དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ

Sanskrit title (Tibetan script, as in the text) ཏཏྭ་སཾ་གྲ་ཧ་པཉྫི་ཀ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 192 · folio 297b

དེ་ཉིད་ཀྱི་ཕྱིར་འདི་དག་རྒྱུ་མེད་པ་ཡང་མ་ཡིན་ཏེ། རྒྱུ་མེད་པ་ནི་ལྟོས་པ་མེད་པ་ཉིད་ཀྱིས་ཡུལ་དང་དུས་དང་རང་བཞིན་ངེས་པ་མི་རུང་བའི་ཕྱིར་རོ། །འདི་ལས་ཀྱང་དེ་དག་གི་རྟག་པའི་རྒྱུ་ཉིད་སྤངས་པ་ཡིན་ཏེ། དེའི་རྒྱུ་དག་ལ་སོགས་པ་རྟག་ཏུ་ཉེ་བ་ཉིད་ཀྱི་ཕྱིར་དང་། ཁྱད་པར་བོགས་དབྱུང་དུ་མེད་པ་ནི་ལྷན་ཅིག་

བྱེད་པ་གཞན་ལ་ནི་མི་ལྟོས་པའི་ཕྱིར་དེ་ལས་བྱུང་བ་རྣམས་རྟག་ཏུ་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཤུགས་ཀྱིས་འདི་དག་གི་རྒྱུ་ནི་མི་རྟག་པ་ཉིད་ཡིན་ནོ། །འདི་དག་གི་རྒྱུ་མི་རྟག་པ་ཡང་རིགས་པའི་རང་བཞིན་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ཉེས་པའི་ཚོགས་ཀྱི་རྒྱུ་ནི་བདག་དང་

བདག་གི་བའི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཏེ། དེའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ་ཞེས་སྔར་བསྟན་ཟིན་པའི་ཕྱིར་རོ། །སྲོག་ཆགས་ཀྱི་ཆོས་ཉིད་ཀྱང་མ་ཡིན་ཏེ། ཆོས་ཅན་དེ་ཉིད་མ་གྲུབ་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པ་འདི་གང་ག་ཆོས་སུ་འགྱུར་བའི་སྲོག་ཆགས་ཞེས་བྱ་བའི་ཆོས་

ཅན་འགའ་ཞིག་ཡོད་པ་ནི་མ་ཡིན་ནོ། །འདི་ནི་རྐྱེན་ཉིད་འདི་བ་ཙམ་འབའ་ཞིག་ཏུ་ཟད་དེ། ཆོས་དང་ཆོས་ཅན་གྱི་ཐ་སྙད་ནི་རྣམ་པར་རྟོག་པས་སྒྲོ་བཏགས་པ་ཉིད་ཡིན་པའི་ཕྱིར་རོ། ཅི་སྟེ་འདི་དག་སེམས་ཀྱི་རང་བཞིན་ཡིན་པ་ཉིད་ཀྱིས་སམ། དེར་སྐྱེས་པས་སྲོག་ཆགས་ཀྱི་ཆོས་ཉིད་ཡིན་པ་དེ་ལྟ་ན་ཡང་

མ་གྲུབ་པ་དང་མ་ངེས་པ་ཡིན་ཏེ། འདི་ལྟར་ཡུལ་དང་ཡུལ་ཅན་གྱི་དངོས་པོར་འདོད་ན་སེམས་ནི་ཡུལ་འཛིན་པའི་རང་བཞིན་དུ་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། དེ་ལྟ་མ་ཡིན་ན་ཡུལ་དང་ཤེས་པ་དག་ཡུལ་ཅན་གྱི་དངོས་པོར་མི་འགྱུར་རོ། །དོན་མི་འཛིན་པའི་རང་བཞིན་དུ་ཁས་ལེན་ན་ཡང་དེས་དེའི་རང་བཞིན་

གང་ཡིན་པའི་བདག་ཉིད་དེས་དོན་དེ་གཟུང་བར་བྱ་བ་ཡིན་ན་ཞེས་བརྗོད་པར་བྱ་དགོས་ཏེ། དེ་ལྟ་མ་ཡིན་ན་ཇི་ལྟར་འདི་ལྟར་འཛིན་པར་འགྱུར་གལ་ཏེ་མེད་པའི་རྣམ་པས་དེ་འཛིན་པར་འགྱུར་ན། དེ་དེ་ལྟ་ན་ཡུལ་དང་ཡུལ་ཅན་གྱི་དངོས་པོར་མི་འགྱུར་རོ། །འདི་ལྟར་ཇི་ལྟར་ཤེས་པ་དོན་ཡུལ་བྱེད་པ་དེ་ལྟར་དོན་ནི་མ་ཡིན་ལ།

དོན་ཇི་ལྟར་ཡིན་པ་དེ་ལྟར་ཡུལ་དུ་བྱེད་པ་ཡང་མ་ཡིན་ནོ། །དེས་ན་ཤེས་པ་རྣམས་ཡུལ་མེད་པ་ཁོ་ནར་འགྱུར་རོ། །དེའི་ཕྱིར་དངོས་པོ་ཐམས་ཅད་མ་གྲུབ་པར་ཐལ་བར་འགྱུར་རོ། །དེ་ལྟ་བས་ན་འདིའི་བདག་ཉིད་ཀྱི་རང་བཞིན་ནི་ཡང་དག་པའི་ཡུལ་གྱི་རྣམ་པར་འཛིན་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །ཡུལ་གྱི་

Vol. 192 · folio 298a

རང་བཞིན་གྱི་ཡང་དག་པར་ཡང་སྐད་ཅིག་མ་དང་བདག་མེད་པ་ལ་སོགས་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །དེས་ན་སེམས་ཀྱི་རང་བཞིན་བདག་མེད་པར་འཛིན་པ་ཁོ་ན་ཡིན་གྱི་བདག་འཛིན་པའི་རང་བཞིན་ནི་མ་ཡིན་ནོ། །གང་ཡང་རྨོངས་པ་རྣམས་ལ་འདིའི་རང་བཞིན་དུ་

སྣང་བ་ནི་ཤུགས་ཀྱིས་གློ་བུར་བའི་རྐྱེན་གྱི་སྟོབས་ཉིད་ཀྱིས་ཡིན་ནོ་ཞེས་གནས་ཀྱི། རང་བཞིན་གྱིས་ནི་མ་ཡིན་ཏེ་དཔེར་ན་ཐག་པ་ལ་སྦྲུལ་དུ་ཤེས་པ་ལྟ་བུའོ། །དེ་ཉིད་ཀྱི་ཕྱིར་ཉོན་མོངས་པའི་ནད་ཚོགས་ཤིན་ཏུ་ཆེ་བ་ཡིན་ན་འདིས་ནི་བདག་མེད་པ་མཐོང་བའི་ནུས་པ་རྩ་བ་ནས་འདོན་པར་ནུས་པ་མ་ཡིན་ཏེ།

གློ་བུར་པའི་རྐྱེན་གྱིས་བྱས་པ་ཉིད་ཀྱིས་དེ་མ་བསྟན་པའི་ཕྱིར་རོ། །བདག་མེད་པའི་ཤེས་པ་ནི་རང་བཞིན་ཡིན་པའི་ཕྱིར་དང་ཚད་མའི་གྲོགས་དང་བཅས་པས་སྟོབས་དང་ལྡན་པའི་ཕྱིར་འགལ་བར་འདྲ་ན་ཡང་བདག་ཏུ་ལྟ་བའི་གཉེན་པོར་རྣམ་པར་གཞག་གི །བདག་ཏུ་ལྟ་བ་ནི་དེའི་མ་ཡིན་ཏེ། དེ་ནི་དེ་ལས་

བཟློག་པའི་ཕྱིར་རོ། །གང་དག་གི་ལྟར་ན་ཕྱི་རོལ་གྱི་དོན་མེད་དོ་ཞེས་བྱ་བའི་ཕྱོགས་ཡིན་པའི་དེའི་ལུགས་ཀྱིས་ཤེས་པའི་རང་བཞིན་ནི་བདག་མེད་པ་འཛིན་པའི་རང་བཞིན་ཁོ་ན་ཡིན་གྱི་བདག་ཏུ་ལྟ་བའི་བདག་ཉིད་ནི་མ་ཡིན་ཏེ། བདག་དེ་ནི་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་གལ་ཏེ་དེས་ཡུལ་མེད་པའི་ཕྱིར་

ཤེས་པ་དེ་འཛིན་པའི་བདག་ཉིད་དུ་མི་འདོད་ན་དེ་གདོན་མི་ཟ་བར་རང་རིག་པའི་བདག་ཉིད་དུ་ཁས་བླང་བར་བྱ་དགོས་ཏེ། གཞན་དུ་ཤེས་པ་རྣམ་པར་གཞག་པར་ཡང་མི་འགྱུར་རོ། །བདག་དེ་ཡང་ཡོད་པ་མ་ཡིན་པའི་བདག་ཉིད་ཀྱིས་གཉིས་ལ་སོགས་པའི་ངོ་བོར་རིག་པར་བྱ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ཏེ།

སྐྱོན་སྔ་མ་བཞིན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་འདི་དག་སྲོག་ཆགས་ཀྱི་ཆོས་ཉིད་དུ་མ་གྲུབ་པོ། །དེས་སྐྱེས་པ་ཞེས་བྱ་བ་དེ་ཙམ་གྱིས་རང་བཞིན་ཉིད་དུ་བརྟགས་པ་ན་སྤོང་བ་མི་སྲིད་པ་ཡང་མ་ཡིན་ཏེ། མ་ངེས་པའི་ཕྱིར་རོ། །འདི་ལྟར་ཐག་པ་ལ་སྦྲུལ་དུ་ཤེས་པ་སྐྱེ་ལ་ཡང་དེ་ནི་ཡང་དག་

པའི་ཤེས་པ་སྐྱེ་བ་ལ་ལྡོག་པ་ཡིན་ནོ། །ཟད་པའི་ཐབས་མི་སྲིད་པ་ཡང་མ་ཡིན་ཏེ། རང་གི་རྒྱུ་དང་འགལ་བའི་རང་བཞིན་གྱི་དངོས་པོར་གོམས་པ་ཟད་པའི་ཐབས་ཉིད་དུ་སྲིད་པའི་ཕྱིར་རོ། །འདི་ལྟར་གང་དག་རང་རྒྱུ་དང་འགལ་བའི་རང་བཞིན་ཅན་གོམས་པ་སྲིད་པ་དེ་དག་ནི་ཤིན་ཏུ་རྒྱུན་ཆད་པ་སྲིད་པ་

Vol. 192 · folio 298b

ཡིན་ཏེ། དཔེར་ན་འབྱུང་བ་ལ་སོགས་པ་བཞིན་ནོ། །འདོད་ཆགས་ལ་སོགས་པ་རྣམས་ཀྱང་དེ་ལྟ་བུ་ཡིན་པའི་ཕྱིར་འདི་དག་གི་ཟད་པའི་ཐབས་སྲིད་པ་ཡིན་ནོ། །དེ་ཡོངས་སུ་མི་ཤེས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་རྒྱུའི་རང་བཞིན་ཡོངས་སུ་ཤེས་པ་ཉིད་ལས་དེ་ལས་བཟློག་པའི་དམིགས་

པའི་རྣམ་པ་ཅན་གྱི་དངོས་པོ་གང་ཡིན་པ་དེ་ནི་དེའི་གཉེན་པོ་ཡིན་ནོ་ཞེས་གསལ་བར་ངེས་པའི་ཕྱིར་འདི་དག་གི་བདག་མེད་པ་མཐོང་བ་སྲིད་པ་ཁོ་ན་ཡིན་ཏེ། དེ་ལས་བཟློག་པ་ལ་དམིགས་པའི་རྣམ་པ་ཅན་ཉིད་ཡིན་པའི་ཕྱིར་གཉེན་པོ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །མཆོངས་པ་ལ་སོགས་པ་བཞིན་

དུ་ཁྱད་དུ་འཕགས་པར་རྣམ་པར་མི་གནས་པས་ཀྱང་མ་ཡིན་ཏེ། ཤེས་རབ་ལ་སོགས་པ་རྣམས་ནི་སྔ་མ་སྔ་མ་གོམས་པ་བསྒོམ་པའི་རང་བཞིན་ཡིན་པ་ཉིད་ཀྱིས་མ་ཞིག་པ་ཉིད་ཀྱི་ཕྱིར་ཕྱི་མ་ཕྱི་མའི་འབད་པ་ནི་སྔ་ན་མེད་པའི་ཁྱད་པར་བྱེད་པའི་ལུས་ལེན་པའི་ཕྱིར་དང་། རྟེན་བརྟེན་པའི་ཕྱིར་དང་།

རིགས་མཐུན་པ་སྔ་མའི་མཐུ་ལས་བྱུང་བའི་ཕྱིར་རོ། །མཆོངས་པ་ལ་སོགས་པ་ནི་དེ་ལྟ་བུ་མ་ཡིན་ནོ་ཞེས་ཕྱིས་སྟོན་པར་འགྱུར་རོ། །སྐྱེ་བ་གཞན་མི་སྲིད་པ་ཡང་མ་ཡིན་ཏེ། སྔར་སྐྱེ་བའི་རྒྱུན་བསྒྲུབས་ཟིན་པའི་ཕྱིར་རོ། །ཟངས་མ་ལ་སོགས་པའི་སྲ་བ་བཞིན་ཉེས་པ་རྣམས་ཀྱང་སྐྱེ་བ་སྲིད་པ་ཡང་མ་ཡིན་

ཏེ། དེ་དང་འགལ་བའི་བདག་མེད་པར་ལྟ་བ་གཏན་དུ་དེའི་བདག་ཉིད་དུ་གྱུར་པ་རྟག་ཏུ་མི་འབྲལ་བའི་ཕྱིར་རོ། །ཟངས་ལ་སོགས་པའི་སྲ་བ་དང་འགལ་བའི་མེ་གང་ཡིན་པ་དེ་རེས་འགའ་ཉེ་བའི་ཕྱིར་སྲ་བ་ལ་སོགས་པ་དེ་ཡོད་པ་ཉིད་ན་ཡོད་པ་མ་ཡིན་པས་ཡང་དེ་དང་བྲལ་བའི་ཕྱིར་དེ་སྐྱེ་བར་རིགས་ཀྱི་དྲི་མ་

རྣམས་ནི་དེ་ལྟ་བུ་མ་ཡིན་ནོ། །ཡང་ན་སྲ་བ་དང་བྲལ་བ་ན་ཡང་ཐལ་བ་ལ་སོགས་པས་མ་ངེས་པའི་ཕྱིར་གདོན་མི་ཟ་བར་ཉེས་པ་རྣམས་ཀྱང་སྐྱེ་བར་སྲིད་པ་མ་ཡིན་ནོ། །དེ་ལྟར་ཤིང་ལ་སོགས་པ་མེ་དང་འབྲེལ་པ་ལས་ཐལ་བར་འགྱུར་ལ་དེ་དང་བྲལ་བ་ནི་སླར་སྔ་མའི་རང་བཞིན་རྗེས་སུ་འཇུག་པ་མ་ཡིན་པ་དེ་

བཞིན་དུ་ཉེས་པ་རྣམས་ཀྱང་ཡིན་པའི་ཕྱིར་མ་ངེས་པ་ཡིན་ནོ། །གཞན་ཡང་གློ་བུར་བ་ཉིད་ཀྱིས་སྔར་ནུས་པ་མེད་པའི་དྲི་མ་རྣམས་ཀྱིས་དེའི་བདག་ཉིད་དུ་གྱུར་པའི་བདག་མེད་པ་དེ་ལ་གནོད་པར་ག་ལ་ནུས། རང་བཞིན་ནི་འབད་རྩོལ་མེད་པར་བཟློག་པར་ནུས་པ་མ་ཡིན་ལ། ཐོབ་པར་བྱ་བ་དང་སྤང་པར་བྱ་

Vol. 192 · folio 299a

བའི་དངོས་པོ་གང་གི་ཡོན་ཏན་དང་སྐྱོན་མཐོང་བ་མེད་པར་ཡང་རྟོགས་པ་དང་ལྡན་པའི་ལེན་པ་ཡང་སྤང་བའི་འབད་པར་རིགས་པ་མ་ཡིན་ནོ། །རྟོག་པ་དང་ལྡན་པའི་བདག་ཉིད་ཀྱི་སྐྱེས་བུ་ཉེས་པ་དག་ལ་ཡོན་ཏན་དུ་མཐོང་བའམ་གཉེན་པོ་ལ་སྐྱོན་དུ་མཐོང་བ་སྲིད་པ་ཡང་མ་ཡིན་ཏེ། ཕྱིན་

ཅི་མ་ལོག་པ་ཉིད་ཀྱི་ཕྱིར་རོ། །ལྡན་པ་ལེན་པ་ཡང་སྤང་བ་ཕྱིན་ཅི་མ་ལོག་པའི་བློ་ཅན་རྣམས་ཉེས་པ་མེད་པའི་དངོས་པོ་སྐྱོན་ཅན་དུ་འཛིན་པ་མ་ཡིན་ལ། སྐྱོན་ཅན་ཡོན་ཏན་དང་ལྡན་པ་ཉིད་དུ་འཛིན་པ་ཡང་མ་ཡིན་ནོ། །ལ་ལར་བདག་མེད་པར་ལྟ་བ་སྐྱོན་ཅན་དུ་ཡང་མ་ཡིན་ཏེ། ཉེ་བར་མཚོན་པ་ཐམས་ཅད་

དང་བྲལ་བ་ཉིད་ཀྱིས་ཡོན་ཏན་དང་ལྡན་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་འདོད་ཆགས་ལ་སོགས་པའི་དྲི་མ་མ་ལུས་པ་དང་བྲལ་བའི་ཕྱིར་ཡང་དག་པའི་དོན་མཐོང་བའི་གེགས་བྱེད་པའི་ཉེ་བར་འཚེ་བ་ཡོད་པ་མ་ཡིན་ནོ། །འདོད་ཆགས་ལ་སོགས་པས་ཀུན་ནས་དཀྲིས་པས་བྱས་པའི་ལུས་དང་སེམས་ཡོངས་སུ་གདུང་བའི་

ཉེ་བར་འཚེ་བ་ཡང་མེད་ཅིང་སྐྱེ་བ་དང་འབྲེལ་པ་ནི་ན་བ་དང་རྒ་བ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ཏེ། སྐྱེ་བའི་རྒྱུ་ཉོན་མོངས་པ་མེད་པའི་ཕྱིར་རོ། །ཟག་པ་དང་བཅས་པའི་བདེ་བ་ལོངས་སྤྱོད་པ་བཞིན་དུ་སུན་ཕྱུང་བའི་ཉེ་བར་འཚེ་བ་ཡང་མེད་དེ། རབ་ཏུ་ཞི་བའི་བདེ་བའི་རོ་ལ་གཅིག་ཏུ་ཆེས་སྐྱེ་བར་མི་བྱེད་པའི་ཕྱིར་རོ། །

དེའི་ཕྱིར་འདི་སྤང་བའི་དོན་དུ་འབད་པ་མེད་པར་རིགས་པ་མ་ཡིན་ལ། འོན་ཀྱང་གལ་ཏེ་བྱེད་ན་མི་སྤང་བའི་དོན་ཁོ་ནར་བྱེད་པར་འགྱུར་རོ། །བློ་ནི་རང་བཞིན་གྱིས་ཡོན་ཏན་གྱི་ཕྱོགས་འཛིན་པའི་ཕྱིར་རོ། །ཉེས་པ་རྣམས་བླང་བའི་དོན་དུ་འབད་པ་བྱེད་པ་ཡང་མ་ཡིན་ཏེ། དེ་དག་ནི་ཉེ་བར་འཚེ་བ་ཐམས་ཅད་ཀྱི་གཞི་ཡིན་པ་ཉིད་

ཀྱི་སྐྱོན་ཅན་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་བདག་མེད་པ་སྒོམ་པ་སྲིད་པ་ཉིད་ཡིན་ལ། རབ་ཀྱི་མཐར་ཕྱིན་པར་འགྲོ་བའི་ཕྱིར་དེ་ཡང་གསལ་བར་སྣང་བའི་འབྲས་བུ་ཅན་དུ་མཐོང་སྟེ། དཔེར་ན་འདོད་པས་གདུངས་པ་འདོད་པ་གོམས་པར་བྱེད་པ་བཞིན་ནོ། །འདི་ལྟར་འཁྲུལ་པ་དང་བཅས་པའི་གཞོན་ནུ་མ་མཐོང་

བས་ཡ་མཚན་སྐྱེས་སོ་ཞེས་བྱ་བ་དེ་ལྟ་བུའི་ཚིག་དང་བསམས་པའི་རྗེས་སུ་བྱེད་པའི་ལུས་ཀྱི་བྱ་བ་འཇུག་པ་ཡིན་ནོ། །དེ་ལྟ་བས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ལ་མ་ངེས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་བདག་མེད་པ་མཐོང་བ་ནི་ཡང་དག་པའི་དོན་གྱི་ཡུལ་ཅན་ཡིན་པ་ཉིད་ཀྱིས་སྟོབས་དང་ལྡན་པ་ཡིན་

Vol. 192 · folio 299b

ལ། བདག་ཏུ་ལྟ་བ་ནི་བཟློག་པའི་ཕྱིར་བཟློག་པ་ཡིན་པས་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་དངོས་པོ་ཡིན་ནོ། །འདོད་ཆགས་དང་ཞེ་སྡང་དག་ནི་མ་ཡིན་ཏེ། གཉི་ག་ཡང་དག་པ་མ་ཡིན་པའི་དོན་འཛིན་པ་ལ་རག་ལས་པས་འཇུག་པའི་ཕྱིར་དེ་དག་ལ་འགལ་བའི་དངོས་པོ་འཛིན་པའི་རྒྱུ་

མཚན་ཅན་གྱི་མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཀྱི་དངོས་པོ་ཡང་ཡོད་པ་མ་ཡིན་ནོ། །ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པས་བྱས་པ་ཡང་ཡོད་པ་མ་ཡིན་ཏེ། གཉི་ག་ཡང་ཕྱིན་ཅི་ལོག་ཡིན་པའི་ཕྱིར་རོ། །འདི་དག་འགལ་བ་ཡང་གྲུབ་པ་མ་ཡིན་ཏེ། གཉི་ག་ཡང་བདག་ཏུ་འཛིན་པའི་སྐྱེ་གནས་

ཅན་ཡིན་པའི་ཕྱིར་དང་རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་རོ། །འདི་ལྟར་བདག་ལ་ཆགས་པ་ཡོད་ན་དེ་ལ་གནོད་པ་ལ་ཞེ་སྡང་འབྱུང་གི་གཞན་དུ་ནི་མ་ཡིན་ནོ། །རྒྱུ་ཐ་མི་དད་པ་བདག་གམ་རྒྱུ་དང་འབྲས་བུར་གྱུར་པ་དག་ལ། གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་རིགས་པ་མ་ཡིན་ཏེ། དཔེར་ན་བུད་

ཤིང་གཅིག་ལས་བྱུང་བའི་མེ་དང་དུ་བ་བཞིན་ནམ། ཡང་ན་བདག་གིར་འཛིན་པ་དང་བག་ཆགས་བཞིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཅིག་ཅར་མི་སྐྱེ་བ་ནི་དེའི་ཉེ་བར་ལེན་པའི་སེམས་ཅན་ཅིག་ཅར་རིགས་མཐུན་པའི་སེམས་གཉིས་འཕེན་པར་མི་ནུས་པའི་ཕྱིར་རོ། །བདེ་བ་དང་སྡུག་བསྔལ་དག་ཀྱང་ཕན་

ཚུན་འགལ་བ་མ་ཡིན་ཏེ། འདི་ལྟར་བདེ་བ་དང་སྡུག་བསྔལ་དག་ནི་རྣམ་པ་གཉིས་ཏེ་ཡིད་ལས་བྱུང་བ་དང་། ཡུལ་ལས་སྐྱེས་པའོ། །དེ་ལ་རེ་ཞིག་གང་དག་ཡིད་ལས་བྱུང་བ་དག་ནི་སྡང་བ་དང་ཆགས་པ་དེ་དག་དང་མཚུངས་པར་ལྡན་པའི་འདོད་ཆགས་དང་ཞེ་སྡང་དག་དང་གྲུབ་པ་དང་བདེ་བ་གཅིག་པ་ཉིད་ཀྱིས་སོ། །དེ་

བཞིན་དུ་ཕྱིན་ཅི་ལོག་ཉིད་དང་། ཐ་མི་དད་པའི་བདག་གི་ངོ་བོ་འཛིན་པ་ཉིད་དང་བདག་ཏུ་འཛིན་པའི་སྐྱེ་གནས་གཅིག་པ་ཅན་ཉིད་དང་། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར་ཕན་ཚུན་འགལ་བའི་སྲིད་པ་མ་ཡིན་ནོ། །གང་ཡང་ཡུལ་ལས་སྐྱེས་པ་དེ་དག་ཀྱང་ཕན་ཚུན་རྒྱུ་ཐ་དད་པར་མ་ངེས་པའི་ཕྱིར་འགལ་བ་ཡང་མ་

ཡིན་ཏེ། འདི་ལྟར་གང་ཁོ་ན་ལས་བདེ་བ་འབྱུང་བ་དེ་ཉིད་ལས་ཤིན་ཏུ་བསྟན་པའི་ཕྱིར་སྡུག་བསྔལ་ཡང་ཡིན་པའི་ཕྱིར་འདི་དག་གི་རྒྱུ་དང་ཐ་དད་པར་ངེས་པ་ཡོད་པ་མ་ཡིན་ལ། དེ་ལྟར་བདག་མེད་པར་མཐོང་བ་དང་ཅིག་ཤོས་ནི་མ་ཡིན་ནོ། །གཞན་ཡང་འདི་གཉིས་གང་ཡང་ཡུལ་གྱི་སྟོབས་ཀྱིས་འབྱུང་བ་ཉིད་ཀྱི་

Vol. 192 · folio 300a

སྟོབས་མཚུངས་པ་ཉིད་ཡིན་གྱི་ལམ་དང་ཉེས་པ་བདག་ནི་དེ་ལྟ་བུ་མ་ཡིན་ཏེ། ལམ་ཁོ་ན་ཡང་དག་པའི་དོན་གྱི་ཡུལ་ཅན་ཡིན་པ་ཉིད་ཀྱི་སྟོབས་དང་ལྡན་པའི་ཕྱིར་ཉེས་པ་རྣམས་ནི་མ་ཡིན་ནོ། །གཞན་ཡང་བདེ་བ་དང་སྡུག་བསྔལ་ནི་ཡུན་རིང་པོར་མི་གནས་པ་ཅན་ཡིན་གྱི་བདག་མེད་པར་ལྟ་བ་ནི་དེ་ལྟ་

བུ་མ་ཡིན་ནོ། །དེ་ནི་དེའི་བདག་ཉིད་ཡིན་པ་དེ་ཉིད་ཀྱིས་རང་གི་དང་མི་འབྲལ་བའི་ཕྱིར་རོ་ཞེས་སྔར་བསྟན་ཟིན་ཏོ། །དེ་བས་ན་འཁྲུལ་པ་མེད་དོ། །ཅིག་ཅར་ནི་སྐྱེ་བའི་རྒྱུ་ནི་བཤད་ཟིན་ཏོ། །གང་ཡང་རྗེས་སུ་དཔག་པས་དངོས་པོ་མ་ལུས་པ་གནས་པའི་བདག་མེད་པ་ངེས་པར་གཟུང་བ་རྣམས་ལ་ཡང་འདོད་ཆགས་

ལ་སོགས་པ་སྐྱེ་བ་ཡིན་ནོ་ཞེས་ཟེར་བ་དེ་ཡང་མི་རིགས་ཏེ། གང་གི་ཕྱིར་བསྒོམས་པ་ལས་བྱུང་བ་གསལ་བར་སྣང་བ་ཉིད་ཀྱིས་བདག་མེད་པའི་དངོས་པོ་མངོན་སུམ་དུ་བྱེད་པའི་ཤེས་པ་རྟོག་པ་མེད་པ་དང་ཚད་མས་གྲུབ་པའི་དོན་གྱི་ཡུལ་ཅན་ཡིན་པ་ཉིད་ཀྱིས་ཀྱང་མ་འཁྲུལ་པའི་བདག་མེད་པར་མཐོང་བ་དེ་ནི་བདག་ཏུ་

ལྟ་བ་རྩད་ནས་གཏན་འབྱིན་པས་གཉེན་པོར་བརྗོད་ཀྱི་ཐོས་པ་དང་བསམས་པ་ལས་བྱུང་བ་ནི་མ་ཡིན་ནོ། །འདི་ལྟར་ཐོག་མ་མེད་པའི་དུས་ནས་གོམས་པའི་ཕྱིར་དྲི་མ་རྣམས་ནི་རྩ་བ་ཤིན་ཏུ་བརྟན་པའི་ཕྱིར་རིམ་གྱིས་མི་མཐུན་པའི་ཕྱོགས་འཕེལ་བས་སྒྲིབ་པ་ན་ཟད་པ་ཡིན་གྱི། ལན་ཅིག་ཐོས་པ་ནི་མ་ཡིན་ཏེ།

དཔེར་ན་གྲང་བའི་རེག་པ་མེད་ལ་རེག་པ་ཙམ་གྱིས་ལྡོག་པ་ནི་མ་ཡིན་པ་བཞིན་ནོ། །གང་གིས་འཁྲུལ་པར་འགྱུར་བ་ཐོས་པ་དང་བསམས་པ་ལས་བྱུང་བའི་བདག་མེད་པའི་ཤེས་པ་མངོན་དུ་གྱུར་པ་ན་འདོད་ཆགས་ལ་སོགས་པས་འབྱུང་བ་གྲུབ་པ་ཡང་མ་ཡིན་ཏེ། འདི་ལྟར་འདོད་ཆགས་ལ་སོགས་པའི་

ཀུན་ནས་དཀྲིས་པ་སྐྱེས་ནས་མི་སྡུག་པ་ལ་སོགས་པ་ཡིད་ལ་བྱེད་པའི་སྟོབས་དེས་བདེ་བར་གཤེགས་པ་པ་རྣམས་སྤོང་བར་བྱེད་པ་ཁོ་ནའོ། །དེ་ཉིད་ཀྱི་ཕྱིར་འདི་དག་དབང་དུ་གྱུར་པ་ནུས་པ་ཉམས་པ་མེད་པར་མ་གྲུབ་བོ། །འདི་དག་བདག་མེད་པ་མཐོང་བ་དང་འགལ་ན་ཡང་དེ་ཉིད་ཀྱི་ཕྱིར་རྣམ་པར་གཞག་སྟེ།

དེ་མངོན་དུ་ཕྱོགས་ན་འགྲིབ་པའི་ཕྱིར་རོ། །གང་དག་གང་ཉེ་བར་བླངས་པ་ལས་འགྲིབ་པའི་ཆོས་ཅན་དེ་དག་ནི་དེ་ཤིན་ཏུ་འཕེལ་བ་མེད་པར་རྒྱུན་འཆད་པའི་ཆོས་ཅན་དུ་འགྱུར་བ་ཡིན་ཏེ། ཇི་ལྟར་ཆུ་ལ་སོགས་པ་འཕེལ་བ་ན་མེ་འབར་བ་བཞིན་ནོ། །ཉེས་པ་རྣམས་ཀྱང་བདག་མེད་པའི་ཤེས་པ་ཉེ་བར་བླངས་

Vol. 192 · folio 300b

པ་ལས་འགྲིབ་པའི་ཆོས་ཅན་ཡིན་པའི་ཕྱིར་དེ་ཤིན་ཏུ་འཕེལ་བ་ན་ཇི་ལྟར་གནས་པ་རྙེད་པར་འགྱུར། དེ་བས་ན་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཉིད་ཀྱང་མ་ཡིན་ནོ། །དེ་ལྟར་ཉོན་མོངས་པའི་སྒྲིབ་པ་སྤངས་པར་བསྒྲུབས་ནས་ཤེས་བྱའི་སྒྲིབ་པ་སྤང་བར་བསྒྲུབ་

པར་བྱ་བའི་ཕྱིར། ཁྱད་པར་མངོན་སུམ་བྱས་པའི་ཕྱིར། །ཞེས་བྱ་བ་སྨོས་ཏེ། མངོན་སུམ་དུ་བྱས་པ་ནི་མངོན་སུམ་དུ་བྱེད་པའོ། །གང་ཞེ་ན། བདག་མེད་པར་ཞེས་བྱ་བར་གོ་སྟེ། སྐབས་སུ་བབ་པའི་ཕྱིར་རོ། །དེའི་ཁྱད་པར་ནི་རྣམ་པ་མང་དུ་ཐབས་མོང་པོས་དུས་མང་པོ་རྣམ་པ་ཐམས་ཅད་ཀྱིས་ཏེ། དེ་

དང་དེའི་མི་མཐུན་པའི་ཕྱོགས་ལ་ཡོན་ཏན་དང་སྐྱོན་དང་ཤིན་ཏུ་གསལ་བར་འགྱུར་བའོ། །དེ་ཉིད་ཀྱི་ཕྱིར་ཉན་ཐོས་ལ་སོགས་པ་བདག་མེད་པ་མཐོང་ན་ཡང་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ། རྣམ་པ་དེ་ལྟ་བུ་ཕྱིས་གོམས་པའི་ཁྱད་པར་མེད་པས་ཤེས་བྱའི་སྒྲིབ་པ་མ་སྤངས་པའི་ཕྱིར་རོ། །སྦྱོར་བ་ནི་གང་

ཞིག་གུས་པས་རྒྱུན་མ་ཆད་པའི་དུས་རིང་པོའི་ཁྱད་པར་གྱིས་གོམས་པ་དེ་ནི་གཟུང་བར་བྱ་བ་ཐག་རིང་དུ་འཇུག་པ་བཞིན་དུ་སྣང་བའི་ཤེས་པའི་འབྲས་བུ་ཅན་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་འདོད་པས་གདུངས་པ་འདོད་པ་གོམས་པར་བྱེད་པ་བཞིན་ནོ། །རྣམ་པ་ཐམས་ཅད་ཀྱི་ཆོས་ཐམས་ཅད་ལ་ཡོད་པའི་བདག་མེད་

པ་བསྒོམ་པའི་སྙིང་རྗེ་ཅན་ཡང་ཇི་སྐད་དུ་བཤད་པའི་ཁྱད་པར་གསུམ་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། སྙིང་རྗེ་ཅན་ནི་དོན་དུ་གཉེར་བ་ཉིད་ཀྱིས་དེ་ལྟར་འཇུག་པ་སྲིད་དོ་ཞེས་བསྒྲུབས་ཟིན་པའི་ཕྱིར་རོ། །མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ།

གང་གི་ཕྱིར་ཆོས་ཐམས་ཅད་ལ་ཡོད་པའི་བདག་མེད་པ་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཆོས་ཅན་ཡིན་ལ། ཇི་སྐད་དུ་བཤད་པའི་ཁྱད་པར་གསུམ་དང་ལྡན་པའི་གོམས་པ་དང་འབྲེལ་པའི་རྒྱུས་གསལ་བར་སྣང་བ་ཉིད་ནི་བསྒྲུབ་པར་བྱ་བ་ཡིན་ཏེ། བསྒྲུབ་པར་བྱ་བའི་ཆོས་འདིས་ཇི་སྐད་དུ་བཤད་

པའི་སྒྲུབ་པར་བྱེད་པའི་ཆོས་ལ་ཁྱབ་བ་གྲུབ་ཏེ། གསལ་བར་སྣང་བ་ཉིད་ནི་རྒྱུན་གཞན་ལ་མི་ལྟོས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཤུགས་ལས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཁྱབ་པ་གྲུབ་པ་ཡིན་ཏེ། གང་གི་ཕྱིར་དངོས་པོ་ཐམས་ཅད་ལ་ཡོད་པའི་བདག་མེད་པ་ལ་སོགས་པའི་ཡིད་ཀྱི་ཆོས་ཅན་ལ་གསལ་

Vol. 192 · folio 301a

བར་སྣང་གང་ཡིན་པ་དེ་ཉིད་འདིའི་ཐམས་ཅད་མཁྱེན་པ་ཡིན་གྱི་གཞན་ནི་མ་ཡིན་ཏེ། འདི་ལྟར་བསྒོམ་པ་ལ་བསྒོམ་པར་བྱ་བའི་དངོས་པོའི་གསལ་བར་སྣང་བ་ཉིད་ཀྱིས་སྤྱིར་ཁྱབ་པ་གྲུབ་པ་ན་ཤུགས་ཀྱིས་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཀྱང་ཁྱབ་པར་གྲུབ་པ་ཡིན་ཏེ། ཇི་སྐད་དུ་བཤད་

པའི་ཆོས་ཅན་ལས་གཞན་ལ་གསལ་བར་སྣང་བ་ཉིད་མི་སྲིད་པའི་ཕྱིར་རོ། །འདིས་ནི་འདིར་ཡོད་པར་སྒྲུབ་པ་ལ་སྐྱོན་སྨྲས་པ་གང་ཡིན་པ་དེ་དག་གསལ་བ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཡོད་པར་བསྒྲུབ་པའི་ཕྱིར་དང་རབ་ཏུ་གྲགས་པའི་ཆོས་ཅན་ཡིད་ལ་གསལ་བར་སྣང་བ་ཉིད་བསྒྲུབ་པར་བྱ་བ་ཡིན་

པའི་ཕྱིར་དང་། དེ་ལྟར་རྣམ་པ་འདིས་བསྒྲུབ་པའི་ཕྱིར་དང་། ཁྱད་པར་མངོན་སུམ་དུ་བྱས་པའི་ཕྱིར་དང་། ལུས་ངག་ཡིད་གསུམ་དང་མི་མཐུན་པའི་མཚན་ཉིད་ཀྱིས་ཁྱབ་པའི་བག་ཆགས་རྣམས་སྤངས་པ་སྒྲིབ་པ་གཉིས་སྤང་བར་གྲུབ་པོ། །དེའི་ཕྱིར་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བས་ཐམས་ཅད་

མཁྱེན་པ་ཉིད་གྲུབ་བོ། །གལ་ཏེ་འདི་སྙམ་དུ་སྤྱིར་གྲུབ་ཀྱང་བདེ་བར་གཤེགས་པ་ནི་མ་གྲུབ་པོ་སྙམ་དུ་སེམས་ན། འདི་ཡང་། བདེ་བར་གཤེགས་པ་ཉིད་དུ་འདོད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་ཐམས་ཅད་མཁྱེན་པ་ཉིད་འདི་བདེ་བར་གཤེགས་པ་ཁོ་ན་ཡིན་པར་གྲུབ་པར་འདོད་དེ། སེར་

སྐྱ་ལ་སོགས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐོག་མར་བདག་མེད་གསུང་ཕྱིར་རོ། །དེ་སྐད་དུ་བསྟན་པ་ཡིན་ཏེ། གང་གི་ཕུང་པོ་ལ་སོགས་པ་བསྟན་པའི་དོན་དུ་དངོས་པོར་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ཐོག་མར་དངོས་པོ་བདག་མེད་པ་འདི་ཡང་སྒྲོགས་པར་གྲུབ་པའི་སྐྱེས་བུའི་ཁྱད་པར་དེ་ཉིད་དང་པོར་ཆོས་

ཐམས་ཅད་ཀྱི་སྣ་ཚོགས་པའི་རབ་ཏུ་བྱེད་པའི་བདག་མེད་པ་སྒྲོགས་པའི་འབྲས་བུའི་གཏན་ཚིགས་ལས་ཁོ་བོ་ཅག་གིས་བདེ་བར་གཤེགས་པ་ཞེས་བརྗོད་དོ། །དེའི་ཉེ་བར་བསྟན་པ་འདིས་བླང་བ་དང་དོར་བའི་དེ་ཁོ་ན་ཉིད་ཐབས་དང་བཅས་པ་བསྟན་པ་མ་ལུས་པའི་ཡེ་ཤེས་བསྒྲུབ་པར་བྱ་བ་ཡིན་ཏེ། ཡེ་ཤེས་དེ་དང་

ལྡན་པའི་ཕྱིར་དང་། འདི་ཐམས་ཅད་མཁྱེན་པ་དང་ཚད་མར་གྲུབ་པ་ཡིན་པས་དེས་གསུངས་པ་བསྒྲུབ་པར་འདོད་པ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་ཕྱིར་རབ་ཏུ་སྦྱར་བ་ཡིན་གྱི་སྲིན་བུའི་གྲངས་ལ་སོགས་པ་མཁྱེན་པས་ནི་མ་ཡིན་ནོ། །འོན་ཀྱང་སྲིན་བུའི་གྲངས་ལ་སོགས་པ་ལ་ཡང་དེའི་ཡེ་ཤེས་སྲིད་པར་སྒྲུབ་པར་

Vol. 192 · folio 301b

བྱ་བ་ཡིན་གྱི། དེ་ཁོ་ན་ཉིད་བསྟན་པ་མ་ལུས་པ་མཁྱེན་པ་ནི་གཙོ་བོར་ཡིན་ཏེ། འདི་ལྟར་གསུང་རབ་ལ་ཐེག་པ་གསུམ་གྱི་ཡུལ་ཅན་བསྟན་ན་ཡང་སྡུག་བསྔལ་ལ་སོགས་པའི་མཚན་ཉིད་ཀྱི་བདེན་པ་བསྟན་པ་ནི་ཚིག་གཅིག་ཡིན་པའི་ཕྱིར་དང་། ཐབས་སྣ་ཚོགས་ཀྱིས་བདེན་པ་བཞི་གསལ་བར་མཛད་

པའི་ཕྱིར་དང་། ཚད་མས་མི་སླུ་བའི་བདག་མེད་སྟོན་པ་པོས་བདག་མེད་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གང་ལ་གྲུབ་པའི་སྟོན་པ་པོ་དེ་ཉིད་སྔ་མ་དང་ཕྱི་མའི་འགལ་བ་སྟོན་པས་ཆ་ཤས་ལ་ཡང་ཡེ་ཤེས་ཀྱིས་འདིའི་མ་ལུས་པའི་ཡེ་ཤེས་རྗེས་སུ་དཔག་པར་བྱ་བ་ཡིན་ཏེ། རྣམ་པ་ཐམས་ཅད་མི་ཤེས་པ་སྟོན་

པའི་ནུས་པ་མེད་པའི་མཚན་ཉིད་མ་ལུས་པ་སྤངས་པའི་ཕྱིར་རོ། །སྐྱོན་དང་ཡོན་ཏན་གྱི་རྣམ་པ་ཐམས་ཅད་མི་ཤེས་པ་དང་དེ་སྟོན་པ་ལ་མི་མཁས་པ་ནི་དེ་ལྟར་སྟོན་པར་བྱེད་པ་མ་ཡིན་ནོ། །རིག་བྱེད་ལས་མཁྱེན་ནས་སྟོན་པར་མཛད་དོ་ཞེས་ཀྱང་རིགས་པ་མ་ཡིན་ཏེ། དེ་ནི་སྐྱེས་བུས་བྱས་པ་ཉིད་དུ་

བསྒྲུབས་ཟིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེས་ན་བཅོམ་ལྡན་འདས་ནི་ཡེ་ཤེས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཕྱིར་མུ་སྟེགས་བྱེད་མཐའ་དག་གི་སྤྱི་བོར་བཞུགས་སོ་ཞེས་བྱ་བར་གྲུབ་བོ། །དེ་ཉིད་ཀྱི་ཕྱིར་ཇི་སྐད་དུ་བཤད་པའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་

བཅོམ་ལྡན་འདས་དང་ལྷན་ཅིག་གཞན་དང་མཚུངས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཚད་མས་མི་སླུ་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་འདི་དག་ཤེས་པ་ཁྱད་པར་དུ་འཕགས་པ་དང་ལྡན་པ་ཉིད་དུ་སྒྲུབ་པར་བྱེད་པའི་གཏན་ཚིགས་འགའ་ཡང་ཡོད་པ་མ་ཡིན་ཏེ། གཏན་ཚིགས་

སུ་འགྱུར་བ་ནི་ཚིག །ཅེས་བྱ་བའི་འབྲས་བུ་ཉིད་གཏན་ཚིགས་སུ་འགྱུར་ལ། དེ་ཡང་འདི་དག་ནི་ཚད་མ་དང་འགལ་བའི་དོན་སྟོན་པར་བྱེད་པའི་ཕྱིར་ཇི་ལྟར་འདི་ལས་དེ་དག་ཤེས་པ་ཁྱད་དུ་འཕགས་པ་ཉིད་དུ་རྟོགས་པར་འགྱུར་རོ། །བདེ་བར་གཤེགས་པའི་གསུང་ཡང་ཚད་མ་དང་འགལ་བ་ཡིན་ནོ་ཞེ་ན།

འབྲེལ་པ་དང་ནི་རྗེས་མཐུན་ཐབས། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་ནི་ཚིག་རྣམས་དོན་གཅིག་ལ་སྡུད་པས་ཕན་ཚུན་འབྲེལ་པ་ཡིན་གྱི་སེའུ་བཅུ་ལ་སོགས་པའི་ངག་བཞིན་དུ་མ་འབྲེལ་བ་མ་ཡིན་ནོ། །རྗེས་མཐུན་ནི་སྒྲུབ་པར་ནུས་པ་ཉིད་ཀྱི་བདག་མེད་པ་བསྒོམ་པ་ལ་སོགས་པའི་མཚན་

Vol. 192 · folio 302a

ཉིད་ཀྱི་ཐབས་ཉེ་བར་བསྟན་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་པའོ། །དུག་ཞི་བར་བྱ་བའི་ཕྱིར་འཇོག་པོའི་གཙུག་གི་རྒྱན་གྱི་མན་ངག་བཞིན་དུ་ཐབས་དེས་སྒྲུབ་པར་མི་ནུས་པ་ནི་མ་ཡིན་ནོ། །སྐྱེས་བུའི་དོན་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་དེ། དེ་རྗོད་པར་བྱེད་པ་ཡིན་

གྱི་བྱ་རོག་གི་སོ་བརྟགས་པ་བཞིན་དུ་སྐྱེས་བུའི་དོན་གྱི་འབྲས་བུ་མེད་པ་ཅན་ནི་མ་ཡིན་ནོ། །འོན་ཏེ་འདི་ཐམས་ཅད་སེར་སྐྱ་ལ་སོགས་པའི་ཚིག་དག་ལ་ཡང་ཡོད་པ་མ་ཡིན་ནམ་ཞེ་ན། མཐོང་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོང་བ་ནི་མངོན་སུམ་དང་རྗེས་སུ་དཔག་པའི་ཡུལ་དང་ཡུལ་མ་ཡིན་པ་ཉིད་དུ་

མངོན་པར་འདོད་པའི་ཚད་མ་གཉིས་ཀྱིས་ནི་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་སོ། །གནོད་པ་མེད་པ་ནི་ཇི་ལྟར་བསྟན་པའི་དོན་དེ་ལྟར་ཡོད་པའི་ཕྱིར་ཏེ། འདི་ལྟར་མངོན་པ་ལ་སོགས་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། མཚན་མར་འཛིན་པ་དང་། འདོད་ཆགས་ལ་སོགས་པ་དང་། བློའི་མཚན་ཉིད་

ཀྱི་ཕུང་པོ་ལྔ་པོ་མངོན་སུམ་ཉིད་དུ་མངོན་པར་འདོད་པ་ནི་རྣམ་པ་གཞན་དུ་མི་སྲིད་པ་མངོན་སུམ་མ་ཡིན་པ་ཉིད་དུ་མངོན་པར་འདོད་པ་རྣམས་ཀྱང་མངོན་སུམ་མ་ཡིན་པ་ཁོ་ན་ཡིན་ཏེ། ཇི་ལྟར་གཞན་གྱི་མངོན་སུམ་དུ་མངོན་པར་འདོད་པ་གཟུགས་དང་སྒྲ་ལ་སོགས་པ་ལ་འདུ་བའི་བདེ་བ་ལ་སོགས་པ་རྣམས་དང་། རྫས་དང་།

ལས་དང་། སྤྱི་དང་ལྡན་པ་ལ་སོགས་པ་ལྟ་བུའོ། །དེ་བཞིན་དུ་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་ཡུལ་ཉིད་མངོན་པར་འདོད་པ་རྣམས་དེ་ལྟ་བུ་ཁོ་ན་ཡིན་ཏེ། དཔེར་ན་འཕགས་པའི་བདེན་པ་བཞི་ལྟ་བུའོ། །ཡུལ་མ་ཡིན་པ་ཉིད་དུ་མངོན་པར་འདོད་པ་རྣམས་ཀྱང་ཡུལ་མ་ཡིན་པ་ཉིད་ཁོ་

ནའོ། །ཇི་ལྟར་གཞན་གྱི་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་ཡུལ་ཉིད་དུ་མངོན་པར་འདོད་པ་བདག་ལ་སོགས་པ་རྣམས་ལྟ་བུའོ། །འང་གི་སྒྲས་ནི་མ་མཐོང་བ་ལ་ཡང་རྣམ་པར་འགྱུར་བ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་འདོད་ཆགས་ལ་སོགས་པའི་ངོ་བོ་དང་ཆོས་མ་ཡིན་

པ་དེ་ལས་བྱུང་བར་བསྟན་ནས་དེ་སྤང་བར་བྱ་བའི་ཕྱིར་དེའི་རྒྱུ་བདག་ཏུ་ལྟ་བ་དང་འགལ་བ་བདག་མེད་པར་ལྟ་བ་ཉིད་གཉེན་པོར་སྟོན་གྱི་སེར་སྐྱ་ལ་སོགས་པའི་བསྟན་བཅོས་བཞིན་དུ་དེའི་རྒྱུ་དང་མི་འགལ་བ་ཁྲུས་དང་མེའི་སྦྱིན་སྲེག་ལ་སོགས་པ་ཉེ་བར་སྟོན་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་

Vol. 192 · folio 302b

རྣམ་པར་དག་པའི་གསེར་བཞིན་དུ་འདི་ནི་མཁས་པ་རྣམས་ཀྱིས་ཡོངས་སུ་བརྟགས་ནས་གཟུང་བར་བྱའོ་ཞེས་གསུངས་པ་ཡིན་ནོ་ཞེས་བྱ་བ་འདི་བསྟན་པར་བྱ་བའི་ཕྱིར། སྲེག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་གསེར་སྦྱངས་པས་དྲི་མ་མེད་པ་སྟེ་སྐྱོན་དང་བྲལ་བ་ཡོངས་སུ་རྟོགས་ན་བསྲེགས་

པ་ལ་སོགས་པ་རྣམས་ཀྱིས་མི་འགྱུར་བ་ལྟར། བཅོམ་ལྡན་འདས་ཀྱི་གསུང་རིན་པོ་ཆེ་ཡང་བསྲེགས་པ་དང་འདྲ་བར་མངོན་སུམ་གྱིས་དང་། བདར་བ་ལྟ་བུར་དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པ་དང་། བཅད་པའི་དཔས་མཚོན་པའི་ལུང་ལ་ལྟོས་པའི་རྗེས་སུ་དཔག་པས་ཀྱང་རྣམ་

པར་འགྱུར་བ་མ་ཡིན་ཏེ། དེས་ན་རྟོགས་པ་སྔོན་དུ་བཏང་བ་རྣམས་རྣམ་པ་དེ་ལྟ་བུའི་ལུང་ཉིད་ལས་འཇུག་པར་རིགས་ཀྱི་གཞན་ལས་ནི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །འདིར་རིན་པོ་ཆེ་དང་ཆོས་མཚུངས་པར་བསྟན་པའི་ཕྱིར། བློ་གྲོས་ངན་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བློ་ངན་པ་ཉིད་ནི་མུན་པ་ཡིན་

ཏེ། ལོང་བར་བྱེད་པས་སོ། །དེ་འཇོམས་པ་ནི་འཇིག་པ་སྟེ། དེ་ལ་རྗེས་སུ་མཐུན་པ་འབྱུང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། སྡིག་ཅན་རྣམས་ཀྱིས་ཞེས་བྱ་བ་ནི་བསོད་ནམས་དང་མི་ལྡན་པ་རྣམས་ཀྱིས་སོ། །འདས་མ་ཐག་ཏུ་གསལ་བར་བཤད། །ཅེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཚིག་ཅེས་བྱ་བའི་འབྲས་

བུའི་རྟགས་ལས་སྐྱེས་པའོ། །རྒྱལ་བ་སངས་རྒྱས་སོགས་སྐྱེས་བུ། །ཞེས་བྱ་བ་ལ་སོགས་པ་ལ། མུ་སྟེགས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་སྐད་དུ་བཤད་པའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་བདུད་བཏུལ་བ་ནི་ཁྱུ་མཆོག་དང་སྡོང་རིས་ལ་སོགས་པ་ལས་ཁྱད་པར་

དུ་གྲུབ་པ་ན་ཡང་བདེན་པར་སྨྲ་བ་ཁྱེད་ཅག་གི་ཁྱད་པར་བཟུང་བ་མ་ཡིན་ནོ་ཞེས་བརྗོད་པར་མི་རིགས་སོ་ཞེས་བྱ་བ་ནི་སྤྱིའི་དོན་ཏེ། འདི་སྙམ་དུ་རྩིས་ལ་སོགས་པ་ཕྱོགས་གཅིག་གིས་དོན་ལ་མི་སླུ་བའི་ཕྱིར་ཁོ་བོ་ཅག་གིས་གཉི་ག་ཡང་ཁྱད་པར་མེད་པར་བརྗོད་པ་ཡིན་ནོ་སྙམ་དུ་སེམས་ན། ཡི་གེའི་ཕྱི་མོ་རིག་ཙམ་གྱིས། །

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡི་གེའི་ཕྱི་མོ་ནི་གྲུབ་པའི་དངོས་པོའི་འབྲས་བུ་ཅན་ནོ། །གཏན་ཚིགས་གང་གིས་གཅིག་ཉིད་ལ། །ཞེས་བྱ་བ་ལ་སོགས་པ་ལ། དེས་ན་གཏན་ཚིགས་གང་ཞིག་གིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །དེའི་གཏན་ཚིགས་དངོས་མེད་ཕྱིར། །

Vol. 192 · folio 303a

ཞེས་བྱ་བ་ནི་གལ་ཏེ། ཕྱིན་ཅི་མ་ལོག་པའི་དོན་ཅན་དོན་ཐམས་ཅད་ཁྱབ་པའི་འགྱུར་བ་སྨྲ་བ་ལ་སོགས་པ་རྣམས་སྟོན་པ་པོ་ཡིན་པའི་ཕྱིར་སྒྲ་ཙམ་ཡོད་པ་དེ་ལྟ་ན་ཡང་དངོས་པོ་དང་འབྲེལ་བ་དེའི་གཏན་ཚིགས་ཀྱི་དངོས་པོ་གཏན་ཚིགས་ཀྱི་དོན་མེད་པའི་ཕྱིར་གཏན་ཚིགས་ཀྱིས་འདི་སེར་སྐྱ་ལ་སོགས་པ་

གཞན་ལ་ཡོད་པ་མ་ཡིན་ནོ། །དངོས་པོ་ཁོ་ན་དངོས་པོ་དང་འབྲེལ་པའི་ཕྱིར་དངོས་པོ་གོ་བར་བྱེད་པ་ཡིན་གྱི་སྒྲ་ཙམ་ནི་མ་ཡིན་ནོ། །རྒྱལ་བ་ཀུན་མཁྱེན་དུ་སྒྲུབ་ལ། །ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བ་ཀུན་མཁྱེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་ཁྲོས་པ་ཞེས་བྱ་བ་ནི་ཁྲོ་བ་དང་བྲལ་ཏེ་དེ་དག་ནི་རྩེ་བ་ཁོ་ནས་

གཞན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་འཇུག་པའི་ཕྱིར་ཏེ། ཁྱེད་ཅག་ལྟར་སྡང་བ་དང་ང་རྒྱལ་བ་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ནི་དེས་ཉེ་བར་བསྟན་པའི་འགྱུར་བ་སྨྲ་བ་ལ་སོགས་པ་སུན་ཕྱུང་བ་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་དག་རྣམས་ཀྱི་མི་གནས་པའི། །ཞེས་བྱ་བ་ལ་སོགས་པ་ལ། འབྲེལ་བ་

གྲུབ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་གྲུབ་པའི་ཞེས་བྱ་བ་ནི་དངོས་པོའི་སྟོབས་ཀྱིས་ཞུགས་པས་གྲུབ་པ་དེའི་བདག་ཉིད་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །གང་ཞིག་ཅེས་བྱ་བ་ནི་གང་གི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །གང་ཞིག་ཤེས་བྱ་གཞལ་

བྱ་ཉིད། །ཅེས་བྱ་བ་ལ་སོགས་པ་ལ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཞན་སྒྲུབ་པས་དོན་གཞན་དགག་པ་བསྒྲུབ་པར་འདོད་པས་དངོས་སམ་བརྒྱུད་པས་འགལ་བ་ཉིད་བསྒྲུབས་པ་ལས་འགལ་བ་རྟོགས་པར་བྱའི་མི་འགལ་བ་ནི་མ་ཡིན་ཏེ། དེ་ལྟ་མ་ཡིན་

པ་གང་ཡང་རུང་བ་ཞིག་བསྒྲུབས་པས་ཐམས་ཅད་བཀག་པར་འགྱུར་རོ། །ཐམས་ཅད་མཁྱེན་པ་ནི་ཞེས་བྱ་བ་ལ་སོགས་པ་དག་དང་ལྷན་ཅིག་དངོས་སམ་བརྒྱུད་པས་འགལ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། །འདི་ལྟར་ངེས་པར་དཔྱད་པ་ན་དངོས་པོ་རྣམས་ཀྱི་འགལ་བ་ནི་རྣམ་པ་གཉིས་ཁོ་ནར་གནས་ཏེ། དཔེར་ན་

དངོས་པོ་དང་དངོས་པོ་མེད་པའམ་རིམ་དང་རིམ་མ་ཡིན་པ་དག་ལྟ་བུར་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་དམ། རྣམ་པ་གཅིག་ཏུ་ན་དཔེར་ན་མེ་དང་གྲང་བའི་རེག་པ་དེ་དག་བཞིན་དུ་ལྷན་ཅིག་མི་གནས་པའི་མཚན་ཉིད་དོ། །དེ་ལ་རེ་ཞིག་ཐམས་ཅད་མཁྱེན་པ་ཉིད་ནི་ཤེས་བྱ་ཉིད་ལ་སོགས་པ་དང་ལྷན་ཅིག་

Vol. 192 · folio 303b

འགལ་བ་དང་པོ་སྲིད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཤེས་བྱ་མིན་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཡོངས་སུ་གཅོད་པ་གང་རྣམ་པར་བཅད་པ་མེད་ན་མི་འབྱུང་བ་དེ་དག་ཁོ་ན་ཕན་ཚུན་འགལ་ཏེ་གནས་པའི་མཚན་ཉིད་འགལ་བ་ཞེས་སྔར་བཤད་ཟིན་ཏོ། །ཤེས་བྱ་ལ་སོགས་པ་ནི་ཐམས་ཅད་

མཁྱེན་པ་ཉིད་རྣམ་པར་བཅད་ནས་གནས་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་བྱ་མ་ཡིན་པ་ལ་སོགས་པ་རྣམ་པར་བཅད་ནས་སོ། །འགལ་བ་གཉིས་པ་ཡང་སྲིད་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །ལ་ལར་ཐམས་ཅད་མཁྱེན་པ་ཉིད། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་རྒྱུ་མ་

ཚང་བ་མེད་པར་འབྱུང་བ་ན་གང་ཉེ་བ་ལས་མི་འབྱུང་བ་མེད་དེ་དེ་དག་ཁོ་ན་ལྷན་ཅིག་མི་གནས་པའི་མཚན་ཉིད་ཀྱི་འགལ་བ་ཡིན་ལ། གང་གི་ཕྱིར་ཡོད་པ་ཉིད་ལ་སོགས་པ་ཡོད་པ་ན་ལྡོག་པ་ཞེས་བྱ་བར་འགྱུར་བ་ཐམས་ཅད་མཁྱེན་པ་འདི་སྔར་མ་ཚང་བ་མེད་པར་འཇུག་པར་མཐོང་བ་ཡང་མ་ཡིན་ནོ། །ཅིའི་ཕྱིར་

མི་འཇུག་ཅེ་ན། རང་བཞིན་རང་རིག་མེད་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡོད་པ་ཉིད་དང་ཤེས་བྱ་ཉིད་ཡོད་པ་ན་ཐམས་ཅད་མཁྱེན་པ་ཉིད་ལྡོག་པ་ཡིན་ནོ་ཞེས་ཁྱེད་ཀྱི་ཁས་ལེན་པ་དེ་ལྟ་ན་ནི་ཡོད་པ་ལ་སོགས་པ་ཉེ་བ་ལས་སྔར་འདིའི་མེད་པ་ཉིད་དང་རང་རིག་པས་ཀྱང་ཤེས་པར་བྱ་བ་མ་ཡིན་པ་ཉིད་

ཅེས་ཁས་བླངས་པར་འགྱུར་ལ། དེ་ལྟ་ཡིན་དང་མེད་པ་ཉིད་ཀྱིས་རང་བཞིན་མེད་པ་དང་ཤེས་བྱ་མ་ཡིན་པའི་ཕྱིར་རང་རིག་པ་མ་ཡིན་པ་ན་ཐམས་ཅད་མཁྱེན་པ་འདི་སྐྱེ་བ་སྟེ་འབྱུང་བ་མ་ཡིན་པའི་ཕྱིར་དེ་ཇི་ལྟར་སྔར་འཇུག་ཅིང་ཕྱིར་ལྡོག་པ་ཞེས་བྱ་བར་འགྱུར། རང་བཞིན་མེད་པའི་སྐྱེ་བ་སྲིད་པ་མ་ཡིན་ལ་མི་དམིགས་པ་

ལ་ཡོད་པར་རྣམ་པར་གཞག་པའི་རྒྱུ་མཚན་ཡང་མེད་དེ། དངོས་པོ་ཡོད་པ་རྣམ་པར་གཞག་པའི་རྒྱུ་མཚན་ནི་ཤེས་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རང་གི་ཚིག་དང་འགལ་བ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་གལ་ཏེ་འདིས་སྔར་འཇུག་པར་ཁས་ལེན་ན་དེའི་ཚེ་འབད་པ་མེད་པར་

ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པ་ཡིན་ནོ། །དེས་ན་དེ་སྤང་བར་རིགས་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་རང་གི་ཚིག་དང་འགལ་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ལྟར་སྔར་འཇུག་ཡོད་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་འཇུག་པའི་ཐམས་ཅད་མཁྱེན་པ་ཁས་ལེན་ན་ཞེས་ལྷག་

Vol. 192 · folio 304a

མའོ། །ཡང་ཅི་སྟེ། ཤེས་བྱ་ལ་སོགས་མི་འགལ་མོད། །དེ་ལྟ་ན་ཡང་ཐམས་ཅད་མཁྱེན་པ་མེད་པར་གོམས་པར་བྱེད་པ་ཡིན་ནོ་སྙམ་ན། འགལ་བ་མེད་པ་བསྒྲུབས་པ་ཡིས། །ཞེས་བྱ་བ་ལ་སོགས་སྨོས་སོ། །གལ་ཏེ་ཡང་ཐམས་ཅད་མཁྱེན་པ་ཉིད་ཤེས་བྱ་ཉིད་ལ་སོགས་

པ་མི་འགལ་ན་ཡང་སྨྲ་བ་ཉིད་དང་ནི་འགལ་བ་ཁོ་ན་སྟེ། བརྒྱུད་ནས་དེའི་རྒྱུ་རྣམ་པར་རྟོག་པ་དང་ཐམས་ཅད་མཁྱེན་པ་ཉིད་ལྷན་ཅིག་མི་གནས་པའི་ཕྱིར་རོ། །འདི་ལྟར་མ་བརྟགས་མ་དཔྱད་པར་ཚིག་ཏུ་མི་སྨྲའོ་ཞེས་བྱ་བའི་རིགས་པས་ཚིག་གི་རྒྱུ་ནི་རྣམ་པར་རྟོག་པ་ཡིན་ལ། རྣམ་པར་རྟོག་པ་ཐམས་

ཅད་བརྗོད་པ་དང་འདྲ་བ་ཉིད་ཀྱི་དངོས་པོའི་རང་གི་ངོ་བོ་འཛིན་པ་མ་ཡིན་ཏེ། དེ་ནི་རྟོག་པ་མེད་པའི་ཤེས་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་རྣམ་པར་རྟོག་པའི་གནས་སྐབས་ན་དངོས་པོའི་རང་གི་ངོ་བོ་མི་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པ་ཡོད་པ་མ་ཡིན་པས་སྨྲ་བ་པོ་འདི་བརྗོད་པར་འདོད་

པའི་ཐམས་ཅད་མཁྱེན་པའི་མཚན་ཉིད་ལས་རྒྱུ་མི་དམིགས་པས་ལྡོག་པ་ངེས་སོ་ཞེས་གྲུབ་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །སྨྲ་བར་བརྗོད་པའི་གཏན་ཚིགས་འདི་ཡང་། གང་ཞིག་ཤེས་བྱ་གཞལ་བྱ་ཉིད། །དངོས་པོ་ཡོད་ཉིད་སོགས་ཞེས་བྱ་བ་འདིར་སོགས་ཀྱི་སྒྲས་འཕང་བ་ཁོ་ནའོ་སྙམ་

དུ་གང་སེམས་པ་འདི་དེ་འདིར་སོགས་པའི་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་ནས་འདིར་ཡང་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། ཁ་ཅིག་ནི་བཅོམ་ལྡན་འདས་རྣམ་པར་རྟོག་པ་མངོན་སུམ་དུ་གྱུར་པ་ཉིད་ཀྱིས་སྨྲ་བ་ཡིན་ནོ་ཞེས་ཁས་ལེན་པ། གཞན་དག་ནི་

བཅོམ་ལྡན་འདས་ཀྱི་གསུང་འཇུག་པ་ནི་རྣམ་པར་རྟོག་པ་མེད་ན་ཡང་ཐམས་ཅད་མཁྱེན་པ་ཞེས་སྔོན་གྱི་སྨོན་ལམ་གྱི་དབང་གིས་སོ་ཞེས་རྗོད་པར་བྱེད་དོ། །དེ་ལ་གཞུང་ལུགས་དང་པོ་ལ་གལ་ཏེ་རྣམ་པར་རྟོག་པའི་གནས་སྐབས་སུ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པར་སྒྲུབ་པར་བྱེད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་

པ་ཉིད་དེ། དེ་དག་གིས་དེའི་གནས་སྐབས་ན་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་མ་ཡིན་པར་འདོད་པ་ཁོ་ནའོ། །ཅི་སྟེ་རྟོག་པ་མེད་པའི་གནས་སྐབས་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་སྒྲུབ་པར་འདོད་ན་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཉིད་ཡིན་ཏེ། དེའི་ཚེ་ཀུན་ནས་སློང་པར་བྱེད་པའི་རྣམ་པར་རྟོག་པ་མེད་

Vol. 192 · folio 304b

པའི་ཕྱིར་གནས་སྐབས་དེ་ནི་ཚིག་འཇུག་པ་མ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པའི་གནས་སྐབས་ན་ཐམས་ཅད་མཁྱེན་པ་མ་ཡིན་པར་སྨྲ་བའི་ཕྱིར་ཚད་མ་མ་ཡིན་པ་ཉིད་དུ་འགྱུར་བ་མ་ཡིན་ནམ་ཞེས་དོགས་པ་བསུ་ནས། དེ་ལྟ་ཡིན་ནའང་དེ་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དེའི་གནས་སྐབས་

ན་ཐམས་ཅད་མཁྱེན་པ་མ་ཡིན་པ་དེ་ལྟ་ན་ཡང་འདི་ཐམས་ཅད་མཁྱེན་པ་མ་ཡིན་པས་བྱས་པར་མི་འགྱུར་རོ། །གང་ལས་ཤེ་ན། འདི་ཐམས་ཅད་མཁྱེན་པ་ཉིད་ཀྱིས་འཕངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་འབྱུང་བའི་རྣམ་པར་རྟོག་པས་ཀུན་ནས་བསླང་བའི་ཕྱིར་

རྒྱུད་ནས་དངོས་པོ་དང་འབྲེལ་པས་རྗེས་སུ་དཔག་པའི་རྣམ་པར་རྟོག་པ་བཞིན་དུ་ཚད་མ་ཉིད་དུ་འགྱུར་བ་ཡང་ཡིན་ནོ། །འདི་ཉིད་ལ་དཔེར་བརྗོད་པ་འཆད་པ་ནི། འགའ་ཞིག་དྲོ་བ་ཉམས་མྱོང་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དོན་མྱོང་བ་ལས་བྱུང་ཕྱིར། །ཞེས་བྱ་བ་ནི་དྲོ་བ་དེའི་དོན་ཉམས་སུ་མྱོང་བའི་

ཕྱིར་བརྒྱུད་ནས་རྣམ་པར་རྟོག་པ་བྱུང་བ་ཞེས་བྱ་བའི་དོན་ཏོ། །དེ་ལས་ཞེས་བྱ་བ་ནི་དྲོ་བ་ཉམས་སུ་མྱོང་བའི་ཚིག་ལས་སོ། །འདི་སྙམ་དུ་གལ་ཏེ་ཐམས་ཅད་མཁྱེན་པ་ལ་རྣམ་པར་རྟོག་པའི་ཤེས་པ་ཡོད་ན་དེའི་ཚེ་འཁྲུལ་པར་འགྱུར་རོ། །རྣམ་པར་རྟོག་པ་ནི་རང་བཞིན་གྱིས་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ཞེན་

ནས་འཇུག་པས་འཁྲུལ་པའི་ཕྱིར་རོ་སྙམ་དུ་སེམས་ན། དེ་ནི་ཡོད་པ་མ་ཡིན་ཏེ། །གལ་ཏེ་སྒྲོ་བཏགས་པ་དེ་དང་དེ་ཁོ་ན་ཉིད་ཀྱི་བདག་ཉིད་ངོ་བོ་རྣམ་པར་ཕྱེ་ནས་མི་ཤེས་པ་ཡིན་ན་དེའི་ཚེ་འཁྲུལ་པར་འགྱུར་ན། འདི་ལྟར་རྣམ་པར་རྟོག་པའི་ཡུལ་སྒྲོ་བཏགས་པ་ནི་སྒྲོ་བཏགས་པའི་བདག་ཉིད་ཁོ་ནར་ངེས་ལ། ཕྱི་རོལ་

གྱི་དངོས་པོ་རྣམ་པར་རྟོག་པ་མེད་པའི་ཤེས་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་ཀྱི་ལོགས་ཤིག་ཏུ་དེ་ཁོ་ན་ཉིད་ཀྱི་བདག་ཉིད་དུ་གཟིགས་པ་ན་ཇི་ལྟར་ཕྱིན་ཅི་ལོག་ཅེས་བྱ། གལ་ཏེ་ཕྱིན་ཅི་ལོག་མ་ཡིན་ན་ཇི་ལྟར་རྣམ་པར་རྟོག་པའི་གནས་སྐབས་ན་སྒྲོ་འདོགས་པར་བྱེད་ཅེ་ན་མ་ཡིན་ཏེ། སྒྲ་འཇུག་པའི་ཐབས་མཁྱེན་པའི་

ཕྱིར་རོ། །གང་གི་སྒྲོ་བཏགས་པའི་རྣམ་པར་རྟོག་པ་ལས་མ་གཏོགས་པ་གཞན་སྒྲ་ཀུན་ནས་སློང་བར་བྱེད་པ་མ་མཐོང་བ་ལ་སྒྲོ་བཏགས་པ་ལས་གཞན་སྒྲའི་དོན་ཡང་མི་དམིགས་སོ། །དེ་བས་ན་སྒྲ་འཇུག་པའི་ཐབས་མཁྱེན་པ་འགྲོ་བ་ལ་ཐུགས་བརྩེ་བས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་

Vol. 192 · folio 305a

པ་གཞན་ལ་མ་བསྟན་པར་བཞུགས་པ་མི་སྤྱོད་པ་ན་དེ་བསྟན་པར་བཞེད་ནས་སྒྲ་འཇུག་པའི་ཐབས་སྒྲོ་བཏགས་པའི་རྣམ་པར་རྟོག་པ་དང་སྒྲོ་གདགས་པར་བྱ་བའི་བརྗོད་བྱ་དགོད་པར་མཛད་པ་ཡིན་ནོ། །འདི་ཡང་ཕྱིར་རྒོལ་བ་བགགས་པར་བྱས་ནས་ལེན་འདེབས་པར་འགྱུར་ཏེ། ཁོ་བོ་

ཅག་གིས་ནི་འདིར་སྐབས་སུ་བབ་པའི་ཕྱིར་བརྗོད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྨྲ་བའི་ཕྱིར་འདོད་ཆགས་དང་ལྡན་པ་ཉིད་རྗེས་སུ་དཔོག་པ་ཡང་རིགས་པ་མ་ཡིན་ཏེ། རྣམ་པ་གཞན་དུ་ཡང་ཚིག་འཇུག་པ་སྲིད་པའི་ཕྱིར་རོ། །གང་གི་ཕྱིར་གཡོ་བ་དང་བརྗོད་པ་ལ་སོགས་པ་ནི་འདོད་ཆགས་ལ་སོགས་པ་ཁོ་ནའི་

འབྲས་བུ་མ་ཡིན་ཏེ། བརྗོད་པར་འདོད་པ་སྤྱིའི་རྒྱུ་ཅན་ཡིན་པའི་ཕྱིར་རོ། །བརྗོད་པར་འདོད་པ་ཉིད་དེ་ཡང་སྙིང་རྗེས་འདོད་ཆགས་དང་བྲལ་བ་ལ་ཡང་སྲིད་པའི་ཕྱིར་འཁྲུལ་པ་ཡིན་ནོ། །སྙིང་རྗེ་དེ་ཉིད་འདོད་ཆགས་ཡིན་ནོ་ཞེ་ན། མི་བྱེད་པ་ནི་ཅུང་ཟད་མི་འདོད་པར་འགྱུར་བ་ནི་མ་ཡིན་གྱི། འོན་ཀྱང་རྟག་པ་དང་

བདེ་བ་དང་བདག་དང་བདག་གིར་ལྟ་བས་འཕངས་པ་ཟད་པ་དང་བཅས་པའི་དངོས་པོའི་ཡུལ་ཅན་གྱི་སེམས་ཀྱི་མངོན་པར་ཞེན་པའི་འདོད་ཆགས་ཡིན་པར་བརྗོད་ལ། དེ་ལ་སྔོན་དུ་འགྲོ་བ་ཅན་གྱི་བདག་དང་བདག་གི་ལ་གནོད་པ་ལ་སྡང་བ་ནི་ཞེ་སྡང་ངོ་། །བདག་དང་བདག་གིར་འཛིན་པ་ནི་གཏི་མུག་གོ། །སྙིང་རྗེ་ནི་དེ་ལྟ་

བུ་མ་ཡིན་ཏེ། དེ་ནི་བདག་ཏུ་འཛིན་པ་མེད་པ་ཡང་སྡུག་བསྔལ་གྱི་ཁྱད་པར་མཐོང་བ་ཙམ་གྱིས་གོམས་པའི་སྟོབས་ཁོ་ན་ལས་སྐྱེ་བའི་ཕྱིར་རོ། །འདི་ལྟར་བསྟན་བཅོས་ལས་འདོད་ཆགས་དང་བྲལ་བ་རྣམས་ལ་ཆོས་ལ་སོགས་པ་ལ་དམིགས་པའི་བྱམས་པ་ལ་སོགས་པ་འབྱུང་བར་བཤད་དོ། །འདི་སྙམ་དུ་

ཐམས་ཅད་ཀྱི་ཡུལ་ཅན་གྱི་ཤེས་པ་མངོན་དུ་ཕྱོགས་པ་ཙམ་གྱིས་སྒྲུབ་པར་བྱེད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པར་འགྱུར་ཏེ། འདི་ལྟར་དངོས་པོ་མཐའ་དག་གི་དེ་ཁོ་ན་ཉིད་ཤེས་པའི་ནུས་པ་ཉིད་སྒྲུབ་པར་འདོད་དེ། དེས་ན་གྲུབ་པ་ལ་སྒྲུབ་པ་མ་ཡིན་ལ། གཏན་ཚིགས་མ་གྲུབ་པ་ཉིད་ཀྱང་མ་ཡིན་ཏེ། ཚིག་ཙམ་གྱི་ནུས་

པ་གཏན་ཚིགས་ཉིད་དུ་བརྗོད་པར་འདོད་པའི་ཕྱིར་རོ་སྙམ་དུ་སེམས་ན། །དངོས་པོ་མཐའ་དག་ཤེས་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་གཉི་ག་ལ་ཡང་གཏན་ཚིགས་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར། བཟློག་པ་ཐེ་ཚོམ་ཟ་བ་ཉིད་ཀྱིས་གཏན་ཚིགས་མ་

Vol. 192 · folio 305b

ངེས་པ་ཡིན་ནོ། །གང་གི་ལྟར་ན་རྣམ་པར་རྟོག་པར་མི་བྱེད་ན་ཡང་བཅོམ་ལྡན་འདས་ཀྱི་གསུང་འཇུག་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་དེ་ལ། འཁོར་ལོ་བསྐོར་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འཁོར་ལོ་དབྱིག་པས་བསྐོར་བའི་བྱ་བ་དང་བྲལ་ནས་ཡང་སྔ་མའི་ཤུགས་ཀྱི་དབང་གིས་འཁོར་བ་དེ་ལྟར་བཅོམ་

ལྡན་འདས་ལ་རྟོག་པ་མཐའ་དག་སྤངས་པའི་ཤེས་པ་ཅན་དུ་གནས་ནའང་སྔོན་གྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་ཤུགས་ཀྱི་དབང་གིས་བསྟན་པ་འཇུག་པ་ཉིད་ཡིན་ནོ། །བློ་བཟང་ནི་བདེ་བར་གཤེགས་པའོ། །རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ཁ་ཅིག་གིས་ཁས་ལེན་པ་དེ་ལ་མ་གྲུབ་པ་ཉིད་ཀྱི་གཏན་ཚིགས་ཀྱི་སྐྱོན་

གསལ་ལ་རབ་ཏུ་ངེས་པ་ཉིད་ཡིན་ནོ། །འདི་སྙམ་དུ་གཞུང་འདི་ལ་ཐམས་ཅད་རང་གི་ངོ་བོ་སྣང་བ་ཉམས་སུ་མྱོང་བ་ཙམ་ཡིན་པའི་ཕྱིར་དོན་དམ་པར་སྨྲ་བ་འགའ་ཞིག་ཀྱང་ཡོད་པ་མ་ཡིན་གྱི། འོན་ཀྱང་མངོན་པར་ཞེན་པའི་དབང་གིས་གཞན་ལ་མི་སྨྲ་བ་ན་ཡང་དེ་ལྟ་བུར་སྣང་བའི་ཤེས་པ་སྐྱེས་པ་ལ་བདག་པོའི་རྐྱེན་

གྱི་ངོ་བོས་གནས་པ་ན་འཇིག་རྟེན་སྨྲ་བ་ཉིད་མངོན་པར་ཞེན་ལ། འཇིག་རྟེན་པས་རྟོགས་པའི་མངོན་པར་ཞེན་པའི་སྨྲ་བ་པོ་དེ་ཉིད་གཏན་ཚིགས་སུ་འདོད་དོ། །འདི་ལྟར་གྲུབ་པའི་མཐའ་ལ་གྲགས་པའི་གཏན་ཚིགས་སམ་ཆོས་ཅན་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འཇིག་རྟེན་གྲགས་པ་ཁོ་ན་ཡིན་པ་དེས་ན་

གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས། གང་ཡང་འཇིག་རྟེན་གྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཡང་སྔ་མ་བཞིན་དུ་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། གཏན་ཚིགས་མ་ངེས་པ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་

གྱི་འདིར་རྣམ་པར་ཤེས་པར་སྨྲ་བའི་ཚུལ་མ་གྲུབ་པ་སྨྲས་པ་གང་ཡིན་པ་དེ་སུན་འབྱིན་པ་ཡིན་ཏེ། འདི་སྙམ་དུ་སེམས་ཏེ། གཉི་ག་ལ་ངེས་པར་བརྗོད་པ་གང་ཡིན་པ་དེ་ཁོ་ན་སྒྲུབ་པའམ་སུན་འབྱིན་པ་ཡིན་གྱི། གང་ཡང་རུང་བ་ལ་མ་གྲུབ་པའམ་ཐེ་ཚོམ་ཟ་བ་སྲིད་པ་ནི་མ་ཡིན་ཏེ། དེ་ཡང་སྒྲུབ་པར་བྱེད་པ་ལྟོས་པའི་

ཕྱིར་རོ་ཞེས་བྱ་བའི་རིགས་པས་སོ། །ཚད་མས་མི་མཐད་པའི་རྣམ་པར་ཤེས་པ་སྨྲ་བའི་གཞུང་དེ་ལ་ཇི་ལྟར་མ་གྲུབ་པར་སྟོན། རང་གི་འདོད་པ་ཙམ་གྱིས་གྲུབ་པ་དང་མ་གྲུབ་པ་ཡོངས་སུ་བརྟགས་པ་ལ་སུན་འབྱིན་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཚད་མའི་སྟོབས་ཀྱིས་བསྒྲུབ་པའི་གྲུབ་པ་དང་མ་གྲུབ་པ་

Vol. 192 · folio 306a

དག་ལས་མ་ཡིན་ནོ། །རྣམ་པར་ཤེས་པའི་ཚུལ་ནི་ཚད་མའི་སྟོབས་ལས་གྲུབ་པ་མ་ཡིན་ཏེ། འདི་རྒྱས་པར་བསྟན་ཟིན་པའི་ཕྱིར་རོ་སྙམ་དུ་སེམས་ན། བརྗོད་པ་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དོ། །འདི་ལ་རྣམ་པར་རྟོག་པ་གཉིས་ཏེ། རེས་འགའ་སྨྲ་བ་ཉིད་རང་དབང་

དུ་བསྒྲུབ་པར་འདོད་པ་ཡིན་ནམ། ཐལ་བ་སྒྲུབ་པར་བྱེད་པ་ཡིན་གྲང་། དེ་ལ་ཕྱོགས་དང་པོ་ལ་རྟེན་ཁྱད་པར་གྱིས་མ་གྲུབ་པའི་ཕྱིར་གཏན་ཚིགས་གཞི་མ་གྲུབ་པ་ཡིན་ནོ། །ཅི་སྟེ་རྟེན་སྤྱིར་བརྗོད་པར་འདོད་པ་དེ་ལྟ་ན་ཡང་ཇི་སྲིད་དུ་ཕྱིར་རྒོལ་བ་ལ་སྨྲ་བ་ཉིད་ཚད་མས་མ་བསྒྲུབས་པ་དེ་སྲིད་དུ་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཡིན་ཏེ།

གཉི་ག་ལ་ངེས་པར་བརྗོད་པ་གང་ཡིན་པ་དེ་ཁོ་ན་བསྒྲུབ་པ་ཡིན་ནོ་ཞེས་བྱ་བའི་རིགས་པས་སོ། །འདི་ཞེས་བྱ་བ་ནི་སྨྲ་བ་ཉིད་དོ། །དེ་བས་ན་ཉེས་པ་འདིར་འགྱུར་དུ་འོང་བས་ཁྱོད་ཀྱིས་ཐལ་བར་བསྒྲུབ་པ་ཁས་བླང་བར་བྱ་དགོས་ལ། ཐལ་བ་སྒྲུབ་པ་དེ་ལ་ཡང་མ་བརྟགས་ན་ཉམས་དགའ་བ་ཉིད་ཀྱི་ལུང་ཙམ་ལས་གཞན་

ལ་རབ་ཏུ་གྲགས་པའི་ཆོས་དེ་ཉིད་ཕན་ཚུན་འགལ་བར་བསྟན་པའི་ཕྱིར། སྒྲུབ་པར་བྱེད་པ་ཉིད་དུ་གསལ་བར་བྱ་བ་ཡིན་གྱི། །འདི་ཚད་མས་བསྒྲུབ་པར་བྱ་བ་ནི་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ། །གཞན་ཡང་སྨྲ་བ་ཉིད་ལུང་ཙམ་གྱིས་གྲུབ་པ་ཡང་མ་ཡིན་པའི་ཕྱིར། གཉི་ག་ལ་ཡང་གཏན་ཚིགས་མ་གྲུབ་པ་

ཉིད་ཡིན་ནོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པ་ནི་གཞན་གྱིས་སྨྲས་པ་ལས་བཟློག་པའི་དོན་དུ་གསུངས་པ་ཡིན་ནོ། །དེ་ནི་སུ་ཞིག་རྟོགས་མི་བྱེད། །ཅེས་བྱ་བ་ནི་སྲིད་པ་ཉིད་དུ་ཞེས་བྱ་བ་ལྷག་མའོ། །གང་གི་ཕྱིར་གནོད་པར་བྱེད་པ་མི་དམིགས་པ་ཉིད་ཀྱི་ཕྱིར་དེའི་སྲིད་པ་ཉིད་གྲུབ་པ་ཡིན་ནོ་སྙམ་དུ་

བསམས་པ་ཡིན་ནོ། །རེ་ཞིག་འདི་ཞོག་རིག་བྱེད་སྨྲ་བའི་མཐར་གནས་པའི་རིགས་པ་ངན་པ་གང་ཡིན་པ་དེ་མཛེས་པ་མ་ཡིན་ནོ་ཞེས་བྱ་བ་འདི་ངོ་མཚར་མེད་ཀྱི། འོན་ཀྱང་ཁྱེད་ཀྱིས་བརྗོད་པའི་རིགས་པ་བཟང་པོ་ཡང་རྟེན་གྱི་རྐྱེན་གྱིས་མཛེས་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། དུ་བ་མེ་ལ་མི་འཁྲུལ་བ། །ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། དུ་བ་ནི་མེ་དང་འབྲེལ་པར་སྐྱེ་བ་ཉིད་ཀྱིས་དེ་ལ་མི་འཁྲུལ་བ་ཉིད་དུ་གནག་རྫིའི་བར་དུ་ཤིན་ཏུ་གྲགས་པ་ཉིད་ལ། དེ་ཡང་ཁྱེད་ཀྱིས་འགྲོ་བ་ཐམས་ཅད་དངོས་པོ་ཉིད་ལ་སོགས་པས་དོན་དམ་པར་གཅིག་ཉིད་དུ་བརྗོད་པ་ན་མེ་ལ་མི་འཁྲུལ་བ་ཉིད་དུ་བསྟན་པར་མི་ནུས་ཏེ། ཁྱེད་ཀྱི་ལུགས་ཀྱིས་

Vol. 192 · folio 306b

དངོས་པོའི་ངོ་བོ་ཉིད་ཀྱིས་དོན་དམ་པར་དུ་བ་ཆུ་ལ་ཡང་འཇུག་པའི་ཕྱིར་རོ། །འདི་སྙམ་དུ་ཆུ་དེ་ལ་ཡང་དུ་བ་བཞིན་དུ་དངོས་པོའི་ངོ་བོ་ཉིད་ཀྱིས་མེ་ཡང་ཡོད་པའི་ཕྱིར་འཁྲུལ་པ་མེད་པ་ཉིད་དོ་སྙམ་དུ་སེམས་ན། དེ་ལ་ཡང་ནི་མེ་ཡོད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཡང་ནི་ཆུའོ། །གལ་ཏེ་དེའི་བདག་ཉིད་ཀྱི་མེ་

ཡོད་པར་ཁས་ལེན་པར་བྱེད་ན་དེའི་ཚེ་མེ་བསྒྲུབ་པར་བྱ་བ་ཆུ་ལ་སོགས་པ་མི་མཐུན་པའི་ཕྱོགས་སུ་མི་འགྱུར་རོ། །དེ་ལྟ་ཡིན་དང་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་དུ་བ་ལ་སོགས་པའི་རྟགས་མི་མཐུན་པའི་ཕྱོགས་ལས་བཟློག་པ་ཅི་ལ་བརྟེན་པ་ཡིན། གལ་ཏེ་དོན་དམ་པར་ཆུ་ལ་མི་གནས་སོ་ཞེས་བྱ་བར་གྲུབ་ན་

ཅིའི་ཕྱིར་དེའི་ངོ་བོར་དམིགས་པ་དང་བཙོ་བ་དང་བསྲེག་པ་ལ་སོགས་པའི་མཚན་ཉིད་ཀྱི་འབྲས་བུར་སྣང་བའི་རྣམ་པར་རིག་པ་འབྱུང་བར་མི་འགྱུར། གལ་ཏེ་མི་འདྲ་བ་ཡང་ཡོད་དོ་ཞེ་ན། བདག་གི་དངོས་པོ་མི་འདྲ་ནའང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སངས་རྒྱས་པར་སྨྲ་བ་བརྟག་པར་དཔྱད་ཟིན་པའི་

ཕྱིར། རེ་ཞིག་འདི་ནི་གཞག་གོ། །གང་གིས་ཚད་མ་གཅིག་གིས་ནི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དངོས་པོ་མཐའ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་མིག་ལ་སོགས་པའི་བློ་ལ་དོན་ཐམས་ཅད་ཡོངས་སུ་ཤེས་པར་ཁས་ལེན་པར་འགྱུར་ན་དེའི་ཚེ་ཇི་སྐད་དུ་བཤད་པའི་སྐྱོན་དུ་

ཐལ་བར་འགྱུར་ཏེ། འདི་ལྟར་དངོས་པོ་མཐའ་དག་ལ་ཡོད་པའི་མི་རྟག་པ་ལ་སོགས་པས་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་མ་ལུས་པ་གོམས་པར་རབ་ཀྱི་མཐའ་ལས་བྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་དོན་ཐམས་ཅད་ཀྱི་སྤྱོད་ཡུལ་ཅན་གྱི་གསལ་བར་སྣང་བ་དང་། མི་སླུ་བ་ཉིད་དག་གི་ཕྱིར་མངོན་སུམ་ཉིད་དུ་ཁས་

བླངས་པས་ཅིག་ཅར་དངོས་པོ་ཐམས་ཅད་འཛིན་པའི་ཕྱིར་ཐམས་ཅད་མཁྱེན་པར་འདོད་ཀྱི། མིག་ལ་སོགས་པའི་བློ་ནི་མ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་དོན་ཐམས་ཅད་ཀྱི་ཡུལ་ཅན་ཉིད་དུ་གྲུབ་པ་མ་ཡིན་ནོ་ཞེས་བརྗོད་པར་རིགས་པ་མ་ཡིན་ཏེ། །གང་གི་ཕྱིར་ཁྱོད་ཀྱང་དྲན་པའི་ཤེས་པ་གཟུགས་དང་སྒྲ་ལ་

སོགས་པ་ཡུལ་ཅན་དུ་བརྗོད་པ་ཡིན་ལ་དེ་ཡང་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ནའོ། །རྨི་ལམ་ན་ཡང་གཟུགས་ལ་སོགས་པ་སྣང་བ་ཤིན་ཏུ་གྲགས་པ་ཉིད་ཀྱི་ཕྱིར་འདི་བསྙོན་པར་བྱ་བར་མི་ནུས་སོ། །དེས་ན་ཁྱད་པར་དུ་འཕགས་པ་ནི་རང་གི་དོན་མི་སྤོང་བ་ཉིད་དུ་འདོད་པའི་ཕྱིར་ཁོ་བོ་ཅུང་ཟད་མི་འདོད་པར་འགྱུར་བ་ནི་

Vol. 192 · folio 307a

མེད་དོ། །རྣམ་པར་ཤེས་པར་སྨྲ་བ་དག་གི་ལྟར་ན་དབང་པོའི་བློས་ཐམས་ཅད་མཁྱེན་པར་འདོད་པ་དེའི་ལྟར་ན་ཡང་ཉེས་པ་མེད་དོ། །གནས་ངན་ལེན་གྱི་བག་ཆགས་སྤངས་པ་ན་བློ་ཐམས་ཅད་ལ་འཇུག་པ་ཉིད་ཀྱིས་ཁྱབ་བདག་ཉིད་དུ་འདོད་པའི་ཕྱིར་རོ། །བློ་རྣམས་ཀྱི་ངེས་པའི་

རྒྱུ་ནི་གནས་ངན་ལེན་གྱི་བག་ཆགས་ཁོ་ན་ཡིན་ཏེ། དེ་སྤངས་པ་ན་དེ་དག་གི་ངེས་པའི་དོན་གྱི་ཡུལ་ཅན་ཉིད་དུ་ག་ལ་འགྱུར་སྙམ་དུ་སེམས་ན། ཡང་ན་རྣམ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱུ་ཐ་དད་པས་དངོས་པོ་རྣམས་ཀྱི་རང་བཞིན་ཐ་དད་པར་ངེས་པའི་ཕྱིར་དངོས་པོ་ལ་ལར་འགའ་

ཞིག་གི་ཚེ་མཐོང་བ་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་དེ་ལྟ་བུའི་ངོ་བོར་ངེས་པ་ནི་མ་ཡིན་ཏེ། ལ་ལ་དག་སྐྱུ་རུ་རའི་འབྲས་བུ་ཆུང་བར་དམིགས་ཞེས་ཏེ། དེ་ཙམ་གྱིས་ཡུལ་ཐམས་ཅད་དུ་རྒྱུའི་བྱེ་བྲག་སྲིད་ན་དེ་ལྟ་བུ་ཉིད་དུ་རྟོགས་པ་དང་ལྡན་པས་མ་མཐོང་བ་ཙམ་གྱིས་དེ་ལྟ་བུའི་རྣམ་པས་གཟུང་བར་རིགས་པ་མ་ཡིན་ཏེ།

དེས་ན་རྣལ་འབྱོར་གོམས་པའི་ཁྱད་པར་གྱི་མིག་ཐུར་གྱིས་ཕྱེ་བའི་མིག་ཅན་འགའ་ཞིག་གིས་དོན་ཐམས་ཅད་མཐོང་བ་ཡིན་ནོ་ཞེས་བྱ་བ་ལ་འགལ་བ་མེད་དོ། །གང་གི་རིགས་ཅན་ཚད་མ་ཡིས། །ཞེས་བྱ་བ་ལ། གང་ལ་དུས་གསུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་དུ་ནུས་པ་ངེས་པ་ཞེས་བྱ་བ་ནི་འདོད་

པའི་ངོ་བོས་དེ་དངོས་པོ་ཐམས་ཅད་སྣང་བའི་ནུས་པ་ངེས་པ་ཡིན་ནོ་ཞེས་འབྲེལ་ཏོ། །འདི་འདྲ་བ་དེ་བརྗོད་ན་མཛེས་ཤེ་ན། གང་གི་རིགས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྙམ་དུ་ཁོ་བོ་ཅག་མངོན་སུམ་གྱིས་ཤེས་ནས་དེ་ལྟར་དུས་གཞན་དུ་ཡང་འགྱུར་ཞེས་དེ་སྨྲ་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྗེས་སུ་

དཔག་པ་ལ་སྟེ། ཚད་མ་གང་ཞིག་གང་གི་རིགས་ཅན་གྱི་དོན་འཛིན་པར་མཐོང་བ་དེ་ནི་དུས་གཞན་དུ་ཡང་དེ་ལྟར་གྱུར་པ་དེ་ཁོ་ནར་གྱུར་པ་ཡིན་ཏེ། ཚད་མ་ཉིད་ཡིན་ནོ་སྙམ་དུ་སེམས་ན། འདིར་སྨྲས་པ། གཞན་དུ་འགྱུར་བའི་དོགས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱུ་རུ་ར་ལ་སོགས་པ་བཞིན་

དུ་རྒྱུའི་ཁྱད་པར་གྱིས་འབྲས་བུའི་ཁྱད་པར་མཐོང་བའི་ཕྱིར་རིགས་མི་མཐུན་པའི་དོན་འཛིན་པའི་སྒོ་ནས་རྣམ་པ་གཞན་དུ་ཡང་འཇུག་པ་སྲིད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །གང་ལ་མི་རྣམས་ཤེས་རབ་དང་། །ཞེས་བྱ་བ་ལ་སོགས་པ་ལ། དབང་པོ་ལས་འདས་དོན་ཤེས་པ། །ཞེས་བྱ་བ་ལ་

Vol. 192 · folio 307b

སོགས་པ་སྨོས་ཏེ། དབང་པོ་ལས་འདས་མཐོང་བས་མིན། །ཞེས་བྱ་བ་འདི་མ་གྲུབ་སྟེ། འདི་ལྟར་ལྟ་བར་བྱེད་པ་ལ་སོགས་པའི་རིག་སྔགས་ཀྱི་སྟོབས་ཀྱིས་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་གཞན་གྱི་སེམས་ཤེས་པ་དང་། བྱུང་བ་དང་འབྱུང་བ་འབྱུང་བར་འགྱུར་བའི་དངོས་པོ་ཤེས་པར་

དམིགས་པ་ཁོ་ནའོ། །སོགས་པའི་སྒྲས་ནི་གན་དྷ་རི་ལ་སོགས་པ་བཟུང་སྟེ། སྣ་ཚོགས་པའི་འབྱུང་པོ་དང་གཟའ་ལ་སོགས་པས་ཟིན་པའི་སྟོབས་ལས་དབང་པོ་ལས་འདས་པའི་ཡོངས་སུ་མཐོང་བའི་ཕྱིར་གཞན་ལ་ཡང་སྤང་དུ་མེད་དོ། །ཡང་ན་འཁྲུལ་པའི་ཡུལ་མཐོང་བ་མ་ཡིན་མོད་དེ་ལྟ་ན་ཡང་

མ་མཐོང་བ་ཙམ་གྱིས་ཐམས་ཅད་མཁྱེན་པ་མེད་པར་རིགས་པ་མ་ཡིན་ཏེ། དེ་མེད་པར་ཏེ་དབང་པོ་ལས་འདས་པའི་དོན་མཐོང་བ་མེད་པར་མི་འགྲུབ་བོ། །སྐྱེས་བུ་ཤེས་རབ་ཅན་ནི་ཞེས་བྱ་བ་ལ་སོགས་པ་ལ། །བཤད་པའི་རྣམས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཤད་པ་ཞེས་བྱ་བ་ནི་

ཐོས་པ་བརྟག་པར་རོ། །འདི་ཉིད་ལ་འཐད་པ་འཆད་པ་ནི། ཇི་ལྟར་འགྲོ་དང་སྦྱོར་སོགས་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་འགྲོ་བའི་ཁྱད་པར་དང་། །མིག་སྨན་ལ་སོགས་པའི་མཚན་ཉིད་ཀྱི་སྦྱོར་བའི་ཁྱད་པར་གྱིས་རྣ་བ་ལ་སོགས་པ་རང་གི་དོན་ལ་ནུས་པ་ཁྱད་པར་ཅན་དུ་གྱུར་བ་དེ་བཞིན་དུ་ཡིད་

ཀྱི་རྒྱུའི་ཁྱད་པར་གྱི་ནུས་པ་ཁྱད་པར་དུ་འགྱུར་རོ་ཞེས་བྱ་བ་སྲིད་པ་ཡིན་ནོ། །དེ་ལ་འགྲོ་བའི་ཁྱད་པར་གྱིས་བྱས་པའི་རྣ་བའི་ཁྱད་པར་ནི། ཇི་ལྟར་བྱ་སྐད་དེ་ཞེས་བྱ་བ་ལ་སོགས་པའོ། །སྦྱོར་བའི་ཁྱད་པར་གྱིས་བྱས་པ་ཡང་འཆད་པ་ནི། དེ་བཞིན་སྤས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། གྲུབ་པའི་

མིག་སྨན་སོགས་ཅན་གྱིས། །ཞེས་བྱ་བ་ནི་མཐོང་བ་ཞེས་བྱ་བ་དང་སྦྱར་ཏེ། འདི་རྒྱུའམ་བྱེད་པའི་གསུམ་པ་ཡིན་ནོ། །དེ་ལྟར་འགྲོ་བའི་ཁྱད་པར་གྱིས། ཤེས་པའི་ནུས་པའི་ཁྱད་པར་ལ་རྒྱུའི་དངོས་པོ་བསྒྲུབས་ནས་དཔེ་ལས་བྱུང་བའི་དོན་ལ་སྦྱར་བའི་ཕྱིར། དེ་ལྟར་འགྲོ་བའི་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། རང་གི་སྐྱེ་བའི་རྗེས་མཐུན་ཕྱིར། །ཞེས་བྱ་བ་ནི་འདི་དག་གི་ཤེས་པ་ནི་འོག་ཏུ་མཐོང་བ་འཇུག་གི་སྟེང་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །བདག་ཉིད་ཇི་ལྟ་བ་བཞིན་དུ་སྐྱེ་བ་དང་རྗེས་སུ་མཐུན་པའི་ངོ་བོས་རྒྱལ་ཆེན་རིས་བཞི་ལ་སོགས་པའི་ལྷ་རྣམས་ཀྱང་ཤེས་པའི་དངོས་པོ་སུ་ཞིག་

Vol. 192 · folio 308a

གིས་ཟློག་པར་བྱེད། སྦྱོར་བས་བྱས་པའི་ཁྱད་པར་ཡང་སྦྱོར་བ་ནི། རྣལ་འབྱོར་གོམས་པའི་ཁྱད་པར་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་གལ་ཏེ་ཇི་སྐད་དུ་བཤད་པའི་འགྲོ་བ་དང་སྦྱོར་བ་ལ་སོགས་པའི་རྒྱུ་མི་སྲིད་པར་བསྟན་ནས་ཁྱད་པར་དུ་འཕགས་པ་

འགེགས་པར་བྱེད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ན། གལ་ཏེ་སྦྱོར་འགྲོ་དང་སྦྱོར་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བས་རྟོགས་བྱའི་སྒྲ་རྣམས་ལ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ཡང་འདི་ཉིད་ཀྱིས་བསལ་བ་ཡིན་ཏེ། མ་མཐོང་བ་ཙམ་གྱིས་རྣམ་

པ་དེ་ལྟ་བུའི་ཁྱད་པར་དུ་འཕགས་པ་དགག་པར་མི་ནུས་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་བསྟན་བཅོས་དཔྱད་པ་ལ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། ཕྱོགས་གཅིག་རྣམ་པར་ཤེས་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཁྱེད་ཅག་གིས། ཇི་ལྟར་བསྟན་

བཅོས་གཞན་ཤེས་པ། །དེ་ཙམ་གྱིས་ནི་ཐོབ་མ་ཡིན། །ཞེས་བརྗོད་པ་ཁོ་བོ་ཅག་གིས་ཕྱོགས་གཅིག་ཤེས་པ་ཙམ་གྱིས་དངོས་པོ་མ་ལུས་པ་ཡོངས་སུ་ཤེས་པར་ཁས་ལེན་པར་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་ཤེས་རབ་ཕུལ་དུ་གྱུར་པར་དམིགས་པའི་ཕྱིར་གཞན་ཡང་དབང་པོ་ལས་འདས་པའི་དོན་

ཡོངས་སུ་ཤེས་པས་བྱས་པའི་ཁྱད་པར་དེ་ལས་ཏེ་གོམས་པ་ལས་འཕེལ་བའི་ཕྱིར་ཏེ། རབ་ཀྱི་མཐར་ཕྱིན་པའི་ཁྱད་པར་ཐོབ་པའི་ཕྱིར་གྱུར་པ་ཡིན་ནོ་ཞེས་བྱ་བར་སྲིད་དོ། །འདི་ནི་སྔར་གྲུབ་ཟིན་ཀྱང་ཡང་ཚད་མ་བྱེད་པ་ན་སྦྱོར་བ་གང་དང་གང་ཡིད་ཀྱི་ཡོན་ཏན་ཡིན་པ་དེ་དག་ནི་གོམས་པ་ཕུལ་དུ་བྱུང་བ་ན་རབ་ཀྱི་མཐར་

ཐུག་པར་འཇུག་པར་སྲིད་པ་ཡིན་ཏེ། དཔེར་ན་གཙང་སྦྲ་ཅན་དང་རོ་བསྲེག་མཁན་བརྩེ་བ་མེད་པ་བཞིན་ནོ། །ཤེས་རབ་ཀྱང་ཡིད་ཀྱི་ཡོན་ཏན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཀྱིས་སོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། དངོས་པོའི་རང་བཞིན་རྟོགས་པའི་མཚན་ཉིད་ཅན་ཤེས་རབ་ནི་

དོན་མ་ལུས་པ་ཡོངས་སུ་ཤེས་པ་མེད་པར་རབ་ཀྱི་མཐར་ཐུག་པར་འཇུག་པ་སྲིད་པ་མ་ཡིན་ནོ། །ཁྱད་པར་མ་གྲུབ་པ་ཉིད་ཀྱིས་གཏན་ཚིགས་མ་གྲུབ་པ་ཡང་མ་ཡིན་ཏེ། གོམས་པའི་ཁྱད་པར་སྲིད་པ་ནི་རྒྱས་པར་སྔར་བསྒྲུབས་ཟིན་པའི་ཕྱིར་རོ། །རབ་ཀྱི་མཐའི་སྒྲ་ནི་ཕུལ་དུ་བྱུང་བའི་རྣམ་གྲངས་སོ། །རྣམ་

Vol. 192 · folio 308b

པ་གཅིག་ཏུ་ན་གང་དག་རིགས་མཚུངས་པ་སྔ་མའི་ས་བོན་ལས་བྱུང་བ་དེ་དག་ནི་ལེགས་པར་བྱ་བའི་ཁྱད་པར་ཡོད་ན་ཤིན་ཏུ་འཕེལ་བའི་ཆོས་དང་ལྡན་པ་སྲིད་པ་ཡིན་ཏེ། དཔེར་ན་འབྲུ་ལ་སོགས་པ་བཞིན་ནོ། །བརྩེ་བ་དང་ཤེས་རབ་ལ་སོགས་པ་ཡང་ཇི་སྐད་དུ་བཤད་པའི་ཆོས་དག་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་

རང་བཞིན་གྱི་གཏན་ཚིགས་སོ། །འདི་ཡང་སྔ་མ་བཞིན་དུ་མ་གྲུབ་པ་དང་མ་ངེས་པ་མ་ཡིན་ནོ། །བློ་ནི་ཤེས་རབ་བོ། །ཇི་སྐད་དུ་བཤད་པའི་ཆོས་དང་ལྡན་པ་ནི། རིགས་དང་མཚུངས་པ་སྔ་མའི་ས་བོན་ལས་འཇུག་པ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཅིག་ཏུ་ན་གང་དག་གཉེན་པོའི་ཕྱོགས་ཉེ་བ་ན་འགྲིབ་

པའི་ཆོས་སུ་འཇུག་པ་དེ་དག་ནི་གཉེན་པོའི་ཕྱོགས་ཤིན་ཏུ་འཕེལ་བ་ན་ཤིན་ཏུ་འགྲིབ་པའི་ཆོས་དང་ལྡན་པ་སྲིད་པ་ཡིན་ཏེ། དཔེར་ན་གསེར་གྱི་དྲི་མ་ལ་སོགས་པ་བཞིན་ནོ། །འདོད་ཆགས་ལ་སོགས་པ་ཡང་བདག་མེད་པའི་མཚན་ཉིད་ཀྱི་གཉེན་པོའི་ཕྱོགས་མངོན་སུམ་དུ་གྱུར་པ་ན་འགྲིབ་པའི་ཆོས་དང་ལྡན་

པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་མ་གྲུབ་པ་ནི་མ་ཡིན་ཏེ། ཉོན་མོངས་པ་ལ་སོགས་པའི་བདག་མེད་པའི་ཤེས་པ་དང་ལྷན་ཅིག་འགལ་བར་བསྒྲུབས་ཟིན་ཏོ། །མ་ངེས་པ་ཡང་མ་ཡིན་ཏེ། །གཉེན་པོའི་ཕྱོགས་ཤིན་ཏུ་འཕེལ་བ་ནི་མི་མཐུན་པའི་ཕྱོགས་

གནས་པ་མི་སྲིད་པའི་ཕྱིར་ཏེ། དེ་ལྟ་མ་ཡིན་ན་གང་ཞིག་རྩ་བ་ནས་འདོན་པར་མི་ནུས་པ་དེ་ཇི་ལྟར་ཅུང་ཟད་འགྲིབ་པར་བྱེད་པར་མེ་སྟག་གི་ཕྲེང་བ་ཆེས་གསལ་བར་འབར་བའི་ཚོགས་ཀྱི་ནང་དུ་བཅུག་པའི་རྡོ་རྗེ་ནི་ཡང་འགྲིབ་པ་ཉམས་སུ་མྱོང་བ་ནི་མ་ཡིན་ནོ། །མི་མཐུན་པའི་ཕྱོགས་ཤིན་ཏུ་འཕེལ་བ་མི་སྲིད་པའི་

ཕྱིར་མ་ངེས་པ་ཉིད་ཀྱང་མ་ཡིན་ཏེ། སྔར་རྒྱས་པར་ཤིན་ཏུ་འཕེལ་བར་བསྒྲུབས་ཟིན་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་གང་དག་གཉེན་པོའི་ཕྱོགས་ཉེ་བ་ན་འགྲིབ་པའི་ཆོས་ཅན་ཡིན་པ་དེ་དག་ནི་གཏན་ནས་རྩ་བ་ནས་འབྱིན་ནུས་པའི་གཉེན་པོ་ཅན་ཡིན་ཏེ། དཔེར་ན་གསེར་གྱི་དྲི་མ་ལ་སོགས་པ་བཞིན་ནོ། །

ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཡང་ཇི་སྐད་བཤད་པའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདིར་ཡང་སྔ་མ་བཞིན་དུ་མ་གྲུབ་པ་དང་མ་ངེས་པ་ལ་སོགས་པ་སྤང་བར་བྱའོ། །སོགས་པའི་སྒྲས་ནི་ལས་ཀྱི་སྒྲིབ་པ་ལ་སོགས་པ་གཟུང་ངོ་། །རྣམ་པ་གཅིག་ཏུ་ན་

Vol. 192 · folio 309a

གང་དག་དེ་ཁོ་ན་མཐོང་བ་ལ་གེགས་བྱེད་པ་དེ་དག་ནི་ཤིན་ཏུ་འགྲིབ་པ་སྲིད་པ་ཡིན་ཏེ། དཔེར་ན་ཕྱི་རོལ་གྱི་མཚན་མོའི་མུན་པ་བཞིན་ནོ། །ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལ་སོགས་པ་ཡང་དེ་ཁོ་ན་ཉིད་མཐོང་བའི་གེགས་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་

ཚིགས་སོ། །འདི་མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ཡང་གཞན་འགྲིབ་པར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ནི་ནང་གི་མུན་པའོ། །ཡང་ན་གང་དག་ཅིག་ཅར་ཅི་ཞིག་ལྟར་བྱུང་བ་རྟེན་བརྟན་པར་འཇུག་པའི་ཁྱད་པར་འགལ་བའི་རྐྱེན་མེད་པར་འཇུག་པར་བྱ་བའི་ཕྱིར། ཡང་

འཆད་པ་ལ་ལྟོས་པ་དེ་དག་ནི་ལེགས་པར་བྱ་བའི་ཁྱད་པར་དུ་འཕགས་པའི་བྱེ་བྲག་གིས་རབ་ཀྱི་མཐར་ཐུག་པར་འཇུག་པ་སྲིད་པ་ཡིན་ནོ། །དཔེར་ན་གསེར་གྱི་རྣམ་པར་དག་པ་ལ་སོགས་པ་བཞིན་ནོ། །ཤེས་རབ་དང་བརྩེ་བ་ལ་སོགས་པ་ཡང་ཇི་སྐད་དུ་བཤད་པའི་ཆོས་དང་ལྡན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་

ཚིགས་སོ། །མཆོངས་དང་ཆུ་ཡི་དྲོ་བ་ཡིས། །འདི་ལ་འཁྲུལ་པ་ཡོད་མ་ཡིན། །ཞེས་བྱ་བ་ནི་ཁྱད་པར་དང་བཅས་པ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །མཆོངས་དང་ཆུའི་དྲོ་བ་ནི་ལན་ཅིག་བྱས་པའི་ཁྱད་པར་གང་ཡང་བྱ་བའི་ཕྱིར་འབད་པ་ལ་སོགས་པ་ལ་ལྟོས་པ་མེད་པར་འཇུག་པ་མ་

ཡིན་ལ། རྟེན་བརྟན་པ་རྣམས་ཀྱང་མ་ཡིན་ནོ། །ཡང་ན་འདི་ལ་ཡང་རིགས་མཚུངས་པའི་ས་བོན་འཕེལ་བ་ན་ཞེས་བྱ་བའི་ཁྱད་པར་ལ་ལྟོས་པའི་ཕྱིར་མཆོངས་པས་འཁྲུལ་བ་ཡིན་ནོ་སྙམ་དུ་སེམས་ན། །དེ་ནི་མཆོངས་པ་ཉིད་ལས་མིན། །ཞེས་བྱ་བ་སྨོས་ཏེ། མཆོངས་པ་དེ་ནི་མཆོངས་པ་ཉིད་ལས་འབྱུང་བ་

མ་ཡིན་ནོ། །འོ་ན་གང་ཞིག་ཡོད་ན་འབྱུང་ཞེ་ན། །སྟོབས་དང་འབད་པ་ཡོད་པ་ན། །ཞེས་བྱ་བ་སྨོས་ཏེ། སྟོབས་དང་འབད་པ་ཡོད་ན་མཆོངས་པ་ཡིན་གྱི་མཆོངས་པ་ཡོད་ན་ནི་མ་ཡིན་ནོ། །སྟོབས་དང་འབད་པ་དེ་དག་གི་ནུས་པ་གནས་པ་ཉིད་ཀྱིས་མཆོངས་པ་ཡང་གནས་པའི་བདག་ཉིད་ཡིན་ནོ་སྙམ་དུ་

བསམས་པ་ཡིན་ནོ། །འདི་སྙམ་དུ་གལ་ཏེ། སྟོབས་དང་འབད་པ་གཉིས་ཁོ་ན་ལས་མཆོངས་པ་ཡིན་གྱི་མཆོངས་པ་ལས་ནི་མ་ཡིན་པ་དེ་ལྟ་ན་གོམས་པ་ན་སྐྱེས་བུའི་མཆོངས་པ་ན་ཅི་འདྲ་བར་གོམས་པ་ལས་སྔར་ཡང་འགྱུར་རོ་སྙམ་དུ་སེམས་ན། ཉེས་པ་འདི་ནི་མེད་དེ། སྔར་དེའི་ལུས་བད་ཀན་ལ་སོགས་

Vol. 192 · folio 309b

པ་མི་མཐུན་པར་བྱས་པའི་ཕྱིར་ཕྱིས་བཞིན་དུ་མཆོངས་པ་འབྱུང་བ་མ་ཡིན་ནོ། །ཕྱིས་ནི་ཁྱད་ཀྱི་འབད་པས་ལུས་ཀྱི་མི་མཐུན་པ་ཟད་པ་ན་མཆོངས་པའི་སྟོབས་ཇི་ལྟ་བ་བཞིན་དུ་གནས་པ་ཡིན་ནོ། །འདི་གདོན་མི་ཟ་བར་དེ་ལྟ་བུ་ཡིན་པར་ཤེས་པར་བྱ་སྟེ། དེ་ལྟ་མ་ཡིན་ཏེ་གལ་ཏེ་མཆོངས་པ་ཉིད་ལས་མཆོངས་

པ་ཡིན་པར་འགྱུར་ན་དེའི་མཆོངས་པའི་ཁྱད་པར་དུ་གནས་པར་མི་འགྱུར་རོ། །རྣམ་པ་གཅིག་ཏུ་ན་རྒྱུའི་ཁྱད་པར་ལ་གནས་པའི་མཆོངས་པ་ཡང་ཁྱད་པར་དུ་འཕགས་པར་གནས་པ་ཉིད་དུ་གྲུབ་པའི་ཕྱིར་དེས་འཁྲུལ་པ་མ་ཡིན་ནོ་ཞེས་སྟོན་པ་ནི། །ཡང་ན་རབ་ཀྱི་མཐར་ཕྱིན་པ། །ཞེས་བྱ་བ་ལ་སོགས་པ་སྟེ།

འདི་ལྟར་མཆོངས་པ་ནི་ཏིང་ངེ་འཛིན་གྱི་མཐུའི་ཁྱད་པར་དང་ལྡན་པའི་ཕྱིར། ཁོ་བོ་ཅག་གིས་ཤིན་ཏུ་ཕུལ་དུ་བྱུང་བར་འདོད་པ་ཉིད་ཡིན་ཏེ། དཔེར་ན་བཅོམ་ལྡན་འདས་ལ་ཡིད་མགྱོགས་ཞེས་བྱ་བའི་རྫུ་འཕྲུལ་མངའ་བར་བསྟན་པ་བཞིན་ཏེ། གནས་ལ་ཡིད་བཞིན་དུ་མགྱོགས་པར་འགྱུར་ཏེ། དེ་ཉིད་ཀྱི་

ཕྱིར་དེ་ནི་ཡིད་མགྱོགས་ཞེས་བྱ་བར་གྲགས་སོ། །འདི་ལ་གནོད་པར་བྱེད་པའི་ཚད་མ་ཡོད་པ་ཡང་མ་ཡིན་ལ། མ་མཐོང་བ་ཙམ་གྱིས་སྤང་བར་རིགས་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་རྟེན་གྱི་བྱེ་བྲག་གི་ཁྱད་པར་གོམས་པའི་ཁྱད་པར་ལས་འགྲོ་བ་ཤིན་ཏུ་

འཕགས་པ་མཐོང་བ་ཁོ་ན་ཡིན་ལ། དེ་ལས་ཀྱང་བཅོམ་ལྡན་འདས་ལ་དེ་ལྟ་བུའི་འགྲོ་བ་སྲིད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ངང་པའི་རྒྱལ་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ངང་པའི་རྒྱལ་པོའི་ཕྲུ་གུ་སྔར་རང་གི་ཚང་ལས་ཀྱང་འབྱུང་བར་མི་ནུས་པའི་ཕྱིས་གོམས་པ་ཅུང་ཟད་ཡོད་

པ་ན་གཤོག་པ་སྐྱེས་པ་རྒྱ་མཚོའི་ཕ་རོལ་དུ་མཆོང་བར་བྱེད་པ་དེ་བཞིན་དུ། གཞན་ཡང་རྟེན་གྱི་བྱེ་བྲག་གི་ཁྱད་པར་གོམས་པའི་ཁྱད་པར་ལས་ཁྱད་པར་ཅན་གྱི་འགྲོ་བ་ཡང་སྒྲུབ་པར་བྱེད་དོ་ཞེས་བྱ་བར་སྲིད་པ་ཡིན་ནོ། །གལ་ཏེ་འདི་གཤོག་པའི་ཁྱད་པར་རྙེད་པ་ཉིད་ཀྱི་ཕྱིར་ཡུལ་ཐག་རིང་པོར་འགྲོ་བ་ཡིན་

གྱི་གོམས་པའི་སྟོབས་ཀྱིས་ནི་མ་ཡིན་ནོ་ཞེ་ན། བྱའི་ཕྲུ་གུ་གཤོག་པ་སྐྱེས་ན་ཡང་བབ་ཆོལ་དུ་འཕུར་ཞིང་འགྲོ་བར་མཐོང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། །ཡལ་ག་ནས་ཡལ་ག་གཞན་དུ་འགྲོ་བ་རིམ་གྱིས་གོམས་ནས་འགྲོ་བ་ཅུང་ཟད་ཕྱིས་དགོས་པ་སྤངས་ནས་ཡུལ་ཤིན་ཏུ་ཐག་རིང་པོར་ཡང་འགྲོ་

Vol. 192 · folio 310a

བ་ཡིན་ནོ། །ཇི་ལྟར་སྔར་ནུས་པ་མེད་པའི་ངང་བ་ལ་སྩོགས་པ་ལ་ཡང་རྟེན་གྱི་ཁྱད་པར་རྙེད་པ་ན་ཕྱིས་འགྲོ་བའི་ཁྱད་པར་གྲུབ་པ་དེ་བཞིན་དུ། བཅོམ་ལྡན་འདས་ཀྱང་བྱང་ཆུབ་སེམས་དཔའི་གནས་སྐབས་ན་མི་ནུས་པ་ན་ཡང་ཕྱིས་ཏིང་ངེ་འཛིན་གྱི་ཁྱད་པར་བརྙེས་པའི་ཕྱིར་རྟེན་གྱི་ཁྱད་

པར་བསྒྲུབས་པས་དེ་ལྟ་བུའི་འགྲོ་བ་སྲིད་དོ་ཞེས་གོམས་པས་སྨོས་པ་དེ་ལྟར་ལྷུར་མཛད་པ་དང་ལྡན་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་རྟེན་གྱི་བྱེ་བྲག་གི་ཁྱད་པར་གོམས་པ་སྲིད་པ་དེ་ནི་ཤིན་ཏུ་རིང་དུ་འགྲོ་བའི་འབྲས་བུ་ཅན་དུ་སྲིད་པ་ཡིན་ཏེ། དཔེར་ན་ངང་པོའི་རྒྱལ་པོའི་ཕྲུ་གུ་བཞིན་ནོ། །མི་རྣམས་ཀྱི་གོམས་

པ་ཡང་རྟེན་གྱི་བྱེ་བྲག་གི་ཁྱད་པར་ཅན་དུ་སྲིད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེས་ན། མཁའ་ལ་ཁྲུ་བཅུའི་བར་དུ་ནི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ཡང་བསལ་བ་ཡིན་ནོ་ཞེས་སྟོན་པ་ནི། མཁའ་ལ་ཁྲུ་བཅུ་ཞེས་བྱ་བ་ལ་སོགས་པའོ། །རྟེན་བརྟན་པ་ནི་ཞེས་ཁྱད་

པར་ཉེ་བར་ལེན་པའི་ཕྱིར་ཆུའི་དྲོ་བས་མ་ངེས་པ་ཡིན་ནོ་ཞེས་སྟོན་པ་ནི། རྟེན་མི་བརྟན་པ་ཞེས་བྱ་བ་ལ་སོགས་པའོ། །འདི་སྙམ་དུ་ཤེས་རབ་ལ་སོགས་པ་ཡང་རྟེན་བརྟན་པ་ཉིད་དུ་ཇི་ལྟར་གྲུབ་སྙམ་དུ་སེམས་ན། ཡིད་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་སེམས་ཀྱི་རྒྱུད་དོ། །རྟེན་

དང་བརྟན་པས་འཇུག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་མཚན་ཉིད་ཀྱི་རྟེན་ཏེ་གཞི་དང་ལྡན་པས་འཇུག་གོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་ཅན་གྱི་རྟེན་བརྗོད་པར་འདོད་པའི་ཕྱིར་རོ། །འདི་ལྟར་འཇིག་རྟེན་ཕ་རོལ་བསྒྲུབས་ཟིན་པའི་ཕྱིར་དང་། སྙིང་རྗེ་ཆེན་པོའི་བདག་ཉིད་དུ་གྱུར་པའི་བྱང་ཆུབ་སེམས་དཔའ་རྣམས་

འཁོར་བ་ཇི་སྲིད་དུ་སེམས་ཅན་མ་ལུས་པ་གདོན་པར་བྱ་བའི་ཕྱིར་གནས་པས་དེ་ལ་བརྟན་ནས་འཇུག་པའི་སེམས་ཀྱི་རྒྱུད་ནི་རྟེན་ཤིན་ཏུ་བརྟན་པ་ཡིན་ནོ། །གང་ཡང་ཉན་ཐོས་ལ་སོགས་པའི་རྒྱུད་ལ་གནས་པ་དེ་ནི་རྟེན་མི་བརྟན་པ་ཡིན་ཏེ་དེ་དག་ནི་ཆེས་མྱུར་བར་མྱ་ངན་ལས་འདའ་བའི་ཕྱིར་རོ། །བརྩེ་བ་དམན་པ་དེ་

དག་གནས་པར་བྱ་བ་ལ་འབད་པ་མེད་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་ཁྱད་པར་གཉིས་པ་ཡང་ཇི་ལྟར་གྲུབ་ཅེ་ན། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་ཇི་ལྟར་འགྲུབ་ཅེ་ན། །དེ་སྲིད་ཆེས་རབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་ཁོ་བོ་ཅག་གིས་སྔར་བཤད་ཟིན་

Vol. 192 · folio 310b

ཏོ། །འདི་ནི་རང་བཞིན་གྱིས་དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་ཀྱིས་ཤེས་རབ་ལ་སོགས་པ་ནི་སེམས་ཀྱི་རང་བཞིན་དུ་གྱུར་པ་ཡིན་ནོ་ཞེས་སྔར་བསྟན་ཟིན་ཏོ། །དེས་ན་རང་བཞིན་ཡིན་ལ་དེ་ཉིད་ཀྱིས་ལན་ཅིག་བསྐྱེད་པའི་ཤེས་རབ་ལ་སོགས་པ་རང་གི་ངང་གིས་འཇུག་པར་འགྱུར་བའི་ཕྱིར། ཁྱད་པར་

གཉིས་པ་ཡང་གྲུབ་པ་ཡིན་ནོ། །རྣམ་པར་ཤེས་པ་དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་དུ་ཡང་ཇི་ལྟར་གྲུབ་ཅེ་ན། གལ་ཏེ་སེམས་ནི་གཞན་རྟོགས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་ན་རང་རིག་པ་ཉིད་ཀྱི་ངོ་བོ་ནི་སེམས་ཀྱི་གཙོ་བོ་ཡིན་ནོ་ཞེས་གདོན་མི་ཟ་བར་རྒོལ་བ་ཐམས་ཅད་ཀྱིས་ཁས་

བླང་བར་བྱའོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་ཤེས་པ་གཞན་དང་གཞན་གྱིས་རྟོགས་པར་བྱ་བ་ཡིན་ནོ་ཞེས་བྱ་བར་གྱུར་ན་དེའི་ཚེ་དམིགས་པ་མ་གྲུབ་པ་ཉིད་ཀྱིས་དོན་རིག་པར་གྲུབ་པར་མི་འགྱུར་རོ། །དེ་ལྟ་བས་ན་སེམས་ཀྱི་བདག་ཉིད་གསལ་བའི་ངོ་བོ་ནི་གཙོ་བོ་ཡིན་ལ། བདག་ཉིད་དེ་ཡང་དེའི་མི་རྟག་པ་ལ་སོགས་

པའི་ངོ་བོ་ཡིན་པའི་ཕྱིར་ཤུགས་ཀྱིས་སེམས་དེ་ཁོ་ན་མཐོང་བའི་བདག་ཉིད་དུ་གྲུབ་བོ་སྙམ་དུ་བསམས་པ་ཡིན་ནོ། །འདི་སྙམ་དུ་སེམས་དེ་ཁོ་ན་ཉིད་མཐོང་བའི་བདག་ཉིད་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་དྲི་མ་སྤངས་པ་རྣམས་ཀྱང་ཡང་སྐྱེ་བ་སྲིད་པའི་ཕྱིར་ཇི་སྐད་དུ་བཤད་པའི་གཏན་ཚིགས་ཐམས་ཅད་

མ་ངེས་པ་ཉིད་ཡིན་པ་བཟློག་པར་དཀའོ་སྙམ་དུ་སེམས་པའི་དོགས་པ་བསུ་ནས། དེའི་ཕྱིར་སེམས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལམ་གྱི་བདག་ཉིད་དུ་གྱུར་པའི་ཕྱིར་སྔར་ཡང་གང་གི་ཚེ་འདོད་ཆགས་ལ་སོགས་པའི་དྲི་མ་གློ་བུར་བ་ཉིད་ཀྱིས་སྟོབས་ཆུང་བའི་ཕྱིར་ལམ་ཟིལ་གྱིས་གནོན་པར་མི་ནུས་

པ་དེའི་ཚེ་ལམ་བདག་ཉིད་དུ་གྱུར་པ་ཡིན་པ་ནི་ཇི་ལྟར་ཟིལ་གྱིས་གནོན་པར་འགྱུར། གཞན་ཡང་སེམས་ཀྱི་ཡོན་ཏན་དེའི་བདག་ཉིད་དང་ལྡན་པ་ནི་གཙང་སྦྲ་མཁན་དང་རོ་སྲེག་མཁན་གྱི་བརྩེ་བ་མེད་པ་བཞིན་དུ་འབད་པ་མེད་པར་སྤང་བར་ནུས་པ་མ་ཡིན་ལ། ཡོན་ཏན་དང་ལྡན་པའི་དངོས་པོ་ལ་མཐོང་བ་

སྤང་བར་བྱ་བའི་ཕྱིར་འབད་པ་སྲིད་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡོན་ཏན་མཐོང་བའི་ཕྱིར་རོ། །འདི་ཡང་སྔར་བསྟན་པ་ཡིན་ནོ། །སྐྱོན་ཞེས་བྱ་བ་ནི་ཉེས་པའོ། །རྣམ་པ་གཅིག་ཏུ་ན་དངོས་པོ་ཉིད་ལ་སོགས་པ་ཁྱོད་ཀྱིས་ཐམས་ཅད་མཁྱེན་པ་དགག་པར་བྱ་བའི་ཕྱིར་སྨྲས་པ་གང་ཡིན་པ་དེ་

Vol. 192 · folio 311a

ཉིད་ཀྱིས་བསྒྲུབ་པར་ནུས་པ་ཡིན་ནོ་ཞེས་བསྟན་པར་འདོད་ན། རེ་ཞིག་དངོས་པོ་ཉིད་ལ་སོགས་པའི་གཏན་ཚིགས་ཀྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འཆད་པར་འགྱུར་བ་འདི་ནི་རྩ་བའི་སྦྱོར་བ་ཡིན་ཏེ། གང་དག་དངོས་པོ་ཉིད་དང་

ཤེས་བྱ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་དེ་དག་ནི་གོམས་པ་རབ་ཀྱི་མཐར་ཕྱིན་པར་འཇུག་པའི་ཤེས་པ་གཅིག་ལ་གསལ་བར་སྣང་བ་སྲིད་པ་ཡིན་ཏེ། དཔེར་ན་འདོད་པ་ལ་སོགས་པས་བསླད་པ་རྣམས་ཀྱིས་བུད་མེད་དང་བུ་དང་ཆོམ་རྐུན་ལ་སོགས་པ་བསྒོམ་པ་བཞིན་ནོ། །ཆོས་ཐམས་ཅད་ཀྱང་

དངོས་པོ་ཉིད་ལ་སོགས་པའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་མ་ངེས་པ་ཡང་མ་ཡིན་ཏེ་འདི་ལྟར་གང་དང་གང་ཡང་དག་པའམ་ཡང་དག་པ་མ་ཡིན་པར་སྒོམ་པར་བྱེད་པ་ནི་བསྒོམ་པ་ཐམས་ཅད་ཡོངས་སུ་རྫོགས་པས་ན་ཤེས་པ་གསལ་བར་སྣང་བའི་འབྲས་བུ་ཅན་ཡིན་པར་

གྲུབ་སྟེ་དཔེར་ན་འདོད་པ་ཅན་ལ་སོགས་པའི་བུད་མེད་ལ་སོགས་པའི་ཁྱད་པར་བཞིན་ནོ། །ཆོས་ཐམས་ཅད་ཀྱང་རྩ་བ་ལ་སོགས་པའི་བདག་ཉིད་དུ་གྱུར་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་ངོ་བོ་སྒོམ་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདིས་ནི་གསལ་བར་སྣང་བའི་ཤེས་པའི་

འབྲས་བུ་ཅན་ཉིད་ཀྱིས་སྒོམ་པར་བྱེད་པའི་ཁྱབ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ་དོན་གཞན་ལ་མི་ལྟོས་པའི་ཕྱིར་རོ། །སྟོང་པ་ལ་སོགས་པའི་ངོ་བོ་འདིའི་དེ་ཁོ་ན་ཉིད་གསལ་བར་སྣང་བ་ཉིད་དུ་ཇི་ལྟར་གྲུབ་ཅེ་ན། སྟོང་དང་བདག་མེད་སོགས་ངོ་བོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྟོང་པ་ལ་སོགས་

པའི་ཤེས་པ་འདི་ཡང་མངོན་སུམ་གྱི་ཚད་མར་བསྒྲུབས་པའི་ཕྱིར་མངོན་སུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །གསལ་བར་སྣང་བ་ཉིད་ཀྱིས་རྟོག་པ་མེད་པ་དང་། ཚད་མས་གྲུབ་པའི་དོན་གྱི་ཡུལ་ཅན་ཉིད་ཀྱི་མི་སླུ་བའི་སྒོ་ནས་མིག་ལ་སོགས་པའི་ཤེས་པ་བཞིན་དུ་འདི་མངོན་སུམ་གྱི་ཚད་མ་ཡིན་ནོ། །

དེ་ལྟ་ཡིན་དང་གསལ་བར་སྣང་བ་ཉིད་དུ་གྲུབ་པ་ན་ཆོས་ཐམས་ཅད་ཡེ་ཤེས་གཅིག་ལ་ཅིག་ཅར་གསལ་བར་སྣང་བ་གྲུབ་པའི་ཕྱིར་སྒོམ་པ་ཅན་གྱིས་འབྱུང་བའི་ཁྱབ་པ་གྲུབ་པོ། །དེ་ལྟར་རྟོགས་པར་གྱིས་ཤིག །ཤེས་པ་གཅིག་ལ་ཆོས་ཐམས་ཅད་ཅིག་ཅར་མཐོང་བར་སྣང་བ་ཡིན་ནོ་ཞེས་བྱ་བར་སྲིད་པ་

Vol. 192 · folio 311b

ཡིན་ནོ། །སྦྱོར་བ་ནི་གང་དང་གང་ཤིན་ཏུ་བསྒོམ་པ་དེ་དག་ནི་ཤེས་པ་གཅིག་ལ་ཅིག་ཅར་གསལ་བར་སྣང་བ་སྲིད་པ་ཡིན་ཏེ། དཔེར་ན་བུད་མེད་ལ་སོགས་པ་བཞིན་ནོ། །ཆོས་ཐམས་ཅད་ཀྱང་བསྒོམ་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་མ་གྲུབ་པ་ཉིད་དུ་བསམ་པར་ཡང་

མི་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར་དང་། གཏན་ཚིགས་མ་གྲུབ་པ་མ་ཡིན་ཞེས་བྱ་བའོ། །སྔར་རྒྱས་པར་བསྒོམ་པ་ཡོད་པར་བསྟན་པར་བྱ་བ་ཉིད་ཀྱི་ཕྱིར། གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །དེ་ལྟར་གསལ་བར་སྣང་བ་ལ་བསྒོམ་པ་ཙམ་དང་རྗེས་སུ་འབྲེལ་པ་ཉིད་དུ་བསྟན་པས་ཁྱབ་པ་

བསྒྲུབས་ནས། ད་ནི་རྩ་བའི་ཚད་མའི་དོན་བསྟན་པའི་ཕྱིར། བསྒོམ་པའི་རབ་མཐའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྒོམ་པའི་རབ་ཀྱི་མཐར་ཐུག་པ་བློ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་གོ་བར་བྱེད་པ་ཡིན་པའི་ཕྱིར་གཞི་ཐ་དད་ན་ཡང་འབྲུ་མང་པོ་པ་ཡིན་ནོ། །བསྒོམ་པ་མཐར་ཐུག་པའི་

བློ་གཅིག་ལ་གསལ་བར་སྣང་བ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཤེས་པ་གང་ཞིག་ལ་དེ་ལྟར་སྣང་བ་དེ་ནི་ཤེས་བྱའི་དཀྱིལ་འཁོར་ལ་ཅིག་ཅར་ཡེ་ཤེས་གཅིག་གིས་ཁྱབ་པའི་ལྷ་དང་མི་རྣམས་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་པའི་ཐམས་ཅད་མཁྱེན་པ་གྲུབ་པ་ཡིན་ནོ། །རྣམ་པ་

གཅིག་ཏུ་ན་གང་དག་བདེན་པའི་བདག་ཉིད་སྟོན་པ་དེ་དག་ནི་འབའ་ཞིག་གིས་རིགས་པ་ཡིན་ཏེ། དཔེར་ན་གསེར་སྦྱོང་ལ་སོགས་པ་བཞིན་ནོ། །ཆོས་ལ་སོགས་པ་བདེན་པའི་བདག་ཉིད་ཉེ་བར་སྟོན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་སྙམ་དུ་རིག་བྱེད་ལས་ཤེས་ནས་ཉེ་བར་

བསྟན་པ་སྲིད་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེ་ན། རིག་བྱེད་སྐྱེས་བུས་བྱས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་ཐོས་པ་རྟག་པར་རིག་བྱེད་སྐྱེས་བུས་བྱས་པ་བསྒྲུབས་ཟིན་པའི་ཕྱིར་གྲུབ་པ་ལ་སྒྲུབ་པ་མ་ཡིན་ནོ། །འོན་ཏེ་འདི་སྙམ་དུ་མ་ཤེས་པས་འདོད་རྒྱལ་བས་ཉེ་བར་བསྟན་པ་ཡང་སྲིད་པའི་

ཕྱིར་མ་ངེས་པ་ཡིན་ནོ་སྙམ་ན། མི་ཤེས་པ་ནི་འདོད་རྒྱལ་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་ཤེས་པས་འདོད་རྒྱལ་དུ་ཚད་མ་དང་མི་འགལ་བའི་ངེས་པ་མང་དུ་སྨྲ་བར་ནུས་པ་མ་ཡིན་ནོ། །གཞན་ཡང་གང་གི་ཕྱིར་སྔགས་ལ་སོགས་པ་དུག་སེལ་བ་ལ་སོགས་པའི་ནུས་པ་ཤིན་ཏུ་ལྐོག་

Vol. 192 · folio 312a

ཏུ་གྱུར་པ་དེ། གལ་ཏེ་སངས་རྒྱས་པ་ལ་སོགས་པས་དངོས་སུ་མཁྱེན་པ་མ་ཡིན་ན་དེ་ཇི་ལྟར་དེ་དག་གིས་གསུངས་པ་ཡིན་ཞེས་བརྗོད་པར་བྱ་དགོས་སོ། །གལ་ཏེ་རྗེས་སུ་དཔག་པས་མཁྱེན་ནས་གསུངས་པ་ཡིན་ནོ་ཞེ་ན། རྗེས་སུ་དཔག་པས་མཁྱེན་པ་ཡང་། །ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། རྟག་དང་འབྲེལ་བའི་དངོས་པོ་མི་ཤེས་པར་རྗེས་སུ་དཔག་པས་ཡུལ་དུ་བྱེད་པ་མ་ཡིན་ལ། ཤིན་ཏུ་ལྐོག་ཏུ་གྱུར་པའི་དངོས་པོ་དེ་དང་རྟགས་འགའ་ཞིག་འབྲེལ་པ་ངེས་པར་ནུས་པ་ཡང་མ་ཡིན་ནོ། །གཞན་ལས་ཐོས་ནས་འཆད་པ་ཡིན་མོ་ཞེ་ན། མ་ཡིན་ཏེ། དེ་ལ་ཡང་བརྒལ་

ཞིང་བརྟགས་པ་མ་མཚུངས་པའི་ཕྱིར་རོ། །འདི་ལྟར་འདི་ལ་ཡང་གཞན་དེས་ཀྱང་ཇི་ལྟར་ཤེས་པ་ཡིན་ཞེས་བྱ་བའི་དཔྱད་པ་འདི་འཇུག་པ་ཡིན་ཏེ། གང་གི་ཕྱིར་མི་ཤེས་པ་ནི་དེ་ལྟར་ཉེ་བར་སྟོན་པ་སྲེད་པ་མ་ཡིན་ནོ། །གལ་ཏེ་དེས་ཀྱང་གཞན་ལས་ཤེས་པ་ཡིན་ནོ་ཞེ་ན། འོ་ན་དེ་ལྟར་ན་ཐུག་པ་མེད་པར་འགྱུར་

ཏེ། དེ་བས་ན་ལོང་བ་བརྒྱུད་པ་ཡིན་པས་ན་ཐམས་ཅད་ནི་མ་ཤེས་པ་ཡིན་པའི་ཕྱིར་ཡང་དག་པར་སྟོན་པ་ཉིད་དུ་མི་འགྱུར་ཏེ། ཇི་སྐད་དུ། དེ་ལྟ་བུའི་རིགས་ཅན་གྱི་དོན་གང་ལ་སྐྱེས་བུའི་ཚིག་ཚད་མ་ཉིད་དུ་མི་འགྱུར་ཏེ། གཟུགས་ཀྱི་ཁྱད་པར་དག་ལ་ལོང་བ་རྣམས་ཀྱི་ཚིག་ལྟ་བུའོ་ཞེས་བྱ་བ་ལྟ་བུའོ། །འདི་

སྙམ་དུ་མི་སླུ་བ་ཉིད་དུ་ནི་སྲིན་བུའི་ཡི་གེ་བཞིན་དུ་འདོད་རྒྱལ་གྱི་བྱུང་བ་ཡང་སྲིད་དོ་སྙམ་དུ་དོགས་ན། འདི་འདྲ་བའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་རྒྱལ་བའི་མི་སླུ་བའི་ངོ་བོ་དེ་ལྟ་བུ་གང་ལ་ཡོད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དོན་གཞན་ལ་སེམས་པ་འཇུག་པའི་དོན་གཞན་ལ་མི་སླུ་བ་ནི་འདོད་རྒྱལ་

བར་སྲིད་པ་ཡིན་ཏེ། དཔེར་ན་ཆུའི་ཕྱོགས་སུ་འགྲོ་བའི་བསམ་པས་འཇུག་པའི་ཤིང་གི་དྲུང་དུ་ཕྱིན་པ་ལྟ་བུའོ། །འདིས་ནི་གཞན་དོན་དུ་གཉེར་བའི་བསམ་པས་འཇུག་པ་སྲིད་པ་མ་ཡིན་ཏེ་འདི་ལྟར་དགེ་སློང་དག་ངས་ཁྱེད་ཅག་ལ་ཆོས་བསྟན་པར་བྱའོ་ཞེས་དེ་ལྟར་དམ་བཅའ་ནས་ཞུགས་པའི་ཕྱིར་ཉེ་བར་

སྟོན་པ་ལྷུར་ལེན་པ་མ་ཡིན་ནོ་ཞེས་བྱ་བར་ངེས་སོ། །ཆུ་བོ་ནི་ཀླུང་ངོ་། །བྱི་རུ་ནི་ཤིང་མ་བྱི་རུའོ། །གལ་ཏེ་རྨོངས་པས་ཀྱང་ཉེ་བར་སྟོན་པ་སྲིད་པའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ་ཞེ་ན། གཡེངས་པའི་སེམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་གོ་རིམས་ངེས་པ་སྔ་མ་དང་ཕྱི་མ་མི་འགལ་བ་

Vol. 192 · folio 312b

སྐྱེས་བུའི་དོན་སྒྲུབ་པར་བྱེད་པའི་ཚིག་ནི་སེམས་རྣམ་པར་གཡེངས་པ་རྣམས་ཀྱིས་མང་དུ་སྨྲ་བར་ནུས་པ་མ་ཡིན་ནོ། །དེ་ལྟ་བས་ན་འགའ་ཞིག་གིས་དངོས་སུ་ཆོས་ལ་སོགས་པ་མཁྱེན་ཏོ་ཞེས་བྱ་བར་གྲུབ་བོ། །གལ་ཏེ་འདི་སྙམ་དུ་སྤྱིར་གྲུབ་པ་དེ་ལྟ་ན་ཡང་བདེ་བར་གཤེགས་པ་ཆོས་མཁྱེན་པ་ཉིད་དུ་

བསྒྲུབ་པར་བྱ་བར་འདོད་དེ། དེས་ན་ཇི་ལྟར་ཁྱེད་ལ་དེ་འགྲུབ་པར་འགྱུར་སྙམ་དུ་དོགས་པ་ལ། བཅོམ་ལྡན་འདས་ཆོས་མཁྱེན་པ་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར། གང་ཞིག་མ་མཐོང་མ་དཔགས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་ཞིག་མ་ཐོས་ཤིང་མ་དཔགས་པའི་

བདེན་པའི་དོན་ཉེ་བར་སྟོན་པ་ན་ལྷུར་ལེན་པ་དེ་ནི་དེའི་དོན་གྱི་དེ་ཁོ་ན་ཉིད་དངོས་སུ་མཁྱེན་པ་ཡིན་ཏེ། དཔེར་ན་མངོན་སུམ་ལས་ཆུ་ལ་སོགས་པ་དེ་སྟོན་པ་པོ་བཞིན་ནོ། །བཅོམ་ལྡན་འདས་ཀྱང་དེ་བཞིན་ནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །བདེན་པ་ལ་སོགས་པ་བསྒྲུབས་ཟིན་

པའི་ཕྱིར། གཏན་ཚིགས་མ་གྲུབ་པ་མ་ཡིན་ལ། འདི་མ་ངེས་པ་ཡང་མ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །གཏན་ཚིགས་ཐམས་ཅད་མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཉིད་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །གཞན་གྱིས་རབ་ཏུ་མི་ཤེས་པ། །ཞེས་བྱ་བ་ནི། གཞན་གྱིས་མི་ཤེས་པའི་

ནུས་པ་ཕྱག་རྒྱ་ལ་སོགས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེའི་ཕྱིར་རིང་དུ་སོང་བ་ཡི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དེའི་ཕྱིར་ཐབས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁང་མིག་གཅིག་ན་གནས་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་

ནི་ཁྱེད་ཀྱིས་ཚད་མ་མེད་པའི་དམ་བཅའ་བ་ཙམ་ཉིད་བརྗོད་པ་ཡིན་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱིས་མ་དམིགས་པ་ཙམ་གྱིས་སྐྱེས་བུ་ཐམས་ཅད་ཀྱི་དབང་པོ་ལས་འདས་པའི་དོན་ཤེས་པའི་ནུས་པ་མེད་པ་ངེས་པར་ནུས་པ་མ་ཡིན་ནོ། །འདི་སྙམ་དུ་ཁོ་བོ་ཅག་གིས་མ་དམིགས་

པ་ཙམ་གྱིས་ནུས་པ་མེད་པར་ངེས་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྐྱེས་བུ་ཉིད་ལ་སོགས་པའི་གཏན་ཚིགས་དག་ལས་སོ། །འདི་ལྟར་སྐྱེས་བུ་ཐམས་ཅད་ནི་རིང་བ་དང་ཆོད་པ་ལ་སོགས་པའི་དངོས་པོ་ཡོངས་སུ་ཤེས་པར་ནུས་པ་མ་ཡིན་ཏེ། སྐྱེས་བུ་ཉིད་དང་དངོས་

Vol. 192 · folio 313a

པོ་ཉིད་དང་ཤེས་བྱ་ཉིད་ལ་སོགས་པའི་ཕྱིར་དཔེར་ན་བདག་བཞིན་ནོ་སྙམ་དུ་སེམས་ན། འདིར་སྨྲས་པ་སྐྱེས་བུ་ཉིད་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། ངེས་ཞེས་བྱ་བ་འདི་ནི་བྱེད་ཅེས་བྱ་བ་འདི་དང་གཞི་མཐུན་ཡིན་ནོ། །ཡང་འདི་ལ་གཏན་ཚིགས་རྣམས་མ་ངེས་པ་ཡིན་ཏེ།

ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་སྐྱེས་བུ་ཐམས་ཅད་ནི་རྨོངས་པའི་བློ་ཅན་ཡིན་ཏེ། སྐྱེས་བུ་ཉིད་ལ་སོགས་པའི་ཕྱིར་དཔེར་ན་ཁྱོད་བཞིན་ནོ་ཞེས་བྱ་བ་འདི་ཡང་བརྗོད་པར་ནུས་པ་ཡིན་ནོ། །སྐྱེས་བུ་གཅིག་ལ་མ་མཐོང་བའི་ཆོས་ཐམས་ཅད་ལ་མེད་པར་ངེས་པར་བྱ་བ་མི་ནུས་ཏེ། སྐྱེས་

བུ་རྣམས་ལ་ཁྱད་པར་མཐོང་བའི་ཕྱིར་རོ། །གང་ཡང་། རྒྱལ་པོ་དུས་འདབ་ཀྱིས་སྨྲས་པའི། །ཀུན་གྱིས་ཐམས་ཅད་མི་ཤེས་པ། །ཞེས་བྱ་བ་ལ་སོགས་པ་དེ་ཡང་ཚད་མ་མ་ངེས་པའི་དམ་བཅའ་བ་ཙམ་དེས་སྨྲས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ལ་ལར་སྐྱེས་བུ་གཅིག་ལ་ནི། །ཞེས་བྱ་

བ་ལ་སོགས་པ་སྨོས་ཏེ། ཡང་ན་རྒྱལ་པོ་དུས་འདབ་ཀྱིས་བདག་དང་མཚུངས་པའི་སྐྱེས་བུ་ལ་བསམས་ནས་སྨྲས་པ་ཡིན་ཏེ། །དེས་ནི་མི་འགལ་བའི་ཕྱིར་འདི་ཁུངས་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡང་ན་རང་མཚུངས་སེམས་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་དང་མཚུངས་ཏེ་འདྲ་བ་ནི་

རང་མཚུངས་སོ། །མ་འོངས་པ་ལ་མངོན་སུམ་གྱིས། །ཞེས་བྱ་བ་ལ། །རྣལ་འབྱོར་པ་ཡིས་མངོན་སུམ་དཔྱོད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དུས་གསུམ་བརྟག་པར་ཞེས་བྱ་བ་ནི་དེར་འདི་སྐད་དུ་དངོས་པོ་ཐམས་ཅད་དངོས་སམ་བརྒྱུད་པས་རྒྱུ་དང་འབྲས་བུར་གྱུར་པ་ཡིན་ཏེ།

དེ་ལ་ད་ལྟར་བ་ཉིད་ནི་དངོས་སམ་བརྒྱུད་པས་འདས་པའི་འབྲས་བུར་གྱུར་པ་ཡིན་ལ། མ་འོངས་པའི་ནི་རྒྱུར་གྱུར་པ་ཡིན་པས་མངོན་སུམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཇི་ལྟར་བཅོམ་ལྡན་འདས་དངོས་སུ་ཆོས་གཟིགས་པ་དང་གསུང་པ་ཡིན་ནོ་ཞེས་བྱ་བ་འདི་ལ་བསྟན་ཟིན་ཏེ། རང་

གི་ཆོས་ནི་མ་མཐོང་བའི། །ཞེས་བྱ་བ་འདི་ཡང་མ་གྲུབ་པོ་སྙམ་དུ་བསམས་པ་ཡིན་ནོ། །འདི་སྙམ་དུ་འདི་ཆོས་གསུངས་པ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ཇི་ལྟར་གྲུབ་སྙམ་དུ་སེམས་ན། གང་ལ་མངོན་མཐོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངེས་པར་ལེགས་ཞེས་བྱ་བ་ནི་གང་ལ་གྲུབ་པར་

Vol. 192 · folio 313b

ཞེས་བྱ་བར་འབྲེལ་ཏོ། །དེ་ལ་མངོན་པར་མཐོ་བ་ནི་བདེ་བའོ། །ངེས་པར་ལེགས་པ་ནི་ཐར་པའོ། །དེ་འདྲ་དེ་ནི་ཆོས་སུ་བཤད། །ཅེས་བྱ་བ་ལ། གང་ལ་མངོན་པར་མཐོ་བ་དང་ངེས་པར་ལེགས་པར་གྲུབ་པ་དེ་ནི་ཆོས་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །མངོན་པར་མཐོ་བ་དང་ངེས་

པར་ལེགས་པ་གྲུབ་པའི་རྒྱུ་ཆོས་ཡིན་དུ་ཆུག་མོད་གང་གིས་འདི་ཆོས་ཉིད་དུ་འགྱུར་བ་བདེ་བར་གཤེགས་པའི་གསུང་ཇི་ལྟར་དེའི་རྒྱུ་ཉིད་དུ་གྲུབ་ཅེ་ན། དེ་གསུངས་པ་ཞེས་བྱ་བ་ལ་སོགས་པའི་གསུངས་ཏེ། འདི་ནི་དེ་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང་ཡིན་ལ་སྔགས་དང་རྣལ་འབྱོར་ལ་

སོགས་པ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །སོགས་པའི་སྒྲས་ནི་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་གཟུང་ངོ་། །མཐོང་བའི་ཆོས་ལའང་ཞེས་བྱ་བ་ནི་སྐྱེ་བ་འདི་ཉིད་ལའོ། །འང་གི་སྒྲས་ནི་འཇིག་རྟེན་ཕ་རོལ་འབའ་ཞིག་ཏུ་མ་ཟད་ཅེས་སྟོན་པའོ། །དེ་ལྟར་མངོན་པར་མཐོ་བའི་

རྒྱུ་ཉིད་དུ་བསྟན་ནས་ངེས་པར་ལེགས་པའི་རྒྱུ་ཉིད་དུ་བསྟན་པའི་ཕྱིར། ཆོས་ཀུན་བདག་མེད་ཉིད་མཐོང་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཐམས་ཅད་ཀྱི་ལྟར་ན་སྐྱེ་བའི་རྒྱུ་བསྟན་ནས་ཞི་བ་ནི་ཐར་པ་ཞེས་འདོད་ལ། དེ་ཐོབ་པའི་རྒྱུ་ཡང་བཅོམ་ལྡན་འདས་ཀྱི་གསུང་ཉིད་ཡིན་ཏེ།

སྐྱེ་བའི་རྒྱུ་ཉོན་མོངས་པའི་གཉེན་པོར་གྱུར་པ་བདག་མེད་པར་ལྟ་བ་ནི་འདི་ཉིད་དུ་བསྟན་པའི་ཕྱིར་གཞན་དུ་མ་ཡིན་ཏེ། གཞན་མུ་སྟེགས་བྱེད་ཐམས་ཅད་ནི་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པའི་ཕྱིར་རོ། །དེས་ན་བཅོམ་ལྡན་འདས་ཀྱི་གསུང་ཉིད་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་

ཐོབ་པའི་ཐབས་སུ་གྱུར་པའི་ཕྱིར་ཆོས་ཀྱི་མཚན་ཉིད་དུ་བཤད་ཀྱི་གཞན་ནི་མ་ཡིན་ནོ། །དེས་ན་འདི་ཉིད་ལེགས་པར་དོན་དུ་གཉེར་བ་རྣམས་ཀྱི་གཉེན་པོར་བྱའི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ། །ཡན་ལག་གི་དོན་ནི་བརྗོད་པར་བྱ་སྟེ། གལ་ཏེ་ཉོན་མོངས་པའི་ཚོགས་འཇིག་ཚོགས་ལ་

ལྟ་བ་ལས་འབྱུང་བ་ཉིད་དུ་གྲུབ་ཅེ་ན། བདག་དང་བདག་འཛིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཡང་ཁོ་བོ་ཅག་གིས་སྔར་བཤད་ཟིན་ཏོ། །གལ་ཏེ་ཉོན་མོངས་པའི་ཚོགས་འཇིག་ཚོགས་ལ་ལྟ་བ་ལས་བྱུང་བ་དེ་ལྟ་ན་ཡང་འདི་ལ་ཇི་ལྟར་བདག་མེད་པར་ལྟ་བས་བཟློག་པར་འགྱུར་ཞེ་ན་དེའི་ཕྱིར་

Vol. 192 · folio 314a

བདག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡོད་པར་ལྟ་བ་ནི་སེམས་ཅན་ལ་ལྟ་བ་སྟེ། འཇིག་ཚོགས་ལ་ལྟ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་གཉེན་པོ་མི་གཉེན་པོའི་ཕྱོགས་སོ། །འདི་སྔར་བསྟན་པ་ཁོ་ནའོ། །དེ་ཡོད་པ་ཞེས་བྱ་བ་ནི་བདག་མེད་པར་ལྟ་བ་ཡིན་ནོ། །དེ་

ཞེས་བྱ་བ་ནི་སེམས་ཅན་དུ་ལྟ་བའོ། །དེའི་རྩ་བ་ཅན་ཞེས་བྱ་བ་ནི་སེམས་ཅན་དུ་ལྟ་བའི་རྩ་བ་ཅན་ནོ། །རྒྱུ་མེད་པ་ལས་ཞེས་བྱ་བ་ནི་སེམས་ཅན་དུ་ལྟ་བའི་རྒྱུ་མེད་པའི་ཕྱིར་རོ། །དེ་མེད་པ་ན་ཞེས་བྱ་བ་ནི་ཉོན་མོངས་པའི་ཕུང་པོའོ། །དེའི་རྒྱུ་ཅན་ཞེས་བྱ་བ་ནི་ཉོན་མོངས་པའི་ཕུང་པོའི་རྒྱུ་ཅན་ནོ། །

སྐྱེ་མི་འགྱུར་ཞེས་བྱ་བ་ནི་གང་གི་ཕྱིར་རྒྱུ་མེད་པར་འབྲས་བུ་འབྱུང་བར་རིགས་པ་མ་ཡིན་ཏེ། རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལས་ཤིན་ཏུ་རྣམ་གྲོལ་བ། །ཞེས་བྱ་བ་ནི་ཉོན་མོངས་པ་དེ་དག་དང་ཡང་སྲིད་པ་དེ་ལས་གཏན་དུ་མི་སྐྱེ་བ་ནི་གྲོལ་བ་སྟེ། དེ་ལ་ཤིན་ཏུ་རྣམ་གྲོལ་བའོ། །

ཇི་སྐད་དུ། དེ་ལས་ཤིན་ཏུ་གྲོལ་བ་ནི་བྱང་གྲོལ་ཡིན་ནོ་ཞེས་སྨྲས་པ་བཞིན་ནོ། །འོན་ཏེ་གཞན་དག་གི་ལུགས་ལ་ཡང་དེ་ཁོ་ན་ཉིད་མཐོང་བ་ནི་ངེས་པར་ལེགས་པའི་རྒྱུ་ཉིད་ཡིན་ལ་དགེ་བ་བཅུའི་ལས་ཀྱི་ལམ་ནི་མངོན་པར་མཐོ་བའི་རྒྱུར་བཀོད་པ་མ་ཡིན་ནམ། དེ་ཇི་ལྟར་བདག་མེད་པར་ལྟ་བ་

ཁོ་ན་གཉིས་སུ་མེད་པའི་ཐར་པའི་སྒོ་ནས་ཞེས་བརྗོད་ཅེ་ན། མུ་སྟེགས་ཀུན་གྱི་ལྟར་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཕུང་པོ་རྣམས་ནི་ང་རྒྱལ་ལས་བྱུང་བའི་ལོག་པ་ན་གྲོལ་བ་ཡིན་ནོ་ཞེས་བྱ་བ་འདི་ཐམས་ཅད་ལ་རྩོད་པ་མེད་པ་ཡིན་ནོ། །ང་རྒྱལ་ལྡོག་པ་དེ་ཡང་གཞན་མུ་

སྟེགས་པ་རྣམས་ལ་སྲིད་པ་མ་ཡིན་ཏེ། དེ་དག་ནི་བདག་ཏུ་ལྟ་བ་ཕྱིན་ཅི་མ་ལོག་པ་མངོན་པར་ཞེན་པའི་ཕྱིར་དང་། ང་རྒྱལ་ཡང་བདག་ཏུ་ལྟ་བའི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཇི་ལྟར་བདག་ཡོད་པ་དང་བདག་ཡོད་པ་ལ་མངོན་པར་ཞེན་པས་གནས་ཤིང་རྒྱུ་མ་ཚང་བ་མེད་པ་ནི་རང་གི་ཡུལ་

བདག་སུན་དབྱུང་བར་མ་བྱས་པར་འདི་ཇི་ལྟར་ལྡོག་པར་འགྱུར། ཇི་སྐད་དུ། ང་རྒྱལ་དང་བཅས་ཡིད་ལ་སྐྱེ་བའི་རྒྱུན་ནི་ཞི་བར་མི་འགྱུར་ཏེ། །བདག་ཏུ་ལྟ་བ་ཡོད་ན་ང་རྒྱལ་སེམས་དང་བྲལ་བར་མི་འགྱུར་ལ། །གང་ཕྱིར་འགྲོ་བའི་སྟོན་པ་གཞན་ནི་བདག་མེད་སྨྲ་བ་ཅན་མ་མཆིས། །དེ་

Vol. 192 · folio 314b

ཕྱིར་ཉེར་ཞི་སྒྲུབ་ལ་ཁྱེད་ཀྱི་གཞུང་ལས་ལམ་གཞན་མཆིས་མ་ལགས། །ཞེས་བསྟན་པ་བཞིན་ནོ། །འདི་ལྟར་ཡིད་ཀྱི་ཆོས་རྣམས་ནི་ཚེར་མ་ལ་སོགས་པ་བཞིན་དུ་བཏོན་ནས་སྤང་བར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་དག་ཇི་ལྟ་བུར་གྱུར་པའི་ཡུལ་ལ་མངོན་པར་ཞེན་པ་ནས་འཇུག་པ་དེ་

སུན་ཕྱུང་བ་ལས་སོ། །རྣལ་འབྱོར་པ་བདག་ཉིད་སུན་འབྱིན་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ནི་སུན་དབྱུང་མེད་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དེ་སུན་འབྱིན་པ་ནི་མེད་དོ་ཞེས་བྱ་བ། དེ་ལྟ་བུའི་མེད་པའི་རྣམ་པས་སུན་དབྱུང་བར་བྱའི་གཞན་དུ་ན་སུན་འབྱིན་པ་དོན་མེད་པར་འགྱུར་

རོ། །འདི་ལྟར་བདག་ཡོད་པ་ཉིད་དུ་མངོན་པར་ཞེན་ནས་སྡུག་བསྔལ་གྱི་རྒྱུ་ཉིད་ཀྱིས་སུན་འབྱིན་པར་བྱེད་པ་ན་སུན་འབྱིན་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། དེའི་སུན་འབྱིན་པ་ནི་དོར་བར་བྱ་བའི་ཕྱིར་ཡིན་ལ་རང་བཞིན་དུ་གྱུར་པ་རྟག་ཏུ་ཡོད་པ་ནི་དོར་བ་མི་སྲིད་པ་དེས་ན་དེ་སུན་ཕྱུང་བ་ན་དོན་མེད་པ་ཡིན་ནོ། །དེ་དག་

གིས་མེད་པའི་རྣམ་པས་སུན་དབྱུང་བར་བྱ་བ་ཡང་མ་ཡིན་ཏེ། བདག་མེད་པ་ཉིད་དུ་མངོན་པར་ཞེན་པས་དེ་དག་ཕྱིན་ཅི་ལོག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཞན་ཡང་སྡུག་བསྔལ་གྱི་རྒྱུ་ཉིད་ལ་སོགས་པ་རྣམ་པ་གཞན་གྱིས་དེ་སུན་དབྱུང་བར་བྱ་བ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་བདག་དུ་ལྟ་བ་ཙམ་

ལས་བྱུང་བའི་ང་རྒྱལ་ལྡོག་པར་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྟོན་པའི་ཕྱིར། གལ་ཏེ་བདག་ཡོད་དེ་ལྟ་ན། །ཞེས་བྱ་བ་སྨོས་ཏེ། གལ་ཏེ་བདག་ཡོད་ན་ཞེས་བྱ་བའི་དོན་ཏོ། །བདག་མེད་ཅེས་བྱ་རིགས་མ་ཡིན། །ཞེས་བྱ་བ་ནི། བདག་མེད་དོ་སྙམ་དུ་ལྟ་བ་དེ་ལྟ་བུ་རིགས་པ་མ་ཡིན་ནོ་ཞེས་བྱ་

བའི་དོན་ཏོ། །དེ་ལྟ་བས་ན་ཁྱེད་ཅག་གི་དེ་ཁོ་ན་ཉིད་རིགས་པ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་བྱ་བ་འདི་ནི་བརྫུན་ཡིན་ནོ། །གང་གི་ཕྱིར་ང་རྒྱལ་དང་བྲལ་བ་ལས་གྲོལ་བར་འདོད་ལ་བདག་ཡུལ་དུ་གྱུར་པར་གནས་ན་ང་རྒྱལ་ལྡོག་པར་རིགས་པ་མ་ཡིན་པས་གྲོལ་བ་གང་ལས་ཡིན། དེ་ཕྱིར་མུ་

སྟེགས་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །མི་དགེ་བཅུ་ནི་སྤངས་པ་ཡིས། །ཞེས་བྱ་བ་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པ་ལས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་མོ་དང་། ངག་ཀྱལ་པ་དང་། བརྣབ་སེམས་

Vol. 192 · folio 315a

དང་། །གནོད་སེམས་དང་། ལོག་པར་ལྟ་བ་རྣམས་ནི་མི་དགེ་བ་བཅུའོ། །རྣམ་པ་གཅིག་ཏུ་ན་གཞན་དག་མི་སྐྱོབ་བ་དང་མི་སྦྱིན་པ་དང་། བསྙེན་བཀུར་མི་བྱེད་པ་དང་། མི་བདེན་པ་དང་། ཡིད་དུ་མི་འོང་བ་བརྗོད་པ་དང་། མི་ཕན་པ་དང་། འདོན་པར་མི་བྱེད་པ་དང་།

མ་དད་པ་དང་། བརྩེ་བ་མེད་པ་དང་། མི་དགའ་བ་ཞེས་བྱ་བ་མི་དགེ་བ་བཅུ་ཡིན་པར་འདོན་ཏོ། །དེ་ལས་བཟོག་པ་ལས་དགེ་བ་རྣམས་ཀྱང་བཅུ་ཡིན། མི་དགེ་བ་བཅུ་པོ་དེ་དག་སྤངས་པ་ནི་དེ་ལས་བྲལ་བ་སྟེ་དགེ་བ་བཅུ་ཉམས་སུ་ལེན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཅུང་ཟད་ཅིག་ཅེས་བྱ་བ་ནི་

ཕྱིན་ཅི་ལོག་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཆེས་མྱུར་བར་འཇིག་པའི་ཕྱིར་རོ། །ཉོན་མོངས་རྩ་བ་ནི་སེམས་ཅན་དུ་ལྟ་བའོ། །བཅོམ་ལྡན་འདས་ཀྱི་གསུང་གི་ཁྱད་པར་མཐོ་བའི་རྒྱུ་ཉིད་དུ་ཡང་སྟོན་པ་ནི་སྐྱོབ་པས་སླར་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། སྟོབས་ལྡན་ཞེས་བྱ་བ་ནི་འབྲས་བུ་རྒྱ་ཆེ་ཞིང་

བསྟན་པ་ཉིད་ཀྱི་ཕྱིར་རོ། །ཅིའི་ཕྱིར་ཅིག་ཤོས་ཀྱང་སྟོབས་དང་ལྡན་པར་མི་འགྱུར་ཞེ་ན་སེམས་ཅན་ལྟ་བས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་རྒྱུ་ཡོངས་སུ་དག་པ་ཁོ་ན་ལས་འབྲས་བུ་ཡོངས་སུ་དག་པ་འབྱུང་གི་ཡོངས་སུ་མ་དག་པ་ལས་ནི་མ་ཡིན་ནོ། །ཐུབ་མཆོག་ཅེས་བྱ་བ་ནི་ཕྱི་

རོལ་པ་སློབ་པ་དང་མི་སློབ་པའི་ཐུབ་པ་རྣམས་ཀྱི་ནང་ནས་མཆོག་སྟེ་ཆེས་བཟང་བ་ནི་ཐུག་མཆོག་གོ། །གང་ཡང་། གང་དག་སངས་རྒྱས་ལ་སོགས་པ། །ཀུན་མཁྱེན་རིགས་བྱེད་བདག་ཉིད་དུ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་ལ། སྐྱོབ་པ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། སྐྱོབ་པ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །གལ་ཏེ་རིག་བྱེད་རྟག་པ་ཉིད་དུ་སྐྱོབ་པར་གྱུར་ན་དེའི་ཚེ་དེ་སྐད་དུ་བརྗོད་པར་འགྱུར་ན་གང་གི་ཕྱིར་དེ་ཉིད་མ་གྲུབ་སྟེ། སྔར་གནོད་པར་བྱེད་པའི་ཚད་མ་བསྟན་པའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །གནོད་པར་བྱེད་པའི་ཚད་མ་

དེ་ཉིད་དྲན་པར་བྱེད་པ་ན་རིམ་དང་ཅིག་ཅར་ཞེས་བྱ་བ་སྟེ། འདི་ཡང་སྔར་བཤད་ཟིན་པ་ཉིད་དོ། །གང་ཡང་། ད་ནི་རེ་ཞིག་མི་སོགས་ཀྱིས། །ཐམས་ཅད་མཁྱེན་པ་མི་མཐོང་ལ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། ད་ལྟར་ཐམས་ཅད་མཁྱེན་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །

Vol. 192 · folio 315b

དགག་པ་བཞིན་དུ་འབྱུང་འགྱུར་ཞེས། །བརྟག་པར་ནུས་པ་མ་ཡིན་ནོ། །ཞེས་ཀུ་མཱ་ར་རི་ལས་གཞན་འདི་ཡང་སྨྲས་པ་འདི་ལ། དགག་པ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདས་པའི་དུས་སུ་ཐམས་ཅད་མཁྱེན་པ་དགག་པར་ནུས་པ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་བྱུང་བར་

གྱུར་ཏོ་ཞེས་བརྟག་པར་ནུས་པ་མ་ཡིན་ནོ་ཞེས་གྲགས་པ་དེ་ཡང་མི་རིགས་ཏེ། འདས་པའི་དུས་སུ་ཡང་དེ་དགག་པར་མི་ནུས་པའི་ཕྱིར་རོ། །འང་གི་སྒྲ་ལས་འབྱུང་བ་དང་འབྱུང་བར་འགྱུར་བའི་དུས་དག་ཀྱང་དགག་པར་ནུས་པ་མ་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། མ་མཐོང་བ་ཙམ་གྱིས་མེད་པར་

རྟོགས་པ་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །འདི་སྙམ་དུ་ཞེས་བྱ་བ་ལ་སོགས་པ་གཞན་གྱིས་བཀོད་པའི་སྒྲུབ་པར་བྱེད་དོགས་པ་ཡིན་ཏེ། སྦྱོར་བ་ནི་གང་འདས་པའི་དུས་ཡིན་པ་དེ་ནི་ཐམས་ཅད་མཁྱེན་པས་སྟོང་པ་ཡིན་ཏེ་དུས་ཡིན་པའི་ཕྱིར་ད་ལྟར་པའི་དུས་བཞིན་ནོ། །དེ་ལ་བསྒྲུབ་པར་

བྱ་བ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་མ་བསྟན་པའི་ཕྱིར། ལྡོག་པ་ལ་ཐེ་ཚོམ་ཟ་བ་དེས་ན་གཏན་ཚིགས་མ་ངེས་པ་ཡིན་ནོ། །དཔེ་ལ་ཡང་བསྒྲུབ་པར་བྱ་བའི་ཆོས་ཐེ་ཚོམ་ཟ་བའི་ཕྱིར་མ་གྲུབ་ལ། དཔེ་གྲུབ་ཏུ་ཆུག་དེ་ལྟ་ན་ཡང་དཔེ་ཙམ་གྱིས་འདོད་པ་གྲུབ་པར་རིགས་པ་མ་ཡིན་ནོ་ཞེས་བསྒྲུབ་

པའི་ཕྱིར་རྒྱུའི་ཚོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་དེ་ལྟར་མེད་པ་དེ་ནི་འདས་པའི་དུས་སུ་ཡང་མ་བྱུང་ངོ་ཞེས་བྱ་བ་འདི་ལ་འབྲེལ་པ་ཅི་ཞིག་ཡོད། དགའ་བྱེད་དང་བྷ་ར་ཏ་ལ་སོགས་པ་ད་ལྟར་མེད་པའི་ཕྱིར་མེད་པར་རྗེས་སུ་དཔག་པར་ནུས་པ་མ་ཡིན་ཏེ། དེ་བས་ན་འགའ་བྱེད་ལ་སོགས་པ་

ཡང་མ་ངེས་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཡིན་ནོ། །གང་ཡང་། རྟགས་ཀྱི་ཕྱོགས་གཅིག་མཐོང་མ་ཡིན། །ཞེས་བྱ་བ་ལ་སོགས་པ་སྨྲས་པ། དེ་ལ་ཤེས་རབ་ལ་སོགས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་རིགས་མཐུན་སྔ་མ་ཡི། །ཞེས་བྱ་བ་ལ་སོགས་པས་ཤེས་རབ་ལ་

སོགས་པ་ཆོས་ཅན་ཉིད་དུ་བརྗོད་ནས་རྟགས་བརྗོད་དེ་དེས་ན་རྟགས་མེད་དོ་ཞེས་བྱ་བ་དེ་མ་གྲུབ་པོ། །ཡོད་པར་བསྒྲུབ་པ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཤེས་རབ་ལ་སོགས་པ་ཤིན་ཏུ་ཕུལ་དུ་བྱུང་བའི་ཕྱིར་ཆོས་ཡིན་ལ། དེ་ཉིད་ཀྱང་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །དེ་བས་ན་ཡོད་པར་བསྒྲུབ་པའི་

Vol. 192 · folio 316a

སྐྱོན་གང་དག་ཡིན་པ་དེ་དག་ཀྱང་འདིར་མི་འཇུག་པ་ཉིད་དོ། །ཀུན་མཁྱེན་སྒྲུབ་བྱེད་བརྟག་པ་ཡི། །ཞེས་བྱ་བ་ལ་སོགས་པ་ལ། སྔར་བཤད་རྟགས་ནི་ཡོད་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་སྟོན་ནས་ཤུགས་ཀྱིས་རྗེས་སུ་དཔག་པ་སྲིད་པ་ན་འགའ་ཞིག་འདོད་པ་

ཙམ་གྱིས་རྗེས་སུ་བྱེད་པའི་ཚིག་ལས་དངོས་པོ་གྲུབ་པ་ཚོལ་བ་ནི་མ་ཡིན་ནོ། །དེ་ལྟ་བས་ན་ཁོ་བོ་ཅག་ལུང་གིས་ཐམས་ཅད་མཁྱེན་པ་སྒྲུབ་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རྗེས་སུ་དཔག་པ་ལས་སོ། །དེ་ཡང་སྔར་བཤད་ཟིན་པ་ཉིད་དོ། །ཀུན་མཁྱེན་སྒྲུབ་བྱེད་བརྟག་པ་ཡི། །ལུང་གི་རྣམ་པ་འགའ་ཡོད་

མིན། །ཞེས་བྱ་བ་དེ་ཡང་གྲུབ་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འོན་ཀྱང་རིག་བྱེད་ཚད་མ་རུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ལུས་ཅན་ཞེས་བྱ་བ་འཕྲོས་པ་གཞན་ཡོད་དེ། དེར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད་ཐམས་ཅད་མཁྱེན་པ་ཡིན་པར་གསལ་རབ་ཏུ་འདོན་ཏེ།

དེའི་ཕྱིར་རིག་བྱེད་ཚད་མར་བྱེད་པའི་རྨོངས་པ་ཁྱེད་ཅག་གིས་འདི་སྤོང་བར་བྱེད་པ་ཡིན། དེར་འདོན་པ་འདི་ཡང་ཇི་ལྟ་བུ་ཞེ་ན། བསྟན་པའི་ཕྱིར་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲགས་པས་ཁྱབ་ཅེས་བྱ་བ་ནི་འགྲོ་བ་ཐམས་ཅད་དུ་སྙན་པར་གྲགས་པའོ། །བདུད་རྩིའི་གོ་འཕང་བརྙེས་ཞེས་

བྱ་བ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་མ་ལུས་པ་ཞི་བའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པ་ཞེས་བྱ་བའི་དོན་ཏོ། །དག་པ་ཞེས་བྱ་བ་ནི་ཟག་པ་མེད་པའི་དབྱིངས་ཀྱི་རང་བཞིན་ནོ། །འདི་ཙམ་གྱིས་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་དང་སྤངས་པའི་མཚན་ཉིད་ཀྱི་རང་གི་དོན་

ཕུན་སུམ་ཚོགས་པ་བསྟན་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའི་ཕྱིར། འཇིག་རྟེན་ཀུན་གྱི་ཡབ་ཏུ་གྱུར། །ཞེས་བྱ་བ་སྨོས་ཏེ། ཡབ་ནི་སྟོན་པའོ། །འགྲོ་བ་མཐའ་དག་ཐེག་པ་གསུམ་གྱི་བདེ་བ་ལ་འགོད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་

དོགས་པ་ཡིན་ཏེ། འདི་ཞེས་བྱ་བ་ནི་ལུས་ཅན་ཞེས་བྱ་བའི་འཕྲོས་པ་བཞིན་ནོ། །དེས་འདིར་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །དེ་ལྟར་ལྷུར་ལེན་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་འདེབས་པར་བྱེད་དེ། དེ་ལྟར་ལྷུར་ལེན་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་སྟོན་པ་

Vol. 192 · folio 316b

ལྷུར་ལེན་པའོ། །ཇི་ལྟར་རྙེད་མི་ནུས་ཤེ་ན། །གལ་ཏེ་རྟག་ན་དྲང་དོན་ཉིད། །ཅེས་བྱ་བ་སྨོས་ཏེ། གལ་ཏེ་ཐམས་ཅད་མཁྱེན་པ་རྟག་ན་ལྷུར་ལེན་པའི་ལུང་འདི་རྟག་པར་གྱུར་ན་དེའི་ཚེ་ངེས་པར་དྲང་བའི་དོན་དུ་འདིའི་དོན་གཞན་ཉིད་དུ་བལྟ་བར་བྱའོ། །ཡང་འདི་དྲང་བའི་དོན་ཉིད་དུ་མི་འདོད་པ་

དེའི་ཚེ་ངེས་པར་འདི་མི་རྟག་པ་ཉིད་དུ་འགྱུར་རོ། །ཡང་ཅིའི་ཕྱིར་མི་རྟག་པ་ཉིད་ཡིན་ན་དྲང་བའི་དོན་དུ་འགྱུར་ཞེ་ན། ལུང་ནི་རྟག་པ་ཉིད་གྲུབ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་རྟག་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་རྟག་པའོ། །ཅིའི་ཕྱིར་ལོག་པ་ཡིན་ཞེ་ན། གང་ཕྱིར་མི་རྣམས་ཞེས་

བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལས་ཞེས་བྱ་བ་ནི་ལུང་རྟག་པ་ལས་སོ། །འདི་ནི་རབ་ཏུ་གྲུབ་ན་ཡང་། །ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །གལ་ཏེ་ཡང་ངེས་བརྗོད་ལ་སོགས་པའི་རིག་བྱེད་འདི་རང་གི་ངོ་བོ་ཉིད་དུ་རབ་ཏུ་གྲགས་པ་དེ་ལྟ་ན་ཡང་འདི་རྟག་པ་ཉིད་དུ་མ་གྲུབ་པོ། །ཇི་

ལྟར་ཞེ་ན། གང་གིས་བརྩལ་མ་ཐག་ཏུ་བྱུང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི་གང་གི་ཕྱིར་གྱི་དོན་ཏོ། །གང་ཞིག་བརྩལ་མ་ཐག་ཏུ་བྱུང་བའི་ཤེས་པ་ཅན་ནམ། འབྲས་བུ་ཤེས་པའི་རིམ་པ་ཅན་ཡིན་པ་དེ་ནི་མི་རྟག་པ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ་བཞིན་ནོ། །

རིག་བྱེད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདིའི་མ་གྲུབ་པ་ཉིད་ལ་སོགས་པ་ཐོས་པ་བརྟག་པར་རྒྱས་པར་བསལ་ཟིན་པའི་ཕྱིར་མི་བརྗོད་དོ། །འདི་ནི་ཞེས་བྱ་བ་ནི་རིག་བྱེད་དོ། །གལ་ཏེ་འཕྲོས་པ་གཞན་རིག་བྱེད་ཉིད་དུ་མ་གྲུབ་པོ་ཞེ་ན། ཡང་ན་རིག་བྱེད་ཡིན་པའི་

ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དུ་ཞེས་བྱ་བ་ནི་གལ་ཏེ་འདིར་རིག་བྱེད་མ་ཡིན་པ་ཉིད་དུ་མི་སྟོན་ན་དེའི་ཚེ་ཁྱོད་ཀྱིས་ཐོས་པར་ཏེ་རིག་བྱེད་ལས་ཐམས་ཅད་མཁྱེན་པ་དེ་མ་སྨོས་སོ་ཞེས་སྨྲས་པ་གང་ཡིན་པ་དེ་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཉིད་དུ་འགྱུར་རོ། །གང་ཡང་། དེ་ལྷུར་ལེན་ན་མི་རྟག་

འགྱུར། །ཞེས་བྱ་བ་འདི་ལ་རིག་བྱེད་རྟག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་ཞེས་འདྲི་ན་གཞན་གྱིས་སྨྲས་པ་ནི་འཇིག་པའི་དོན་དང་འབྲེལ་ཕྱིར་ཞེས་བྱ་བ་སྨོས་ཏེ། འཇིག་པའི་དོན་དང་འབྲེལ་ཏེ་འདྲེས་པའི་རྒྱུའི་ཕྱིར་མི་རྟག་པ་ཉིད་དུ་འགྱུར་རོ། །གལ་ཏེ་དེ་ལྟ་ཞེས་བྱ་བ་ལ་སོགས་

Vol. 192 · folio 317a

པས་མ་ངེས་པ་ཉིད་དུ་སྟོན་པ་ཡིན་ཏེ་དགང་ལུགས་ནི་མར་རོ། །སོ་བ་ནི་འབྲས་བུའི་ཁྱད་པར་རོ། །གསེར་གྱི་རལ་པ་ཅན་ནི་མའོ། །དེ་ཡིས་ཞེས་བྱ་བ་ནི་རིག་བྱེད་ཀྱིས་སོ། །དེ་ལ་རིགས་རྟགས་ཡོད་ཅེ་ན། །ཞེས་བྱ་བས་གཞན་གྱི་ལན་དོགས་པར་བྱེད་དེ། དགང་

ལུགས་ལ་སོགས་པ་དེ་ལས་སྒྲའི་བརྗོད་པར་བྱ་བ་རིགས་ཡོད་པ་ཡིན་ཏེ། དེས་ན་ཧ་ཅང་ཐལ་བར་མི་འགྱུར་རོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ་སྤྱི་བརྟག་པར་རིགས། རྒྱས་པར་བསལ་ཟིན་པའི་ཕྱིར་རོ། །རིགས་ཡོད་དུ་ཟིན་པ་དེ་ལྟ་ན་ཡང་རིགས་ཙམ་རྗོད་པར་བྱེད་པའི་དགང་ལུགས་ཀྱི་སྒྲ་

ལས་གསལ་བ་ལས་ཤེས་པ་སྐྱེད་པར་མི་འགྱུར་ལ། དེ་བས་ན་གསལ་བར་བསྒྲུབ་པར་བྱ་བའི་དོན་དུ་གཉེར་བ་ལ་རིགས་བརྗོད་པ་དོན་མེད་པ་ཉིད་དུ་མི་འགྱུར་རོ། །གལ་ཏེ་མེད་ན་མི་འབྱུང་བ་ཉིད་ཀྱིས་གསལ་བ་རྟོགས་པར་བྱེད་དོ་ཞེ་ན། མ་ཡིན་ཏེ། རྟོགས་པ་བར་ཆོད་པ་མེད་པའི་ཕྱིར་རོ། །སྒྲ་

ལས་དེ་མ་ཐག་ཏུ་རིགས་ལ་ཇེ་དང་པོར་བློ་སྐྱེ་ལ་ཕྱིས་མེད་ན་མི་འབྱུང་བ་ཉིད་ཀྱིས་གསལ་བར་རྟོགས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། འཇིག་རྟེན་སྒྲ་ལས་དོན་བྱ་བ་བྱེད་པའི་བྱེད་པ་པོ་ངེས་པར་བར་ཆོད་མེད་པ་ཉིད་དུ་སྐྱེ་སྟེ། དེ་བསྟན་པར་འདོད་པ་ཉིད་ཀྱིས་སྒྲ་སྦྱོར་བ་ཡིན་ནོ། །དེས་ན་སྒྲ་ལས་

གསལ་བ་རྟོགས་པ་མ་ཡིན་ནོ་ཞེས་བརྗོད་པར་རིགས་པ་མ་ཡིན་ནོ། །གལ་ཏེ་རིགས་ཁོ་ན་སྒྲས་བརྗོད་པ་ཡིན་གྱི་གསལ་བ་ནི་མ་ཡིན་པ་དེའི་ཚེ་གླང་འཇོ་བར་བརྗོད་པ་དེ་བཞིན་དུ་འབྲེལ་པ་མེད་པར་བརྗོད་པར་གོ་ནས་རྟོགས་པ་དང་ལྡན་པ་སྒྲ་ལས་གསལ་བ་ལ་འཇུག་པར་མི་འགྱུར་རོ། །ཅི་སྟེ་

ཐལ་བར་འགྱུར་བའི་ཉེས་པ་འདིར་འགྱུར་དུ་འོང་བས་གསལ་བའི་ངོ་བོ་དེ་ཡང་གསལ་བར་བརྗོད་པར་ཁས་ལེན་པར་བྱེད་ན་དེའི་ཚེ་ཇི་ལྟར་རིག་བྱེད་ཀྱི་རྟག་པ་ཉམས་པར་ཐལ་བར་མི་འགྱུར་རོ། །གཞན་ཡང་སྒྲ་རྣམས་དངོས་སུ་རིགས་བརྗོད་པ་དང་མེད་ན་མི་འབྱུང་བ་དེའི་གསལ་བ་བརྗོད་པ་ཡིན་

དུ་ཟད་མོད་དེ་ལྟ་ན་ཡང་ཐམས་ཅད་མཁྱེན་པ་སྟོན་པ་ལྷུར་ལེན་པའི་ལུང་རྟག་པ་ཉིད་དུ་མི་འགལ་ལོ་ཞེས་སྟོན་པ་ནི། ཡང་ན་ཀུན་མཁྱེན་གྱིས་བསྟན་བླ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་མཁྱེན་པ་གཅིག་ལ་ཡང་གནས་སྐབས་ཐ་དད་པ་ཡོངས་སུ་བརྟགས་པའི་སྣ་

Vol. 192 · folio 317b

ཚོགས་པ་ཉིད་ཀྱིས་རིགས་སྒྲའི་བརྗོད་བྱ་ཉིད་དུ་འཐད་ན། ཐོག་མ་མེད་པའི་ཐམས་ཅད་མཁྱེན་པའི་བརྒྱུད་པ་དཔག་ཏུ་མེད་པ་ལྟ་སྨོས་ཏེ་ཅི་དགོས། གཞན་ཡང་གལ་ཏེ་ཁྱེད་ཅག་གིས་ལྟས་ཅན་ཞེས་བྱ་བའི་འཕྲོས་པ་གཞན་རིག་བྱེད་ཉིད་དུ་ཁས་ལེན་པ་དེ་ལྟ་ན་ཡང་ཁྱེད་ཀྱི་ལུགས་ཁོ་ནས་ཐོས་པར་

མ་བརྗོད་པ་ཉིད་ཐེ་ཚོམ་ཟ་བ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གང་ཚེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིག་བྱེད་ཀྱི་ཚིག་རྣམས་རྟག་པ་ཉིད་ཀྱིས་རང་དགའ་བ་ཡིན་པས་ན་རིག་བྱེད་དེ་ལས་དོན་ངེས་པར་འབྱུང་བ་མ་ཡིན་ཏེ། གང་གི་ཕྱིར། རིག་བྱེད་འདི་བདག་གི་དོན་ནི་འདི་ཡིན་གྱི་གཞན་ནི་མ་ཡིན་

ནོ་ཞེས་དེ་སྐད་དུ་སྨྲ་བ་མ་ཡིན་ལ། རྟོག་པ་རང་ལས་ཏེ་བདག་ཉིད་ལས་དང་སྟེ་གཞན་ལས་ཏེ་འཆད་པ་པོ་ལས་དོན་ངེས་པར་འགྱུར་བ་ཡང་མ་ཡིན་ཏེ། ཁྱོད་ཀྱི་ལུགས་ཀྱིས་ཐམས་ཅད་རྨོངས་པ་ལ་སོགས་པ་བསླད་པ་ཉིད་ཡིན་པའི་ཕྱིར་རོ། །དེས་ན་མེ་ལ་སྦྱིན་སྲེག་སྦྱིན་པ་ལ་སོགས་པའི་ཚིག་ལས་

བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཡང་སྲིད་པ་ཁོ་ནའོ། །ཚད་མ་གང་ཞེས་བྱ་བ་ནི་ཅུང་ཟད་ཀྱང་མེད་པ་ཁོ་ནའོ། །གང་ཡང་མི་ཀུན་གྱིས་ཤེས་ཞེས་བྱ་བ། མི་སླུ་མི་སྲིད་མ་ཡིན་ནོ། །ཞེས་གང་སྨྲས་པ་འདི་ལ་མཐོ་རིས་དང་ནི་ཞེས་བྱ་བ་ལ་སོགས་པ་སྨོས་

སོ། །གང་ཡང་། དེ་ཡང་སྔགས་ཀྱི་དྲང་དོན་བཞིན། །ཕལ་པ་ཉིད་དུ་བརྗོད་པར་བྱ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། དེ་ཡང་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཚད་མས་ཐམས་ཅད་མཁྱེན་པ་ཉིད་སེལ་བར་འགྱུར་ན་དེའི་ཚེ་གཞན་དུ་མི་འཐད་པས་འདི་ཕལ་པའི་དོན་ཉིད་ཤེས་

པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ཏེ་གཙོ་བོའི་དོན་ཡང་སྲིད་པའི་ཕྱིར་རོ། །ཚིག་བརྟག་པ་ནི་དྲང་བའི་དོན་ཉིད་དུ་རིགས་པ་མ་ཡིན་ཏེ་གང་གི་ཕྱིར་དོན་གཞན་བསམས་ནས་གཞན་སྟོན་པ་ནི་དྲང་བའི་དོན་ཡིན་ལ། བསམ་པ་དང་བྲལ་བའི་ཚིག་ལ་བརྗོད་པར་འདོད་པ་མེད་པ་དེ་རིགས་པ་མ་ཡིན་ནོ། །ཡང་ན།

སྐབས་ཀྱི་ཆོས་ལ་སོགས་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཆོས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་རྒྱལ་བ་ཡིན་ཞེ་ན་གང་གི་ཕྱིར་རྒྱུ་དང་བཅས་པའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཅོམ་ལྡན་འདས་ཀྱིས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཡེ་

Vol. 192 · folio 318a

ཤེས་ཐོགས་པ་མེད་པ་བསྒྲུབས་པས་དེའི་ཕྱིར་བཅོམ་ལྡན་འདས་ཁོ་ན་མ་འདྲེས་པ་སྟེ་གཞན་མ་ཡིན་པའི་ཆོས་ལ་སོགས་པའི་ཡེ་ཤེས་ཅན་ཡིན་ནོ་ཞེས་རང་ཉིད་ཀྱི་ཚིག་གིས་ཐམས་ཅད་མཁྱེན་པར་ཁས་བླངས་པར་འགྱུར་རོ། །གང་ཡང་། ཡང་ན་བདག་ཉིད་ཁོ་ན་

ལས། །ཞེས་སྨྲས་པ། དེ་ལ་ཡང་བཅོམ་ལྡན་འདས་ཁོ་ན་ལས་རྣམ་པ་དེ་ལྟ་བུའི་ཡེ་ཤེས་སྲིད་པའི་ཕྱིར་མི་འདོད་པ་ཅུང་ཟད་ཀྱང་མེད་དོ་ཞེས་བསྟན་པར་བྱ་བའི་ཡེ་ཤེས་སུ་འགྱུར་ལ་སྟོན་པའི་གསུང་རབ་ཆ་གཅིག་ལ་ཡང་མི་བརྟན་པའི་ཡེ་ཤེས་མེད་པ་ཡིན་ཏེ་ཐེག་པ་གསུམ་གྱི་ཡུལ་ཅན་གྱི་བསྟན་

པ་སྡུག་བསྔལ་ལ་སོགས་པའི་མཚན་ཉིད་ཅན་གྱི་བསྟན་པ་ནི་ངག་གཅིག་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་བདག་ཉིད་རྣམ་པར་ཤེས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་ཞེས་བྱ་བ་ནི་བདག་ཤེས་པའོ། །དེ་དག་གི་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིའོ། །དང་པོ་

ཉིད་དུ་ཞེས་བྱ་བ་ནི་ཇི་སྲིད་ཡོན་ཏན་ཚོགས་ཞེས་བྱ་བ་ལ་སོགས་པས་སོ། །འོན་ཏེ་དེར་བདག་གིས་ཤེས་པ་རང་རིག་པའི་བདག་ཉིད་དུ་བརྗོད་ཀྱི་ནང་གི་བྱེད་པའི་སྐྱེས་བུའི་ཤེས་པ་ནི་མ་ཡིན་ནམ། དེ་ཇི་ལྟར་གྲུབ་པ་ལ་སྒྲུབ་པར་འགྲུབ་ཅེ་ན། དེ་ཡི་ཤེས་པ་འདི་ཉིད་དེ། །ཞེས་བྱ་བ་ལ་སོགས་

པ་སྨོས་སོ། །གལ་ཏེ་སེམས་ཙམ་རིག་པ་ཉིད་དུ་ཇི་ལྟར་འགྲུབ་ཅེ་ན། རིག་བྱ་རིག་བྱེད་རྣམ་པ་མེད། །ཅེས་མངོན་སུམ་གྱིས་རྣམ་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཉམས་སུ་མྱོང་བ་ཡིན་ལ། དེའི་རྗེས་ལ་ཐོབ་པའི་དག་པ་འཇིག་རྟེན་པའི་ཡེ་ཤེས་དོན་དམ་པར་ཡུལ་མེད་པར་དངོས་པོ་དང་

འབྲེལ་པ་མི་སླུ་བའི་རྣམ་པར་རྟོག་པ་རྣམས་ཀྱིས་རྒྱུ་དང་འབྲས་བུར་གྱུར་པའི་འདས་པ་དང་མ་འོངས་པའི་དངོས་པོའི་རྒྱུན་ལ་བརྟེན་ནས་རྣལ་འབྱོར་པ་རྣམས་ཀྱིས་འདས་པ་དང་མ་འོངས་པའི་དངོས་པོ་རྣམ་པར་འཇོག་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་བཤད་ཟིན་ཏོ། །ཇི་སྐད་དུ། གང་ཞིག་ད་ལྟར་བྱུང་

བ་ཡི། །ངོ་བོ་དངོས་སམ་བརྒྱུད་པ་ཡིས། །རྒྱུ་དང་འབྲས་བུ་ཉིད་གྱུར་པ། །དེ་ནི་རྣལ་འབྱོར་པ་ཡིས་ཤེས། །རྣམ་རྟོག་རྗེས་སུ་འབྲེལ་བའི་བདག །དག་པ་འཇིག་རྟེན་ཡེ་ཤེས་ཀྱིས། །དེ་ཉིད་དུ་ནི་ཡུལ་མེད་ཀྱང་། །ཕྱིས་ཀྱང་རྗེས་སུ་ཤེས་པ་ཡིན། །དེས་ན་རྒྱུ་དང་འབྲས་དག་གི །

Vol. 192 · folio 318b

བྱུང་དང་འབྱུང་བར་འགྱུར་བ་ཡི། །རྒྱུན་ལ་བརྟེན་ནས་འདས་པ་དང་། །མ་འོངས་རྟག་པ་འབྱུང་བ་ཡིན། །ཞེས་གང་བཤད་པ་ཡིན་ནོ། །འདི་ཡང་མདོ་སྡེ་པ་རྣམས་ཀྱིས་མི་འདོད་དེ། ཐམས་ཅད་དུ་བཅོམ་ལྡན་འདས་དངོས་སུ་གཟིགས་པ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །དེ་བས་ན་མདོ་སྡེ་པས་འདོད་

པའི་ལུགས་བསྟན་པའི་ཕྱིར། ཡང་ན་རྣལ་འབྱོར་ནུས་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་རྨི་ལམ་བདེན་པ་མཐོང་བ་དོན་དམ་པར་ཡུལ་མེད་ན་ཡང་རྟགས་དང་ལུང་ལ་མ་ལྟོས་པའི་སྐྱེ་བ་ཡིན་ཏེ་དེ་ཡང་མངོན་སུམ་རྟེན་གྱི་བྱེ་བྲག་གི་དབང་གིས་འབྱུང་བ་ནི་མི་སླུ་བར་འགྱུར་བ་དེ་བཞིན་

དུ། རྣལ་འབྱོར་པ་རྣམས་ལ་རྣལ་འབྱོར་གྱི་སྟོབས་ཀྱིས་ཇི་ལྟར་བྱུང་བ་དང་འབྱུང་བར་འགྱུར་བའི་འདས་པ་དང་མ་འོངས་པའི་དངོས་པོ་དེ་ཁོ་ན་ལྟར་གསལ་བར་སྣང་བ་རྟགས་དང་ལུང་ལ་མ་ལྟོས་པར་སྐྱེ་བ་ཡིན་ཏེ་དེ་ཡང་མངོན་སུམ་གྱིས་ཚད་མར་འདོད་པ་ཡིན་ནོ། །འདི་སྙམ་དུ། མངོན་སུམ་རང་གི་མཚན་ཉིད་ཀྱི་

ཡུལ་ཅན་དུ་འདོད་ལ། འདས་པ་དང་མ་འོངས་པ་ནི་རང་གི་མཚན་ཉིད་དུ་ཡོད་པ་མ་ཡིན་ན་དེ་ཇི་ལྟར་དེའི་ཡུལ་རང་གི་མཚན་ཉིད་དུ་རིགས་སྙམ་དུ་སེམས་ན། རང་བདག་སྣང་བ་རིག་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་འདས་པ་ལ་སོགས་པའི་དངོས་པོ་རང་གི་མཚན་ཉིད་དུ་ཡོད་པ་མ་ཡིན་

པ་དེ་ལྟ་ན་ཡང་རང་རིག་པའི་བདག་ཉིད་ཡིན་པའི་ཕྱིར། རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་བསྟན་བཅོས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བར་མི་འགལ་ལོ། །དེ་ཡང་གསལ་བར་སྣང་བ་ཉིད་ཀྱིས་རྟོག་པ་དང་བྲལ་བ་ཡིན་ལ། རྣམ་པ་དེ་ལྟ་བུའི་དངོས་པོ་ལ་མི་འཁྲུལ་པའི་ཕྱིར་མ་འཁྲུལ་བ་ཡིན་པས་དེའི་ཕྱིར་མངོན་

སུམ་གྱི་མཚན་ཉིད་དང་ལྡན་པའི་ཕྱིར་མངོན་སུམ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །གང་ཞིག་འདི་མི་བཟོད་པ་ལ། །ཞེས་བྱ་བ་ལ་སོགས་པ་ལ། སྔར་བཤད་རྗེས་སུ་དཔག་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་རྗེས་སུ་དཔག་པ་ལས་ལུང་ལ་མ་ལྟོས་པར་བསྒོམ་པའི་སྟོབས་ཀྱིས་གྲུབ་

པ་དོན་མངོན་དུ་བྱེད་པའི་དབང་པོ་ལས་འདས་པའི་དོན་ཤེས་པ་གྲུབ་སྟེ། དེའི་ཕྱིར་ཐུབ་པ་བཅོམ་ལྡན་འདས་ནི་བློ་བཟང་བདེ་བར་གཤེགས་པ་རྣམས་ཀྱིས་སྨྲས་ཀྱི་བྱིས་པའི་ལུང་གཞན་ལས་ནི་མ་ཡིན་པས་དེའི་ཕྱིར་དེ་ནི་ཁས་མ་བླངས་པས་སུན་འབྱིན་པ་མ་ཡིན་པ་ཁོ་ནའོ། །གང་ཡང་། བྱེད་པ་པོ་དང་བྱས་

Vol. 192 · folio 319a

པའི་ཚིག །ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། འོན་ཏེ་ཚད་མ་གྲུབ་བྱའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་གིས་ཚད་མ་གྲུབ་པར་བྱ་བའི་ཕྱིར་ཐོག་མ་མེད་པ་ཉིད་སྒྲུབ་པར་བྱེད་པ་ཉིད་དུ་ནི་མི་བརྗོད་དོ། །དེ་ནི་མི་མཐུན་པའི་ཕྱོགས་ལ་འཇུག་པ་མ་ངེས་པ་ཉིད་ཡིན་

པའི་ཕྱིར་རོ། །དེའི་ཕྱིར་ཁྱེད་ཅག་གིས་སྒྲོ་བཏགས་ནས་སུན་འབྱིན་པ་སྨྲས་པ་ཡིན་ནོ། །གཞན་ཡང་རིག་བྱེད་ཚད་མ་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་རིག་བྱེད་སྨྲ་བ་པོ་རྣམས་དང་། རིག་བྱེད་རྣམས་ཐོག་མ་མེད་པ་ཉིད་དུ་སྒྲུབ་པར་བྱེད་པ་སྨྲ་བ་ན། ཁྱེད་ཅག་ཉིད་ལ་སྐྱོན་འདི་དག་ཐམས་ཅད་གསལ་བར་འཇིག་པ་

ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་ཡང་ཚད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨྲ་བ་པོ་དང་བྱས་པའི་ཚིག་རྣམས་ཞེས་ཟླས་དབྱེའོ། །དེ་ལ་སྨྲ་བ་པོ་ནི་རིག་བྱེད་འཆད་པ་པོའི་ཚད་མ་ཇི་ལྟར་བཀག་ཅེ་ན། སྨྲ་པོ་བྱེད་པོ་དང་མཚུངས་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ལྟོས་ནས་ཞེས་བྱ་བ་

ནི་སྨྲ་བ་པོ་ལ་ལྟོས་ནས་སོ། །ཇི་ལྟར་ཞེ་ན། དེས་བྱས་པའི་བཤད་པས་ཞེས་བྱ་བ་ནི་སྨྲ་བ་པོ་དེ་དག་གིས་བྱས་པའི་བཤད་པ་ལས་དོན་རྟོག་པ་སྐྱེ་བའི་རྒྱུའི་ཕྱིར་རིག་བྱེད་རྣམས་དེ་ལ་ལྟོས་ནས་ཚད་མ་མ་ཡིན་ནོ། །དེ་ལས་སྐྱོན་ཅིར་འགྱུར་ཞེ་ན། དེས་ན་རིག་བྱེད་དག་རྣམས་ནི། །ཞེས་བྱ་བ་ལ་སོགས་པ་

སྨོས་ཏེ། དེ་ཡོད་མིན་ཞེས་བྱ་བ་ནི་ཚད་མ་ཉིད་ཅེས་འབྲེལ་ཏོ། །གང་གི་ཚེ་དེ་ལྟར་རིག་བྱེད་ཀྱི་ཚིག་རྣམས་གཞན་གྱི་དབང་ཅན་ཡིན་པའི་ཕྱིར་ཚད་མ་ཉིད་མེད་པ་དང་། དེའི་སྨྲ་བ་པོ་ཐམས་ཅད་ཀྱང་དམུས་ལོང་བརྒྱུད་པ་བཞིན་དུ་ཆོས་མ་ཡིན་པ་མཐོང་བས་ཚད་མ་ཉིད་མ་ཡིན་ནོ། །གང་གཞན་གྱིས། དེ་ལྟར་

ཚད་མ་ཚད་མིན་གཉིས། །ཐོག་མ་མེད་པ་ཉིད་དུ་འགྱུར། །ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟ་ཡིན་ན་ཚད་མ་དང་། །ཞེས་བྱ་བ་སྨོས་ཏེ། སྨྲ་བ་པོ་དང་བྱས་པའི་ཚིག་རྣམས་ཚད་མ་ཉིད་དུ་འགྱུར་ན། ཚད་མ་ཉིད་གཅིག་ལ་མེད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་དེ་ཉིད་མ་གྲུབ་པོ་ཞེས་བྱ་

བར་མི་རིགས་ཏེ། གཉི་ག་ཐོག་མ་མེད་པ་ཉིད་དོ་སྙམ་དུ་བསམས་པ་ཡིན་ནོ། །གཞན་ཡང་ཁོ་བོ་ཅག་གིས་རིག་བྱེད་དང་དེ་འདོན་པ་ནི་སངས་རྒྱས་དང་དེའི་གསུང་དང་ལྷན་ཅིག་མཚུངས་པ་ཉིད་དུ་སྨན་པ་ནི་དེ་དང་འགྲན་པ་ཉིད་ཡིན་གྱི། བཅོམ་ལྡན་འདས་དང་དེའི་གཞུང་རྣམས་ནི་འདི་དག་དང་ལྷན་ཅིག་མཚུངས་པ་ཉིད་ཡོད་

Vol. 192 · folio 319b

པ་མ་ཡིན་གྱི་འོན་ཀྱང་ཁྱད་པར་ཆེའོ་ཞེས་བསྟན་པའི་ཕྱིར། ཡང་ན་ཐུབ་དང་དེའི་གསུང་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་ཉིད་དུ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་རྟོག་པར་རོ། །འཁོར་བར་མི་འཆིང་བ་སྟེ་རྗེས་སུ་མི་མཐུན་པའི་ཤེས་པ་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེའི་དབང་གིས་བྱུང་

བའི་བསྟན་པ་གང་ཡིན་པ་དེ་དག་ཇི་ལྟར་ཐོས་ཤེ་ན། གཉིས་ཀྱི་རྣམ་པས་མ་གོས་པའི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་གཉིས་སྨོས་ཏེ། གཉིས་ཀྱི་རྣམ་པ་རྨོངས་མེད་བདག །ཅེས་བྱ་བ་ནི་གཟུང་བ་དང་འཛིན་པར་མངོན་པར་ཞེན་པ་སྤངས་པའོ། །གཉིས་ལ་བདག་མེད་རྟོགས་པ་ན། །ཞེས་

བྱ་བ་ནི་གང་ཟག་དང་ཆོས་ལ་བདག་མེད་པ་རྟོགས་པ་ནའོ། །ཡང་ན་གཉིས་ནི་གཟུང་བ་དང་འཛིན་པ་སྟེ། དེའི་བདག་མེད་པ་སྟེ་རང་བཞིན་མེད་པ་ཞེས་ཚིག་རྣམ་པར་སྦྱར་རོ། །སྲེད་མེད་བུ་སོགས་སྤྱོད་ཡུལ་མིན། །ཞེས་བྱ་བ་ནི་སྲེད་མེད་བུ་ནི་ཁྱབ་འཇུག་གོ། །སོགས་པའི་སྒྲས་ནི་དབང་ཕྱུག་ལ་སོགས་པ་བཟུང་ངོ་། །

ཅི་སྟེ་སྲེད་མེད་ཀྱི་བུ་ལ་སོགས་པ་ལ་ཡང་རྣམ་པར་དག་པའི་བདག་ཏུ་ལྟ་བ་ཅིའི་ཕྱིར་མི་འདོད་ཅེ་ན། གཞན་གྱིས་དག་པའི་ཤེལ་ལྟ་བུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་གིས་ཞེས་བྱ་བ་ནི་སྲེད་མེད་ཀྱི་བུ་ལ་སོགས་པས་སོ། །བདག་རྟག་པར་བསལ་ཟིན་པའི་ཕྱིར། དེའི་ཡུལ་ཅན་གྱི་ཤེས་པ་

ཕྱིན་ཅི་ལོག་ཡིན་པས་རྣམ་པར་དག་པ་མ་ཡིན་ནོ། །གཞན་ཡང་དེ་དག་ལ་རྟག་པའི་བདག་གི་ཡུལ་ཅན་གྱི་ཤེས་པ་བརྗོད་པ་གང་ཡིན་པ་དེ་ཅི་བདག་དེ་ལས་སྐྱེའམ་འོན་ཏེ་མ་ཡིན་ཞེས་བྱ་བ་ཕྱོགས་རྣམ་པ་གཉིས་སོ། །དེ་ལ་ཕྱོགས་དང་པོ་ལ་རྒྱུ་མ་ཚང་བ་མེད་པ་ཉིད་ཀྱིས་དེའི་ཡུལ་ཅན་གྱི་ཤེས་པ་མཐའ་དག་ཅིག་ཅར་

སྐྱེ་བར་འགྱུར་རོ། །འོན་ཏེ་ཕྱོགས་གཉིས་པ་ཡིན་ན་དེ་ལ་ཡང་དེ་རྟག་པ་ཡིན་ནམ་མི་རྟག་པ་ཡིན་གྲང་། གཉི་ག་ལྟར་ན་ཡང་བདག་དེས་ཕན་མི་འདོགས་པའི་ཕྱིར་སྐྱེས་བུ་གཞན་གྱི་སེམས་པ་བཞིན་དུ་དེའི་ཡུལ་ཅན་དུ་མི་འགྱུར་རོ། །གང་ཡང་། བདག་ཉིད་རྣམ་པར་བདག་མཐོང་བ། །དེ་ཉིད་དེ་ཡི་ཤེས་པ་ཡིན། །

ཞེས་སྨྲས་པ་དེ་ལ། གཟུང་བའི་མཚན་ཉིད་མི་འཐད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རེ་ཞིག་བདག་སེམས་པའི་ངོ་བོར་ཁས་ལེན་པར་བྱེད་ན་དེའི་ཚེ་དེའི་ཡུལ་ཅན་གྱི་ཤེས་པ་རྣམ་པར་མ་དག་པ་ཉིད་ཡིན་ཏེ། རང་བཞིན་གྱི་ཤེས་པ་ཐམས་ཅད་ཀྱིས་གཟུང་བ་དང་འཛིན་པ་མི་འཐད་པ་ནི་ཕྱི་

Vol. 192 · folio 320a

རོལ་གྱི་དོན་བརྟག་པར་བསྒྲུབས་ཟིན་པའི་ཕྱིར་རོ། །ཅི་སྟེ་བདག་སེམས་ཀྱི་ངོ་བོ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ལ། དེའི་ཚེ་བལྟ་བར་བྱ་བ་དང་། ལྟ་བ་ཐ་དད་པའི་ཕྱིར་གཟུང་བ་དང་འཛིན་པའི་དངོས་པོ་མི་འཐད་པས་ཤེས་པ་དེའི་ཡུལ་ཅན་ཞེས་བྱ་བར་མི་འགྱུར་རོ། །ཡུལ་དང་ཡུལ་

ཅན་ཐ་དད་ན་ཡུལ་དང་ཡུལ་ཅན་གྱི་དངོས་པོར་འགྱུར་རོ། །གལ་ཏེ་སྒྲོན་མ་བཞིན་དུ་གསལ་བའི་བདག་ཉིད་ཡིན་པས་འདི་དག་གི་ཡུལ་ཅན་ཉིད་དུ་ཁས་ལེན་པར་བྱེད་ན་དེའི་ཚེ་མངོན་པར་མི་འདོད་པའི་རང་རིག་པར་ཐལ་བར་འགྱུར་བ་དང་། ཤེས་པ་མངོན་སུམ་མ་ཡིན་པ་ཉིད་དུ་འདོད་པ་དང་ཡང་འགལ་བར་འགྱུར་

ཏེ། དེ་སྟོན་པ་ནི། བློ་ཡང་མངོན་སུམ་དུ་འགྱུར་རོ། །ཞེས་བྱ་བའོ། །ཅི་སྟེ་ཡང་རིག་བྱེད་ཡུལ་ཅན་ཕྱིར་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། རིག་བྱེད་དང་ནི་ཚངས་པ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲེལ་པ་ཡོད་པ་ཡིན་ན། ཚངས་པ་ལ་སོགས་པ་རིག་བྱེད་ཀྱི་ཡུལ་ཅན་དུ་འགྱུར་

བ་ཡིན་ན་རིག་བྱེད་དང་ལྷན་ཅིག་ཚངས་པ་ལ་སོགས་པ་འབྲེལ་པ་ཡོད་པ་ཡང་མ་ཡིན་ཏེ། འདི་ལྟར་དངོས་པོ་རྣམས་ཀྱི་འབྲེལ་པ་ནི་རྣམ་པ་གཉིས་པོ་ཁོ་ན་སྟེ། དེའི་བདག་ཉིད་དང་དེ་ལས་བྱུང་བ་ཞེས་བསྟན་ཟིན་ཏོ། །དེ་ལ་ཐ་དད་པར་ཁས་ལེན་པའི་ཕྱིར་དེའི་བདག་ཉིད་ཀྱིས་འབྲེལ་པ་མེད་ལ། དེ་ལས་བྱུང་

བ་ཡང་མ་ཡིན་ཏེ། གཉི་ག་ཡང་རྟག་པ་ཉིད་ཀྱིས་ཕན་འདོགས་པར་བྱེད་པ་དང་ཕན་གདགས་པར་བྱ་བ་མ་ཡིན་པས་ཕན་ཚུན་ལྟོས་པའི་ཕྱིར་རོ། །ཤེས་པ་ཀུན་གྱི་རང་བཞིན་ཡང་། །ཞེས་བྱ་བ་ནི་འཐད་པ་མ་ཡིན་ཞེས་སྐབས་སུ་བབ་པ་དང་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དོན་ངེས་པ་མེད་པའི་ཕྱིར་རོ། །ངེས་

པའི་དོན་ལ་རིག་བྱེད་ཤེས་པ་ཐམས་ཅད་ཀྱི་རང་བཞིན་དུ་རྟག་པར་རིགས་ལ། དེ་ལ་ཡང་། ཁྱེད་ཀྱི་ལུགས་ཀྱིས་མི་སྲིད་དོ། །ཞེས་འདི་ནི་བསྟན་ཟིན་ཏོ། །གང་གི་ཕྱིར་ཁྱེད་ཅག་ལྟར་ཁོ་བོ་ཅག་གིས་རིག་བྱེད་ཀྱི་སྒོ་ནས་ཐམས་ཅད་མཁྱེན་པ་ཁས་ལེན་པར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རང་བྱུང་གི་

ཡེ་ཤེས་སོ། །བཅོམ་ལྡན་འདས་ནི་རང་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཡིན་ནོ་ཞེས་བྱ་བ་ནི་བསྟན་ཟིན་ཏོ། །གང་ཡང་སངས་རྒྱས་སོགས་མིན་གང་། །ལྷ་མཆོག་གསུམ་པོ་གང་ན་གནས། །ཞེས་བྱ་བ་སྨྲས་པ་དེ་ལ་བཅོམ་ལྡན་འདས་མི་ཡིན་པ་ཉིད་དུ་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར་འགྲོ་བ་ལྔའི་ཞེས་

Vol. 192 · folio 320b

བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོ་དང་། ལྷ་དང་། མིའི་བྱེ་བྲག་གིས་འགྲོ་བ་ལྔའི་བདག་ཉིད་ནི་འཁོར་བའོ། །སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་ལས་ཕྱི་རོལ་དུ་གྱུར་པ་ཡིན་པས་འདི་དག་མི་ཡིན་པ་ཉིད་དུ་མ་གྲུབ་པོ། །འོ་ན་ཇི་ལྟར་འདི་དག་

ཟས་གཙང་ལ་སོགས་པའི་རིགས་སུ་སྐྱེས་པར་ཐོས་ཤེ་ན། དེ་ནི་དེ་ལྟར་སྤྲུལ་པར་འདོད། །ཅེས་བྱ་བ་སྨོས་སོ། །འདི་ཉིད་ལུང་གིས་བསྟན་པའི་ཕྱིར་འོག་མིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོག་མིན་ཞེས་བྱ་བ་ནི་ལྷ་དག་སྟེ་དེ་དག་གི་ཕྱོགས་གཅིག་ན་གནས་གཙང་མའི་རིགས་ཀྱི་ལྷ་རྣམས་

ཡོད་དོ། །དེར་འཕགས་པ་ཉིད་འབའ་ཞིག་གནས་སོ། །དེ་དག་གི་སྟེང་ན་དབང་ཕྱུག་ཆེན་པོའི་གནས་ཞེས་བྱ་བའི་གནས་ཡོད་དེ་དེར་ས་བཅུ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་སྲིད་པ་ཐ་མ་པ་ཁོ་ན་སྐྱེ་བ་བཞེས་པ་ཡིན་ལ། འདིར་ནི་དེའི་དབང་གིས་དེ་ལྟ་བུའི་སྤྲུལ་པ་དམིགས་པ་ཡིན་ནོ་

ཞེས་བྱ་བ་ནི་ལུང་ཡིན་ནོ། །གལ་ཏེ་འདི་ཁོ་བོ་ཅག་ལ་མ་གྲུབ་པོ་ཞེ་ན། ཁྱེད་ཀྱིས་རང་འགའ་ཉིད་དུ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཁྱེད་ཅག་རང་དབང་དུ་རྗོད་པར་བྱེད་ན་དེའི་ཚེ་ཐེ་ཚོམ་ཟ་བའི་མ་གྲུབ་པ་ཡིན་ནོ། །གང་གི་རང་དབང་དུ་མི་ཉིད་དུ་གྲུབ་པར་འགྱུར་བ་ཁྱེད་ལ་བཅོམ་ལྡན་

འདས་མི་ཉིད་དུ་སྒྲུབ་པར་བྱེད་པའི་ཚད་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་བས་ན་ཁྱེད་ཀྱིས་གཞན་དག་གི་ལུང་གི་སྒོ་ནས་མི་ཉིད་དུ་བརྗོད་པར་བྱ་དགོས་ལ། གཞན་གྱི་ལུང་དེ་ཡང་དེ་ལྟར་དེ་ཇི་སྐད་དུ་བཤད་པའི་ངོ་བོར་གནས་པའི་ཕྱིར་འདི་དག་མི་ཉིད་དུ་མ་གྲུབ་པོ། །ཇི་ལྟར་འདི་དག་ནམ་མཁའི་མེ་ཏོག་

དང་འདྲ་བ་ཉིད་དུ་གྲུབ་ཅེ་ན། ནུས་པ་ཐམས་ཅད་དང་བྲལ་བ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་གྱི་བདེ་བྱེད་ལ་སོགས་པ་རྟག་པ་ཉིད་དུ་འདོད་ལ་རྟག་པ་ཉིད་ཀྱང་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་འགལ་བའི་ཕྱིར་ནུས་པ་ཐམས་ཅད་དང་བྲལ་བ་ཉིད་དུ་བསྒྲུབས་ཟིན་པ་ཉིད་དོ། །ནུས་པ་

ཐམས་ཅད་དང་བྲལ་བའི་མཚན་ཉིད་ཀྱང་མེད་པའི་ཕྱིར་གཞན་གྱིས་འདོད་པའི་མིག་གསུམ་པ་ལ་སོགས་རྟག་པ་མེད་པ་ཉིད་ཀྱི་ཕྱིར་འདི་དག་ནམ་མཁའི་མེ་ཏོག་ལྟ་བུར་གྲུབ་པ་ཁོ་ནའོ། །མིག་གསུམ་པ་ནི་བདེ་བྱེད་དོ། །གཞན་ཡང་མིག་གསུམ་པ་ལ་སོགས་པ་ཡོད་དུ་ཟིན་མོད། དེ་ལྟ་ན་ཡང་དེ་དག་དམན་

Vol. 192 · folio 321a

པ་ཉིད་ཀྱི་ཁོ་བོ་ཅག་གིས་དེ་དག་དང་བཅོམ་ལྡན་འདས་འགྲན་པར་བྱེད་པ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཞན་ཡང་དེ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་རྟོགས་པར་ཟད་དོ། །གང་ཡང་། རིག་བྱེད་ལུང་ནི་དག་པར་ཡང་། །ཞེས་སྨྲས་པ་དེ་ལ། ཡོན་ཏན་དབང་ཕྱུགས་ཅེས་བྱ་བ་ལ་སོགས་

པ་སྨོས་ཏེ། དངོས་པོ་ཐམས་ཅད་ལ་ཁྱབ་པའི་སྐད་ཅིག་མ་འཇིག་པ་བསྒྲུབ་པར་འགའ་ཞིག་ཀྱང་རྟག་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་འདི་དག་ཐམས་ཅད་འབྲེལ་པ་མེད་པར་བརྗོད་པ་ཡིན་ནོ། །གང་ཡང་། གལ་ཏེ་ཀུན་མཁྱེན་དང་འདྲ་འགའ། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། ཉེ་བར་འཇལ་བས་ཐམས་

ཅད་མཁྱེན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་སངས་རྒྱས་པ་དེ་ལས་ཐམས་ཅད་མཁྱེན་པ་གྲུབ་པར་འདོད་པར་འགྱུར་བ་དེ་ཉེ་བར་འཇལ་བ་ཚད་མ་ཉིད་ནི་མ་ཡིན་ནོ། །ཚད་མ་ཉིད་ཡིན་ན་ཡང་དེ་ཡོད་པར་བསྒྲུབ་པ་ལ་ཉེ་བར་མཁོ་བ་ཉིད་མ་ཡིན་ཏེ། འདི་ལྟར་དེས་ནི་བ་ལང་ལ་སོགས་པ་རབ་ཏུ་གྲགས་

པའི་ཆོས་ཅན་ལ་བ་མེན་ལ་སོགས་པ་དང་འདྲ་བ་ཙམ་བསྒྲུབ་པར་བྱ་བ་ཡིན་ལ་ཆོས་ཅན་ཐམས་ཅད་མཁྱེན་པ་ནི་གྲུབ་པ་ཡོད་པ་མ་ཡིན་ཏེ། ཁྱེད་ཀྱི་ལུགས་ཀྱིས་དེ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་ཁྱེད་ཀྱིས་འདོད་པས་ཐམས་ཅད་མཁྱེན་པ་ཡོད་པ་ཉིད་དུ་གྲུབ་པར་བྱ་བའི་སྐབས་ཡིན་པ་དེ་ཉིད་ཀྱིས་

ཉེ་བར་འཇལ་བའི་སྐབས་མེད་པའི་ཕྱིར་དེ་དགག་པ་དོན་མེད་པ་ཐོབ་པ་མེད་པའི་ཕྱིར་རོ། །དགག་པ་ནི་ཐོབ་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ད་ལྟར་ཡོད་པའི་མི་རྣམས་ཀུན། །ཞེས་བྱ་བ་ལ་སོགས་པ་ལ། གལ་ཏེ་ཁྱེད་ཀྱིས་མི་རྣམས་ཀུན། །ཞེས་བྱ་བ་ལ་སོགས་པ་སྨོས་

ཏེ། གལ་ཏེ་ཁྱེད་ཀྱིས་མི་ཐམས་ཅད་མཐོང་ན་དེའི་ཚེ་ཐམས་ཅད་མཁྱེན་པ་འགེགས་པ་ན་རང་གི་ཚིག་དང་འགལ་བ་ཡིན་ཏེ། འདི་ལྟར་ཐག་རིང་བ་དང་བར་དུ་ཆོད་པའི་སྐྱེས་བུ་མཐའ་དག་མཐོང་བས་ཁས་བླངས་པའི་ཕྱིར་དང་གཞན་གྱི་རྒྱུད་དང་འབྲེལ་པའི་ཤེས་པའི་ནུས་པ་ངེས་པར་ཁས་བླངས་པའི་ཕྱིར།

བདག་ཉིད་ཐམས་ཅད་མཁྱེན་པ་ཉིད་དུ་གསལ་རབ་ཏུ་ཁས་བླངས་པར་འགྱུར་ཏེ། ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པའི་དོན་མཐོང་བར་ཁས་ལེན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་མ་ཡིན་པ་ནི་དེ་ལྟ་བུ་ཤེས་པ་སྲིད་པ་མ་ཡིན་ནོ། །དེ་དགག་པའི་ཕྱིར། སྒྲུབ་པར་བྱེད་པ་ཡང་ལེན་པས་དེ་ཉིད་བཀག་པ་

Vol. 192 · folio 321b

ཡིན་པའི་ཕྱིར་རང་གི་ཚིག་དང་འགལ་ཏེ་དཔེར་ན་ངའི་མ་མོ་གཤམ་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་བྱ་བར་བསྟན་པའི་ཕྱིར། མདུན་ན་གནས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་མདུན་ན་གནས་པའི་སྐྱེས་བུའི་ལུས་ཙམ་མཐོང་བའི་ཕྱིར་འདི་ཐམས་ཅད་མཁྱེན་པ་

མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ཡང་ཐམས་ཅད་མཁྱེན་པ་མ་ཡིན་པས་ཐམས་ཅད་མཁྱེན་པ་ངེས་པར་མི་ནུས་ན་ཡུལ་དང་དུས་ཀྱིས་ཆོད་པའི་སྐྱེས་བུ་ལ་ལྟ་སྨོས་ཀྱང་ཅི་དགོས། དེས་ན་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་དེ་ལྟར་ངེས་ནའོ། །ཅི་སྟེ་གཏན་ཚིགས་མ་གྲུབ་པར་འགྱུར་དུ་འོང་

བས་བདག་ཉིད་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་ཀྱིས་མི་མ་ལུས་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་ངེས་པར་ཁས་ལེན་པར་བྱེད་ན་དེའི་ཚེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བདག་ཉིད་ཀུན་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་ལ་ཐམས་ཅད་

མཁྱེན་པ་ཉིད་མ་མཐོང་བས་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་སྙམ་དུ་ཆོས་ཐམས་ཅད་ཀྱི་ཤེས་པ་གྲུབ་པར་བྱེད་པ་ན་ཤེས་རབ་ལ་སོགས་པའི་བྱེ་བྲག་མཐོང་བས་གནོད་པའི་ཕྱིར་དེས་ན་དེ་སྒྲུབ་པར་མི་བྱེད་ཀྱི། ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་སྒྲུབ་ན་གང་གིས་གནོད་པ་མེད་པ་དེས་ན་ཧ་ཅང་ཐལ་བར་མི་

འགྱུར་རོ་སྙམ་དུ་སེམས་པ་དེ་ཡང་ཡང་དག་པ་མ་ཡིན་ཏེ། །ཇི་ལྟར་གཏན་ཚིགས་གནོད་པ་མཐོང་བ་སྒྲུབ་པར་བྱེད་པ་མ་ཡིན་པ་བཞིན་དུ་གནོད་པར་དོགས་པ་ཡང་མ་ཡིན་པས་དེས་ན་གནོད་པ་དགོད་པ་ནི་གནོད་པར་འདོད་པ་ལས་ཐ་དད་པ་མ་ཡིན་ནོ། །དེས་ན་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་སྒྲུབ་པར་

བྱེད་པར་ཡང་འགྱུར་ཏེ་གནོད་པར་དོགས་པའི་ཕྱིར་རོ། །གང་ཡང་། ཤེད་ལ་སོགས་པར་བསྟན་པ་ནི། །གཞན་དུ་ཡང་ནི་འཐད་པ་ཡིན། །ཞེས་སྨྲས་པ་དེ་ལ། རྒྱལ་བའི་མཐོ་རིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེ་བར་བསྟན་པ་གཞན་དུ་མི་འཐད་པ་ཉིད་མ་གྲུབ་སྟེ་མཐོ་རིས་དང་བྱང་གྲོལ་གྱི་ལམ་ཁ་

ན་མ་ཐོ་བ་མེད་པ་ནི་རྨོངས་པ་ལས་སྲིད་པ་སྟོན་པ་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་གསུང་ཁ་ན་མ་ཐོ་བ་མེད་པ་ཉིད་ནི་རྟག་པ་ཐམས་ཅད་ཀྱིས་བསྒྲུབས་ཟིན་ཏོ། །རྨོངས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཀུ་མཱ་ར་རི་ལས་སོ། །འོན་ཀྱང་དེ་ཁོ་ན་དེ་ལྟར་སེམས་སོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སློབ་མ་རྨོངས་དོན་

Vol. 192 · folio 322a

ནམ། །ཞེས་བྱ་བ་ལ་སོགས་པ་ལ། མཐོང་ཆོས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོང་ཆོས་ཞེས་བྱ་བ་ནི་སྐྱེ་བ་འདི་ཉིད་ལའོ། །མངོན་མཐོའི་ཞེས་བྱ་བ་ནི་ནད་མེད་པ་དང་ཕྱུག་པ་ལ་སོགས་པའི་མཚན་ཉིད་དོ། །འདི་ཡང་ཐོབ་པར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ། །སྐྱོན་རྣམས་

ཞི་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པའི་སྐྱོན་ཉེ་བར་ཞི་བའོ། །དེ་ལས་ཏེ་སྔགས་དང་བསམ་གཏན་དང་དམ་ཚིག་ལ་སོགས་པ་ཉེ་བར་བསྟན་པ་ལས་སོ། །དེ་མཛད་པ་ཇི་སྐད་དུ་གསུངས་པ་ཉམས་སུ་བླང་བ་ལས་གཞན་སློབ་མ་རྣམས་ཐོས་པས་རྨོངས་པས་བྱས་པ་ཡིན་ནོ་ཞེས་བྱ་བ་ནི་བཟློག་པའི་ཚིག་

ཡིན་ནོ། །གལ་ཏེ་ཁྱེད་ཅག་འདི་འདྲ་བ་ལ་སོགས་པ་ཡིན་ནོ་སྙམ་དུ་བསམས་པ་ནི། དེའི་ཚེ་རྨོངས་པ་མ་ཡིན་པ་རྨོངས་པ་ཉིད་དུ་འཛིན་པ་ན་ཁྱོད་ཉིད་རྨོངས་པར་འགྱུར་རོ། །གལ་ཏེ་རིག་བྱེད་རྩ་ཅན་དུ། །ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་རྣམས་ཀྱིས་ཉེར་བསྟན་འདི། །ཞེས་བྱ་བ་ལ་སོགས་

པ་སྨོས་ཏེ། གང་གི་ཕྱིར་དྲི་མ་མེད་པར་ཉེ་བར་བསྟན་པའི་རྩ་བ་ནི་དྲི་མ་ཅན་དུ་རིགས་པ་མ་ཡིན་ནོ། །གང་ཕྱིར་དེ་ཡིས་རྨོངས་པ་ཡི། །དམངས་རིགས་རྣམས་ལ་ཉེར་བསྟན་བྱས། །ཞེས་བྱ་བ་འདི་ལ། དེ་དག་གིས་ནི་ཉེར་བསྟན་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་འཕང་ཞེས་བྱ་བ་ནི་ཡོན་

ཏན་ཐམས་ཅད་ཕུན་སུམ་ཚོགས་པ་ལ་གནས་པའི་དོན་གྱིས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་ནི་གོ་འཕང་ཞེས་བྱའོ། །ཤེད་ལ་སོགས་པ་གང་དག་གིས་རིག་བྱེད་སྨྲ་བ་དག་ཁོ་ན་ལ་ཉེ་བར་སྟོན་པ་དེ་དག་རྨོངས་པའི་དོན་སྟོན་པ་བརྗོད་པ་ཡིན་ནོ་ཞེས་སྟོན་པ་ནི། གང་དག་ཆགས་འཇིག་

ཅེས་བྱ་བ་ལ་སོགས་པ་སྟེ། ཡང་བཅོམ་ལྡན་འདས་ཀྱིས་བསྟན་པ་གང་ཡིན་པ་དེས་ནི་བྱིས་པའི་བར་དུ་ཡིན་ཏེ། དེ་དག་ནི་བདག་ཉིད་ཆེན་པོ་ཉིད་སྟོན་པར་བྱེད་པ་ཡིན་ནོ་ཞེས་སྟོན་པ་ནི་ཐུག་རྗེའི་གཞན་དབང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱིམ་དུ་འགྲོ་བ་ནི་བག་མར་ཕྱིན་ཟིན་པའི་བུད་མེད་ཁྱོའི་ཁྱིམ་

དུ་འགྲོ་བའོ། །སྨྲས་པ་དེ་ཡང་གང་ཡིན་ཞེ་ན། རིག་པ་དུལ་བས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གཞན་ཡང་། ཁྱོད་ཉིད་ཡང་དག་མ་ཡིན་པའི། །རིགས་ཀྱི་རྒྱགས་པས་ཁེངས་པ་ཡི། །སེམས་ཀྱི་དཔངས་བསྟོད་དེ་དམངས་རིགས། །རྨོངས་པ་རྣམས་ལ་ཞེས་སྨྲས་པ་ནི་ཆེས་

Vol. 192 · folio 322b

གསལ་བར་བདག་ཉིད་མཁས་པ་རྣམས་ཀྱི་ཚོགས་པ་འདིར་ཆེས་རྨོངས་པ་ཉིད་དུ་གསལ་བར་བྱས་པ་ཡིན་ནོ། །འདི་ལྟར་རེས་འགའ་བྲམ་ཟེ་ཉིད། །ཅེས་བྱ་བའི་སྤྱི་དངོས་པོ་གཞན་ཡོད་པ་ཡིན་ནོ་ཞེས་དེ་ལྟར་རྟོག་པ་ན་ཁྱེད་ཅག་ཁེངས་པའི་ཟུག་རྔུ་འཆང་བ་ཡིན་ནམ། ཡང་ན་སྐྱེས་ནས་

ཆོ་ག་ལ་སོགས་པས་བདག་ཉིད་ལེགས་པར་བྱས་པ་མཐོང་ནས་བྲམ་ཟེའོ་སྙམ་དུ་ང་རྒྱལ་བྱེད་དམ། ཡང་ན་བདག་ཉིད་བྲམ་ཟེ་མོའི་མངལ་དུ་བཙས་པ་ལ་དམིགས་ནས་ཡིན་གྲང་། དེ་ལ་ཕྱོགས་དང་པོ་ལ་ཁྱེད་ཅག་གིས་འདི་ནི་ནམ་མཁའི་མེ་ཏོག་ལ་རྒྱན་བྱེད་པ་འབའ་ཞིག་ཏུ་ཟད་དོ་ཞེས་སྟོན་

པ་ནི། ལན་བརྒྱར་ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་རིགས་དེ་ཡོད་དུ་ཆུག་མོད། དེ་ལྟ་ན་ཡང་དེས་བྱས་པའི་ཁྱད་པར་གལ་ཏེ་རྟེན་ལས་དམིགས་པ་དེའི་ཚེ་ཁྱོད་ཀྱི་ང་རྒྱལ་དུ་འགྱུར་བ་ཡིན་ན། གང་གི་ཕྱིར་ཁྱད་པར་ཅུང་ཟད་ཀྱང་མ་མཐོང་ངོ་ཞེས་བྱ་བ་འདི་སྟོན་པ་ནི་དེ་ལས་གཞན་ལས་ཞེས་བྱ་བ་ལ་

སོགས་པ་སྨོས་ཏེ། བྲམ་ཟེ་དེ་དག་ལས་གཞན་ནི་དེ་ལས་གཞན་ཏེ་དམངས་རིགས་ལ་སོགས་པའོ། །དེ་ལས་དེའི་ཁྱད་པར་མ་གྲུབ་པོ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་ལྟར་བྲམ་ཟེ་རྣམས་ནི་དམངས་རིགས་དག་ལས་ཤེས་རབ་དང་ཡིད་གཞུངས་པ་ལ་སོགས་པ་དང་བཤང་བ་དང་གཅི་བ་དང་ཁྲག་

ལ་སོགས་པ་དག་གིས་ཁྱད་པར་དུ་འཕགས་པར་མི་དམིགས་ན། གང་གིས་ན་ཁྱེད་ཅག་རིགས་སྨྲ་བའི་སྟོབས་ཀྱིས་ཁེངས་པ་ཉིད་ཀྱིས། དེ་ཕྱིར་རིག་བྱེད་སྨྲ་རྣམས་ལ། །ཉེ་བར་བསྟན་པ་སྟེར་བར་འགྱུར། །ཞེས་བརྗོད་པར་འགྱུར་བ་དེའི་ཕྱིར་ཇི་ལྟར་དེའི་ཁྱད་པར་མ་གྲུབ་པ་ན་དེ་ལ་བརྟེན་པའི་རིག་བྱེད་

ཀྱང་ཁྱད་པར་དུ་འགྱུར། གལ་ཏེ་བྲམ་ཟེའི་རིགས་ལ་བརྟེན་པས་རང་བཞིན་གྱི་དབང་དུ་གྱུར་པ་དང་། བདག་པོར་གྱུར་པ་དང་། དགའ་མགུར་ལྡན་པ་དང་། སྙིང་རྗེ་ལ་སོགས་པའི་ཡོན་ཏན་དང་། སྡིག་པ་མ་ལུས་པ་སྤངས་པར་གྱུར་ན་དེའི་ཚེ་ཁྱེད་ཅག་ཁྱད་པར་ཅན་དུ་འགྱུར་གྱི། གཞན་དུ་ན་བྱ་བ་དང་ཉ་

པ་དང་ལྷམ་མཁན་ལ་སོགས་པ་ལས་བྲམ་ཟེའི་རིགས་དང་ལྡན་ན་ཡང་བྲམ་ཟེ་ཇི་ལྟར་ཁྱད་པར་ཅན་དུ་འགྲུབ་པར་འགྱུར། ཕྱོགས་གཉིས་པ་ལ་ཡང་སྐྱོན་གང་དག་སྐྱེས་ནས་ཆོ་ག་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལས་གཞན་བཞིན་ཞེས་བྱ་བ་ནི་བཅོས་མར་འདོད་པའི་བྲམ་ཟེ་ལ་སོགས་པ་བཞིན་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words