དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ
Sanskrit title (Tibetan script, as in the text) ཏཏྭ་སཾ་གྲ་ཧ་པཉྫི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 191 · folio 211a
བརྗོད་བྱ་ཉིད། །བདག་ནི་ཟློག་པར་བྱེད་མ་ཡིན། །རྣམ་པར་འགྱུར་བ་ཙམ་བརྗོད་ཕྱིར། །དེ་ཙམ་གྱིས་འདི་ཆད་མི་འགྱུར། །ཞེས་སྨྲས་ཏེ། །དེ་འདིར་མཇུག་བསྡུ་བའི་ཐབས་ཀྱིས་སྐྱོན་བཤད་པའོ། །དེ་སྟེ་དེའི་ཕྱིར། རྟག་པའི་སྒྲའི་བརྗོད་བྱ་ཉིད་ཁོ་བོས་མ་བཟློག་སྟེ། རང་གི་
ཉེ་བར་ལེན་པ་སྔོན་དུ་སོང་བའི་སྐད་ཅིག་རེ་རེར་འཇིག་པའི་སེམས་པ་ཅན་འཁོར་བ་ཇི་སྲིད་པར་རྒྱུན་མི་འཆད་པའི་ཕྱིར་རོ། །འོན་ཀྱང་རང་གི་ངོ་བོ་སྟེ། རང་བཞིན་འགྱུར་ལྡན་ཕྱིར་ཏེ། ངེས་པ་སྔ་མའི་རང་བཞིན་ཡོངས་སུ་བཏང་ནས་རང་བཞིན་གཞན་སྐྱེ་བའི་ཕྱིར་ཆད་པ་སྟེ་འདིའི་འཇིག་པ་གསལ་རབ་པ་ཉིད་དུ་འགྱུར་རོ། །
གང་ཡང་སྦྲུལ་ལ་སོགས་པ་དཔེ་ཉིད་དུ་བླངས་པ་དེ་ཡང་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་དུ་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར། སྦྲུལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྐྱེས་བུ་བསྟན་པ་གཅིག་པུའི་ངོ་བོ་ཡིན་པའི་ཕྱིར། གནས་སྐབས་གཞན་འབྱུང་བ་རིགས་པ་མ་ཡིན་པ་དེ་བཞིན་དུ་སྦྲུལ་ལ་ཡང་མི་
རིགས་པ་ཡིན་ནོ། །གང་གི་ཚེ་ཡང་འདི་སྐད་ཅིག་མ་འཇིག་པར་འགྱུར་བའི་ཚེ་གནས་སྐབས་གཞན་འབྱུང་བ་རིགས་པ་ཡིན་ཏེ། གནས་སྐབས་གཞན་འབྱུང་བའི་མཚན་ཉིད་ནི་རང་བཞིན་གཞན་སྐྱེ་བ་ཡིན་པའི་ཕྱིར་རོ། །གང་ཡང་ངས། རིག་ཅེས་བྱ་བའི་བདག་གི་བློས། །ཤེས་པ་པོ་ཉིད་རྟོགས་པར་
འགྱུར། །ཞེས་སྨྲས་པ་དེ་ལ་མ་གྲུབ་པོ་ཞེས་བསྟན་པའི་གནས་སྐབས་དམིགས་པ་མེད་པ་ཉིད་ཀྱིས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ང་རྒྱལ་འདི་ལ་ནི་གང་གིས་འདིའི་ཡུལ་ཤེས་པ་པོ་ཡིན་པར་འགྱུར་བ་དོན་དམ་པར་དམིགས་པ་ཅུང་ཟད་ཡོད་པ་ཡང་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་འདི་སྐྱེ་བའི་རྒྱུ་མཚན་གང་
ཡིན་ཞེ་ན། ཐོག་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་དུ་ལྟ་བ་ནི་འཇིག་ཚོགས་ལ་ལྟ་བའོ། །དེའི་ས་བོན་ནི་བག་ཆགས་ཏེ་ནུས་པ་ཞེས་བྱ་བའི་དོན་ཏོ། །ཐོག་མ་མེད་པ་ཡང་དེ་ཡིན་ལ་སེམས་ཅན་དུ་ལྟ་བའི་ས་བོན་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེའི་སྟོབས་ནི་བདག་པོའོ། །
འགའ་ཞིག་ལ་ཞེས་བྱ་བ་ནི་ནང་གི་བདག་ཉིད་དུ་ངེས་པ་ཉིད་ཀྱི་སྐྱེ་མཆེད་དྲུག་ལའོ། །འོན་ཏེ་ཅིའི་ཕྱིར་ཐམས་ཅད་དུ་མི་འཇུག་ཅེ་ན། འདུ་བྱེད་འགའ་ཞིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཡི་ངོ་བོར་ངེས་བྱས་ལ། །ཞེས་བྱ་བ་ནི། སྔ་མ་དང་ཕྱི་མའི་དུས་སུ་འཇུག་པའི་ཤེས་པ་པོའི་ངོ་བོ་ངེས་པའི་ང་རྒྱལ་
Vol. 191 · folio 211b
ལའོ། །ཀུན་དུ་ཞེས་བྱ་བ་ནི་རྒྱུད་གཞན་དང་བུམ་པ་ལ་སོགས་པ་རྣམས་ལའོ། །གཞན་ཡང་ང་རྒྱལ་གྱི་དམིགས་པ་བདག་ཡིན་ན་ཡང་ཅིའི་ཕྱིར་བདག་གཞན་ལ་ཡང་འཇུག་པར་མི་འགྱུར་ཞེས་བྱ་བའི་བརྒལ་ཞིང་བརྟག་པ་མཚུངས་སོ། །ནུས་པ་སོ་སོར་ངེས་པའི་ཕྱིར་དེ་ལྟ་མ་ཡིན་ནོ་ཞེ་ན། གལ་ཏེ་དེ་ལྟ་
ན་ཁོ་བོ་ཅག་ལ་ཡང་ནུས་པ་ངེས་པའི་ཕྱིར་ནང་གི་དངོས་པོ་འགའ་ཞིག་ཁོ་ན་ལ་འཇུག་གི །ཐམས་ཅད་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་གཞག་པ་ཐམས་ཅད་འཆོལ་པ་མེད་པ་ཉིད་དོ། །འདི་སྙམ་དུ་རྣམ་པར་གཞག་པ་འདི་ཡིན་ལ་རག་མོད། འོན་ཀྱང་འདིའི་དམིགས་པ་མེད་པ་ཉིད་ཇི་ལྟར་འགྲུབ་སྙམ་
དུ་སེམས་ན། རྟག་པར་དམིགས་པའི་ཕྱོགས་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འདིའི་དམིགས་པར་འགྱུར་བ་རྟག་པའམ། མི་རྟག་པ་ཞིག་ཡིན་གྲང་། གལ་ཏེ་རྟག་པ་ཡིན་ན་དེའི་ཚེ་ང་རྒྱལ་ཐམས་ཅད་དེ། ང་རྒྱལ་རྣམས་ཅིག་ཅར་དུ་འགྱུར་ཏེ། རྒྱུ་མ་ཚང་བ་མེད་པའི་ཕྱིར་རོ། །
རྒྱུ་མ་ཡིན་པ་ནི་དམིགས་པར་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ནུས་པའི་རྒྱུ་ནི་ལྷན་ཅིག་བྱེད་པ་དག་ལ་ལྟོས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ནི་ལན་ཅིག་མ་ཡིན་པར་དཔྱད་ཟིན་ཏོ། །ང་རྒྱལ་འདི་ནི་གཅིག་ཁོ་ན་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་ཏེ། རེས་འགའ་བ་ཉིད་ཀྱིས་དུ་མ་ཉིད་དུ་གྲུབ་
པའི་ཕྱིར་རོ། །འདི་ལྟར་གཉིད་སྟུག་པོ་ལོག་པ་དང་། མྱོས་པ་དང་། བརྒྱལ་བའི་གནས་སྐབས་སུ་ང་རྒྱལ་རིགས་པ་མ་ཡིན་ལ། ཡང་གཞན་གྱི་ཚེ་རིགས་པ་ཡིན་པའི་ཕྱིར་ཐམས་ཅད་དུ་མ་དམིགས་པས་འདི་རེས་འགའ་ཉིད་དུ་གྲུབ་པོ། །རེས་འགའ་བ་ཉིད་ཀྱིས་ཀྱང་དུ་མ་ཡིན་ནོ། །དེའི་ཕྱིར་ང་རྒྱལ་
ཐམས་ཅད་དེ་ཡོད་པ་ཙམ་ན་ཡོད་པ་རྣམས་ཅིག་ཅར་སྐྱེ་བར་འགྱུར་རོ། །ཡང་མི་རྟག་པ་དམིགས་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་དུ་ང་རྒྱལ་ཐམས་ཅད་ཆེས་གསལ་བར་སྣང་བར་ཐལ་བར་འགྱུར་ཏེ། རང་གི་མཚན་ཉིད་ཀྱི་དངོས་པོ་དངོས་སུ་
འཛིན་པའི་ཕྱིར་རོ། །དེའི་ཕྱིར་ནི་དེ་ལྟ་བས་ནའོ། །གཞན་གྱི་ཞེས་བྱ་བ་ནི་གཞོན་ནུ་མ་ལེན་ལ་སོགས་པ་མུ་སྟེགས་བྱེད་པ་དག་གིས་ཤེས་པའི་སྐད་ཅིག་དེའི་ཡུལ་དུ་ཅི་ཞིག་རྟོག་ཅེས་བྱ་བ་ལ་སོགས་པ་འདིའི་དམིགས་པ་བརྒལ་ཞིང་བརྟག་པ་དོན་མེད་དོ། །དེ་ལ་ང་རྒྱལ་འདི་ནི་དམིགས་པ་མེད་པ་ཁོ་
Vol. 191 · folio 212a
ན་ཡིན་ཏེ། ཐོག་མ་མེད་པའི་འཇིག་ཚོགས་ལ་ལྟ་བའི་བག་ཆགས་ཀྱི་སྟོབས་ཀྱིས་འཁྲུལ་པ་འཇུག་པ་ཡིན་ནོ་ཞེས་གང་སྨྲས་པ། འདི་ལ་གཞོན་ནུ་མ་ལེན་གྱིས་བརྗོད་པའི་སུན་འབྱིན་པ་འདོགས་པར་བྱེད་པ་ནི། ཤེས་པ་པོ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བག་
ཆགས་ནི་ཤེས་པ་པོའི་ཡུལ་ལ་ངོ་ཤེས་པའི་བྱེད་པ་པོར་འོས་ཀྱི། དེ་མིན་ལ་སྟེ། ཤེས་པ་པོ་མ་ཡིན་པ་ལ། དེ་ཞེས་ཏེ་ཤེས་པ་པོ་ཞེས་ཤེས་པ་སྟེ། ངོ་ཤེས་པའི་བག་ཆགས་བྱེད་པ་པོར་འོས་པ་མ་ཡིན་ནོ་ཞེས་སྦྲེལ་བར་བྱའོ། །ཅིའི་ཕྱིར་ཞེ་ན། འདི་ནི་འཁྲུལ་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་
འདི་ནི་ཇི་ལྟར་ཉམས་སུ་མྱོང་བའི་རྒྱུ་ཡུལ་གྱི་དོན་ཉིད་ལ་ཤེས་པ་སྐྱེད་པར་བྱེད་པ་ཡིན་གྱི། འཁྲུལ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་བས་ན་ང་རྒྱལ་འདི་ནི་བག་ཆགས་ཀྱིས་བསྐྱེད་པའི་ཕྱིར་དང་། གནོད་པར་བྱེད་པའི་ཚད་མ་མེད་པའི་ཕྱིར་འཁྲུལ་པར་རིགས་པ་མ་ཡིན་ནོ། །གལ་ཏེ་སྒྲ་ནི་
གནོད་མེད་ཕྱིར། །ཞེས་བྱ་བ་འདིའི་མཇུག་ཐོགས་སུ་རིམ་པ་བཞིན་དུ་བལྟ་བར་བྱའོ། །མ་ཡིན་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པ་ཡིན་ནོ། །བཤད་མ་ཐག་པའི་རིགས་པ་ནི། རྟག་པ་དམིགས་པའི་ཕྱོགས་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དང་། གང་ཡང་། བག་ཆགས་འཁྲུལ་པའི་
རྒྱུ་མ་ཡིན། །ཞེས་སྨྲས་པ། དེ་ནི་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དབང་ཕྱུག་སོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་བག་ཆགས་འཁྲུལ་པའི་རྒྱུ་མ་ཡིན་ན། དེའི་ཚེ་དབང་ཕྱུག་སྐྱེ་བ་དང་ལྡན་པ་ཐམས་ཅད་རྒྱུ་ཐམས་ཅད་ཤེས་པ་བློ་རྟག་པའི་རྟེན་ཡིན་ནོ་ཞེས་བྱ་བ་ལ་སོགས་པའི་
འཁྲུལ་པ་ཇི་ལྟར་བག་ཆགས་ཙམ་ཡོད་པས་འབྱུང་བར་འགྱུར། འདི་ལྟར་གཞོན་ནུ་མ་ལེན་གྱིས་ཀྱང་དབང་ཕྱུག་ལ་སོགས་པ་འགྲོ་བའི་བྱེད་པ་པོ་ཡིན་པ་བཀག་པ་ཁོ་ནའོ། །བག་ཆགས་ཙམ་གྱི་ངོ་བོ་ལས། །ཞེས་བྱ་བ་ལ་ཙམ་སྨོས་པ་ནི། དེ་ལྟ་བུར་གྱུར་པའི་དམིགས་པའི་དོན་རྣམ་པར་བཅད་
པའི་དོན་དུའོ། །དེ་ལྟ་བས་ན་ང་རྒྱལ་དམིགས་པ་མེད་པའི་ཕྱིར་དེས་གཟུང་བར་བྱ་བའི་ཤེས་པ་པོ་འགའ་ཞིག་གྲུབ་པ་ཡོད་པ་མ་ཡིན་པས་དེའི་ཕྱིར་བདག་གྲུབ་པ་མ་ཡིན་ནོ། །གང་ཡང་། འདས་པའི་ང་རྒྱལ་གྱིས་གཟུང་བྱ། །ཞེས་བྱ་བ་ལ་སོགས་པ་རྟག་པ་ཉིད་དུ་སྒྲུབ་པར་བྱེད་པ་སྨྲས་པ། དེ་ལ་དེའི་
Vol. 191 · folio 212b
ཕྱིར་ཚད་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཡང་ཞེས་བྱ་བ་ནི་རྟག་པའམ་མི་རྟག་པའི་ཤེས་པ་པོ་དཔེའི་ཆོས་ཅན་ཡོད་པ་མ་ཡིན་པས་དཔེ་མ་གྲུབ་པོ། །འདི་ལྟར་སྦྱོར་བ་དང་པོ་དང་གཉིས་པ་དག་ལ་ཆོས་ཅན་མ་གྲུབ་པའི་དཔེའི་སྐྱོན་ཡིན་ཏེ། ད་ལྟར་དང་ཁར་ཚང་གི་ངའི་ཤེས་པས་རྟོགས་པར་བྱ་བའི་ཤེས་
པ་པོ་འགའ་ཡང་མེད་པའི་ཕྱིར་རོ། །སྦྱོར་བ་གསུམ་པ་ལ་ཡང་བློ་གཅིག་བཞིན་ནོ་ཞེས་བྱ་བའི་དཔེ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་མ་ཚང་བ་ཡིན་ཏེ། མངོན་པར་འདོད་པ་ཉིད་གྱི་བློ་གཅིག་རྒྱུད་གཅིག་དང་འབྲེལ་པའི་ཤེས་པ་པོ་ངའི་ཤེས་པ་ཉིད་དམ། ཡུལ་གཅིག །ཉིད་དུ་མ་གྲུབ་པའི་
ཕྱིར་རོ། །དེ་བས་ན་ཆོས་གཉིས་མ་གྲུབ་པའི་སྒོ་ནས་འདི་ཡང་མ་གྲུབ་པ་ཉིད་དུ་བསྟན་ཏོ། །ཇི་ལྟར་རིགས་པ་བསྟན་པ་ཡིན། །ཞེས་བྱ་བ་ལ། བསྟན་པ་ནི་སྔར་ཉེ་བར་བཀོད་པའི་གཏན་ཚིགས་གང་དག་ཡིན་པ་དེ་དག་ཇི་ལྟར་རིགས་པར་ཏེ། ཇི་ལྟར་སྲིད་པ་གཞི་མ་གྲུབ་པ་ཡིན་ནོ་
ཞེས་བྱ་བའི་དོན་ཏོ། །འདི་ལྟར་སྦྱོར་བ་དང་པོ་དང་གཉིས་པ་དག་ལ་གཏན་ཚིགས་གསུམ་ཀ་ཡང་གཞི་མ་གྲུབ་པ་ཡིན་ཏེ། ངའི་ཤེས་པས་གཟུང་བར་བྱ་བའི་ཆོས་ཅན་ཤེས་པ་པོ་འགའ་ཡང་མ་གྲུབ་པའི་ཕྱིར་རོ། །སྦྱོར་བ་གསུམ་པ་ལ་ནི་ཆོས་ཅན་ཤེས་པ་རྣམས་གྲུབ་པའི་ཕྱིར་གཞི་མ་གྲུབ་པ་མ་
ཡིན་མོད་ཀྱི། འོན་ཀྱང་དེ་དག་ལ་རྒྱུད་གཅིག་དང་མ་འབྲེལ་པའི་ཤེས་པ་པོའི་ཡུལ་ཉིད་ཀྱིས་ཁྱད་པར་མ་གྲུབ་སྟེ། དམིགས་པ་མེད་པ་ཉིད་དུ་བསྒྲུབས་ཟིན་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་རིགས་པར་ཞེས་བཤད་དོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་དཔྱོད་པ་པས་ཀུན་དུ་བརྟགས་པའི་
བདག་བརྟག་པ་སྟེ་བརྒྱད་པའོ།། །།ད་ནི་གྲངས་ཅན་གྱིས་ཀུན་དུ་བརྟགས་པའི་བདག་དགག་པར་བྱ་བའི་ཕྱིར། གཞན་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་དག་ཅེས་བྱ་བ་ནི་གྲངས་ཅན་རྣམས་སོ། །དེ་དག་ནི་སེམས་པ་ཅན་བདག་གི་རང་གི་ངོ་བོ་བློ་ལས་ཐ་དད་པར་རྟོག་པར་
བྱེད་དེ། འདི་ལྟར་བློ་ནི་གཙོ་བོའི་རང་བཞིན་ཡིན་ལ། སེམས་པ་ཅན་ནི་སྐྱེས་བུ་ཉིད་ཀྱི་རང་གི་ངོ་བོ་ཡིན་ནོ་ཞེས་བྱ་བ་ནི་དེ་དག་གི་གཞུང་ལུགས་ཡིན་ནོ། །སྐྱེས་བུ་དེ་ཡང་དགེ་བ་དང་མི་དགེ་བའི་ལས་ཀྱི་འབྲས་བུ་གཙོ་བོས་དྲངས་པའི་ཟ་བ་པོ་ཡིན་གྱི། ལས་རྣམས་ཀྱི་བྱེད་པ་པོ་ནི་མ་ཡིན་ཏེ། འགྲོ་བ་
Vol. 191 · folio 213a
ཐམས་ཅད་ཀྱི་ཡོངས་སུ་འགྱུར་བ་ངོ་བོའི་རང་བཞིན་ཉིད་བྱེད་པ་པོ་ཉིད་དུ་འདོད་པའི་ཕྱིར་རོ། །འདིར་ཡང་ཚད་མ་དག་སྟོན་པ་ནི། གང་ཞིག་འདུས་པའི་ངོ་བོ་ཉིད་ཀྱིས་དངོས་པོ་ཡིན་པ་དེ་ནི་གཞན་གྱི་དོན་བྱེད་པར་མཐོང་སྟེ། དཔེར་ན་མལ་ཆ་དང་སྟན་ལ་སོགས་པའི་ཡན་ལག་བཞིན་ནོ། །
མིག་ལ་སོགས་པ་ཡང་བསགས་པའི་ངོ་བོ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཞན་གང་ཡིན་པ་དེ་ཡང་ཤུགས་ཀྱིས་བདག་ཡིན་ནོ་ཞེས་བྱ་བར་གྲུབ་པོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེ་ལ་ཡང་ཞེས་བྱ་བ་ལ་སོགས་པས་རེ་ཞིག་དམ་བཅའ་བའི་དོན་སུན་འབྱིན་པར་བྱེད་དེ། འདི་ལྟར་
སེམས་པ་ཅན་སྐྱེས་བུའི་རང་གི་ངོ་བོ་ཡིན་ནོ་ཞེས་སྨྲ་བ་ན། སེམས་པ་ཅན་རྟག་པ་དང་གཅིག་པུའི་ངོ་བོ་ཡིན་ནོ་ཞེས་བྱ་བར་དམ་བཅས་པར་འགྱུར་ཏེ། རྟག་པ་དང་གཅིག་པུའི་ངོ་བོའི་སྐྱེས་བུ་ལས་དེ་ཐ་མི་དད་པའི་ཕྱིར་རོ། །འདི་ཡང་མངོན་སུམ་དང་འགལ་བ་ཡིན་ནོ། །གང་གི་ཕྱིར་གཟུགས་དང་སྒྲ་ལ་
སོགས་པའི་སེམས་རང་རིག་པའི་ངོ་བོ་ཐ་དད་པ་དང་ལྡན་པ་རང་བཞིན་ཐ་དད་པ་ཆེས་གསལ་བར་ཤིན་ཏུ་གསལ་བ་ཉིད་དུ་རིག་སྟེ། དེ་ཡང་སེམས་པ་ཅན་གཅིག་ཡིན་ན་འཐད་པ་མ་ཡིན་ནོ། །ཁས་བླངས་པ་དང་འགལ་བར་ཡང་བསྟན་པའི་ཕྱིར་སེམས་པ་ཅན་གྱི་ངོ་བོ་གཅིག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ།
བདག་ངོ་བོ་གཅིག་པ་ཡང་ཡིན་ལ། དོན་རྣམ་པ་སྣ་ཚོགས་པའི་ཟ་བ་པོ་ཡང་ཡིན་ནོ་ཞེས་ཇི་ལྟར་ཕན་ཚུན་འགལ་བ་ཡིན་ཏེ། ཟ་བ་པོ་མ་ཡིན་པའི་གནས་སྐབས་དང་ཁྱད་པར་མེད་པའི་ཕྱིར་རོ། །བལྟ་བར་འདོད་པ་ལ་སོགས་པ་དང་ལྡན་པར་འགལ་བ་མེད་དོ་ཞེ་ན། བལྟ་འདོད་ལ་སོགས་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གང་དག་གཟུགས་ལ་སོགས་པ་ལ་ལྟ་བར་འདོད་པ་དང་ཉན་པར་འདོད་པ་ལ་སོགས་པ་དེའི་ཕན་ཚུན་ཐ་དད་པ་ལ་ལོངས་སྤྱོད་པའི་རྒྱུ་མཚན་ཉིད་དུ་བརྟགས་པ་དེ་དག་ཀྱང་བདག་འདི་ལ་འགྱུར་བ་མིན་ཏེ། འབྱུང་བ་མ་ཡིན་ནོ། །གལ་ཏེ་འབྱུང་ན་དེའི་ཚེ་དེ་ལྟར་དེ་ཐ་དད་པར་སྐྱེ་བ་ཡིན་ན་ནི་སྐྱེས་
བུ་སྐྱེ་བ་དང་ལྡན་པ་ཡིན་པར་འགྱུར་ཏེ། བལྟ་བར་འདོད་པ་ལ་སོགས་པ་བཞིན་དུ་དེ་དག་ལས་ཐ་མི་དད་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱེད་པ་ནི། །སེམས་པ་ཅན་ལས་མ་གཏོགས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐ་དད་པ་ཡིན་ན་ནི་འདི་འདིའི་ཞེས་བྱ་བའི་འབྲེལ་བ་ནི་མི་འཐད་དེ། འབྲེལ་
Vol. 191 · folio 213b
པའི་རྒྱུ་མཚན་ཕན་འདོགས་པ་མེད་པའི་ཕྱིར་རོ། །འདི་ཞེས་བྱ་བ་ནི་སྐྱེ་བ་དང་འཇིག་པར་འགྱུར་བའོ། །སྦྱོར་བ་ནི་གང་ཞིག་གང་གི་ངོ་བོར་རྣམ་པར་འཇོག་པའི་རྒྱུ་མཚན་མེད་པ་དེ་ནི་རྟོག་པ་དང་ལྡན་པས་དེའི་ངོ་བོར་རྣམ་པར་འཇོག་པ་མ་ཡིན་ཏེ། ནམ་མཁའ་ལུས་ཅན་ཉིད་བཞིན་ནོ། །སྐྱེས་བུའི་བལྟ་བར་
འདོད་པ་ལ་སོགས་པ་ལ་ཡང་ཟ་བ་པོར་འཇོག་པའི་རྒྱུ་མཚན་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་མི་དམིགས་པའོ། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསྒྲུབས་ཟིན་ཏོ། །བྱེད་པ་པོ་མེད་པའི་ཕྱིར་དེའི་ཟ་བ་པོ་འདི་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་དགེ་དང་མི་དགེའི་ལས། །ཞེས་བྱ་
བ་ལ་སོགས་པ་སྨོས་ཏེ། མ་བྱས་པའི་ལས་ཀྱི་འབྲས་བུ་ལོངས་སྤྱོད་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། མ་བྱས་པ་དང་ཕྲད་པ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལ་ཡང་གཞན་གྱི་ལན་གྱི་དོགས་པ་བསུ་བ་ནི། གལ་ཏེ་འདོད་དང་རྗེས་མཐུན་པར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
སྐྱེས་བུ་ལས་རྣམས་ཀྱི་བྱེད་པ་པོ་མ་ཡིན་མོད་ཀྱི། འོན་ཀྱང་རང་བཞིན་འདིའི་ཇི་ལྟར་མངོན་པར་འདོད་པའི་དོན་གཏོད་པར་བྱེད་པ་དེ་ལ་འདི་ལོངས་སྤྱོད་དོ་ཞེས་བྱ་བས་ཉེས་པ་མེད་དོ། །འོན་ཏེ་རང་བཞིན་སེམས་པ་ཅན་མ་ཡིན་ན། གང་གིས་འདི་ཇི་ལྟར་མངོན་པར་འདོད་པའི་ལས་ཀྱི་འབྲས་བུ་སྐྱེས་བུ་ལ་སྒྲུབ་
པར་བྱེད་ལ། ཇི་ལྟར་དགེ་བ་ལ་སོགས་པའི་ལས་རྣམས་ཀྱི་བྱེད་པ་པོར་འགྱུར་ཞེ་ན། དེ་དག་ཞ་བོ་ལོང་བ་བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཇི་ལྟར་ལོང་བ་མིག་དང་ལྡན་པའི་སྐྱེས་བུ་དང་འབྲེལ་བ་ལས་དོན་ལ་འཇུག་པར་འགྱུར་བ་དེ་བཞིན་དུ་ཆེན་པོ་ལ་སོགས་པ་ཐིམ་པར་འགྱུར་བ་སེམས་
པ་ཅན་གྱི་སྐྱེས་བུ་དང་ཕྲད་པ་ལས་སེམས་པ་ཅན་བཞིན་དུ་ཆོས་ལ་སོགས་པའི་འབྲས་བུ་ལ་ངེས་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་སྐྱོན་མེད་དོ། །དེ་སྐད་དུ་ཡང་། སྐྱེས་བུ་མཐོང་བའི་དོན་དུ་དང་། །དེ་བཞིན་གཙོ་བོ་འབའ་ཞིག་དོན། །ཞ་ལོང་བཞིན་དུ་གཉི་གའི་ཡང་། །འབྲེལ་པ་དེ་ཡིས་འཁོར་བ་བྱས། །
ཞེས་བཤད་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དོ། །གལ་ཏེ་རང་བཞིན་ནི་མ་བྱས་པའི་ཡང་ལས་ཀྱི་མངོན་པར་འདོད་པ་འབྲས་བུ་གཏོད་པར་བྱེད་པར་འགྱུར་ན། དེའི་ཚེ་ཐམས་ཅད་དུ་འདོད་པ་དོན་དུ་གཉེར་བ་ན་སྐྱེས་བུའི་མངོན་པར་འདོད་པའི་དོན་ཐམས་ཅད་ཅིའི་ཕྱིར་
Vol. 191 · folio 214a
འགྲུབ་པར་མི་འགྱུར། འདི་སྙམ་དུ་དེའི་རྒྱུ་ཆོས་མེད་པའི་ཕྱིར། འགྲུབ་པར་མི་འགྱུར་རོ་སྙམ་ན། ཅིའི་ཕྱིར་ན་རང་བཞིན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱི་འབྲས་བུ་ནི་ཆོས་ཡིན་ཏེ། དེ་ཡང་དེ་ལས་ཐ་མི་དད་པའི་ཕྱིར་རྟག་ཏུ་ཡོད་པ་ཉིད་ཡིན་པས་མངོན་པར་འདོད་
པའི་འབྲས་བུར་འགྱུར་རོ། །འདི་ལྟར་ཐམས་ཅད་ནི་འདི་ཁོ་ན་སྟེ། འདི་ལྟ་སྟེ་རང་བཞིན་དང་སྐྱེས་བུ་དག་གོ། །དེ་དག་ཀྱང་རྟག་ཏུ་ཉེ་བས་དེས་ན་རྟག་ཏུ་འབྲས་བུ་ཉིད་དུ་འགྱུར་རོ། །གཞན་ཡང་གལ་ཏེ་མངོན་པར་འདོད་པའི་རང་བཞིན་གྱིས་སྟེར་བར་བྱེད་པ་དེའི་ཚེ་ཅིའི་ཕྱིར་མི་འདོད་པ་སྟེར་བར་བྱེད། མི་འདོད་
པ་ནི་འགའ་ཡང་དོན་དུ་གཉེར་བ་མ་ཡིན་ནོ། །གཞན་ཡང་རང་བཞིན་གྱིས་འདི་ལ་དོན་གཏོད་པར་བྱེད་པ་མེད་ཀྱི། འོན་ཀྱང་འདི་ཟ་བ་པོ་ཉིད་དུ་རིགས་པ་མ་ཡིན་ཏེ་འགྱུར་བ་མེད་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་པ་ནི། དོན་ལོངས་སྤྱོད་དུས་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་བདེ་བ་དང་སྡུག་བསྔལ་
ལ་སོགས་པས་སིམ་པ་དང་། ཡོངས་སུ་གདུང་བ་ལ་སོགས་པའི་ངོ་བོའི་འགྱུར་བ་སྟེར་བར་མི་བྱེད་པ་དེའི་ཚེ། ནམ་མཁའ་བཞིན་དུ་འདི་ཟ་བ་པོ་ཉིད་དུ་མི་འགྱུར་རོ། །རང་བཞིན་ཕན་བྱེད་མི་འགྱུར་རོ། །ཞེས་སྦྱར་ཏེ། རང་བཞིན་འགྱུར་བ་མེད་པ་ཡིན་ན་ཕན་པ་བྱ་བར་མི་ནུས་པའི་ཕྱིར་རོ། །ཅི་སྟེ་
འགྱུར་བ་ཉིད་དུ་ཁས་ལེན་ན་དེའི་ཚེ་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་རོ། །འདི་ལྟར་མི་རྟག་པ་ཉིད་ལ་དེའི་གནས་སྐབས་མ་ཡིན་པ་ཉིད་དུ་སྨྲ་བ་ན། དེ་ཡང་འགྱུར་བ་ན་ཡོད་པས་ཇི་ལྟར་འདི་རྟག་པ་ཉིད་དུ་འགྱུར་ཏེ། རྟག་པ་ཉིད་ནི་དེའི་གནས་སྐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །གལ་ཏེ་ཡུལ་གྱི་རྣམ་ཅན་
བློ། །ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས་ཀྱིས་རྣམ་པ་གཞན་དུ་ཟ་བ་པོ་ཉིད་དུ་དོགས་པ་བསུ་སྟེ། འདི་རྣམ་པར་འགྱུར་བར་གྱུར་ནས་ཟ་བ་པོ་ཉིད་དུ་འདོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བློས་ངེས་པར་བྱས་པའི་དོན་གྱི་གཟུགས་བརྙན་འཆར་བའི་སྒོ་ནས་ཤེས་པའི་ཕྱིར་ཏེ། འདི་ལྟར་བློའི་མེ་ལོང་
ལ་ཞུགས་པའི་གཟུགས་བརྙན་མེ་ལོང་གཉིས་པ་ལྟ་བུའི་སྐྱེས་བུ་ལ་འཕོ་བ་དེ་ཉིད་འདིའི་ཟ་བ་པོ་ཡིན་གྱི། རྣམ་པར་འགྱུར་བར་གྱུར་པ་ནི་མ་ཡིན་ནོ། །གཟུགས་བརྙན་ཙམ་འཕོ་བ་ན་ཡང་སྐྱེས་བུའི་རང་གི་ངོ་བོ་འདོར་བ་ནི་མ་ཡིན་ཏེ། མེ་ལོང་བཞིན་དུ་དེའི་གནས་སྐབས་ཡིན་པའི་ཕྱིར་རོ། །དེས་ན་ཟ་བ་
Vol. 191 · folio 214b
པོ་མ་ཡིན་པའི་གནས་སྐབས་ཀྱི་ལས་ཁྱད་པར་མེད་པ་ཞེས་བྱ་བའི་སྦྱོར་བ་འདི་ལ་གཏན་ཚིགས་མ་ངེས་པ་ཡིན་ནོ། །བརྗོད་པ་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་པ་ཡིན་ཏེ། བློའི་མེ་ལོང་ལ་ཞུགས་པའི་དོན་གྱི་གཟུགས་བརྙན་མེ་ལོང་གཉིས་པ་ལྟ་བུའི་སྐྱེས་བུ་ལ་སྐྱེ་བ་གང་ཡིན་པ་དེ་ཡིན་ནོ་
ཞེས་བྱ་བར་འདོད་དེ། དེ་གལ་ཏེ་སྐྱེས་བུ་ལས་ཐ་མི་དད་པ་དེའི་ཚེ་དེ་མ་ཐག་ཏུ་བཤད་པའི་སྐྱེ་བ་དང་འཇིག་པ་དང་ལྡན་པར་ཐལ་བར་འགྱུར་བ་སོ་ན་འདུག་པ་ཡིན་ཏེ། སྐྱེ་བ་དང་ལྡན་པའི་གཟུགས་བརྙན་གྱི་ངོ་བོ་བཞིན་དུ་དེ་ལས་ཐ་མི་དད་པའི་ཕྱིར་རོ། །ཅི་སྟེ་ཐ་དད་པ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་ཟ་
བ་པོ་ཉིད་དུ་མི་འགྱུར་ཏེ། ཟ་བ་པོ་མ་ཡིན་པའི་གནས་སྐབས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །སྐྱེས་བུ་དོན་གྱི་གཟུགས་བརྙན་དང་ལྷན་ཅིག་འབྲེལ་པ་ལས་ཟ་བ་པོ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། ཕན་ཚུན་ཕན་པར་བྱེད་པ་མ་ཡིན་པ་དག་ནི་འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །གཞན་ཡང་
གལ་ཏེ་གཙོ་བོས་སྐྱེས་བུའི་བལྟ་བར་འདོད་པ་ལ་སོགས་པ་ཤེས་ན་དེའི་ཚེ་དེ་དེ་དང་རྗེས་སུ་མཐུན་པར་སྐྱེས་བུ་དོན་ལ་འཇུག་པར་རིགས་ན། ཇི་སྲིད་དུ་བེམས་པོའི་ངོ་བོ་ཡིན་པའི་ཕྱིར། སེམས་པ་ཅན་དང་འབྲེལ་པ་ཡོད་ན་ཡང་ཞ་བོ་དང་ལོང་བ་བཞིན་དུ་འཇུག་པར་མི་རིགས་སོ། །འདི་ལྟར་ལོང་བས་
ལམ་མ་དམིགས་མོད་ཀྱི། འོན་ཀྱང་འདི་ཞ་བོའི་བརྗོད་པར་འདོད་པ་རིགས་པ་ཉིད་མ་ཡིན་ཏེ། དེ་ནི་སེམས་དང་ལྡན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་གཙོ་བོ་ནི་སྐྱེས་བུའི་བལྟ་བར་འདོད་པ་ལ་སོགས་པ་རིགས་པ་མ་ཡིན་ཏེ། དེ་ནི་སེམས་པ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཕན་ཚུན་དུ་ཕན་
པ་བྱེད་པ་མ་ཡིན་པ་དེ་དག་ནི་ཞ་བོ་དང་ལོང་བ་བཞིན་དུ་འབྲེལ་པ་ཡོད་པ་ཡང་མ་ཡིན་ནོ། །ཅི་སྟེ་གཙོ་བོ་ནི་སྐྱེས་བུའི་བལྟ་བར་འདོད་པ་ལ་སོགས་པ་རིགས་པ་ཡིན་ནོ་ཞེས་འདོད་པ་དེ་ལྟ་ན་ཡང་འདི་ཟ་བ་པོ་ཉིད་དུ་ཐལ་བར་འགྱུར་རོ། །བྱེད་པ་ཉིད་དུ་ཤེས་པ་གང་ཡིན་པ་དེ་ཇི་ལྟར་ཟ་བ་ཡང་ཤེས་པར་མི་འགྱུར།
དེ་ལྟ་བས་ན་བྱེད་པ་ཤེས་པ་ཟ་བ་མི་ཤེས་སོ་ཞེས་བྱ་བ་འདི་ལས་མི་རིགས་པ་གཞན་ཅི་ཡོད་དེ། ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བའི་དོན་ཏོ། །བྱན་པོ་ཚོད་མ་ལ་སོགས་པའི་བྱེད་པ་པོ་ཡིན་ལ། དེ་ཟ་བར་ནི་མི་ཤེས་པ་སྟེ། ཟ་བ་ཉིད་དུ་མི་ཤེས་པ་ཞེས་བྱ་བ་ལ། འདི་ལ་ཞེས་བྱ་བའི་སྒྲ་ཞིག་ཁོང་ནས་
Vol. 191 · folio 215a
དབྱུང་ངོ་། །གཙོ་བོ་བློ་དང་ལྡན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལན་གྱི་དོགས་པ་བསུ་བ་ཡིན་ནོ། །འདི་ཞེས་བྱ་བ་ནི་གཙོ་བོའོ། །ཀུན་ཞེས་བྱ་བ་ནི་ལྟ་བར་འདོད་པ་དང་རྗེས་སུ་མཐུན་པར་འཇུག་པའོ། །འདི་སྐད་དུ་བསྟན་པར་འགྱུར་ཏེ། གཙོ་བོ་
སེམས་པའི་ངོ་བོ་མ་ཡིན་པ་དེ་ལྟ་མོད་ཀྱི། འོན་ཀྱང་ངེས་པའི་མཚན་ཉིད་ཀྱི་བློ་དང་ལྡན་པའི་ཕྱིར་སྐྱེས་བུ་ལ་གནས་པའི་བལྟ་བར་འདོད་པ་ལ་སོགས་པ་ཤེས་ནས། འཇུག་པར་འགྱུར་བས་དེའི་ཕྱིར་ཐམས་ཅད་འགལ་བ་མེད་པ་ཡིན་ནོ། །དེ་ལ་ལན་སྨྲས་པ་ནི། བློ་ལྡན་ཉིད་ན་ཞེས་བྱ་བ་ལ་སོགས་པ་
སྟེ། གལ་ཏེ་གཙོ་བོ་བློ་དང་ལྡན་པར་ཁས་ལེན་པར་བྱེད་ན། དེའི་ཚེ་འདི་སྐྱེས་བུ་བཞིན་དུ་སེམས་པ་ཅན་ཉིད་དུ་ཐལ་བར་འགྱུར་ཏེ། བློ་ལ་སོགས་པ་རྣམས་ནི་སེམས་པ་ཅན་གྱི་རྣམ་གྲངས་ཡིན་པའི་ཕྱིར་རོ། །འདི་ལྟར་གང་ཞིག་གསལ་བའི་བདག་ཉིད་ཀྱིས་རང་རིག་པའི་ངོ་བོ་གསལ་བ་གཞན་ལ་མི་ལྟོས་
པ་དེ་ནི་སེམས་པ་ཅན་ཞེས་བྱ་བའོ། །དེ་ལ་ནི་བློ་ལ་ཡང་ཡོད་པའི་ཕྱིར་དེ་སེམས་པའི་ངོ་བོར་འགྱུར་རོ། །གང་གིས་དེ་ལས་ཐ་དད་པའི་སྐྱེས་བུ་འགྲུབ་པར་འགྱུར་བ་ཁོ་བོ་ཅག་གི་བློ་ལས་མ་གཏོགས་པའི་སེམས་པའི་ངོ་བོ་གཞན་དམིགས་པ་ཡང་མ་ཡིན་ནོ། །འདིར་གཞན་གྱི་བློ་སེམས་ཀྱི་ངོ་བོ་ལས་ཐ་
དད་པ་སྒྲུབ་པའི་ཕྱིར། སྒྲ་དྲི་རོ་ལ་སོགས་པ་བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དང་གང་སྐྱེ་བ་དང་འཇིག་པ་ལ་སོགས་པའི་ཆོས་དང་ལྡན་པ་དེ་ནི་སེམས་པ་མེད་པ་ཅན་ཡིན་ཏེ་རོ་ལ་སོགས་པ་བཞིན་ནོ། །བློ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རང་རྒྱུད་
སྒྲུབ་པར་བྱེད་པར་འདོད་ན་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པ་ཡིན་ཏེ། རེས་འགའ་འདི་རང་རྒྱུད་ཀྱིས་སྒྲུབ་པར་བྱེད་དམ། ཐལ་བར་འགྱུར་བའི་སྒྲུབ་པར་བྱེད་པས་ཡིན་གྲང་། དེ་ལ་གལ་ཏེ་རང་རྒྱུད་ཀྱིས་ན་དེའི་ཚེ་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་ཡིན་ཏེ། འདི་ལྟར་སྔ་ན་མེད་པ་སྐྱེ་བའི་མཚན་ཉིད་ཀྱི་རྣམ་པ་ཇི་ལྟ་
བུའི་སྐྱེ་བ་དང་ལྡན་པ་དང་། གཏན་ནས་འཇིག་པའི་བདག་ཉིད་ཀྱི་འཇིག་པ་ཉིད་སངས་རྒྱས་པ་ལ་གྲགས་པའི་རྣམ་པ་དེ་ལྟ་བུ་ནི་ཁྱེད་ཅག་གྲངས་ཅན་ལ་མ་ཡིན་ཏེ། དེ་དག་ནི་ཁྱེད་ཅག་གིས་ཡོངས་སུ་འགྱུར་བ་དང་། མི་གསལ་བའི་ངོ་བོ་ཉིད་དུ་ཁས་ལེན་པའི་ཕྱིར་རོ། །ཁྱེད་ཅག་གིས་ཇི་ལྟ་བ་དེ་ལྟ་
Vol. 191 · folio 215b
བུ་ནི་སངས་རྒྱས་པ་ལ་མ་གྲུབ་པས་དེའི་ཕྱིར་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པ་ཡིན་ནོ། །སྒྲ་ཙམ་གྲུབ་པ་ན་གཏན་ཚིགས་གྲུབ་པ་ཡང་མ་ཡིན་ཏེ། དངོས་པོ་ལས་དངོས་པོ་འགྲུབ་པའི་ཕྱིར་ཏེ། དངོས་པོ་ཁོ་ན་གཏན་ཚིགས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། དེ་ཉིད་འཁྲུལ་ལ་སོགས་
ཡིན་ན། །སྒྲ་ནི་འཁྲུལ་པ་མེད་ན་ཡང་། །སྒྲུབ་བྱེད་སྐྱོན་ལྡན་ཤེས་བྱ་སྟེ། །དངོས་ལས་དངོས་པོ་གྲུབ་ཕྱིར་རོ། །ཞེས་བཤད་པ་ལྟ་བུའོ། །ཅི་སྟེ་ཐལ་བ་ལ་བསྒྲུབ་པ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་ཡང་བསྒྲུབ་པར་བྱ་བ་ལ་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མ་ཉེ་བར་མ་བསྟན་པའི་
ཕྱིར། གཏན་ཚིགས་མ་ངེས་པ་ཡིན་ནོ། །གང་སེམས་པ་ཅན་ལ་སྐྱེ་བ་དང་ལྡན་པ་དང་འཇིག་པ་དག་ཏུ་མི་འགྱུར་བ་ཞེས་བྱ་བ་འདི་ལ་འབྲེལ་པ་ཅི་ཞིག་ཡོད། གང་ཡང་། འདི་རྟོག་པ། ཇི་ལྟར་འོ་མ་ཤེས་པ་མེད་ན་ཡང་། །བེའུ་འཕེལ་བའི་རྒྱུ་མཚན་ཡིན་པ་ལྟར། །དེ་ལྟར་གཙོ་བོ་སྐྱེས་
བུ་རྣམ་གྲོལ་བའི། །རྒྱུ་མཚན་ཉིད་དུ་འཇུག་པར་འགྱུར་བ་ཡིན། །ཞེས་བྱ་བ་དེ་ཡང་རྟོག་པ་ཉིད་མ་ཡིན་ནོ། །འོ་མ་ནི་རང་དབང་དུ་བེའུ་འཕེལ་བའི་རྒྱུ་མཚན་དུ་འཇུག་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སོ་སོར་ངེས་པའམ། རེས་འགའ་བའི་རང་གི་རྒྱུ་དང་རྐྱེན་དག་ལས་སྐྱེ་སྟེ། དེ་བ་སྐྱེས་པ་ན་
བེའུ་སྐྱེད་པའི་རྒྱུ་མཚན་དུ་འགྱུར་བ་ཡིན་པས་ཤེས་པ་མེད་ཀྱང་འཇུག་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་གཙོ་བོ་འཇུག་པ་ནི་མི་རིགས་ཏེ། འདི་ལྟར་རྟག་པའི་ཕྱིར་དང་། དེ་ལས་གཞན་པའི་རྒྱུ་མེད་པའི་ཕྱིར། རེ་ཞིག་རེས་འགའ་བའི་རྒྱུ་ཉེ་བ་ལ་རག་ལས་པ་དེའི་ནུས་པ་རེས་འགའ་བ་རིགས་པ་
མ་ཡིན་ལ། རང་བཞིན་ཡང་མ་ཡིན་ཏེ། རྒྱུ་མ་ཚང་བ་མེད་པ་རྟག་ཏུ་ཉེ་བ་ཉིད་ཀྱིས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་མཚན་ཉིད་ཀྱིས་སྐྱེས་བུའི་དོན་ཐམས་ཅད་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཡང་བློ་དང་སེམས་པ་ཅན་ཐ་མི་དད་པ་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་
འདིའི་བདག་མ་བཀག་པ་ཉིད་དོ་ཞེ་ན། སེམས་པ་ཅན་ལ་བདག་གི་སྒྲར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁོ་བོ་ཅག་གིས་སེམས་པ་ཅན་ལ་བདག་གི་སྒྲས་འདོགས་པ་ཙམ་ནི་མ་བཀག་གོ། །འོ་ན་ཅི་ཞེ་ན། དེ་ལ་རྟག་པའི་མཚན་ཉིད་དུ་སྒྲོ་བཏགས་པའི་ཆོས་གང་ཡིན་པ་དེ་བཀག་གོ། །
Vol. 191 · folio 216a
ཅིའི་ཕྱིར་ཞེ་ན། དབང་པོ་དང་སྣང་བ་དང་ཡིད་ལ་བྱེད་པ་ལ་སོགས་པ་འབྲས་བུ་དང་བཅས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ཏེ། གལ་ཏེ་སེམས་པ་ཅན་རྟག་པ་བརྟན་པར་གྱུར་ན་དེའི་ཚེ་དབང་པོ་ལ་སོགས་པ་འབྲས་བུ་མེད་པ་ཁོ་ནར་འགྱུར་ཏེ། དེ་དག་ནི་དེ་སྐྱེད་པའི་དོན་དུ་ཡིན་པའི་
ཕྱིར་དང་། རྟག་པ་ཡང་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །འདི་ཉིད་ལ་དཔེ་བཤད་པ། གལ་ཏེ་མེ་ནི་རྟག་གྱུར་ན། །ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་མེ་རྟག་པར་གྱུར་ན། དེའི་ཚེ་སྐྱེ་བོ་མེའི་དོན་དུ་བུད་ཤིང་སོག་པ་ཉིད་དུ་མི་འགྱུར་རོ། །དེ་ལྟ་བས་ན་སེམས་པ་ཅན་རྟག་པ་དང་གཅིག་པུའི་ངོ་བོར་
རིགས་པ་མ་ཡིན་ནོ། །ཇི་སྐད་དུ་འདུས་པའི་ངོ་བོ་གང་ཡིན་པ་དེ་ནི་གཞན་གྱི་དོན་དུ་མཐོང་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པར་འདོད་ཅེས་བསྟན་པའི་ཕྱིར། མལ་ཆ་སྟན་གྱི་དཔེ་དང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱ་བའི་ཁྱད་པར་དུ་འདོད་པ་ཡིན་ནམ། ཡང་ན་བྱ་བའི་ཁྱད་
པར་མ་ཡིན་པའི་ངོ་བོ་ཡིན་པའི་ཕྱིར་མི་འགྱུར་བའམ། རྣམ་པ་གཅིག་ཏུ་ན་སྤྱིར་གཞན་གྱི་དོན་ཙམ་མ་བརྟགས་ན་ཉམས་དགའ་བ་བསྒྲུབ་པར་བྱ་བ་ཡིན་ཞེས་བྱ་བ་རྣམ་པར་རྟོག་པ་གསུམ་མོ། །དེ་ལ་ཕྱོགས་དང་པོ་ཡིན་ན་གྲུབ་པ་ལ་སྒྲུབ་སྟེ། འདི་ལྟར་མིག་ལ་སོགས་པ་དེ་དག་ཁོ་བོ་ཅག་གིས་རྣམ་
པར་ཤེས་པ་ལ་ཕན་འདོགས་པར་འདོད་དེ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བ་ནས། ལུས་དང་རིག་བྱ་ལ་བརྟེན་ནས་ལུས་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པའི་ཕྱིར་རོ། །འོན་ཏེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་གཏན་ཚིགས་འགལ་
བ་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར། འགྱུར་བ་མེད་པའི་ཕན་པ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྱུར་བ་མེད་པ་སྟེ། རྟག་པའི་ཕན་པ་ཉིད་ནི་འགྱུར་བ་མེད་པའི་ཕན་པ་ཉིད་དོ། །དེ་མིག་ལ་སོགས་པས་སྒྲུབ་ན་དཔེ་ལ་བསྒྲུབ་པར་བྱ་བ་ལས་བཟློག་པ་ཉིད་ཀྱིས་གཏན་ཚིགས་ལ་ཁྱབ་པའི་ཕྱིར་
འགལ་བ་ཉིད་དོ། །འདི་ལྟར་མལ་ཆ་དང་སྟན་ལ་སོགས་པ་དེ་དག་ནི་གཡོ་བ་ཉིད་དེ། མི་རྟག་པ་ཁོ་ན་ཕན་པ་རིགས་པ་ཡིན་ཏེ། འགྱུར་བ་མེད་པ་ལ་བོགས་དབྱུང་བར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །ཅི་སྟེ་སྤྱིར་བྱ་བའི་ཁྱད་པར་དང་། བྱ་བའི་ཁྱད་པར་མ་ཡིན་པའི་རྣམ་པར་རྟོག་པ་བསལ་ནས་གཞན་གྱི་
Vol. 191 · folio 216b
དོན་ཙམ་གྲུབ་པ་ཞེས་བྱ་བའི་ཕྱོགས་གསུམ་པ་ཡིན་ན། དེའི་ཚེ་ཡང་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། མིག་ལ་སོགས་པ་རྣམས་སེམས་ལ་ཕན་འདོགས་པར་འདོད་པའི་ཕྱིར་རོ། །ཇི་སྟེ་ཇི་ལྟར་རིགས་པ་ཅན་གྱིས་ཁས་བླངས་པ་བཞིན་དུ་སེམས་ཀྱང་བསྒྲུབ་བྱའི་ཆོས་ཅན་ཉིད་དུ་ཁས་ལེན་པར་བྱེད་པ་དེ་ལྟ་ན་
ཡང་ཁྱེད་ཅག་གི་འདོད་པ་མི་འགྲུབ་སྟེ། བདག་སེམས་ལས་ཐ་དད་དུ་མི་འདོད་པའི་ཕྱིར་རོ། །རིགས་པ་ཅན་གྱིས་མངོན་པར་འདོད་པའི་དོན་ཡང་མ་གྲུབ་སྟེ། ཕན་ཚུན་ཕན་པ་བྱེད་པ་ཉིད་ཀྱིས་མིག་ལ་སོགས་པ་རྣམས་གཞན་ལ་ཕན་འདོགས་པ་ཉིད་དུ་འདོད་པའི་ཕྱིར་རོ། །གཞན་ཉིད་ནི་ཕ་རོལ་དང་ཚུ་རོལ་
བཞིན་དུ་ལྟོས་པ་ཅན་ཡིན་པའི་ཕྱིར་རོ། །སེམས་ནི་རྒྱུ་དུ་མས་བྱས་པའི་ཕན་པ་འཛིན་པ་ཉིད་ཀྱིས་སྐྱེ་བའི་ཕྱིར་དང་། འདུས་པ་ཉིད་ནི་བརྟགས་པ་ཡིན་པའི་ཕྱིར་གཏན་ཚིགས་ཀྱང་མ་གྲུབ་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་སེར་སྐྱ་བས་ཀུན་དུ་བརྟགས་པའི་བདག་བརྟག་པ་སྟེ་དགུ་
བའོ།། །།ནམ་མཁའི་གོས་ཅན་གྱིས་ཀུན་དུ་བརྟགས་པའི་བདག་དགག་པའི་དོན་དུ། རྒྱལ་དཔོག་པ་བཞིན་རྒྱལ་བ་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བ་པ་ཞེས་བྱ་བ་ནི་ནམ་མཁའི་གོས་ཅན་དག་གོ། །དེ་དག་ནི་འདི་སྐད་དུ་བདག་ནི་སེམས་ཀྱི་མཚན་ཉིད་ཁོ་ན་
ཡིན་ཏེ། དེ་ཡང་རྫས་ཀྱི་ངོ་བོས་གནས་སྐབས་ཐ་དད་ལ་གནས་སྐབས་ཅན་ཐ་མི་དད་པའི་ཕྱིར་རྗེས་སུ་འགྲོ་བའི་བདག་ཉིད་ཡིན་ལ། རྣམ་གྲངས་ཀྱི་ངོ་བོས་ནི་གནས་སྐབས་རེ་རེ་ལ་ཐ་དད་པའི་ཕྱིར་ལོག་པའི་བདག་ཉིད་ཡིན་པར་སྨྲའོ། །བདག་གི་ཚུལ་གཉིས་པོ་འདི་ཡང་མངོན་སུམ་ཉིད་ཀྱིས་གྲུབ་པའི་
ཕྱིར་ཚད་མ་གཞན་གྱིས་བསྒྲུབ་པར་མི་བྱའོ། །འདི་ལྟར་བདེ་བ་ལ་སོགས་པའི་གནས་སྐབས་ཐ་དད་ཀྱང་གནས་སྐབས་པའི་བདག་ཉིད་གང་ཡིན་པའི་སེམས་པ་ཅན་གནས་སྐབས་ཐམས་ཅད་ལ་དམིགས་པ་དེ་ནི་རྫས་ཡིན་ནོ། །རྣམ་གྲངས་ནི་རིམ་གྱིས་འབྱུང་བའི་བདེ་བ་ལ་སོགས་པའི་གནས་སྐབས་ཐ་དད་
པ་རྣམས་སོ། །དེ་དག་ཀྱང་མངོན་སུམ་གྱིས་གྲུབ་པོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །དེ་ལ་ཡང་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། འདི་ལ་ཕྱོགས་གཉིས་ཏེ། སེམས་པ་ཅན་གྱི་བདག་ཉིད་གང་ཡིན་པའི་རྫས་ཏེ། རྣམ་གྲངས་དག་དང་འབྲེལ་པ་ན་རེས་འགའ་འགྱུར་བ་མེད་
Vol. 191 · folio 217a
པ་སྟེ། སྔར་ཡོད་པ་མ་དོར་བའི་སེམས་པ་ཅན་ལ་སོགས་པ་རང་གི་ངོ་བོ་དང་འབྲེལ་པ་ཡིན་ནམ། སྔར་གྱི་ངོ་བོ་དོར་བ་དང་འབྲེལ་པ་ཡིན། དེ་ལ་གལ་ཏེ་ཕྱོགས་ཕྱི་མ་ཡིན་ན་དེའི་ཚེ་རྟག་པ་ཉིད་ཉམས་པར་ཐལ་བར་འགྱུར་ཏེ། གནས་སྐབས་ཅན་འགའ་ཡང་མེད་པའི་ཕྱིར་
རོ། །ཅི་སྟེ་མི་འགྱུར་བའི་ངོ་བོ་ཞེས་བྱ་བའི་ཕྱོགས་དང་པོ་ཡིན་ན་དེའི་ཚེ་སྔ་མ་དང་ཕྱི་མའི་གནས་སྐབས་དག་དེ་ལ་ཁྱབ་པར་ཏེ། གཞན་ཉིད་དུ་ཡོད་པ་མ་ཡིན་པའི་ཕྱིར། སེམས་པ་དེས་ཡོངས་སུ་འགྱུར་བར་མི་འགྱུར་ཞེས་མི་འཐོབ་སྟེ། ཡོངས་སུ་འགྱུར་བ་ནི་གཞན་དུ་འགྱུར་བའི་མཚན་ཉིད་ཅན་
ཡིན་པའི་ཕྱིར། ཡོངས་སུ་འགྱུར་བར་འདོད་པ་ཡིན་ནོ། །སྦྱོར་བ་ནི་གང་ཞིག་སྔ་མ་དང་ཕྱི་མའི་གནས་སྐབས་སུ་ཁྱད་པར་མེད་པ་དེ་ནི་ཡོངས་སུ་འགྱུར་བར་མི་འགྱུར་ཏེ་ནམ་མཁའ་བཞིན་ནོ། །སེམས་པ་ཅན་གང་གནས་སྐབས་ཐམས་ཅད་དུ་ཁྱད་པར་མེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །
ཡུལ་དང་དུས་དང་རང་བཞིན་དག །ཅེས་བྱ་བ་ལ་སོགས་པས་གཞན་གྱི་ལུགས་ཀྱི་གཏན་ཚིགས་མ་གྲུབ་པའི་དོགས་པ་བསུ་བ་ཡིན་ཏེ། འདི་ལྟར་གལ་ཏེ་གཅིག་ཏུ་རྣམ་གྲངས་དག་ལས་རྫས་ཐ་དད་པ་ཡིན་ན། དེའི་ཚེ་ཁྱད་པར་མེད་པར་འགྱུར་ན་ཇི་སྲིད་དུ་ཡུལ་དང་དུས་དང་རང་བཞིན་ཐ་མི་དད་པའི་
ཕྱིར་རྫས་དང་རྣམ་གྲངས་དག་གཅིག་ཏུ་འདོད་ལ། གྲངས་ལ་སོགས་པའི་བྱེ་བྲག་ནི་ཐ་དད་དེ། དེ་ལ་གྲངས་ནི་གཅིག་དང་མང་པོ་ཉིད་ལ་སོགས་པའོ། །འདི་ལྟར་རྫས་ནི་གྲངས་གཅིག་དང་ལྡན་ལ། བདེ་བ་ལ་སོགས་པ་རྣམས་ནི་གྲངས་དུ་མའི་ཁྱད་པར་ཅན་ཡིན་ནོ། །མཚན་ཉིད་ཀྱང་ཐ་དད་པ་ཡིན་
ཏེ། འདི་ལྟར་རྫས་ཀྱི་མཚན་ཉིད་ནི་རྗེས་སུ་འཇུག་པ་ཡིན་ལ། རྣམ་གྲངས་ཀྱི་མཚན་ཉིད་ནི་ལྡོག་པ་ཡིན་ནོ། །མིང་ནི་མིང་དུ་བཏགས་པའོ། །དོན་ནི་འབྲས་བུའོ། །དེ་སྐད་དུ་ཡང་། ཡུལ་དང་དུས་དང་རང་བཞིན་ཐ་མི་དད་པའི་ཕྱིར་ཆོས་དང་ཆོས་ཅན་ཐ་མི་དད་པ་ཡིན་ནོ། །གྲངས་དང་། མིང་དང་
མཚན་ཉིད་དང་། འབྲས་བུ་ཐ་དད་པའི་ཕྱིར་ན་ཐ་དད་དེ། འདི་ལྟ་སྟེ་དཔེར་ན། གཟུགས་ལ་སོགས་པ་རྣམས་བུམ་པ་ལྟ་བུའོ་ཞེས་བཤད་དོ། །འདི་ལྟར་བུམ་པ་ལས་གཟུགས་ལ་སོགས་པ་དེ་དག་ཡུལ་ལ་སོགས་པ་དག་གིས་ཐ་མི་དད་དེ། བུམ་པའི་ཡུལ་དང་རང་བཞིན་གང་ཡིན་པ་དེ་ཉིད་གཟུགས་ལ་
Vol. 191 · folio 217b
སོགས་པ་རྣམས་ཀྱི་ཡིན་ནོ། །གྲངས་ལ་སོགས་པ་དག་གིས་ནི་བུམ་པ་ལ་སོགས་པ་ལས་དེ་དག་ཐ་དད་པ་ཡིན་ཏེ། འདི་ལྟར་བུམ་པ་ནི་གཅིག་ཡིན་ལ། གཟུགས་ལ་སོགས་པ་ནི་མང་པོ་ཡིན་ནོ་ཞེས་བྱ་བ་ནི་གྲངས་ཐ་དད་པའོ། །བུམ་པ་ལ་སོགས་པའི་རྫས་ནི་རྗེས་སུ་འཇུག་པའི་མཚན་ཉིད་ཡིན་ནོ། །
གཟུགས་ལ་སོགས་པའི་རྣམ་གྲངས་ནི་ལྡོག་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་མཚན་ཉིད་ཐ་དད་པའོ། །བུམ་པས་ཆུ་ལེན་པའི་བྱ་བ་བྱེད་ལ། གཟུགས་ལ་སོགས་པ་ནི་གོས་དམར་པོ་ལ་སོགས་པ་ཞེས་བྱ་བ་ནི་འབྲས་བུ་ཐ་དད་པའོ། །དེ་བཞིན་དུ་སེམས་པ་ཅན་གྱི་བདག་ཉིད་ཀྱི་བདག་གི་རྫས་དང་། བདེ་
བ་དང་། སྡུག་བསྔལ་ལ་སོགས་པ་རྣམ་གྲངས་དག་ལ་ཡང་སྦྱར་བར་བྱའོ། །འབྲས་བུ་ཐ་དད་པ་ནི་འདི་ལྟར་རྟོགས་པར་བྱ་སྟེ། སེམས་པ་ཅན་གྱིས་ནི་དོན་ཉམས་སུ་མྱོང་བར་བྱེད་ལ། བདེ་བ་ལ་སོགས་པ་ནི་ཕན་པ་དང་གནོད་པ་ཡིན་ནོ་ཞེས་བརྗོད་དོ། །དེ་སྟོན་པ་ནི། གཟུགས་སོགས་བུམ་པ་ཞེས་བྱ་བ་
ལ་སོགས་པ་སྟེ། གྲངས་དང་མིང་ནི་ཐ་དད་ཉིད། །ཅེས་བྱ་བ་ནི་རྫས་དང་རྣམ་གྲངས་དག་ཅེས་འཆད་པར་འགྱུར་བ་དང་འབྲེལ་ཞིང་། འབྲས་བུ་རྗེས་འཇུག་ལྡོག་པ་དག །མཚན་ཉིད་དོན་གྱི་ཐ་དད་ཉིད། །ཅེས་བྱ་བ་ནི་ཅི་རིགས་སུ་སྦྱར་བར་བྱ་སྟེ། འབྲས་བུའི་ཐ་དད་པ་སྟེ་དོན་གྱི་ཐ་དད་པ་ཉིད་དང་།
རྗེས་སུ་འཇུག་པ་དང་ལྡོག་པ་དག་ནི་མཚན་ཉིད་ཐ་དད་པའོ་ཞེས་སྦྱར་བར་བྱའོ། །རྫས་དང་རྣམ་གྲངས་དག་ཅེས་བྱ་བ་འདིར་བཅད་དོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་མ་གྲུབ་པ་མཇུག་སྡུད་པར་བྱེད་དོ། །དེ་ལྟར་བྱས་ན་རྫས་ནི་གཅིག་ཏུ་ཁྱད་པར་མེད་པ་མ་ཡིན་གྱི། འོན་ཀྱང་རྣམ་གྲངས་
ཀྱི་ངོ་བོ་ཐ་དད་པས་ཁྱད་པར་དུ་འགྱུར་བ་ཡིན་ཏེ། དེས་ན་རྣམ་གྲངས་དག་ལས་རྫས་གཅིག་ཏུ་ཐ་མི་དད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཏན་ཚིགས་མ་གྲུབ་པ་ཡིན་ན། །རང་བཞིན་དབྱེར་མེད་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །གལ་ཏེ་རྫས་དང་རྣམ་གྲངས་དག་ཐ་མི་དད་པར་ཁས་ལེན་པར་བྱེད་ན་
དེའི་ཚེ་བདག་ཉིད་ཐམས་ཅད་ཀྱིས་ཐ་མི་དད་པ་ཡིན་དུ་ཆུག་མོད། དེ་ལས་བཟློག་པ་ཐ་དད་པར་ཇི་ལྟར་འགྱུར། གཅིག་ལ་གཅིག་གི་ཆོ་སྒྲུབ་པ་དང་དགག་པ་ཕན་ཚུན་འགལ་བ་རེགས་པ་མ་ཡིན་ཏེ། འདི་ལྟར་གཅིག་ཅེས་བྱ་བ་འདིས་ཐ་དད་པ་བཀག་པ་མེད་ན་མི་འབྱུང་བའི་རང་བཞིན་ཐ་དད་པ་བརྗོད་
Vol. 191 · folio 218a
དོ། །རང་བཞིན་ཐ་མི་དད་པ་དེ་ཡིན་ན་དེ་ཉིད་ཀྱི་ཚེ་ཇི་ལྟར་དེ་བཀག་པའི་བདག་ཉིད་ཀྱི་ཐ་དད་པར་འགྱུར། སྦྱོར་བ་ནི་གང་ལ་ཐ་དད་པ་མེད་པ་དེ་ལ། དེ་ལས་བཟློག་པའི་ཐ་དད་པའི་གོ་སྐབས་རྙེད་པ་མ་ཡིན་ཏེ། དཔེར་ན་རྣམ་གྲངས་དེ་དག་ཉིད་དང་། སོ་སོར་ངེས་པའི་
ཐུན་མོང་མ་ཡིན་པའི་བདག་ཉིད་ཀྱི་ངོ་བོའི་རྫས་གང་ཡིན་པ་དེའི་རང་བཞིན་ལས་ཐ་མི་དད་པ་བཞིན་ནོ། །རྫས་དང་རྣམ་གྲངས་དག་གི་རྣམ་པར་གཞག་པ་ཡང་ཐ་མི་དད་པ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་བྱེད་པ་འགལ་བ་དམིགས་པའོ། །དེ་ལྟ་ཡིན་དང་དོན་དམ་པར་རྫས་དང་རྣམ་གྲངས་དག་ཐ་མི་དད་ན་
མཚན་ཉིད་ཐ་དད་པར་ཡང་མི་འགྱུར་རོ་ཞེས་སྟོན་པ་ནི། དེ་ལྟར་རྫས་དང་རྣམ་གྲངས་དག །ཅེས་བྱ་བ་ལ་སོགས་པ་ལ། གང་ལྡོག་པའི་ངོ་བོ་དང་ཐ་དད་པའི་རང་བཞིན་དེ་ནི་ལྡོག་པ་དང་ལྡན་པ་ཡིན་ཏེ། རྣམ་གྲངས་དག་གི་རང་བཞིན་བཞིན་ནོ། །རྫས་ཀྱང་ལྡོག་པ་དང་ལྡན་པའི་ངོ་བོ་ལས་ཐ་མི་དད་པ་ཡིན་ནོ་ཞེས་
བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཡང་ན་གང་ཞིག་རྗེས་སུ་འཇུག་པའི་བདག་ཉིད་ཀྱི་ངོ་བོ་དང་ཐ་མི་དད་པ་དེ་ནི་རྗེས་སུ་འཇུག་པའི་བདག་ཉིད་ཡིན་ཏེ་རྫས་ཀྱི་ངོ་བོ་བཞིན་ནོ། །བདེ་བ་ལ་སོགས་པ་རྣམ་གྲངས་རྣམས་ཀྱང་རྗེས་སུ་མཐུན་པའི་བདག་ཉིད་ཀྱི་ངོ་བོ་དང་ཐ་མི་དད་པའི་རང་བཞིན་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་
ཁོ་ནའོ། །དེ་ལྟ་མ་ཡིན་ན་གྲུབ་པ་དང་བདེ་བ་ཐ་དད་པའི་ཕྱིར་རོ། །ཐ་དད་པ་ཁོ་ནར་མི་འགྱུར་རོ། །འགལ་བའི་ཆོས་དང་ལྡན་པ་ཡང་གཅིག་ཡིན་ན་ཐ་མི་དད་པའི་ཐ་སྙད་ཆད་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་བཟློག་པ་ལ་གནོད་པ་ཅན་གྱི་ཚད་མའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་
བྱེད་དེ། བདག་ལ་སོགས་པ་ཁོ་ནར་ཞེས་བྱ་བ་ལ་སོགས་པའི་སྒྲས་བུམ་པ་དང་འབྲུ་ལ་སོགས་པ་གཟུང་ངོ་། །སྐྱེ་བ་དང་འཇིག་པ་ཞེས་བྱ་བ་ལ་སོགས་པས་ཐལ་བ་བསྒྲུབ་པའི་གཉིས་པའི་འབྲས་བུ་འཆད་དེ། རྫས་དེ་ཡང་རྣམ་གྲངས་ཀྱི་ངོ་བོས་སྐྱེ་བ་དང་འཇིག་པ་དང་ལྡན་པར་འདོད་པའི་ཕྱིར་རོ། །དེའི་
ཕྱིར་ཐལ་བར་བསྒྲུབ་པ་བསྒྲུབ་བྱ་མ་ཚང་བར་འགྱུར་དུ་དོགས་པས་ངེས་པའི་བདག་ཉིད་བཞིན་ཞེས་བཤད་དེ། འདི་ནི་ངེས་པ་ཡང་ཡིན་ལ། རྫས་ལ་སོགས་པའི་ངོ་བོའི་བདག་སྟེ་རང་བཞིན་ཡང་ཡིན་ནོ་ཞེས་ཁྱད་པར་བསྡུ་བའོ། །དེའི་ཕྱིར་རྗེས་འགྲོ་མེད་འཇིག་པ། །ཞེས་བྱ་བ་ལ་སོགས་པས་མཇུག་
Vol. 191 · folio 218b
སྡུད་པར་བྱེད་དོ། །རྣམ་གྲངས་ལས་ཐ་མི་དད་པའི་རང་བཞིན་ཉིད་ཀྱི་ཕྱིར་རྫས་ཀྱི་ངོ་བོའི་རྗེས་སུ་འགྲོ་བའི་བདག་ཉིད་མ་གྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། འདི་ལས་ཀྱང་སྟེ་རྣམ་གྲངས་ལས་ཐ་དད་པ་དམིགས་པའི་མཚན་ཉིད་དུ་གྱུར་པ་ལས་མི་དམིགས་པའི་ཕྱིར་འདི་ནི་མེད་པའི་ཐ་སྙད་ཀྱི་ཡུལ་ཉིད་ཡིན་ནོ་ཞེས་
བསྟན་པའི་ཕྱིར། རྣམ་གྲངས་རྗེས་འགྲོའི་བདག་ཉིད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ན་རྗེས་སུ་འཇུག་པའི་རྫས་ཀྱི་བདག་ཉིད་མངོན་སུམ་ཉིད་ཀྱིས་གྲུབ་པོ་ཞེས་གང་སྨྲས་པ་དེ་མ་གྲུབ་སྟེ། མངོན་སུམ་དུ་འདོད་པའི་ཤེས་པ་འགའ་ཞིག་ལ་རྣམ་གྲངས་ལས་ཐ་དད་པའི་ལུས་སོ་སོར་སྣང་བ་
རྗེས་སུ་འཇུག་པ་རོ་གཅིག་པའི་རྫས་ཀྱི་བདག་ཉིད་ནི་སྣང་བར་མི་མངོན་ནོ། །གལ་ཏེ་དེ་ལྟ་ཡིན་ན་གང་གི་ཚེ་རྣམ་གྲངས་ལས་ཐ་དད་པའི་རྫས་ཀྱི་བདག་ཉིད་ཡོད་པ་མ་ཡིན་པ་དེའི་ཚེ་གྲངས་ལ་སོགས་པའི་ཐ་དད་པ་ཇི་ལྟར་གྲུབ་ཅེ་ན། རྣམ་པ་སྣ་ཚོགས་དོན་བྱེད་རུང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟུགས་ལ་
སོགས་པ་རྣམ་གྲངས་རྣམས་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐ་དད་པའི་ཕྱིར་རྣམ་པ་སྣ་ཚོགས་པ་དུ་མའི་རྣམ་པའི་དོན་བྱེད་པ་ཡིན་ནོ། །དེ་ལ་ཐུན་མོང་བ་ནི་ཆུ་འཛིན་པ་ལ་སོགས་པའི་མཚན་ཉིད་དོ། །ཐུན་མོང་མ་ཡིན་པ་ནི་གོས་ཁ་བསྒྱུར་བ་དང་མིག་ལ་སོགས་པའི་ཤེས་པ་སྐྱེད་པའི་མཚན་ཉིད་དོ། །
དེར་རུང་བ་ནི་ནུས་པའོ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལ་ཐམས་ཅད་ཅིག་ཅར་ཐུན་མོང་བའི་འབྲས་བུ་ལ་ཉེ་བར་སྦྱོར་བའི་ཕྱིར་ཐམས་ཅད་རྒྱུ་ཉིད་དུ་ཤེས་པར་བྱའི་དོན་དུ་ཐ་མི་དད་པའི་རྫས་ཀྱི་ངོ་བོ་མེད་ན་ཡང་ཐ་དད་པ་དེ་དག་ཉིད་བུམ་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་གྲངས་གཅིག་གི་ཁྱད་པར་བརྗོད་དོ། །ཐུན་
མོང་མ་ཡིན་པའི་འབྲས་བུ་ཉེ་བར་སྦྱོར་བ་ཉིད་བརྗོད་པར་འདོད་པ་ལ་ནི། གྲངས་སྣ་ཚོགས་པ་ནི། དེ་དག་ལ་གྲངས་ཐ་དད་པ་དང་འབྲས་བུ་ཐ་དད་པ་ཡང་གཞག་པར་བྱའོ། །འོ་ན་ཇི་ལྟར་མཚན་ཉིད་ཐ་དད་པ་ཡིན་ཞེ་ན། མཚུངས་སོགས་ཤེས་བྱའི་རྒྱུར་གྱུར་པ། །ཞེས་བྱ་བ་སྨོས་ཏེ། རྗེན་པ་དང་
སྨིན་པ་ལ་སོགས་པའི་གནས་སྐབས་དག་ཏུ་སྐད་ཅིག་རེ་རེར་འཇིག་ན་ཡང་དབྱིབས་ཀྱི་ཁྱད་པར་འདྲ་བ་ཉིད་དུ་སྐྱེ་བ་ན་རྟོག་པ་མེད་པས་ཉམས་སུ་མྱོང་བའི་ཡུལ་ཉམས་སུ་མྱོང་ནས་གནས་སྐབས་ཐམས་ཅད་དུ་བུམ་པ་ཞེས་བྱ་བ་ལ་སོགས་པའི་འདྲ་བའི་ཤེས་པའི་རྒྱུར་གྱུར་པ་ཡིན་ནོ། །ལྗང་གུ་དང་དམར་པོ་ལ་སོགས་པའི་
Vol. 191 · folio 219a
ཁ་དོག་མི་མཐུན་པར་སྐྱེ་བ་ན་མི་འདྲ་བའི་ཤེས་པའི་རྒྱུ་ཡིན་པ་དེ་ལྟ་ན་ངོ་བོ་གཅིག་རྗེས་སུ་འགྲོ་བ་མེད་ན་ཡང་མཚུངས་པ་དང་། མི་མཚུངས་པའི་རྒྱུར་འགྱུར་རོ། །རྗེས་སུ་འཇུག་པ་དང་ལྡོག་པའི་ཚུལ་དུ་རྣམ་པར་གཞག་གོ་ཞེས་བྱ་བའི་མཚན་ཉིད་ཐ་དད་པར་རྣམ་པར་གཞག་པའོ། །
མཚུངས་སོགས་ཞེས་བྱ་བ་ལ་སོགས་པས་མི་འདྲ་བའི་ཤེས་པ་གཟུང་ངོ་། །འོ་ན་ཅི་ལྟར་མིང་ཐ་དད་ཅེ་ན། རྣམ་པ་དེ་ལྟའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པ་དེ་ལྟའི་སྟེ། རྣམ་པ་སྣ་ཚོགས་པའི་དོན་བྱེད་པར་རུང་བ་འདྲ་བ་ལ་སོགས་པའི་ཤེས་པའི་རྒྱུ་གཟུགས་ལ་སོགས་པའི་ཡུལ་གྱི་དངོས་པོ་བུམ་
པ་ཞེས་བྱ་བ་དང་། གཟུགས་ལ་སོགས་པ་ཞེས་བྱ་བའི་བརྡ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །རྣམ་པ་དེ་ལྟ་བུའི་དོན་གང་ལ་སྒྲ་དང་ཤེས་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། དེ་དག་གི་སྤྱོད་ཡུལ་ཞེས་ཚིག་རྣམ་པར་སྦྱར་རོ། །དེས་ན་དངོས་པོ་རྣམས་ཀྱི་བདག་མེད་པ་མངོན་སུམ་ཉིད་ཀྱིས་གྲུབ་པོ་
ཞེས་མཇུག་སྡུད་པའི་སྒོ་ནས་སྟོན་པ་ནི། སྐྱེ་དང་འཇིག་པ་ཞེས་བྱ་བ་ལ་སོགས་པའོ། །རྣམ་གྲངས་དག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་དང་རང་རིག་པའི་རང་བཞིན་གྱི་སྡུག་བསྔལ་ལ་སོགས་པའོ། །འབའ་ཞིག་ཅེས་བྱ་བ་ནི་ཐ་མི་དད་པའི་རྫས་གཅིག་གི་ངོ་བོ་དང་བྲལ་བ་སྟེ། རྟག་པ་ནི་རིམ་
དང་ཅིག་ཅར་དག་གིས་དོན་བྱེད་པར་འགལ་བའི་ཕྱིར་རོ། །འདི་དག་སྐྱེ་བ་དང་མི་སྐྱེ་བའི་ཆོས་ཅན་ཉིད་ཡིན། དོན་བྱ་བ་བྱེད་པ་ཉིད་རིགས་པ་ཡིན་ཏེ། དེའི་ཕྱིར་འདི་དག་བྱ་བ་བྱེད་པའི་མཚན་ཉིད་ཀྱི་ཡོད་པའི་རྟགས་ལས་བདག་མེད་པར་རྗེས་སུ་དཔག་པ་ལས་ཀྱང་གྲུབ་པོ། །གང་ཡང་རྫས་ནི་དམིགས་པའི་ངོ་བོ་
ཉིད་སྣང་བ་མེད་དེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་འོན་ཏེ་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལེན་གྱི་དོགས་པ་བསུ་བ་ཡིན་ཏེ། འདྲེས་པ་ནི་གཅིག་གི་ངོ་བོར་གྱུར་པའོ། །དེའི་ཕྱིར་རྫས་ཀྱི་ངོ་བོ་ཡོད་དུ་ཟིན་ཀྱང་རྣམ་པར་ཕྱེ་ན་མི་སྣང་ངོ་སྙམ་དུ་བསམས་པའོ། །འདྲེས་པ་ཉིད་ལ་རྒྱུ་བཤད་པ་ནི་
དེའི་ཕྱིར་ཚུལ་གཉིས་ཆ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་ཕྱིར་ཏེ་བདག་ལ་སོགས་པའི་དངོས་པོ་གང་གི་ཕྱིར་ཚུལ་གཉིས་པ་ཡིན་ན་ཡང་མིའི་སེང་གེ་བཞིན་དུ་ཆ་མེད་པར་འདོད་དེ། དེ་ལྟ་བས་ན་ཆ་མེད་པའི་ཕྱིར་དེ་ནི་འདྲེས་པ་སྟེ། གཉི་གའི་ངོ་བོ་ཡིན་པའི་ཕྱིར་ལོགས་ཤིག་ཏུ་མི་དམིགས་སོ། །
Vol. 191 · folio 219b
དེ་འདི་ནི་ཁྱེད་ཀྱིས་ཕན་ཚུན་འགལ་བ་བརྗོད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འོན་ཏེ་ཚུལ་གཉིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཆ་མེད་པ་ཡིན་ན་དེའི་ཚེ་ཚུལ་གཉིས་ཞེས་བྱ་བ་འདི་འགལ་བ་ཡིན་ཏེ། ཐ་སྙད་འདི་ནི་དོན་སྣ་ཚོགས་པའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན།
ཚུལ་གྱི་སྒྲས་རང་བཞིན་རྗོད་པར་བྱེད་པའི་ཕྱིར་རོ། །འདི་ལྟར་ཚུལ་གཉིས་ཏེ། རང་བཞིན་གཉིས་ལ་ཡོད་པ་དེ་ནི་ཚུལ་གཉིས་ཀྱི་ངོ་བོ་ཞེས་བྱའོ། །རང་བཞིན་གཅིག་ལ་གཉིས་རིགས་པ་ཡང་མ་ཡིན་ཏེ། གཅིག་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཁྱེད་ཀྱིས་རང་བཞིན་གཉིས་
བསྟན་པ་ཁོ་ནར་ཟད་ཀྱི། དངོས་པོ་གཅིག་ལ་ཚུལ་གཉིས་ཡོད་པ་ཡང་མ་ཡིན་ཏེ། གཅིག་དང་དུ་མ་ཉིད་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་མིའི་སེང་གེ་དེ་ཡང་གཅིག་པུར་ཏེ་ཚུལ་གཉིས་སུ་མི་འགྲུབ་པོ་ཞེས་སྟོན་པ་ནི། མིའི་སེང་གེ་ཡང་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཡང་གི་སྒྲས་ནི་རྩོད་པའི་རྒྱུ་གཞིར་གྱུར་པ་མི་འཐད་བ་འབའ་ཞིག་ཏུ་མ་ཟད་ཅེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་མིའི་སེང་གེའོ། །དེ་ལྟར་ཞེས་བྱ་བ་ནི་ཡན་ལག་སྣ་ཚོགས་ཀྱིས་ཆེས་རྒྱ་ཆེ་བའི་ཡུལ་གནོན་པའི་ངོ་བོར་རོ། །གཞན་དུ་ན་དེ་ལྟར་སྣང་བར་མི་འགྱུར་ཏེ། སྦྲང་བུའི་རྐང་རྗེས་ཙམ་གྱིས་
བསྒྲིབས་ན་ཡང་དེའི་རྣམ་པ་དེ་ལྟ་བུས་བསྒྲིབས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདིས་ནི་ནོར་བུ་གཟིའི་ཁ་དོག་སྣ་ཚོགས་པ་ལ་སོགས་པ་ཡང་གསལ་བ་ཡིན་ནོ། །འདི་ཡང་རྒྱས་པར་ཡན་ལག་ཅན་དགག་པར་སྟོན་པར་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་
ལས་ནམ་མཁའི་གོས་ཅན་(ཀྱིས་གྱིས་)ཀུན་དུ་བརྟགས་པའི་བདག་བརྟག་པ་སྟེ་བཅུ་པའོ།། །།གཞན་གཉིས་མེད་པར་ལྟ་བ་ལ་དམིགས་པའི་གསང་བ་པ་རྣམས་ནི་ས་ལ་སོགས་པ་ཡོངས་སུ་གྱུར་པའི་ངོ་བོ་ཤེས་པ་རྟག་པ་དང་གཅིག་པུའི་རང་བཞིན་དུ་རྟོག་པར་བྱེད་དེ། དེའི་ཕྱིར་དེ་དག་གི་གཞུང་
བསྟན་པའི་ཕྱིར། ས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་བདག་ཉིད་ཅེས་བྱ་བ་ན་ས་ལ་སོགས་པ་ཡོངས་སུ་གྱུར་པའི་ངོ་བོ་རྟག་པ་དང་། གཅིག་པུའི་ཤེས་པའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །གཞན་དག་ཅེས་བྱ་བ་ནི་གསང་བ་པར་སྨྲ་བ་དག་གོ། །འདིའི་ཚད་མ་གང་ཡིན་ཞེ་ན། གཟུང་
Vol. 191 · folio 220a
བའི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་དེ་དག་སྣང་བར་འགྱུར་བ་ས་ལ་སོགས་པ་ཤེས་པ་ལས་མ་གཏོགས་པའི་གཟུང་བའི་མཚན་ཉིད་དུ་གྱུར་པ་ཡོད་པ་མ་ཡིན་ཏེ། ཡན་ལག་ཅན་དང་རྡུལ་ཕྲ་རབ་རྣམས་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་ཤུགས་ཀྱིས་ས་ལ་
སོགས་པ་འདི་དག་ནི་རྣམ་པར་ཤེས་པ་ལ་སྣང་བའི་ངོ་བོ་ཁོ་ན་ཡིན་ནོ་ཞེས་ངེས་པར་བྱེད་དེ། འདི་དག་ཅེས་བྱ་བ་ནི་ས་ལ་སོགས་པའོ། །དེ་དག་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དོ། ཉེས་པ་ཆུང་ལྡན་ཞེས་བྱ་བ་ནི། ཤེས་པ་ཙམ་རིགས་པ་དང་ལྡན་པ་ཁས་ལེན་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཅིའི་ཕྱིར་དེ་ལ་ཉེས་
པ་ཆུང་ངུ་ཡང་བརྗོད་ཅེ་ན། རྟག་པ་ཉིད་བརྗོད་ཕྱིར་ཞེས་བྱ་བ་སྨོས་སོ། །ཡང་ཅིའི་ཕྱིར་རྟག་པ་ཉིད་དུ་ཁས་བླངས་བ་མི་རིགས་པ་ཡིན་ཞེ་ན། གཟུགས་སྒྲ་ལ་སོགས་ཞེས་བྱ་བ། །ལ་སོགས་པ་སྨོས་ཏེ། རྟག་པ་ཞེས་བྱ་བ་ནི་དེའི་གནས་སྐབས་ལ་བརྗོད་ལ། དེའི་གནས་སྐབས་མ་ཡིན་པ་ནི་མི་རྟག་པ་ཉིད་དོ། །རྣམ་པར་ཤེས་
པའི་གནས་སྐབས་གཅིག་ཐམས་ཅད་ཉིད་དུ་གཟུགས་དང་སྒྲ་ལ་སོགས་པ་སྣང་བར་ཉམས་སུ་མྱོང་བ་ཡང་མ་ཡིན་གྱི་འོན་ཀྱང་རིམ་གྱིས་རེས་འགའ་གཟུགས་སྣང་ལ། ཡང་གཞན་གྱི་ཚེ་སྒྲ་ལ་སོགས་པ་སྣང་ངོ་། །དེའི་ཕྱིར་གལ་ཏེ་སྒྲ་ལ་སོགས་པ་འདི་དག་རྟག་པ་དང་གཅིག་པའི་ཤེས་པ་ལ་སྣང་བའི་བདག་ཉིད་དུ་གྱུར་ན་
དེའི་ཚེ་གོས་ཁྲ་བོ་སྣང་བ་བཞིན་དུ་ཅིག་ཅར་སྣང་བར་འགྱུར་ཏེ། དེ་སྣང་བའི་བདག་ཉིད་ཀྱི་ཤེས་པ་ནི་རྟག་ཏུ་གནས་པའི་ཕྱིར་རོ། །ཅི་སྟེ་ཡང་རིམ་གྱིས་སྒྲ་ལ་སོགས་པ་སྣང་བའི་ཤེས་པ་སྐྱེ་བ་ནི་གནས་སྐབས་གཞན་ཉིད་ཡིན་ཏེ། དེས་ན་ཅིག་ཅར་སྒྲ་ལ་སོགས་པ་རིག་པར་མི་འགྱུར་རོ་སྙམ་ན། རྟག་ན་གནས་སྐབས་གཞན་
ཡང་མེད། །ཅེས་བྱ་བ་སྨོས་ཏེ། གནས་སྐབས་དག་ནི་གནས་སྐབས་ཅན་ལས་གཞན་མ་ཡིན་པའི་ཕྱིར། གནས་སྐབས་བཞིན་དུ་གནས་སྐབས་ཅན་ཡང་སྐྱེ་བ་དང་འཇིག་པར་འགྱུར་བའམ། གནས་སྐབས་ཅན་བཞིན་དུ་གནས་སྐབས་རྣམས་ཀྱང་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །གནས་སྐབས་རྣམས་
ཐ་དད་པ་ཡིན་ན་ཡང་འདིའི་འདི་ཞེས་བྱ་བའི་འབྲེལ་པ་མི་འགྲུབ་སྟེ། ཕན་འདོགས་པ་མེད་པའི་ཕྱིར་དང་རྟག་པ་དང་གཅིག་པུའི་ཤེས་པ་ཙམ་ཁས་ལེན་པ་འགལ་བའི་ཕྱིར་རོ། །གཞན་ཡང་ཤེས་པའི་བདག་ཉིད་རྟག་པ་མངོན་སུམ་གྱིས་གྲུབ་པའམ། རྗེས་སུ་དཔག་པས་སྒྲུབ་པར་འགྱུར་གྲང་རེ་ཞིག་མངོན་སུམ་
Vol. 191 · folio 220b
གྱིས་ནི་མ་ཡིན་ནོ་ཞེས་སྟོན་པ་ནི། གཟུགས་ལ་སོགས་པ་རིགས་ལས་ཤེས། །ཞེས་བྱ་བ་ལ་སོགས་པའོ། །གང་གིས་མངོན་སུམ་གྱིས་གྲུབ་པར་འགྱུར་བ་རིམ་གྱིས་སྣང་བའི་གཟུགས་ལ་སོགས་པ་རིགས་པ་ལས་མ་གཏོགས་པའི་རྟག་པ་དང་གཅིག་པུའི་ངོ་བོའི་གནས་སྐབས་པའི་ཤེས་པ་ཉམས་
སུ་མྱོང་བ་ནི་མེད་དེ། གཟུགས་ལ་སོགས་པ་རིགས་པ་དེ་ཡང་རིམ་གྱིས་ཉམས་སུ་མྱོང་བས་སྐད་ཅིག་རེ་རེར་འཇིག་པར་གྲུབ་ན་ཐ་མི་དད་པ་གཞན་ཅི་ཞིག་ཡོད་ཅེས་བརྗོད་པར་བྱའོ། །དེ་ལྟ་བས་ན་རྣམ་པ་དེ་ལྟ་བུའི་ཤེས་པའི་བདག་ཉིད་དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མི་དམིགས་པའི་ཕྱིར་མེད་པའི་ཐ་
སྙད་ཀྱི་ཡུལ་ཡིན་ནོ་སྙམ་དུ་བསམས་པའོ། །རྗེས་སུ་དཔག་པས་ཀྱང་མི་འགྲུབ་པོ་སྙམ་སྟེ། འདི་ལྟར་རྗེས་སུ་དཔག་པ་ཡིན་ན་རང་བཞིན་གྱི་རྟགས་སམ། འབྲས་བུའི་རྟགས་ཡིན་གྲང་། རེ་ཞིག་རང་བཞིན་ནི་མ་ཡིན་ཏེ། དེ་ལྟ་བུར་གྱུར་པའི་ཆོས་ཅན་འགའ་ཡང་མ་གྲུབ་པས་དེའི་རང་བཞིན་མ་གྲུབ་
པའི་ཕྱིར་རོ། །ཆོས་ཅན་ཤེས་པ་ཙམ་གྲུབ་ན་ཡང་དེ་ལ་རྟག་པ་ཉིད་ཀྱི་བསྒྲུབ་བྱའི་ཆོས་ཀྱིས་འགའ་ལ་ཡང་ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །འབྲས་བུའི་རྟགས་ཀྱང་མ་ཡིན་ཏེ། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པར་མི་འཐད་པའི་ཕྱིར་དང་། དེའི་འབྲས་བུ་འགའ་ཡང་མེད་པའི་ཕྱིར་དང་། དེ་
ལས་ཐ་དད་པའི་འབྲས་བུ་གཞན་ཁས་མ་བླངས་པའི་ཡང་ཕྱིར་རོ། །དེས་ན་དེ་ལྟ་ཡིན་ན་དེ་ལྟ་བུར་གྱུར་པའི་ཤེས་པའི་བདག་ཉིད་ལ་སྒྲུབ་པར་བྱེད་པའི་ཚད་མ་འགའ་ཡང་ཡོད་པ་མ་ཡིན་ལ། གནོད་པར་བྱེད་པ་ནི་མངོན་སུམ་ལ་སོགས་པ་ཡོད་པས་ཤེས་པ་རྟག་པའི་རྣམ་པར་འགྱུར་བ་ཡིན་པར་མི་རིགས་
སོ། །གཞན་ཡང་ཕྱོགས་འདི་ལ་བཅིངས་པ་དང་ཐར་པའི་རྣམ་པར་གཞག་པ་ཡང་མི་འགྱུར་རོ་ཞེས་སྟོན་པ་ནི། ཕྱིན་ཅི་ལོག་དང་ཞེས་བྱ་བ་ལ་སོགས་པའོ། །གང་གིས་སྐད་ཅིག་རེ་རེར་འཇིག་ཅིང་སྐྱེས་བུ་སོ་སོའི་ཤེས་པ་དུ་མ་རྒྱུད་ཐ་དད་པ་འཇུག་པ་ཡིན་ནོ་ཞེས་བྱ་བ་དེའི་ཕྱོགས་ལ་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པའི་
ཤེས་པའི་རྒྱུན་སྐྱེ་བའི་དབང་གིས་བཅིངས་པ་དང་ཐར་པའི་རྣམ་པར་གཞག་པ་རིགས་པ་དང་ལྡན་པ་མ་ཡིན་ཏེ། རྣམ་འབྱོར་གོམས་པའི་རིམ་གྱིས་ཀྱང་ཡོངས་སུ་དག་པའི་ཤེས་པ་གོང་ནས་གོང་དུ་སྐྱེ་བའི་ཕྱིར་ཡོངས་སུ་མ་དག་པའི་ཤེས་པའི་རྒྱུན་ལོག་པ་ལས་བྱང་གྲོལ་ཐོབ་པར་འགྱུར་བའི་ཕྱིར་ཐར་པ་ཐོབ་པར་བྱ་
Vol. 191 · folio 221a
བའི་དོན་གྱི་ཕྱིར་འབད་པ་འབྲས་བུ་དང་བཅས་པ་ཡིན་ནོ། །གང་ཡང་ཁྱེད་ཅག་གིས་བདག་རྟག་པ་དང་གཅིག་པུའི་ཤེས་པའི་རང་བཞིན་ཞེས་བྱ་བ་དེའི་ཕྱོགས་དེ་ལ་ནི་ཇི་ལྟར་ཤེས་པ་གཅིག་གི་བདག་ཉིད་ཀྱི་སྐྱེས་བུ་ལ་བཅིངས་པ་དང་ཐར་པར་འགྱུར། འདི་ལྟར་གལ་ཏེ་ཤེས་པ་
རྟག་ཏུ་ཕྱིན་ཅི་ལོག་གི་རང་བཞིན་ཡིན་ན་དེའི་ཚེ་གནས་སྐབས་གཞན་ལོགས་ཤིག་པ་མེད་པའི་ཕྱིར་ཐར་པ་རྣམ་པར་གཞག་པར་མི་འགྱུར་རོ། །ཅི་སྟེ་ཡང་ཕྱིན་ཅི་མ་ལོག་པ་ཡིན་པ་དེའི་ཚེ་རྟག་ཏུ་ཡོངས་སུ་དག་པའི་རང་བཞིན་ཡིན་པའི་ཕྱིར་བཅིངས་པར་མི་འགྱུར་རོ། །ཁོ་བོ་ཅག་ལ་ནི་རྒྱུན་ཐ་དད་
པས་ཀུན་ནས་ཉོན་མོངས་པ་ཅན་དང་། དག་པ་རྣམས་རྣམ་པར་རིག་པར་འདོད་དེ་དེའི་ཕྱིར་བཅིངས་པ་དང་ཐར་པའི་རྣམ་པར་གཞག་པའི་རིགས་པ་མ་ཡིན་ནོ། །ཇི་སྐད་དུ། ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲིར་བཅས་དྲི་མ་མེད། །གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་
བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །ཅི་སྟེ་ཡང་བཅིངས་པ་དང་ཐར་པ་ནི་བཏགས་པ་ཁོ་ན་ཡིན་མོད། དོན་དམ་པ་ནི་མ་ཡིན་ནོ་སྙམ་ན། དེ་ལ་བཏགས་པ་ལ་ཡང་རྒྱུ་མཚན་བརྗོད་པར་བྱ་དགོས་སོ། །ཤེས་པ་མི་རྟག་པའི་ཕྱོགས་
ལ་ནི་རྒྱུ་མཚན་བསྟན་ཟིན་ཏོ། །དེ་ལྟ་ཡིན་དང་ཁྱེད་ཅག་བྱང་གྲོལ་ཐོབ་པར་བྱ་བའི་ཕྱིར་དང་། འཁོར་བ་ལས་འདའ་བར་བྱ་བའི་ཕྱིར་དེ་ཁོ་ན་ཉིད་སྒོམ་པའི་འབད་པ་གང་ཡིན་པ་དེ་ནི་འབྲས་བུ་ངལ་བ་འབའ་ཞིག་ཏུ་ཟད་དོ་ཞེས་བྱ་བ་སྟོན་པ་ནི། རྣལ་འབྱོར་གོམས་པའི་ཞེས་བྱ་བ་ལ་སོགས་པ་སྟེ། གལ་ཏེ་རྣལ་
འབྱོར་པ་དེ་ཁོ་ན་ཉིད་བསྒོམས་པས་ཅུང་ཟད་ཅིག་ཟློག་པའམ་འཇུག་པར་བྱེད་པ་དེའི་ཚེ་འདི་འབད་པ་འབྲས་བུ་དང་བཅས་པར་འགྱུར་ན། འདི་ལྟར་རེ་ཞིག་འདི་ཕྱིན་ཅི་ལོག་པར་མི་བྱེད་དེ། གང་གི་ཕྱིར་ཕྱིན་ཅི་ལོག་འདི་དེའི་བདག་ཉིད་ཡིན་ཏེ། ཤེས་པ་རྟག་པའི་བདག་ཉིད་ཡིན་པས་དེའི་ཕྱིར་སྤང་བར་མི་ནུས་ཏེ།
རྟག་པ་ནི་མི་འཇིག་པ་ཉིད་ཀྱིས་འདོར་བ་མི་སྲིད་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་ཤེས་པ་བསྒོམས་པས་སྒྲུབ་པར་བྱེད་པ་ཡང་མ་ཡིན་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་ཏེ། ཤེས་པ་རྟག་པའི་བདག་ཉིད་ཡིན་པས་དེ་ཁོ་ན་ཉིད་ཀྱི་ཤེས་པ་ཐམས་ཅད་ཀྱི་ཚེ་གནས་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་རིགས་
Vol. 191 · folio 221b
པ་མ་ཡིན་ནོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་གསང་བ་བའི་བདག་བརྟག་པ་སྟེ་བཅུ་གཅིག་པའོ།། །།གནས་མའི་བུ་པས་ཀུན་དུ་བརྟགས་པའི་གང་ཟག་དགག་པའི་ཕྱིར། ལ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལ་ལ་ཞེས་བྱ་བ་ནི་གནས་མའི་བུ་པ་དག་གོ། །དེ་དག་ནི་
བདག་ཉིད་བདེ་བར་གཤེགས་པའི་སྲས་སུ་རློམ་ན་ཡང་བདག་གང་ཟག་གི་ཐབས་ཀྱིས་ཕུང་པོ་དག་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་རྟོགས་པར་བྱེད་དོ། །གང་དག་བཅོམ་ལྡན་འདས་བདག་མེད་པ་གསུང་བའི་བདེ་བར་གཤེགས་པའི་སྲས་ཉིད་དུ་ཁས་ལེན་པ་དེ་དག་ཇི་ལྟར་དེ་ཁོ་ན་ཉིད་མ་ཡིན་པའི་བདག་ཏུ་
ལྟ་བ་ལ་མངོན་པར་ཞེན་པར་འགྱུར་ཞེས་བསྟན་པའི་ཕྱིར་བཞད་གད་དུ་བྱེད་པའི་ཚིག་གིས་སྟོན་པར་བྱེད་པ་ནི། བདེ་བར་གཤེགས་པ་པར་རློམ་ཡང་ཞེས་བྱ་བ་སྨོས་སོ། །འདི་ལྟར་དགེ་བ་དང་མི་དགེ་བའི་ལས་ཐ་དད་པ་རྣམས་ཀྱི་བྱེད་པ་པོ་དང་། རང་གིས་བྱས་པའི་ལས་ཀྱི་འབྲས་བུ་འདོད་པ་དང་མི་འདོད་
པའི་ཟ་བ་པོ་དང་། གང་ཡང་ཕུང་པོ་སྔ་མ་ཡོངས་སུ་དོར་ནས་ཕུང་པོ་གཞན་ལེན་པས་འཁོར་བ་པ་དང་གྲོལ་བ་གང་ཡིན་པ་དེ་བདག་ཡིན་ནོ་ཞེས་པ་འདི་ནི་བདག་གི་མཚན་ཉིད་དོ། །འདི་ཐམས་ཅད་ཀྱང་གང་ཟག་ལ་འདོད་པའི་ཕྱིར་མིང་ལ་རྩོད་པ་འབའ་ཞིག་ཏུ་ཟད་དོ། །ཅི་སྟེ་ཡང་གང་ཟག་པ་བརྗོད་དུ་མེད་
པ་ཉིད་ལ་རིགས་པ་གང་ཡིན་ཞེ་ན། མུ་སྟེགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་གང་ཟག་ཕུང་པོ་དག་ལས་ཐ་དད་པ་ཡིན་ན་དེ་ནི་མུ་སྟེགས་བྱེད་ཀྱིས་ཀུན་དུ་བརྟགས་པའི་བདག་ཏུ་ལྟ་བར་འགྱུར་རོ། །དེ་ལྟ་ཡིན་དང་བདག་རྟག་པར་ཐལ་བར་འགྱུར་རོ། །བདག་རྟག་པ་ནི་བྱེད་པ་པོ་དང་ཟ་བ་པོ་ལ་སོགས་
པར་མི་རིགས་ཏེ། དེ་ནི་ནམ་མཁའ་བཞིན་དུ་ཐམས་ཅད་དུ་ཁྱབ་པར་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་བདག་རྟག་པའི་མཐའ་བཀག་པ་དང་། ཆོས་ཐམས་ཅད་བདག་མེད་པའོ་ཞེས་གསུངས་པ་དང་འགལ་ལོ། །འོ་ན་གཞན་མ་ཡིན་པ་ཡིན་ལ་རག་མོད་ཅེ་ན། དུ་མ་སོགས་འགྱུར་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གང་ཟག་གཟུགས་ལ་སོགས་པའི་ཕུང་པོ་ཉིད་ཡིན་པར་གྱུར་ན། དེའི་ཚེ་ཕུང་པོ་མང་པོ་དག་ལས་གཞན་མ་ཡིན་པའི་ཕྱིར་དེའི་རང་གི་ངོ་བོ་བཞིན་དུ་གང་ཟག་དུ་མ་ཉིད་དུ་འགྱུར་ན་གཅིག་ཏུ་ཡང་འདོད་དེ། ཇི་སྐད་དུ་འཇིག་རྟེན་སྐྱེ་བ་ན་གང་ཟག་གཅིག་སྐྱེ་སྟེ།
Vol. 191 · folio 222a
འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་བཞིན་ནོ་ཞེས་བཤད་པ་ལྟ་བུའོ། །སོགས་པའི་སྒྲས་ནི་མི་རྟག་པ་ཉིད་ལ་སོགས་པ་གཟུང་ངོ་། །དེ་ལྟ་ཡིན་དང་གང་ཟག་ཀྱང་ཕུང་པོ་བཞིན་དུ་ཆད་པར་འགྱུར་རོ། །དེ་ལྟ་བས་ན་བྱས་པ་ཆུད་ཟོས་པར་ཐལ་བར་འགྱུར་རོ། །བཅོམ་ལྡན་
འདས་ཀྱིས་ཀྱང་ཆད་པ་སྨྲ་བ་དགག་པ་མཛད་པས་དེའི་ཕྱིར་བརྗོད་དུ་མེད་པའི་གང་ཟག་ཡོད་དོ་ཞེས་བྱ་བར་གྲུབ་པོ། །དེ་དག་ལ་བརྗོད་ཅེས་བྱ་བ་ལ་སོགས་པས་ཁྱེད་ཅག་གིས་བརྗོད་དུ་མེད་པའི་ཕྱིར་ཞེས་བྱ་བའི་རང་གི་ཚིག་ཉིད་ཀྱིས་གང་ཟག་དངོས་པོར་ཡོད་པ་མ་ཡིན་པར་བསྟན་པ་ཡིན་ནོ་ཞེས་སྟོན་པར་བྱེད་པ་ཡིན་
ནོ། །སྦྱོར་བ་ནི་གང་ཞིག་དངོས་པོ་ལས་དེ་ཉིད་དང་། གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པ་དེ་ནི་དངོས་པོ་མ་ཡིན་ཏེ་ནམ་མཁའི་པདྨ་བཞིན་ནོ། །གང་ཟག་ཀྱང་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ཁྱབ་པར་བྱེད་པ་མི་དམིགས་པའོ། །ཆོས་མི་མཐུན་པ་ནི་ཚོར་བ་ལ་སོགས་པའོ། །ཡང་ཇི་ལྟར་འདི་ལ་
ཁྱབ་པ་གྲུབ་ཅེ་ན། དངོས་པོ་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ནི་དངོས་པོ་ལས་དེ་ཉིད་དང་། གཞན་ཉིད་ལས་མི་འདའ་སྟེ། གོ་སྐབས་གཞན་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གཟུགས་ལ་སོགས་པ་རྣམས་ཀྱང་ཕན་ཚུན་བརྗོད་དུ་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་བས་ན་
ངོ་བོ་མེད་པ་རང་བཞིན་མེད་པ་ལ་བརྗོད་དུ་མེད་པར་བརྟགས་ཀྱི་དངོས་པོ་ལ་ནི་མ་ཡིན་ནོ། །ཇི་ལྟར་ཞེ་ན། ཐ་དད་ཐ་དད་མེད་རྣམ་རྟོག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཉིད་ལ་ཐ་དད་པ་དང་ཐ་མི་དད་པའི་རྣམ་པར་རྟོག་པ་རྟེན་གྱི། དངོས་པོ་མེད་པ་ལ་ནི་མ་ཡིན་ནོ། །དེས་ན་དེ་ཉིད་དང་གཞན་ཉིད་ལ་
སོགས་པར་བརྗོད་དུ་མེད་པ་ནི་དངོས་མེད་ཉིད་ལ་སྟེ། རང་བཞིན་དང་བྲལ་བ་ཉིད་ལ་རིགས་ཀྱི་དངོས་པོ་ལ་ནི་དེ་ཉིད་དང་གཞན་ཉིད་ལ་སོགས་པར་བསྟན་དུ་མེད་པར་རིགས་པ་མ་ཡིན་ནོ་ཞེས་སྦྲེལ་ཏེ། དེ་ལ་ཐ་དད་པ་དང་ཐ་མི་དད་པ་དག་ལས་གོ་སྐབས་གཞན་མེད་པའི་ཕྱིར་རོ། །ཡང་ཇི་ལྟར་གོ་སྐབས་གཞན་མེད་
ཅེ་ན། གང་འདི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གང་ཟག་གཟུགས་ལ་སོགས་པའི་རང་བཞིན་མ་ཡིན་ནོ་ཞེས་བྱ་བ་གང་ཡིན་པ་འདི་ནི་དེ་ལ་མེད་ཅེས་དགག་པ་དེ་ནི་གཟུགས་ལ་སོགས་པ་དེ་དག་ལས་གཞན་ཉིད་དུ་བརྗོད་པ་ཡིན་ཏེ། དངོས་པོ་ལ་དངོས་པོ་གཞན་དགག་པ་ནི་རང་བཞིན་གཞན་
Vol. 191 · folio 222b
སྒྲུབ་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་དངོས་པོ་གང་ཞིག་གང་གི་རང་བཞིན་དང་བྲལ་བ་དེ་ནི་དེ་ལས་གཞན་ཡིན་ཏེ་ཚོར་བ་ལ་གཟུགས་བཞིན་ནོ། །གང་ཟག་ཏུ་བརྗོད་པའི་དངོས་པོ་ཡང་གཟུགས་ལ་སོགས་པའི་རང་བཞིན་དང་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གང་ཡང་
དངོས་འདི་དེ་ཉིད་མིན་པ་བཀག་པ་ནི་དེའི་ངོ་བོ་མ་ཡིན་པ་བཀག་པ་ཡིན་ཏེ། དེ་ནི་དེ་ཉིད་དང་ཐ་མི་དད་པ་ཁོ་ན་བརྗོད་པ་ཡིན་ཏེ། དངོས་པོ་ཡོད་པ་ལ་དོན་གཞན་བཀག་པ་ནི་དེ་ཉིད་སྒྲུབ་པ་མེད་པར་མི་འབྱུང་བའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་གལ་ཏེ་དེ་ནི་རང་བཞིན་འགའ་ཡང་བརྗོད་པ་མ་ཡིན་པ་དེའི་ཚེ་རང་བཞིན་ཐམས་ཅད་བཀག་
པའི་ཕྱིར་དངོས་པོ་མེད་པ་ཁོ་ནར་འགྱུར་རོ། །དངོས་པོ་མེད་པ་ཉིད་ཀྱི་མཚན་ཉིད་ནི་རང་བཞིན་ཐམས་ཅད་བཀག་པ་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་དངོས་པོ་གང་ཞིག་གང་ལས། དོན་གཞན་ཉིད་བཀག་པའི་བདག་ཉིད་ཀྱི་དེ་ཉིད་ཡིན་པ་དེ་ནི་དེ་ཁོ་ན་ཡིན་ཏེ། དཔེར་ན་གཟུགས་རང་གི་རང་བཞིན་ལས་དོན་
གཞན་ཉིད་བཀག་པའི་བདག་ཉིད་ཀྱི་དེ་ཉིད་ཡིན་པ་བཞིན་ནོ། །གང་ཟག་ཀྱང་གཟུགས་ལ་སོགས་པ་ལས་དོན་གཞན་ཉིད་བཀག་པའི་བདག་ཉིད་ཀྱི་དེ་ཉིད་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དངོས་པོ་ནི་དངོས་པོ་དེ་ལས་དེ་ཉིད་དང་གཞན་ཉིད་ལས་མི་འདའ་བའི་ཕྱིར་རྩ་བའི་གཏན་ཚིགས་ཀྱི་ཁྱབ་
པ་གྲུབ་པོ། །དེ་ལྟར་རེ་ཞིག་བརྗོད་དུ་མེད་པ་ཉིད་དུ་ཁས་བླངས་པ་ན་གང་ཟག་རྟགས་སུ་ཡོད་པར་འགྱུར་རོ་ཞེས་བསྟན་ཏོ། །དེ་ནི་གང་ཟག་དངོས་པོ་ཉིད་དུ་ཁས་ལེན་ན་ཡང་བརྗོད་དུ་མེད་པར་རིགས་པ་མ་ཡིན་ཏེ། དེ་ལྟ་མ་ཡིན་ན་དམ་བཅས་པ་རང་གི་ཚིག་དང་འགལ་བར་འགྱུར་རོ་སྙམ་དུ་བསམས་ནས་མཇུག་
སྡུད་པར་བྱེད་པ་ནི། གང་ཟག་ཕུང་པོ་ལས་གཞན་མིན། །ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་ཁྱེད་ཅག་གང་ཟག་བརྗོད་དུ་མེད་པ་ཡིན་ནོ་ཞེས་སྨྲ་བ་ན། གང་ཟག་ཕུང་པོ་དག་ལས་གཞན་ཉིད་དུ་ཆེས་གསལ་པོར་འཐོན་པའི་སྒྲས་བརྗོད་པ་ཡིན་ནོ་ཞེས་སྟོན་པ་ནི། འགལ་བའི་ཆོས་དང་འབྲེལ་
པ་ནི། །ཞེས་བྱ་བ་ལ་སོགས་པའོ། །སྦྱོར་བ་ནི་གང་ཟག་ཕན་ཚུན་སྤངས་ཏེ་གནས་པའི་ཆོས་དང་ལྡན་པ་དེ་དག་ནི་ཕན་ཚུན་ཐ་དད་པ་ཡིན་ཏེ། དཔེར་ན་ལུས་ཅན་དང་ལུས་ཅན་མ་ཡིན་པའི་ཆོས་དང་ལྡན་པའི་གཟུགས་དང་ཚོར་བ་དག་ལྟ་བུའོ། །ཕུང་པོ་དང་གང་ཟག་དག་ཀྱང་བརྗོད་པར་བྱ་བ་དང་བརྗོད་དུ་མེད་
Vol. 191 · folio 223a
པ་ལ་སོགས་པ་ཕན་ཚུན་འགལ་བའི་ཆོས་དང་ལྡན་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ལྟར་ཚོར་བ་ལ་སོགས་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་གང་ཟག་ནི་ཚོར་བ་
དང་འདུ་ཤེས་ལ་སོགས་པ་དག་ལས་དེ་ཉིད་དང་གཞན་དག་ཏུ་བརྗོད་དུ་མེད་པར་འདོད་ལ། གཟུགས་དང་ཚོར་བ་ལ་སོགས་པ་ནི་ཚོར་བ་ལ་སོགས་པ་དེ་དག་ལས་ཕན་ཚུན་གཞན་ཉིད་དུ་བརྗོད་པས་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །འདི་ལས་ཀྱང་འགལ་བའི་ཆོས་དང་ལྡན་པ་གྲུབ་བོ་ཞེས་
སྟོན་པ་ནི། གཟུགས་ལ་སོགས་པའི་ཕུང་པོ་དག །ཅེས་བྱ་བ་ལ་སོགས་པ་ལ། འདུས་བྱས་ཐམས་ཅད་ནི་མི་རྟག་པའོ་ཞེས་གསུངས་པའི་ཕྱིར་གཟུགས་ལ་སོགས་པ་ནི་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་ཡིན་ནོ། །གང་ཟག་ནི་དེ་ལྟར་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་འདོད་དེ། དེ་ནི་རྣམ་
པ་ཐམས་ཅད་དུ་བརྗོད་དུ་མེད་པའི་ཕྱིར་རོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། ཐ་དད་པའི་ཐ་སྙད་ཀྱི་རྒྱུ་མཚན་ནི་འདི་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་སྣ་ཚོགས་པ་ཐམས་ཅད་དངོས་པོ་གཅིག་ཏུ་འགྱུར་རོ། །དེ་ལྟ་ཡིན་དང་ལྷན་ཅིག་སྐྱེ་བ་དང་འཇིག་པར་ཐལ་བར་འགྱུར་རོ། །དེ་ཉིད་དང་
གཞན་དག་ཏུ་བརྗོད་དུ་མེད་པའི་ཕྱིར་གང་ཟག་དངོས་པོ་མ་ཡིན་ནོ་ཞེས་བསྟན་པ་འབའ་ཞིག་དུ་མ་ཟད་ཀྱི། འདི་ལས་ཀྱང་སྟེ། མི་རྟག་པ་ཉིད་དུ་བརྗོད་དུ་མེད་པ་ཉིད་ཀྱི་ཕྱིར་དངོས་པོ་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡོད་པ་ཉིད་ཀྱི་མཚན་ཉིད་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཉིད་ནི་ཡོད་
པ་ཉིད་ཀྱི་མཚན་ཉིད་དེ། དངོས་པོ་ཉིད་ཀྱི་རང་བཞིན་ནི་འདི་ཡིན་ཏེ། འདི་ལྟ་སྟེ་དོན་བྱེད་པར་ནུས་པའོ། །དངོས་པོ་མེད་པ་ཉིད་ཀྱི་མཚན་ཉིད་ནི་ནུས་པ་ཐམས་ཅད་དང་བྲལ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཤུགས་ཀྱིས་དོན་བྱེད་པར་ནུས་པའི་མཚན་ཉིད་ཅན་ནི་དངོས་པོ་ཉིད་དུ་གནས་པ་ཡིན་ནོ། །དོན་བྱེད་པ་
དེ་ཡང་སྐད་ཅིག་མ་རྣམས་ཁོ་ན་ལ་ངེས་པ་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱིས་ཁྱབ་པོ་ཞེས་བྱ་བའི་ཐ་ཚིག་སྟེ། རྟག་པ་ནི་རིམ་དང་ཅིག་ཅར་དག་གིས་དོན་བྱེད་པ་འགལ་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་སྐད་ཅིག་མ་ཉིད་དུ་གང་ཟག་བརྗོད་དུ་མེད་ན་དངོས་པོ་ཡོད་པ་མ་ཡིན་ཏེ། དེ་ལ་དེའི་ཁྱབ་པར་བྱེད་པ་སྐད་
Vol. 191 · folio 223b
ཅིག་མ་ཉིད་ལྡོག་པའི་ཕྱིར་ཤིང་ཉིད་ལོག་པ་ན་ཤིང་ཤ་པ་ཉིད་ལྡོག་པ་བཞིན་ནོ། །ཇི་སྐད་དུ། མི་རྟག་ཉིད་དུ་བརྗོད་མིན་གང་། །དེ་ནི་འགའི་ཡང་རྒྱུ་མ་ཡིན། །ཞེས་གང་བཤད་པ་ཡིན་ནོ། །གལ་ཏེ་འདི་སྙམ་དུ་གང་ཟག་རྟག་པར་གྱུར་ན། དེའི་ཚེ་དེ་ནི་རིམ་དང་ཅིག་ཅར་དག་གིས་དོན་
བྱེད་པ་འགལ་བར་གྱུར་ན། གང་གི་ཕྱིར་འདི་ལྟར་མི་རྟག་པ་ཉིད་དུ་བརྗོད་དུ་མེད་པ་དེ་ལྟར་རྟག་པར་ཡང་ཡིན་པས་སོ། །དེའི་ཕྱིར་འདི་དོན་དམ་པར་ནུས་པ་འགལ་བ་མེད་པ་ཉིད་དོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། འདི་ལྟར་རྣམ་པ་གཉིས་ཀ་དང་བྲལ་བའི་དངོས་པོའི་རང་
གི་མཚན་ཉིད་ནི་རིགས་པ་མ་ཡིན་ཏེ། རྟག་པ་དང་མི་རྟག་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དངོས་པོའི་རྣམ་པ་གཅིག་གཏོང་བ་དང་ཡོངས་སུ་ལེན་པ་དག་ནི་དེ་ལས་གཞན་གྱི་རྣམ་པ་ཡོངས་སུ་གཟུང་བ་དང་བཏང་བ་མེད་ན་མི་འབྱུང་བའི་ཕྱིར་རོ། །ཁོ་བོ་ཅག་གིས་ནི་
གང་ཟག་བརྗོད་དུ་མེད་པའི་སྒྲར་མངོན་པར་ཞེན་པ་ན་མ་བཀག་སྟེ། རང་དབང་ཅན་འདོད་པ་ཙམ་ལ་རག་ལས་པ་ནི་སུས་ཀྱང་དགག་པར་མི་ནུས་པའི་ཕྱིར་རོ། །འོན་ཀྱང་གང་ཟག་ཅེས་བྱ་བའི་དངོས་པོ་རང་བཞིན་ཐམས་ཅད་དུ་ཡོད་དམ། འོན་ཏེ་མེད་ཅེས་བྱ་བ་དངོས་པོའི་རང་བཞིན་འདི་འདིར་དཔྱད་པར་
བྱའོ། །གལ་ཏེ་ཡོད་ན་དེའི་ཚེ་རྟག་པ་ཉིད་ཡིན་ཏེ། རྟག་པ་ཞེས་བྱ་བ་གཞན་འགའ་ཡང་མ་ཡིན་ཏེ། འོན་ཀྱང་རང་བཞིན་རྟག་ཏུ་གནས་པ་འཇིག་པ་མེད་པ་གང་ཡིན་པ་དེ་ནི་རྟག་པ་ཞེས་བྱ་སྟེ། ཇི་སྐད་དུ། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །ཅེས་བཤད་
པ་བཞིན་ནོ། །ཅི་སྟེ་མེད་དོ་ཞེས་བྱ་བའི་ཕྱོགས་ཡིན་ན་དེའི་ཚེ་འདི་མི་རྟག་པ་ཉིད་ཡིན་ཏེ། མི་རྟག་པའི་མཚན་ཉིད་ནི་མི་གནས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་དག་ལས་མ་གཏོགས་པའི་ཕུང་པོ་གཞན་མེད་པའི་ཕྱིར་ལ། སྐད་ཅིག་མ་ཡིན་པ་ནི་རིམ་
དང་ཅིག་ཅར་དག་གིས་དོན་བྱེད་པར་འགལ་བའི་ཕྱིར་སྐད་ཅིག་མ་ཉིད་ཀྱིས་དོན་བྱ་བ་བྱེད་པ་ནུས་པའི་མཚན་ཉིད་ཀྱི་ཡོད་པ་ལ་ཁྱབ་པའི་ཕྱིར། གང་ཟག་ལ་སྐད་ཅིག་མ་ཉིད་ལོག་པ་ན་ཡོད་པ་ལྡོག་པར་གྲུབ་པོ། །གལ་ཏེ་གང་ཟག་མེད་པ་དེ་ལྟ་ཡིན་ན་ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྲོག་གང་ཡིན་པ་དེ་ལུས་
Vol. 191 · folio 224a
ཡིན་ནམ། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཡིན་ཞེས་ཞུས་པ་ལ། འདི་ནི་ལུང་དུ་མི་སྟོན་པ་ཡིན་ནོ་ཞེས་གསུངས། གང་གི་ཕྱིར་མེད་པ་ཉིད་དོ་ཞེས་ཅིའི་ཕྱིར་མ་གསུངས་ཤེ་ན། ལུང་དང་འགལ་བ་དག་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཆོས་ཅན་
གང་ཟག་གྲུབ་པར་གྱུར་ན་དེའི་ཚེ་དེའི་ཆོས་དེ་ཉིད་དང་གཞན་ཉིད་ལ་སོགས་པ་ལུང་བསྟན་པར་འོས་ན་ཇི་ཙམ་དུ་ཆོས་ཅན་དེ་ཉིད་མ་གྲུབ་ན་དེ་ཇི་ལྟར་མེད་པ་དེའི་ཆོས་སྟོན་པར་འགྱུར། རི་བོང་གི་རྭ་ལ་སོགས་པ་མེད་པ་ལ་ནི་གང་གིས་འདི་ལུང་བསྟན་པར་འགྱུར་བ་རྣོ་བ་ལ་སོགས་པ་སྲིད་པ་མ་ཡིན་ནོ། །དེའི་
ཕྱིར་གང་ཟག་བརྟགས་སུ་ཡོད་པ་ཉིད་གསལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་ནི་ལུང་དུ་མི་སྟོན་པ་ཡིན་ནོ་ཞེས་གསུངས་ཀྱི། མེད་དོ་ཞེས་ནི་མ་གསུངས་ཏེ། གཞན་གྱི་ཆོས་ཅན་གྱི་རང་བཞིན་མི་འདྲི་བའི་ཕྱིར་རོ། །ཡང་ན་བརྟགས་སུ་ཡོད་པ་ཡང་མེད་པ་མངོན་པར་ཞེན་པ་སྤང་བའི་དོན་དུ་
སྟོང་པ་ཉིད་བསྟན་པའི་སྐལ་བ་དང་མི་ལྡན་པའི་གདུལ་བྱའི་སྐྱེ་བོའི་བསམ་པ་ལ་ལྟོས་ནས་མེད་དོ་ཞེས་དེ་སྐད་དུ་མ་གསུངས་སོ། །ཇི་སྐད་དུ། ལྟ་བའི་མཆེ་བས་སྨས་པ་དང་། །ལས་རྣམས་འཇིག་པ་ལ་ལྟོས་ནས། །སྟག་མོས་ཕྲུ་གུ་ཁྱེར་བ་ལྟར། །རྒྱལ་བས་ཆོས་རྣམས་བསྟན་པ་མཛད། །ཅེས་བྱ་
བ་དེ་ལྟ་བུ་སློབ་དཔོན་དབྱིག་གཉེན་ལ་སོགས་པས་མཛོད་དང་དོན་དམ་པ་བདུན་ཅུ་པ་ལ་སོགས་པར་དགོངས་པ་གསལ་བར་བྱས་པའི་ཕྱིར་རོ། །བརྩོན་པ་བྱས་པ་ཡིན་ན་དེའི་ཕྱིར་རྟོགས་པ་དེ་ཉིད་དུ་གོ་བར་བྱའོ། །འདིར་ནི་གཞུང་མངས་ཀྱིས་འཇིགས་ནས་མ་བྲིས་སོ་སྙམ་དུ་བསམས་པའོ། །
གལ་ཏེ་དེ་ལྟ་ན། རྫུས་ཏེ་བྱུང་བའི་སེམས་ཅན་ཡོད་དོ་ཞེས་བྱ་བ་འདི་ཇི་ལྟར་དྲང་ཞེ་ན། མེད་པ་པ་དག་དགག་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེམས་ཅན་ཡོད་པར་བརྗོད་པ་བརྩེ་བ་དང་ལྡན་པ་སྣ་ཚོགས་པ་སྟོན་པ་ནི་འགལ་བ་མེད་དོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ། །སེམས་ཀྱི་རྒྱུད་གང་
ལས་སེམས་ཅན་བཏགས་པ་དེ་ནི་འཁོར་བ་རྒྱུན་མི་འཆད་པ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཡོད་དོ་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་རྒྱུ་དང་འབྲས་བུའི་སྐད་ཅིག་ལྡོག་པ་མེད་པ་བརྒྱུད་པའི་འདུ་བྱེད་རྣམས་ཀྱང་མེད་པར་གོ་བའི་ཕྱིར་འཇིག་རྟེན་ཕ་རོལ་མེད་པས་འཇིག་རྟེན་ཕ་རོལ་མ་གྲུབ་
Vol. 191 · folio 224b
པོ་ཞེས་གདུལ་བྱ་མེད་པར་བལྟ་བར་འགྱུར་རོ། །འོ་ན་དགེ་སློང་དག་ཁུར་ཡང་བསྟན་པར་བྱའོ། །ཁུར་ལེན་པ་དང་ཁུར་འདོར་བ་དང་། ཁུར་ཁྱེར་བ་ཡང་བསྟན་པར་བྱ་སྟེ། དེ་ལ་ཁུར་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་སོ། །ཁུར་ལེན་པ་ནི་སྲིད་པའོ། །ཁུར་འདོར་བ་ནི་ཐར་པའོ། །ཁུར་ཁྱེར་
བ་ནི་གང་ཟག་གོ་ཞེས་གང་གསུངས་པ་དེ་ཇི་ལྟར་དྲང་། ཁུར་ཉིད་ཁུར་ཁྱེར་བར་རིགས་པ་ནི་མ་ཡིན་ནོ་ཞེ་ན། ཚོགས་པ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ཚོགས་པ་ཉིད་དུ་བརྗོད་པར་འདོད་པ་དུས་མཚུངས་པའི་ཕུང་པོ་རྣམས་ཁོ་ན་ཚོགས་པའི་ཐ་སྙད་རྟེན་པ་ཡིན་ཏེ། རྒྱུ་དང་འབྲས་
བུར་གྱུར་པ་དེ་དག་ཉིད་ཅིག་ཅར་མི་འབྱུང་བ་ལ་རྒྱུན་ཞེས་བསྟན་ཏེ། རྣམ་པ་གཅིག་ཏུ་རྟོག་པའི་རྒྱུར་གྱུར་པའི་རྒྱུན་དང་ཚོགས་པ་དག་གི་སྒྲས་བསྟན་པས་དེས་ན་ཚོགས་པ་ལ་སོགས་པའི་ཐུགས་ཀྱིས་ཏེ། ཚོགས་པ་ལ་སོགས་པའི་དགོངས་པས་ཁུར་དང་དེ་ཁྱེར་བ་ལ་སོགས་པ་བསྟན་པ་ལ་འགལ་བ་མེད་དོ་ཞེས་བྱ་བ་
ནི་ལྷག་མའོ། །སོགས་པའི་སྒྲ་དང་པོས་རྒྱུན་ལ་སོགས་པ་གཟུང་ངོ་། །གཉིས་པས་ནི་ཁུར་ལ་སོགས་པའོ། །དེ་ལ་ཕུང་པོ་ཚོགས་པ་དེ་དག་ཉིད་རྒྱུན་ལ་སོགས་པའི་ངོ་བོས་བརྗོད་པར་འདོད་པས་གང་ཟག་ཁུར་ཁྱེར་བ་ཞེས་བསྟན་ཏེ། དེ་ཉིད་ལ་འཇིག་རྟེན་ན་གང་ཟག་ཏུ་རློམ་པའི་ཕྱིར་རོ། །དེ་ཉིད་
ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་ཁུར་ཁྱེར་བའི་གང་ཟག་གང་ཡིན་ཞེས་སྨྲས་པ་ལ། ཚེ་དང་ལྡན་པ་གང་ཟག་འདིའི་རིགས་ནི་འདི་ལྟ་བུ། རུས་ནི་འདི་ལྟ་བུ། ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་། འདི་ལྟར་ཚེ་རིང་ཞེས་བྱ་བ་ལ་སོགས་པས་གང་ཟག་བསྟན་པ་
ཡིན་ནོ། །ཕུང་པོ་ཚོགས་པའི་མཚན་ཉིད་དེ་ཉིད་ལ་ཅི་ནས་ཀྱང་བཏགས་པར་ཡོད་པ་ཤེས་པར་བྱ་བ་ཡིན་གྱི། གཞན་གྱིས་ཀུན་དུ་བརྟགས་པའི་རྟག་པ་རྫས་སུ་ཡོད་པ་གཞན་ནི་ཤེས་པར་མི་བྱའོ་ཞེས་བསྟན་པའི་དོན་དུའོ། །གདོན་མི་ཟ་བར་དེ་ལྟར་ཤེས་པར་བྱ་སྟེ། དེ་ལྟ་མ་ཡིན་ན་ཁུར་ལེན་པ་ཡང་ཕུང་
པོ་དག་ལས་ལོགས་ཤིག་ཏུ་བསྟན་པའི་ཕྱིར་གང་ཟག་བཞིན་དུ་ཕུང་པོའི་ནང་དུ་མ་གཏོགས་པར་འགྱུར་རོ། །དེའི་ཕུང་པོ་གཞན་དེ་དག་བསྐྱེད་པར་བྱ་བར་འཇུག་པའི་ཕྱིར་ཕུང་པོ་སྔ་མ་དེ་དག་ཉིད་ཁུར་ཞེས་བྱ་བར་གསུངས་ལ། གང་དག་འབྲས་བུར་གྱུར་པའི་སྐྱེ་བ་དེ་དག་ནི་ཁུར་ཁྱེར་བ་ཞེས་གསུངས་པས་འདི་ནི་ཤེས་
Vol. 191 · folio 225a
པར་བྱེད་པ་མ་ཡིན་ནོ། །གསལ་བར་བྱེད་པར་སྨྲས་པ། བདག་ཁས་མི་ལེན་ན་དེ་བཞིན་གཤེགས་པའི་གསུང་འདི་དོན་དང་ལྡན་པར་གཞག་པར་མི་ནུས་ཏེ། གང་གི་ཕྱིར་བཙུན་པ་གཟུགས་བདག་མ་ལགས། བཙུན་པ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་
དང་། རྣམ་པར་ཤེས་པ་བདག་མ་ལགས། དེ་བཞིན་དུ་དགེ་སློང་དག་གཟུགས་འདི་ནི་ཁྱོད་མ་ཡིན། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་ཁྱོད་མ་ཡིན་ཞེས་བྱ་བ་འདི་གསུངས་ཏེ། འདིས་ནི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ང་རྒྱལ་གྱི་ཡུལ་ཉིད་བཀག་ལ་
འདི་ནི་ཁྱད་པར་བཀག་པ་ཡིན་གྱི། སྤྱི་བཀག་པ་ནི་མ་ཡིན་ནོ། །བདག་ཁས་མི་ལེན་ན་ཡང་སྤྱི་ཉིད་དགག་པར་བྱ་བ་ཡིན་གྱི། ཁྱོད་ཉིད་དང་། བདག་ཉིད་ནི་མ་ཡིན་པའི་ཕྱིར་ཁྱད་པར་དགག་པ་ནི་གཞན་སྒྲུབ་པ་མེད་ན་མི་འབྱུང་བ་ཡིན་ཏེ། དཔེར་ན་མིག་གཡོན་པས་མི་མཐོང་ངོ་ཞེས་བརྗོད་པ་ན་
གཡས་པས་མཐོང་ངོ་ཞེས་གོ་བ་ཉིད་ཡིན་ནོ། །དེས་ཀྱང་མི་མཐོང་ན་གཡོན་པ་སྨོས་པ་དོན་མེད་དེ་མི་མཐོང་ངོ་ཞེས་བྱ་བ་ཁོ་ན་བརྗོད་པར་འགྱུར་རོ། །དེ་བཞིན་དུ་འདི་ལ་ཡང་གཟུགས་བདག་མ་ཡིན་པ་ནས་རྣམ་པར་ཤེས་པ་བདག་མ་ཡིན་ཞེས་བྱ་བའི་བར་དུ་གསུངས་པ་ན། དེ་དང་མི་མཐུན་པའི་བདག་
ཡོད་དོ་ཞེས་སྟོན་པར་འགྱུར་རོ། །དེ་ཡང་བརྗོད་དུ་མེད་པའམ་གཞན་ཡིན་དུ་ཆུག་མོད། ཐམས་ཅད་དུ་བདག་ཡོད་དོ་ཞེའོ། །འདིར་སྨྲས་པ། ཁྱད་པར་དག་ནི་དགག་པ་ཡང་། །ཞེས་བྱ་བ་ལ་སོགས་པ་ལ། འདི་སྐད་དུ་བསྟན་པ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་
བློ་གྲོས་ངན་པ་རྣམས་ལ་འཇུག་པ་འདི་ལྟ་སྟེ། གཟུགས་བདག་ཡིན་པ་ནས་རྣམ་པར་ཤེས་པ་བདག་ཡིན་པའི་བར་དང་། གཟུགས་ལ་བདག་གནས་པ་ནས་རྣམ་པར་ཤེས་པ་ལ་བདག་གནས་པའི་བར་དང་། བདག་གཟུགས་དང་ལྡན་པ་ནས་བདག་རྣམ་པར་ཤེས་པ་དང་ལྡན་པའི་བར་དང་། གཟུགས་
བདག་གི་ཡིན་པ་ནས་རྣམ་པར་ཤེས་པ་བདག་གི་ཡིན་པའི་བར་དུ་ཞེས་བྱ་བའོ། །དེ་ལ་ལྟ་བ་དང་པོ་ལྔ་དགག་པའི་ཕྱིར། དེའི་ལྟ་བ་ཅན་ལ་ཁྱད་པར་གྱི་ཚུལ་གྱིས་བཀག་པ་མཛེས་པ་ཡིན་ནོ། །གཟུགས་བདག་ཡིན་ཞེས་བྱ་བ་ལ་སོགས་པའི་ལྟ་བ་དེ་དག་གང་དག་ལ་ཡོད་པ་དེ་དག་ནི་དེའི་ལྟ་བ་ཅན་ཏེ།
Vol. 191 · folio 225b
བློ་གྲོས་བླུན་པོའི་དོགས་པའི་གནས་གང་ཁོ་ན་ཡིན་པ་དེ་ཁོ་ན་རྗེས་སུ་བརྗོད་ནས་བཟློག་པ་ཡིན་གྱི། འདི་ལ་སྒྲུབ་པ་འགའ་ཞིག་བཞེད་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཉན་པ་པོ་ལེགས་པར་མི་སྦྱོར་བའི་ཚིག་སྨྲ་བ་ན་སྟོན་པ་པོ་རྟོག་པ་དང་ལྡན་པར་མི་འགྱུར་རོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་
ལས་གནས་མའི་བུ་པའི་བདག་བརྟག་པ་སྟེ་བཅུ་གཉིས་པའོ།། །།གཡོ་བ་ཞེས་བྱ་བའི་ཁྱད་པར་འདི་བསྒྲུབ་པའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མཐའ་དག་ལ་ཁྱབ་པའི་སྐད་ཅིག་མར་འཇིག་པ་བསྒྲུབ་པ་ཉིད་ཀྱིས་གཞན་གྱིས་ཀུན་དུ་བརྟགས་པའི་
རང་བཞིན་དང་དབང་ཕྱུག་ལ་སོགས་པ་དངོས་པོ་མཐའ་དག་གི་ཚོགས་སྒྲུབ་པ་གཅིག་གིས་གསལ་བ་ཡིན་ན་ཡང་ཁོ་བོ་ཅག་གིས་གཞུང་ཤིན་ཏུ་རྒྱས་པར་བཀོད་པས་ཚིག་རེ་རེ་ནས་བརྗོད་ནས་སུན་འབྱིན་པ་རྩོམ་པ་གང་ཡིན་པ་དེ་ནི་ངལ་བར་བྱེད་པ་འབའ་ཞིག་ཏུ་ཟད་དེ། ཐབས་སླ་ལ་ཉུང་བ་ཉིད་ཀྱིས་དེ་སུན་
འབྱིན་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ནོ། །འདི་ལྟར་གཞན་ཁ་ཅིག་དག་གིས་རང་བཞིན་ལ་སོགས་པ་ཐམས་ཅད་ནི་སྐྱེས་མ་ཐག་ཏུ་འཇིག་པའམ་རྗེས་སུ་འགྲོ་བ་མེད་པར་བཀག་པའི་ཆོས་ཅན་དུ་མི་འདོད་དོ། །དེ་ལྟ་བས་ན་འདི་དང་དངོས་པོ་མཐའ་དག་གི་ཁྱབ་པར་བྱེད་པའི་མཚན་ཉིད་ཀྱི་སྐད་ཅིག་མར་
འཇིག་པ་བསྒྲུབས་པ་ཉིད་ཀྱིས་བསལ་བ་ཡིན་ནོ་སྙམ་དུ་བསམས་ནས། ཁོ་བོ་ཅག་གིས་རང་བཞིན་ལ་སོགས་པ་ནས་གང་ཟག་གི་མཐར་ཐུག་པ་བཤད་ཟིན་པ་དང་། འཆད་པར་འགྱུར་བའི་རིགས་དང་། ཡོན་ཏན་དང་། རྫས་ལ་སོགས་པ་དང་སྒྲ་དང་། དོན་དག་དང་། ཚད་མ་དང་། གཞལ་
བྱ་དག་དང་། ནོར་བུའི་གཟི་ལྟ་བུར་ཁ་དོག་སྣ་ཚོགས་པའི་དངོས་པོ་དང་། དུས་གསུམ་དུ་འཇུག་པའི་ངོ་བོ་དང་། ཚུ་རོལ་མཛེས་པ་པས་ཁས་བླངས་པའི་འབྱུང་བ་བཞི་དང་། རྒྱལ་དཔོག་པས་འདོད་པའི་རིག་བྱེད་ཀྱི་སྒྲའི་ཚོགས་ཁྱད་པར་མེད་པར་གསལ་བར་བྱ་བའི་ཕྱིར་སྐད་ཅིག་མར་འཇིག་པ་བསྒྲུབ་པར་
བྱའོ། །གསལ་བར་ཞེས་བྱ་བ་ནི་དེ་སྒྲུབ་པར་བྱེད་པའི་ཚུལ་གསུམ་པའི་གཏན་ཚིགས་སྟོན་པའི་ཕྱིར་རོ། །དེའི་ཕྱིར་བསྟན་པའི་དངོས་པོ་བརྟགས་པ་འདི་ཉིད་ལ་བསྟན་བཅོས་མཐའ་དག་གི་དོན་ཡོངས་སུ་རྫོགས་པ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །འདི་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། བྱས་དང་མ་བྱས་ཉིད་སྒོ་
Vol. 191 · folio 226a
ནས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་རིགས་པ་ཅན་ལ་སོགས་རྣམས་སྐད་ཅིག་མའི་དངོས་པོ་གཅིག་ཀྱང་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་པ་ན། བྱས་པ་དང་མ་བྱས་པ་ཉིད་ཀྱི་སྒོ་ནས་དངོས་པོ་རྣམས་ཕུང་པོ་གཉིས་ཁོ་ནར་རྣམ་པར་འཇོག་པར་བྱེད་དོ། །དེ་ལ་ཁ་ཅིག་ནི་བྱས་པ་ཡིན་ཏེ་བུམ་པ་ལ་སོགས་པ་ལྟ་བུའོ། །ལ་ལ་ནི་མ་
བྱས་པ་ཡིན་ཏེ། རྡུལ་ཕྲ་རབ་དང་ནམ་མཁའ་ལ་སོགས་པ་ལྟ་བུའོ། །གཞན་དག་གིས་ཏེ། གནས་མའི་བུ་པ་ལ་སོགས་པ་དག་གིས་ནི་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་ཉིད་ཀྱིས་དངོས་པོ་རྣམས་ཕུང་པོ་གཉིས་སུ་འདོད་དེ། འདི་ལྟར་དེའི་འདོད་པས་བློ་དང་སྒྲ་དང་མེ་ལྕེ་ལ་སོགས་པ་སྐད་ཅིག་མ་དག་
ཡིན་ལ། ས་དང་ནམ་མཁའ་ལ་སོགས་པ་དག་ནི་སྐད་ཅིག་མ་མ་ཡིན་པ་དག་ཡིན་ནོ་ཞེའོ། །དེའི་ཕྱིར་དེ་ལྟར་ལྟ་བའི་དབྱེ་བས་གནས་པ་ན་རེ་ཞིག་གང་དག་བྱས་པ་ཉིད་དུ་འདོད་པ་དེ་དག་ཕྱོགས་སུ་བྱས་ནས་ཚད་མ་བརྗོད་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཐམས་
ཅད་ཀྱི་འཇིག་པ་རྒྱུ་གཞན་ལ་ལྟོས་པ་མེད་པ་ཉིད་ཀྱིས་གནས་པའི་ཕྱིར་ཞེས་བྱ་བ་འདིས་མཚན་ཉིད་གསུམ་པའི་གཏན་ཚིགས་སྟོན་ཏོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར། དངོས་གང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྱོར་བ་ནི་གང་དག་དངོས་པོ་གང་ལ་ལྟོས་པ་མེད་པ་དེ་དག་ནི་དེའི་ངོ་བོར་ངེས་པ་
ཡིན་ཏེ། དཔེར་ན་དེ་མ་ཐག་པའི་འབྲས་བུའི་ཚོགས་པ་རང་གི་འབྲས་བུ་སྐྱེད་པ་ལ་ངེས་པ་བཞིན་ནོ། །སྐྱེ་བ་དང་ལྡན་པའི་བྱས་པའི་དངོས་པོ་རྣམས་ཀྱང་འཇིག་པ་ལ་ལྟོས་པ་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །རྒྱུ་གཞན་ཞེས་བྱ་བའི་རང་བཞིན་གཏན་ཚིགས་དེ་ཡང་ནི་སྐྱེད་
པར་བྱེད་པ་ལས་ཐ་དད་པའོ། །ངེས་པ་ཞེས་བྱ་བ་འདི་ལ་རྒྱུ་སྨྲས་པ། དེ་ལྟར་རང་གི་རྒྱུ་ལས་སྐྱེའི། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ནི་དེར་ངེས་པའི་ངོ་བོས་སྐྱེ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཡང་ན་གང་དག་གང་དུ་ཡང་མ་ངེས་པ་དེ་དག་ནི་དེ་ལ་ལྟོས་པ་མེད་པ་ཡང་མ་ཡིན་པར་
འགྱུར་ཏེ། དཔེར་ན་བུམ་པ་ལ་སོགས་པ་སོ་མ་བཏང་བ་སོ་བཏང་བ་དག་ལ་སོགས་པ་དག་ཏུ་འགྱུར་བ་བཞིན་ནོ་ཞེས་བྱ་བ་འདི་ནི་འདིར་ཆོས་མི་མཐུན་པའི་དཔེའོ། །འོན་ཏེ་གཏན་ཚིགས་འདི་མ་ངེས་པ་ཉིད་མ་ཡིན་ནམ། འདི་ལྟར་དངོས་པོ་རྣམས་འཇིག་པ་ལ་རྒྱུ་གཞན་ལ་ལྟོས་པ་མེད་པ་དེ་ལྟ་ཡང་
Vol. 191 · folio 226b
ཡིན་མོད་ཀྱི། འོན་ཀྱང་གནས་ནས་ཡུལ་དང་དུས་གཞན་དུ་དངོས་པོ་འཇིག་པ་སྲིད་པའི་ཕྱིར་རོ། །འདི་དག་སྐྱེས་མ་ཐག་ཏུ་འཇིག་པ་ཉིད་དུ་བསྒྲུབ་པར་འདོད་པ་མ་གྲུབ་པའོ། །གལ་ཏེ་འདི་ནི་ལྟོས་མེད་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ཞེས་བྱ་བ་ནི་འཇིག་པའོ། །དེ་ལ་ལྟོས་པ་མེད་པ་
ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཡུལ་དང་དུས་གཞན་ལ་ལྟོས་པ་མེད་པའི་ཕྱིར་རོ། །གང་ཞིག་གང་ལ་ལྟོས་པ་མེད་པ་དེ་ནི་འགའ་ཞིག་ཏུ་འམ་རེས་འགའ་འགྱུར་ན་དེའི་ཚེ་དེའི་ཡུལ་དང་དུས་ལ་ལྟོས་པའི་ཕྱིར། ལྟོས་པ་མེད་པ་ཉིད་དུ་མི་འགྱུར་རོ། །དེའི་ཕྱིར་ག་ལས་མ་འཁྲུལ་པ་ཡིན། འདི་ལྟར་ཡུལ་དང་
དུས་གཅིག་ཡོངས་སུ་སྤངས་ནས་ཡུལ་དང་དུས་ལ་སོགས་པ་གཞན་དུ་འཇུག་པ་ན། ཇི་ལྟར་མི་ལྟོས་པ་ཞེས་བྱ་བ་ཡིན། འདི་ལྟར་དེའི་ལྟོས་པ་ནི་དེ་ལྟར་གནས་པ་ཉིད་ཡིན་གྱི། འདོད་པ་ནི་མ་ཡིན་ཏེ། དེ་ནི་བསམ་པས་སྟོང་པའི་ཕྱིར་རོ། །འོ་ན་གལ་ཏེ་རྣམ་པ་ཐམས་ཅད་དུ་ལྟོས་པ་མེད་པའི་ཕྱིར་རོ་ཞེས་
བྱ་བ་གཏན་ཚིགས་ཀྱི་དོན་ཡིན་པར་འདོད་ན། འོ་ན་གཏན་ཚིགས་མ་གྲུབ་སྟེ། འདི་ལྟར་འགའ་ཞིག་དག་འཇིག་པ་ལ་ཐོ་བ་ལ་སོགས་པ་ལ་ལྟོས་པར་མཐོང་སྟེ། བུམ་པ་ལ་སོགས་པ་བཞིན་ནོ། །གང་ཡང་བློ་དང་སྒྲ་ལ་སོགས་པ་ལྟོས་པ་མེད་པ་ཉིད་དུ་གྲགས་པ་དེ་དག་ཀྱང་གལ་ཏེ་ཐོ་བ་ལ་སོགས་པ་ལ་
མི་ལྟོས་པ་དེ་ལྟ་ན་ཡང་ཡུལ་དང་དུས་ལ་ལྟོས་པས་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་དོགས་པར་བྱས་ནས་ལན་གདབ་པར་བྱ་བའི་ཕྱིར། སྐྱེ་བ་ཅན་ཀུན་འཇིག་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་དུ་ཞེས་བྱ་བ་ནི་ཡུལ་དང་དུས་ལ་སོགས་པ་ཐམས་ཅད་དུ་སྐྱེ་བ་དང་ལྡན་པ་
རྣམས་འཇིག་པའི་རྒྱུ་ལ་མི་ལྟོས་སོ་ཞེས་བྱ་བའི་དོན་ཏོ། །འཇིག་པའི་རྒྱུ་ཉིད་དུ་ཁས་བླངས་པ་རྣམས་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་ཏེ། ཕན་མི་འདོགས་པའི་ཕྱིར་རོ། །ཕན་མི་འདོགས་པ་ཡང་ལྟོས་པར་མི་རིགས་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ཅུང་ཟད་ཀྱང་མི་བྱེད་པ་ཡིན་
ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་པ་བྱེད་ན་རེས་འགའ་དངོས་པོའམ་དངོས་པོ་མེད་པ་ཡིན་གྲང་། དེ་ལ་གལ་ཏེ་དངོས་པོ་ཡིན་ན་དེའི་ཚེ་འཇིག་པ་དང་ལྡན་པ་འདི་དངོས་པོ་ལས་དོན་གཞན་དུ་མ་གྱུར་པ་བྱེད་དམ། དོན་གཞན་དུ་གྱུར་པ་བྱེད། དངོས་པོ་ཡོད་པ་ལ་ནི་རྣམ་པར་རྟོག་པ་
Vol. 191 · folio 227a
གཉིས་ལས་མི་འདའ་བའི་ཕྱིར། གཉི་གའམ་གཉི་ག་མ་ཡིན་པའི་ཕྱོགས་ནི་རིགས་པ་མ་ཡིན་ཏེ། དངོས་པོ་གཅིག་གཏོང་བ་དང་ཡོངས་སུ་ལེན་པ་དག་ནི་དེ་ལས་གཞན་ཡོངས་སུ་གཏོང་བ་དང་ལེན་པ་མེད་ན་མི་འབྱུང་བའི་ཕྱིར་རོ། །གཅིག་ལ་སྒྲུབ་དང་དགག་པ་མི་རུང་བའི་ཕྱིར་
རོ་ཞེས་བསྟན་ཟིན་ཏོ། །དེ་ལ་རེ་ཞིག་དོན་གཞན་དུ་གྱུར་པ་མ་ཡིན་པ་ཞེས་བྱ་བའི་ཕྱོགས་ནི་མ་ཡིན་ཏེ། དངོས་པོའི་རང་བཞིན་ནི་རང་གི་རྒྱུ་ཁོ་ན་ལས་སྐྱེ་བའི་ཕྱིར་ཏེ། མི་མཐུན་པ་དང་རྒྱུ་མེད་པར་མི་འབྱུང་བའི་ཕྱིར་རོ། །དེ་ཡང་དངོས་པོའི་རང་བཞིན་བཞིན་དུ་དེ་ལས་ཐ་མི་དད་པར་གྲུབ་པའི་ཕྱིར་རོ། །གྲུབ་
པ་ཡང་བྱེད་པར་མི་རིགས་ཏེ། རྒྱུ་ལྡོག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་སྙམ་དུ་དངོས་པོ་འདི་རང་གི་རྒྱུ་ཁོ་ན་ལས་བདག་ཉིད་ཐམས་ཅད་གྲུབ་པ་ནི་མ་ཡིན་ཏེ། དེའི་ཕྱིར་རྒྱུ་གཞན་གྱིས་འཇིག་པར་བརྗོད་པའི་རང་བཞིན་གཞན་ཐོབ་པ་ཡིན་ནོ་ཞེ་ན། དངོས་པོའི་བདག་ཉིད་ཅེས་བྱ་བ། །
ལ་སོགས་པ་སྨོས་ཏེ། གང་གིས་ན་ཆ་ཤས་ཀྱིས་འགྲུབ་པར་འགྱུར་བ་གཅིག་གི་རང་བཞིན་ལ་གཉིས་ཡོད་པ་ནི་མ་ཡིན་ནོ། །འོན་ཀྱང་དངོས་པོའི་ཆ་ཤས་མེད་པ་ཁོ་ན་ཡིན་ལ། དེ་ཡང་རང་གི་རྒྱུས་བསྐྱེད་པ་ན་བདག་ཉིད་ཐམས་ཅད་ཀྱིས་བསྐྱེད་པའི་ཕྱིར། ཇི་ལྟར་དེའི་དུས་ཕྱིས་རྒྱུ་གཞན་གྱིས་རང་
བཞིན་གཞན་བྱེད་པར་འགྱུར། གང་ཞིག་གྲུབ་པ་ན་གང་མ་གྲུབ་པ་དེ་ནི་དེའི་རང་བཞིན་དུ་རིགས་པ་མ་ཡིན་ཏེ། ཐ་མི་དད་པའི་མཚན་ཉིད་ནི་གྲུབ་པ་དང་བདེ་བ་གཅིག་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་དུས་ཕྱིས་སྐྱེ་བའི་འཇིག་པའི་དངོས་པོ་དེ་ནི་རང་བཞིན་ནོ། །གང་ན་གང་ཡིན་པ་དེ་ཡང་ཇི་
ལྟར་དེར་འགྱུར་བ་ཡིན་ཏེ། དེའི་ཕྱིར་འདི་ནི་ཅི་ཡང་མ་ཡིན་ནོ། །ཅི་སྟེ་དོན་གཞན་དུ་གྱུར་པ་ཞེས་བྱ་བའི་ཕྱོགས་ཡིན་ན་དེ་ལ་ཡང་འཇིག་པའི་རྒྱུས་ནི་དངོས་པོ་ལ་ཅི་ཡང་མི་བྱེད་པ་ཉིད་དོ་ཞེས་སྟོན་པ་ནི། དངོས་པོ་ལས་ནི་ཐ་དད་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཞན་བྱེད་པ་ན་ཕན་བཏགས་
པ་ཞེས་བྱ་བ་ནི་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དང་འབྲེལ་པའི་འཇིག་པ་བྱེད་པའི་ཕྱིར་དངོས་པོ་ལ་ཕན་བཏགས་པར་འགྱུར་རོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། འབྲེལ་པ་མ་གྲུབ་པའི་ཕྱིར་རོ། །འདི་ལྟར་ཐ་དད་པར་ཁས་བླངས་པའི་ཕྱིར་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱི་འབྲེལ་པ་
Vol. 191 · folio 227b
མེད་ལ། དེ་ལས་བྱུང་བའི་མཚན་ཉིད་ཀྱང་མེད་དེ། དེ་ནི་འཇིག་པའི་རྒྱུ་ཉིད་ལས་སྐྱེ་བའི་ཕྱིར་རོ། །དངོས་པོའི་འབྲེལ་པ་གཞན་ཡང་ཡོད་པ་མ་ཡིན་ནོ། །འབྲེལ་པ་ཡོད་ན་ཡང་དངོས་པོ་གཞན་པའི་ཕྱིར། དེ་ཁོ་ན་བཞིན་དུ་འབྲས་བུ་དམིགས་པ་ལ་སོགས་པར་ཐལ་བར་འགྱུར་རོ། །དམིགས་
པ་ཉིད་འབྲས་བུ་ཡིན་པས་དམིགས་པའི་འབྲས་བུའོ། །སོགས་པའི་སྒྲས་ནི་ཆུ་འཛིན་པ་དང་། རྗེ་ངར་གཅོག་པ་ལ་སོགས་པ་གཟུང་ངོ་། །འཇིག་པ་ཐ་དད་པ་དེས་བསྒྲིབས་པའི་ཕྱིར་དང་། གེགས་བྱས་པའི་ཕྱིར་དམིགས་པ་ལ་སོགས་པའི་འབྲས་བུ་བྱེད་པ་མ་ཡིན་ནོ་ཞེ་ན། དེའི་གནས་སྐབས་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་རང་བཞིན་གྱི་ཁྱད་པར་ཉམས་པར་མི་བྱེད་པའམ། སྐྱེད་པར་མི་བྱེད་པ་དེ་ལ་སྒྲིབ་པར་བྱེད་པའམ། གེགས་བྱེད་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་མ་དོར་བ་སྒྲིབ་པ་མེད་པ་གེགས་བྱེད་པ་མེད་པ་སྔར་གྱི་རང་
བཞིན་ཡིན་པའི་ཕྱིར་དེའི་སྒྲིབ་པ་དང་གེགས་བྱེད་པ་མི་རིགས་སོ། །འདི་སྙམ་དུ་སྔ་མ་བཞིན་དུ་དམིགས་པ་ལ་སོགས་པ་ཐལ་བར་འགྱུར་བ་མ་ཡིན་ཏེ། འཇིག་པ་ཐ་དད་པ་དེས་དངོས་པོ་འཇིག་པའི་ཕྱིར་རོ་ཞེ་ན། འཇིག་པའི་མིང་ཅན་དངོས་པོ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་པ་
དངོས་པོའི་འཇིག་པ་བྱེད་པ་ན་ཅི་གཞན་ནམ། གཞན་མ་ཡིན་པའམ། ཡང་ན་ཞིག་པའི་མཚན་ཉིད་ཀྱིས་འཇིག་པར་བྱེད་པ་ན་འཇིག་པར་བྱེད་ཅེས་འདི་ལ་ཡང་ཐོ་བ་ལ་སོགས་པ་བཞིན་དུ་རྣམ་པར་རྟོག་པ་མཚུངས་པ་ཉིད་ལའང་རྗེས་སུ་འཇུག་སྟེ། དེ་ལ་ཡང་ཉེས་པ་བཤད་ཟིན་པ་དང་། འཆད་པར་
འགྱུར་བ་ཡིན་ནོ། །དོན་དེ་ལ་ཡང་ཞེས་བྱ་བ་ནི་གང་འདི་འཇིག་པས་འཇིག་པ་གཞན་བྱེད་ན་དེ་ལ་ཡང་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་ཉིད་ལ་སོགས་པའི་རྣམ་པར་རྟོག་པ་དག་རྗེས་སུ་འཇུག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རེ་ཞིག་དངོས་པོར་གྱུར་པ་མི་བྱེད་དོ་ཞེས་བསྟན་ནས་དངོས་པོ་མེད་
པར་གྱུར་པ་ཡང་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་དངོས་པོ་མེད་པའི་བདག །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོའི་རྒྱུར་འགྱུར་གྱི་དངོས་པོ་མེད་པ་ལ་ནི་མ་ཡིན་ནོ། །རང་བཞིན་མཐའ་དག་དང་བྲལ་བའི་མཚན་ཉིད་ཡིན་པའི་ཕྱིར་དེ་ལ་རྒྱུ་མཚན་དུ་བྱ་བ་བསྐྱེད་པར་བྱ་བའི་ངོ་བོ་ཅུང་ཟད་ཀྱང་མེད་
Vol. 191 · folio 228a
དོ། །དེའི་ཕྱིར་དངོས་པོ་མེད་པའི་བདག་ཉིད་དེ། དངོས་པོ་བཀག་པའི་བདག་ཉིད་ཀྱི་འཇིག་པ་འགའ་ཞིག་གིས་བྱེད་པ་མ་ཡིན་ཏེ། བོང་བུའི་རྭ་བཞིན་དུ་དངོས་པོ་མེད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འབྲས་བུ་ཡིན་པའི་ཕྱིར་མྱུ་གུ་ལ་
སོགས་པ་བཞིན་དུ་དངོས་པོ་ཉིད་དུ་འགྱུར་རོ། །སྦྱོར་བ་ནི་གང་འབྲས་བུ་ཡིན་པ་དེ་ནི་དངོས་པོ་ཡིན་ཏེ་མྱུ་གུ་ལ་སོགས་པ་བཞིན་ནོ། །འཇིག་པ་ཡང་འབྲས་བུ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །འདི་ཡི་ཁྱབ་པ་བསྒྲུབ་པའི་ཕྱིར། །རྒྱུ་ཡི་ནུས་
པས་སྐྱེད་ཕྱིར་རོ། །ཞེས་བྱ་བ་སྨོས་ཏེ། རྒྱུའི་ནུས་པས་ཐོབ་པའི་བདག་ཉིད་ཀྱི་ཁྱད་པར་གང་ཡིན་པ་དེ་ཉིད་ལ་འབྲས་བུ་ཞེས་བྱ་བ་སྟེ། སྒྲུབ་པའི་བདག་ཉིད་ཀྱི་ཁྱད་པར་ཉིད་དངོས་པོ་ཡིན་ནོ། །དོན་འདི་ལ་རིགས་པ་ཅན་ལ་སོགས་པ་ལ་ཡང་རྩོད་པ་མེད་དེ། འདི་ལྟར་
ཡོད་པ་དང་འདུ་བ་འམ། རང་གི་རྒྱུ་དང་འདུ་བ་ནི་འབྲས་བུ་ཉིད་དུ་བརྗོད་ལ། འཇིག་པ་ལ་ནི་ཡོད་པ་དང་འདུ་བ་འམ། རང་གི་རྒྱུ་ལ་འདུ་བ་མེད་དེ། དེ་ནི་རྫས་ལ་སོགས་པ་བཞིན་དུ་ཡོད་པ་ཉིད་དང་རྟེན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་འཇིག་པ་དངོས་པོ་
ཉིད་ལ་རག་མོད། དེ་ལ་ཉེས་པ་ཅི་ཡོད་ཅེ་ན། དེ་ལྟར་དངོས་མེད་གང་ཡིན་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ཇི་ལྟར་མེད་པ་སྒྲུབ་པར་བྱེད་ཅེས་དོགས་པ་ལ་འདི་སྐད་དུ། མ་ཡིན་དགག་རྟེན་ཞེས་བྱ་བ་སྨོས་ཏེ། མ་ཡིན་པར་དགག་པ་ལ་རྟེན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །བརྗོད་པར་འདོད་པའི་
དབང་གིས་དངོས་པོ་འགའ་ཞིག་ལས་མཚན་ཉིད་མི་མཐུན་པའི་དངོས་པོ་ཉིད་དངོས་པོ་མེད་པ་ཞེས་བྱ་བ་བརྗོད་དོ། །དེ་ལ་ཡང་སྔར་བཤད་པའི་ཉེས་པ་ཐ་དད་པ་ལ་སོགས་པའི་རྣམ་པར་རྟོག་པ་ཡང་རྗེས་སུ་འཇུག་གོ། །ཅི་སྟེ་ཉེས་པ་འདིས་འཇིགས་ནས་མ་ཡིན་པར་དགག་པའི་བདག་ཉིད་ཀྱི་འཇིག་པ་དངོས་
པོ་མེད་པའི་རྒྱུ་དག་གིས་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མེད་པར་དགག་པའི་བདག་ཉིད་དོ་ཞེས་ཁས་ལེན་པར་བྱེད་ན། དེ་ལ་ཡང་ཁྱེད་ཅག་གིས་འཇིག་པའི་རྒྱུ་ཅུང་ཟད་མི་བྱེད་པ་ཉིད་གསལ་རབ་པ་ཉིད་དུ་བསྟན་ཏོ་ཞེས་བསྟན་པའི་ཕྱིར། འོན་ཏེ་དངོས་པོ་མི་བྱེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ།
Vol. 191 · folio 228b
འདི་ལྟར་མེད་པར་དགག་པ་ཡིན་ན་དགག་པ་བྱེད་པ་དང་འབྲེལ་པའི་ཕྱིར་མེད་པ་བྱེད་པ་ནི་དངོས་པོ་མི་བྱེད་དོ་ཞེས་བྱ་བ་བཀག་པའི་ཕྱིར་འཇིག་པའི་རྒྱུ་བྱེད་པ་པོ་ཉིད་མ་ཡིན་པར་བསྟན་པར་འགྱུར་རོ། །གང་ཡང་བྱེད་པ་པོ་མ་ཡིན་པ་དེ་ཇི་ལྟར་རྒྱུར་འགྱུར། དེའི་ཕྱིར་འཇིག་པའི་རྒྱུ་འགའ་ཡང་མེད་དོ། །འདི་རྣ་
མ་བུག་པས་སྨྲས་པའི་འཇིག་པ་རྒྱུ་དང་ལྡན་པ་ཉིད་དུ་སྒྲུབ་པ་ལ་ཚད་མ་དག་བསྟན་པར་འདོད་ན། དངོས་པོ་ཡོད་པའི་དུས་དག་ཏུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་དངོས་པོ་ཡོད་པའི་དུས་སུ་འཇིག་པ་ནི་མ་ཡིན་ཏེ། སྐད་ཅིག་ཙམ་ཡང་གནས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །
སྐྱེས་པ་ལས་སྔར་ཡང་མ་ཡིན་ཏེ། མ་སྐྱེས་པ་འཇིག་པར་མི་རིགས་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ལ་སོགས་པ་མ་སྐྱེས་པ་ཉིད་འཇིག་པ་ནི་མ་ཡིན་ནོ། །ཕྱིས་ཡུན་རིང་པོ་ནས་ཀྱང་མ་ཡིན་ཏེ། སྐད་ཅིག་མ་གསུམ་པ་ལ་སོགས་པ་རྣམས་སུ་ཞིག་པ་ནི་ཡང་འཇིག་པར་མི་རུང་བའི་ཕྱིར་ཏེ། ཐལ་བར་
བྱས་པ་ལས་འབར་བ་བཞིན་ནོ། །འོན་ཀྱང་དངོས་པོའི་དེ་མ་ཐག་ཏུ་སྐད་ཅིག་གཉིས་པ་ལ་འཇིག་པ་ཡིན་ནོ། །དེ་ལྟར་ན་མྱུ་གུ་ལ་སོགས་པ་བཞིན་དུ་དུས་ངེས་པའི་ཕྱིར་འཇིག་པ་རྒྱུ་དང་ལྡན་པ་ཞེས་བྱ་བ་གྲུབ་པོ། །དུས་ངེས་པ་ཞེས་བྱ་བ་ནི་རེས་འགའ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཡིས་ཁྱབ་
པ་བསྒྲུབ་པའི་ཕྱིར། །ལྟོས་པ་མེད་པར་གྱུར་པ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྟོས་པ་མེད་པ་ནི་རེས་འགའ་བ་ཉིད་དུ་རིགས་པ་མ་ཡིན་ཏེ། རྟག་ཏུ་ཡོད་པ་ལ་སོགས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་རེས་འགའ་བ་ཉིད་ཡིན་པའི་ཕྱིར་འདི་ནི་རྒྱུ་དང་བཅས་པ་ཉིད་དུ་གྲུབ་པོ། །འདི་
ལས་ཀྱང་འགྲུབ་པོ་ཞེས་བསྟན་པའི་ཕྱིར། དངོས་པོའི་དེ་མ་ཐག་བྱུང་ཕྱིར། །ཞེས་བྱ་བ་ལ་སོགས་པའོ། །དེའི་ཕྱིར་དེ་ལྟར་གཏན་ཚིགས་གསུམ་པོ་འདི་དག་སྨྲས་ཏེ། འཇིག་པ་རྒྱུ་དང་བཅས་པ་ཡིན་ཏེ། རེས་འགའ་བ་ཡིན་པའི་ཕྱིར་དང་། དངོས་པོ་སྐྱེ་བའི་དེ་མ་ཐག་ཏུ་འབྱུང་བ་ཉིད་དུ་སངས་རྒྱས་
པས་ཀྱང་ཁས་བླངས་པའི་ཕྱིར་དང་། མ་བྱུང་བའི་བདག་ཉིད་ཐོབ་པའི་ཕྱིར་སྐད་ཅིག་གཞན་བཞིན་ནོ། །ཆོས་མི་མཐུན་པས་ནི་རི་བོང་གི་རྭ་ལ་སོགས་པའོ། །འདིར་གསལ་བྱེད་པས་སྨྲས་པའི་རིགས་པ་ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འདི་སྐད་དུ་སྨྲས་ཏེ་འཇིག་པ་ལ་རྒྱུ་མེད་དོ་ཞེས་
Vol. 191 · folio 229a
སྨྲ་བ་ལ་བརྒལ་ཞིང་བརྟག་པར་བྱ་སྟེ། ཅི་རྒྱུ་མེད་པའི་ཕྱིར་ནམ་མཁའི་ཨུཏྤ་ལ་ལ་སོགས་པ་བཞིན་དུ་འཇིག་པ་མེད་པ་ཡིན་ནམ། འོན་ཏེ་རྒྱུ་མེད་པའི་ཕྱིར་ནམ་མཁའ་ལ་སོགས་པ་བཞིན་དུ་རྟག་པ་ཉིད་གཅིག་ཡིན། ཁྱེད་ཀྱི་ཕྱོགས་ལ་རྒྱུ་མེད་པ་གཉིས་དམིགས་ཏེ། རྟག་
པ་དང་མེད་པའོ། །འདི་ལྟར་ཡོད་པ་དང་མེད་པ་ལས་མ་གཏོགས་པའི་རྣམ་པ་གཞན་མེད་དོ། །དེ་ལ་གལ་ཏེ་རྒྱུ་མེད་པའི་ཕྱིར་འཇིག་པ་མེད་པ་ཡིན་ན། དེའི་ཚེ་དངོས་པོ་ཐམས་ཅད་རྟག་པ་ཉིད་དུ་ཐལ་བར་འགྱུར་ཏེ། འཇིག་པ་མེད་པའི་ཕྱིར་རོ། །གཞན་ཡང་འདུས་བྱས་ཐམས་ཅད་
འཇིག་པ་ཡིན་ནོ་ཞེས་བྱ་བའི་ངེས་པ་འདི་རྒྱུ་མཚན་མེད་པ་ཅན་དུ་འགྱུར་ཏེ། མེད་པ་ལ་འོང་བ་དང་འགྲོ་བ་ཞེས་བྱ་བར་འགྱུར་བ་མ་ཡིན་ནོ། །ཅི་སྟེ་རྟག་པ་ཡིན་ན་དེའི་ཚེ་དངོས་པོ་འཇིག་པ་དང་ལྷན་ཅིག་གནས་པར་འགྱུར་ཏེ། ཐམས་ཅད་དུ་གནས་པའི་ཕྱིར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། དངོས་པོ་
དང་དངོས་པོ་མེད་པ་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །འོན་ཏེ་ཡང་ལྷན་ཅིག་གནས་པར་མི་འདོད་ན་དེའི་ཚེ་འབྲས་བུ་སྐྱེ་བར་མི་འགྱུར་ཏེ། དེའི་སྒྲར་གྱུར་པ་འཇིག་པ་རྟག་ཏུ་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ཡིན་དང་མ་སྐྱེས་པ་འཇིག་པར་ཡང་མི་རིགས་ཏེ་འཇིག་རྟེན་ན་
རི་བོང་གི་རྭ་ལ་སོགས་པ་མ་སྐྱེས་པ་འཇིག་པར་འགྱུར་རོ་ཞེས་གྲགས་པ་ནི་མེད་དོ། །དེས་ན་མ་སྐྱེས་པ་འཇིག་གོ་ཞེས་བྱ་བའི་ཚིག་རིག་པ་དང་ལྡན་པ་མ་ཡིན་ནོ། །དེའི་ཕྱིར་འདི་ལ་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་ཀྱི་ལན་འདེབས་པ་ཡིན་ཏེ། འཇིག་པ་ནི་རྣམ་པ་གཉིས་ཏེ། སྒྲུབ་པ་དང་།
དགག་པའི་མཚན་ཉིད་དོ། །འདི་ལྟར་སྐད་ཅིག་མར་གནས་པའི་ཆོས་རྣམས་ཀྱི་ངོ་བོའི་རང་བཞིན་ཉིད་ཀྱི་གཡོ་བ་ནི་འཇིག་པ་ཡིན་པའི་ཕྱིར་འཇིག་པར་བརྗོད་པ་འམ། ཡང་ན་དངོས་པོའི་རང་བཞིན་བཀག་པའི་མཚན་ཉིད་ཞིག་པའི་མིང་ཅན་གཞན་གྱིས་འཇིག་པ་ལ་འཇིག་པ་ཞེས་བྱ་བ་ལ། དེ་འཇིག་པ་སྔ་
མ་ལ་གལ་ཏེ་ཇི་སྐད་བཤད་པའི་གཏན་ཚིགས་དག་གིས་རྒྱུ་དང་ལྡན་པ་ཉིད་དུ་སྒྲུབ་པའི་བརྒལ་ཞིང་བརྟག་པ་འདི་བྱེད་ན་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་ཉིད་དོ། །གྲུབ་པ་ལ་སྒྲུབ་པ་དེ་ཉིད་དངོས་གང་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་ཁྱེད་ལ་འཇིག་པ་རྒྱུ་མེད་པར་གྲགས་ཤེ་ན། གཞན་
Vol. 191 · folio 229b
མེད་ཕྱིར་ན་རྒྱུ་མེད་ཅན། །ཞེས་བྱ་བ་སྨོས་ཏེ། གཞན་མེད་པ་པོ་ལས་ཐ་དད་པ་དུས་ཕྱིས་ཀྱི་ཐོ་བ་ལ་སོགས་པ་འཇིག་པར་བྱེད་པ་མེད་པའི་ཕྱིར། རྒྱུ་མེད་ཅན་དུ་འདོད་ཅེས་སྐབས་དང་སྦྱར་རོ། །དེ་ལྟ་བུར་གྱུར་པའི་འཇིག་པའི་ཆོས་ཅན་འདི་ཡང་རེས་འགའ་བ་ཡིན་པའི་ཕྱིར་དང་། སྔར་མ་བྱུང་བའི་བདག་ཉིད་
ཐོབ་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་གཉིས་གྲུབ་པོ། དངོས་པོའི་དེ་མ་ཐག་ཏུ་བྱུང་བ་ཡང་གལ་ཏེ་སྤྱིར་བརྗོད་པར་འདོད་པ་ཡིན་ན་དེའི་ཚེ་གྲུབ་པ་ཉིད་ཡིན་ཏེ། དངོས་པོ་འདི་རྒྱུར་གྱུར་པའི་དངོས་པོའི་དེ་མ་ཐག་ཏུ་གྲུབ་པའི་ཕྱིར་རོ། །ཅི་སྟེ་འདི་འཇིག་པའི་བདག་ཉིད་དུ་གྱུར་པའི་དངོས་པོའི་དེ་མ་ཐག་ཏུ་འབྱུང་བ་
ཉིད་འདི་བརྗོད་པར་འདོད་པ་ཡིན་ན་དེའི་ཚེ་གཏན་ཚིགས་མ་གྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། དངོས་པོའི་དེ་མ་ཐག་བྱུང་ཉིད། །ཅེས་བྱ་བ་ལ་སོགས་པའོ། །དེ་འདྲ་ཞེས་བྱ་བ་ནི་དངོས་པོ་གཡོ་བའི་རང་བཞིན་ལས་ཐ་མི་དད་པའོ། །གང་གིས་འདི་དེ་མ་ཐག་ཏུ་འབྱུང་བར་འགྱུར་བ་ཆ་ཤས་མེད་པའི་དངོས་པོ་
ལ་ནི་ཆ་ཤས་ཡོད་པ་མ་ཡིན་ཏེ། དེའི་རང་བཞིན་བཞིན་དུ་དེ་ལས་ཐ་མི་དད་པའི་འཇིག་པ་དེ་གྲུབ་ན་གྲུབ་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་དེའི་རང་བཞིན་ཉིད་དུ་མི་འགྱུར་རོ་ཞེས་བསྟན་ཏོ། །གང་ཡང་འདུས་བྱས་ཐམས་ཅད་འཇིག་པའི་ངེས་པ་ཡང་རྒྱུ་མཚན་མེད་པ་ཅན་ཞེས་སྨྲས་པ་དེ་ཡང་དེ་ཉིད་ཀྱི་ཕྱིར་སྤངས་
པ་ཡིན་ནོ་ཞེས་བསྟན་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །དངོས་པོ་སྐད་ཅིག་མར་གནས་པའི་ཆོས་དེ་ལྟར་ངེས་པར་བྱས་པའི་ལུས་ཅན་རྣམས་ནི་བློ་དེའི་རྒྱུ་མཚན་ཡིན་པའི་ཕྱིར་རྒྱུ་མཚན་མེད་པ་ཉིད་ཐལ་བར་མི་འགྱུར་རོ། །འོན་ཏེ་ཞིག་པའི་མཚན་ཉིད་ཀྱི་འཇིག་པའི་ཆོས་ཅན་མངོན་པར་འདོད་པ་དེའི་ཚེ་གཏན་
ཚིགས་གསུམ་ཆར་ཡང་མ་གྲུབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཞིག་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པའོ། །དེ་མ་ཐག་ཏུ་བྱུང་བ་ཉིད་ལ་སོགས་པའི་ཆོས་ནི་དངོས་པོ་ཁོ་ན་ལ་རྟེན་གྱི་རི་བོང་གི་རྭ་ལ་སོགས་པ་དངོས་པོ་མེད་པ་ལ་ནི་མ་ཡིན་ནོ། །ཞིག་པ་ཡང་བདག་མེད་པ་སྟེ། རང་བཞིན་མེད་པ་དེ་ཇི་ལྟར་འདི་
དེ་མ་ཐག་ཏུ་བྱུང་བ་ལ་སོགས་པ་སྲིད་པར་འགྱུར། མ་བྱུང་དངོས་པོ་ལྡན་པའང་མེད། །ཅེས་བྱ་བ་ལ་འང་གི་སྒྲས་རེས་འགའ་བ་ཉིད་གཟུང་ངོ་། །གལ་ཏེ་དེ་ལྟ་ན་ཞིག་པ་ལ་དེ་མ་ཐག་ཏུ་བྱུང་བ་ཉིད་མེད་པ་དེའི་ཚེ་ཇི་ལྟར་དངོས་པོ་ཞིག་པར་འགྱུར་རོ་ཞེས་བརྗོད་པ་གང་ཞིག་མི་འགྱུར་བ་དེ་འགྱུར་རོ་ཞེས་བྱ་བར་དོགས་པ་
Vol. 191 · folio 230a
ལ། ཞིག་གྱུར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞིག་པ་གྲུབ་པ་ཉིད་དུ་སྟོན་པ་ཡིན་མོད་ཀྱི། འོན་ཀྱང་དངོས་པོ་བཀག་པ་ཉིད་སྟོན་པར་བྱེད་ཀྱི། དོན་དམ་པར་དངོས་པོའི་རང་བཞིན་འགའ་ཞིག་སྒྲུབ་པ་ནི་མ་ཡིན་ནོ། །འོན་ཏེ་ནག་པའི་བུར་འགྱུར་རོ། །ཞེས་བྱ་བ་ལ་སོགས་
པ་ལྟ་བུར་འགྱུར་བའི་སྒྲ་སྦྱོར་བའི་ཕྱིར་དེ་ལ་ཡང་དངོས་པོ་ཉིད་སྒྲུབ་པར་བྱེད་པ་མ་ཡིན་ནམ་ཞེ་ན། མི་འགའ་ཞིག་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་རྣམས་ལ་སྒྲ་སྦྱོར་བ་ཙམ་གྱི་རྗེས་སུ་བྱེད་པའི་ཡོད་པ་དང་མེད་པ་དག་ནི་ཡོད་པ་མ་ཡིན་ཏེ། དེ་ནི་འདོད་པ་ཙམ་དང་འབྲེལ་པས་འཇུག་པའི་ཕྱིར་
རོ། །དེ་ལྟ་མ་ཡིན་ན་སྐྱེས་བུ་འགའ་ཞིག་ལ་འགའ་ཞིག་གི་འདོད་པའི་དབང་གིས་བོང་བུ་ཞེས་བྱ་བའི་མིང་སྦྱོར་བར་བྱེད་པ་ན། དེ་ལ་བོང་བུའི་ཆོས་ཐམས་ཅད་ཡོད་པར་ཐལ་བར་འགྱུར་རོ། །བཱ་ལེ་ཀཱ་དང་རཱ་ས་བྷའི་སྒྲ་དག་ནི་བོང་བུའི་རྣམ་གྲངས་དག་གོ། །གདོན་མི་ཟ་བར་འདི་ལྟར་ཤེས་པར་བྱ་སྟེ།
དངོས་པོའི་རང་བཞིན་བཀག་པ་ཉིད་ཡིན་གྱི་སྒྲུབ་པ་ནི་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞིག་པ་ཞེས་བྱ་བ་དངོས་པོ་གཞན་སྒྲུབ་ན་དངོས་པོ་ལ་ཅུང་ཟད་ཀྱང་སྐྱེ་བ་མེད་པའི་ཕྱིར། དངོས་པོ་དེའི་ཕྱིར་ལྡོག་པར་འགྱུར། གང་ཡང་མེད་པ་ཡིན་ན་འཇིག་མེད་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨྲས་པ་
དེ་ལ། དངོས་པོའི་ངོ་བོ་དང་བྲལ་བས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་དང་བྲལ་བའི་ངོ་བོ་ཡིན་པའི་ཕྱིར་རོ། །དངོས་པོའི་རང་བཞིན་དུ་ཡོད་པའི་རང་གི་ངོ་བོ་ལོག་པའི་ཕྱིར་ནི་མེད་པ་ཙམ་སྟེ། དེ་ལྟར་ན་དངོས་པོ་ཐམས་ཅད་རྟག་པ་ཉིད་དུ་འགྱུར་རོ། །
གལ་ཏེ་འདི་དག་གི་རང་བཞིན་བཀག་པའི་མཚན་ཉིད་ཀྱི་འཇིག་པ་མེད་པར་གྱུར་ན། དེའི་ཕྱིར་འདི་དག་རྟག་པར་འགྱུར་ན། ཇི་སྲིད་དུ་རང་བཞིན་བཀག་པའི་མཚན་ཉིད་ཀྱི་འཇིག་པ་རང་ཉིད་མེད་པའི་ངོ་བོ་ཡོད་པ་ཉིད་ཡིན་ནོ་ཞེས་བྱ་བ་ཡིན་ན། ཇི་ལྟར་རྟག་པར་འགྱུར། འདུས་བྱས་ཐམས་ཅད་འཇིག་
པར་ངེས་པ་ཉིད་ཀྱིས་རྒྱུ་མཚན་ཡང་བརྗོད་པ་ཁོ་ནའོ། །གང་ཡང་རྟག་པ་ཉིད་ན་འཇིག་པ་དང་ལྷན་ཅིག་གནས་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། འདི་ལ་རྟག་པའི་ངོ་བོ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྡོག་པར་འགྱུར་རོ་ཞེས་བྱ་བའི་ཚིག་འདིས་ཀྱང་ཞིག་པ་འདི་ལ་སྒྲུབ་པའི་ངོ་བོ་ལྡོག་པའི་
Vol. 191 · folio 230b
ངོ་བོ་བརྗོད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་འདི་ལ་སྒྲུབ་པའི་ངོ་བོ་ཅུང་ཟད་ཀྱང་ཡོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དངོས་པོའི་རང་གི་ངོ་བོ་སྐད་ཅིག་ལས་ཕྱིས་རང་བཞིན་འཇུག་པ་བཀག་པ་ཡིན་ནོ། །དེ་ལྟ་བས་ན་འདི་ནི་གཅིག་པུ་དངོས་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྟག་པའི་རྣམ་པར་རྟོག་པའི་གནས་མ་ཡིན་པ་
ཉིད་དོ། །རང་བཞིན་མེད་པ་ཉིད་ཀྱིས་རྟག་ཏུ་གནས་པའི་ངོ་བོར་མི་རུང་བའི་ཕྱིར་ཏེ། རྟག་པ་དང་མི་རྟག་པའི་ཆོས་དག་ནི་རང་བཞིན་ལ་རབ་ཏུ་འབྲེལ་པ་ཉིད་ཡིན་པའི་ཕྱིར་རོ། །གང་ཡང་ཁྱེད་ཅག་གི་རྒྱུ་མེད་པ་ནི་རྣམ་པ་གཉིས་ཏེ། རྟག་པ་དང་མེད་པའོ་ཞེས་སྨྲ་བ་ནི་གཞན་གྱི་གྲུབ་པའི་མཐའ་
མི་ཤེས་པ་ཉིད་ཡིན་ཏེ། འདི་ལྟར་རིགས་པ་སྨྲ་བ་སངས་རྒྱས་པ་རྣམས་ཀྱི་རྒྱུ་མེད་པ་ནི་མེད་པ་ཁོ་ན་ཡིན་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཆོས་ལ་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་པའི་བྱང་ཆུབ་སེམས་དཔའ་དེས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་མ་གཏོགས་
པའི་ཆོས་གང་ཡིན་པ་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་གསུངས་པ་ལྟ་བུའོ། །བྱེ་བྲག་ཏུ་སྨྲ་བ་གང་དག་ནམ་མཁའ་ལ་སོགས་པ་དངོས་པོ་ཡོད་པ་ཉིད་དུ་རྟོག་པར་བྱེད་པ་དེ་དག་ནི་ཁྱེད་ཅག་གི་ཕྱོགས་སུ་བླན་པར་བྱ་བ་མ་ཡིན་ཏེ། ཤཱཀྱའི་སྲས་མ་ཡིན་པའི་ཕྱིར་དེ་དག་གི་ལུགས་
ཀྱི་དངོས་པོ་ནི་བཟང་པོ་མ་ཡིན་ཏེ། དེ་ལྟར་འཇིག་པའི་རྒྱུ་ཐམས་ཅད་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །འདི་ལས་ཀྱང་འཇིག་པའི་རྒྱུ་རྣམས་ཅུང་ཟད་ཀྱང་མི་བྱེད་པར་བརྗོད་པར་བྱ་སྟེ། འདི་ལྟར་དངོས་པོ་རང་གི་རྒྱུ་ལས་སྐྱེ་བཞིན་པ་ན་རང་བཞིན་གྱིས་རང་ཉིད་འཇིག་པའི་བདག་ཉིད་དུ་
སྐྱེ་བར་འགྱུར་རམ། མི་འཇིག་པའི་བདག་ཉིད་དུ་སྐྱེ་བར་འགྱུར་གྲང་། གལ་ཏེ་འཇིག་ན་དེ་ལ་འཇིག་པའི་རྒྱུས་ཅུང་ཟད་ཀྱང་བྱས་པ་མེད་དེ། རང་ཉིད་དེའི་རང་བཞིན་ཡིན་པ་ཉིད་ཀྱིས་འཇིག་པའི་ཕྱིར་རོ། །གང་ཞིག་གང་གི་རང་བཞིན་ཡིན་པ་དེ་ནི་རང་གི་རྒྱུ་ལས་སྐྱེ་བ་ནི་དེ་འདྲ་བར་འགྱུར་གྱི། ཡང་དེའི་
དངོས་པོའི་རྒྱུ་གཞན་ལ་ལྟོས་པ་ནི་མ་ཡིན་ཏེ། དཔེར་ན་སྣང་བ་དང་། ཞུ་བ་དང་། དྲོ་བ་དང་། སྲ་བ་ལ་སོགས་པ་དེའི་བདག་ཉིད་དུ་སྐྱེས་པ་སླར་ཡང་སྣང་བ་ལ་སོགས་པ་ཉིད་དུ་སྐྱེ་བ་རྒྱུ་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །འདི་སྙམ་དུ་དཔེར་ན་ས་བོན་ལ་སོགས་པ་མྱུ་གུ་ལ་སོགས་པ་སྐྱེད་པར་བྱེད་པའི་རང་
Vol. 191 · folio 231a
བཞིན་ཡིན་ན་ཡང་འབའ་ཞིག་པ་ནི་སྐྱེད་པར་མི་བྱེད་དེ། ཆུ་ལ་སོགས་རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ། །དེ་བཞིན་དུ་དངོས་པོ་འཇིག་པའི་རང་བཞིན་ཡིན་ན་ཡང་འཇིག་པ་རྒྱུ་གཞན་ལ་ལྟོས་པར་འགྱུར་རོ་སྙམ་དུ་སེམས་པ་ན། འདི་ནི་ཡང་དག་པ་མ་ཡིན་ཏེ། མཐའི་གནས་སྐབས་
ཐོབ་པ་ཉིད་སྐྱེད་པར་བྱེད་པའི་རང་བཞིན་དུ་ཁས་བླངས་པའི་ཕྱིར། གཞན་ནི་མ་ཡིན་ནོ། །དེས་ན་གང་འདི་དེའི་རང་བཞིན་ཡིན་པ་དེ་ནི་སྐྱེད་པར་བྱེད་པ་ཁོ་ན་ཡིན་གྱི་འདི་གཞན་ལ་ལྟོས་པ་ནི་མ་ཡིན་ནོ། །གང་སྦྱང་ལ་སོགས་པ་ལ་གནས་པ་སྐྱེད་པར་བྱེད་པ་མ་ཡིན་ན་དེ་ནི་དེའི་རང་བཞིན་མ་ཡིན་ཏེ། རྒྱུའི་
རྒྱུ་ཡིན་པའི་ཕྱིར་དེ་ལ་ཡང་རྒྱུ་ཞེས་ཐ་སྙད་དུ་བྱས་ཀྱི་དངོས་སུ་ནི་མ་ཡིན་པའི་ཕྱིར་འཁྲུལ་པ་མེད་དོ། །ཅི་སྟེ་མི་འཇིག་པའི་བདག་ཉིད་ཅེས་བྱ་བའི་ཕྱོགས་ཡིན་ན། དེའི་ཚེ་ཡང་འཇིག་པའི་རྒྱུས་ཅུང་ཟད་ཀྱང་མི་བྱེད་པ་ཁོ་ན་སྟེ། དེ་ནི་སུས་ཀྱང་རང་བཞིན་གཞན་དུ་བྱ་བར་མི་ནུས་པའི་ཕྱིར་རོ། །འདི་
ལྟར་གལ་ཏེ་དངོས་པོ་དེ་སྐྱེས་མ་ཐག་ཏུ་འཇིག་པར་མི་འགྱུར་ན། དེའི་ཚེ་ཕྱིས་ཀྱང་དེའི་གནས་སྐབས་གནས་པའི་ཆོས་ཀྱི་རང་བཞིན་དེ་ཉིད་ཡིན་པའི་ཕྱིར། གང་གིས་འཇིག་པར་འགྱུར་བ་དེ་ལ་འཇིག་པའི་རྒྱུས་ཅི་ཞིག་བྱ། ཡང་ཅིའི་སྟེ་ཇི་ལྟར་ཟངས་ལ་སོགས་པ་སྲ་བའི་ངོ་བོ་ཉིད་ཡིན་ན་ཡང་
མེ་ལ་སོགས་པ་དང་ཕྲད་པ་ལས་རྣམ་པ་གཞན་དུ་འགྱུར་ཏེ། དེ་བཞིན་དུ་དངོས་པོ་ཡང་མི་འཇིག་པའི་རང་བཞིན་ཡིན་ན་ཡང་འཇིག་པའི་རྒྱུས་རྣམ་པ་གཞན་ཉིད་དུ་བྱེད་དེ། དེས་ན་འཇིག་པའི་རྒྱུ་ཐོབ་ནས་འཇིག་པར་བྱེད་དོ་སྙམ་པ་དེ་འདི་ནི་ཡང་དག་པ་མ་ཡིན་ཏེ། དེ་ཉིད་གཞན་དུ་གྱུར་པ་ནི་མ་ཡིན་ཏེ། རྣམ་
པ་གཞན་ཉིད་ནི་རང་བཞིན་གཞན་སྐྱེ་བའི་མཚན་ཉིད་ཡིན་པའི་ཕྱིར་རོ། །འདི་ལྟར་རྣམ་པ་གཞན་ཉིད་ཅེས་བྱ་བ་གང་ཡིན་པ་དེ་ཅི་དངོས་པོ་ལས་དོན་གཞན་ཡིན་ནམ། འོན་ཏེ་དངོས་པོ་ཉིད་ཡིན། རེ་ཞིག་དངོས་པོ་ཉིད་ནི་མ་ཡིན་ཏེ། དེ་ནི་རང་གི་རྒྱུ་ཁོ་ན་ལས་སྔར་གྲུབ་ཟིན་པའི་ཕྱིར་རོ། །ཅི་སྟེ་དོན་
གཞན་ཡིན་པ་དེ་ལྟ་ན་དངོས་པོ་མི་འཕོ་བའི་ཆོས་ཅན་དེ་ཁོ་ན་བཞིན་དུ་གནས་པ་ཡིན་པའི་ཕྱིར་དེ་ལ་རྣམ་པ་གཞན་དུ་འགྱུར་བ་མེད་དོ། །ཟངས་མ་ལ་སོགས་པའི་དཔེ་ཡང་མ་གྲུབ་པ་ཉིད་དེ། འདི་ལྟར་ཟངས་མ་ལ་སོགས་པའི་སྔར་གྱི་སྐད་ཅིག་སྲ་བ་ལ་སོགས་པ་རང་གི་ངང་གིས་འགག་པའི་ཕྱིར་འཇིག་པ་
Vol. 191 · folio 231b
ན་རང་གི་ཉེ་བར་ལེན་པ་དང་། མེ་ལ་སོགས་པའི་ལྷན་ཅིག་སྤྱོད་པ་ལས་ཚོགས་པ་གཞན་ཞུ་བར་བརྗོད་པའི་རང་བཞིན་གཞན་ཉིད་སྐྱེ་བ་ཁོ་ནའོ། །སླར་ཡང་ཞུ་བ་ལ་སོགས་པའི་རང་བཞིན་རང་གི་ངང་གིས་འགག་པ་ཉིད་ཀྱིས་འཇིག་པ་ན་རང་གི་ཉེ་བར་ལེན་པའི་རྒྱུ་དང་། གྲང་བ་ལ་སོགས་པའི་ལྷན་ཅིག་བྱེད་
པའི་རྒྱུ་གཞན་ལས་སྲ་བར་བརྗོད་པའི་རང་བཞིན་གཞན་ཉིད་སྐྱེ་བའི་ཕྱིར་གཅིག་ལ་གཞན་དུ་འགྱུར་བ་ཉིད་ཡོད་པ་མ་ཡིན་ནོ། །དེ་ལྟ་བས་ན་རྣམ་པ་ཐམས་ཅད་དུ་འདི་ལ་འཇིག་པའི་རྒྱུས་ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །འགལ་བ་ཡང་མ་ཡིན་ཏེ་མཐུན་པའི་ཕྱོགས་ལ་ཡོད་པའི་
ཕྱིར་རོ། །མ་ངེས་པ་ཡང་མ་ཡིན་ཏེ། སྔར་བསྒྲུབས་ཟིན་པའི་ཕྱིར་རོ། །འདི་སྙམ་དུ་དཔེར་ན་ནམ་མཁའ་ལུས་ཅན་ཉིད་དུ་གཞན་ལ་ལྟོས་པ་མེད་པ་དེ་ལྟ་ཡིན་ན་ངེས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་དངོས་པོ་བྱས་པ་ཡིན་ན་འགའ་ཞིག་ཀྱང་འཇིག་པར་ངེས་པར་མི་འགྱུར་རོ་སྙམ་དུ་སེམས་ན་དེ་འདི་ནི་ཡང་
དག་པ་མ་ཡིན་ཏེ། གཞན་གྱིས་མི་རྟག་པར་མི་འདོད་པ་གང་ཡིན་པའི་བྱས་པ་དེ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་དང་ལྡན་པ་ཐམས་ཅད་མི་རྟག་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །དེ་དག་ཉིད་འདིར་ཕྱོགས་སུ་བྱས་ཀྱི་གཞན་ནི་མ་ཡིན་པས་མ་ངེས་པ་ཉིད་དུ་ག་ལས་འགྱུར། གང་དག་བྱས་པ་ཉིད་
ཡིན་ན་ཡང་མི་འཇིག་པ་ཉིད་ཀྱིས་རྟག་པ་ཉིད་དུ་འགྱུར་རོ་སྙམ་དུ་བསམ་པ། དེ་དག་དོན་དམ་པར་མ་བྱས་པའི་ཕུང་པོར་འདུས་པ་ཉིད་ཀྱིས་དེ་བཀག་པར་ཤེས་པར་བྱ་བ་ཡིན་པས་སྐྱོན་མེད་དོ། །ནམ་མཁའ་ལ་སོགས་པ་ལུས་ཅན་ཉིད་ལ་སོགས་པའི་ཆོས་ལ་ལྟོས་པ་མེད་པ་ཉིད་མ་གྲུབ་སྟེ། གང་ལ་ཆོས་གང་
མེད་པ་དེ་ནི་དེ་ལ་ལྟོས་པ་དང་བཅས་པ་ཁོ་ནའོ། །དངོས་པོ་རྣམས་ཀྱི་ཐོབ་པའི་ཆོས་ལ་འགའ་ཞིག་ལྟོས་པ་མེད་པ་ཉིད་དུ་རྣམ་པར་འཇོག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མ་ཐོབ་པ་ཉིད་ལ་ཡིན་པའི་ཕྱིར་དཔེ་མ་གྲུབ་པོ། །ད་ནི་མ་བྱས་པའི་ཕུང་པོའི་དབང་དུ་བྱས་ནས། གང་དག་ནམ་མཁའ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། གལ་ཏེ་ནམ་མཁའ་ལ་སོགས་པ་དངོས་པོ་ཡིན་པར་གྲུབ་པར་གྱུར་ན་དེའི་ཚེ་དེ་དག་ལ་སྐད་ཅིག་མ་ཉིད་ལ་སོགས་པའི་ཆོས་ཀྱི་བསམ་པ་འཇུག་པར་འགྱུར་ན། ཆོས་རྣམས་རང་དབང་དུ་བྱས་གྲུབ་པ་ཡོད་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་དག་གི་ཆོས་ཉིད་ཉམས་པར་འགྱུར་རོ། །ནམ་
Vol. 191 · folio 232a
མཁའ་ལ་སོགས་པ་མ་བྱས་པའི་ཆོས་ཅན་དུ་གྲུབ་པ་ཡང་མ་ཡིན་ཏེ། དེ་དག་ནི་ནུས་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་མོ་གཤམ་གྱི་བུ་བཞིན་དུ་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་པའི་ཕྱིར་རོ། །སྦྱོར་བ་ནི་གང་ནུས་པ་ཐམས་ཅད་ཀྱིས་སྟོང་པ་དེ་ནི་དངོས་པོ་མེད་པ་ཡིན་ཏེ་མོ་གཤམ་
གྱི་བུ་བཞིན་ནོ། །ནམ་མཁའ་ལ་སོགས་པ་ཡང་ནུས་པ་ཐམས་ཅད་ཀྱིས་སྟོང་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སམ། དངོས་སུ་ཁྱབ་པར་བྱེད་པ་མི་དམིགས་པ་ཡིན་ནོ། །གཏན་ཚིགས་མ་ངེས་པ་ཡང་མ་ཡིན་ཏེ། མེད་པའི་ཐ་སྙད་ནི་དེ་ཙམ་གྱི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་རོ། །མ་
གྲུབ་པ་ཡང་མ་ཡིན་ནོ་ཞེས་ཕྱིས་བསྟན་པར་བྱའོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །ཡང་ཅིའི་ཕྱིར་དངོས་པོ་མེད་པ་ལ་སྐད་ཅིག་དང་སྐད་ཅིག་མ་མ་ཡིན་པའི་རྣམ་པར་རྟོག་པ་མི་འཇུག་ཅེ་ན། སྐད་ཅིག་མར་གནས་ངོ་བོ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ། །
གསལ་བྱེད་པས་སྨྲས་པ། སྐད་ཅིག་མ་ཞེས་བྱ་བ་ལྡན་པའི་དོན་མི་འཐད་དེ། འདི་ལྟར་གལ་ཏེ་ངེས་པའི་ཚིག་གི་ཚུལ་གྱིས་ནི་ཟད་པ་ནི་སྐད་ཅིག་གོ། །དེ་འདི་ལ་ཡོད་པས་ན་སྐད་ཅིག་མའོ་ཞེས་སྒྲུབ་ན། དེ་རིགས་པ་མ་ཡིན་ཏེ་དུས་ཐ་དད་པའི་ཕྱིར་རོ། །གང་གི་ཚེ་ཟད་པ་དེའི་ཚེ་ཟད་པ་ཅན་མེད་པའི་ཕྱིར་
དུས་ཐ་དད་པ་དག་ལ་ནི་ལྡན་པའི་དོན་མ་མཐོང་ངོ་། །ཡང་ཅི་སྟེ་དངོས་པོ་ཉིད་དེ་མ་ཐག་ཏུ་འཇིག་པས་ཁྱད་པར་དུ་བྱས་པ་ལ་སྐད་ཅིག་ཅེས་བརྗོད་པ་དེ་ལྟ་ན་ཡང་དེ་དེ་ཉིད་ཀྱིས་དེ་དང་ལྡན་པར་མི་འགྱུར་བའི་ཕྱིར་ལྡན་པའི་དོན་མི་རིགས་སོ། །འོན་ཏེ་སྐད་ཅིག་ཏུ་གནས་པའི་དུས་ནི་སྐད་ཅིག་མ་སྟེ། ཐམས་
ཅད་ཀྱི་མཐའི་དུས་ནི་སྐད་ཅིག་གོ། །དེ་གང་ལ་གནས་པ་དེ་དག་ནི་སྐད་ཅིག་མ་ཡིན་ན་འདི་ཡང་མི་རིགས་ཏེ་མིང་ཙམ་དུ་དུས་ཁས་བླངས་པའི་ཕྱིར་རོ། །མིང་ཙམ་དངོས་པོའི་ཁྱད་པར་ཉིད་དུ་མི་རིགས་སོ་ཞེའོ། །འདིར་སྨྲས་པ། སྐྱེས་མ་ཐག་ཏུ་མི་གནས་པའི། །ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་
སྐྱེས་མ་ཐག་ཏུ་འཇིག་པའི་རང་བཞིན་ནི་སྐད་ཅིག་ཅེས་བྱ་བ་ལ་དེ་གང་ལ་ཡོད་པ་དེ་ནི་སྐད་ཅིག་མ་ཡིན་ནོ། །དེ་སྐད་དུ་ཡང་། བདག་ཐོབ་མ་ཐག་ཏུ་འཇིག་པ་ནི་སྐད་ཅིག་གོ། །དེ་གང་ལ་ཡོད་པ་དེ་ནི་སྐད་ཅིག་མའོ་ཞེས་བཤད་དོ། །འོན་ཏེ་དེ་ལྟ་ན་ཡང་རང་བཞིན་དོན་གཞན་མ་ཡིན་པའི་ཕྱིར་དེ་འདི་ལ་ཡོད་དོ་
Vol. 191 · folio 232b
ཞེས་བྱ་བའི་ཐ་དད་པའི་རྒྱུ་མཚན་ཅན་གྱི་ཤེས་པ་མི་འཐད་པ་མ་ཡིན་ནམ་ཞེ་ན། དོན་ལ་ཐ་དད་མེད་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ནམ་མཁའི་རང་བཞིན་དང་མཆི་གུའི་ལུས་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་ཐ་དད་པ་མེད་ན་ཡང་བློས་ཀུན་དུ་བརྟགས་པའི་ཐ་དད་པ་ལ་བརྟེན་ནས་
ཐ་དད་པའི་རྣམ་པར་དབྱེ་བར་འགྱུར་བ་དེ་བཞིན་དུ་འདི་ལ་ཡང་འགྱུར་རོ། །ཚིག་དངོས་པོའི་རང་བཞིན་གྱི་རྗེས་སུ་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། སྨྲ་བ་པོའི་འདོད་པའི་རྗེས་སུ་བྱེད་པ་ཡིན་ནོ། །གཞན་ཡང་ཇི་ལྟ་བུའི་དོན་ལ་སྨྲ་བ་པོ་རྣམས་ཀྱིས་ཇི་སྙེད་ཅིག་སྦྱར་བའི་སྒྲ་དེ་སྙེད་པ་དེ་ནི་དོན་དེ་ལ་བརྡའི་དབང་
གིས་རྟོགས་པར་བྱེད་ཀྱི། དོན་དམ་པར་རང་བཞིན་ནམ་རྐྱེན་ནི་ཡོད་པ་མ་ཡིན་ནོ། །སྐད་ཅིག་མ་ཞེས་བྱ་བའི་སྒྲ་འདི་ཡང་མཁས་པ་རྣམས་ཀྱིས་སྐྱེས་མ་ཐག་ཏུ་མི་གནས་པའི་དངོས་པོ་ཙམ་ལ་སྦྱར་བ་ཡིན་ནོ། །དེ་ལ་དེ་ལྟ་བུར་གྱུར་པའི་དངོས་པོ་ལ་སྐད་ཅིག་མའི་སྒྲས་བརྗོད་པར་འདོད་པ་ན་རྐྱེན་དང་བཅས་པ་
སྐད་ཅིག་མའི་སྒྲའམ་རྐྱེན་དང་བྲལ་བ་ཡང་སྦྱར་བར་བྱའོ། །ཁོ་བོ་ཅག་ནི་འདོད་པ་ཙམ་གྱི་ངོར་བྱེད་པའི་བརྡ་ཙམ་གྱི་ཚིག་འདི་ལ་ཤིན་ཏུ་གུས་པ་མ་ཡིན་ནོ་ཞེས་སྟོན་པ་ནི། སྐྱེས་མ་ཐག་ཏུ་མི་གནས་པའི། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་བྱ་བ་ལ། སྐད་ཅིག་མ་ཞེས་བྱ་བ་འདིས་སོ། །
རྐྱེན་དང་ལྷན་ཅིག་ལྡན་པའི་དོན་གྱིས་འཇུག་པས་ན་རྐྱེན་བཅས་སོ། །དེ་ལྟར་ནམ་མཁའ་ལ་སོགས་པ་བྱས་པ་ཉིད་དུ་ཁས་བླངས་པ་ན་ངེས་པ་མེད་པའི་ཐ་སྙད་ཀྱི་ཡུལ་ཡིན་ནོ་ཞེས་བསྟན་ནས། ད་ནི་ཡོད་པ་ཉིད་དུ་ཁས་བླངས་པ་ན་འདི་དག་སྐད་ཅིག་མ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་བསྒྲུབ་པའི་ཕྱིར་གལ་
ཏེ་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱས་པ་བཞིན་ཞེས་བྱ་བ་ནི་བྱས་པ་ལྟ་བུའོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་འདི་ཟུར་གྱིས་བསྟན་པ་ཡིན་ནོ། །དེ་ཉིད་གསལ་བར་བྱ་བའི་ཕྱིར་བཤད་པ། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །སྦྱོར་བ་
ནི་གང་ཡོད་པ་དེ་ཐམས་ཅད་ནི་སྐད་ཅིག་མ་ཡིན་ཏེ། དཔེར་ན་དེ་མ་ཐག་ཏུ་བསྒྲུབ་པའི་སྐད་ཅིག་མའི་དངོས་པོ་རྣམས་བཞིན་ནོ། །ཁྱེད་ཅག་གིས་དངོས་པོར་འདོད་པའི་ནམ་མཁའ་ལ་སོགས་པ་ཡང་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་གྲུབ་ཅེས་བྱ་བ་ནི་སྐད་ཅིག་མ་
Vol. 191 · folio 233a
ཉིད་དུའོ། །འདིས་ནི་བསྒྲུབ་བྱ་མ་ཚང་བའི་དཔེ་ཡིན་པར་དོགས་པར་མི་བྱ་བར་བསྒྲུབས་ཟིན་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་དོ། །ཁྱེད་ཀྱིས་ཡོང་བར་འདོད་ཅེས་བྱ་བ་འདིས་ནི་འདི་ཐལ་བར་སྒྲུབ་པ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །དེ་ལྟ་མ་ཡིན་ན་གཏན་ཚིགས་གང་ཡང་རུང་བ་ལ་
མ་གྲུབ་པར་འགྱུར་རོ། །ཡང་ཇི་ལྟར་གཏན་ཚིགས་འདིའི་ཁྱབ་པ་གྲུབ་ཅེ་ན། སྐད་ཅིག་མ་དང་བྲལ་བ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་དོན་བྱེད་ནུས་པའི་མཚན་ཉིད་ཀྱི་ཡོད་པ་གཏན་ཚིགས་ཉིད་དུ་འདོད་ལ། དེ་ཡང་སྐད་ཅིག་མ་ལོག་པ་ན་ལྡོག་སྟེ། འདི་ལྟར་དངོས་པོ་རྣམས་
དོན་བྱ་བ་བྱེད་པ་ན་རིམ་གྱིས་བྱེད་དམ། ཅིག་ཅར་དུ་བྱེད། རིམ་དང་ཅིག་ཅར་དག་ལས་རྣམ་པ་གཞན་སྲིད་པ་ནི་མ་ཡིན་ཏེ། དེ་དག་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འདི་ཡང་མངོན་སུམ་ཉིད་ཀྱིས་གྲུབ་སྟེ། འདི་ལྟར་བུམ་པ་སྦྲང་རྩི་དང་ཆུ་ལ་སོགས་པ་དང་དེ་ལས་
གཞན་པའི་རྫས་དག་ཐ་མི་དད་པར་མ་འདྲེས་པར་རིམ་གྱིས་འཛིན་པ་དང་། རང་གི་ཤེས་པ་དང་ཆུ་འཛིན་པ་ཅིག་ཅར་བྱེད་པར་མངོན་སུམ་ཉིད་ཀྱི་ཡོངས་སུ་གཅོད་དོ། །དེ་ལ་གང་གི་ཚེ་བུམ་པ་འམ་རྫ་མཁན་འབྲས་བུའི་ཁྱད་པར་ཁམ་ཕོར་དང་བླུགས་མ་ལ་སོགས་པ་རིམ་གྱིས་བྱེད་པ་དམིགས་པ་དེ་ཉིད་ཀྱི་
ཚེ་དེ་དག་ཅིག་ཅར་སྐྱེད་པར་མི་ནུས་སོ། །གང་ཁོ་ནའི་ཚེ་རང་གི་ཡུལ་ཅན་གྱི་ཤེས་པ་ལ་སོགས་པ་ཅིག་ཅར་སྐྱེད་པར་དམིགས་པ་དེ་ཁོ་ནའི་ཚེ་དེ་དག་རིམ་གྱིས་མ་ཡིན་ནོ་ཞེས་འདི་ཐམས་ཅད་མངོན་སུམ་ཉིད་ཀྱིས་ངེས་སོ། །དེའི་ཕྱིར་རིམ་པ་ནི་ཅིག་ཅར་རྣམ་པར་གཅད་པ་ཉིད་ཀྱིས་ཡོངས་སུ་གཅོད་པའི་
ཕྱིར་དང་། ཅིག་ཅར་ཡང་རིམ་པ་རྣམ་པར་གཅད་པ་ཉིད་ཀྱིས་ཡིན་པའི་ཕྱིར་ཚད་མ་གཅིག་འཇུག་པ་ན་གཉིས་ལས་གཞན་ཡོངས་སུ་གཅོད་ཅིང་དེ་ལས་གཞན་མི་མཐུན་པ་རྣམ་པར་གཅོད་ལ། རྣམ་པ་གཞན་ཡང་མེད་པར་སྟོན་པ་ཡིན་པས་མངོན་སུམ་གྱི་ཚད་མ་ཉིད་ཀྱིས་ངེས་ཏེ། འདི་དག་ནི་ཕན་ཚུན་
སྤངས་ཏེ་གནས་པའི་མཚན་ཉིད་ཀྱིས་འགལ་བ་ཡིན་ནོ། །དེས་ན་ཕུང་པོ་གསུམ་པ་མེད་པའི་ཕྱིར་རིམ་དང་ཅིག་ཅར་དག་གི་དོན་བྱེད་པ་ལ་ཁྱབ་ལ། དེ་ཡང་བསྟན་པའི་དངོས་པོ་རྣམས་ལ་རང་གི་ཁྱབ་པར་བྱེད་པ་ལྡོག་པ་ན་དེའི་མཚན་ཉིད་ཀྱི་ཡོད་པ་བཟློག་བཞིན་པར་ལྡོག་པར་བྱེད་པའི་ཕྱིར་ཁྱབ་པ་གྲུབ་
Vol. 191 · folio 233b
པོ། །དུས་ཀྱི་དངོས་པོ་ཐ་དད་པ་ཁས་མ་བླངས་པའི་ཕྱིར་དངོས་པོ་རྣམས་ཀྱི་རིམ་དང་ཅིག་ཅར་བ་ཉིད་མ་གྲུབ་ཅེས་བྱ་བ་འདི་ནི་བརྗོད་པར་མི་ནུས་ཏེ། ཁོ་བོ་ཅག་ནི་དངོས་པོ་རྣམས་ཀྱི་རིམ་དང་ཅིག་ཅར་དོན་གཞན་དུ་གྱུར་བའི་དུས་ཀྱི་དངོས་པོས་བྱས་པར་མི་སྨྲའོ། །འོ་ན་ཅི་ཞེ་ན། དེ་ལྟ་དེ་ལྟར་སྐྱེས་
པས་བྱས་པ་ཡིན་ཏེ། འདི་ལྟར་གང་ཁོ་ནའི་ཚེ་གཅིག་ཡོད་པ་ཉམས་སུ་མྱོང་བ་དེ་ཁོ་ནའི་ཚེ་གཞན་གང་ཡིན་པ་ཡང་དེ་བཞིན་དུ་དེའི་རྗེས་སུ་འཇུག་སྟེ། དེ་དག་ཐམས་ཅད་ཉིད་དེ་བཞིན་དུ་སྐྱེ་བ་ན་རིམ་མ་ཡིན་པའི་ཐ་སྙད་ཀྱི་རྒྱུ་མཚན་ཡིན་ཏེ། འདི་ལྟ་སྟེ་དཔེར་ན་ཚོགས་པའི་ཚོགས་ལས་མྱུ་གུ་མང་པོ་
སྐྱེ་བ་ལྟ་བུའོ། །བཟློག་པ་ནི་རིམ་པའི་ཐ་སྙད་ལ་བརྟེན་པ་ཡིན་ཏེ། མྱུ་གུ་དང་སྡོང་བུ་དང་འདབ་མ་ལ་སོགས་པ་བཞིན་ནོ། །འདི་དག་ཀྱང་མངོན་སུམ་ཉིད་ཀྱིས་གྲུབ་ལ། སྐྱེ་བོ་རྣམས་ཀྱིས་ཀྱང་དེ་ཁོ་ན་བཞིན་དུ་ཐ་སྙད་དུ་བྱེད་དོ། །དེ་ལྟ་བུར་གྱུར་པའི་དོན་གྱི་ཡུལ་གྱི་དངོས་པོ་ཡང་རྒྱུའི་བྱ་བ་ཡིན་ལ།
དེའི་ཡུལ་ཡིན་པ་ཉིད་ཀྱིས་རིམ་དང་ཅིག་ཅར་དག་གི་ཐ་སྙད་ཀྱི་བྱེད་པ་ཡིན་པས་རྩོད་པ་འདི་མེད་དོ། །འོན་ཏེ་བརྟེན་པའི་དངོས་པོ་གྲུབ་པར་གྱུར་ན་དེའི་ཚེ་དེ་ལ་རིམ་དང་ཅིག་ཅར་ལོག་ན་དོན་བྱེད་པར་ནུས་པ་ལྡོག་པར་འགྲུབ་པར་འགྱུར་བ་མ་ཡིན་ནམ། དཔེར་ན་ཆོས་ཅན་གྱི་ཕྱོགས་འགའ་ཞིག་ཏུ་ཤིང་ལོག་
ན་ཤིང་ཤ་པ་ལྡོག་པ་བཞིན་ནོ། །དེ་ལྟ་མ་ཡིན་ཏེ་ཆོས་ཅན་ས་ཕྱོགས་མ་གྲུབ་ན་གང་དུ་ཤིང་ཤ་པ་མེད་པར་རྟོགས་པར་བྱེད། འདི་གྲུབ་པ་ཡང་མ་ཡིན་ཏེ། དེ་ཉིད་དགག་པར་འདོད་པའི་ཕྱིར་རོ། །ཅི་སྟེ་ཡང་གྲུབ་པར་ཁས་ལེན་ན་འོ་ན་དེ་སྤང་བར་མི་རིགས་ཏེ། དེ་ཆོས་ཅན་གྱི་ངོ་བོར་གྲུབ་པར་ཁས་
བླངས་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཡོད་པའི་ཕྱིར་ཞེས་བྱ་བ་འདི་ཡང་གཏན་ཚིགས་མ་ངེས་པ་ཁོ་ན་ཡིན་ཏེ། མི་མཐུན་པའི་ཕྱོགས་ལའང་འཇུག་པའི་ཕྱིར་རོ་སྙམ་ན། དེ་ནི་ཡོད་པ་མ་ཡིན་ཏེ། ཁོ་བོ་ཅག་གིས་རང་རྒྱུད་ཀྱི་ཚད་མ་ཉིད་ཀྱིས་བཀག་པ་སྒྲུབ་པར་བྱེད་པའི་ཁྱབ་བྱེད་མི་དམིགས་པ་འདི་སྦྱོར་
བར་བྱེད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན་ལ་ཐལ་བ་སྒྲུབ་པར་བྱེད་པ་ཡིན་ནོ། །གལ་ཏེ་ཁྱེད་ཅག་འདི་དག་བརྟན་པའི་དངོས་པོ་ཉིད་དུ་ཁས་ལེན་པར་བྱེད་ན་དེའི་ཚེ་དོན་བྱེད་ནུས་པ་ཡང་ཁས་བླང་བར་མི་བྱ་སྟེ། དེ་ལ་རིམ་དང་ཅིག་ཅར་དང་ལྡན་པ་དེའི་ཁྱབ་པར་བྱེད་པ་མེད་པའི་ཕྱིར་རོ། །ཁྱབ་པར་
Vol. 191 · folio 234a
བྱེད་པ་ལོག་པ་ན་ཁྱབ་པར་བྱ་བ་གནས་པར་ནུས་པ་ནི་མ་ཡིན་ནོ། །དེ་ལྟ་མ་ཡིན་ན་དེ་དག་ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ཉིད་དུ་མི་འགྱུར་རོ། །དེ་ལྟ་ན་ཡིན་དང་དོན་བྱེད་པར་ནུས་པར་ལོག་ན་དེ་དག་གི་ཡོད་པ་ཡང་ཁས་བླང་བར་མི་བྱ་སྟེ། ཡོད་པའི་མཚན་ཉིད་ནི་དོན་
བྱེད་ནུས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐབས་འདིས་དེ་དག་མེད་པ་ཉིད་དུ་བསྟན་ཏོ། །ཆོས་མི་མཐུན་པ་ཅན་གྱི་དཔེ་ཡང་གདོན་མི་ཟ་བར་དངོས་པོར་གྱུར་པའི་ཆོས་ལ་བརྟེན་པར་བྱ་བ་ཡང་མ་ཡིན་ཏེ། དེ་ལ་བསྒྲུབ་པར་བྱ་བ་ལོག་ན་སྒྲུབ་པར་བྱེད་པ་ལྡོག་པ་ཙམ་བསྟན་པར་འདོད་པའི་ཕྱིར་རོ། །དེ་ཡང་
ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་ཆོས་དག་ཁྱབ་པར་བྱེད་པའི་དངོས་པོར་གྲུབ་ན། ཆོས་ཅན་གྱི་ཁྱད་པར་ཡོངས་སུ་བཟུང་བ་མེད་པ་ཉིད་དུ་སྤྱིར་ཁྱབ་པར་བྱེད་པ་མེད་ན་ཁྱབ་པར་བྱ་བ་ཡང་མེད་པར་འགྱུར་རོ་ཞེས་ཚིག་ཙམ་ཉིད་ཀྱིས་རྟོགས་པར་འགྱུར་ཏེ། དཔེར་ན་ཤིང་མེད་ན་ཤིང་ཤ་པ་མེད་པ་ཡིན་ནོ་
ཞེས་བྱ་བ་ལྟ་བུའོ། །ཇི་སྐད་དུ། དེའི་ཕྱིར་ཆོས་མི་མཐུན་དཔེ་ལ། །ངེས་པར་འདི་ལ་གཞི་མི་འདོད། །དེ་དག་མེད་ན་དེ་མེད་ཅེས། །བརྗོད་པ་ལས་ཀྱང་དེ་རྟོགས་ཕྱིར། །ཞེས་བཤད་པ་ལྟ་བུའོ། །རེ་ཞིག་བསྟན་པའི་དངོས་པོ་རིམ་གྱིས་དོན་བྱེད་པར་རིགས་པ་མ་ཡིན་ནོ་ཞེས་སྟོན་པར་བྱེད་
པ་ནི། རྒྱུ་རྣམས་ཉེ་བ་མ་ཡིན་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་རང་གི་འདོད་པས་ཡོད་པ་དང་མེད་པ་ནི་མ་ཡིན་ཏེ། འོན་ཀྱང་དེའི་ཡོད་པ་དང་མེད་པ་དག་ནི་རྒྱུ་ཡོད་པ་དང་མེད་པའི་རྗེས་སུ་བྱེད་པ་ཡིན་ནོ། །དེ་ལ་གལ་ཏེ་བརྟན་པ་གཅིག་པུའི་ངོ་བོ་འདི་ཐམས་ཅད་དུ་འབྲས་བུ་འདི་ཐམས་
ཅད་ཀྱི་སྐྱེད་པའི་རྒྱུའི་ངོ་བོས་གནས་པ་ཡིན་ན་དེའི་ཚེ་ཅིའི་ཕྱིར་དེ་ཡོད་པ་ཙམ་དོན་དུ་གཉེར་བ་འབྲས་བུ་ཐམས་ཅད་ཅིག་ཅར་སྐྱེད་པར་མི་བྱེད། གང་གིས་ན་རིམ་གྱིས་འབྱུང་བར་འགྱུར། འགོར་བ་ཞེས་བྱ་བ་ནི་སྡོད་པའོ། །དེས་ན་དེའི་འབྲས་བུ་ཕྱིས་འབྱུང་པར་འགྱུར་བ་ཡང་དང་པོ་ཉིད་དུ་འགྱུར་ཏེ། རྒྱུ་
ནུས་པ་ཐོགས་པ་མེད་པའི་ཕྱིར་མངོན་པར་འདོད་པའི་འབྲས་བུ་བཞིན་ནོ་སྙམ་དུ་དོགས་པའོ། །འོན་ཏེ་ཡང་ཞེས་བྱ་བ་ལ་སོགས་པས་གཞན་གྱི་ལས་ཀྱི་དོགས་པ་བསུ་བ་སྟེ། བརྟན་པའི་དངོས་པོ་ཐམས་ཅད་འབྲས་བུ་ཐམས་ཅད་ཀྱི་རྒྱུ་ཉིད་དུ་ཉེ་བ་ཡིན་མོད་ཀྱི། འོན་ཀྱང་དེའི་ལྷན་ཅིག་བྱེད་པ་རིམ་གྱིས་ཉེ་བར་
Vol. 191 · folio 234b
འགྱུར་ཏེ། དེའི་ཕྱིར་འདི་དེ་ལ་ལྟོས་ནས་འདི་རིམ་གྱིས་འབྲས་བུ་སྐྱེད་པར་བྱེད་པར་འགྱུར་རོ་ཞེ་ན་དེ་ལེགས་ཞེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། རྟག་པ་དེ་ལ་ལྷན་ཅིག་བྱེད་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར་དཔེར་ན་ས་བོན་བང་བ་ལ་སོགས་པའི་གནས་སྐབས་ཀྱི་ཁྱད་པར་
བྱེད་པའི་ལྷན་ཅིག་བྱེད་པ་ལ་སོགས་པ་ལྟ་བུར་ཁྱད་པར་བྱེད་པའི་ལྷན་ཅིག་པ་ཡིན་ནམ། ཇི་ལྟར་ཕྱེ་བ་ཙམ་གྱིས་གཟུགས་མཐོང་བ་ལ་མིག་དང་གཟུགས་ལ་སོགས་པ་ལྟ་བུར་དོན་གཅིག་བྱེད་པ་ཡིན། དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། འདི་ལྟར་ཁྱད་པར་འདི་དེའི་ལྷན་ཅིག་བྱེད་པ་དག་
གིས་བྱེད་པ་ན་རེས་འགའ་རང་བཞིན་དེ་ལས་ཐ་མི་དད་པར་གྱུར་པའམ། ཐ་དད་པའམ། ཡང་ན་ནམ་མཁའི་གོས་ཅན་པ་དག་སྨྲ་བ་བཞིན་དུ་གཉི་གའམ། གཉི་ག་མ་ཡིན་པའི་ངོ་བོ་ཡིན་ཞེས་བྱ་བ་ཕྱོགས་བཞིའོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་ནི་མ་ཡིན་ཏེ། དེའི་རང་གི་ངོ་བོ་བཞིན་དུ་དེ་ལས་ཐ་
མི་དད་པ་ཉིད་ཀྱིས་དེ་ཡང་རྟག་ཏུ་གནས་པའི་ཕྱིར་དང་། ཡོད་པ་ཡང་བྱེད་པར་མི་རིགས་པའི་ཕྱིར་རོ། །དེ་བྱེད་ན་ཡང་དེ་ཁོ་ན་བཞིན་དུ་དངོས་པོ་ཡང་བྱེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་བས་ན་རྟག་པ་ཉིད་ཉམས་སོ། །འོན་ཏེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་ཁྱད་པར་ཁོ་ན་ལས་འབྲས་
བུ་སྐྱེ་བའི་ཕྱིར་དངོས་པོ་རྒྱུ་ཉིད་མ་ཡིན་པར་ཐལ་བར་འགྱུར་རོ། །འདི་ཞེས་བྱ་བ་ནི་རྟག་པའི་དངོས་པོའོ། །འདི་ཉིད་གསལ་བར་བྱེད་པ་ནི་དེ་ཡོད་པ་ན་འབྲས་བུ་དག་ཅེས་བྱ་བ་ལ་སོགས་པའོ། །དེ་ཡོད་པ་ན་ཞེས་བྱ་བ་ནི་ཁྱད་པར་ཡོད་པ་ནའོ། །དེ་ཞེས་བྱ་བ་ནི་ཁྱད་པར་རོ། །དེ་ལྟར་ན་ཞེས་བྱ་བ་ནི་
དེར་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པས་འདི་ཉིད་ལ་གཞན་གྱི་དོགས་པ་བསུ་བ་ཡིན་ནོ། །དེ་དང་ཞེས་བྱ་བ་ནི་ཁྱད་པར་དང་ངོ་། །དེ་ལ་ཡང་ཞེས་བྱ་བ་ནི་རྟག་པ་ལའོ། །དེ་དང་འབྲེལ་པ་ཞེས་བྱ་བ་ལ་སོགས་པས་ལན་བཤད་
དོ། །འབྲེལ་པ་གང་ཡིན་ཏེ། ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྲེལ་པ་ནི་གཉིས་ཁོ་ན་སྟེ། དེའི་བདག་ཉིད་དང་། དེ་ལས་བྱུང་བའོ། །དེ་ལ་རེ་ཞིག་དེའི་བདག་ཉིད་ཀྱི་མཚན་ཉིད་ནི་མ་ཡིན་ཏེ། ཐ་དད་དུ་ཁས་བླངས་པའི་ཕྱིར་རོ། །དེ་ལས་བྱུང་བའི་མཚན་ཉིད་ཀྱང་མ་ཡིན་
Vol. 191 · folio 235a
ཏེ། ལྷན་ཅིག་བྱེད་པ་དག་ཁོ་ན་ལས་དེ་སྐྱེ་བའི་ཕྱིར་རོ། །ཅི་སྟེ་དེ་ལས་དེ་སྐྱེ་བར་ཁས་ལེན་པར་བྱེད་ན། དེའི་ཚེ་དེ་ཙམ་དེ་ལས་བྱུང་བ་ཡིན་པས་ཁྱད་པར་རྣམས་ཅིག་ཅར་ཉིད་དུ་སྐྱེ་བར་འགྱུར་རོ། །དེ་ལྟ་ཡིན་དང་འབྲས་བུ་ཐམས་ཅད་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་ཏེ།
ཁྱད་པར་དང་ལྡན་པའི་རྒྱུ་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཅི་སྟེ་ཁྱད་པར་སྐྱེད་པ་དེ་ལ་ཡང་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་པའི་ཕྱིར་ཁྱད་པར་རིམ་གྱིས་སྐྱེད་པས་འབྲས་བུ་རྣམས་ཅིག་ཅར་འབྱུང་བར་མི་འགྱུར་རོ་སྙམ་དུ་སེམས་ན་ནི་མི་རིགས་ཏེ། དེ་ལྟ་ན་ནི་ཐུག་པ་མེད་པར་འགྱུར་རོ། །འདི་ལྟར་
ལྷན་ཅིག་བྱེད་པ་རྣམས་ཁྱད་པར་གཞན་བྱེད་པའི་ཕྱིར་ལྷན་ཅིག་བྱེད་པ་ཉིད་བརྗོད་པར་བྱ་དགོས་སོ། །ཁྱད་པར་དེ་ཡང་ཐ་དད་པ་ཉིད་ཡིན་ན་འབྲེལ་བ་གྲུབ་བོ། །དེ་ལས་བྱུང་བ་ཡིན་ན་ཅིག་ཅར་སྐྱེ་བར་ཐལ་བར་འགྱུར་རོ། །དེ་ལ་ཡང་ལྷན་ཅིག་བྱེད་པ་ལ་ལྟོས་སོ་སྙམ་པ་འདི་ཉིད་ཡང་འཇུག་གོ། །དེ་
ལྟ་ཡིན་དང་ཐུག་པ་མེད་པ་ཡིན་ན་རེས་འགའ་ཡང་ཁྱད་པར་དང་ལྷན་ཅིག་སྟེ་འབྲེལ་པ་གྲུབ་པར་མི་འགྱུར་ལ། དེ་མ་གྲུབ་ན་དེ་ལས་འབྲས་བུ་སྐྱེ་བ་མ་ཡིན་ཏེ། ཁྱད་པར་ཉིད་ལས་འབྲས་བུ་སྐྱེ་བའི་ཕྱིར་རོ། །ཅི་སྟེ་ཡང་དེ་ནི་ཁྱད་པར་དང་ལྷན་ཅིག་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་མ་ཡིན་ནོ། །
འོ་ན་ཅི་ཞེ་ན། དེ་ནི་འདུ་བའི་མཚན་ཉིད་ཡིན་ལ། རྟག་པའི་ཆོས་ཅན་དེ་ལ་ཁྱད་པར་དེ་འདུ་བའི་ཕྱིར་རོ། །དེ་འདིར་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་མིན་ཞེས་བྱ་བ་ནི་ཕན་པར་བྱེད་པ་མ་ཡིན་པ་དེ་ལ་དེའི་འདུ་བར་བྱེད་དོ་ཞེས་བྱ་
བ་དང་སྦྱར་རོ། །དེ་ལ་ཕྱོགས་དང་པོ་ལ་ཕན་འདོགས་པ་ནི་ཕན་གདགས་པར་བྱ་བ་ལས་ཐ་མི་དད་པའི་ཕྱིར་དེ་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པ་དེ་ཉིད་ཁས་བླང་བར་བྱ་བར་འགྱུར་ན། དེ་ཡང་དེ་མ་ཐག་ཏུ་བསལ་ཟིན་ཏོ། །འོན་ཏེ་ཕྱོགས་གཉིས་པ་ཡིན་ན་དེའི་ཚེ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་
ཐམས་ཅད་ཀྱི་འདུ་བར་འགྱུར་རོ། །དེ་སྟོན་པར་བྱེད་པ་ནི་གལ་ཏེ་དེ་ནི་འདི་ལ་ཡང་ཞེས་བྱ་བ་ལ་སོགས་པའོ། །དེ་ཉིད་བཞིན་ཞེས་བྱ་བ་ནི་མངོན་པར་འདོད་པའི་དངོས་པོ་བཞིན་དུ་ཕན་མི་འདོགས་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ། །གཉི་ག་དང་གཉི་ག་མ་ཡིན་པའི་ཕྱོགས་ཀྱི་དབང་དུ་བྱས་ནས། ཐ་དད་
Vol. 191 · folio 235b
ཐ་དད་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་རེ་རེ་བསལ་བ་ཉིད་ཀྱིས་གཉི་གའི་བདག་ཉིད་ཀྱི་ཕྱོགས་ཀྱང་བསལ་བ་ཡིན་ཏེ། དེ་ལས་མ་གཏོགས་པ་གཉི་གའི་བདག་ཉིད་ཕྱོགས་མེད་པའི་ཕྱིར་རོ། །གཞན་ཡང་རྣམ་པ་གཅིག་ལེན་པ་དང་གཏོང་བ་དག་ནི་དེ་ལས་གཞན་གྱི་རྣམ་
པ་གཏོང་བ་དང་ལེན་པ་མེད་ན་མི་འབྱུང་བ་ཡིན་པའི་ཕྱིར་རོ། །དངོས་པོ་ཡོད་པ་ལ་ནི་གཉི་ག་དང་གཉི་ག་མ་ཡིན་པའི་ངོ་བོ་ཉིད་རིགས་པ་མ་ཡིན་ནོ། །གཅིག་ལ་གཅིག་གི་ཚེ་སྒྲུབ་པ་དང་དགག་པ་ཕན་ཚུན་འགལ་བ་གཉིས་རིགས་པ་ཡང་མ་ཡིན་ཏེ། གཅིག་པ་ཉིད་ཉམས་པར་ཐལ་བར་འགྱུར་
བའི་ཕྱིར་རོ། །འདི་ཡང་གང་ཟག་ལ་སོགས་པ་བརྟག་པར་བསྟན་ཟིན་པ་དང་། དེ་སྟོན་པ་ནི་གང་ཟག་ལ་སོགས་པའོ། །ཅི་སྟེ་དོན་གྱི་བྱ་བ་གཅིག་བྱེད་པ་ལ་དེའི་ལྷན་ཅིག་བྱེད་པ་ཡིན་ནོ་ཞེས་ཕྱོགས་གཉིས་པ་ལ་བརྟན་པ་ཡིན་ན་ཇི་སྐད་དུ་ཁ་ཅིག་འདི་ལྷན་ཅིག་བྱེད་པ་ལ་ལྟོས་པ་མ་ཡིན་ལ། ལྷན་ཅིག་
བྱེད་པ་དང་བྲལ་བ་ལ་འབྲས་བུའི་བྱེད་པ་པོ་ཡང་མེད་དེ། འདི་ལྟར་གང་གི་ཕྱིར་ལྷན་ཅིག་བྱེད་པའི་རྒྱུ་མཐའ་དག་ཉེ་བ་ན་མཐའི་རྒྱུ་བཞིན་དུ་བྱེད་པ་པོ་ཡིན་གྱི། འགའ་ཞིག་པ་ནི་མ་ཡིན་པ་དེའི་རང་བཞིན་འདི་འདྲ་བ་ཐོག་མ་མེད་པ་ནས་གྲུབ་པ་ཡིན་ནོ། །དེས་ན་དེ་ཡོད་ན་ཡང་ཐམས་ཅད་དུ་འབྲས་བུ་སྐྱེད་པར་
ཐལ་བར་མི་འགྱུར་རོ་ཞེས་ཟེར་བ་དེ་འདིར་སྟོན་པར་བྱེད་པ་ནི། རྟག་པ་ལྷན་ཅིག་བྱེད་པའི་ཞེས་བྱ་བ་ལ་སོགས་པའོ། །མ་ཡིན་ཞེས་བྱ་བ་ནི་བྱེད་པ་པོ་ཞེས་བྱ་བ་འདི་དང་སྦྲེལ་བར་བྱའོ། །མཐའ་རྒྱུ་བཞིན་ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེའོ། །ཡང་ན་འོག་གི་བྱེད་པ་པོ་ཉིད་ཡིན་ཞེས་བྱ་བ་འདི་དང་སྦྲེལ་ལ་
ཆོས་མཐུན་པའི་དཔེར་བྱའོ། །བཞིན་ནི་དྲུག་པའི་མཐའ་ཅན་དུ་བྱའོ། །དེ་ཡོད་ཉིད་ན་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་དེ་ཡོད་ན་ཡང་ངོ་། །དེ་ལྟ་ཡིན་མོད་ཅེས་བྱ་བ་ལ་སོགས་པས་ལན་འདེབས་པར་བྱེད་དེ། དེ་ལྟར་བརྟག་པ་དེ་ཡིན་དུ་ཆུག་མོད། འོན་ཀྱང་འདིར་འདི་དཔྱད་པར་བྱ་སྟེ། དེའི་ལྷན་
ཅིག་བྱེད་པ་ཚང་བའི་གནས་སྐབས་ཀྱི་རང་བཞིན་གང་ཡིན་པ་དེ་ཉིད་ཅི་མ་ཚང་བའི་གནས་སྐབས་ཡིན་ནམ། འོན་ཏེ་གཞན་ཡིན། གལ་ཏེ་དེ་ཉིད་ཡིན་ན་དེའི་ཚེ་ལྷན་ཅིག་བྱེད་པ་རྣམས་དང་རྟག་པར་འགྱུར་རོ། །ཇི་ལྟར་ཞེ་ན། དེ་འབྲེལ་རང་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་བྱེད་པ་
Vol. 191 · folio 236a
དེ་དག་དང་འབྲེལ་པའི་རང་བཞིན་གང་ལ་ཡོད་ཅེས་ཚིག་རྣམ་པར་སྦྱར་རོ། །དེ་དག་ཀྱང་ཞེས་བྱ་བ་ནི་ལྷན་ཅིག་བྱེད་པ་རྣམས་ཏེ། ལྕགས་སུ་བཅུག་པའི་སྐྱེས་བུ་བཀུག་ན། ལྕགས་ཀྱང་བཀུག་པ་བཞིན་དུ་དེ་དག་ཀྱང་རྗེས་སུ་འཇུག་པའི་ཕྱིར་རོ། །
དེ་ལྟ་ཡིན་ན་ནི་དེ་ཉིད་རང་བཞིན་སྔ་མ་མ་བཏང་བར་རྗེས་སུ་འཇུག་པར་འགྱུར་རོ། །གལ་ཏེ་ལྷན་ཅིག་བྱེད་པའི་རྒྱུ་དང་འབྲེལ་པའི་རང་བཞིན་མི་འདོར་ན་དེ་དང་འབྲེལ་པའི་རང་བཞིན་མ་དོར་བ་ན་ཤུགས་ཀྱིས་ལྷན་ཅིག་བྱེད་པ་རྣམས་ཀྱང་མི་འདོར་ཏེ། འབྲེལ་པ་ཅན་ཉིད་ནི་གཉིས་པ་ལ་ལྟོས་པའི་
ཕྱིར་རོ། །དེ་ལྟ་མ་ཡིན་ན་དེ་ཉིད་དེའི་རང་བཞིན་དུ་མི་འགྱུར་རོ། །འོན་ཏེ་གཞན་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཡིན་ན། དེ་ལ་སྨྲས་པ། གལ་ཏེ་མ་ཚང་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་འདིའི་ལྷན་ཅིག་བྱེད་པ་མ་ཚང་བའི་ངོ་བོ་གཞན་ཡིན་ནོ་ཞེས་བྱ་བར་འདོད་ན། དེའི་ཚེ་རྟག་པ་ཉིད་ཉམས་པར་
ཐལ་བར་འགྱུར་ཏེ། ངོ་བོ་དངོས་པོ་ལས་ཐ་མི་དད་པའི་ཕྱིར་རོ། །དེ་ལྟ་བས་ན་ལྷན་ཅིག་བྱེད་པའི་རྒྱུ་ལ་ལྟོས་པ་ཡིན་ན་ཡང་བསྟན་པ། རིམ་གྱིས་དོན་བྱེད་པར་རིགས་པ་མ་ཡིན་ལ། ཅིག་ཅར་ཡང་མ་ཡིན་ནོ་ཞེས་སྟོན་པ་ནི། དེ་ཡི་འབྲས་བུ་ཅིག་ཅར་དུ། །ཞེས་བྱ་བ་ལ་སོགས་པའོ། །གཞན་
གྱིས་རྟག་པའི་དངོས་པོའི་འབྲས་བུ་ཅིག་ཅར་བ་ཉིད་དུ་མི་འདོད་དེ། འདི་ལྟར་རྟག་པ་དག་གི་འབྲས་བུ་ནི་འདི་དག་ཡིན་པར་བརྗོད་པར་བྱ་སྟེ། བདག་གི་བདེ་བ་དང་སྡུག་བསྔལ་ལ་སོགས་པའོ། །ནམ་མཁའི་ནི་སྒྲའོ། །ཡིད་ཀྱི་ནི་ཤེས་པ་རིམ་པས་འཇུག་པ་རྣམས་སོ། །རྡུལ་ཕྲ་རབ་རྣམས་ཀྱི་
ནི་རྡུལ་གཉིས་པ་ལ་སོགས་པའི་རིམ་གྱིས་རགས་པ་རྣམས་སོ། །དུས་དང་ཕྱོགས་དང་དབང་ཕྱུག་རྣམས་ཀྱི་ནི་སྐྱེ་བ་དང་ལྡན་པ་ཐམས་ཅད་དོ། །འདི་དག་ཀྱང་རིམ་གྱིས་སྐྱེ་བར་མངོན་སུམ་ཉིད་ཀྱིས་གྲུབ་པོ། །དེའི་ཕྱིར་དེ་ལྟར་ཅིག་ཅར་བར་ཁས་བླངས་ན་མངོན་སུམ་དང་འགལ་བ་དང་། ཁས་བླངས་
པ་དང་འགལ་བར་ཡང་བསྟན་པར་འགྱུར་རོ། །ད་ནི་རྗེས་སུ་དཔག་པ་དང་འགལ་བར་བསྟན་པའི་ཕྱིར། གལ་ཏེ་འབྲས་བུ་མཐའ་དག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་འབྲས་བུ་མཐའ་དག་ཅིག་ཅར་བྱས་ནས་གང་གིས་དུས་ཕྱིས་ཀྱང་འབྲས་བུ་དག་སྐྱེད་པར་མི་བྱེད་པ་དེའི་དོན་བྱེད་པའི་རང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words