་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འབྱུང་བ་དག་མེད་ན་འོ་ན་ཅི་ཞིག་ཤེས་པའི་རྒྱུ་ཡིན་ཞེ་ན། དེ་ཚེ་དེ་ལས་ཞེས་བྱ་བ་སྨོས་ཏེ། ཤེས་པ་དེ་ལས་གཞན་ནི་འབྱུང་བ་ཆེན་པོ་བཞིའོ། །དེ་ལྟར་རེ་ཞིག་དང་པོའི་སེམས་

འབྱུང་བ་ཙམ་ལས་བྱུང་བ་མ་ཡིན་ནོ་ཞེས་བསྟན་ནས། ད་ནི། གཞན་གྱི་ཤེས་པ་ཙམ་ལས་སྐྱེས། །ཞེས་བྱ་བའི་ཕྱོགས་འདི་བསལ་བར་བྱ་བའི་ཕྱིར་རྒྱུད་གཞན་གྱི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ལ་སོགས་པ་དང་འབྲེལ་པའི་རྒྱུད་གཞན་གྱི་སེམས་ཉེ་བར་ལེན་པའམ།

ལྷན་ཅིག་བྱེད་པ་ཡིན། རེ་ཞིག་ཉེ་བར་ལེན་པའི་རྒྱུ་ནི་མ་ཡིན་ཏེ། བུའི་ཤེས་པའི་རྒྱུད་ལ་ཡང་ཕ་དང་མའི་ཐོས་པ་ལ་སོགས་པའི་འདུ་བྱེད་ལས་ཁྱད་པར་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དཔེར་ན་ཕ་མ་ཉིད་ཀྱི་དང་པོ་དང་ཕྱི་མའི་བློ་དག་ལ་བཞིན་ནོ། །གང་གི་ཕྱིར་སྐད་ཅིག་

ཕྱི་མ་དག་ལ་སྐད་ཅིག་སྔ་མའི་འདུ་བྱེད་རྗེས་སུ་འཇུག་པ་གང་ཡིན་པ་འདི་ཉེ་བར་ལེན་པ་དང་ཉེ་བར་བླང་བའི་ཆོས་རྣམ་པར་གཞག་པ་ཡིན་ཏེ། རང་གི་རྒྱུད་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་ངེས་པའི་ཕྱིར་རོ། །ཅི་སྟེ་དཔེར་ན་སྒྲོན་མ་གཅིག་ལས་སྒྲོན་མ་གཞན་སྐྱེད་པ་ན་རས་ལ་

Vol. 192 · folio 101a

སོགས་པའི་མཚན་ཉིད་ཀྱི་སྔ་མའི་སྒྲོན་མའི་འདུ་བྱེད་ཀྱིས་སྒྲོན་མ་ཕྱི་མའི་ཁྱད་པར་དུ་འགྱུར་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འདུ་མི་བྱེད་པའི་སྒྲོན་མ་ཙམ་སྐྱེ་བ་ཡིན་ནོ། །བུད་ཤིང་དང་བཅས་པ་ལ་སོགས་པ་གཞན་ལས་སྒྲོན་མ་གཞན་དེ་ཁྱད་པར་ཅན་ཡིན་པ་དེ་བཞིན་དུ་བུའི་བློ་ཡང་ཡིན་ནོ་ཞེས་བྱ་

བར་འདོད་ན། དེ་ནི་མ་ཡིན་ཏེ། གང་གི་ཕྱིར་སྒྲོན་མ་ལ་སོགས་པའི་འདུ་བྱེད་རེ་ཞིག་རང་གི་རྟེན་ལ་ཡང་རྒྱུན་རྗེས་སུ་མི་འཇུག་སྟེ། དེ་ནི་མི་བརྟན་པའི་ཕྱིར་རོ། །འདི་ལྟར་བུད་ཤིང་འགྲིབ་པ་ན་སྒྲོན་མ་དེ་ཉིད་ཆུང་བར་མཐོང་ལ། དེ་ལྟར་ཐོས་པ་ལ་སོགས་པའི་འདུ་བྱེད་མི་བརྟན་པ་ན་མི་ཡིན་ཏེ། དེ་ནི་དུས་

ཡུན་རིང་དུ་གནས་པའི་ཕྱིར་རོ། །དེས་ན་སྒྲོན་མ་ལ་སོགས་པ་བཞིན་དུ་འདུ་བྱེད་མེད་པའི་བློ་ཙམ་འབྱུང་བར་མི་རིགས་སོ། །གཞན་ཡང་སྒྲོན་མ་ལ་སོགས་པ་ལ་ཆོས་མང་བ་དང་ཉུང་བའི་རྡུལ་ཕྲ་རབ་བསགས་པ་སྐྱེ་བའི་ཕྱིར་ཁྱད་པར་དང་། ཁྱད་པར་མེད་པ་བརྟགས་པ་ཡིན་གྱི། དངོས་པོའི་སྐད་

ཅིག་གཅིག་པོ་དེ་ལ་ཁྱད་པར་དང་ཁྱད་པར་མེད་པ་ཡོད་པ་མ་ཡིན་ནོ། །འདིར་དངོས་པོ་སྐད་ཅིག་གཅིག་ལ་ནི་མའི་བློ་ཐོས་པ་ལ་སོགས་པའི་འདུ་བྱེད་ཀྱི་ཁྱད་པར་དུ་འཇུག་ལ། བུའི་བློ་ནི་ཁྱད་པར་མེད་པར་འཇུག་པའི་ཕྱིར། གང་ཞིག་གང་དང་མཚུངས་པ་ཡིན། གཞན་ཡང་ཉེ་བར་

ལེན་པའི་རྒྱུ་ཉིད་ཡིན་ན་ཐལ་བར་འགྱུར་བ་འདི་བརྗོད་ཀྱི། སྒྲོན་མ་གཞན་ནི་སྒྲོན་མ་གཞན་གྱི་ཉེ་བར་ལེན་པའི་རྒྱུ་མ་ཡིན་ཏེ། རྒྱུ་ཐ་དད་པའི་ཕྱིར་དེ་ནི་ཅི་ཡང་མ་ཡིན་ནོ། །གཞན་ཡང་ཡང་དག་དྲོད་གཤེར་ལས་སྐྱེས་པ་མ་ཉིད་མེད་པ་དེ་དག་ནི་བློ་ཅི་ལྟར་བློ་གཞན་ལས་སྐྱེས་པ་ཡིན།

ཞར་ལ་འོངས་པས་ཆོག་གོ། །ཅི་སྟེ་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །དེའི་ཕྱིར་ཐོག་མ་མེད་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཚད་མ་བྱེད་དེ། སྦྱོར་བ་ནི་རྣམ་པར་ཤེས་པ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་ཀྱི་

ཕུང་པོ་བཞིའི་རང་བཞིན་གྱི་དངོས་པོ་དེ་ནི་རང་གི་ཉེ་བར་ལེན་པའི་སྟོབས་ཀྱིས་བྱུང་བ་ཡིན་ཏེ། རྣམ་པར་ཤེས་པ་ལ་སོགས་པ་ཡིན་པའི་ཕྱིར། ལང་ཚོ་ལ་སོགས་པའི་གནས་སྐབས་དག་ཏུ་ཕུང་པོ་བཞི་པོ་དེ་དག་ཉིད་ཡིན་ནོ། །སྐྱེ་བ་དང་པོའི་སེམས་ལ་སོགས་པའི་ཚོགས་ཀྱང་རྣམ་པར་

Vol. 192 · folio 101b

ཤེས་པ་ལ་སོགས་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལ་དང་པོའི་ཤེས་པ་ཞེས་བྱ་བ་སྨོས་པ་ནི་མཚོན་པ་སྟེ། ཚོར་བ་ལ་སོགས་པ་ཡང་གཟུང་བར་བྱའོ། །བསྒྲུབ་པར་བྱ་བ་ལས་ཟློག་པ་ལ་གནོད་པར་བྱེད་པའི་ཚད་མ་སྨྲས་པ་ནི། གཞན་དུ་རྒྱུ་གཞན་ཞེས་བྱ་བ་ལ་

སོགས་པ་སྟེ། ཡིད་རྟག་པ་དང་། དུས་དང་། ཕྱོགས་དང་། དབང་ཕྱུག་ལ་སོགས་པ་གཞན་དག་སྔར་སྤངས་པའི་ཕྱིར་དང་། རང་གི་ཉེ་བར་ལེན་པ་ཁས་མི་ལེན་པ་ན་རྒྱུ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་རྣམ་པར་ཤེས་པ་ལ་སོགས་པའི་མཚན་ཉིད་ངེས་པའི་ཆོས་འདིར་མི་འགྱུར་ཏེ།

གློ་བུར་བའི་རང་བཞིན་ནི་ངེས་པར་བྱེད་པ་མེད་པས་སོ་སོར་ངེས་པ་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་རྒྱུ་མེད་པ་ཉིད་ཡིན་ན་རྣམ་པར་ཤེས་པ་ལ་སོགས་པའི་ཆོས་ངེས་པ་མི་འཐད་པ་དང་། རེས་འགའ་བ་ཉིད་མི་འཐད་པ་ནི་གནོད་པ་ཅན་གྱི་ཚད་མའོ། །དེ་ལྟར་འདས་པའི་སྐྱེ་བ་བསྒྲུབས་ནས། མ་འོངས་

པ་བསྒྲུབ་པའི་ཕྱིར་ཚད་མ་བྱེད་པ་ནི་འཆི་བའི་སྐད་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་འདོད་ཆགས་དང་བཅས་པའི་སེམས་ཡིན་པ་དེ་ནི་རང་གི་ཉེ་བར་བླང་བར་བྱ་བའི་སེམས་གཞན་བསྐྱེད་པར་ནུས་པ་ཡིན་ཏེ། ཆགས་པ་དང་བཅས་པའི་ཕྱིར་སྔར་གྱི་གནས་སྐབས་ཀྱི་སེམས་བཞིན་ནོ། །

འཆི་བའི་སེམས་ཀྱང་འདོད་ཆགས་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། གང་འདོད་ཆགས་ལ་སོགས་པའི་གཉེན་པོ་བདག་མེད་པ་མཐོང་བ་དང་བྲལ་བའི་སེམས་དེ་ནི་ཐམས་ཅད་འདོད་ཆགས་དང་བཅས་པ་ཉིད་ཡིན་ཏེ།

གཉེན་པོ་དང་བྲལ་བའི་ཕྱིར་འདོད་པ་ལ་གཟོ་བའི་སེམས་བཞིན་ནོ། །མ་ངེས་པ་ཡང་མ་ཡིན་ཏེ། སེམས་གཞན་སྐྱེ་བའི་རྒྱུ་ནི་དེ་ཙམ་ཡིན་པའི་ཕྱིར་རོ། །དེ་ལྟར་རྒྱུ་མ་ཚང་བ་མི་འཐད་པ་ནི་གནོད་པར་བྱེད་པའི་ཚད་མའོ། །དེ་ཉིད་བསྟན་པ་ནི། དེ་འཛིན་ངོ་བོ་གང་གིས་ཞེས་བྱ་བ་ལ་སོགས་

པ་སྟེ། དེ་འཛིན་ཞེས་བྱ་བ་ནི་ངོ་བོ་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ། །གཞན་གྱི་ཕྱོགས་ལ་ཞེས་བྱ་བ་ལ་སོགས་པས་སྦྱོར་བ་གཉི་ག་ལ་ཡང་དཔེ་བསྒྲུབ་བྱ་མ་ཚང་བ་ཉིད་དུ་རྩོད་པར་བྱེད་དེ། འདི་ལྟར་རང་གི་ཉེ་བར་ལེན་པ་ལས་བྱུང་བ་ཉིད་དང་། རང་གི་ཉེ་བར་བླངས་པ་བསྐྱེད་པར་ནུས་པ་ཉིད་

Vol. 192 · folio 102a

ནི་བ་སྒྲུབ་པར་བྱ་བའི་ཆོས་སོ། །གོང་གི་ལྟར་ན་རྣམ་པར་ཤེས་པ་རྟག་ཏུ་ལུས་ཉིད་ལས་སྐྱེའོ་ཞེས་ལྟ་བ་དེའི་ལྟར་ན་གོང་དུ་ཡང་ཇི་སྐད་བཤད་པའི་བསྒྲུབ་བྱའི་ཆོས་དང་ལྡན་པའི་དཔེ་མ་གྲུབ་པའི་ཕྱིར་ཇི་ལྟར་ད་ལྟར་བའི་རྣམ་ཤེས་བཞིན་ནོ། །སྔར་གྱི་རྣམ་པར་ཤེས་པ་བཞིན་

ནོ་ཞེས་བྱ་བའི་དཔེ་འདི་གཉིས་ཉེ་བར་བཀོད་པ་ཡིན་ནོ། །སྐྱོན་འདི་ནི་མེད་དེ་སེམས་རྣམས་ནི། ཅིག་ཅར་འབྱུང་བར་ཐལ་བར་འགྱུར། །ཞེས་བྱ་བ་འདིས་དང་པོ་ཉིད་དུ་ལུས་རྒྱུ་ཉིད་ཡིན་པ་བཀག་ཟིན་ཏོ། །ལྟོས་པར་བྱ་བའི་ལྷན་ཅིག་བྱེད་པའི་རྒྱུ་ཐ་དད་པ་མེད་པའི་ཕྱིར་ཏེ། རྟག་པ་ལྟོས་པར་

མི་འཐད་པའི་ཕྱིར་རོ། །མི་རྟག་པའི་ཕྱོགས་ལ་ཡང་སྔར་བཤད་པ་དང་ད་ལྟའི་སུན་འབྱིན་པ་ཉིད་ཡིན་ནོ། །ཁས་བླངས་པ་ཙམ་གྱིས་ཚད་མས་གྲུབ་པ་ཡང་མ་གྲུབ་པ་ཉིད་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་འགའ་ཡང་འགའ་ཞིག་གི་ཡང་སྒྲུབ་

པར་བྱེད་པར་མི་འགྱུར་ཏེ། ཅི་སྐད་དུ། མི་འདོད་སྐྱོན་ཀུན་མ་ཡིན་ནོ། །ཞེས་བཤད་པ་བཞིན་ནོ། །གཞན་ཡང་གང་གི་ཚེ་གཟོ་བའི་སེམས་ཀྱི་དེ་མ་ཐག་ཏུ་དྲན་པ་དང་། དེ་བཞིན་དུ་མི་སྡུག་པ་ལ་སོགས་པའི་སེམས་ལས་འདོད་ཆགས་སྐྱེ་བར་ངེས་པ་ཡིན་ཏེ། འདི་ལྟར་དེ་ནི་གཟུགས་མཛེས་པ་

ཞེས་བྱ་བ་དང་། དར་ལ་བབ་པ་ཞེས་བྱ་བ་དང་། སྐེད་པ་ཕྲ་བ་ཞེས་བྱ་བ་དང་། གཡོ་མེད་པ་ཞེས་བྱ་བ་དང་། བསྒོ་བ་ཉན་པ་ཞེས་བྱ་བ་ལ་སོགས་པ་སྡུག་པར་སེམས་པའི་ཆགས་པ་ཅན་རྣམས་ལ་འདོད་ཆགས་སྐྱེའོ། །དེ་བཞིན་དུ་བདག་ལ་གནོད་པར་བྱས་སོ། །གནོད་པ་བྱེད་པར་འགྱུར་རོ། །

འདིས་བདག་ལ་གནོད་པ་བྱེད་དོ་ཞེས་བྱ་བ་ལ་སོགས་པའི་སེམས་ལས་ཞེ་སྡང་འབྱུང་བར་ངེས་སོ། །མངོན་སུམ་ཙམ་སྨྲ་བས་ཁྱད་པར་དུ་དེ་ཇི་ལྟར་བསྙོན་པར་ནུས། དེ་བཞིན་དུ་སྔར་བྱུང་བའི་ཐོས་པ་དང་བཟོ་ལ་སོགས་པ་གོམས་པའི་ཁྱད་པར་དང་འཕེལ་བ་དང་འགྲིབ་པ་དག་གིས་བློ་ཕྱི་མ་འཕེལ་བ་

དང་འགྲིབ་པར་མཐོང་ངོ་། །དེ་བཞིན་དུ་དོན་གཞན་ལ་ཡེངས་པས་ཡིད་ལ་བྱེད་པ་མི་མཐུན་པས་དོན་གཞན་མི་འཛིན་པར་མཐོང་བའི་ཕྱིར་ཤེས་པའི་རྒྱུ་ཤེས་པ་ཉིད་རིགས་པ་དང་ལྡན་པ་ཡིན་པའི་ཕྱིར་བརྩད་པར་བྱ་བ་མ་ཡིན་ནོ། །འབྱུང་བ་རྣམས་ནི་མ་ཡིན་ཏེ། རིགས་པ་དང་འགལ་བའི་ཕྱིར་

Vol. 192 · folio 102b

རོ། །དེ་ཉིད་ཀྱི་ཕྱིར་ཤེས་པ་ཉིད་ཤེས་པའི་རྒྱུ་ཡིན་པར་བསྟན་པའི་ཕྱིར་རོ། །རྩོད་པའི་གཞིར་སེམས་དག་ཅེས་བྱ་བ་ལ་སོགས་པའི་སྦྱོར་བ་དང་པོ་ལ། ཐ་དད་ལུས་ལ་གནས་པའི་ཕྱིར། །ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། རེ་ཞིག་གལ་ཏེ་འཇུག་པ་བརྟེན་པའི་མཚན་ཉིད་དུ་མངོན་

པར་འདོད་ན་ལྷུང་བ་མེད་པའི་ཆོས་ཅན་གྱི་སེམས་དེ་ནི། ལུས་ལ་ཤིན་ཏུ་ཡང་མ་གྲུབ་སྟེ། དེའི་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་ན་ཡང་སེམས་ལུས་ཅན་མ་ཡིན་པ་ཉིད་ཀྱིས་མི་ལྟུང་བའི་ཆོས་ཅན་ཡིན་པའི་ཕྱིར་རོ། །ལྟུང་བ་མེད་པའི་ཆོས་ཅན་ཡང་བརྟེན་པར་རིགས་པ་མ་ཡིན་ཏེ། ཅུང་ཟད་ཀྱང་མི་

བྱེད་པའི་ཕྱིར་རོ། །འོ་ན་ཆུ་ལ་སོགས་པ་ཅི་ཞིག་བྱེད་ན་བརྟེན་པར་འགྱུར་ཞེ་ན། ཆུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱིས་ལུས་ཅན་རང་གི་ཉེ་བར་ལེན་པའི་ཡུལ་ཡོངས་སུ་སྤངས་ནས་སྐྱེ་བ་ཉེ་བར་ལེན་པའི་ཡུལ་དུ་སྐྱེ་བའི་རྒྱུ་ཉིད་ཡིན་པའི་ཕྱིར། ལྷུང་བའི་གེགས་བྱེད་

པས་རྟེན་དུ་རྣམ་པར་གཞག་གི །ལུས་ཅན་མ་ཡིན་པ་ནི་དེ་ལྟར་རྣམ་པར་གཞག་པར་ནུས་པ་མ་ཡིན་ནོ། །ཅི་སྟེ་དེའི་བདག་ཉིད་ཀྱི་མཚན་ཉིད་འཇུག་པར་མངོན་པར་འདོད་ན་དེ་ཡང་མ་གྲུབ་པོ། །ཕྱི་རོལ་གྱི་དོན་ལ་མངོན་པར་ཞེན་པ་ཁྱེད་ཅག་གིས་རྣམ་པར་ཤེས་པ་ལུས་ཀྱི་བདག་ཉིད་ཡིན་ནོ་

ཞེས་ནི་བརྗོད་པར་རིགས་པ་མ་ཡིན་ནོ། །རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ངེད་ཅག་ལ་ནི་རིགས་ཏེ། ལུས་ནི་ཀུན་གཞི་རྣམ་པར་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཅིའི་ཕྱིར་མི་རིགས་ཤེ་ན། དེའི་བདག་ཉིད་ཡིན་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་

ལྟར་ལུས་བཟུང་བ་ན་གཞན་གྱི་འདོད་ཆགས་ལ་སོགས་པ་ཡང་འཛིན་པར་འགྱུར་ཏེ། ཐ་མི་དད་པའི་ཕྱིར་རོ། །དུག་གི་ནུས་པས་མ་ངེས་པ་ཡང་མ་ཡིན་ཏེ། དེ་ནི་དེའི་ཚེ་མངོན་སུམ་མ་ཡིན་པའི་ཕྱིར་རོ། །སེམས་པ་ཅན་ནི་མངོན་སུམ་མ་ཡིན་ཏེ། བདག་ཉིད་ཀྱིས་ཀྱང་མི་འཛིན་

པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་གང་དག་གཉི་གས་ངེས་པ་དང་གཅིག་གིས་ངེས་པ་དེ་དག་ནི་ཐ་དད་པ་ཡིན་ཏེ། དཔེར་ན་ཕོ་གཟེར་དང་ཟློས་གར་བཞིན་ནོ། །ལུས་དང་སེམས་ཀྱང་གཉི་ག་དང་གཅིག་གིས་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རང་ཉིད་ཅེས་བྱ་

Vol. 192 · folio 103a

བ་ནི་བདག་ཉིད་ཀྱིས་སོ། །གལ་ཏེ་དེ་ལྟ་ན་གཏན་ཚིགས་འདི་ཉིད་ཀྱི་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་སྤོང་བར་བྱེད་པ་བཟློག་པར་དཀའ་བར་འགྱུར་རོ་ཞེ་ན། དེའི་ཕྱིར། ཤེས་པ་གཉིས་མེད་ཅེས་བྱ་བ་སྨོས་ཏེ། གཏན་ཚིགས་མ་གྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་སྟེ།

འདི་ལྟར་གཉིས་ཀས་ངེས་པ་ཉིད་ནི་རྣམ་པར་ཤེས་པར་སྨྲ་བ་ཡང་མ་གྲུབ་སྟེ། ཐམས་ཅད་དུ་རང་གི་སྣང་བ་ཁོ་ན་རིག་པའི་ཕྱིར་རབ་རིབ་ཅན་གྱིས་ཟླ་བ་གཉིས་མཐོང་བ་བཞིན་ནོ། །གཞན་ཡང་སྐད་ཅིག་གཞན་སྤྱོད་པའི་དུས་ན་སེམས་པ་མེད་པར་སྐྱེ་བའི་དེ་མ་ཐག་ཏུ་འཇིག་པར་མཚོན་ཏེ། དེ་ལྟ་ཡིན་དང་ལུས་

དེའི་ངོ་བོ་ཉིད་དུ་ཁས་ལེན་ན་སྐད་ཅིག་མ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་རེ་ཞིག་འཇུག་པ་དེའི་བདག་ཉིད་ཀྱི་མཚན་ཉིད་དུ་མ་གྲུབ་བོ། །ཅི་སྟེ་འཇུག་པ་དེ་ལས་བྱུང་བའི་མཚན་ཉིད་ཡིན་ན་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལས་བྱུང་བ་དེ་ཡང་དཔེར་ན་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་མིག་ལ་སོགས་པ་ལ་

བརྟེན་པ་ལྟར་དེ་ལ་བརྟེན་པའི་སྒོ་ནས་སམ། དཔེར་ན་དུ་བ་མེ་ལ་མི་འཁྲུལ་པ་བཞིན་དུ་དེ་ལ་མི་འཁྲུལ་པ་ལས་ཡིན་ཏེ། དེའི་ཕྱིར་འདི་ལ་འཇུག་པ་རྣམ་པ་གཉི་ག་ཡང་མ་གྲུབ་སྟེ། འདི་ལྟར་ཡིད་ཀྱི་བློ་དབང་པོའི་བློ་བཞིན་དུ་ལུས་ལ་བརྟེན་པ་མ་ཡིན་ཏེ། དངོས་སུ་ངེས་པར་འགྱུར་བའི་རྗེས་སུ་མི་བྱེད་

པའི་ཕྱིར་རོ། །དེ་མེད་ན་མི་འབྱུང་བ་ཡང་མ་ཡིན་ཏེ། གཟུགས་མེད་པའི་ཁམས་སུ་ལུས་མེད་པར་ཡང་ཡོད་པར་ཁས་ལེན་པའི་ཕྱིར་རོ། །གཏན་ཚིགས་གྲུབ་པར་ཁས་བླངས་པ་དེ་ལྟ་ན་ཡང་གཏན་ཚིགས་མ་ངེས་པ་ཉིད་དུ་བཤད་པ། དེ་ལ་བརྟེན་ནས་འབྱུང་བའམ། དེ་དག་འཁྲུལ་པ་མེད་

པའི་ཕྱིར། །ཞེས་བྱ་སྟེ། འདི་ལྟར་ལུས་ཐ་དད་པ་ལ་འཇུག་པ་དང་སེམས་གཞན་དང་མཚམས་སྦྱོར་བ་འགལ་བ་མེད་པའི་ཕྱིར་རོ། །དཔེར་ན་འཆི་བའི་སྐད་ཅིག་ལས་སྔ་མའི་གནས་སྐབས་གསོན་པའི་གནས་སྐབས་ན་འབྱུང་བའི་རྣམ་པར་ཤེས་པ་ཉིང་མཚམས་སྦྱོར་བར་བྱེད་པ་དེ་བཞིན་དུ་ལུས་

སྐད་ཅིག་མ་ཉིད་ཡིན་པའི་ཕྱིར་ལུས་ཐ་དད་པ་ལ་འཇུག་པ་ཡང་ཡིན་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །ཡང་རྒྱུད་གཅིག་པ་ཉིད་ཀྱིས་ལུས་ཐ་མི་དད་པའི་ཕྱིར་ཐ་མི་དད་པའི་ལུས་ལ་འཇུག་པ་ཉིད་དུ་རྟོགས་ན་དེའི་ཚེ་སྲིད་པ་བར་མའི་ལུས་ལ་ཡང་མཚུངས་སོ། །འདི་ལྟར་སྐྱེ་མཆེད་

Vol. 192 · folio 103b

ལྔའི་མཚན་ཉིད་ཀྱི་རྒྱུན་ཚེ་འདིའི་ལུས་དང་ཕྱི་མའི་ལུས་ཞེས་བྱ་བ་འདིའི་གནས་སྐབས་ཐ་དད་པ་ཉིད་ཡིན་ཏེ། བྱིས་པ་དང་རྒན་པོའི་གནས་སྐབས་ཀྱི་དབྱེ་བ་བཞིན་ནོ། །སྦྱོར་བ་གཉིས་པ་ལ་ཡང་ཤེས་པ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པ་ཅན་གྱི་

ཚད་མ་བསྟན་པའི་ཕྱིར། མ་ངེས་པ་ཉིད་དུ་གསལ་བས་མ་བརྗོད་དོ། །ཆགས་དང་བཅས་པའི་འཆི་ཀའི་སེམས། །ཞེས་བྱ་བ་ལ་སོགས་པས་སྦྱོར་བ་གསུམ་པའི་དབང་དུ་བྱས་ནས། ཟག་པ་ཟད་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ལ་སེམས་གཞན་དང་མཚམས་སྦྱོར་བ་མེད་པ་དེ་ནི་

མཚམས་མི་སྦྱོར་བའོ། །འདིས་ནི་བསྒྲུབ་བྱའི་ཆོས་ཅན་གྱི་དཔེ་གང་ཡང་རུང་བ་ལ་མ་གྲུབ་པ་བཤད་དེ། འདི་ལྟར་ཚུ་རོལ་མཛེས་པ་བས། །དགྲ་བཅོམ་པ་ཡི་འཆི་བའི་སེམས། །སེམས་གཞན་དང་མཚམས་མི་སྦྱོར་རོ། །ཞེས་བྱ་བ་གང་ལས་ངེས། །ཅི་སྟེ་ཡང་གཞན་སངས་རྒྱས་པའི་

གྲུབ་པའི་མཐའ་ཁས་བླངས་པ་ལས་ཏེ། བདག་གི་སྐྱེ་བ་ནི་ཟད་དོ། །ཚངས་པར་སྤྱོད་པ་ནི་སྤྱད་དོ། །བྱ་བ་ནི་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བས་མཚམས་མི་སྦྱོར་བར་བསྒྲུབ་པོ་སྙམ་ན་དེ་ནི་རིགས་པ་མ་ཡིན་ཏེ། གཞན་གྱི་གྲུབ་པའི་མཐའ་ཚད་མ་ཉིད་དུ་མ་བཟུང་བའི་ཕྱིར་རོ། །

འཇིག་རྟེན་རྒྱང་པན་པ་ཚད་མ་ཉིད་དུ་ཡོངས་སུ་མ་བཟུང་བ་དེ་ལས་ཇི་ལྟར་ངེས་ཏེ། འཇིག་རྟེན་ཕ་རོལ་ཡང་ངེས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཚད་མ་གཞན་ཁོ་ན་ལས་རྟོགས་ན་འོ་ན་དེ་ཉིད་ཅིའི་ཕྱིར་སྒྲུབ་པར་བྱེད་པར་མི་བརྗོད། གོ་བར་བྱེད་པ་མ་ཡིན་པ་རྨོངས་པས་བསྟན་པ་ཉེ་བར་བཀོད་པས་

ཅི་ཞིག་བྱ་སྟེ། གང་གིས་དེ་བརྗོད་པར་མི་བྱ་བ་དེ་སྒྲུབ་པར་བྱེད་པ་མ་ཡིན་པ་ནི་མ་ཡིན་ནོ། །གྲུབ་པའི་མཐའ་ལ་བརྟེན་ན་ཡང་སངས་རྒྱས་པ་འགའ་ཞིག་ལ་བསྒྲུབ་པར་བྱ་བའི་ཆོས་དང་ལྡན་པའི་དཔེ་མི་འགྲུབ་པོ་ཞེས་བྱ་བ་བསྟན་པའི་ཕྱིར་རོ། །གང་དག་འདི་ལ་བློ་བཟངས་འགའ། །ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། འདི་ལ་ཞེས་བྱ་བ་ནི་བདེ་བར་གཤེགས་པའི་གསུང་རབ་ལའོ། །བློ་བཟངས་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་པ་དག་གོ། །འགའ་ཞེས་བྱ་བ་ནི་དབུ་མ་པ་རྣམས་སོ། །དེ་དག་ནི་སངས་རྒྱས་རྣམས་མི་གནས་པའི་མྱ་ངན་ལས་འདས་པར་སྨྲ་སྟེ། འཁོར་བ་དང་མྱ་ངན་ལས་འདས་པ་དག་

Vol. 192 · folio 104a

ལ་མི་གནས་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ཀྱང་། སངས་རྒྱས་ཀྱི་ཐེག་པ་གཅིག་གི་མཐར་ཐུག་པ་སྨྲ་སྟེ། ཐེག་པ་འདི་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ་ཐེག་པ་ཆེན་པོའོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་དཔེའི་ཉེས་པ་བསྟན་ནས། སྒྲུབ་པར་

བྱེད་པའི་སྐྱོན་མ་ངེས་པ་ཉིད་ནི། གནོད་པ་ཅན་ཡང་མ་བརྗོད་ཕྱིར། །ཞེས་བྱ་བ་སྨོས་ཏེ། གནོད་པ་ཅན་ཡང་མ་བརྗོད་ཕྱིར། །ཞེས་བྱ་བ་ནི། ཟློག་པ་ལ་ནི་ཐེ་ཚོམ་ཟ། །ཞེས་བྱ་བ་འདི་གཏན་ཚིགས་ཡིན་ལ། རིགས་མི་མཐུན་པ་ཞེས་བྱ་བ་ལ་སོགས་པ་ནི་འཁྲུལ་པ་ཅན་གྱི་གཏན་ཚིགས་ཡིན་ནོ། །

རིགས་མི་མཐུན་པ་ལ་ཡོད་པ་ནི་རིགས་མི་མཐུན་པ་ལ་ཡོད་པའོ། །གང་ཞེ་ན་གཏན་ཚིགས་སོ་ཞེས་བྱ་བར་གོའོ། །འདི་ནི་དགོས་པ་ཡང་ཡིན་ལ་རིགས་མི་མཐུན་པ་ལ་ཡོད་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །མི་འཆི་བ་ཉིད་དུ་ཐལ་བར་འགྱུར་བ་གནོད་པ་ཅན་གྱི་ཚད་མ་ཡིན་ཏེ། དོན་

དམ་པར་བདག་ལ་སོགས་པ་འགའ་ཡང་འཆི་བར་མི་འགྱུར་བའི་ཕྱིར་ཏེ། རྒྱུན་མི་འདྲ་བའི་ཁྱད་པར་སྐྱེ་བ་ན་སྐལ་བ་མཉམ་པར་བརྗོད་པའི་ཁྱད་པར་ཅན་གྱི་རིགས་མི་མཐུན་པའི་གནས་སྐབས་ཀྱི་ཁྱད་པར་ཞིག་པའི་ཕྱིར་འཇིག་རྟེན་ན་བསྟན་བཅོས་དེ་ལ་དེ་སྐད་དུ་ཐ་སྙད་བྱེད་པ་འབའ་ཞིག་ཏུ་ཟད་དོ། །

ནུར་ནུར་སོགས་ལས་ཤེས་ཡོད་པ། །ཞེས་བྱ་འདི་ཡང་གཟུ་ལུམས་ཡིན། ཞེས་གང་སྨྲས་པ་དེ་ལ། ནུར་ནུར་སོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཤེས་པ་ཐམས་ཅད་དབང་པོ་དང་དོན་གྱི་སྟོབས་ཀྱིས་སྐྱེ་བར་འགྱུར་ན་དེའི་ཚེ་གཟུ་ལུམས་སུ་འགྱུར་ན། འདི་ལྟར་རྨི་ལམ་

ལ་སོགས་པའི་གནས་སྐབས་ན་མིག་ལ་སོགས་པའི་དབང་པོ་དང་གཟུགས་ལ་སོགས་པའི་དོན་མེད་པར་ཡང་སྔོན་པོ་ལ་སོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་དག་པར་རིག་པ་ཡིན་ན། དེ་དེའི་ཚེ་ལུས་ཀྱི་དབང་པོ་ལ་བརྟེན་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། སྔོན་པོ་ལ་

སོགས་པར་སྣང་བའི་ཕྱིར་རོ། །ལུས་ཀྱི་རྣམ་པར་ཤེས་པའི་ཡུལ་ཡང་རེག་བྱ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་ཤེས་པ་ཐམས་ཅད་དོན་རྟོགས་པའི་ངོ་བོ་མ་ཡིན་ནོ་ཞེས་བསྟན་ཏོ། །དེའི་ཕྱིར་བརྒྱལ་བའི་གནས་སྐབས་ན་ཡང་རྣམ་པར་ཤེས་པ་ཡོད་པ་མི་འགལ་ལོ། །ཡང་

Vol. 192 · folio 104b

ཅི་སྟེ་རྣམ་པར་ཤེས་པ་ནུས་པའི་ངོ་བོས་ཡོད་པ་མི་འགལ་ལ། རང་གི་ངོ་བོས་ནི་འགལ་བ་ཡིན་ནོ་སྙམ་ན། དེ་ཚེ་བློ་ནི་ཞེས་བྱ་བ་སྨོས་ཏེ། གལ་ཏེ་གཉིད་ལོག་པ་དང་བརྒྱལ་བ་དང་ར་རོ་བའི་གནས་སྐབས་ན་སེམས་མེད་དོ་ཞེས་ངེས་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པར་གྱུར་ན་འགལ་བར་འགྱུར་རོ། །ངེས་པར་

བྱེད་པའི་ཚད་མ་རང་རིག་པ་མ་དམིགས་པ་ཡོད་དོ་ཞེ་ན། རང་རིག་པ་མི་དམིགས་པ་གང་ལས་གྲུབ། གནས་སྐབས་དེར་རིག་པ་མེད་པའི་ངེས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་བརྒྱལ་བ་ལ་སོགས་པའི་གནས་སྐབས་དེ་དག་ཏུ་ཁྱོད་ལ་སེམས་རིག་པ་མེད་དོ་ཞེས་དེ་ལྟ་བུའི་རིག་པ་འཇུག་པ་དེའི་ཚེ། དེ་

ལྟར་འཇུག་པའི་ངེས་པ་དེ་ཉིད་ཀྱིས་སེམས་དང་བཅས་པ་ཉིད་དུ་གྲུབ་པོ། །ཇི་སྟེ་ཡང་གལ་ཏེ་རྨི་ལམ་ལ་སོགས་པའི་གནས་སྐབས་ན་སེམས་ཡོད་པར་གྱུར་ན། ཅིའི་ཕྱིར་སྐྱེས་བུ་གཉིད་སད་པ་ལ་སོགས་པ་དྲན་པར་མི་འགྱུར་རོ། །སོགས་པའི་སྒྲས་ནི་བརྒྱལ་བ་ལས་སངས་པ་དང་ར་རོ་བ་ལས་སངས་པ་

རྣམས་གཟུང་ངོ་། །ཉམས་སུ་མྱོང་བ་མེད་པར་གྲུབ་པར་བྱ་བའི་ཕྱིར་དྲན་པ་སྟེ་རྒྱུ་མ་ཡིན་ཏེ། གལ་ཏེ་ཉམས་སུ་མྱོང་བ་ཞེས་བྱ་བ་དེ་ཙམ་གྱི་དྲན་པ་སྐྱེ་བར་འགྱུར་ན་གང་གི་ཕྱིར་ཉམས་སུ་མྱོང་བ་ཡོད་པ་ན་ཡང་གོམས་པ་གསལ་བ་དང་། དོན་དུ་གཉེར་བ་ལ་སོགས་པ་མ་ཚང་བའི་ཕྱིར་དྲན་པར་མི་འགྱུར་

ཏེ། དཔེར་ན་སྐྱེས་མ་ཐག་པ་ལ་སོགས་པའི་གནས་སྐབས་སུ་ཉམས་སུ་མྱོང་བའི་སེམས་བཞིན་ནོ། །འོ་ན་ཡོད་པ་ཉིད་ལ་ཡང་ཁྱོད་ལ་ཚད་མ་ཅི་ཡོད་གལ་ཏེ་དྲན་པ་མི་འཇུག་ན་ཡང་ཐེ་ཚོམ་ཟའོ་ཞེས་རྩོད་པར་བྱེད་ན་དེ་ལྟ་ན་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་རྣམ་པར་ཤེས་པའོ། །

དེ་དག་ལ་ཞེས་བྱ་བ་ནི་གཉིད་ལ་སོགས་པའི་གནས་སྐབས་ནའོ། །དེ་ལ་གོང་དུ་བསྟན་པའི་གཏན་ཚིགས་ནི་སྐྱེས་བུ་གཉིད་སད་པ་ལ་སོགས་པའི་རྣམ་པར་ཤེས་པ་ནི་རང་གི་ཉེ་བར་ལེན་པའི་སྟོབས་ཀྱིས་བྱུང་བ་ཡིན་ཏེ། རྣམ་པར་ཤེས་པ་ཡིན་པའི་ཕྱིར་གཟོ་བ་ལ་སོགས་པའི་དེ་མ་ཐག་ཏུ་བྱུང་བའི་དྲན་

པ་ལ་སོགས་པ་བཞིན་ནོ། །གཏན་ཚིགས་འདི་མ་ངེས་པ་ཡང་མ་ཡིན་ཏེ། རྒྱུ་གཞན་སྔར་བཀག་པས་འབྲེལ་པ་བསྒྲུབས་ཟིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་གཉིད་ལོག་པའི་གནས་སྐབས་ན། སེམས་མེད་པར་གྱུར་ན་དེའི་ཚེ་འཆི་བ་ཉིད་དུ་འགྱུར་རོ། །ཅི་སྟེ་དེ་ལ་དེ་ལྟ་བུར་གྱུར་པའི་

Vol. 192 · folio 105a

རྣམ་པར་ཤེས་པ་ཅན་གྱི་ལུས་དེ་ཡང་རྣམ་པར་ཤེས་པ་རྒྱུ་མེད་པར་སྐྱེ་བར་འདོད་ན། དེའི་ཚེ་དེ་སྐྱེ་བ་འདོད་ན་ནི་འཆི་བ་མེད་པར་འགྱུར་ཏེ། ཤི་བ་ལ་ཡང་རྣམ་པར་ཤེས་པ་ཡང་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་ཏེ། གཉིད་སད་པ་བཞིན་ནོ། །ཡིད་ཀྱི་བློ་ཁོ་ན་སྐྱེ་བ་གཞན་དུ་

མཚམས་སྦྱོར་བར་ནུས་པ་ཡིན་ཏེ། དེ་སྐད་དུ་ཡང་། འཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོས་སྐྱེ་བ་ནི། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་བཤད་དོ། །དེའི་ཕྱིར་ཡིད་ཀྱི་བློ་ནི་བློ་སྔ་མ་ཙམ་ལ་བརྟེན་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །ཡིད་ཀྱི་བློ་ནི་རང་དབང་ཅན། །

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟོས་པ་མེད་པ་ཉིད་ནི་རང་དབང་ཅན་ལ་གཏན་ཚིགས་སོ། །ཡིད་ཀྱི་བློ་འདི་ནི་ཐམས་ཅད་དུ་རང་གི་ཉེ་བར་ལེན་པའི་རྒྱུ་ཙམ་ལས་བྱུང་བ་ཡིན་ཏེ། རང་གི་ཉེ་བར་ལན་པ་ལས་མ་གཏོགས་པའི་མིག་ལ་སོགས་པའི་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རྨི་ལམ་གྱི་གནས་སྐབས་

བཞིན་ནོ། །འདི་ལྟར་ཞེས་བྱ་བ་འདིས་ནི་གཏན་ཚིགས་མ་གྲུབ་པ་ཉིད་སེལ་བ་ཡིན་ནོ། །དེའི་བྱ་བ་མེད་ན་ཡང་ཡོད་པའི་ཕྱིར་ཞེས་བྱ་བ་ནི་དབང་པོ་དང་དོན་དེ་དག་གི་བྱ་བ་མེད་ན་ཡང་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་བྱ་བ་མེད་ཀྱང་གང་བྱུང་བ་དེ་ནི་དེའི་རྒྱུར་རིགས་པ་མ་ཡིན་ནོ། །འདི་སྙམ་དུ་དེ་མེད་

ན་ཡང་ཡོད་པའི་ཕྱིར་ནམ་མཁའི་ཨུཏྤལ་ལ་སོགས་པའི་རྣམ་པར་རྟོག་པ་དབང་པོ་དང་དོན་ལ་མི་ལྟོས་པ་ཡིན་དུ་ཆུག་མོད། གང་གིས་གཏན་ཚིགས་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པར་མི་འགྱུར་བ། མིག་མ་ཉམས་པ་སྔོན་པོ་ལ་སོགས་པ་མདུན་ན་གནས་པའི་རྒྱུད་པ་ལ་འདི་ནི་སྔོན་པོའོ། །

སྙམ་དུ་རྣམ་པར་རྟོག་པ་འཇུག་པ་དེ་ཇི་ལྟར་དབང་པོ་དང་དོན་དག་ལ་ལྟོས་པ་མེད་པ་ཡིན་སྙམ་དུ་སེམས་ན། དེ་དག་ཡོད་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་ཅེས་བྱ་བ་ནི་དབང་པོ་དང་དོན་དག་གོ། །དོན་དམ་པ་ནི་དོན་གྱིས་སྟོང་པའོ། །སྣང་བ་ནི་རྣམ་པ་སྟེ། དོན་ལ་སོགས་པ་ཞེན་པའི་

རྣམ་པར་རྟོག་པ་གང་ཡིན་པ། ནམ་མཁའི་ཨུཏྤ་ལ་ལ་སོགས་པ་དོན་མེད་པར་སྣང་བའི་རྣམ་པར་རྟོག་པ་དེ་མཚུངས་ཏེ། ཡུལ་འདི་ཡང་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། སྒྲའི་རྣམ་པར་འཇུག་པའི་རྣམ་པར་རྟོག་པ་ཐམས་ཅད་ནི་སྒྲའི་དོན་སྣང་བ་ཡིན་གྱི། དེར་དངོས་པོའི་ངོ་བོ་སྣང་བ་ནི་མ་ཡིན་

Vol. 192 · folio 105b

ཏེ། དངོས་པོའི་ངོ་བོ་ལ་སྒྲ་མི་འཇུག་པའི་ཕྱིར་ཏེ། དེ་ལ་དེར་བརྡ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་ནི་རྒྱས་པར་སྒྲའི་དོན་རྟག་པར་བསྟན་ཟིན་ཏོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་གཏན་ཚིགས་འགལ་བ་ཡང་མ་ཡིན་ལ། མ་ངེས་པ་ཡང་མ་ཡིན་ཏེ། རང་གི་ཉེ་བར་ལེན་པ་ལས་མ་བྱུང་བ་ཡིན་ན་རྒྱུ་

མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ལུས་ལ་བརྟེན་པའི་ཕྱིར་རྒྱུ་མེད་པ་ཉིད་དུ་མི་འགྱུར་རོ་ཞེས་དོགས་པ་བསུ་ནས། བ་ལང་གང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། པགས་ནད་ཅེས་བྱ་བ་ལ་སོགས་པའི་ནད་ཀྱིས་གནོད་པ་མ་ལུས་པར་རྣམ་པར་འགྱུར་ཡང་ཡིད་ཀྱི་བློ་མི་འགྱུར་བའི་ཕྱིར་

ཡིད་ཀྱི་བློ་འདི་ལུས་ལ་བརྟེན་པ་མ་ཡིན་ནོ། །གང་འགྱུར་བས་གང་དངོས་སུ་ངེས་པར་མི་འགྱུར་བ་དེ་ནི་དེ་ལ་བརྟེན་པ་མ་ཡིན་ཏེ། དཔེར་ན་བ་ལང་འགྱུར་བས་རྟ་མི་འགྱུར་བ་བཞིན་ནོ། །པགས་ནད་ཀྱི་གནས་སྐབས་ན་ཡང་ལུས་འགྱུར་བས་ཡིད་ཀྱི་བློ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་ནི། ཁྱབ་

པར་བྱེད་པ་མི་དམིགས་པའོ། །མིག་ལ་སོགས་ཀྱི་ཞེས་བྱ་བ་ལ་སོགས་པས་དེ་ལ་བརྟེན་པ་ཉིད་ལ་དངོས་སུ་འགྱུར་ན་འགྱུར་བ་ཉིད་ཀྱི་ཁྱད་པར་སྟོན་པར་བྱེད་པ་ཡིན་ཏེ། འདིར་ཁྱད་པར་བྱེད་པ་དེ་མེད་པའི་ཕྱིར། བློ་ལུས་ལ་མི་བརྟེན་པ་ཉིད་དུ་གྲུབ་པོ། །དེས་ན་དེའི་ཕྱིར་ལུས་ལོག་ན་ཡང་མི་ལྡོག་

པར་འདོད་པའི་ཕྱིར་འགལ་བ་མེད་དོ། །གང་ཞིག་གང་ལ་བརྟེན་པ་མ་ཡིན་པ་དེ་ནི་དེ་ལོག་པ་ན་དེ་ངེས་པར་ལྡོག་པ་མ་ཡིན་ཏེ། དཔེར་ན་བ་ལང་ལོག་པ་ན་བ་མེན་ངེས་པར་ལྡོག་པ་མ་ཡིན་པ་བཞིན་ནོ། །ཡིད་ཀྱི་བློ་ཡང་ལུས་ལ་བརྟེན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །

དེ་མ་ཐག་ཏུ་བྱུང་བའི་གལ་ཏེ་ལུས་གཞན་ལ་བརྟེན་ན་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་གང་སྨྲས་པ་དེ་ལ། གང་གི་ཕྱིར། ཡིད་བློ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བསམ་པ་ནི་འདི་ཡིན་ཏེ། འདིར་འཇིག་རྟེན་ཕ་རོལ་བསྒྲུབ་པར་འདོད་ལ། དེ་ཇི་ལྟར་གྲུབ་ཅེ་ན་

གལ་ཏེ་བློ་ཐོག་མ་དང་ཐ་མ་མེད་པ་གྲུབ་པར་གྱུར་ན་དེ་འགྲུབ་པ་ཡིན་ཏེ། འདི་ཉིད་ཀྱི་གནས་སྐབས་ཀྱི་ཁྱད་པར་ལ་འཇིག་རྟེན་ཕ་རོལ་དུ་གདགས་པའི་ཕྱིར་རོ། །ལུས་ནི་མ་ཡིན་ཏེ་གཟུགས་མེད་པའི་ཁམས་ན་ལུས་མེད་ན་ཡང་འཇིག་རྟེན་ཕ་རོལ་དུ་ཁས་ལེན་པའི་ཕྱིར་རོ། །གལ་ཏེ་སེམས་

Vol. 192 · folio 106a

ཀྱི་རྒྱུད་ཐོག་མ་དང་ཐ་མ་མེད་པ་ཉིད་གྲུབ་ན་འཇིག་རྟེན་ཕ་རོལ་ཞེས་བྱ་བ་གྲུབ་པ་ཡིན་ཏེ། ལུས་གཞན་གྲུབ་པར་བྱ་བའི་ཕྱིར་འབད་པ་མི་དགོས་སོ། །ཅིའི་ཕྱིར་ཞེ་ན། འབྲས་བུ་མེད་པའི་ཕྱིར་རོ། །དེ་ནི་མ་མཐོང་བ་ཙམ་གྱིས་དགག་པར་ནུས་པ་མ་ཡིན་ཏེ། འདི་ལྟར་

མིག་དམན་པ་ཁྱེད་ཅག་ལ་རིགས་ཀྱི་ཁྱད་པར་དང་གོམས་པ་ལ་སོགས་པ་མ་ཚང་བའི་ཕྱིར་དུ་བ་ཕྲ་མོ་མི་མཐོང་བ་བཞིན་དུ་ལུས་དེ་ཡོད་ན་ཡང་མི་མཐོང་བར་འགྱུར་བའི་ཕྱིར་མ་དམིགས་པ་ཙམ་གྱིས་དགག་པར་གྲུབ་པ་མ་ཡིན་ནོ། །འདི་ལྟར་སྲིད་པ་བར་མ་ནི་རིགས་མཐུན་ལྷ་མིག་དག་

པས་མཐོང་བར་བརྗོད་དེ། དེ་ཉིད་ཀྱི་ཕྱིར་གྲངས་ཅན་གྱིས་ཀུན་དུ་བརྟགས་པའི་ཁུར་ཁྱེར་བའི་ལུས་ཀྱང་མི་སྤངས་སོ། །སྔོན་དུས་ཀྱི་སྲིད་པ་ཡང་ཡུལ་གྱིས་བསྐལ་པའི་ཕྱིར་དམིགས་པར་མི་འགྱུར་ཏེ། ཆེས་རིང་བར་སྐྱེ་བའི་ཕྱིར་རམ། རང་བཞིན་གྱིས་བསྐལ་བའི་ཕྱིར་ཤ་ཟ་ལ་

སོགས་པའི་ལུས་བཞིན་ནོ། །མ་བསྐལ་ན་ཡང་ཚུ་རོལ་མཐོང་བ་རྣམས་ཀྱིས་སྲོག་ཆགས་འདི་ནི་ཕྱེ་མ་ལེབ་ཀྱི་བདག་ཉིད་དུ་སོང་ངོ་ཞེས་ངེས་པར་མི་ནུས་པའི་ཕྱིར་ནུས་པ་བསམ་གྱིས་མི་ཁྱབ་པའི་སྨན་གྱི་སྦྱོར་བས་བསྒྱུར་བའི་ལུས་བཞིན་ནོ། །འོ་ན་ཇི་ལྟར་ལུས་ཐ་དད་པ་ལ་བརྟེན་པའི་ཤེས་པ་

རྒྱུད་གཅིག་དང་འབྲེལ་པར་བརྗོད་ཅེ་ན། ཐ་དད་ལུས་ལ་ཞེས་བྱ་བ་སྨོས་ཏེ། དེ་ཡི་ཁྱད་པར་རྗེས་བྱེད་ཕྱིར། །ཞེས་བྱ་བ་ནི་ཚེ་འདིའི་རྣམ་པར་ཤེས་པ་སྐྱེ་བ་གཞན་དུ་འཇུག་པའི་ཤེས་པ་དེའི་ཁྱད་པར་གང་ཡིན་པ་དེའི་རྗེས་སུ་བྱེད་པ་ཡིན་ཏེ། དེ་སྐད་དུ། སྐྱེས་བུ་རྣམས་ཀྱིས་དགེ་དང་མི་དགེ་ལ། །

གོམས་པའི་སྦྱོར་བས་དེ་ཡི་བདག་ཏུ་འགྱུར། །གང་ཕྱིར་འབད་པ་མེད་པས་ལུས་མེད་པར། །སྐྱེ་བ་གཞན་དུ་རྨི་ལམ་བཞིན་དུ་དཔྱོད། །དེ་ལས་ཚུ་རོལ་མཛེས་པ་བས་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་གྱི་ལུས་དག་ཐ་དད་པའི་ཕྱིར་དེ་ལ་ཡོད་པའི་སེམས་དེ་དག་རྒྱུད་གཅིག་པ་མ་ཡིན་ནོ་ཞེས་བྱ་

བ་ལ་སོགས་པ་དང་། མངལ་ལ་སོགས་པར་རྩོད་པའི་ཡུལ་དུ་གྱུར་པའི་དང་པོའི་རྣམ་པར་ཤེས་པ་རྒྱུད་གཅིག་པ་ཞེས་བྱ་བ་མ་ཡིན་ཏེ། ལུས་ཐ་དད་པའི་ཕྱིར་མ་ཧེ་དང་ཕག་ལ་སོགས་པའི་ཤེས་པ་བཞིན་ནོ་ཞེས་གང་སྨྲས་པ་དེ་ནི་འདིས་བསལ་བ་ཡིན་ནོ། །གཞན་ཡང་འདི་ལས་ཀྱང་འཇིག་རྟེན་

Vol. 192 · folio 106b

ཕ་རོལ་གྲུབ་སྟེ། གང་དང་གང་རྣམ་པར་རྟོག་པ་ཡིན་པ་དེ་ནི་སྒྲ་ཉམས་སུ་མྱོང་བ་གོམས་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། རྣམ་པར་རྟོག་པ་ཡིན་པའི་ཕྱིར་ལང་ཚོ་ལ་སོགས་པའི་གནས་སྐབས་སུ་འབྱུང་བའི་རྣམ་པར་རྟོག་པ་བཞིན་ནོ། །སྐྱེས་མ་ཐག་པའི་ནུ་མ་འཐུང་བ་ལ་སོགས་པར་འདོད་པ་ལ་སོགས་

པའི་རྣམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་འདི་གཞི་མ་གྲུབ་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ངུ་བ་དང་ནུ་མ་འཐུང་བ་ལ་སོགས་པའི་འབྲས་བུས་སྐྱེས་མ་ཐག་པའི་ནུ་མ་འཐུང་བ་ལ་སོགས་པར་མངོན་པར་འདོད་པ་ལ་སོགས་པའི་ཆོས་ཅན་གྲུབ་པོ། །རྣམ་

པར་རྟོག་པ་ནི་ནུས་པའི་ཁྱད་པར་ལ་སོགས་པའི་ངོ་བོས་ཡོད་པ་མ་ཡིན་ཏེ། འདི་ལྟར་ངུ་བ་དང་ནུ་མ་འཐུང་བ་ལ་སོགས་པ་ཡོད་པར་རིགས་པ་མ་ཡིན་ལ། རང་གི་ངོ་བོ་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། དེ་ཡང་ཐམས་ཅད་ལྡོག་པའི་བདག །ཅེས་བྱའོ། །ནུ་མ་འཐུང་བར་འདོད་པ་ལ་སོགས་

པ་ཐམས་ཅད་ནི་རྣམ་པར་རྟོག་པའི་བདག་ཉིད་དེ། རྣམ་པར་རྟོག་པའི་རང་བཞིན་ཡིན་ཏེ། དོན་དུ་གཉེར་བ་ལ་སོགས་པའི་རྣམ་པ་ཉིད་དུ་ཉམས་སུ་མྱོང་བའི་ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། དེ་ཡང་མིང་དང་རྗེས་འབྲེལ་ཅན། །ཞེས་བྱ་བ་སྨོས་ཏེ། དེ་ཞེས་བྱ་བ་

ནི་རྣམ་པར་རྟོག་པ་སྟེ། གང་གི་ཕྱིར་རྣམ་པར་རྟོག་པ་ཐམས་ཅད་ནི་སྒྲའི་རྣམ་པས་འཇུག་པའི་ཕྱིར་མིང་དང་རྗེས་སུ་འབྲེལ་པ་ཡིན་ལ། རྣམ་པར་རྟོག་པ་མིང་དང་རྗེས་སུ་འབྲེལ་པ་དེ་ཡང་བརྡ་གོམས་པ་མེད་པར་མི་འབྱུང་ངོ་ཞེས་ཁོ་བོ་ཅག་གིས་སྔར་རྒྱས་པར་བསྟན་ཟིན་ཏོ། །ཡང་ཅི་སྟེ་མིང་

དང་རྗེས་སུ་འབྲེལ་པ་གོམས་པ་མངོན་དུ་འགྲོ་བ་ཅན་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་འདི་འདོད་པ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འཇིག་རྟེན་འདིར་གོམས་པ་སྔོན་དུ་འགྲོ་བ་ཅན་ཉིད་ཀྱི་ལྡོག་པ་སྒྲུབ་པར་བྱེད་པ་ཡིན་ནོ་སྙམ་ན། མིང་གི་ངོ་བོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ།

ཡང་བསྟན་པ་ཡིན་ཏེ། སྐྱེས་མ་ཐག་པའི་འཇིག་རྟེན་འདིའི་གོམས་པ་ནི་ཚད་མ་དང་གྲགས་པས་གནོད་པ་ཡིན་ཏེ། དམ་བཅའ་བའི་དོན་ལ་གནོད་པའི་གཏན་ཚིགས་ནི་འགལ་བ་ཉིད་དུ་རིགས་པ་མ་ཡིན་ཏེ། གནོད་པ་མེད་ན་འགལ་བ་ཡིན། །ཞེས་བྱ་བའི་རིགས་པས་སོ། །མིང་གི་ངོ་བོ་ཞེས་བྱ་བ་

Vol. 192 · folio 107a

ནི་མིང་གི་རང་བཞིན་སྨྲ་བར་བྱེད་པའི་རང་བཞིན་ཏེ། བློའི་སྣང་བ་ཡིན་ཡང་ཕྱི་རོལ་གྱི་སྒྲར་ཞེན་པའོ། །དེ་དག་ཅེས་བྱ་བ་ནི་སྐྱེས་མ་ཐག་པ་དག་གིའོ། །དེ་ནི་ཆད་པ་ཞེས་བྱ་བ་ནི་མངོན་པར་འདོད་པ་ལ་སོགས་པ་དེ་དག་ཆད་པ་ནི་དེ་ཆད་པའོ། །དེས་མིང་མྱོང་བ་ཞེས་བྱ་བ་ལ་སོགས་

པས་ཇི་སྐད་དུ་བཤད་པའི་ཚད་མའི་དོན་མཇུག་སྡུད་པར་བྱེད་དེ། དེས་ཞེས་བྱ་བ་ནི་དེའི་ཕྱིར་གྱི་དོན་ཏོ། །མིང་གི་ཐ་སྙད་ཅེས་བྱ་བ་ལ་སོགས་པས་ཚད་མའི་འབྲས་བུ་སྟོན་པ་ཡིན་ཏེ། མིང་ནི་སྒྲའོ། །ཐ་སྙད་ནི་འདྲིས་པ་སྟེ་ཉམས་སུ་མྱོང་བ་ཞེས་བྱ་བའི་ཐ་ཚིག་གོ། །དེས་བསྒོས་པའི་བག་ཆགས་

གང་ཡིན་པ་དེའི་ངོ་བོ་ཡོངས་སུ་སྨིན་པ་རང་དང་རྗེས་སུ་མཐུན་པའི་འབྲས་བུ་སྐྱེད་པ་ལ་འཇུག་པ་རྙེད་པ་དེ་ལས་བྱུང་བ་ཞེས་བྱ་བ་ནི་སྐྱེ་བའི་རིམ་པའོ། །དེ་དག་གི་ཞེས་བྱ་བ་ནི་སྐྱེས་མ་ཐག་པ་རྣམས་ཀྱིའོ། །གལ་ཏེ་དེ་དག་མིང་གོམས་པའི། །ཞེས་བྱ་བ་ལ་སོགས་པས་གཞན་གྱི་ཐལ་བའི་སྒྲུབ་པ་

བྱེད་པའི་དོགས་པ་བསུ་བ་ཡིན་ཏེ། གལ་ཏེ་རྣམ་པར་རྟོག་པ་སྔར་གྱི་བརྡ་གོམས་པ་ལས་འཇུག་པ་དེའི་ཚེ་བྱིས་པ་དང་ཁྱེའུ་སྔར་གྱི་བརྡ་དྲན་པར་ཐལ་བར་འགྱུར་རོ། །གོམས་པའི་རྗེས་སུ་འཇུག་པ་ནི་དྲན་པ་མེད་པར་རིགས་པ་མ་ཡིན་ཏེ། སྐད་ལ་བྱང་བ་བཞིན་དུ་ངག་གསལ་པོར་འཇུག་པར་ཐལ་བར་

འགྱུར་བའི་ཕྱིར་རོ། །དེ་ལྟ་ཡིན་དང་བརྡ་བྱེད་པ་དོན་མེད་པར་འགྱུར་ན། དེ་ལྟ་བུ་ཡང་མ་ཡིན་ཏེ། དེ་ལྟ་བས་ན་དྲན་པ་མེད་པའི་ཕྱིར་དང་། ཚིག་གསལ་པོར་མི་འཇུག་པའི་ཕྱིར། གོམས་པ་སྔ་མ་སྔོན་དུ་འགྲོ་བ་ཅན་ཉིད་དུ་མི་འགལ་བས་ཐལ་བ་ལས་བཟློག་པས་ཆོས་ཀྱི་རང་གི་ངོ་བོ་སེལ་བའི་སྒོ་ནས་

དམ་བཅའ་བའི་ཉེས་པ་བཤད་དོ། །ཉེ་བར་གནོད་པ་གསལ་པོ་ཡིས། །ཞེས་བྱ་བ་ལ་སོགས་པ་ཐལ་བར་འགྱུར་བ་དང་། ཐལ་བ་ལས་བཟློག་པའི་གཏན་ཚིགས་མ་ངེས་པ་ཉིད་དུ་བསྟན་ཏེ། གང་གིས་དྲན་པ་ལ་སོགས་པ་འཇུག་པར་བྱེད་པའམ། དེ་ལྡོག་པ་ན་ལྡོག་པར་འགྱུར་བ་ཐམས་ཅད་དུ་

སྔོན་གོམས་པ་ལ་དྲན་པ་ལ་སོགས་པས་ཁྱབ་པ་ནི་མ་ཡིན་ཏེ། འདི་ལྟར་སྔར་གོམས་པ་ཉམས་སུ་མྱོང་བར་ཡང་འགྱུར་ལ་དྲན་པར་ཡང་མི་འགྱུར་ཏེ། དཔེར་ན་འདུས་པའི་ནད་ཀྱི་གནས་སྐབས་བཞིན་ནོ། །དེ་བཞིན་དུ་རྨི་ལམ་ན་ཡང་གོམས་པ་སྔ་མ་རྗེས་སུ་འཇུག་པ་ཡིན་ལ་དྲན་པར་ཡང་ཡིན་ནོ། །

Vol. 192 · folio 107b

འདུས་པའི་ནད་སྨོས་པ་ནི་ཉེ་བར་མཚོན་པ་ཡིན་ནོ། །གནོད་པ་གསལ་པོ་ཞེས་བྱ་བ་ནི་མངལ་དུ་གནས་པའི་ཕྱིར་རོ། །ཡོངས་སུ་སྨིན་པ་ཞེས་བྱ་བ་ནི་བག་ཆགས་ཡོངས་སུ་སྨིན་པའོ། །འཁྲུལ་པ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་ཇི་ལྟ་བ་བཞིན་དུ་སོ་སོར་ངེས་པའི་ཡུལ་དང་དུས་དང་རང་བཞིན་ལ་སོགས་པའི་ཁྱད་

པར་གྱི་ངོ་བོས་མི་འཇུག་པའི་ཕྱིར་རོ། །དེ་ལ་ཚུ་རོལ་མཛེས་པ་བས་སྐྱེ་བ་དྲན་པ་གྲུབ་པ་མ་ཡིན་ཏེ། གྲོང་གཅིག་ཏུ་ཕྱིན་པ་ཐམས་ཅད་ཀྱིས་དྲན་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་ནི་འདིས་བསལ་བ་ཡིན་ཏེ། འདི་ལྟར་གྲོང་གཅིག་ཏུ་ཕྱིན་པ་རྣམས་ཀྱང་ཐམས་ཅད་ཀྱིས་དྲན་པ་མ་ཡིན་ཏེ། གང་གི་

ཕྱིར་དེ་དག་གི་ནང་ནས་གང་དག་ཁ་ཅིག་བློ་དམན་པ་དེ་དག་བརྗེད་ངས་པར་འགྱུར་པ་ཁོ་ནའོ། །དེ་དག་གི་ཞེས་བྱ་བ་ནི་ཚིག་རྣམས་ཀྱིའོ། །བདག་ཉིད་ཆེན་པོ་ཞེས་བྱ་བ་ལ་སོགས་པས་ཐལ་བ་ལས་བཟློག་པའི་གཏན་ཚིགས་ཕྱོགས་ཀྱི་ཕྱོགས་གཅིག་ལ་མ་གྲུབ་པ་ཉིད་དུ་འཆད་དོ། །བདག་ཉིད་

ཆེན་པོ་ཞེས་བྱ་བ་ནི་བསོད་ནམས་དང་ལྡན་པའོ། །གཞན་ཡང་འཇིག་རྟེན་ཕ་རོལ་གྲུབ་པར་བྱ་བའི་ཕྱིར་འཐད་པ་གཞན་བཤད་པ་ནི། འདོད་ཆགས་ཞེ་སྡང་ཞེས་བྱ་བ་ལ་སོགས་པ་སྟེ། སྦྱོར་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། ཕྲ་དོག་དང་། རྒྱགས་པ་དང་། ང་རྒྱལ་ལ་སོགས་པ་དང་།

དེ་བཞིན་དུ་ཤེས་རབ་དང་། སྙིང་རྗེ་དང་། བྱམས་པ་ལ་སོགས་པ་དང་། བཟོའི་གནས་ལ་སོགས་པ་གང་གསལ་བ་དེ་ནི་གོམས་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། དཔེར་ན་སྐྱེ་བ་འདི་ལ་སྔར་མི་གསལ་བ་གོམས་པའི་དབང་གིས་ཇི་སྐད་དུ་བཤད་པའི་ཡོན་ཏན་ཅན་གྱི་སྐྱེས་བུ་མཐོང་བ་བཞིན་ནོ། །

འདི་ལ་དང་པོ་སྐྱེ་བ་འདིར་འཇིག་རྟེན་འདི་ལ་གོམས་པར་མ་མཐོང་བའི་སྐྱེས་བུ་འགའ་ཞིག་ཀྱང་དེ་དང་དེ་ལ་གོམས་པ་དེ་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་འབྲས་བུའི་གཏན་ཚིགས་སོ། །རྗེས་སུ་འགྲོ་བ་དང་ཟློག་པ་དག་གིས་རྒྱུ་དང་འབྲས་བུའི་དངོས་པོ་ངེས་པ་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་

མ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར། རྗེས་སུ་འགྲོ་བ་དང་ལྡོག་པ་ལས། གསལ་པོར་བྱུང་བ་ཡོངས་སུ་ངེས། །ཞེས་སྨོས་སོ། །འཇིག་རྟེན་འདིར་གོམས་པ་སྔོན་དུ་འགྲོ་བ་ཅན་ཉིད་དུ་གྲུབ་པའི་ཕྱིར་གཏན་ཚིགས་འགལ་བ་ཡིན་ནོ་ཞེ་ན། མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་

Vol. 192 · folio 108a

གསལ་པོ་གང་དག་དང་པོར་བྱུང་བ་དེ་དག་ནི་འདི་ལ་གོམས་པ་དང་བྲལ་བའི་ཕྱིར་འཇིག་རྟེན་འདིར་གོམས་པ་སྔོན་དུ་འགྲོ་བ་ཉིད་དུ་སྒྲུབ་པར་བྱེད་པ་མི་རིགས་ལ། རྒྱུ་མེད་པ་ཉིད་དུ་ཡང་མི་རིགས་ཏེ། རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བའི་ཕྱིར། དེ་ལྟ་བས་ན་གལ་ཏེ་

སྲིད་པ་གཞན་ཡོད་པར་མ་གྱུར་ན་འདོད་ཆགས་ལ་སོགས་པ་དེ་དག་གི་སྐྱེ་བ་སྟེ་འབྱུང་བའི་རྒྱུ་གང་ཞིག་ཡིན་པར་འགྱུར། དེའི་སྐྱེ་བ་གཞན་ཉིད་དུ་གོམས་པ་ཁོ་ན་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་ཕ་རོལ་གྲུབ་པོ། དམིགས་པ་ཡང་རྒྱུ་མ་ཡིན་ཏེ། དམིགས་པ་ཡོད་ན་ཡང་འདོད་ཆགས་ལ་སོགས་

པ་དག་ནི་རེས་འགའ་མི་སྡུག་པ་ལ་སོགས་པའི་སོ་སོར་རྟོག་པ་ཡོད་ན་མི་སྐྱེ་བའི་ཕྱིར་རོ། །མི་སྡུག་པ་ལ་སོགས་པ་ལ་དམིགས་པ་འདོད་ཆགས་ལ་སོགས་པའི་གཉེན་པོར་གྱུར་པའི་ཤེས་རབ་ནི་སོ་སོར་བརྟགས་པ་སྟེ། དམིགས་པ་མེད་ན་ཡང་འདོད་ཆགས་ལ་སོགས་པའི་སྐྱེ་བར་མཐོང་

བའི་ཕྱིར་དམིགས་པའི་དབང་གིས་དེ་ཡོད་པར་རིགས་པ་མ་ཡིན་ནོ། །འདི་ལྟར་འདས་པ་དང་མ་འོངས་པའི་ཡུལ་ལ་ཡང་ཀུན་དུ་རྟོགས་པའི་དབང་གིས་བདེ་བ་ལ་སོགས་པའི་ཕྱིན་ཅི་ལོག་ཤིན་ཏུ་འཕེལ་བའི་སྐྱེས་བུ་སོ་སོར་རྟོག་པ་ལོག་ན་འདོད་ཆགས་ལ་སོགས་པ་དེ་དག་གིས་སྟོབས་

འཕེལ་བར་མཐོང་སྟེ། གང་ཡོད་པ་དང་མེད་པ་ན་གང་ཡོད་པ་དང་མེད་པ་ལས་བཟློག་པ་དེ་ནི་དེའི་རྒྱུར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལས་ཀྱང་དམིགས་པའི་དབང་གིས་འདོད་ཆགས་ལ་སོགས་པ་འཇུག་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་དམིགས་པ་ཇི་

ལྟ་བ་བཞིན་དུ་འཇུག་པར་འགྱུར་བ་དེ་ལྟ་ཡིན་ནོ། དམིགས་པའི་དབང་གིས་འཇུག་པར་འགྱུར་བ་ཡིན་ཏེ། དཔེར་ན་དབང་པོ་ལ་སོགས་པའི་ཤེས་པ་བཞིན་ནོ། །དེ་ལྟར་འཇུག་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བུད་མེད་ལ་སོགས་པ་ལ་བདག་དང་བདག་གི་དང་རྟག་པ་དང་བདེ་བ་ལ་སོགས་

པའི་རྣམ་པ་གཞན་མི་བདེན་པ་ཉིད་སྒྲོ་བཏགས་ནས་འཇུག་པ་མ་ཡིན་ཏེ། ཡུལ་རྣམས་ནི་སྡུག་པ་ལ་སོགས་པའི་ངོ་བོ་ཡང་མ་ཡིན་ནོ། །གང་ཞིག་གང་གི་རྣམ་པས་སྟོང་པ་དེ་ནི་དེའི་དམིགས་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་ནི་དེའི་ཕྱིར་རོ། །འདོད་

Vol. 192 · folio 108b

ཆགས་ལ་སོགས་པ་ནི་སྒྲ་བཏགས་པའི་ཡུལ་ཅན་ཡིན་པ་ཉིད་ཀྱིས་དམིགས་པ་མེད་པ་ཉིད་ཡིན་ནོ། །དེ་ལྟར་ཡིན་དང་དང་པོ་སྟེ། སྐྱེ་བ་འདིའི་དང་པོར་བྱུང་བ་འདོད་ཆགས་པ་གང་ཡིན་པ་དེ་དག་རིགས་མཐུན་པ་གོམས་པའི་དབང་གིས་འཇུག་པ་ཡིན་ནོ་ཞེས་བྱ་བར་གྲུབ་པོ། །འོ་ན་གལ་ཏེ་ཡུལ་རྒྱུ་

མ་ཡིན་ན་ཇི་ལྟར་ཡུལ་ཉེ་བ་ན་འདོད་ཆགས་ལ་སོགས་པ་སྐྱེ་བར་མཐོང་ཞེ་ན། ཡུལ་ནི་ཉེ་བར་གྱུར་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིམ་པ་ནི་འདི་ཡིན་ཏེ། ཡུལ་ཉེ་བ་ན་དབང་པོ་ལས་བྱུང་བའི་བདེ་བ་སྐྱེ་ལ། བདེ་བ་དེ་ལས་སོ་སོར་རྟོག་པ་མེད་པ་ན་བདག་ལ་སོགས་པ་ཕྱིན་ཅི་ལོག་གི་

མཚན་ཉིད་ཀྱི་ཚུལ་བཞིན་མ་ཡིན་པ། ཡིད་ལ་བྱེད་པ་ལ་གནས་པ་རྣམས་སྔར་གྱི་འདོད་ཆགས་ལ་སོགས་པས་བསྒོས་པའི་བག་ཆགས་ཡོངས་སུ་སྨིན་པར་འགྱུར་ལ་དེ་ལས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འཇུག་པའི་ཕྱིར་ཡུལ་དངོས་སུ་རྒྱུ་མ་ཡིན་ནོ། །འདི་སྙམ་དུ་རང་གི་གྲུབ་

པའི་མཐའ་བརྗོད་པ་ཙམ་འབའ་ཞིག་ཏུ་ཟད་ཀྱི་འདི་ལ་རིགས་པ་འབའ་ཞིག་ཡོད་པ་ནི་མ་ཡིན་ནོ་སྙམ་ན། ཀུན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་ཞེས་བྱ་བ་ནི་ཡུལ་གྱིའོ། །ཤེས་པ་བཞིན་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་འཛིན་པར་བྱེད་པའི་རྣམ་པ་བཞིན་ནོ། །དེ་ལ་ཞེས་བྱ་བ་ནི་ཡུལ་ལོ། །

གཅིག་ཅེས་བྱ་བ་ནི་གཅིག་གི་རྣམ་པ་ཅན་ནོ། །དེ་ལ་གཅིག་གི་རྣམ་པ་ཅན་གྱི་ཉོན་མོངས་པ་འཇུག་པ་མ་ཡིན་ཏེ། འདི་ལྟར་བུད་མེད་ཀྱི་གཟུགས་ལ་ཁ་ཅིག་ཆགས་ལ། ལ་ལ་ནི་ཞེ་སྡང་། ཁ་ཅིག་ནི་ཕྲག་དོག་ཅེས་བྱ་བ་རྣམ་པ་དུ་མ་འཇུག་པར་མཐོང་ངོ་། །འདི་སྙམ་དུ་ཚེ་འདིའི་ཐོག་མའི་

འདོད་ཆགས་ལ་སོགས་པ་སྔ་མ་གོམས་པ་ལས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན་དག་འཁྲིག་པ་ལ་སོགས་པ་ཀུན་དུ་སྤྱོད་པ་ལ་སོགས་པ་མཐོང་བ་ལས་སམ། གཞན་གྱིས་ཉེ་བར་བསྟན་པ་ལས་སོ་སྙམ་ན། གཞན་དག་འཇུག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་གི་འཇུག་པ་

ནི་ཀུན་དུ་སྤྱོད་པ་ཞེས་བྱ་བའི་ཐ་ཚིག་གོ། །འཁྲུལ་པ་དེ་ཉིད་བྱུང་མཐའ་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །བྱུང་བའི་མཐའ་ནི་འཁྲིག་པ་ལ་སོགས་པ་ཀུན་དུ་སྤྱོད་པའོ། །སྐལ་བ་མཉམ་པ་ནི་འགྲོ་བ་འདྲ་བ་སྟེ། ཕག་ལ་སོགས་པ་གང་དག་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་དག་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words