དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ
Sanskrit title (Tibetan script, as in the text) ཏཏྭ་སཾ་གྲ་ཧ་པཉྫི་ཀ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 191 · folio 338a
པའི། དངོས་པོའི་སྒོ་ནས་འོངས་པའི་ཕྱིར། །ཞེས་བྱ་བ་ལ་མ་འདྲེས་པ་ནི་གཞན་དང་མ་འབྲེལ་བ་གཞན་ལས་ལྡོག་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་དངོས་པོའི་སྒོ་སྟེ་ཐབས་སོ། །དེ་ཉམས་སུ་མྱོང་བའི་སྟོབས་ཀྱིས་རྣམ་པ་དེ་ལྟ་བུའི་རྣམ་པར་རྟོག་པ་སྐྱེས་པའི་ཕྱིར་རོ། །
རིགས་མི་མཐུན་པ་སེལ་བའི་དངོས་པོ་དང་ལྷན་ཅིག་ཏུ་འཁྲུལ་པའི་ཕྱིར་དང་། རྟོགས་པ་པོ་དག་གིས་ཞེན་པའི་ཕྱིར་ཞེས་བྱ་བའི་རྒྱུ་བཞི་པ་སྟོན་པ་ནི་རིགས་མི་མཐུན་པ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་བློ་ལ་ཡོད་པའི་དོན་གྱི་གཟུགས་བརྙན་ནོ། །རྒྱུ་མཚན་དང་
བཅས་ཞེས་བྱ་བ་ནི། སྣང་བ་གཞན་ལས་ཐ་དད་ཕྱིར། །ཞེས་བྱ་བ་ལ་སོགས་པ་རྒྱུ་མཚན་བཞི་དང་ལྷན་ཅིག་འཇུག་པའི་ཕྱིར་རྒྱུ་མཚན་དང་བཅས་པའོ། །དོན་གྱི་བདག་ཉིད་ཀྱིས་སེལ་བའི་དོན་རང་བཞིན་བསྟན་པའི་ཕྱིར། དེའི་རྒྱུ་རང་གི་མཚན་ཉིད་ལ་ལྡོག་པ་དེ་ཡོད་པའི་ཕྱིར་
ཏེ། རྒྱུ་མཚན་དང་བཅས་པའོ། །གཞན་སེལ་ཞེས་བྱ་བའི་མིང་འདི་བཏགས་ཞེས་སྐབས་དང་སྦྱར་རོ། །དེ་ལ་རྒྱུ་མཚན་བཤད་པ། གཞན་མ་འདྲེས་པ་ཡོད་ཕྱིར་ཞེས་བྱ་བ་སྟེ། གཞན་ལས་ཏེ་རིགས་མི་མཐུན་པ་ལས་མ་འདྲེས་པ་སྟེ། ལྡོག་པ་དེ་ཡོད་པའི་ཕྱིར་ཏེ། རིགས་མི་མཐུན་པ་དང་
མ་འདྲེས་པ་ཡོད་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི་རང་གི་མཚན་ཉིད་གཞན་སེལ་བར་བསྟན་པ་ནི་དངོས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མེད་པར་དགག་པའི་མཚན་ཉིད་ཀྱི་གཞན་སེལ་བའི་རང་བཞིན་བསྟན་པའི་ཕྱིར། མེད་པར་དགག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
དེའི་ཕྱིར་དེ་ལྟར་སེལ་བ་རྣམ་པ་གསུམ་བསྟན་ནས། སྐབས་ཀྱི་སྒྲའི་དོན་ལ་སྦྱར་བའི་ཕྱིར། དེ་ལ་གཞན་སེལ་དང་པོ་འདི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དོན་གྱི་གཟུགས་བརྙན་གྱི་བདག་ཉིད་དོ། །འདི་ལ་རྒྱུ་བཤད་པ་ནི། ཕྱི་རོལ་
དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཁོ་ན་སྒྲ་ལས་བྱུང་བའི་ཤེས་པ་ལ་སྣང་བ་དེ་ཁོ་ན་སྒྲའི་དོན་དུ་རིགས་ཀྱི། འདི་ལ་དགག་པ་ངེས་པ་ཡོད་པ་མ་ཡིན་ལ། དབང་པོའི་ཤེས་པ་བཞིན་དུ་རང་གི་མཚན་ཉིད་སྣང་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྲ་ལས་བྱུང་བའི་བློའི་
Vol. 191 · folio 338b
ཕྱི་རོལ་གྱི་དོན་དུ་ཞེན་པ་ཉེ་བར་སྐྱེ་བ་འབའ་ཞིག་ཏུ་ཟད་དོ། །དེས་ན་དོན་གྱི་གཟུགས་བརྙན་དེ་ཉིད་སྒྲ་ལས་བྱུང་བའི་ཤེས་པ་ལ་དངོས་པོ་དེའི་བདག་ཉིད་དུ་སྣང་བའི་ཕྱིར། སྒྲའི་དོན་དུ་རིགས་ཀྱི་གཞན་གྱི་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གང་ཡང་སྒྲའི་དོན་དང་ལྷན་ཅིག་བརྗོད་པར་
བྱ་བ་དང་རྗོད་པར་བྱེད་པའི་དངོས་པོའི་མཚན་ཉིད་ཀྱི་འབྲེལ་པ་གྲུབ་པ་དེ་ནི་རྒྱུ་དང་འབྲས་བུའི་དངོས་པོའི་བདག་ཉིད་ཁོ་ན་ཡིན་ནོ་ཞེས་སྟོན་པ་ནི། བློ་དེའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱི་རོལ་གྱི་དངོས་པོའི་མཚན་ཉིད་དུ་ངེས་པ་དེའི་ངོ་བོ་སྟེ་རང་བཞིན་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་
བྱ་སྟེ། དེའི་ངོ་བོ་ཡང་ཡིན་ལ་གཟུགས་བརྙན་ཡང་ཡིན་ཞེས་བསྡུའོ། །བློའི་དེའི་ངོ་བོའི་གཟུགས་བརྙན་དེའི་འབྲེལ་པ་ཉིད་སྒྲ་ལས་སྐྱེས་པ་ན་སྟེ་འབྱུང་བ་ན་རྗོད་པར་བྱེད་པའི་མཚན་ཉིད་ཀྱིས་དངོས་པོའི་མཚན་ཉིད་དེ་དཔྱད་པ་ན་རྒྱུ་དང་འབྲས་བུའི་དངོས་པོ་བདག་ཉིད་ཁོ་ནར་གྲུབ་
སྟེ་འདི་ལྟར་སྒྲ་ནི་གཟུགས་བརྙན་དེ་སྐྱེད་པར་བྱེད་པའི་ཕྱིར་རྗོད་པར་བྱེད་པ་བརྗོད་ལ། གཟུགས་བརྙན་དེ་ཡང་སྒྲས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་བརྗོད་བྱའོ། །དེའི་ཕྱིར་སྒྲ་ལས་བྱུང་བའི་ཤེས་པ་ལ། དགག་པ་ཙམ་འདིར་སྣང་བ་མིན། །ཞེས་གང་སྨྲས་པ་དེ་ནི་འབྲེལ་པ་མེད་པ་
ཡིན་ཏེ། དགག་པ་ཙམ་སྒྲའི་དོན་དུ་ཁས་མ་བླངས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་རེ་ཞིག་གཟུགས་བརྙན་གྱི་མཚན་ཉིད་ཀྱིས་སེལ་བ་ནི་དངོས་སུ་སྒྲས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་དངོས་ཀྱི་སྒྲའི་དོན་ཡིན་ནོ་ཞེས་བསྟན་ནས། སེལ་བ་ལྷག་མ་རྣམས་ཀྱང་སྒྲའི་དོན་
ཉེ་བར་བཏགས་པར་བརྗོད་པ་ན་འགལ་བ་མེད་པ་ཉིད་དོ་ཞེས་བསྟན་པའི་ཕྱིར་དེ་ལྟར་རྣམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་ཡིན་པས་སོ། །ཡང་ཅིའི་ཕྱིར་ཤུགས་ཀྱིས་མེད་པར་དགག་པ་རྟོགས་ཞེས་བསྟན་པའི་ཕྱིར། དེའི་བདག་ཅེས་
བྱ་བ་ལ་སོགས་པ་སྨོས་ཏེ། དེའི་སྟེ་བ་ལང་ལ་སོགས་པའི་གཟུགས་བརྙན་གྱི་བདག་ཉིད་དེ་ནི་གཞན་ཏེ་རྟ་ལ་སོགས་པའི་གཟུགས་བརྙན་གྱི་བདག་ཉིད་དེ་རང་བཞིན་མ་ཡིན་པའི་ཕྱིར་རོ། །དེ་ལྟར་རྟོགས་པ་ནི་མེད་པར་དགག་པའི་མཚན་ཉིད་ཀྱིས་སེལ་བ་མེད་ན་མི་
Vol. 191 · folio 339a
འབྱུང་བ་ཡིན་པའི་ཕྱིར་བརྟགས་ནས་སྒྲའི་དོན་ཉིད་དུ་བསྟན་ནས། རང་གི་མཚན་ཉིད་ཀྱང་བསྟན་པའི་ཕྱིར། དངོས་པོ་དག་དང་འབྲེལ་པ་ན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་འབྲེལ་པ་ནི་སྒྲ་དངོས་པོ་ལ་བརྒྱུད་ནས་རྒྱུ་དང་འབྲས་བུའི་མཚན་ཉིད་ཀྱི་འབྲེལ་པ་སྟེ་འདི་ལྟར་
ཐོག་མར་ཇི་ལྟར་གནས་པའི་དངོས་པོ་ཉམས་སུ་མྱོང་ངོ་། །དེ་ལས་བརྗོད་པར་འདོད་དོ། །དེ་ནས་རྐན་ལ་སོགས་པ་ཡོངས་སུ་འགུལ་ལོ། །དེ་ལས་སྒྲའོ་ཞེས་བྱ་བ་དེ་ལྟ་བུའི་རྒྱུད་པ་གང་གི་ཚེ་སྒྲ་ཕྱི་རོལ་གྱི་མེ་ལ་སོགས་པའི་དངོས་པོ་དང་འབྲེལ་པར་གྱུར་པ་དེའི་ཚེ་འབྲེལ་པ་དེ་ཡོད་ན་རིགས་མི་
མཐུན་པ་ལས་ལྡོག་པའི་དངོས་པོ་ཡང་དོན་གྱིས་གོ་བས་རྟོགས་པར་འགྱུར་རོ། །དེའི་ཕྱིར་མེད་པར་དགག་པ་དང་གཞན་ལས་ལྡོག་པའི་དངོས་པོའི་བདག་ཉིད་ཀྱི་སེལ་བ་རྣམ་པ་གཉི་ག་ཡང་སྒྲའི་དོན་ཡིན་ནོ་ཞེས་ཉེ་བར་བཏགས་པ་ཡིན་ནོ། །འདི་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཀྱི་བདག་ཉིད་དོ། །
ཡང་གི་སྒྲ་ལས་མེད་པར་དགག་པའི་བདག་ཉིད་ཀྱང་ངོ་། །དེའི་ཕྱིར་སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་འོད་བྱེད་པས། གལ་ཏེ་སྒྲའི་བརྗོད་པར་བྱ་བའི་དོན་གཞན་སེལ་བ་ཡིན་པ་དེའི་ཚེ་འདིའི་བརྗོད་པར་བྱ་བའི་དོན་ལས་ཐ་དད་པའི་རང་གི་དོན་བརྗོད་པར་བྱ་བ་དགོས་ལ། ཅི་སྟེ་དེ་ཉིད་འདིའི་རང་
གི་དོན་ཡིན་པ་དེ་ལྟ་ན་ཡང་། སྒྲ་སྒྲའི་དོན་གཞན་སེལ་བ་ན་རང་གི་དོན་བྱེད་པ་རྗོད་པར་བྱེད་དོ་ཞེས་བྱའོ་ཞེས་བྱ་བ་འདི་དང་འགལ་ཏེ། དེའི་ཚེ་ན་འདིའི་ངག་གི་དོན་འདི་ཡིན་ཏེ་རྗོད་པར་བྱེད་པས་རྗོད་པར་བྱེད་པའོ་ཞེས་གང་སྨྲས་པ་དེ་ནི་ངག་གི་དོན་ཡོངས་སུ་མ་ཤེས་ནས་སྨྲས་པ་ཡིན་ནོ་ཞེས་
བསྟན་པའི་ཕྱིར་སློབ་དཔོན་གྱི་ངག་མི་འགལ་བར་སྟོན་པ་ནི། སྒྲ་ནི་དོན་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་ཀྱང་བརྟགས་ནས་རང་གི་དོན་ཞེས་བསྟན་ཏེ། དེའི་ཕྱིར་རང་གི་མཚན་ཉིད་ཀྱི་བདག་ཉིད་ཀྱི་དོན་དེ་ལ་དོན་གཞན་རྣམ་པར་བཅད་པའི་གཟུགས་བརྙན་གཞན་
ལས་ལྡོག་པའི་གཟུགས་བརྙན་གྱི་བདག་ཉིད་ཀྱི་སེལ་བ་བྱེད་ཅེ་ན་ཏེ་སྐྱེད་པར་བྱེད་པ་སྒྲ་རྗོད་པར་བྱེད་དོ་ཞེས་བརྗོད་པའི་སློབ་དཔོན་གྱི་ཚིག་དང་མི་འགལ་ལོ། །གང་གིས་འདི་ནི་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ཚིག་འདི་འཆད་དོ། །སློབ་དཔོན་གྱི་དགོངས་པ་ནི་འདི་ཡིན་ཏེ། སྒྲ་ལ་ཕྱི་
Vol. 191 · folio 339b
རོལ་གྱི་དོན་དུ་ཞེན་པའི་རྣམ་པར་རྟོག་པའི་གཟུགས་བརྙན་བསྐྱེད་པ་ལ་མ་གཏོགས་པ་གཞན་ཕྱི་རོལ་བརྗོད་པའི་བྱ་བ་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ནི་བྱ་བ་མེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱི་རོལ་གྱི་དོན་དུ་ཞེས་པས་འཇུག་པའི་རྣམ་པར་རྟོག་པའི་གཟུགས་བརྙན་སྐྱེད་པར་བྱེད་པ་ནི་སྒྲ་རང་གི་དོན་
རྗོད་པར་བྱེད་པ་ཞེས་བྱའོ། །ཐ་དད་པ་སྟེ་རིགས་མཐུན་པ་དང་རིགས་མི་མཐུན་པ་ལས་ལྡོག་པའི་རང་གི་མཚན་ཉིད་ལ་འདི་དག་རེག་པ་ནི་མ་ཡིན་ཏེ། ཅུང་ཟད་ཀྱང་མི་བྱེད་པའི་ཕྱིར་རོ། །ཆ་ཤས་དེ་ཙམ་མ་རྟོགས་པའི། །ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུའི་གཟུགས་བརྙན་སྐྱེད་པར་བྱེད་པ་ལས་མ་
གཏོགས་པ་སྒྲའི་བྱེད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཞན་སེལ་བའི་རང་གི་ངོ་བོ་ཉིད་བརྗོད་ནས། ད་ནི་གཞན་གྱིས་སྨྲས་པའི་སུན་འབྱིན་པ་བསལ་བའི་དོན་དུ་རྩོམ་པར་བྱེད་དོ། །དེ་ལ་གལ་ཏེ་བ་ལང་ཞེས་བྱ་བའི་སྒྲ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། དེའི་
གཟུགས་བརྙན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲས་བ་ལང་གི་བློ་ཉིད་སྐྱེད་པར་བྱེད། གཞན་དང་མ་འདྲེས་པའི་ཤུགས་ཀྱིས་རྟོགས་པ་ཡིན་ཏེ། སྒྲ་ལས་ནི་མ་ཡིན་ནོ། །དེའི་བ་ལང་གི་གཟུགས་བརྙན་ནི་སྣང་བ་གཞན་གྱི་བདག་ཉིད་དང་བྲལ་བའི་ཕྱིར་རོ། །གཞན་དུ་ན་ངེས་པའི་ངོ་
བོ་དེ་རྟོགས་པར་མི་འགྱུར་རོ། །དེས་ན་བ་ལང་གི་བློ་སྐྱེད་པའི་སྒྲ་གཞན་བཙལ་མི་དགོས་ཏེ། བ་ལང་གི་སྒྲ་དེ་ཉིད་ཀྱིས་བ་ལང་གི་བློ་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར། སྒྲ་ནི་ཤེས་པའི་འབྲས་ཅན་ཏེ། །ཞེས་བྱ་བ་ལ་སོགས་པ་ལ། ཉིན་མོ་ཟ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་
ལྷ་སྦྱིན་ཚོན་པོ་ཉིན་པར་ཟན་མི་ཟའོ་ཞེས་བྱ་བའི་ངག་འདི་ནི་དངོས་སུ་ཉིན་མོ་ཟ་བ་བཀག་ལ། རང་གི་དོན་བརྗོད་པས་མཚན་མོ་ཟ་བ་ཤུགས་ཀྱིས་བསྒྲུབ་པ་ཡིན་གྱི་དངོས་སུ་ནི་མ་ཡིན་པ་དེ་བཞིན་དུ་བ་ལང་ཞེས་བྱ་བ་ལ་སོགས་པའི་རྗེས་སུ་འགྲོ་བ་སྟོན་པའི་སྒྲའི་དངོས་ཀྱི་འབྲས་བུ་ནི་རྗེས་སུ་
འགྲོ་བ་ཤེས་པ་ཡིན་ལ། ལྡོག་པ་རྟོགས་པའི་ཤུགས་ལས་ཡིན་ནོ། །དེ་ལ་རྒྱུ་བཤད་པ་ནི། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་རྗེས་སུ་འགྲོ་བ་སྒྲུབ་པ་ནི་ལྡོག་པ་དང་མི་ལྡན་པ་ལ་ཡོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། རིགས་མི་མཐུན་པ་རྣམ་པར་གཅོད་པ་ལ་
Vol. 191 · folio 340a
མི་འཁྲུལ་པ་ཉིད་ཡིན་ནོ། །རིགས་མི་མཐུན་པ་ལས་མི་ལྡོག་པ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། དེས་ན་སྒྲ་གཅིག་གི་འབྲས་བུ་གཉིས་འགལ་བ་མེད་པ་ཁོ་ནའོ། །དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་རང་དོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་སྒྲ་གཅིག་དངོས་སུ་སྒྲུབ་པ་
དང་དགག་པའི་ཤེས་པའི་མཚན་ཉིད་འབྲས་བུ་གཉིས་ཅིག་ཅར་འདོད་པར་གྱུར་ན། གང་གི་ཚེ་ན་ཉིན་མོ་ཟ་བའི་ཚིག་བཞིན་དུ་གཅིག་དངོས་སུ་དང་གཞན་ཤུགས་ཀྱིས་ཐོབ་པའི་འབྲས་བུ་ཤེས་འདོད་པ་དེའི་ཚེ་འགལ་བ་མེད་དོ། །གང་ཡང་། གང་གིས་བ་ལང་མིན་དགག་ཕྱིར། །ཞེས་བྱ་བ་ལ་
སོགས་པ་སྨྲས་པ་དེ་ཡང་བསལ་བ་ཡིན་ཏེ། ཁས་མ་བླངས་པའི་ཕྱིར་རོ། །ཁོ་བོ་ཅིག་གིས་ནི་སྒྲས་དངོས་སུ་བ་ལང་མ་ཡིན་པ་དགག་པ་བྱེད་དོ་ཞེས་ཁས་བླངས་སོ། །འོ་ན་ཅི་ཞེ་ན། ཤུགས་ཀྱིས་སོ་ཞེས་བསྟན་ཟིན་ཏོ། །གང་གིས་བ་ལང་མིན་ལྡོག་པའི། །སྤྱི་ནི་བརྗོད་བྱ་ཞེས་གང་སྨྲས་པ་
དེ་ལ། དེ་འདྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་འདྲ་ཞེས་བྱ་བ་ནི་ཕྱིའི་ངོ་བོ་ཉིད་དུ་ཞེན་པའི་བློའི་རྣམ་པའོ། །འདི་ལ་འཐད་པ་བཤད་པ་ནི་ཁྲ་བོ་ལ་སོགས་ཞེས་བྱ་བ་ལ་སོགས་པ་སྟེ། ཁྲ་བོ་ལ་སོགས་པ་ཐམས་ཅད་ལ་བ་ལང་ཞེས་མཚུངས་པའི་ངོ་བོ་ཉིད་དུ་ངེས་པའི་ཕྱིར་དེ་དག་གི་དེ་སྤྱི་ཞེས་
བརྗོད་དོ། །ཕྱིའི་དངོས་པོའི་ངོ་བོ་ཉིད་ཀྱང་འཁྲུལ་པའི་ཤེས་པའི་དབང་གིས་ཐ་སྙད་དུ་བྱེད་ཀྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་སྟོན་པ་ནི། དངོས་པོ་སྙམ་དུ་ཞེན་པའི་ཕྱིར། །ཞེས་བྱ་བའོ། །གལ་ཏེ་ཕྱི་རོལ་གྱི་དངོས་པོ་ལ་བརྟེན་པའི་སྤྱི་དངོས་པོར་གྱུར་པ་དངོས་པོ་ཞིག་རེས་འགའ་དམིགས་
པར་གྱུར་ན། དེའི་ཆོས་མཐུན་པ་མཐོང་བ་ལས་དེ་ལ་སྤྱིར་འཁྲུལ་བར་འགྱུར་ཏེ། ཇི་སྲིད་དུ་ཁྱེད་ལ་དངོས་ཀྱི་དོན་མི་སྲིད་པ་ན་དེ་ཉིད་སྤྱིར་འཁྲུལ་པ་མི་འཐད་པ་མ་ཡིན་ནོ་ཞེས་དོགས་པ་བསུ་ནས། ཤེས་ཏེ་རང་གི་ངོ་བོ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐད་ཅིག་གིས་ནི་ཞེས་
བྱ་བ་ཆོས་མཐུན་པ་མཐོང་བ་ལ་སོགས་པ་ལ་ལྟོས་པ་མེད་པས་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་བཞིན་དུ་ནང་གི་བསླད་པ་ཁོ་ན་ལས་དེའི་ཤེས་པ་སྐྱེ་བ་ཡིན་ཏེ། འཁྲུལ་པ་ཐམས་ཅད་ཆོས་མཐུན་པ་མཐོང་བ་ཉིད་ལས་འབྱུང་བ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ནང་གི་བསླད་པ་ལས་
Vol. 191 · folio 340b
ཀྱང་ཡིན་པའི་ཕྱིར་སྐྱོན་མེད་དོ། །དེས་ན་གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་མི་འགྱུར་རོ་ཞེས་བསྟན་པའི་ཕྱིར་རོ། །དེ་ཡི་རྣམ་པ་དེ་ཉིད་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་རོལ་ཉིད་དུ་ཞེན་པའི་བློའི་རྣམ་པ་དེ་ཉིད་གཞན་སེལ་བ་ཞེས་བྱ་བ་དང་། སྒྲའི་དོན་ཞེས་ཕྱི་རོལ་གྱི་སྤྱི་དངོས་པོར་གྱུར་པ་བཞིན་དུ་བརྗོད་དོ། །
དེ་ལ་རྒྱུ་བཤད་པ། དེ་ལྟར་འཁྲུལ་པས་ངེས་ཕྱིར་རོ། །ཞེས་བྱ་བ་སྟེ། དེ་ལྟར་ཞེས་བྱ་བ་ནི་སྤྱིའི་ངོ་བོ་ཉིད་དང་དངོས་པོའི་ངོ་བོ་ཉིད་དུ་ཞེན་པའི་ཕྱིར་རོ། །སྒྲའི་དོན་ཉིད་དང་སེལ་བའི་ངོ་བོ་ཉིད་དག་གི་རྒྱུ་ནི། ཕྱི་རོལ་དོན་དུ་ཞེན་པ་ཡིས། །བློ་ནི་སྒྲ་ལས་འབྱུང་ཕྱིར་རོ། །སྣང་བ་གཞན་ལ་ཐ་དད་ཕྱིར། །
ཞེས་བྱ་བ་ལ་སོགས་པས་དང་པོ་ཉིད་དུ་བཤད་ཟིན་ཏོ། །ཡང་ཅིའི་ཕྱིར་དོན་དམ་པར་དེ་སྤྱིར་མི་འགྱུར་ཞེ་ན། ཡང་དག་ཏུ་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་བློ་ལས་ཐ་མི་དད་པ་འདི་དག་གིས་དོན་གཞན་དུ་གྱུར་ནས་སྤྱིར་འགྱུར་བ་དེ་ཅི་ལྟར་དོན་གཞན་གྱི་རྗེས་སུ་འབྲངས་པ་ཡིན། ཇི་
སྐད་དུ། ཤེས་ལས་ཐ་དད་མ་ཡིན་པ། །ཇི་ལྟར་དོན་གཞན་འབྲང་བར་འགྱུར། །ཞེས་བཤད་པ་བཞིན་ནོ། །དེ་ལྟ་བས་ན་གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་མི་འགྱུར་རོ། །ཁྱེད་ཅག་གིས་བ་ལང་ཉིད་ཅེས་བྱ་བའི་སྤྱི་རྣམ་པ་དངོས་པོར་འགྱུར་བ་མ་ཡིན་པའི་ངོ་བོར་ནི་མི་འདོད་དོ། །འོ་ན་ཅི་ཞེ་ན། ཕྱི་རོལ་
གྱི་ཁྲ་བོ་ལ་སོགས་པ་ལ་གནས་པ་གཅིག་རྗེས་སུ་འགྲོ་བ་དོན་དམ་པ་པའི་བ་ལང་ཉིད་ལ་སོགས་པའི་སྤྱི་བཏགས་པ་ཡིན་ཏེ། དེའི་ཕྱིར་གྲུབ་པ་ལ་བསྒྲུབ་པ་མ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །གལ་ཏེ་དགག་པ་ཙམ་ངོ་བོ་ཉིད་ཅེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ནི་ཁས་མ་བླངས་པ་
ཉིད་ཀྱི་ཕྱིར་སྐྱོན་མེད་དོ། །གང་ཡང་རྟ་སོགས་བློ་རྣམས་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པ་དེ་ལ། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གོ་བར་ཟད་དོ། །གང་ཡང་སྒྲ་དོན་དུ་འགྱུར་ན་དོན་ལ་མི་ལྟོས་པའོ་ཞེས་བྱ་བ་སྨྲས་པ་དེ་ལ། དེ་ནི་དོན་ལ་ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། གང་ལ་བརྒྱུད་ནས་དངོས་པོ་ལ་འབྲེལ་པ་ཡོད་པའི་རྣམ་པར་རྟོག་པ་དེ་ནི་འཁྲུལ་པ་ཡིན་ཡང་ནོར་བུའི་འོད་ལ་ནོར་བུའི་བློ་བཞིན་དུ་ཕྱི་རོལ་གྱི་དོན་ལ་ལྟོས་པ་མེད་པ་ཉིད་མ་ཡིན་ཏེ། དེའི་ཕྱིར་ཕྱི་རོལ་གྱི་དོན་ལ་ལྟོས་པ་མེད་པ་ཉིད་མ་གྲུབ་པོ། །གང་ཡང་། བློ་དེ་སྒྲ་ཡི་དོན་དག་ལ། །ཞེས་
Vol. 191 · folio 341a
བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། བདག་ཉིད་དེ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་བློ་དངོས་པོའི་ངོ་བོ་ཡིན་པ་དེ་ལྟ་ན་ཡང་དེ་ཕྱི་རོལ་གྱི་བདག་ཉིད་དེ་དང་བློ་གཞན་གྱི་བདག་ཉིད་ཀྱིས་དངོས་པོ་ཉིད་མ་ཡིན་ནོ་ཞེས། དེ་བདག་གཞན་གྱི་བདག་ཉིད་མིན། །ཞེས་བྱ་བ་
ལ་སོགས་པས་བསྟན་ཟིན་ཏོ། །དེས་ན་བློ་ནི་མི་སེམས་པའི། །དངོས་ཉིད་བརྗོད་པ་ཉིད་དུ་བརྟགས། །ཞེས་བྱ་བར་མི་འགྲུབ་སྟེ། ཤུགས་ཀྱིས་རྟོགས་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །ཇི་ལྟར་ཕྱི་རོལ་དོན་མེད་ཀྱང་། །ཞེས་བྱ་བ་འདི་ལ། གཟུགས་བརྙན་བདག་ཉིད་ཅེས་བྱ་བ་ལ་སོགས་
པ་སྨོས་ཏེ། ཇི་ལྟར་གཟུགས་བརྙན་གྱི་བདག་ཉིད་སྣང་བ་ཞེས་བྱ་བའི་སེལ་བ་ཁོ་བོ་ཅག་གིས་ངག་གི་དོན་དུ་བརྗོད་པ་དེ་བཞིན་དུ་ཚིག་གི་དོན་ཡང་ཡིན་ཏེ། གང་གི་ཕྱིར་ཚིག་ལས་ཀྱང་གཟུགས་བརྙན་གྱི་བདག་ཉིད་ཀྱི་སེལ་བ་འཐད་པ་ཉིད་ཡིན་ནོ། །དེའི་ཕྱིར་ཁོ་བོ་ཅག་གི་གཟུགས་བརྙན་གྱི་བདག་
ཉིད་སེལ་བ་ཡིན་ནོ། །ཡང་གི་སྒྲ་ནི་ངག་གི་དོན་འབའ་ཞིག་ཏུ་མ་ཟད་ཀྱི། ཚིག་གི་དོན་ཡང་ཞེས་བྱའོ། །དེས་ན་ལོག་པར་རྟོག་པ་མེད་པའི་ཕྱིར་ཀླན་ཀ་མི་རིགས་སོ་སྙམ་དུ་བསམས་པའོ། །བློ་ནི་བློ་གཞན་པ་དག་ལས། །རྣམ་པར་གཅོད་པ་རྟོགས་མ་ཡིན། །ཞེས་བྱ་བ་འདི་ལ། རང་གི་ངོ་
བོ་སྐྱེས་ཙམ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཁོ་ནའི་ཕྱིར་རང་གི་ངོ་བོ་སྐྱེ་བ་ཙམ་ལས་གཞན་གྱི་ཆ་བློ་དེས་མི་འཛིན་པ་དེ་ཁོ་ནའི་ཕྱིར་རང་རང་གི་ངོ་བོ་ལ་གནས་པས་བློ་བློ་གཞན་ལས་རྣམ་པར་གཅོད་པ་རྟོགས་པར་འགྱུར་བ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ། གཞན་གྱི་ངོ་བོ་འཛིན་ན་ཇི་
ལྟར་དེ་ལས་རྣམ་པར་བཅད་པ་རྟོགས་པར་འགྱུར། དེས་ན་ཞེས་བྱ་བ་ནི་རང་ལས་ཐ་དད་པའི་དངོས་པོའི་རང་གི་ངོ་བོ་ཉིད་ངེས་པར་མི་འཛིན་པས་སོ། །གལ་ཏེ་གཞན་སེལ་བརྗོད་བྱ་ན། །ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་གཞན་སེལ་བ་རང་བཞིན་
མེད་པའི་ཕྱིར་ཡོད་པ་མ་ཡིན་པའི་ངོ་བོ་ལ་ཕན་ཚུན་ཐ་དད་པ་མེད་པར་བརྗོད་པ་དེ་བཞིན་དུ་ཐ་དད་མེད་པ་ཡང་ཡིན་པས་དེའི་ཕྱིར་ཇི་ལྟར་ཐ་མི་དད་པའི་དོན་མེད་ན་རྣམ་གྲངས་པ་ཉིད་དུ་ཐལ་བར་བྱེད། འདི་ཉིད་གསལ་པོར་བྱ་བའི་ཕྱིར། །ཐ་དད་མེད་པའང་དངོས་གཅིག་ཉིད། །ཅེས་བྱ་
Vol. 191 · folio 341b
བ་སྨོས་སོ། །གལ་ཏེ་མེད་པ་དག་ལ་དངོས་པོ་གཅིག་མེད་པ་དེ་ལྟ་ན་ཡང་ཅིའི་ཕྱིར་རྣམ་གྲངས་པ་ཉིད་དུ་མི་འགྱུར་ཞེ་ན། དོན་གཅིག་ཉིད་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་སྙམ་དུ་མེད་པ་དག་ལ་གཅིག་གི་ངོ་བོ་ཉིད་ཡང་དག་པར་མེད་པ་དེ་ལྟ་ན་ཡང་བརྟགས་པ་པོ་ཡོད་དེ། དེས་ན་རྣམ་
གྲངས་པ་ཉིད་དུ་ཐལ་བར་འགྱུར་བར་རིགས་སོ་སྙམ་དུ་སེམས་ན། དེའི་ཕྱིར། ཇི་ལྟར་ངོ་བོ་མེད་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངོ་བོ་མེད་ན་ཡང་ཞེས་བྱ་བ་ནི། རང་བཞིན་མེད་ན་ཡང་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་སྒྲ་དག་ནི་རྣམ་གྲངས་པ་ཡིན་པའི་རྣམ་པར་གཞག་པ་སྒྲུབ་
སྙམ་ན། རྗོད་བྱེད་དངོས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་དམ་པར་སྒྲ་རྣམས་ཀྱི་བརྗོད་པར་བྱ་བ་ཐ་དད་པའམ་ཐ་དད་པ་མ་ཡིན་པའི་དངོས་པོ་འགའ་ཞིག་ཏུ་གྱུར་ན་དེའི་ཚེ་རྣམ་གྲངས་པར་འགྱུར་ན། ཇི་སྲིད་དུ་འདི་དག་གི་བརྗོད་པར་བྱ་བ་ཅུང་ཟད་ཡོད་པ་མ་ཡིན་ནོ་ཞེས། གང་
ཕྱིར་རང་གི་མཚན་ཉིད་རིགས། །དེ་འབྲེལ་རིགས་ལྡན་དེ་བཞིན་དུ། ཞེས་བསྟན་ཟིན་ཏོ། །འོ་ན་ཇི་ལྟར་རྣམ་གྲངས་ལ་སོགས་པར་རྣམ་པར་གཞག་ཅེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྤྱི་མེད་ན་ཡང་སྤྱིའི་སྒྲ་རྣམ་པར་གཞག་པའི་རྒྱུ་མཚན་ནི་འདི་ཡིན་ཏེ། མང་པོ་རྣམས་
ཀྱི་དོན་བྱ་བ་གཅིག་བྱེད་པ་གང་ཡིན་པའོ། །དངོས་པོ་ཁ་ཅིག་ནི་རང་བཞིན་གྱིས་མང་པོ་ཡིན་ན་ཡང་དོན་གྱི་བྱ་བ་གཅིག་བྱེད་པར་འགྱུར་ལ། དོན་གཅིག་བྱེད་པར་ནུས་པ་དེ་དག་བསྟན་པའི་ཕྱིར་ཐ་སྙད་འདོགས་པ་པོ་རྣམས་ཀྱིས་ཚེགས་ཆུང་བར་བྱ་བའི་ཕྱིར་གཅིག་གི་ངོ་བོར་སྒྲོ་བཏགས་ནས་སྒྲ་
གཅིག་སྦྱོར་བ་ཡིན་ཏེ། དཔེར་ན་སྦྲང་རྩི་དང་ཆུ་ལ་སོགས་པ་སྦྱོར་བའི་མཚན་ཉིད་ཀྱི་དོན་གཅིག་བྱེད་པར་ནུས་པའི་གཟུགས་ལ་སོགས་པ་མང་པོ་དག་ལ་བུམ་པ་ཞེས་བྱ་བའི་སྒྲ་འདི་སྦྱོར་བ་བཞིན་ནོ། །དེའི་ཡང་ཅིའི་ཕྱིར་རྗེས་སུ་འགྲོ་བ་གཅིག་མེད་པར་མང་པོ་དག་ལ་སྒྲ་གཅིག་སྦྱོར་བར་བྱེད་ཅེ་ན།
དཔེར་ན་རྗེས་འགྲོ་གཅིག་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་པ་ཙམ་ལ་རག་ལས་ཏེ་སྒྲ་རྣམས་དོན་ལ་སྦྱོར་ཏེ། འདི་ལྟར་གཟུགས་ཀྱི་རྣམ་པར་ཤེས་པར་འབྲས་བུ་གཅིག་པ་ཅན་གྱི་མིང་དང་གཟུགས་དང་སྣང་བ་དང་ཡིད་ལ་བྱེད་པ་དག་ལ་གལ་ཏེ་འགའ་ཞིག་འདོད་པའི་དབང་
Vol. 191 · folio 342a
གིས་རྗེས་སུ་འགྲོ་བའི་སྤྱི་གཅིག་མེད་ན་ཡང་ཚང་ཞེས་བྱ་བ་ལ་སོགས་པའི་སྒྲ་སྦྱོར་བར་བྱེད་དེ། དེས་ན་སུ་ཞིག་དེ་འགེགས་པར་འགྱུར་རོ། །མིག་ལ་སོགས་པ་དེ་དག་ལ་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་སྤྱི་གཅིག་ཡོད་པ་མ་ཡིན་ཏེ། འདི་ལྟར་ཁྱེད་ཅག་གིས་སྤྱི་དང་
བྱེ་བྲག་དང་འདུ་བ་དག་ཀྱང་མིང་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པར་འདོད་དེ། དེ་དག་ལ་སྤྱི་དང་འདུ་བ་ཡོད་པ་མ་ཡིན་ཏེ། སྤྱི་ནི་སྤྱི་མེད་པ་ཡིན་པའི་ཕྱིར་དང་། འདུ་བ་ཡང་འདུ་བ་གཉིས་པ་མེད་པའི་ཕྱིར་རོ། །འོན་ཏེ་བུམ་པ་ལ་སོགས་པ་ཇི་ལྟར་འབྲས་བུ་གཅིག་པར་བྱེད་པར་བརྗོད། ཇི་སྲིད་དུ་དེའི་
འབྲས་བུ་ཆུ་འཛིན་པ་ལ་སོགས་པ་དང་འཛིན་པའི་ཤེས་པ་ནི་རང་གི་མཚན་ཉིད་ཐ་དད་པས་ཐ་དད་པ་ཡིན་ནོ་ཞེ་ན། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་རང་གི་མཚན་ཉིད་ཐ་དད་པས་དེ་དག་གི་འབྲས་བུ་ཐ་དད་པ་དེ་ལྟ་ན་ཡང་། རེ་ཞིག་ཤེས་པ་ཞེས་བྱ་བའི་འབྲས་བུ་དོན་
གཅིག་ཏུ་ཞེན་པའི་སྲེ་བའི་ཤེས་པའི་རྒྱུ་ཉིད་ཀྱིས་གཅིག་ཅེས་བརྗོད་ལ། ཤེས་པ་དེའི་རྒྱུའི་དངོས་པོ་ཡིན་པའི་ཕྱིར་དོན་ཀྱང་ཡིན་ཏེ། སྦྲང་རྩི་དང་ཆུ་ལ་སོགས་པ་འཛིན་པ་ལ་སོགས་པའི་མཚན་ཉིད་ཀྱི་བུམ་པ་ལ་སོགས་པའི་མཚན་ཉིད་ཀྱང་ཐ་དད་མེད་པ་ཞེས་བརྗོད་དོ། །དེ་སྟོན་པ་ནི། དེ་བཞིན་
དེ་ཡི་རྒྱུ་ཡི་ཕྱིར། །ཞེས་བྱ་བའོ། །རྗོད་པ་ཡིན་ཞེས་བྱ་བའི་རྣལ་མའི་ཚིག་ཡོངས་སུ་བསྒྱུར་ནས་མང་པོའི་ཚིག་གི་མཐའ་ཅན་དུ་སྦྱར་བར་བྱ་ལ། ཡང་གི་སྒྲ་ནི་རིམ་པ་ཐ་དད་པ་སྟེ། དོན་ཞེས་བྱ་བའི་འོག་ཏུ་སྦྲེལ་བར་བྱའོ། །དེས་ན་དོན་གྱི་བྱ་བ་གཅིག་བྱེད་པ་འཐད་པ་ཉིད་ཡིན་ནོ། །འོན་ཏེ་དེ་
ལྟ་ན་ཐུག་པ་མེད་པར་འགྱུར་བ་མ་ཡིན་ནམ། འདི་ལྟར་འདིའི་སྲེ་བའི་ཤེས་པ་གང་ཡིན་པ་དེ་ཡང་རང་གི་མཚན་ཉིད་ཐ་དད་པས་ཐ་དད་པར་འགྱུར་པའི་ཕྱིར་གཅིག་ཉིད་དུ་མི་འགྲུབ་ལ། དེ་ལྟ་ཡིན་དང་དེ་ལ་ཡང་གཅིག་ཉིད་དུ་བསྒྲུབ་པར་བྱ་བའི་ཕྱིར་རོ། །གཅིག་གི་རྣམ་པ་ཅན་སྲེའི་འབྲས་
བུ་གཞན་གྱི་རྗེས་སུ་འབྲང་བས་ཐུག་པ་མེད་པར་འགྱུར་རོ། །དེ་ལྟ་བས་ན་འབྲས་བུ་གཅིག་པ་ཉིད་དུ་མི་གནས་པས་གང་དུ་ཡང་སྒྲ་གཅིག་སྦྱོར་བར་འགྲུབ་པར་མི་འགྱུར་རོ་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། སྲེ་བའི་ཤེས་པ་འབྲས་བུ་གཅིག་པ་ཉིད་ཀྱིས་གཅིག་པ་བརྗོད་པ་ནི་མ་ཡིན་
Vol. 191 · folio 342b
ནོ། །འོ་ན་ཅི་ཞེ་ན། དོན་གཅིག་ཏུ་ཞེན་པ་ཉིད་ཀྱིས་སོ། །དེས་ན་ཐུག་པ་མེད་པར་མི་འགྱུར་ཏེ། སྲེ་བའི་ཤེས་པ་ཐམས་ཅད་དོན་གཅིག་ཏུ་ཞེན་པ་ཉིད་དུ་རང་ཉིད་ལས་གྲུབ་པའི་ཕྱིར་རོ། །དེས་ན་དོན་འདི་ཡིན་ཏེ། རྣམ་པ་གཅིག་པ་ཅན་གྱི་སྲེ་བའི་ཤེས་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཤེས་སྤང་ཞེས་
བྱ་བའི་འབྲས་བུ་གཅིག་ཅེས་བྱ་ལ། དེའི་རྒྱུའི་དངོས་པོ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པའི་དོན་ཡང་གཅིག་ཉིད་དུ་ཐ་སྙད་དུ་བྱ་བའི་སྣོད་ཡིན་ན །དེའི་ཕྱིར་སྤྱི་དངོས་པོར་གྱུར་པ་མེད་ན་ཡང་བུམ་པ་ལ་སོགས་པ་སྤྱི་བརྗོད་པར་གྲུབ་པར་འགྱུར་རོ་ཞེས་མཇུག་བསྡུ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་
པ་སྨོས་སོ། །དངོས་པོ་གཅིག་ལ་སྤྱི་དང་བྱེ་བྲག་མེད་ན་ཡང་སྒྲ་དུ་མ་མ་འཆོལ་བར་འཇུག་པར་འགྱུར་བ་ཉིད་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་གཅིག་ཡིན་ན་ཡང་རང་བཞིན་གྱིས་ཚོགས་པ་གཞན་གྱི་ནང་དུ་གཏོགས་པའི་དབང་གིས་དོན་གྱི་བྱ་
བ་དུ་མ་བྱེད་པར་འགྱུར་བ་ཡིན་ཏེ། དེ་ལ་སྤྱི་དངོས་པོར་གྱུར་པ་ལ་སོགས་པའི་ཆོས་ཐ་དད་པ་མེད་ན་ཡང་དེའི་འབྲས་བུ་མ་ཡིན་པའི་དངོས་པོ་ལས་ཐ་དད་པ་མང་པོ་སྟེ་ཆོས་དུ་མ་སྒྲོ་བཏགས་པ་ལས་སྒྲ་དུ་མ་སྦྱོར་བར་བྱེད་པ་ཡིན་ནོ། །འདི་ལ་དཔེར་བརྗོད་པ་བཤད་པ་ནི་དཔེར་ན་ཞེས་བྱ་བ་ལ་
སོགས་པ་སྟེ། གཟུགས་ནི་རང་གི་ཡུལ་དུ་གཞན་འབྱུང་བའི་གེགས་བྱེད་པའི་ཕྱིར་ཐོགས་བཅས་ཞེས་བྱ་ལ། བསྟན་པ་ནི་མིག་གི་རྣམ་པར་ཤེས་པ་ཡིན་ལ་དེ་བསྐྱེད་པའི་ཕྱིར། དེ་དང་ལྷན་ཅིག་ཏུ་འཇུག་པས་བསྟན་དུ་ཡོད་པའོ། །དཔེར་བརྗོད་པ་གཉིས་པ་ཡང་སྟོན་པ་ནི། དཔེར་ན་སྒྲ་
ནི་ཞེས་བྱ་བ་ལ་སོགས་པ་སྟེ། དཔེར་ན་སྒྲ་གཅིག་ཡིན་ན་ཡང་རྣ་བའི་རྣམ་པར་ཤེས་པའི་འབྲས་བུ་ཅན་ཡིན་པའི་ཕྱིར། མཉན་པར་བྱ་བ་ཡིན་ལ། མཉན་པ་ནི་སྒྲ་སྟེ། ཉན་པའི་ཤེས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་སྣང་བ་ཉིད་ཀྱིས་དེའི་དངོས་པོ་ནི་མཉན་པར་བྱའོ། །ཡང་ན་མཉན་པས་
གཟུང་བར་བྱ་བ་ཡིན་པའི་ཕྱིར་མཉན་པར་བྱ་བ་ཡིན་ལ་བརྩལ་མ་ཐག་ཏུ་འབྱུང་བའི་ཤེས་པ་འབྲས་བུ་ཅན་ཡིན་པའི་ཕྱིར་བརྩལ་མ་ཐག་ཏུ་འབྱུང་བའི་ཤེས་པ་ཞེས་བརྗོད་དོ། །དེ་ལྟར་དེའི་འབྲས་བུ་མ་ཡིན་པ་ལས་ཐ་དད་པས་གཅིག་ལ་ཡང་སྒྲ་དུ་མ་སྦྱོར་རོ་ཞེས་སྟོན་ཏོ། ད་ནི་དེ་མ་ཡིན་པ་
Vol. 191 · folio 343a
ལས་ཐ་དད་པས་ཀྱང་འགའ་ཞིག་ཏུ་སྒྲ་སྦྱོར་བར་བྱེད་དོ་ཞེས་སྟོན་པ་ནི། དེ་རྒྱུ་མིན་ལས་ཐ་དད་པས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྦྲང་བུ་ལས་བྱུང་ཞེས་བྱ་བ་ནི་ར་རོ་བར་བྱེད་པའི་སྦྲང་རྒོད་ལས་བྱུང་བའི་སྦྲང་རྩི་ལས་ལྡོག་པའོ། །དེ་ལྟར་དེའི་འབྲས་བུ་དང་རྒྱུ་མ་ཡིན་པའི་
དངོས་པོ་ལས་ཐ་དད་པས་དངོས་པོ་གཅིག་ལ་སྒྲ་ཐ་དད་པར་བསྟན་ཏོ། །ད་ནི་དེའི་འབྲས་བུ་དང་རྒྱུའི་དངོས་པོ་རྣམ་པར་བཅད་པ་ཙམ་བསྟན་པར་འདོད་ནས་སྤྱི་མེད་པར་ཡང་སྒྲ་ཐ་དད་པས་སྦྱོར་བར་བསྟན་པའི་ཕྱིར་རོ། །དེ་འབྲས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་རྒྱུ་དང་འབྲས་བུ་དེ་
དག་གང་དག་ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་དག་མ་འདྲེས་པ་ནི་ལྡོག་པའོ། །ཡང་སྒྲ་འདི་ཡང་གང་ཞིག་ཅེ་ན། གཟུགས་ནི་མཉན་བྱ་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་མཉན་པའི་ཤེས་པ་རྣམ་པར་བཅད་པའི་སྒོ་ནས་གཟུགས་མཉན་པར་བྱ་བ་མ་ཡིན་ཞེས་བརྗོད་ལ་དེ་བཞིན་དུ་
རྩོལ་བའི་རྒྱུ་བུམ་པའི་དངོས་པོ་རྣམ་པར་བཅད་ནས་གློག་གི་རྩོལ་བ་ལས་མ་བྱུང་བའོ་ཞེས་བརྗོད་དོ། །དེ་ལྟར་སྤྱི་ལ་སོགས་པ་དངོས་པོར་གྱུར་པ་མེད་པར་ཡང་སྒྲ་རྣམས་ཐ་དད་དུ་སྦྱོར་བ་ནི་ལྡོག་པས་བྱས་པ་ཉིད་ཡིན་ནོ་ཞེས་བསྟན་ནས། རྣམ་གྲངས་པ་ཉིད་ཐལ་བར་འགྱུར་བ་མེད་པར་བསྟན་པའི་ཕྱིར།
དེ་ལྟ་བུ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པ་སྨོས་པས་གནས་སྐབས་ཀྱི་ཁྱད་པར་རྗོད་པར་བྱེད་པ་བྱས་པ་ལ་སོགས་པའི་སྒྲ་དང་བདག་མེད་པ་ལ་སོགས་པའི་སྒྲ་གཟུང་ངོ་། །ཐ་དད་དོན་གྱི་རྒྱུ་མཚན་ཅན། །ཞེས་བྱ་བ་ནི་ཐ་དད་པ་ནི་དེ་དང་དེ་ལས་ལྡོག་པའི་རྒྱུ་མཚན་ལྡོག་པ་གང་དག་
ལ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །དེ་བཞིན་ཞེས་བྱ་བའི་ལྡོག་པ་བཞིན་ནོ། །དེའི་མཐར་ཐུག་ཅེས་བྱ་བ་ནི་ལྡོག་པའི་དོན་གྱི་མཐར་ཐུག་པ་སྟེ། འོལ་ཕྱིར་རྣམ་པ་དེ་ལྟ་བུའི་དངོས་པོ་རྟོགས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་རོ། །མཉན་པ་ཞེས་བྱ་བ་ནི་སྒྲ་རྣམས་སོ། །འདི་སྙམ་དུ་དོན་ཐ་དད་དུ་
བཏགས་པའི་ཕྱིར་འདི་དག་རྣམ་གྲངས་པ་ཉིད་དུ་མ་གྱུར་མོད། སྤྱི་དང་བྱེ་བྲག་མེད་པར་འདི་དག་གི་སྤྱི་དང་བྱེ་བྲག་གི་རྣམ་པར་གཞག་པ་ཇི་ལྟར་འགྲུབ་པར་འགྱུར་སྙམ་དུ་སེམས་ན། དེའི་ཕྱིར་མང་དང་ཉུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་གི་སྒྲ་ནི་སེང་ལྡེང་དང་ད་བ་དང་པ་ལ་ཤ་ལ་སོགས་པ་
Vol. 191 · folio 343b
ཐམས་ཅད་ལ་ཤིང་མ་ཡིན་པ་རྣམ་པར་བཅད་པ་ཙམ་གྱི་གཟུགས་བརྙན་སྐྱེད་པར་བྱེད་པ་ཡིན་ནོ། །དེས་ན་འདིའི་ཡུལ་མང་པོ་ཡིན་པའི་ཕྱིར་སྤྱི་བརྗོད་བྱར་བརྗོད་ལ། ད་བ་ལ་སོགས་པའི་སྒྲ་ནི་སེང་ལྡེང་ལ་སོགས་པ་ཤིང་གི་ལྡོག་པ་ཅུང་ཟད་ཅིག་ཞེན་པའི་རྣམ་པར་རྟོག་པ་སྐྱེད་པའི་ཕྱིར་ཁྱད་པར་བརྗོད་བྱར་
བརྗོད་དོ། །འོན་ཏེ་བསལ་བྱ་ཐ་དད་པས། །ཞེས་བྱ་བ་ལ་སོགས་པ་ལ། རྣམ་རྟོག་བཟོ་ཡིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་དམ་པར་བསལ་བར་བྱ་བ་ཐ་དད་པ་དང་རྟེན་ཐ་དད་པས་སེལ་བ་ཐ་དད་པར་འདོད་པར་འགྱུར་ན་དེའི་ཚེ་སྐྱོན་དེར་འགྱུར་ན། ཇི་སྲིད་དུ་རྣམ་པར་རྟོག་པས་རིགས་མཐུན་པ་
དང་རིགས་མི་མཐུན་པའི་དངོས་པོ་ལས་ཐ་དད་པའི་རྒྱུ་མཚན་ཅན་གྱི་ལྡོག་པ་ཐ་དད་པ་རྟོག་པར་བྱེད་ཀྱི་དོན་དམ་པར་ནི་མ་ཡིན་ནོ། །དེ་དག་ཀྱང་རྟོག་པའི་དབང་གིས་དངོས་པོ་ལས་ཐ་དད་པ་ཉིད་སྣང་གི་དོན་དམ་པར་ནི་མ་ཡིན་ནོ་ཞེས་སྟོན་པ་དེ་དག་ཅེས་བྱ་བ་ལ་སོགས་པའོ། །ཅིའི་ཕྱིར་ཡང་དག་པ་མ་ཡིན་
ཞེ་ན། ཐ་དད་ཐ་དད་མེད་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་དམ་པར་རྣམ་པར་རྟོག་པ་ཁོ་ན་ཐ་དད་པར་འགྱུར་བ་ཡིན་ནོ་ཞེས་སྟོན་པ་ནི། །ཤིང་གི་ས་བོན་ཞེས་བྱ་བ་ལ་སོགས་པ་སྟེ། ས་བོན་ཡང་ཐོག་མ་མེད་པའི་རྣམ་པར་རྟོག་པའི་བག་ཆགས་ཡིན་ལ་དུ་མ་དང་མ་འདྲེས་པའི་དངོས་པོ་ཡང་
ཡིན་ལ། བརྡ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །འདི་དག་གི་ནུས་པ་ནི་མཐུས་ཏེ་དེ་ལས་རིགས་མི་མཐུན་པའི་དངོས་པོ་དུ་མ་ལས་ལྡོག་པའི་དངོས་པོ་ངེས་པའི་རྣམ་པར་རྟོག་པ་ཐ་དད་པར་འགྱུར་གྱི། དོན་ནི་མ་ཡིན་ཏེ། འདི་ལྟར། ཤིང་ལ་སོགས་པ་སྤྱིའི་ངོ་བོས་ད་བ་ལ་སོགས་པ་གཅིག་
གི་བདག་ཉིད་དུ་མི་རྟོགས་ལ། སྐད་ཅིག་མ་དང་བདག་མེད་པ་ལ་སོགས་པའི་ཆོས་ཐ་དད་པས་ཕྱིར་དུམ་བུ་དུམ་བུར་འབྱེད་པར་འགྱུར་བ་ཡང་མ་ཡིན། །རྣམ་པར་རྟོག་པ་ཉིད་དུ་དེ་ལྟར་བསླབ་པ་འབའ་ཞིག་ཏུ་ཟད་དེ། དོན་ནི་མ་ཡིན་ནོ། །ཇི་སྐད་དུ། དམ་པའི་དོན་གྱི་དོན་རྣམས་ནི། །རང་
གིས་འདྲེ་པ་ཐ་དད་མེད། །དེ་ལ་ངོ་བོ་གཅིག་པ་དང་། །དུ་མ་བློ་ཡིས་བསླད་པ་ཡིན། །ཞེས་བཤད་པ་བཞིན་ནོ། །གང་ཡང་། འདྲ་བ་ཉིད་དུ་མ་གྲུབ་པའི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། ཆོས་གཅིག་རྗེས་འགྲོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསལ་བར་བྱ་བ་དང་སེལ་
Vol. 191 · folio 344a
བའི་སྤྱོད་ཡུལ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ལྟར་བསལ་བར་བྱ་བ་ནི་རྟ་ལ་སོགས་པ་སྟེ། བ་ལང་གི་སྒྲ་ནི་དེ་བསལ་ནས་འཇུག་པའི་ཕྱིར་རོ། །སེལ་བའི་སྤྱོད་ཡུལ་ནི་ཁྲ་བོ་ལ་སོགས་པ་སྟེ། སེལ་བའི་ཡུལ་ནི་དེ་ཡིན་པའི་ཕྱིར་རོ། །དེས་ན་གལ་ཏེ་ཡང་སྤྱིའི་ངོ་བོ་རྗེས་སུ་འགྲོ་བ་
གཅིག་མེད་པ་དེ་ལྟ་ན་ཡང་འདྲ་བ་ཉིད་དུ་གྲུབ་པ་གང་དག་ཡིན་པ་འདི་དག་ནི་གཅིག་ཏུ་རྟོག་པའི་ཤེས་པའི་རྒྱུ་ཡིན་ལ། བཟློག་པ་གང་དག་ཡིན་པ་དེ་དག་ནི་ཕྱིན་ཅི་ལོག་ཡིན་ནོ། །འདི་སྙམ་དུ་སྤྱི་གཅིག་མེད་པར་ཡང་དོན་ཐ་དད་པ་དག་ཇི་ལྟར་གཅིག་ཏུ་རྟོགས་པ་དེའི་རྒྱུར་འགྲུབ་པར་འགྱུར་སྙམ་
དུ་སེམས་ན། དེའི་ཕྱིར། གཅིག་སྟེ་རྟོག་པའི་ཤེས་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྤྱི་མེད་པར་ཡང་སྟ་ཏྲི་ལ་སོགས་པའི་དོན་གྱི་བྱ་བ་གཅིག་བྱེད་པར་འགྱུར་བ་དེ་བཞིན་དུ་དངོས་པོ་ཐ་དད་པ་འགའ་ཞིག་ཀྱང་གཅིག་ཏུ་རྟོག་པའི་རྒྱུར་འགྱུར་བ་ཡིན་ནོ་ཞེས་བྱ་བ་འདི་ནི་སྤྱི་བརྟག་
པར་བསྟན་ཟིན་ཏོ། །རྗེས་སུ་འགྲོ་བ་དང་བྲལ་བའི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། དེ་མིན་ངོ་བོ་ལས་ལྡོག་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཡང་སྤྱི་དངོས་པོར་གྱུར་པ་མེད་པ་དེ་ལྟ་ན་ཡང་རིགས་མི་མཐུན་པ་ལས་ལྡོག་པའི་རང་བཞིན་མཚན་ཉིད་ཙམ་ཉིད་ཀྱིས་རྗེས་སུ་བྱེད་པར་
འགལ་བ་མེད་དོ། །ཇི་ལྟར་ཞེ་ན། གང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ན་ཞེས་བྱ་བ་ནི་ས་ཕྱོགས་གང་ནའོ། །འདི་ན་ཡང་དུ་བ་མ་ཡིན་པ་ལས་ཐ་དད་པའི་རང་གི་མཚན་ཉིད་ཡོད་པ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་ལ་ཆོས་ཉེ་བར་བསྟན་པའོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཚད་མའི་འབྲས་བུ་ཉེ་
བར་སྟོན་པའོ། །ཡང་ན་རང་གི་མཚན་ཉིད་ཀྱིས་རྗེས་སུ་འགྲོ་བ་བྱེད་པ་ན་ཡན་ལག་ལྔ་ཡང་བསྟན་པར་ནུས་པ་ཡིན་ནོ་ཞེས་བསྟན་ཏོ། །འདི་ཡང་འབྲས་བུའི་གཏན་ཚིགས་བཤད་པའོ། །རང་བཞིན་གྱི་གཏན་ཚིགས་སྨྲས་པ། མིའི་རྭ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མེད་པ་ལས་ལྡོག་པའི་རང་
གི་མཚན་ཉིད་གང་ཡིན་པ་དེ་ཐམས་ཅད་ནི་དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་བསྟན་པ་ལས་ཀྱང་ལྡོག་པ་ཡིན་ཏེ། བློ་དང་སྒྲོན་མ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་སྒྲ་ལ་སོགས་པའི་རང་གི་མཚན་ཉིད་འདི་ཡང་མེད་པའི་ངོ་བོ་མ་ཡིན་ནོ་ཞེས་བྱའོ། །དེའི་ཕྱིར་རིགས་པ་འདིས་ཁྱད་པར་ལ་མ་
Vol. 191 · folio 344b
རེག་པའི་ཕྱིར་རང་གི་མཚན་ཉིད་ཀྱིས་རྗེས་སུ་འགྲོ་བ་བྱེད་པ་ན་མི་འགལ་ལོ། །འདི་ཡང་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ནི་རྗེས་སུ་འགྲོ་བ་བསྟན་པ་ཡིན་ནོ། །གལ་ཏེ་རང་གི་མཚན་ཉིད་ཀྱི་རྗེས་སུ་འགྲོ་བ་དེ་ལྟ་ན། ད་ནི་ཇི་ལྟར་རྗེས་སུ་དཔག་པའི་སྤྱིའི་མཚན་ཉིད་ཡུལ་ཅན་དུ་འགྲུབ་པར་འགྱུར་ཞེ་ན། དེའི་
ཕྱིར། ཁྱད་པར་བརྗོད་པར་མི་འདོད་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རང་གི་མཚན་ཉིད་དེ་ཉིད་ཁྱད་པར་བརྗོད་པར་མི་འདོད་པ་ནི་སྤྱིའི་མཚན་ཉིད་ཅེས་བྱ་སྟེ། ཁྱད་པར་ཡོངས་སུ་མི་འཛིན་པའི་སྤྱིར་མཚོན་ཅིང་ངེས་པར་བྱེད་པས་སྤྱིའི་མཚན་ཉིད་དོ། །གཞན་ཡང་མ་ཡིན་ཞེས་བྱ་བ་ནི་མུ་སྟེགས་བྱེད་ཀྱིས་མངོན་
པར་འདོད་པ་སྟེ། དེ་མི་འདོད་པའི་ཕྱིར་རོ། །ཇི་སྐད་དུ། དེ་ཉིད་རང་གཞན་ངོ་བོ་ཡིས། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་འདོད། །ཅེས་བཤད་པ་བཞིན་ནོ། །དེ་བཞིན་དུ་གཞན་ཡང་། དེ་མིན་རང་བཞིན་ལས་ལྡོག་པའི། །དངོས་པོ་ཙམ་ཞིག་རབ་བསྒྲུབ་ཕྱིར། །རྟགས་སྤྱིའི་ཡུལ་ཅན་དུ་བརྗོད་དེ། །ཁྱད་
པར་གནས་པ་མེད་ཕྱིར་རོ། །ཞེས་བཤད་དོ། །དེ་ཡང་སྒྲ་དང་རྟགས་དག་གི་ལྷན་ཅིག་སྤྱོད་པ་ཡང་རང་གི་མཚན་ཉིད་ཀྱིས་བསྟན་ཏེ། ཁོ་བོ་ཅག་གིས་མ་མཐོང་བ་ཙམ་གྱིས་མི་མཐུན་པའི་ཕྱོགས་ལ་གཏན་ཚིགས་མེད་པར་ངེས་པར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། མི་དམིགས་པའི་ཁྱད་པར་ལས་སོ་སྙམ་དུ་
བསམས་པ་ཡིན་ནོ། །གང་ཡང་། ཁྲ་བོ་ལས་ནི་ཐ་དད་ཉིད། །ཅེས་བྱ་བ་ལ་སོགས་པ་སྨྲས་པ་གང་ཡིན་པ་དེ་ལ་ཁྲ་མོའི་བུ་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེར་སྐྱའི་བུ་དང་རྟ་གཉིས་ཁྲ་མོའི་བུ་ལས་ཐ་དད་པར་མཚུངས་ན་ཡང་ཅིའི་ཕྱིར་རྟ་ཡོངས་སུ་སྤངས་ནས་ཁྲ་མོ་ལ་སོགས་པ་དེ་དག་ཉིད་ལ་བ་
ལང་ཉིད་འཇུག་གི་རྟ་ལ་ནི་མ་ཡིན་ཞེས་བྱ་བ་འདི་ཁྱེད་ཅག་གིས་བརྗོད་པར་འོས་སོ། །འདི་སྙམ་དུ་འདི་ལ་ཅི་ཞིག་བརྗོད་པར་བྱ། དེའི་བ་ལང་ཉིད་དེ་མངོན་པར་གསལ་བ་ལ་ཁྲ་བོ་ལ་སོགས་པ་ཉིད་ནུས་ཀྱི། རྟ་ལ་སོགས་པ་ནི་མ་ཡིན་ཏེ་དེའི་ཕྱིར་དེ་ཉིད་ལ་འཇུག་གི་གཞན་ལ་ནི་མ་ཡིན་ནོ། །ཅིའི་ཕྱིར་
དེ་མངོན་པར་གསལ་བ་ལ་ཁྲ་བོ་ལ་སོགས་པ་ཉིད་ནུས་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་བརྒལ་ཞིང་བརྟག་པར་རིགས་པ་མ་ཡིན་ཏེ། འདི་ལྟར་འདི་ནི་དངོས་པོའི་རང་བཞིན་སོ་སོར་ངེས་པ་ཡིན་ནོ། །དངོས་པོ་རྣམས་ཀྱི་རང་བཞིན་ལ་ནི་བརྒལ་ཞིང་བརྟག་པར་འོས་པ་མ་ཡིན་ཏེ།
Vol. 191 · folio 345a
དེ་དག་གི་རང་བཞིན་ཐ་དད་པ་སོ་སོར་ངེས་པ་ནི་རང་གི་རྒྱུ་བརྒྱུད་པས་བྱས་པ་ཉིད་ཀྱི་ཕྱིར་རོ། །འདིར་སྨྲས་པ། གལ་ཏེ་དེ་གསལ་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བ་ལང་ཉིད་དོ། དེ་ཉིད་ཅེས་བྱ་བ་ནི་ཁྲ་བོ་ལ་སོགས་པ་སྟེ་རྟ་ནི་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཐ་དད་ཀྱང་སྤྱི་མེད་པར་ཡང་
མཚུངས་པར་རྟོག་པ་སྐྱེད་པ་ལ་ཁྲ་བོ་ལ་སོགས་པ་ཁོ་ན་ནུས་ཀྱི། རྟ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཁོ་བོ་ཅག་གི་ཕྱོགས་ལ་མི་འགལ་བ་ཁོ་ནའོ། །དེ་ལས་ཅིར་འགྱུར་ཞེ་ན། དངོས་པོ་གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྲ་བོ་ལ་སོགས་པའི་དངོས་པོ་གང་ལ་བ་ལང་ངོ་ཞེས་བྱ་བ་དེ་ལྟ་བུའི་གཅིག་
ཏུ་རྟོག་པའི་ཤེས་པ་སྐྱེ་བ་དེ་ཉིད་ལ་དངོས་པོར་གྱུར་པའི་བ་ལང་གི་རིགས་མེད་ན་ཡང་བ་ལང་མ་ཡིན་པ་སེལ་བ་གཟུགས་བརྙན་གྱི་བདག་ཉིད་འཇུག་པ་ཡིན་ནོ། །བ་ལང་མིན་སེལ་དབང་པོས་ཀྱང་། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ནི་མ་གྲུབ་པོ་ཞེས་བསྟན་པའི་ཕྱིར། བ་ལང་མིན་ལྡོག་ཅེས་བྱ་བ་
ལ་སོགས་པ་སྨོས་ཏེ། དེ་ལ་རེ་ཞིག་རང་གི་མཚན་ཉིད་ཀྱི་སེལ་བ་ནི་དབང་པོས་ངེས་པར་བྱ་བ་ཁོ་ནའོ། །གང་ཡང་དོན་གྱི་གཟུགས་བརྙན་གྱི་བདག་ཉིད་ཀྱི་སེལ་བ་དེ་ནི་དོན་དམ་པར་བློའི་རང་བཞིན་ཡིན་པའི་ཕྱིར་རང་རིག་པའི་མངོན་སུམ་ཉིད་ཀྱིས་གྲུབ་པོ། །ཀྱང་གི་སྒྲ་ནི་མ་བཤད་པའི་དོན་སྡུད་པ་སྟེ།
དེས་ན་མེད་པར་དགག་པའི་བདག་ཉིད་ཀྱང་ཤུགས་ཀྱིས་རྟོགས་པར་བྱེད་པ་ཡིན་ཏེ། དེའི་བདག་ཉིད་ནི་གཞན་གྱི་བདག་ཉིད་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་རང་གི་མཚན་ཉིད་ལ་སོགས་པའི་ངོ་བོའི་སེལ་བ་འདི་ཉིད་མཐོང་ན་སྟེ་ཤེས་ནས་འཇིག་རྟེན་གྱི་སྒྲ་སྦྱོར་གྱི་སྤྱི་དངོས་པོར་གྱུར་པ་
ལ་ནི་མ་ཡིན་ཏེ། དེ་མེད་པའི་ཕྱིར་དང་། མི་སྣང་བའི་ཕྱིར་རོ། །གང་ཁོ་ན་མཐོང་ནས་འཇིག་རྟེན་གྱི་སྒྲ་སྦྱོར་བ་དེ་ཉིད་ཀྱིས་དེའི་འབྲེལ་པ་རྟོགས་ཀྱི་གཞན་གྱིས་ནི་མ་ཡིན་ཏེ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །བ་ལང་མིན་པའི་སྒྲས་རྗོད་བྱེད། །ཇི་ལྟར་ཡང་ནི་གོ་བར་བྱ། །ཞེས་གང་སྨྲས་པ་འདི་
ལ། དངོས་པོ་གང་ལ་དེ་འདྲ་བའི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །གང་ཡང་། གྲུབ་ན་འང་བ་ལང་མིན་བསལ་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །བ་ལང་ལ་སོགས་པའི་དངོས་པོ་རྣམས་ནི་རང་ཉིད་ཀྱིས་ཐ་དད་དུ་རྟོགས་པའི་ཤེས་པ་སྐྱེད་པར་བྱེད་པ་ན་ཡང་རྣམ་པར་ཕྱེ་ནས་ཡང་དག་པར་
Vol. 191 · folio 345b
ངེས་པ་ཡིན་ལ། དེ་ལ་ཐ་སྙད་ཀྱི་དོན་དུ་ཐ་སྙད་འདོགས་པ་པོ་རྣམས་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་མ་གྲུབ་པའི་སྒྲ་སྦྱོར་བ་ཡིན་ནོ། །འདི་ལྟར་གལ་ཏེ་དངོས་པོ་ཐ་དད་པའི་རང་གི་ངོ་བོ་རྟོགས་པར་བྱ་བའི་དོན་དུ་དངོས་པོ་གཞན་འཛིན་པ་ལ་ལྟོས་པ་དེའི་ཚེ་ཕན་ཚུན་བསྟེན་པའི་སྐྱོན་དུ་འགྱུར་ན། ཇི་སྲིད་དུ་
གཞན་འཛིན་པ་མེད་པ་ཁོ་ནར་དངོས་པོའི་ཐ་དད་པ་རིགས་པ་ཡིན་ལ། དེ་ལ་ཐ་དད་པའི་རྣམ་པར་རྟོག་པ་ཅན་གྱི་རྒྱུ་ཡིན་པ་ཉིད་ཀྱིས་རྣམ་པར་ཕྱེ་ནས་གྲུབ་པ་ན་བ་ལང་དང་བ་ལང་མ་ཡིན་པ་ཞེས་བྱ་བ་ཇི་ལྟར་འདོད་པར་བརྡ་བྱེད་པའི་ཕྱིར་ཇི་ལྟར། ཕན་ཚུན་བསྟེན་པ་ཉིད་དུ་འགྱུར། །རིག་པ་ལ་ཞེས་བྱ་བ་རིག་
པའི་དོན་དུའོ། །གང་ཡང་། རྟེན་དང་བརྟེན་པར་འཇུག་སོགས་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། སྒྲ་ལས་བྱུང་བའི་བློ་འདི་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་སེལ་བར་བྱ་བའི་ཁྱད་པར་འགའ་ཞིག་སྒྲ་དག་གིས་བརྗོད་པ་མ་ཡིན་ཏེ། གང་གི་ཕྱིར་ཇི་ལྟར་སྒྲས་དངོས་པོ་
འགའ་ཞིག་ལ་ཡང་རེག་པ་མ་ཡིན་ཏེ། གང་དུ་ཡང་བརྡ་མ་བྱས་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་བཤད་ཟིན་ཏོ། །འདི་ལྟར་སྒྲ་ལས་བྱུང་བའི་བློའི་ཕྱི་རོལ་གྱི་དོན་ཡུལ་མ་ཡིན་ན་ཡང་རང་གི་གཟུང་བ་སྟེ། རང་གི་རྣམ་པ་ཕྱི་རོལ་ཉིད་དུ་ངེས་པ་སྐྱེད་པར་བྱེད་ཀྱི་དོན་དམ་པར་དངོས་པོའི་རང་བཞིན་ལ་རེག་པ་ནི་མ་
ཡིན་ཏེ། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་མ་ངེས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཇི་ལྟར་སློབ་དཔོན་གྱིས་ཨུཏྤ་ལ་སྔོན་པོ་ལ་སོགས་པའི་སྒྲས་དོན་གཞན་ལས་ལྡོག་པའི་ཁྱད་པར་ཅན་གྱི་དོན་བརྗོད་དོ་ཞེས་བཤད་ཅེ་ན། དེའི་ཕྱིར། མཚན་ཉིད་བྱེད་པ་དག་གིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་
བརྗོད་པར་འདོད་པ་ཡང་གང་ཞིག་ཅེ་ན། དངོས་གང་གཞན་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་ནི་རྣམ་པ་གཉིས་ཏེ། ཕྱི་དང་བློ་ལ་ཡོད་པའོ། །དེ་ལ་ཕྱི་རོལ་ནི་དོན་དམ་པར་སྒྲ་རྣམས་ཀྱིས་བརྗོད་པ་མ་ཡིན་གྱི། དེ་ངེས་པར་བྱེད་པའི་རྣམ་པར་རྟོག་པ་སྐྱེད་པའི་ཕྱིར་ཉེ་བར་བཏགས་ནས་སྒྲའི་
དོན་དུ་བརྗོད་པ་འབའ་ཞིག་ཏུ་ཟད་དོ། །བཏགས་པའི་དགོས་པ་ཡང་རིགས་བརྗོད་པ་སེལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་སྤྱིའི་དོན་ཏོ།། །།ཡན་ལག་གི་དོན་བརྗོད་པར་བྱ་སྟེ། གཞན་ལས་གཞན་ཞེས་བྱ་བ་ནི་གཞན་ལས་གཞན་ཉིད་དེ་ལྡོག་པའོ། །གཞན་ལས་གཞན་པའི་རྒྱུའམ་ལྷན་
Vol. 191 · folio 346a
ཅིག་བྱེད་པ་དེས་ཤིང་ལ་སོགས་པའི་དངོས་པོའི་ཁྱད་པར་ངེས་ཏེ། གཞན་ལས་ལྡོག་པ་དེས་ཞེས་བྱ་བའི་ཐ་ཚིག་གོ། །འདིས་ནི། དོན་གཞན་ལ་ནི་ལྡོག་པ་ཡིས། །ཁྱད་པར་ཅན་ཞེས་བྱ་བ་ཡི། །ཐ་ཚིག་འདི་ལ་ལྡོག་པ་ཡིས། །གསུམ་པའི་དོན་དུ་བཤད་པ་ཡིན། །ཞེས་བྱ་བའོ། །སྒྲ་
ཡིས་ཞེས་བྱ་བ་ནི་མིང་གིས་སོ། །བློ་ལ་ཡོད་པའི་དོན་གང་ཡིན་པ་དེ་ནི་དངོས་སུ་སྒྲ་དག་གིས་བརྗོད་པ་ཡིན་ནོ་ཞེས་སྟོན་པ་ནི། གང་ཡང་བློ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་སྒྲའོ། །འདི་དག་གིས་དོན་གཞན་ལས་ལྡོག་པའི་ཁྱད་པར་ཅན་ཉིད་ཇི་ལྟར་སྦྱར་བར་བྱ་ཞེ་ན། འདིའི་
ལྡོག་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མ་ཐག་ཏུ་ཞེས་བྱ་བ་ནི། དངོས་གང་གཞན་ལས་གཞན་པ་ཡིན། །ཞེས་བྱ་བ་ལ་སོགས་པ་སྟེ། །བློ་ལ་ཡོད་པའི་དོན་དེ་དག་ཀྱང་གཞན་ལས་ལྡོག་པ་ཉིད་དུ་སྣང་བའི་ཕྱིར་རོ། །གལ་ཏེ་སྒྲས་དངོས་པོའི་ཆ་འགའ་ཞིག་ཀྱང་མི་རྟོགས་པ་མ་ཡིན་ནམ།
དེ་ཇི་ལྟར་སློབ་དཔོན་གྱིས་དོན་གཞན་ལས་ལྡོག་པའི་དངོས་པོའི་ཆ་འགའ་ཞིག་རྟོགས་པར་འགྱུར་ཞེས་བཤད་ཅེ་ན། དེའི་ཕྱིར། དོན་གཞན་ལས་ནི་ལྡོག་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འོན་ཏེ་གཟུགས་བརྙན་ནི་བློའི་ཆོས་ཡིན་པའི་ཕྱིར་ཇི་ལྟར་དངོས་པོའི་ཆ་ཉིད་དུ་འཐད་ཅེ་
ན། དོན་གཞན་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གཞན་ལ་ལྡོག་པའི་དངོས་པོ་མཐོང་བ་རིག་པའི་ཕྱིར་དང་། དོན་གཞན་ལྡོག་པའི་དངོས་པོ་དེ་ལ་འཁྲུལ་པས་དེའི་བདག་ཉིད་དུ་སྒྲོ་བཏགས་པའི་ཕྱིར། གཟུགས་བརྙན་དེ་ཉིད་ཉེ་བར་སྒྲོ་བཏགས་ནས་དངོས་པོའི་ཆ་ཞེས་
བསྟན་ཏོ། །འདི་ཡང་དོན་གཞན་ལས་ལྡོག་པས་ཞེས་གསུངས་པའི་དོན་དུ་སྦྱར་བའི་ཕྱིར། རྒྱུའི་དོན་ན་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔ་མ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་དོན་གཞན་ལས་ལྡོག་པའི་ཁྱད་པར་བརྗོད་དོ་ཞེས་བྱ་བ་འདིར། དངོས་གང་གཞན་ལས་གཞན་པ་ཡི། །ཞེས་
བྱ་བ་ལ་སོགས་པས་བསྟན་པ་དེ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཡང་ན་འདི་ཐམས་ཅད་དུ་དེ་ལྟ་བུར་གྱུར་པའི་མཚན་ཉིད་གསུམ་པ་ཡིན་ནོ་ཞེས་སྟོན་པ་ནི་བདག་ཉིད་དེས་ཞེས་བྱ་བའོ། །འོན་ཏེ་དོན་གཞན་ལས་ལྡོག་པའི་ཕྱི་རོལ་གྱི་དངོས་པོའི་ཆོས་མ་ཡིན་ནམ་
Vol. 191 · folio 346b
དེ་ཇི་ལྟར་གཟུགས་བརྙན་རྟོགས་པའི་རྒྱུའི་དངོས་པོའམ། བྱེད་པའི་དངོས་པོར་འགྱུར་ཞེ་ན། དེའི་ཕྱིར། གལ་ཏེ་རིགས་མི་མཐུན་ལས་དངོས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དངོས་པོ་རིགས་མི་མཐུན་པའི་དངོས་པོ་ལས་ལྡོག་པར་འགྱུར་ན་དེའི་ཚེ། དེ་སྟེ་གཟུགས་བརྙན་
གྱི་བདག་ཉིད་དེ། དེ་བཞིན་ཏེ་རིགས་མི་མཐུན་པ་ལས་ལྡོག་པའི་དངོས་པོའི་བདག་ཉིད་དུ་མི་འགྱུར་ན། །དེ་ལྟ་བས་ན་དོན་གཞན་ལས་ལྡོག་པའི་དངོས་པོའི་བྱེད་པའི་དངོས་པོའི་རིག་པ་ཡིན་ནོ་སྙམ་དུ་བསམས་པའོ། །གཞན་གྱི་ངོ་བོའི་ཁྱད་པར་ནི། །མི་འདྲའི་ཤེས་པ་བྱེད་པ་མིན། །ཞེས་བྱ་བ་ལ་
སོགས་པ་ལ། བ་ལང་མིན་པས་ལྡོག་གཞན་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཞན་ལས་ལྡོག་པ་མེད་པའི་ངོ་བོ་དངོས་པོའི་ཁྱད་པར་ཉིད་དུ་མངོན་པར་འདོད་པར་གྱུར་ན། དེའི་ཚེ་སུན་འབྱིན་པ་འདི་ཐམས་ཅད་འཐད་པ་ཡིན་ན། ཇི་སྲིད་དུ་གཞན་ལས་ལྡོག་པ་དངོས་པོའི་ཁྱད་པར་ཉིད་དུ་ཉེ་
བར་ལེན་པ་ཡིན་ཏེ། དེས་ན་ཁྱད་པར་ཅན་ཁྱད་པར་དང་རྗེས་སུ་མཐུན་པ་ཉིད་ཀྱི་བློར་འགྱུར་བ་ཉིད་ཡིན་ནོ། །འདི་ལྟར་བ་ལང་མ་ཡིན་པ་ལས་ལྡོག་པའི་བ་ལང་དུ་བརྗོད་པ་གང་ཡིན་པ་དེ་རྟ་ལ་སོགས་པ་ལས་གཞན་པ་ཉིད་ཀྱི་བ་ལང་གང་ཡིན་པ་ནི་དེའི་རང་བཞིན་ཉིད་ཡིན་གྱི་གཞན་ནི་མ་ཡིན་ནོ། །དེ་ལྟ་ཡིན་
དང་གང་ཡང་ཁྱད་པར་གཞན་སྤངས་པ་ཙམ་གཞན་ཤེས་པར་འདོད་པ་ལ། འདི་ཐ་དད་པས་བ་ལང་མ་ཡིན་པ་ལས་ལྡོག་པའི་བ་ལང་ཞེས་བརྗོད་པ་དེ་ལྟ་ན་ཡང་དོན་དམ་པར་དེ་བ་ལང་དེའི་བདག་ཉིད་དུ་རྟོགས་པ་ཁོ་ན་ཡིན་ཏེ། དཔེར་ན་གཞན་ཉིད་བཞིན་ནོ། །གཞན་ཉིད་ཅེས་བྱ་བ་གཞན་པའི་དངོས་པོ་
ལས་གཞན་ནི་མ་ཡིན་གྱི་འོན་ཀྱང་དེ་ཉིད་ཡིན་ཏེ་དེ་ལྟ་མ་ཡིན་ན་དངོས་པོ་དེ་དེ་ལས་གཞན་དུ་འགྲུབ་པར་མི་འགྱུར་རོ། །དེ་ནི་སྟེ་དེ་ལས་ཁྱད་པར་གྱི་དངོས་པོ་ཡིན་ན་ཡང་གཞན་ལས་ལྡོག་པ་ནི་ཁྱད་པར་ཅན་ལ་དངོས་པོ་ནི་བློར་འགྱུར་བ་ཉིད་ཡིན་ནོ། །འདི་སྙམ་དུ་འཇིག་རྟེན་ན་ཁྱད་པར་ཅན་ལ་ཁྱད་པར་
ཐ་མི་དད་པར་གྲགས་ཏེ། དཔེར་ན་སྐྱེས་བུ་དང་དབྱིག་པ་བཞིན་ནོ། ལྡོག་པ་ཡང་དངོས་པོ་ཡིན་ན། དེས་ན་འདི་ཇི་ལྟར་འདི་དེའི་ཁྱད་པར་དུ་རིགས་སྙམ་དུ་སེམས་ན། ཐ་དད་པ་མེད་ན་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་འགའ་ཞིག་གི་ཁྱད་པར་འགའ་ཡང་རིགས་པ་མ་ཡིན་
Vol. 191 · folio 347a
ཏེ། ཕན་འདོགས་པར་བྱེད་པ་མ་ཡིན་པ་ནི་ཁྱད་པར་ཉིད་དུ་འགྱུར་རོ། །ཕན་འདོགས་པར་བྱེད་པ་ཉིད་དུ་ཁས་ལེན་པར་བྱེད་པ་ན་ཡང་འབྲས་བུའི་དུས་ན་རྒྱུ་མི་གནས་པའི་ཕྱིར་དུས་ཅིག་ཅར་འབྱུང་བ་མ་ཡིན་པ་ནི་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་རིགས་པ་མ་ཡིན་ནོ། །དུས་
ཅིག་ཅར་འབྱུང་ན་ཡང་དེའི་ཚེ་བདག་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར། ཕན་ཚུན་ཕན་འདོགས་པར་བྱེད་པ་མེད་པས་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོའི་རིགས་པ་མ་ཡིན་ནོ། །དེ་ལྟར་ན་དངོས་པོ་ཐམས་ཅད་རང་རང་གི་ངོ་བོ་ལ་གནས་པ་ཉིད་ཀྱིས་ལྕགས་ཀྱི་ཐུར་མ་དང་མཚུངས་པའི་ཕྱིར།
འདི་དག་རྟོག་པས་བསྲེ་བར་བྱེད་པ་འབའ་ཞིག་ཏུ་ཟད་དོ། །དེས་ན་གལ་ཏེ་ཡང་དོན་དམ་པར་རྟོག་པ་དང་དེ་དང་ལྡན་པ་ཐ་མི་དད་པ་དེ་ལྟ་ན་ཡང་རྟགས་བཀོད་པའི་ཐ་དད་པ་ལ་བརྟེན་ནས་ཁྱད་པར་ཅན་དང་ཁྱད་པར་གྱི་དངོས་པོར་འགྱུར་བ་ཡིན་ནོ། །གང་ཡང་། གང་ཚེ་གསལ་བ་རྣམས་སྒྲ་ཡི། །
བརྗོད་བྱ་མིན་ཕྱིར་གསལ་བྱ་མིན། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ་སྣང་བ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསལ་བ་རྣམས་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཞེས་བྱ་བ་མ་གྲུབ་སྟེ་འདི་ལྟར་ཁོ་བོ་ཅག་གིས་གསལ་བ་རྣམས་བརྗོད་པར་བྱ་བ་མ་ཡིན་པར་བརྗོད་པ་གང་ཡིན་པ་དེ་ནི་དོན་
དམ་པ་བསམས་པ་ན་ཡིན་གྱི་ཀུན་རྫོབ་ཏུ་ཡང་མ་ཡིན་ནོ། །ཀུན་རྫོབ་ཏུ་ནི་མ་བརྟགས་ན་ཉམས་དགའ་བ་ཉིད་ཀྱིས་གསལ་བ་རྣམས་ཉིད་བརྗོད་པར་བྱ་བ་ཉིད་ཡིན་པར་གྲགས་པའི་ཕྱིར་གཏན་ཚིགས་མ་གྲུབ་པ་ཡིན་ནོ། །སྣང་བ་ནི་ཕྱི་རོལ་ཏེ་རང་གི་མཚན་ཉིད་ཀྱི་བདག་ཉིད་དོ། །བརྟགས་པ་ནི་
རྣམ་པར་རྟོག་པའི་ཤེས་པ་ལ་གནས་པའི་སྣང་བའོ། །ཅི་སྟེ་དོན་དམ་པར་བརྗོད་པར་བྱ་བ་མ་ཡིན་པ་ཉིད་གཏན་ཚིགས་ཉིད་དུ་ཁས་ལེན་པར་བྱེད་ན། དེའི་ཚེ་གསལ་བ་རྣམས་ཀྱི་གསལ་བར་བྱ་བ་ཉིད་ཀྱང་དོན་དམ་པར་མི་འདོད་པས་དེའི་ཕྱིར་གྲུབ་པ་ལ་བསྒྲུབ་པ་ཡིན་ནོ་ཞེས་སྟོན་པ་ནི། དེ་ཉིད་དུ་ན་
ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་མ་གྲུབ་པ་ཉིད་མཇུག་སྡུད་པར་བྱེད་དོ། །གང་ཡང་། དེའི་ཚེ་སྤྱི་ནི་གསལ་བྱ་ཉིད། །དེ་ནི་གསལ་བྱའི་དངོས་པོ་ཉིད། །ཅེས་སྨྲས་པ་དེ་ལ་ཡང་། བསལ་བར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་
Vol. 191 · folio 347b
མ་གྲུབ་པ་དང་། མ་ངེས་པ་ཉིད་ཡིན་ནོ་ཞེས་སྟོན་པ་ནི་སྤྱི་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སེལ་བ་མ་ཡིན་ཏེ་ཞེས་བྱ་བ་ནི་བསལ་བ་རྣམས་ཀྱི་སེལ་བ་བསྟན་ཟིན་པའི་ཕྱིར་རོ། །སེལ་བ་ཡང་དངོས་པོ་ཉིད་མ་ཡིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་གཏན་ཚིགས་གནོད་པ་ཅན་གྱི་ཚད་མ་མེད་པའི་ཕྱིར་རོ་
ཞེས་བསྟན་པ་ཡིན་ནོ། །གང་ཡང་། མེད་པ་རྣམས་ནི་གསལ་བྱ་མིན། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། དེ་ལྟར་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་མེད་པའི་ངོ་བོ་ཉིད་དོར་བར་བྱ་བར་འགྱུར་བ་མེད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་མེད་པ་གསལ་བར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན།
དངོས་པོ་གང་ཡིན་པ་དེ་བསྒྲུབ་པའི་ངོ་བོ་ཡིན་པའི་ཕྱིར་མེད་པའི་ངོ་བོས་དབེན་པར་གནས་པས་ཤུགས་ཀྱིས་མེད་པ་དེ་གསལ་བར་བྱ་བ་ཉིད་དུ་འདོད་དོ། །འདི་ཉིད་གསལ་པོར་བྱ་བའི་ཕྱིར། །གང་ཞིག་གང་གི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་སེལ་བ་ན་ཞེས་བྱ་བ་ནི་མེད་པ་དེ་ཉིད་སེལ་བ་ན་དངོས་པོ་ཉིད་
དུ་འགྱུར་བ་མ་ཡིན་ནོ། །འདིར་གཉི་གའི་ཕྱོགས་ལ་གྲུབ་པའི་དཔེ་བསྟན་པའི་སྒོ་ནས་མ་ངེས་པ་ཉིད་བསལ་བར་བྱ་བའི་ཕྱིར། རང་བཞིན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཁྱེད་ཅག་སྤྱོད་པ་པ་རྣམས་ཀྱིས་ཀྱང་རང་བཞིན་དང་དབང་ཕྱུག་དང་དུས་ལ་སོགས་པས་དངོས་པོ་
རྣམས་བྱས་པ་ཉིད་དུ་འདོད་དོ། །དེ་འགེགས་པ་ཡིན་ན་ཡང་ཇི་ལྟར་དངོས་པོ་ཉིད་དུ་མི་འགྱུར་བ་བཞིན་དུ་མེད་པ་བསལ་བར་བྱ་བ་ཉིད་ཡིན་ན་ཡང་དངོས་པོ་ཉིད་དུ་འགྱུར་བ་མ་ཡིན་པའི་ཕྱིར་མ་ངེས་སོ། །དེ་ལ་མེད་པའི་དངོས་པོ་ཉིད་ཅེས་བྱ་བ་ནི་ངལ་བ་ཆེན་པོར་འགྱུར་ཞེས་སྨྲས་པ་དེ་ཡང་མ་ངེས་པར་
བསྟན་པ་འདི་ཉིད་ཀྱིས་བསལ་བ་ཡིན་ནོ་ཞེས་སྟོན་པ་ནི། དེའི་ཕྱིར་མེད་པའི་དངོས་པོ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་མ་གྲུབ་ན་ཡོད་པ་མེད། །མེད་པའང་གྲུབ་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ལ། དེ་གྲུབ་ན་ཡང་ཡོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པ་དེ་ཇི་སྐད་དུ་
བཤད་པའི་རྣམ་པར་གྲུབ་པ་ན་མེད་པའི་ཡོད་པ་གྲུབ་པ་ཉིད་ཡིན་ཏེ། དེ་ནི་རང་རང་གི་ངོ་བོ་ལ་གནས་པའི་ཕྱིར་རོ། །གང་ཡང་དངོས་པོ་མེད་པ་ཇི་སྐད་དུ་བཤད་པའི་རྣམ་པས་གྲུབ་པ་དེ་ཁོ་ན་མེད་པའོ་ཞེས་གྲུབ་པ་ཡིན་ནོ། །འདི་ཡང་ལེན་གདབ་པ་མཚུངས་པའི་ཕྱིར་འདིར་གསལ་བ་ཡིན་ནོ། །
Vol. 191 · folio 348a
ད་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་ལན་གདབ་པའི་ཕྱིར་བཤད་པ། དེ་ལ། མེད་པའི་མེད་པ་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ། དེ་ལ་དངོས་པོ་ཉིད་དུ་འགྱུར། །ཞེས་བྱ་བ་འདི་མི་འདོད་པར་འགྱུར་བ་མ་ཡིན་ཏེ། འདོད་པའི་ཕྱིར་རོ། །འདི་ལྟར་བ་ལང་མ་ཡིན་
བའི་ངོ་བོ་རྟ་ལ་སོགས་པ་ལས་བ་ལང་གི་དངོས་པོའི་ཁྱད་པར་གྱི་ངོ་བོ་ཉིད་མི་འདྲ་བར་འདོད་ཀྱི། མེད་པའི་བདག་ཉིད་ནི་མ་ཡིན་ཏེ། དེས་ན་དངོས་པོ་ཉིད་དུ་འགྱུར་རོ། །བ་ལང་མ་ཡིན་པ་ལས་ཀྱང་བ་ལང་མི་འདྲ་བར་འདོད་པའི་ཕྱིར་བ་ལང་མ་ཡིན་པ་བ་ལང་དུ་ཐལ་བར་མི་འགྱུར་རོ། །གང་ཡང་། མེད་
ལ་བག་ཆགས་མེད་པའི་ཕྱིར། །ཞེས་སྨྲས་པ་དེ་ནི་མ་གྲུབ་པ་དང་མ་ངེས་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དངོས་མེད་ཡུལ་ལམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་མེད་པའི་ཡུལ་ལ་སེམས་པ་མེད་དོ་ཞེས་བྱ་བ་འདི་མ་གྲུབ་སྟེ། འདི་ལྟར་སེམས་པ་ནི་བཏགས་པའི་གཏམ་རྒྱུད་ཀྱི་ཡུལ་དངོས་
པོ་མེད་པ་དངོས་པོའི་རྣམ་པར་སྒྲོ་བཏགས་པས་འཇུག་པ་ཡིན་ཏེ། དེ་ཡང་དོན་ལ་རིགས་མཐུན་པའི་རྣམ་པར་རྟོག་པ་མ་འོངས་པ་བསྐྱེད་པར་བྱ་བའི་ཕྱིར། མཇུག་ཐོགས་ཀྱི་སེམས་ལ་བག་ཆགས་འཇོག་པ་ཉིད་ཡིན་ཏེ། གང་གི་ཕྱིར་ཡང་རྒྱུད་ཡོངས་སུ་སྨིན་པའི་དབང་གིས་སད་པར་བྱེད་པའི་སྐྱོན་
བསྒྲུབས་ནས་རྣམ་པ་དེ་ལྟ་བུའི་སེམས་པ་སྐྱེ་བ་ཡིན་ལ། དེ་སེལ་བ་རྣམས་ཀྱང་ཕན་ཚུན་དུ་ཐ་དད་པ་དང་ཡོད་པའི་ངོ་བོ་ཉིད་རྟོགས་པའི་དབང་གིས་འབྱུང་བར་འགྱུར་བའི་ཕྱིར་མ་ངེས་པ་ཉིད་ཡིན་ནོ། །ཡན་ལག་གི་དོན་ནི་གོ་སླ་བའི་ཕྱིར་རྣམ་པར་མི་ཕྱེའོ། །གང་ཡང་། ཁྱེད་ཀྱི་དེ་ཡི་རྒྱུ་
མཚན་ཅན། །སྒྲ་ཡི་དབྱེ་བས་རྙེད་མ་ཡིན། །ཞེས་སྨྲས་པ་དེ་ལ། ཅི་འདྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅི་འདྲའི་ཞེས་བྱ་བའི་གཟུགས་བརྙན་གྱི་བདག་ཉིད་དེ། དེ་ཡང་གཟུགས་བརྙན་གཞན་ལས་ཐ་དད་པར་གསལ་བར་རབ་ཏུ་རིག་པར་བྱ་བ་ཡིན་པས་དེའི་ཕྱིར་རྒྱས་པར་སྨྲས་པ་གང་ཡིན་
པ་དེ་ཐམས་ཅད་འབྲེལ་པ་མེད་པ་ཡིན་ནོ་སྙམ་དུ་བསམས་པ་ཡིན་ནོ། །སེལ་དག་གོ་བྱ་གོ་བྱེད་མིན། །ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་ལན་འདེབས་པ་ནི་དངོས་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དངོས་པོ་མེད་པའི་ཕྱིར། །ཞེས་བྱ་བ་སྤྱིར་ལེན་པར་བྱེད་ན་དེའི་ཚེ་གཏན་ཚིགས་མ་གྲུབ་
Vol. 191 · folio 348b
པ་ཡིན་ཏེ། གང་གི་ཕྱིར་གཟུགས་བརྙན་གྱི་བདག་ཉིད་ཀྱི་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པའི་སེལ་བ་དག་འཁྲུལ་པས་དངོས་པོ་ཉིད་ཀྱི་བརྗོད་བྱར་ངེས་པའི་ཕྱིར་ཀུན་རྫོབ་ཏུ་དངོས་པོ་ཉིད་ཡོད་པ་ཁོ་ནའོ། །ཅི་སྟེ་དོན་དམ་པར་དངོས་པོ་མེད་པ་ལ་བརྟེན་ནས་གཏན་ཚིགས་སུ་བརྗོད་པ་དེའི་ཚེ་གྲུབ་པ་ལ་
བསྒྲུབ་པ་ཡིན་ཏེ། ཁོ་བོ་ཅག་གིས་དོན་དམ་པར་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཅུང་ཟད་འདོད་པ་ནི་མ་ཡིན་ནོ། །འདི་ཉིད་སྟོན་པ་ནི་དམ་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཁྱབ་པར་བྱེད་པ་དང་བྲལ་ཕྱིར། །ཞེས་བྱ་བ་ནི་རང་གི་མཚན་ཉིད་སྐད་ཅིག་མ་ཉིད་ཡིན་ན་ཡང་བརྡ་དང་ཐ་
སྙད་དུ་ཕྱིན་པའི་དུས་སུ་ཁྱབ་པར་བྱེད་པ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་ཁོ་བོ་ཅག་དེ་ཁོ་ན་ཉིད་ཀྱི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་དངོས་པོ་འགོག་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སེལ་བ་དག་གིས་ཏེ། དེ་ཁོ་ན་ཉིད་དུ་དངོས་པོ་མེད་པ་ལ་བརྟེན་ནས་སེལ་བ་དག་ནི་ཀུན་རྫོབ་
ཉིད་ཀྱིས་གོ་བར་བྱ་བ་དང་གོ་བར་བྱེད་པ་འགེགས་ཀྱི་ཡང་དག་པ་པ་ནི་མ་ཡིན་ནོ། །དེས་ན་གཏན་ཚིགས་མ་གྲུབ་པ་མ་ཡིན་ལ། དམ་བཅའ་བ་གྲུབ་པ་ལ་བསྒྲུབ་པའི་སྐྱོན་དུ་འགྱུར་བ་ཡང་མ་ཡིན་ནོ། །གཉི་ག་ཡང་ཀུན་རྫོབ་དང་དེ་ཁོ་ན་ཉིད་ལ་བརྟེན་ན་སྐྱོན་འདི་གཉིས་སུ་འགྱུར་བ་ཡིན་ནོ་ཞེ་ན། དེའི་
ཕྱིར་དེ་ནི་གོ་བྱ་གོ་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལྟར་ཡིན་ན་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །རྟོགས་པས་སྦྱར་བའི་དོན་རྒྱལ་པོ་དཀར་ཆེན་ལ་སོགས་པ་དང་། དེ་རྗོད་པར་བྱེད་པའི་སྒྲ་དག་ལ། དོན་དམ་པར་དངོས་པོ་ཉིད་མེད་ན་ཡང་ཀུན་རྫོབ་ཏུ་བརྗོད་བྱ་དང་རྗོད་བྱེད་དུ་མཐོང་
བའི་ཕྱིར་རོ། །དེ་སྟོན་པ་ནི་རྟོགས་པས་སྦྱར་བ་ཞེས་བྱ་བ་ལ་སོགས་པའོ། །འདི་སྙམ་དུ་རྒྱལ་པོ་དཀར་ཆེན་ལ་སོགས་པ་དེ་ལ་ཡང་དོན་དམ་སྤྱིའི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་ཡོད་པ་ཉིད་ཡིན་ཏེ། དེས་ན་དེ་དག་གིས་འཁྲུལ་པ་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་ནས། དེ་དག་བརྗོད་བྱའི་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྤྱི་ནི་སྤྱི་རྟག་པར་རྒྱས་པར་བཀག་ཟིན་པའི་ཕྱིར། དེ་དག་ལ་བརྗོད་པར་བྱ་བའམ་རྗོད་པར་བྱེད་པ་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་མ་ངེས་པ་མ་ཡིན་ནོ། །དེའི་ཞེས་བྱ་བ་ནི་སྤྱིའོ། །རྗོད་བྱེད་ཅེས་བྱ་བ་འདིར་ཡང་སྤྱི་ཞེས་རྣལ་མ་དང་སྦྱར་རོ། །འདི་སྙམ་དུ་གལ་ཏེ་
Vol. 191 · folio 349a
ཡང་དེ་ལ་དངོས་པོར་གྱུར་པའི་བརྗོད་བྱ་མེད་མོད། རྗོད་པར་བྱེད་པ་ནི་དཀར་ཆེན་ལ་སོགས་པའི་སྒྲ་རང་གི་མཚན་ཉིད་ཡོད་པ་ཉིད་དོ་སྙམ་དུ་སེམས་ན། དེའི་ཕྱིར་སྒྲའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་པོ་ཐམས་ཅད་ལ་ཁྱབ་པའི་སྐད་ཅིག་མ་འཇིག་པ་བསྒྲུབས་ཟིན་པའི་ཕྱིར། སྒྲ་རང་གི་
མཚན་ཉིད་རྗོད་པར་བྱེད་པ་ཉིད་དུ་རིགས་པ་མ་ཡིན་ཏེ། སྐད་ཅིག་འཇིག་པ་ཉིད་ཀྱིས་དེ་ལ་བརྡ་བྱེད་པ་མི་སྲིད་པའི་ཕྱིར་དང་། ཐ་སྙད་ཀྱི་དུས་སུ་རྗེས་སུ་མི་འགྲོ་བའི་ཕྱིར་རོ་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་བྱེད་དོ། །དེ་གཉིས་ཞེས་བྱ་བའི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའོ། །
གཟུགས་བརྙན་ལ་སོགས་པ་ཞེས་བྱ་བའི་སྒྲ་ནི་ཤེས་པ་རྣམ་པ་མེད་པར་ཁས་ལེན་ན་ཡང་། རྣམ་པར་ཤེས་པ་དོན་མེད་པ་ལ་དོན་དུ་ཞེན་པའི་ངོ་བོ་ཉིད་རང་ལ་ཡོད་པའི་ངེས་པ་གཞན་ཅུང་ཟད་ཅིག་གདོན་མི་ཟ་བར་ཁས་བླང་པར་བྱ་དགོས་སོ་ཞེས་བསྟན་པ་ཡིན་ནོ། །དེ་དག་རྣམས་ལ་ཞེས་བྱ་བ་ནི་རྟོག་པས་
བཀོད་པའི་དོན་དག་ལའོ། །དེའི་ཞེས་བྱ་བ་ནི་དེའི་ཕྱིར་རམ་དེའི་གཏན་ཚིགས་འཁྲུལ་པ་ཉིད་ནི་དེའི་འཁྲུལ་པ་ཉིད་དོ། །གང་ཞིག་བསྒྲུབ་པའི་ངོ་བོ་ཡང་སྒྲའི་དོན་དུ་ཁས་མི་ལེན་ཞེས་བྱ་བ་འདི་ལ། སྒྲུབ་པའི་ངོ་བོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་མི་འདོད་པར་ཐལ་བར་སྒྲུབ་པ་འདི་བྱེད་པ་ཁོ་
བོ་ཅག་ཐམས་ཅད་ཀྱིས་ཐམས་ཅད་དུ་སྒྲུབ་པའི་ངོ་བོ་སྒྲའི་དོན་དུ་ཁས་མི་ལེན་པ་ནི་མ་ཡིན་ནོ། །གང་གི་ཕྱིར་སྒྲ་ལས་དོན་ངེས་པའི་ཤེས་པ་སྐྱེ་བའི་ཕྱིར་ཀུན་རྫོབ་ཏུ་སྒྲུབ་པའི་ངོ་བོ་སྒྲའི་དོན་དུ་མངོན་པར་འདོད་པ་ཉིད་ཡིན་ལ། དེ་ཁོ་ན་ཉིད་དུ་ནི་སྒྲ་རྣམས་ལ་བརྗོད་པར་བྱ་བ་ཅུང་ཟད་ཀྱང་ཡོད་པ་མ་
ཡིན་པའི་ཕྱིར་དེ་ཁོ་ན་ཉིད་ཀྱི་སྒྲུབ་པའི་ངོ་བོ་འགེགས་པ་ཡིན་གྱི་སྒྲུབ་པའི་ངོ་བོ་སྒྲའི་དོན་དུ་འདོད་པའི་ཕྱིར། །ཀུན་རྫོབ་པ་ནི་མ་ཡིན་ནོ། །རང་དོན་བརྗོད་ན་སྟེ་སྒྲུབ་པའི་ངོ་བོ་ཡིན། གཞན་ལས་ལྡོག་པ་ཤུགས་ཀྱིས་རྟོགས་པའི་ཕྱིར། སྒྲུབ་པ་སྔོན་དུ་འགྲོ་བའི་ལྡོག་པ་ནི་རིགས་པ་ཉིད་ཡིན་ནོ། །
གལ་ཏེ་འདི་སྙམ་དུ་སྒྲུབ་པའི་ངོ་བོ་སྒྲའི་དོན་དུ་ཁས་ལེན་པར་བྱེད་ན། འོ་ན་གཏན་ཚིགས་ཀྱི་སྒོར་མཚན་ཉིད་མཛད་པ་སྒྲུབ་པ་མི་སྲིད་དོ་ཞེས་བསྟན་པ་དེ་ཅི་ལྟར་ཞེ་ན། དེའི་ཕྱིར། སྤྱི་ལ་སོགས་པ་མི་སྲིད་ཕྱིར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་དམ་པར་སྤྱི་དང་རང་གི་མཚན་
Vol. 191 · folio 349b
ཉིད་ལ་སོགས་པའི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པ་མི་སྲིད་པའི་ཕྱིར། སྒྲ་རྣམས་དང་རྣམ་པར་རྟོག་པ་རྣམས་དངོས་སུ་སྟེ། དོན་དམ་པར་ཡུལ་མེད་པ་ཉིད་ཀྱི་ཕྱིར་དོན་དམ་པ་ལ་བརྟེན་ནས་སློབ་དཔོན་གྱིས་སྒྲུབ་པ་མི་སྲིད་པར་བསྟན་ཏོ་ཞེས་བྱ་བ་མི་འགལ་ལོ། །གལ་ཏེ་གཞན་སེལ་བ་ཙམ་ཞིག །བརྗོད་
བྱ་ཉིད་དུ་ཁས་ལེན་ན། །ཞེས་བྱ་བ་ལ་སོགས་པ་ལ། ཨུཏྤ་ལ་སྔོན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོ་མ་ཡིན་པ་དང་ཨུཏྤ་ལ་མ་ཡིན་པ་ལས་ལྡོག་པའི་དོན་གྱི་རྣམ་པ་གཅིག་ཉིད་གཉི་གའི་ངོ་བོའི་གཟུགས་བརྙན་ཨུཏྤ་ལ་སྔོན་པོ་སྒྲ་སྐྱེད་ཀྱི་མེད་པ་ཙམ་ནི་མ་ཡིན་ནོ། །དེའི་ཕྱིར་ཞེན་པའི་དབང་གིས་ཨུཏྤ་ལ་
སྔོན་པོ་ལ་སོགས་སྒྲ་རྣམས་ཀྱིས་སྣ་ཚོགས་པའི་དོན་ངེས་པ་ཉིད་ཡིན་པས་དེའི་ངོ་བོར་གཞི་མཐུན་པ་ཉིད་འཐད་པ་ཡིན་ནོ། །ཅི་སྟེ་གཞན་སེལ་ལྡན་དངོས་པོ། །བརྗོད་བྱ་ཡིན་ཞེས་རྗོད་བྱེད་ན། །ཞེས་གང་སྨྲས་པ་དེ་ལ། ངེད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ལྡོག་པའི་དངོས་པོ་ལ་ལྡོག་པ་ཞེས་བྱ་
བ་གཞན་ཡིན་པར་གྱུར་ན། དེའི་ཚེ་དེ་དང་ལྡན་པའི་ཕྱོགས་ལ་བརྗོད་པའི་སྐྱོན་དུ་ཐལ་བར་འགྱུར་ན། ཅི་སྲིད་དུ་ཁོ་བོ་ཅག་གིས་གཞན་ལས་ལྡོག་པའི་དངོས་པོ་ལས་ལྡོག་པ་གཞན་ནི་མ་ཡིན་གྱི་འོན་ཀྱང་ལྡོག་པའི་དངོས་པོ་ཉིད་ཁྱད་པར་གཞན་སྤངས་པ་ཙམ་ཤེས་པར་འདོད་པ་ལ་དེ་སྐད་དུ་བརྗོད་པ་ཡིན་ནོ། །དེས་
ན་ཇི་ལྟར་གཙོར་རིགས་བརྗོད་པར་བྱ་བ་ཡིན་ན་དེ་དང་ལྡན་བ་གཞན་གྱི་དབང་གིས་བརྗོད་པའི་ཕྱིར་དེར་རྟོགས་པའི་ཁྱད་པར་མ་འཕགས་པས་དེ་དག་དང་ལྷན་ཅིག་གཞི་མཐུན་པ་ལ་སོགས་པ་མེད་པར་ཐལ་བར་འགྱུར་བ་བརྗོད་པ་དེ་ལྟར་སེལ་བའི་ཕྱོགས་ལ་མི་འཇུག་སྟེ། གཞན་སེལ་བ་དང་ལྡན་པ་ཐ་དད་
པ་མ་བརྗོད་པའི་ཕྱིར་རོ། །དེ་སྟོན་པ་ནི། དེས་ནི་གཞན་དབང་ཉེས་པ་སོགས། །ཞེས་བྱ་བ་ལ་སོགས་པའོ། །དེས་ན་ཞེས་བྱ་བ་ནི་དེའི་ཕྱིར་རོ། །བློ་གྲོས་བཟང་པོས་གསུངས་པ་ཡིས། །ཞེས་བྱ་བ་ནི་བློ་གྲོས་རྣམ་པར་དག་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོས་གསུངས་པའི་གཞན་སེལ་བའི་སྒྲའི་
དོན་ལའོ། །འདི་ལ་རྒྱུ་སྨྲས་པ། ལོགས་མིན་ཕྱིར་ཞེས་བྱ་བ་ལ་གཞན་སེལ་བའི་མཚན་ཉིད་ཀྱི་སྒྲའི་དོན་ཏེ་གཞན་སེལ་བའི་དངོས་པོ་ལས་ལོགས་ཤིག་པ་མ་ཡིན་པའི་ཕྱིར་ཏེ། ཐ་མི་དད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་གཞི་མཐུན་པ་ལ་སོགས་པ་མི་འགལ་བ་དེ་ལྟར་བསྟན་པའི་
Vol. 191 · folio 350a
ཕྱིར། སྔོན་པོའི་སྒྲ་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་སྔོན་པོ་ཞེས་བརྗོད་པ་ན་སེར་པོ་ལ་སོགས་པ་ལས་ལྡོག་པའི་དངོས་པོར་ངེས་པའི་བུང་བ་དང་ཁུ་བྱུག་དང་མིག་སྨན་ལ་སོགས་པ་ལ་ཐེ་ཚོམ་ཟ་བཞིན་པའི་ངོ་བོའི་རྣམ་པར་རྟོག་པའི་གཟུགས་བརྙན་སྐྱེ་ལ་དེ་ཡང་ཨུཏྤ་ལའི་
སྒྲས་ཁུ་བྱུག་ལ་སོགས་པ་ལས་རྣམ་པར་བཅད་ནས་ཨུཏྤ་ལ་མ་ཡིན་པ་ལས་ལྡོག་པའི་ཡུལ་ཅན་དུ་རྣམ་པར་འཇོག་པ་ནི་ངེས་པའི་བདག་ཉིད་དུ་རྟོགས་པ་ཡིན་ནོ། །དེས་ན་ཕན་ཚུན་དུ་ཇི་སྐད་དུ་བཤད་པའི་བློའི་གཟུགས་བརྙན་ལ་ལྟོས་ནས་རྣམ་པར་གཅད་པར་བྱ་བ་དང་གཅོད་པར་བྱེད་པའི་དངོས་པོ་ཡིན་པའི་ཕྱིར་
སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་མི་འགལ་ལོ། །གཉི་གས་ཀྱང་སྔོན་པོ་མ་ཡིན་པ་དང་ཨུཏྤ་ལ་མ་ཡིན་པ་ལས་ལྡོག་པའི་གཟུགས་བརྙན་གྱི་བདག་ཉིད་ཀྱིས་དངོས་པོ་གཅིག་སྟོན་པར་བྱེད་པའི་ཕྱིར། དོན་གཅིག་ལ་འཇུག་པ་ཉིད་ཀྱི་གཞི་མཐུན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་
སྤྱིའི་དོན་ཏོ། །ཡན་ལག་གི་དོན་བརྗོད་པར་བྱ་སྟེ། ཡིད་གཉིས་ཀྱི་ཞེས་བྱ་བ་ནི་གནས་པ་མི་རྙེད་པ་སྟེ། ཐེ་ཚོམ་གྱི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །སྙན་སྒྲོགས་ཞེས་བྱ་བ་ནི་ཁུ་བྱུག་གི་རྣམ་གྲངས་སོ། །ལྷག་མ་ནི་གོ་བར་ཟད་དོ། །འདི་སྙམ་དུ་ཁོ་བོ་ཅག་གི་ཕྱོགས་ལ་ཡང་གཞི་མཐུན་པ་ལ་སོགས་
པ་མི་འགལ་བ་ཁོ་ནའོ་སྙམ་དུ་སེམས་ན། དེའི་ཕྱིར་གཞན་གྱི་ཕྱོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་གཞག་པ་ཞེས་བྱ་བ་ནི་གཞི་མཐུན་པ་ལ་སོགས་པའི་རྣམ་པར་གཞག་པའོ། །ཇི་ལྟར་འཐད་པར་དཀའ་ཞེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲུབ་པ་སྒྲའི་དོན་ཡིན་པར་སྨྲ་
བའི་ཕྱོགས་ལ་སྔོན་པོ་ལ་སོགས་པའི་སྒྲ་གཅིག་ཉིད་ཀྱིས་ཨུཏྤ་ལ་ལ་སོགས་པའི་རང་གི་མཚན་ཉིད་བརྗོད་པ་ན། ཅི་ཨུཏྤ་ལ་ཡིན་ནམ་འོན་ཏེ་མིག་སྨན་ཡིན་ཞེས་བྱ་བ་དེ་ལྟ་བུ་ཁྱད་པར་གཞན་ལ་མི་ཤེས་པར་འགྱུར་ཏེ། དངོས་པོ་དེའི་བདག་ཉིད་ཐམས་ཅད་ཀྱིས་བསྟན་པའི་ཕྱིར་རོ། །གཅིག་ལ་གཅིག་
གི་ཚེ་རྟོག་པ་པོ་གཅིག་ལ་ལྟོས་ནས་ཤེས་པ་དང་མི་ཤེས་པ་ཉིད་འགལ་བའི་ཕྱིར་རོ། །དེ་སྟོན་པ་ནི། ཅི་ཕྱིར་ལྡོག་གཞན་ལ་བློ་མེད། །ཅེས་བྱ་བ་ལ་བློ་མེད་པ་ནི་མི་ཤེས་པའམ། བློ་གྲོས་དམན་པའི་བློ་མེད་པ་སྟེ། ཐེ་ཚོམ་དང་ཕྱིན་ཅི་ལོག་ཅེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་དང་ཐེ་ཚོམ་དང་ཕྱིན་ཅི་
Vol. 191 · folio 350b
ལོག་མེད་པའི་ཕྱིར། ཨུཏྤ་ལ་ལ་སོགས་པའི་སྒྲ་གཞན་ལ་སྦྱོར་བ་པོས་སྦྱོར་བར་འདོད་པར་མི་འགྱུར་རོ་ཞེས་བྱ་བ་དེ་སྟོན་པ་ནི། གང་གི་དོན་དུ་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་དོན་དུ་ཞེས་བྱ་བ་ནི་བློ་མེད་པ་གང་ཞིག་བཟློག་པའི་དོན་དུ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཡང་དངོས་པོ་དེ་ཕྱོགས་གཅིག་གིས་བརྗོད་
ཀྱི་བདག་ཉིད་ཐམས་ཅད་ཀྱིས་ནི་མ་ཡིན་ནོ། །དེས་ན་རང་བཞིན་གཞན་བརྗོད་པའི་ཕྱིར་སྒྲ་གཞན་བརྩལ་བར་བྱ་བ་ཉིད་ཡིན་ནོ་སྙམ་ན། དེའི་ཕྱིར་གལ་ཏེ་རྣམ་ཀུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཕྱོགས་གཅིག་བརྗོད་པར་འགྱུར་བ་དངོས་པོ་གཅིག་ལ་ཕྱོགས་གཅིག་ཡོད་པ་ནི་མ་ཡིན་ནོ། །གཅིག་
ཉིད་དང་དུ་མ་ཉིད་དག་ནི་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ཡིན་དང་ཁྱེད་ཀྱི་དངོས་པོ་ཕྱོགས་གཅིག་པ་ཇི་སྙེད་པ་དེ་སྙེད་བསྟན་པ་ཁོ་ནར་ཟད་པས་གཅིག་དུ་མར་འགྲུབ་པར་མི་འགྱུར་རོ། །འདི་སྙམ་དུ་སྔོན་པོའི་སྒྲས་རྫས་བརྗོད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔོན་པོ་ཞེས་བྱ་བའི་ཡོན་
ཏན་ནམ། དེ་དང་འདུ་བའི་སྔོན་པོ་ཉིད་ཀྱི་རིགས་ཡིན་ལ། ཨུཏྤ་ལའི་སྒྲས་ཀྱང་ཨུཏྤ་ལ་ཉིད་ཀྱི་རིགས་ཁོ་ན་བརྗོད་ཀྱི་རྫས་ནི་མ་ཡིན་ནོ། །དེས་ན་དོན་ཐ་དད་པ་བརྗོད་པའི་ཕྱིར། ཨུཏྤ་ལ་ལ་སོགས་པའི་སྒྲ་གཞན་འདོད་པར་རིགས་ཉིད་དོ་སྙམ་དུ་སེམས་ན། ཨུཏྤ་ལ་རིགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨུཏྤ་ལ་
རིགས་གཞན་ཞེས་བྱ་བ་འདི་ནི་གཞན་ཡང་ཡིན་ལ་ཨུཏྤ་ལའི་རིགས་ཀྱང་ཡིན་ནོ་ཞེས་བསྡུའོ། །དེས་ན་ཞེས་བྱ་བ་ནི་ངེས་པར་བྱའོ། །ཨུཏྤ་ལའི་སྒྲ་ལས་ཞེས་བྱ་བ་ལྔ་པའི་སྒྲ་ཅན་ནོ། །ཕྱོགས་འདི་ལ་གཞི་མཐུན་པ་མི་འཐད་པ་ཆེས་བསལ་བ་ཡིན་ཏེ། བ་ཀུ་ལ་དང་ཨུཏྤ་ལའི་སྒྲ་དག་བཞིན་དུ་དོན་གཅིག་
ལ་སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་འཇུག་པ་མེད་པའི་ཕྱིར་རོ། །ཨུཏྤ་ལ་བ་ཀུ་ལ་ཞེས་བྱ་བར་འགྱུར་བ་ནི་མ་ཡིན་ནོ། །འདི་སྙམ་དུ་གལ་ཏེ་ཡང་སྔོན་པོའི་སྒྲས་རིགས་དང་ཡོན་ཏན་དང་བྱེ་བྲག་རྗོད་པར་བྱེད་པ་དེ་ལྟ་ན་ཡང་དེའི་སྒོ་ནས་སྔོན་པོའི་ཡོན་ཏན་དང་དེའི་རིགས་དག་དང་འབྲེལ་པའི་རྫས་ཀྱང་དེས་
བརྗོད་པ་ཡིན་ལ། དེ་བཞིན་དུ་དེ་ཨུཏྤ་ལའི་སྒྲས་ཀྱང་རིགས་ཀྱི་སྒོ་ནས་རྫས་དེ་ཉིད་བརྗོད་པ་ཡིན་པས་དེས་ན་དེ་དག་དོན་གཅིག་ལ་འཇུག་པ་སྲིད་པའི་ཕྱིར་གཞི་མཐུན་པར་འགྱུར་བས་བ་ཀུ་ལ་དང་ཨུཏྤ་ལའི་སྒྲ་དག་ནི་མ་ཡིན་ནོ་སྙམ་དུ་སེམས་ན། དེའི་ཕྱིར་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།
Vol. 191 · folio 351a
སྔོན་པོ་ཞེས་བྱ་བའི་ཡོན་ཏན་ཡང་ཡིན་ལ་སྔོན་པོ་ཉིད་ཅེས་བྱ་བའི་རིགས་ཀྱང་ཡིན་པས་ཡོན་ཏན་དེའི་རིགས་ཏེ། དེ་དག་དང་འབྲེལ་པ་ཞེས་ཚིག་རྣམ་པར་སྦྱར་རོ། ཨུཏྤ་ལ་སྒྲ་དོན་མེད་པར་འགྱུར་ཞེས་བྱ་བ་ནི་རྫས་དེ་སྔོན་པོའི་སྒྲ་ཉིད་ཀྱིས་བསྟན་པའི་ཕྱིར་རོ། །འདི་ཉིད་སྟོན་པ་ནི། གང་ཉིད་དེ་
དག་ཅེས་བྱ་བ་ལ་སོགས་པ་སྟེ། དེ་དག་ཅེས་བྱ་བ་ནི་ཡོན་ཏན་དང་དེའི་རིགས་དག་གོ། །འདི་སྙམ་དུ་གལ་ཏེ་ཡང་སྔོན་པོའི་སྒྲ་ཡོན་ཏན་དེའི་རིགས་དང་ལྡན་པའི་རྫས་བརྗོད་པ་དེ་ལྟ་ན་ཡང་སྔོན་པོ་དེ་དོན་གཅིག་ལ་འཇུག་པ་མཐོང་བའི་ཕྱིར་རྟོག་པ་པོའི་བློ་ཨུཏྤ་ལའི་དོན་ལ་ངེས་པའི་ངོ་བོར་སྐྱེ་བ་མ་ཡིན་ཏེ། ཁུ་བྱུག་
ལ་སོགས་པ་ཡང་སྔོན་པོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དོན་གཞན་དུ་ཐེ་ཚོམ་ཟ་བ་བཅད་པའི་དོན་དུ་ཨུཏྤ་ལའི་སྒྲ་སྦྱོར་བ་དོན་དང་བཅས་པ་ཁོ་ནའོ་སྙམ་དུ་སེམས་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། སྐབས་ཀྱི་དོན་མི་ཤེས་པ་ཉིད་ཀྱིས་བརྗོད་པའི་ཕྱིར་རོ། །སྒྲའི་དོན་སྒྲུབ་པ་ཡིན་པའི་ཕྱིར་གསལ་བ་གཞི་
མཐུན་པ་ལ་སོགས་པ་མི་འཐད་དོ་ཞེས་བྱ་བ་འདིར་སྐབས་ཡིན་ནོ། །གལ་ཏེ་ཨུཏྤ་ལའི་སྒྲ་ཐེ་ཚོམ་བཅད་པའི་དོན་དུ་བརྗོད་ཀྱི་རྫས་རྟོགས་པར་བྱ་བའི་ཕྱིར་ནི་མ་ཡིན་ནོ། །འོ་ན་སྒྲུབ་པ་སྒྲའི་དོན་དུ་མི་འགྱུར་ཏེ། ཨུཏྤ་ལའི་སྒྲ་འཁྲུལ་པར་སྒྲོ་བཏགས་པའི་རྣམ་པར་བཅད་པ་ཙམ་ཉིད་སྟོན་པར་བྱེད་པའི་ཕྱིར་རོ། །སྔོན་
པོའི་སྒྲས་ཨུཏྤ་ལ་ལ་སོགས་པའི་རྫས་བརྗོད་ཀྱི། ཡང་རྟོགས་པ་པོ་དེ་རེས་པ་མི་སྐྱེའོ་ཞེས་བྱ་བ་འདི་ནི་ཕན་ཚུན་འགལ་བ་བརྗོད་པ་ཡིན་ནོ། །གང་ལ་ཐེ་ཚོམ་སྐྱེ་བ་དེ་ནི་སྒྲའི་དོན་དུ་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ངེས་པར་ཡུལ་དུ་བྱ་བའི་དངོས་པོ་ལ་ནི་ཐེ་ཚོམ་གྱི་གོ་སྐབས་རྙེད་པ་
ཡང་མ་ཡིན་ཏེ། ངེས་པ་དང་སྒྲོ་འདོགས་པའི་ཡིད་ནི་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་ཡིན་པའི་ཕྱིར་རོ། །འདི་སྙམ་དུ་གལ་ཏེ་ཡང་སྔོན་པོ་དང་ཨུཏྤ་ལའི་སྒྲ་དག་ནི་དོན་གཅིག་ལ་འཇུག་པ་མེད་མོད། དེའི་དོན་ཡོན་ཏན་དང་རིགས་དག་ནི་རྫས་གཅིག་ལ་འཇུག་པ་ཡོད་པ་དེའི་དོན་
ཅན་འདི་དག་གཞི་མཐུན་པ་ཉིད་དུ་འགྱུར་རོ་སྙམ་དུ་སེམས་ན། འདི་ནི་མི་རིགས་ཏེ་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་ནི་གཟུགས་དང་རོའི་སྒྲ་དག་ཀྱང་གཞི་མཐུན་པར་འགྱུར་ཏེ། དེའི་དོན་གཟུགས་དང་རོ་དག་ནི་ས་ལ་སོགས་པའི་རྫས་གཅིག་ལ་འཇུག་པའི་ཕྱིར་རོ། །གཞན་ཡང་
Vol. 191 · folio 351b
ཨུཏྤ་ལ་སྔོན་པོ་ཞེས་བྱ་བའི་དོན་གཅིག་གི་ཡུལ་ཅན་གྱི་བློ་དེར་ཡང་མི་འགྱུར་ཏེ། རྫས་གཅིག་ལ་འདུ་བའི་ཡོན་ཏན་དང་རྫས་ཀྱི་རིགས་དག་ནི་གཉིས་ཀྱི་སོ་སོར་བརྗོད་པའི་ཕྱིར་རོ། །དོན་གཅིག་གི་ཡུལ་ཅན་གྱི་ཤེས་པ་མ་སྐྱེས་པ་ན་སྒྲ་དག་གི་གཞི་མཐུན་པ་ཡོད་པ་མ་ཡིན་ནོ། །སྤྲོས་པས་ཆོག་གོ། །འདི་
སྙམ་དུ་གང་ཁོ་ན་སྔོན་པོའི་ཡོན་ཏན་དང་དེའི་རིགས་དག་དང་འབྲེལ་པའི་དངོས་པོ་དེ་ཉིད་ཨུཏྤ་ལའི་སྒྲས་བརྗོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། གཞན་ཉིད་ཡིན་ཏེ། དེས་ན་ཨུཏྤ་ལའི་སྒྲ་དོན་མེད་པར་མི་འགྱུར་རོ་སྙམ་དུ་སེམས་ན། དེའི་ཕྱིར་ཡོན་ཏན་དེ་ཡི་རིགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཞེ་ན་ཞེས་
བྱ་བ་འདིར་བཅད་དོ། །རྟེན་ནི་ཐ་དད་དུ་ཡང་འགྱུར། །ཞེས་བྱ་བ་ནི། གཞི་ཐ་དད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཡང་ཅི་སྟེ་གལ་ཏེ་ཡང་རྫས་དེ་ཉིད་སྔོན་པོའི་སྒྲས་བརྗོད་ཅིང་ཨུཏྤ་ལའི་སྒྲས་ཀྱང་ཡིན་སྔོན་པོའི་སྒྲས་ནི་ཨུཏྤ་ལའི་རིགས་དང་འབྲེལ་པའི་ངོ་བོར་རྫས་བརྗོད་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔོན་
པོའི་ཡོན་ཏན་དང་དེའི་རིགས་དང་འབྲེལ་པའི་ངོ་བོ་ཉིད་ཀྱིས་ཏེ། དེས་ནི་འདིའི་སྔོན་པོ་དང་ཨུཏྤ་ལ་ཉིད་ཀྱིས་རིགས་དང་འབྲེལ་པའི་ངོ་བོ་ཉིད་བརྗོད་པར་འདོད་ནས་ཨུཏྤ་ལའི་སྒྲ་འཇུག་པ་ན་དོན་མེད་པར་མི་འགྱུར་རོ་ཞེས་བྱ་བ་འདི་དོགས་པ་བསུ་ནས་ལེན་འདེབས་པ་ནི། ཅི་སྟེ་སྔོན་པོ་ཞེས་བྱ་བ་ལ་
སོགས་པ་སྨོས་ཏེ། ཅི་སྟེ་སྔོན་པོ་ཞེས་བྱ་བའི་སྒྲ་ཨུཏྤ་ལ་ཉིད་དང་འབྲེལ་པའི་ངོ་བོ་ཉིད་ཀྱི་ཡོན་ཏན་དང་དེའི་རིགས་དང་འབྲེལ་པའི་རྫས་མི་བརྗོད་ནས་ཞེས་འབྲེལ་ཏེ། དེ་ནི་ཡང་དག་པ་མ་ཡིན་ཏེ། གང་གིས་སྔོན་པོ་དང་དེའི་རིགས་དང་འབྲེལ་པའི་ངོ་བོ་ཉིད་བརྗོད་པ་ན་ཨུཏྤ་ལ་ཉིད་ཀྱི་རིགས་དང་འབྲེལ་
པའི་ངོ་བོ་ཉིད་ཀྱིས་རྫས་བརྗོད་པར་མི་འགྱུར་བ་སྔོན་པོའི་ཡོན་ཏན་དང་དེའི་རིགས་དང་འབྲེལ་པའི་ངོ་བོ་ཉིད་ལས་ཨུཏྤ་ལ་ཉིད་ཀྱི་རིགས་དང་འབྲེལ་པའི་ངོ་བོ་ཉིད་གཞན་ཉིད་ནི་མ་ཡིན་ཏེ། ཅི་ཙམ་དུ་རྫས་གཅིག་ལ་འབྲེལ་པ་ཅན་ཉིད་ཀྱིས་ངོ་བོ་གཉི་ག་ཡང་ཐ་མི་དད་པའི་ཕྱིར་རོ། །དེ་བཞིན་དུ་དེ་དག་
ཀྱང་གཅིག་ཉིད་ཡིན་ནོ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ཏེ། ངོ་བོ་གཅིག་བརྗོད་པ་ན་ངོ་བོ་གཞན་མ་བརྗོད་པའི་ཕྱིར་རོ། །གཞན་ཡང་ཁས་བླངས་ནས་ཀྱང་བརྗོད་དེ། ཨུཏྤ་ལ་ཉིད་དང་འབྲེལ་པའི་ངོ་བོ་ཉིད་ནི་སྔོན་པོ་དང་དེའི་རིགས་དང་འབྲེལ་པའི་རང་བཞིན་ལས་གཞན་ཉིད་ཡིན་དུ་ཆུག་མོད། དེ་ལྟ་ན་
Vol. 191 · folio 352a
ཡང་ཨུཏྤ་ལའི་སྒྲ་ནི་དོན་མེད་པ་ཉིད་ཡིན་ཏེ། འདི་ལྟར་ཨུཏྤ་ལ་དང་འབྲེལ་པའི་དངོས་པོའི་ཆ་གང་ཡིན་པ་དེ་ཉིད་སྔོན་པོའི་ཡོན་ཏན་དང་དེའི་རིགས་དག་གཉི་ག་དང་འབྲེལ་གྱི་གཞན་ནི་མ་ཡིན་ནོ། །དེ་ཡང་ཆ་མེད་པའི་ཕྱིར་བདག་ཉིད་ཐམས་ཅད་ཀྱི་སྔོན་པོའི་སྒྲ་ཉིད་ཀྱིས་བརྗོད་ལ། ངེས་
པའི་བདག་ཉིད་ཀྱི་སྒྲ་ལས་བྱུང་བའི་བློས་ཀྱང་ཡུལ་དུ་བྱས་པའི་ཕྱིར་གང་ཞིག་བརྗོད་པའི་དོན་དུ་ཨུཏྤ་ལའི་སྒྲ་དོན་དང་བཅས་པར་འགྱུར་བ་འདིའི་རང་གི་ངོ་བོ་མ་བརྗོད་པ་གཞན་ཅི་ཞིག་ཡོད། འོད་བྱེད་པས་སྨྲས་པ། ཆ་མེད་པའི་དངོས་པོ་ལ་བདག་ཉིད་ཐམས་ཅད་ཀྱིས་ཡུལ་དུ་བྱས་ཀྱི་ཡུལ་ཆ་ཤས་ཀྱིས་ནི་མ་
ཡིན་ནོ་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་འཇུག་པ་མ་ཡིན་ཏེ། ཐམས་ཅད་ཀྱི་སྒྲ་ནི་དོན་དུ་མའི་ཡུལ་ཅན་ཡིན་པའི་ཕྱིར་དང་། གཅིག་གི་སྒྲ་ནི་ཆ་ཤས་ལ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་འདི་དོགས་པ་བསུ་ནས་ལེན་འདེབས་པ་ནི། གལ་ཏེ་ཞེས་བྱ་བའོ། །ཆ་ཤས་ལས་གྲོལ་ཞེས་བྱ་བ་ནི་ཆ་མེད་པའི་དངོས་
པོ་ཞེས་བྱ་བའི་དོན་ཏོ། །མ་ལུས་ཆའི་རྣམ་རྟོག་ཅེས་བྱ་བ་ནི་བདག་ཉིད་ཐམས་ཅད་ཀྱི་ཡུལ་དུ་བྱས་ཀྱི་ཕྱོགས་གཅིག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་མ་ལུས་པ་དང་ཆ་དག་གི་རྣམ་པར་རྟོག་པ་ནི། མ་ལུས་ཆ་ཡི་རྣམ་རྟོག་གོ། །འདི་ནི་ངག་གི་དོན་ཡོངས་སུ་མ་ཤེས་ནས་བརྗོད་པ་ཡིན་ཏེ། འདི་
ལྟར། དང་པོ་ཉིད་དུ་སྔོན་པོའི་སྒྲས། །བདག་ཉིད་ཐམས་ཅད་ཀྱིས་དེ་བསལ། །ཞེས་བྱ་བའི་དོན་འདི་བརྗོད་པར་འདོད་པ་ཡིན་ཏེ་དེའི་དངོས་པོ་ཅི་འདྲ་བ་དེ་འདྲ་བ་ཉིད་བརྗོད་པ་ཡིན་གྱི་གང་ཞིག་བརྗོད་པའི་དོན་དུ་སྔོན་པོའི་སྒྲ་སྦྱོར་བར་བྱེད་པ་དེའི་རང་བཞིན་འགའ་ཞིག་དོར་བ་ནི་མ་ཡིན་ཏེ་དངོས་པོ་དེ་ནི་
ཆ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འདི་ནི་ཚིག་གི་དོན་ཙམ་མ་ཡིན་ནོ། །དེ་བཞིན་དུ་ཇི་ལྟར་ཨུཏྤ་ལའི་སྒྲ་དོན་མེད་པ་དེ་ལྟར་སྒྲའི་མི་རྟག་པ་ལ་སོགས་པ་གཞན་དག་ཀྱང་སྦྱོར་བ་དོན་མེད་པར་འགྱུར་རོ། །སྦྱོར་བ་ཡིན་ན་ཡང་རྣམ་གྲངས་པ་ཉིད་དུ་འགྱུར་ཏེ། ཤིང་དང་རྩ་བ་མཐུན་པ་ལ་སོགས་པའི་
སྒྲ་བཞིན་ནོ་ཞེས་བསྒྲེ་བར་བྱ་བའི་ཕྱིར། རྣམ་པ་འདི་དག་ཉིད་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བརྗོད་པ་ཞེས་བྱ་བ་ནི་སྦྱོར་བའོ། །བརྗོད་པ་ཞེས་བྱ་བ་ནི་སྨྲ་བའོ། །དེ་ནི། གཞན་དུ་དངོས་པོ་གཅིག་པུ་ལ། །སྒྲའམ་བློ་གཅིག་གིས་ཁྱབ་ན། །གཞན་ཡུལ་མ་ཡིན་དེ་ཡི་ཕྱིར། །རྣམ་གྲངས་
Vol. 191 · folio 352b
པ་ནི་ཉིད་དུ་འགྱུར། །ཞེས་བཤད་དོ། །འདི་སྙམ་དུ་ཁྱེད་ཀྱི་ཕྱོགས་ལ་ཡང་སྐད་ཅིག་གིས་བརྗོད་པའི་དངོས་པོའི་ཁྱད་པར་ལ་ཐེ་ཚོམ་དང་ཕྱིན་ཅི་ལོག་མེད་པར་ཐལ་བ་དང་། སྒྲ་གཞན་མི་འཇུག་པར་ཐལ་བར་ཅིའི་ཕྱིར་མི་འགྱུར་སྙམ་དུ་སེམས་ན། དེའི་ཕྱིར་ཁོ་བོ་ཅག་ནི་ཞེས་བྱ་བ་ལ་སོགས་པ་སྨོས་
སོ། །དེ་དག་གཉིས་ཀྱིས་ཞེས་བྱ་བ་ནི་སྒྲ་དང་ཤེས་པ་དེ་དག་གིས་སོ། །ཕྱི་མ་ཞེས་བྱ་བ་ནི་དུས་ཕྱིས་སོ། །ཅི་སྟེ་སྒྲའི་དོན་དུ་ཀུན་རྫོབ་པ་ལ་ཡང་ཅིའི་ཕྱིར་གཞི་མཐུན་པ་ལ་སོགས་པ་མེད་པའི་སྐྱོན་འདི་འབྱུང་བར་མི་འགྱུར་ཞེ་ན། དེའི་ཕྱིར་སྒྲ་ཡིས་རྣམ་རྟོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔོན་པོའི་
སྒྲས་ཆེས་དང་པོར་སྔོན་པོ་མ་ཡིན་པའི་དངོས་པོ་ལས་ལྡོག་པའི་ཨུཏྤ་ལ་ལ་སོགས་པ་ལ་ཡིད་གཉིས་ཀྱི་ངོ་བོ་ཉིད་ཀྱིས་དེ་དག་མི་སྤོང་བ་ཕྱི་རོལ་གྱི་ངོ་བོར་ཞེན་པའི་རྣམ་པར་རྟོག་པའི་གཟུགས་བརྙན་སྐྱེད་པར་བྱེད་ལ། ཡང་ཨུཏྤ་ལའི་སྒྲས་དེ་ཉིད་ཨུཏྤ་ལ་མ་ཡིན་པ་ལས་ལྡོག་པའི་ཕྱི་རོལ་གྱི་དངོས་པོ་དང་
གཅིག་གི་ངོ་བོ་སྒྲོ་འདོགས་པ་སྐྱེའོ། །དེའི་ཕྱིར་རིགས་པ་དེས་སྔོན་པོ་མ་ཡིན་པ་དང་ཨུཏྤ་ལ་མ་ཡིན་པ་ལས་ལྡོག་པའི་ཕྱི་རོལ་དང་གཅིག་གི་ངོ་བོར་ཞེན་པའི་འཁྲུལ་པའི་རྣམ་པར་རྟོག་པའི་གཟུགས་བརྙན་སྐྱེད་པའི་ཕྱིར་དེའི་ངོར་བྱས་ནས་ཀུན་རྫོབ་ཏུ་གཞི་མཐུན་པ་ལ་སོགས་པར་རིགས་
པ་ཉིད་ཡིན་ནོ། །ཅིའི་ཕྱིར་དོན་དམ་པར་མི་རིགས་པ་ཡིན་ཞེ་ན། དམ་པའི་དོན་དུ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རྟགས་དང་གྲངས་སོགས་འབྲེལ་པ་ནི། །སེལ་བ་ལ་ནི་ཡོད་མ་ཡིན། །ཞེས་གང་སྨྲས་པ་འདི་ནི། རྟགས་དང་གྲངས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྟགས་
དང་གྲངས་ལ་སོགས་པ་འདི་དག་ནི་དངོས་པོའི་ཆོས་ཉིད་དུ་མ་གྲུབ་སྟེ། རང་དབང་ཅན་མི་འདོད་པས་འདོད་པ་བཀོད་པའི་བརྡ་ཙམ་ལས་བྱུང་བའི་ཕྱིར་རོ། །བསལ་བ་རྣམས་ལ་ཡང་ཞེས་བྱ་བའི་ཡང་གི་སྒྲ་ལས་སེལ་བ་ཡང་ངོ་། །སྦྱོར་བ་ནི་གང་ཞིག་གང་གི་རྗེས་སུ་འགྲོ་བ་དང་ལྡོག་
པའི་རྗེས་སུ་མི་བྱེད་པ་དེ་ནི་དེའི་ཆོས་ཅན་མ་ཡིན་ཏེ། མེའི་གྲང་བ་ཉིད་བཞིན་ནོ། །རྟགས་དང་གྲངས་ལ་སོགས་པ་གང་ཡང་དངོས་པོའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་མི་བྱེད་དོ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མི་དམིགས་པའོ། །གཏན་ཚིགས་འདི་མ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བསྟན་
Vol. 191 · folio 353a
པའི་ཕྱིར། མཐའ་མ་འགྲམ་པ་ངོགས་རྣམས་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་རྟགས་དངོས་པོར་གཏོགས་པའི་ཆོས་ཡིན་ན་དེའི་ཚེ་འགྲམ་ཞེས་བྱ་བ་འདི་དངོས་པོ་གཅིག་ལ་འགྲམ་པ་དང་། མཐའ་མ་དང་ངོགས་ཞེས་བྱ་བའི་རྟགས་གསུམ་དང་ལྡན་པའི་སྒྲ་
འཇུག་པས་དངོས་པོ་གཅིག་ངོ་བོ་གསུམ་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་ལ་ཕོ་དང་མོ་དང་མ་ནིང་ཞེས་བྱ་བའི་རང་བཞིན་གསུམ་རིགས་པ་ཡང་མ་ཡིན་ཏེ། གཅིག་ཉིད་ཉམས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འགལ་བའི་ཆོས་དང་ལྡན་པ་ཡང་གཅིག་ཉིད་ནི་སྣ་ཚོགས་ཐམས་ཅད་གཅིག་
ཉིད་དུ་འགྱུར་ཏེ། དེ་ལྟར་ཡིན་དང་ལྷན་ཅིག་སྐྱེ་བ་དང་འཇིག་པར་ཐལ་བར་འགྱུར་རོ། །གཞན་ཡང་དངོས་པོ་ཐམས་ཅད་སྒྲ་གཅིག་གིས་སམ། སྒྲ་གཞན་གྱིས་རྟགས་གསུམ་སྟོན་པར་མཐོང་བའི་ཕྱིར། དེའི་ཡུལ་ཅན་གྱི་ཤེས་པ་ཐམས་ཅད་ནོར་བུ་གཟི་ལ་སོགས་པ་བཞིན་དུ་ཁྲ་བོར་སྣང་བར་ཐལ་
བར་འགྱུར་རོ། །ཡང་ཅི་སྟེ་དངོས་པོ་ཐམས་ཅད་རྟགས་གསུམ་དང་ལྡན་པ་ཡིན་ན་ཡང་སྟོན་པ་པོ་ངོ་བོ་གང་ཞིག་བརྗོད་པར་འདོད་པ་དེ་ཙམ་ཞིག་བརྗོད་པར་འདོད་པའི་དབང་གིས་སྣང་བ་ཤེས་པ་འབྱུང་བར་འགྱུར་གྱི། ཁྲ་བོར་སྣང་བ་ནི་མ་ཡིན་ནོ་སྙམ་ན། དེའི་ཕྱིར། བརྗོད་འདོད་རྗེས་སུ་བྱེད་ན་ཡང་། །
ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བརྗོད་པར་འདོད་པའི་རྗེས་སུ་བྱེད་པ་ཉིད་ཡིན་ན་ཡང་སྟེ། ཤེས་པ་རྣམས་ཀྱིས་ཞེས་བྱ་བ་ནི་ལྷག་མའོ། །གལ་ཏེ་བརྗོད་པར་འདོད་པས་གཅིག་གི་ངོ་བོ་ལ་སེམས་པ་གཅིག་གི་ངོ་བོར་འགྱུར་རོ་ཞེས་ཁས་ལེན་པར་བྱེད་ན། དེའི་ཚེ་ཤེས་པ་དེ་དག་དངོས་པོ་གསུམ་གྱི་
བདག་ཉིད་ཀྱི་ཡུལ་ཅན་དུ་མི་འགྱུར་ཏེ། དེའི་རྣམ་པས་སྟོང་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་ཡུལ་དུ་སྒྲ་བཞིན་ནོ། །དེའི་དབང་གིས་ཞེས་བྱ་བ་ནི་བརྗོད་པར་འདོད་པའི་དབང་གིས་སོ། །གང་ཡང་འདི་སྙམ་དུ་འཇིག་པ་དང་། སྐྱེ་བ་དང་གནས་པ་རྣམས་ལ་གོ་རིམས་བཞིན་དུ་མོ་དང་ཕོ་དང་མ་ནིང་ཉིད་
དུ་རྣམ་པར་གཞག་པ་ཞེས་བྱ་བ་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གལ་ཏེ་གནས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གནས་པར་གྱུར་ན་ཞེས་བྱ་བ་འདིར་བཅད་དོ། །གལ་ཏེ་གནས་པ་ལ་སོགས་པ་ལ་བརྟེན་པའི་རྟགས་རྣམས་གནས་པ་སྟེ། རྟགས་རྣམ་པར་གཞག་པར་འགྱུར་ན་དེའི་ཚེ་
Vol. 191 · folio 353b
འགྲམ་དང་ལུ་གུ་རྒྱུད་ལ་སོགས་པ་བཞིན་དུ་དངོས་པོ་ཐམས་ཅད་ལ་རྣམ་པར་མ་ཕྱེ་བར་རྟགས་གསུམ་དུ་འགྱུར་ཏེ། ཐམས་ཅད་ལ་འགྲམ་ལ་སོགས་པ་བཞིན་དུ་གནས་པ་ལ་སོགས་པ་ཡོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་འགྲམ་པ་དང་མཐའ་མ་དང་ངོགས་ཞེས་བྱ་བ་ལ་སོགས་པ་ལ་ཡང་རྟགས་གསུམ་དུ་མི་
འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་མཚན་ཉིད་ཧ་ཅང་ཐལ་བའི་སྐྱོན་ཡིན་ནོ། །འཁྲུལ་པ་མཐོང་བའི་ཕྱིར་ཡང་མ་ཁྱབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རི་བོང་གི་རྭ་ལ་སོགས་པ་མེད་པའི་ངོ་བོ་དག་ལ་གནས་པ་ལ་སོགས་པ་མེད་ན་ཡང་མེད་
པ་དང་ཉེ་བར་བརྗོད་པ་མེད་པ་དང་གསོལ་བ་ཞེས་བྱ་བ་ལ་སོགས་པའི་སྒྲ་དག་གིས་རྟགས་གསུམ་སྟོན་པར་མཐོང་བའི་ཕྱིར་རོ། །རྟགས་རྣམ་པར་གཞག་པ་མ་ཁྱབ་པ་མ་ཡིན་པ་ཡིན་ནོ། །འདི་ལས་ཀྱང་མ་ཁྱབ་པ་མ་ཡིན་ཏེ། གནས་པ་ལ་སོགས་པ་དེ་དག་ཉིད་རེ་རེ་ལ་རྟགས་གསུམ་དང་ལྡན་པའི་སྒྲ་
འཇུག་པར་མཐོང་བའི་ཕྱིར་ཏེ། འདི་ལྟར་སྐྱེ་བ་ནི་འབྱུང་བ་ལ་བརྗོད་དོ། །འཇིག་པ་ན་ཉམས་པའོ། །བདག་གི་རང་གི་ངོ་བོ་ནི་གནས་པའོ། །དེ་ལ་སྐྱེ་བ་དང་གནས་པ་དང་འཇིག་པ་མེད་པའི་ཕྱིར། ཇི་ལྟར་སྐྱེད་པ་དང་འབྱུང་བ་དང་སྐྱེ་བ་ཞེས་བྱ་བ་ལ་སོགས་པ་མོ་དང་ཕོ་དང་མ་ནིང་གི་རྟགས་ཀྱི་སྒྲ་འཇུག་
པར་འགྱུར་རོ། །དེ་བཞིན་དུ་འཇིག་པ་ལ་གནས་པ་དང་སྐྱེ་བ་དག་མེད་པའི་ཕྱིར་ཇི་ལྟར་འཇིག་པ་དང་ཞིག་པ་དང་ཉམས་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་དག་གིས་བསྟན་པར་འགྱུར། ཡང་གི་སྒྲས་ནི་འཇིག་པ་ཞེས་བྱ་བ་ཡང་རང་གི་སྒྲས་ཇི་ལྟར་སྟོན་ཞེས་སྟོན་པ་ཡིན་ནོ། །དེ་བཞིན་དུ་གནས་པ་ལ་འཇིག་
པ་དང་སྐྱེ་བ་དག་མེད་པའི་ཕྱིར་གནས་པ་དང་རང་བཞིན་ལ་སོགས་པའི་སྒྲ་དག་གིས་གནས་པ་དེ་རྒྱུ་གང་གིས་ཞེས་བརྗོད་པར་བྱ་དགོས་སོ། །ཅི་སྟེ་ཡང་གནས་པ་ལ་སོགས་པ་འདི་དག་ཕན་ཚུན་རྣམ་པར་དབྱེ་བ་མེད་པའི་ངོ་བོ་ཡིན་པའི་ཕྱིར་འདི་དག་རེ་རེ་ལ་རྟགས་གསུམ་དང་ལྡན་པ་ཉིད་དུ་འགྱུར་
རོ་སྙམ་ན། དེའི་ཕྱིར། ཅི་སྟེ་འདི་དག་དབྱེར་མེད་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་དག་ཕན་ཚུན་དུ་དབྱེ་བ་མེད་པའི་ངོ་བོར་གྱུར་ན་དེའི་ཚེ་དོན་དམ་པར་རྟགས་གཅིག་ཁོ་ནར་འགྱུར་གྱི་རྟགས་གསུམ་ནི་མ་ཡིན་ནོ། །གཞན་དག་ན་རེ་གལ་ཏེ་མོ་ལ་སོགས་པ་སྤྱི་དང་ཁྱད་པར་རྣམས་ནི་
Vol. 191 · folio 354a
བ་ལང་ཉིད་ལ་སོགས་པ་བཞིན་ནོ་ཞེས་ཟེར་བ་དེ་ལ། གལ་ཏེ་མོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་སྤྱི་བརྟག་པར་སྤྱི་དང་བྱེ་བྲག་བསལ་ཟིན་པའི་ཕྱིར་རོ། །དེའི་ངོ་བོའི་མོ་ཉིད་ལ་སོགས་པ་མི་སྲིད་པའི་ཕྱིར། མཚན་ཉིད་མི་སྲིད་པ་ཡིན་ནོ། །གཞན་ཡང་སྤྱི་དང་བྱེ་བྲག་དེ་
དག་ཉིད་ལ་སྤྱི་དང་བྱེ་བྲག་གཞན་མེད་ན་ཡང་རིགས་དང་ཡོད་པ་དང་སྤྱི་ཞེས་བྱ་བ་ལ་སོགས་པའི་མོ་དང་ཕོ་དང་མ་ནིང་གི་རྟགས་ཀྱི་སྒྲ་འཇུག་པར་མཐོང་བའི་ཕྱིར་མཚན་ཉིད་མ་ཁྱབ་པ་མ་ཡིན་ནོ་ཞེས་སྟོན་པ་ནི། རིགས་དང་ཡོད་དང་ཞེས་བྱ་བ་ལ་སོགས་པའོ། །སྤྱི་རྣམས་ལ་ཡང་གཞན་པ་ཡི། །སྤྱི་ནི་རིགས་
པ་མ་ཡིན་ནོ། །ཞེས་བྱ་བ་ནི་སྤྱི་མེད་པ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །འདི་ཡང་བྱེ་བྲག་པའི་གྲུབ་པའི་མཐའ་ལ་བརྟེན་ནས་བརྗོད་པ་ཡིན་གྱི། གང་གི་ཚེ་བརྡ་སྤྲོད་པ་པ་རྣམས་ཀྱི་སྤྱི་ལ་ཡང་སྤྱི་གཞན་ཡོད་དོ་ཞེས་བརྗོད་དོ། །ཇི་སྐད་དུ། དོན་གྱི་རིགས་ནི་བརྗོད་ན་ཡང་། །ཐམས་ཅད་
རིགས་ནི་རྗོད་བྱེད་ཡིན། །གང་ཕྱིར་དངོས་རྣམས་བྱ་བ་ཡི། །མཚན་ཉིད་དུ་ནི་གནས་པ་ཡིན། །ཞེས་བཤད་དོ། །བསྟན་བཅོས་གཞན་དུ་མཐོང་བའི་རིགས་རྣམ་པར་གཞག་པའི་ངེས་པ་ནི་བརྡ་སྤྲོད་པ་རྣམས་ཀྱིས་ཁས་བླང་བར་བྱ་བ་མ་ཡིན་ཏེ། རིགས་རྣམས་ནི་ཤེས་པ་དང་བརྗོད་པའི་རྗེས་སུ་འགྲོ་
བར་བྱ་བའི་འབྲས་བུས་དཔགས་པའི་ངོ་བོ་ཡིན་ཏེ། དེ་དག་ལ་ངེས་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་ཇི་སྐད་དུ་བཤད་པའི་འབྲས་བུ་མ་མཐོང་བའི་ཕྱིར་སྤྱིའི་རྟེན་གྱི་རིགས་ནི་རིགས་མཐུན་པ་ཞེས་བྱ་བའི་སྒྲའི་རྒྱུ་མཚན་ཡིན་ནོ་ཞེས་བྱ་བ་ནི་བྱ་བའི་མཚན་ཉིད་ཅན་ཡིན་ཏེ། བརྗོད་པ་དང་ཤེས་
པའི་བྱ་བས་རྣམ་པར་གཞག་པའི་མཚན་ཉིད་ཅན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱི་གསལ་བ་ཡང་དེ་འདྲ་བ་དེ་དག་གསལ་བ་ཁོ་ན་ཡིན་ཞེས་དེ་མ་ཐག་པའི་སྐྱོན་ཉིད་ཡིན་ནོ། །ཐུན་མོང་བའི་སྐྱོན་འདི་ཡང་བཤད་པ། མེད་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། རི་བོང་གི་རྭ་ལ་སོགས་པ་མེད་པ་དག་ལ་
རིགས་ཡོད་པ་མ་ཡིན་ཏེ། དེ་ནི་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ། །དེས་ན་དེ་དག་ལ་མེད་པ་ལ་སོགས་པའི་སྒྲ་སྦྱར་བར་མི་འགྱུར་རོ། །དེ་ལྟ་བས་ན་རྟགས་རྣམ་པར་གཞག་པ་ནི་མ་ཁྱབ་པ་ཅན་ཡིན་ནོ། །དེས་ན་རྟགས་གསུམ་རྣམ་པར་གཞག་པ་འདི་ནི་འདོད་པས་སྦྱོར་བའི་བརྡ་ཙམ་ལས་བྱུང་བ་ཉིད་ཡིན་ནོ་ཞེས་བྱ་
Vol. 191 · folio 354b
བར་གྲུབ་པོ། །གྲངས་ཀྱང་དངོས་པོར་གཏོགས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མེད་པར་བསྟན་པའི་ཕྱིར་གྲངས་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲངས་ཀྱང་བརྡ་ལས་བྱུང་བ་ཉིད་ཡིན་གྱི་དངོས་པོ་པ་ནི་མ་ཡིན་ཏེ། བཙུན་མོ་རྣམས་ལ་སོགས་པ་དག་ལ་དངོས་པོ་ཐ་དད་པ་མེད་ཀྱང་རྗོད་པར་
འདོད་པའི་དབང་གིས་ཉེ་བར་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ། འདི་ལྟར་མང་པོ་ཉིད་དང་གཅིག་ཉིད་ལ་སོགས་པའི་གྲངས་ནི་དངོས་པོར་གཏོགས་པའི་ཐ་དད་པ་དང་ཐ་མི་དད་པའི་མཚན་ཉིད་ཅན་ཡིན་ལ། དེ་ལ་ཆུ་རྣམས་དང་། བཙུན་མོ་རྣམས་དང་། བྱེ་མ་རྣམས་དང་། ཆར་པ་
རྣམས་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་ཐ་དད་པ་མེད་པར་ཡང་མང་པོ་ཉིད་ཀྱི་གྲངས་འཇུག་ཅིང་། དེ་བཞིན་དུ་ནགས་དང་། ས་ཕུག་དང་། འགྲོ་བ་དང་གྲོང་ཁྱེར་དྲུག་ཅེས་བྱ་བ་ལ་སོགས་པ་ལ་དོན་ཐ་དད་པ་ཡོད་ན་ཡང་གཅིག་ཉིད་ཀྱི་གྲངས་སུ་སྟོན་པ་ཡིན་ནོ། །དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ལ། མ་
ངེས་པ་ཡང་མ་ཡིན་ཏེ། ཐམས་ཅད་ཐམས་ཅད་ཀྱི་ཆོས་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །མཐུན་པའི་ཕྱོགས་ལ་ཡོད་པའི་ཕྱིར་འགལ་བ་ཡང་མ་ཡིན་ནོ། །གལ་ཏེ་གསལ་བ་དང་ཞེས་བྱ་བ་ལ་སོགས་པས་གཞོན་ནུ་མ་ལེན་གྱི་ལུགས་ཀྱི་གཏན་ཚིགས་མ་ངེས་པ་ཉིད་དུ་དོགས་པ་བསུ་བ་སྟེ། དེ་སྨྲས་པ་བཙུན་
མོ་རྣམས་ལ་སོགས་པའི་སྒྲ་རེས་འགའ་རིགས་ལ་སྦྱོར་ལ། རེས་འགའ་ནི་གསལ་བ་ལ་སྦྱོར་ཏེ། དེ་ལ་གང་གི་ཚེ་རིགས་ལ་ཡིན་པ་དེའི་ཚེ་གསལ་བར་རྟོགས་པའི་གྲངས་བླངས་ནས་འཇུག་སྟེ། གསལ་བ་རྣམས་ཀྱང་བུད་མེད་མང་པོ་ཡིན་ནོ། །གང་གི་ཚེ་གསལ་བ་ལ་སྦྱོར་བ་དེའི་ཚེ་གསལ་བ་དེའི་ཆ་ཤས་
ལག་པ་དང་རྐང་པ་ལ་སོགས་པ་མང་པོ་ཉིད་ཀྱི་གྲངས་བླངས་ནས་འཇུག་གོ། །ནགས་ཀྱི་སྒྲས་དྷ་བ་དང་སེང་ལྡེང་དང་པ་ལ་ཤ་ལ་སོགས་པའི་མཚན་ཉིད་ཀྱི་གསལ་བ་རྣམས་དེ་དང་འདུ་བའི་ཤིང་ཉིད་ཀྱི་རིགས་སུ་གཏོགས་པའི་གྲངས་ཀྱི་ཁྱད་པར་ཅན་སྟོན་པར་བྱེད་པ་ཡིན་ཏེ། དེས་ན་ནགས་ཞེས་གཅིག་གི་
ཚིག་ཏུ་འགྱུར་ཏེ། རིགས་སུ་གཏོགས་པའི་གྲངས་གཅིག་གི་ཁྱད་པར་ཅན་གྱི་རྫས་བརྗོད་པའི་ཕྱིར་རོ། །ཡང་ན་རྟ་ལ་སོགས་པའི་གསལ་བ་ལ་བརྟེན་པའི་རིགས་ཉིད་ནགས་ཀྱི་སྒྲས་བརྗོད་དོ། །དེས་ན་གཅིག་གི་ཚིག་ཏུ་འགྱུར་བ་ཡིན་ཏེ། རིགས་གཅིག་ཡིན་པའི་ཕྱིར་རོ་ཞེས་སོ། །འོན་ཏེ་རྣམ་པ་འདི་
Vol. 191 · folio 355a
ཡིས་ནི། །ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་རྣམ་པ་འདིས་ཤིང་དང་བུམ་པ་ཞེས་བྱ་བ་ལ་སོགས་པ་གཅིག་གི་ཚིག་ཐམས་ཅད་ཉམས་པར་འགྱུར་བ་ནི། ཆད་པར་འགྱུར་བ་སྟེ་ཐམས་ཅད་དུ་རིགས་པ་འདི་མཚུངས་པའི་ཕྱིར་རོ། །འདི་ལྟར་འདི་ལ་ཡང་དེ་
ལ་རིགས་དང་གསལ་བ་ལ་གལ་ཏེ་ཤིང་ལ་སོགས་པ་སྦྱོར་རོ་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུ་བརྗོད་པར་ནུས་སོ། །ཅི་སྟེ་ཤིང་ལ་སོགས་པ་གཞན་དུ་གསལ་བ་དང་ཡན་ལག་རྣམས་ལ་གྲངས་སུ་བརྗོད་པར་འདོད་པ་མེད་པར་འདོད་ན་གལ་ཏེ་དེ་ལྟ་ན་དངོས་པོར་རྟོགས་པའི་རྗེས་སུ་འགྲོ་བ་ལ་སོགས་པའི་རྗེས་སུ་
བྱེད་པའི་གྲངས་མེད་དེ་བརྗོད་པར་འདོད་པ་ཁོ་ནའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེ་ལྟ་ཡིན་དང་བརྗོད་པར་འདོད་པ་དེ་ཉིད་བཙུན་མོ་རྣམས་ཞེས་བྱ་བ་ལ་སོགས་པ་ལ་མང་པོའི་ཚིག་འདིའི་རྒྱུ་མཚན་ཡིན་ལ་རག་མོད་ཐ་དད་པ་མེད་ན་ཡང་དངོས་པོ་གཅིག་ཀྱང་མང་པོ་ཉིད་ཀྱི་བརྗོད་པར་
འདོད་པས་དེའི་ཕྱིར་གཏན་ཚིགས་མ་གྲུབ་པ་མ་ཡིན་ནོ། །གང་ཡང་། ནགས་ཀྱི་སྒྲ་ཡང་གསལ་མང་པོ། །རིགས་དང་གྲངས་ཀྱི་ཁྱད་པར་རམ། །ཞེས་གང་སྨྲས་པ་དེ་ལ་རིགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་ལ་ནི་གྲངས་ཡོད་པ་མ་ཡིན་ཏེ། དེས་ནི་རྫས་ལ་བརྟེན་པའི་ཕྱིར་རོ། །
ཅི་སྟེ་དེ་ལྟར་བྱེ་བྲག་པའི་གྲུབ་པའི་མཐའ་ལ་མི་བརྟེན་པ་དེའི་ཚེ་གྲངས་མེད་པ་ན་དེ་ཇི་ལྟར་དྷ་བ་ལ་སོགས་པའི་གསལ་བ་ཁྱད་པར་ཅན་དུ་འགྲུབ་པར་འགྱུར། འདི་སྙམ་དུ་འབྲེལ་པ་དང་། འབྲེལ་པ་ལས་སམ་དེ་དང་འབྲེལ་པ་ལས་འགྲུབ་པ་ཡིན་ཏེ། འདི་ལྟར་གང་གི་ཚེ་གྲངས་རིགས་དང་ཐ་དད་པ་
དེའི་ཚེ་དྷ་བ་ལ་སོགས་པ་གསལ་བ་རྣམས་གྲངས་གཅིག་ཉིད་དང་འབྲེལ་པའི་རིགས་དང་འབྲེལ་པའི་ཕྱིར། བརྒྱུད་པས་དེ་དྷ་བ་ལ་སོགས་པའི་གསལ་བ་ཁྱད་པར་དུ་བྱེད་པ་ཡིན་ནོ། །གང་གི་ཚེ་གྲངས་རིགས་དང་ཐ་མི་དད་པ་ཉིད་ཡིན་པ་དེའི་ཚེ་དངོས་སུ་འབྲེལ་པའི་ཕྱིར། དེས་ཁྱད་པར་དུ་བྱེད་
པས་དེའི་ཕྱིར་རིགས་དང་གྲངས་ཀྱི་ཁྱད་པར་ཅན་དུ་གྲུབ་པོ། །གལ་ཏེ་དེ་ལྟ་ཡིན་ན་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དེ། གལ་ཏེ་འབྲེལ་པ་དང་འབྲེལ་པ་ལས་སམ་དེ་དང་འབྲེལ་པ་ལས་དྷ་བ་ལ་སོགས་པའི་གསལ་བ་རྣམས་ལ་ནགས་ཀྱི་སྒྲ་འཇུག་པ་དེའི་ཚེ་ཤིང་གཅིག་ཀྱང་དེ་ལྟར་
Vol. 191 · folio 355b
ནགས་ཞེས་བརྗོད་པར་འགྱུར་ཏེ། འཇུག་པའི་རྒྱུ་མཚན་ཡོད་པའི་ཕྱིར་རོ། །འདི་ལྟར་དྷ་བ་ལ་སོགས་པ་མང་པོ་རྣམས་ལ་ཡང་རིགས་དང་གྲངས་དང་འབྲེལ་པ་ཉིད་ལས་ནགས་ཞེས་བརྗོད་ཀྱི་གཞན་ལ་ནི་མ་ཡིན་ནོ། །འབྲེལ་པ་དེ་ཡང་ཤིང་གཅིག་ལ་ཡང་ཡོད་པའི་ཕྱིར་ཅིའི་ཕྱིར་དེ་ལྟར་རྗོད་པར་མི་བྱེད། ཡང་ན་
གསལ་བ་མང་པོ་ལ་བརྟེན་པ་རིགས་པ་ཡིན་ནོ་ཞེ་ན། དེའི་ཕྱིར་གསལ་བ་མང་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱོགས་འདི་ལ་ཡང་ཤིང་གཅིག་ཀྱང་ནགས་ཞེས་བརྗོད་པར་འགྱུར་ཏེ། འདི་ལྟར་གསལ་བ་མང་པོ་ལ་བརྟེན་པའི་རིགས་ནགས་ཀྱི་སྒྲས་བརྗོད་པ་གང་ཡིན་པ་དེ་ཉིད་དྷ་བ་ལ་སོགས་པའི་གསལ་
བ་གཅིག་ལ་ཡང་གནས་ཏེ། དེ་ལྟར་ཡིན་དང་དྷ་བའི་བློ་དེའི་རྒྱུ་མཚན་ཐམས་ཅད་དུ་མཚུངས་པའི་ཕྱིར་ཏེ་དེ་འང་ཤིང་གཅིག་ལ་ཡང་ཅིའི་ཕྱིར་ནགས་ཀྱི་བློར་མི་འགྱུར། རྗེས་སུ་འགྲོ་དང་ལྡོག་པ་ལས། །ཞེས་བྱ་བ་ལ་སོགས་པས་གཏན་ཚིགས་ཀྱི་དོན་ཉེ་བར་སྡུད་པར་བྱེད་དོ། །དེ་འཁྲུལ་པའི་ཕྱིར་ཞེས་བྱ་བ་ནི་
དོན་དེའི་འཁྲུལ་པའི་ཕྱིར་རོ། །རྟགས་དང་གྲངས་སོགས་འབྲེལ་པ་ནི། །སེལ་བ་ལ་ནི་ཡོད་མ་ཡིན། །ཞེས་བྱ་བ་འདིར་བྱ་བ་དང་དུས་ལ་སོགས་པ་འབྲེལ་པ་བསྟན་པ་ནི། དེ་ལ་བྱ་བ་དུས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལས་དང་བྱ་བ་ལ་སོགས་པའི་ཚིག་གིས་དོན་དང་པོ་ཉིད་དུ་བཀག་པ་ན་བྱ་
བ་ལ་སོགས་པ་དང་ལྡན་པ་བསལ་བའི་ཕྱིར་འདི་དག་གི་དངོས་པོའི་ཆོས་ཉིད་ཀྱང་རིགས་པ་མ་ཡིན་ནོ། །བརྡ་ལས་བྱུང་བ་ནི་བརྡ་ཡིས་བྱས་པའོ། །ཡང་ན་འདི་དག་དངོས་པོའི་ཆོས་ཉིད་ཡིན་དུ་ཆུག་མོད། དེ་ལྟ་ན་ཡང་གཟུགས་བརྙན་གྱི་བདག་ཉིད་ཀྱི་སེལ་བ་འཁྲུལ་པས་ཕྱི་རོལ་གྱི་གསལ་བའི་བདག་ཉིད་
དུ་ལེན་པའི་ཕྱིར། ཞེན་པའི་དབང་གིས་ཀྱང་བསལ་བའི་སྒོ་ནས་རྟགས་དང་གྲངས་ལ་སོགས་པའི་འབྲེལ་པར་འགྱུར་བ་ཡིན་ལ། དེས་ན། གསལ་བྱ་བསྟན་བྱ་མ་ཡིན་ཕྱིར། །འདི་དེའི་སྒོ་ནས་ཀྱང་ཡོད་མིན། །ཞེས་གང་སྨྲས་པ་དེ་ནི་མ་ངེས་པ་ཡིན་ནོ། །ཀུན་རྫོབ་ཀྱི་ཕྱོགས་ལ་ཡང་མ་གྲུབ་པ་
ཡིན་ནོ་ཞེས་སྟོན་པ་ནི་རྣམ་པ་གཅིག་ཏུ་ཞེས་བྱ་བ་ལ། །བསལ་བའི་ཞེས་བྱ་བ་ལ་སོགས་པ་སྟེ། སེལ་བར་བརྗོད་ཅེས་བྱ་བ་ལ་སྒྲས་ཞེས་བྱ་བ་ལྷག་མའོ། །དེའི་ཕྱིར་ཞེས་བྱ་བ་ནི་དེ་ལྟ་བས་ནའོ། །འདི་ལ་ཞེས་བྱ་བ་ནི་སེལ་བ་ལའོ། །ཀུན་བཤད་དག་ལ་གཞན་དག་མིན། །ཞེས་བྱ་བ་ལ་སོགས་པ་སྨྲས་
Vol. 191 · folio 356a
པ་དེ་ལ། །བློ་ལ་མངོན་པར་འདོད་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་བཤད་དག་ལ་གཞན་ལས་ལྡོག་པ་ཤེས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་མ་གྲུབ་སྟེ། འདི་ལྟར་ཤེས་པར་འདོད་པ་ནི་དོན་གང་ཞིག་ལ་ཐ་སྙད་འདོགས་པ་པོ་རྣམས་ཀྱིས་ཉེན་པ་པོའི་བློ་བསྐྱེད་པའི་ཕྱིར་སྒྲ་སྦྱོར་གྱི་
ཞེན་པས་མ་ཡིན་ནོ། །དེ་བས་ན་མངོན་པར་འདོད་པའི་དོན་བསྟན་པ་ན་ཤུགས་ཀྱིས་མི་འདོད་པ་རྣམ་པར་བཅད་པ་རྟོག་པ་ཉིད་ཡིན་ཏེ། འདོད་པ་དང་མི་འདོད་པ་དག་ནི་ཕན་ཚུན་རྣམ་པར་གཅོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །ཐམས་ཅད་མངོན་པར་འདོད་པ་ཡིན་ནོ་ཞེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་
སྨོས་ཏེ། གལ་ཏེ་ཐམས་ཅད་འདོད་པ་ཉིད་དུ་འགྱུར་ན་དེའི་ཚེ་སྒྲའི་དོན་སོ་སོར་ངེས་པར་མི་འགྱུར་རོ། །དེ་ལྟ་ཡིན་དང་དོན་འགའ་ཞིག་ཡོངས་སུ་སྤངས་ནས་ཉན་པ་པོ་དོན་འགའ་ཞིག་ལ་རིགས་ཡོད་པ་མ་ཡིན་པ་ཞིག་ལ་སྒྲ་ལས་འཇུག་པ་གང་ཡིན་པ་དེར་མི་འགྱུར་རོ། །དེ་ལྟ་བས་ན་ཐམས་ཅད་འདོད་པ་ཡིན་
ནོ་ཞེས་བྱ་བ་འདི་མི་རིགས་སོ། །དེའི་ཕྱིར་དེ་ལྟ་བས་ན་འཚེད་པ་ལ་སོགས་པའི་སྒྲ་རྣམས་ཤུགས་ཀྱིས་མི་འདོད་པ་གཅོད་པར་རྟོགས་པ་གསལ་རབ་པ་ཉིད་ཡིན་ནོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ཤུགས་ཀྱིས་རྟོགས་པར་བྱ་བ་མི་འདོད་པ་གཅོད་པ་དེ་ཉིད་སྟོན་པ་ཡིན་ནོ། །དེ་ལྟ་བས་ན་འཚེད་དོ་ཞེས་
བྱ་བ་འདི་ནི་བཏང་སྙོམས་སུ་འདུག་པ་དང་གཞན་ཡང་ཟ་བའམ། རྒྱན་པོ་འགྱེད་པ་ལ་སོགས་པའི་བྱ་བ་གཞན་མ་ཡིན་པར་དགག་པའི་བདག་ཉིད་ཀྱིས་གསལ་བར་བྱ་བ་ཡོད་དེ་དེས་ན། དེ་ལ་མ་ཡིན་དགག་པ་མིན། །ངོ་བོ་ཡོད་པ་མ་ཡིན་ནོ། །ཞེས་གང་སྨྲས་པ་དེ་གྲུབ་པའོ། །མ་ཡིན་དགག་
བདག་བསལ་བྱ་བ། །ཞེས་བྱ་བ་ནི་མ་ཡིན་པར་དགག་པའི་མཚན་ཉིད་ཀྱང་ཡིན་ལ། གསལ་བར་བྱ་བ་ཡང་ཡིན་ནོ་ཞེས་ཚིག་རྣམ་པར་སྦྱར་རོ། །ངེས་པ་གང་དང་གང་འདོད་པ། །ཞེས་བྱ་བ་ནི་བཏང་སྙོམས་སུ་འདུག་པ་ལ་སོགས་པའི་མ་ཡིན་པར་དགག་པའི་བདག་ཉིད་ཀྱི་བསལ་བར་བྱ་བ་དེ་དང་དེ་
ཡོད་དོ་ཞེས་འབྲེལ་ཏོ། །གང་ཡང་། མཚེད་དོ་ཞེས་ལ་དགག་མེད་པར། །རང་གི་ངོ་བོར་གནས་པ་ཡིན། །ཞེས་སྨྲས་པ་དེ་ལ་གཞན་ལ་རང་གི་ཚིག་དང་འགལ་བར་བསྟན་པའི་ཕྱིར་འཚེད་དོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་འདི་ཇི་ལྟར་ཕན་ཚུན་དུ་འགལ་བ་ཡིན་ཞེ་ན། གཞན་གྱི་ངོ་བོ་དགག་
Vol. 191 · folio 356b
པ་འདི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཚེད་དོ་ཞེས་བྱ་བ་འདིའི་དོན་དུ་རང་གི་ངོ་བོ་ཉིད་ཀྱི་གནས་སོ་ཞེས་བྱ་བའི་ངེས་པར་བཟུང་བ་འདིས་ངེས་པར་བཟུང་བ་འདིའི་ངོ་བོ་བསྟན་པ་ཡིན་ཏེ། འཚེད་དོ་ཞེས་བྱ་བ་འདི་གཞན་གྱི་ངོ་བོར་བཀག་ནས་བདག་ཉིད་གནས་སོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟ་མ་
ཡིན་ན་རང་གི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་ཁྱེད་ཅག་གིས་སྦྱར་བའི་ངེས་པར་བཟུང་བ་འདི་དོན་མེད་པར་འགྱུར་ཏེ། རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར་རོ། །འདི་ནི་བསྒྲུབ་བྱ་ཉིད་དུ་ཤེས། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ་ཉེ་བར་བརྗོད་མེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཁྱེད་
ཅག་གཞན་སེལ་བ་ཉེ་བར་བརྗོད་པ་མེད་པའི་རང་བཞིན་ཉིད་དུ་འཛིན་ན། དེ་ཇི་ལྟར་གྲུབ་པ་ཡིན་པའི་ཕྱིར་ཞེས་བྱ་བ་འདི་རྗོད་པར་བྱེད། ནམ་མཁའི་ཨུཏྤ་ལ་ལ་སོགས་པ་རྣམས་ལ་གྲུབ་པ་འགའ་ཞིག་ཡོད་པ་ནི་མ་ཡིན་ཏེ། དེ་དག་ནི་ཉེ་བར་བརྗོད་པ་ཐམས་ཅད་དང་བྲལ་བའི་མཚན་ཉིད་ཅན་ཡིན་
པའི་ཕྱིར་རོ། །འདི་སྙམ་དུ་གལ་ཏེ་ཡང་འདི་དོན་དམ་པའི་ཉེ་བར་བརྗོད་པ་མེད་པ་ཡིན་པ་དེ་ལྟ་ན་ཡང་རྟོགས་པ་པོ་འཁྲུལ་པས་ཕྱི་རོལ་གྱི་དངོས་པོའི་ངོ་བོ་ཉིད་དུ་ཞེན་པའི་ཕྱིར་སེལ་བའི་ཉེ་བར་བརྗོད་པ་དང་བཅས་པ་ཉིད་དུ་སྣང་བ་ཡིན་ནོ་སྙམ་དུ་སེམས་ན། འདིར་སྨྲས་པ། དེ་ལས་ཅིར་འགྱུར་ཞེས་བྱ་
བ་སྟེ། གལ་ཏེ་འདི་ཉེ་བར་བརྗོད་པ་ཉིད་དུ་སྣང་བ་དེ་ལྟ་ན་ཡང་འདིར་སྐབས་ཀྱི་དོན་དང་རྗེས་སུ་མཐུན་པ་ཅི་ཞིག་ཐོབ་ཅེས་བྱ་བའོ། །འདིར་གཞན་གྱིས་སྨྲས་པ། དངོས་པོ་དང་འདི་ནི་ཆོས་མཚུངས་པ་རྟོགས་པར་འགྱུར་ཞེས་བྱ་བ་སྟེ། དེས་ན་ཇི་ལྟར་དངོས་པོ་གྲུབ་པའི་ངོ་བོར་རྟོགས་པ་དེ་བཞིན་དུ་
སེལ་བ་ཡང་དངོས་པོ་རྣམས་དང་ཆོས་མཚུངས་པ་ཉིད་དུ་སྣང་སྟེ། གྲུབ་པ་བཞིན་དུ་རྟོགས་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་དྲུག་པ་ཡིན་ནོ། །གལ་ཏེ་དེ་ལྟར་ཁྱེད་ཅག་ཉིད་ཀྱིས་བསྒྲུབ་བྱ་ཉིད་དུ་ཤེས་པ་དང་། བྱུང་བར་གྱུར་པ་ལ་སོགས་པའི་ཤེས་པའི་རྒྱུ་མཚན་དུ་བསྟན་པའི་ཕྱིར། རྒྱུ་མཚན་མེད་
པར་ཐལ་བར་འགྱུར་རོ་ཞེས་བྱ་བ་འདི་བརྗོད་པར་མི་བྱའོ། །དེ་བསྟན་པའི་ཕྱིར། དེའི་ཕྱིར་བསྒྲུབ་བྱ་ཉིད་ཤེས་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་རྒྱུ་མཚན་ཞེས་བྱ་བ་ནི་དངོས་པོ་རྣམས་དང་ཆོས་མཚུངས་པ་ཉིད་དུ་ངེས་པའི་རྒྱུ་མཚན་ནོ། །སྒྲུབ་པ་སོགས་དོན་གཉེར་
Vol. 191 · folio 357a
གཙང་སྦྲ་གཞན་སེལ་བ་རྗོད་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ལ། སྒྲུབ་པ་སོགས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྒྲུབ་པ་ལ་སོགས་པའི་དོན་དགག་པ་ལ་སོགས་པ་ཉིད་ཀྱིས་གནས་པའི་ཕྱིར། དེ་བསྟན་པ་ན་མེད་པ་ལ་སོགས་པ་བརྗོད་པར་མི་འདོད་པ་ཤུགས་
ཀྱིས་འགེགས་པའི་ཕྱིར་འདི་ལ་ཡང་གཞན་སེལ་བར་བརྗོད་པ་ཡིན་ནོ། །དགག་པ་ལ་ཡང་དགག་ལྡན་ན། །ཞེས་བྱ་བ་འདི་ལ་ཡང་། དེ་བཞི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞི་ཡོད་པ་ཞེས་བྱ་བ་ནི་དགག་པ་བཞི་ཡོད་ནའོ། །དེ་ཅི་འདྲ་བ་ཞིག་རྟོགས་པར་བྱ་བ་ཡིན་ཞེ་ན། དགག་པ་
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དོན་གྱི་སྒྲ་ནི་སྒྲུབ་པའི་སྒྲ་དང་འབྲེལ་པར་བྱའོ། །དེའི་འབྲེལ་པ་ནི་དགག་པ་དེའི་དགག་པའོ། །དེ་དགག་བྱ་ཕྱིར་ཞེས་བྱ་བ་ནི་དགག་པ་གསུམ་པས་བསྟན་པ་སྒྲུབ་པ་དང་བྲལ་བ་དགག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །བཞི་པ་ཞེས་བྱ་བ་ནི་བཞི་པའོ། །བརྗོད་པར་འདོད་པ་
དེ་ལ་ནི། །ཞེས་བྱ་ནི་དགག་པ་བཞི་པ་སྦྱོར་བ་དེ་ལ་ཞེས་བྱ་བའི་དོན་ཏོ། །དེ་ཡིས་ཞེས་བྱ་བ་ནི་དགག་པ་བཞི་པས་སོ། །གཞན་ལས་རྟོག་པ་རྟོགས་ཞེས་བྱ་བ་ནི་དགག་པ་གསུམ་པས་བསྟན་པའི་དགག་པས་དབེན་པ་སྒྲུབ་པའི་ངོ་བོའི་དོན་གཟུགས་བརྙན་སྟོན་པར་བྱེད་པའི་ཕྱིར་རོ། །འདི་དག་ཉིད་དཔེ་
དག་གིས་བསལ་བར་བྱ་བའི་ཕྱིར། འདི་ནི་མི་འཚེད་པ་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་དེས་དབེན་པའི་ཞེས་བྱ་བ་ནི་བཏང་སྙོམས་སུ་འདུག་པ་ལ་སོགས་པ་ལས་དབེན་པའོ། །སྒྲུབ་པའི་ངག་དང་གཞན་ལས་ལྡོག་པར་མཚུངས། །ཞེས་བྱ་བ་ནི་ཇི་ལྟར་འཚེད་དོ་ཞེས་བྱ་བ་ལ་སོགས་པ་
སྒྲུབ་པའི་ངག་གི་ཤུགས་ཀྱིས་བཏང་སྙོམས་སུ་འདུག་པ་ལ་སོགས་པ་ལས་ལྡོག་པ་རྟོག་པ་དེ་བཞིན་དུ་དགག་པ་གཉིས་པ་ལ་ཡང་ཡིན་པའི་ཕྱིར་འདི་ལ་ཡང་གཞན་ལས་ལྡོག་པར་གྲུབ་པའོ། །བསལ་བར་བྱ་བའི་ཕྱིར་དགག་པ་བཞི་པ་དཔེར་བརྗོད་དོ། །དང་ལ་སོགས་པ་དགག་པ་དང་། །ལྡན་པ་
མེད་ཕྱིར་ཞེས་བྱ་བ་འདི་ལ། །དང་ལ་སོགས་པ་སྡུད་ལ་སོགས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སོགས་པའི་སྒྲས་འམ་གྱི་ནི་རྣམ་པར་རྟོག་པའི་དོན་ཡིན་ལ། ཡང་གི་སྒྲ་ནི་དངོས་པོ་སྲིད་པ་དང་འཇིག་པ་ལ་སོགས་པའོ། །ནིའི་སྒྲ་ནི་ཁྱད་པར་ཡིན་ལ་ཉིད་ནི་ངེས་པར་གཟུང་བའི་ཞེས་བྱ་བ་
Vol. 191 · folio 357b
ལ་སོགས་པ་བཟུང་ངོ་། །དེ་ལས་གཞན་པ་ཞེས་བྱ་བ་ནི་བསྡུ་བ་ལ་སོགས་པ་དེ་ལས་གཞན་པའོ། །དེ་ཡིས་ཞེས་བྱ་བ་ནི་དང་ལ་སོགས་པས་སོ། །ངག་གི་དོན་ལ་གཞན་ལྡོག་པས། །བསྟན་པར་ནུས་པ་མ་ཡིན་ནོ། །ཞེས་བྱ་བ་འདི་ལ་ངག་གི་དོན་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷན་ཅིག་
པ་ཞེས་བྱ་བ་ནི་ཕན་ཚུན་རྒྱུ་དང་འབྲས་བུའི་དངོས་པོས་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །དེ་དག་ཅེས་བྱ་བ་ནི་དངོས་པོ་རྣམས་སོ། །འོན་ཏེ་ཚིག་གི་དོན་གཞན་ཡིན་ལ། ངག་གི་དོན་ཡང་གཞན་མ་ཡིན་ནམ། དེ་ཇི་ལྟར་ཚིག་གིས་གསལ་བར་བྱ་བ་གང་ཡིན་པ་དེ་ཉིད་ངག་གི་དོན་ཉིད་ཡང་ཡིན་ནོ་ཞེས་བརྗོད་
ཅེ་ན། དེའི་ཕྱིར་དེ་ནི་དག་པ་གཞན་མེད་ཅེས་བྱ་བ་སྨོས་ཏེ། ཚིག་གི་དོན་ལས་མ་རྟོགས་པ་ཆ་མེད་པའི་ཁྲ་བོའི་བདག་ཉིད་དམ། །འདྲེས་པའི་ཁ་དོག་དང་མཚུངས་པའི་ངག་གི་དོན་ཡོད་པ་ནི་མ་ཡིན་ནོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་དེ་འདྲ་བ་མ་དམིགས་པའི་ཕྱིར་རོ་སྙམ་
དུ་བསམས་པ་ཡིན་ནོ། །འདི་ཉིད་དཔེར་བརྗོད་པའི་སྒོ་ནས་གསལ་བར་བྱ་བའི་ཕྱིར། ནག་པ་བ་ལང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ངག་འདི་ལ་ནག་པ་ལ་སོགས་པའི་དངོས་པོ་ལས་དོན་གཞན་པ་བློ་ལ་སྣང་བ་མ་ཡིན་ཏེ། ནག་པ་ལ་སོགས་པའི་དོན་རྟོག་པ་ན། ཡང་ཤུགས་ཀྱིས་ནག་པ་
མ་ཡིན་པ་ལ་སོགས་པ་གཅོད་པ་རྟོགས་པ་ཡིན་ནོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་བྱེད་པ་པོ་ལ་སོགས་པ་གཞན་རྣམ་པར་གཅོད་པར་མི་འདོད་པར་འགྱུར་ན། དེའི་ཚེ་ནག་པ་ལ་སོགས་པ་བླངས་པ་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟ་ཡིན་དང་འགའ་ཞིག་ལ་འགའ་ཞིག་གི་ཐ་སྙད་མེད་པའི་
ཕྱིར་འགྲོ་བའི་ངག་གི་གཡོ་བ་མེད་པར་འགྱུར་རོ། །གཞན་སེལ་མིན་པའི་སྒྲ་སོགས་ལ། །བརྗོད་བྱ་མཐོང་བ་མ་ཡིན་ནོ། །ཞེས་བྱ་བ་འདི་ལ་གཞན་སེལ་མིན་པའི་སྒྲ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་དོན་དམ་པར་ཁྱེད་ཅག་གིས་འདོད་པའི་རིགས་ལ་སོགས་པའི་མཚན་
ཉིད་སྒྲའི་དོན་སྒྲུབ་པའི་ངོ་བོ་ངེས་པ་མ་ཡིན་ཏེ། རིགས་ལ་སོགས་པ་དེ་དག་སྔར་སྤྱི་བརྟག་པར་རྒྱས་པར་བཀག་པའི་ཕྱིར་རོ། །འོ་ན་ཅི་ཞིག་ངེས་པར་བྱེད་ཅེ་ན། འོན་ཀྱང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟ་ན་གལ་ཏེ་སེལ་བའི་སྒྲའི་དོན་འགེགས་པའི་བློ་སྐྱེའོ་ཞེས་བྱ་བ་ལ་འདོད་ན་འོ་ན་
Vol. 191 · folio 358a
སེལ་བ་སྒྲའི་དོན་དུ་ཁས་བླང་བར་མི་བྱ་སྟེ། དེ་འགེགས་པའི་ཕྱིར་རོ་ཞེ་ན་དེའི་ཕྱིར། དེ་ནི་སླུ་བྱེད་མིན་ཞེས་བྱ་བ་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་སེལ་བ་མ་ཡིན་པའི་སྒྲ་ལ་སོགས་པའོ། །སླུ་བྱེད་ཡིན་ཞེས་བྱ་བ་ནི་མི་སླུ་བར་མི་བྱེད་པས་ན་སླུ་བྱེད་དམ་འདི་ལ་མི་སླུ་བ་མེད་པས་སླུ་བྱེད་དོ། །
ཅིའི་ཕྱིར་ཞེ་ན། དངོས་པོ་དང་འབྲེལ་པ་ཉམས་ཕྱིར་ཏེ། དེ་ལྟ་བུར་གྱུར་པའི་དངོས་པོ་དང་འབྲེལ་པ་མེད་པའི་ཕྱིར་ལ། སྔར་རིགས་ལ་སོགས་པའི་མཚན་ཉིད་ཀྱི་སྒྲའི་དོན་དངོས་པོ་བཀག་པའི་ཕྱིར་རོ། །འོ་ན་གལ་ཏེ་དེ་ལྟ་ན་གཞན་སེལ་བ་མ་ཡིན་པའི་སྒྲ་ལ་སོགས་པ་ལས་སེལ་བའི་སྒྲའི་དོན་བཀག་པ་
ལ་ཇི་ལྟར་བློ་སྐྱེ་བ་ཡིན་ཞེ་ན། སྒྲ་ལས་བྱུང་བའི་ཤེས་པ་ཀུན། །ཞེས་བྱ་བ་སྨོས་ཏེ། སྒྲ་ལས་བྱུང་བའི་ཤེས་པ་འགའ་ཞིག་ནི་ཇི་ལྟ་བ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་གོམས་པའི་བག་ཆགས་ཀྱི་མཐུ་ཉིད་ཀྱིས་ཡང་དག་པ་མ་ཡིན་པའི་དོན་མངོན་པར་ཞེན་པ་སྐྱེ་བ་ཉིད་ཀྱི་ཕྱིར་དེའི་དབང་གིས་དངོས་པོ་
རྣམས་ཡོད་པ་དང་མེད་པར་འགྱུར་བ་མ་ཡིན་ནོ། །གཞལ་བྱ་ཞེས་བྱའི་སྒྲ་སོགས་ཀྱི། །ཞེས་བྱ་བ་ལ་སོགས་པ་གང་སྨྲས་པ་དེ་ལ། གཞལ་བྱ་ཞེས་བྱའི་སྒྲ་སོགས་པ་སྨོས་ཏེ། གཞལ་བྱ་ལ་སོགས་པའི་སྒྲའི་བསལ་བར་བྱ་བ་མེད་དོ་ཞེས་གང་ལ་རྗོད་པར་བྱེད། རེ་ཞིག་གལ་ཏེ་ངག་ལ་མི་གནས་པ་
འབའ་ཞིག་པ་ཚིག་གཞན་དང་འབྲེལ་པ་དང་བྲལ་བའི་གཞལ་བྱ་ལ་སོགས་པའི་སྒྲ་ལ་བརྟེན་པ་བརྗོད་པ་དེའི་ཚེ་གྲུབ་པ་ལ་སྒྲུབ་པ་སྟེ། དོན་མེད་པའི་ཕྱིར་འབའ་ཞིག་ལ་སྦྱོར་བ་མེད་པའི་ཕྱིར་རོ། །དེ་སྟོན་པ་ནི། རྟོག་ལྡན་རྣམས་ཀྱིས་གློ་བུར་དུ། །ཞེས་བྱ་བ་ལ། འབའ་ཞིག་ཅེས་བྱ་བ་ནི་
སྒྲ་གཞན་དང་འབྲེལ་པའོ། །གློ་བུར་དུ་ཞེས་བྱ་བ་སྐབས་ལས་གཞན་དུའོ། །གང་གི་ཕྱིར་རྟོག་པ་དང་ལྡན་པ་རྣམས་ཀྱིས་སྒྲ་སྦྱོར་བ་ནི་ཉན་པ་པོའི་སྐྱེ་བོ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་ཡིན་གྱི་ཞེན་པས་ནི་མ་ཡིན་ནོ། །འབའ་ཞིག་ལ་སྦྱར་བས་ཉན་པ་པོ་འབའ་ཞིག་ཐེ་ཚོམ་དང་ཕྱིན་ཅི་ལོག་པ་
བཟློག་པའི་མཚན་ཉིད་ཀྱི་རྗེས་སུ་འཛིན་པར་བྱས་པར་འགྱུར་བ་མ་ཡིན་ནོ། །འདི་ལྟར་གལ་ཏེ་སྟོན་པ་པོ་ཉན་པ་པོ་དེ་འབའ་ཞིག་ལ་ཐེ་ཚོམ་དང་ཕྱིན་ཅི་ལོག་གི་བློ་སྐྱེས་པ་བཟློག་ནས་ཐེ་ཚོམ་མེད་པའི་ཤེས་པ་སྐྱེད་པའི་ཕྱིར་ཡིན་ན། དེ་ལྟ་ན་དེས་འདི་རྗེས་སུ་གཟུང་བར་བྱས་པར་འགྱུར་གྱི། གཞན་
Vol. 191 · folio 358b
དུ་ནི་མ་ཡིན་ནོ། །འབའ་ཞིག་ལ་སྦྱར་བས་དེ་ལྟར་རྗེས་སུ་གཟུང་བར་ནུས་པ་ཡང་མ་ཡིན་ནོ། །དེ་ལྟ་བས་ན་ཐེ་ཚོམ་ལ་སོགས་པ་བཟློག་པ་དང་། ངེས་པ་སྐྱེད་པ་ན་ཉན་པ་པོ་རྗེས་སུ་གཟུང་བའི་ཕྱིར་སྒྲ་སྦྱོར་བ་འབྲས་བུ་དང་བཅས་པ་འདི་དག་ལ་གནས་པ་ཉིད་སྦྱོར་བ་ཡིན་ནོ་ཞེས་བྱ་བ་སྟོན་པ་ན་འོན་ཀྱང་ཞེས་བྱ་བ་
ལ་སོགས་པ་སྨོས་ཏེ། ཐེ་ཚོམ་དང་ནི་ཡིད་གཉིས་སོ། །ལ་ལ་ཞིག་ཅེས་བྱ་བ་ནི་དོན་ལའོ། །དེ་བཟློག་བྱའི་ཕྱིར་ཞེས་བྱ་བ་ནི་ཐེ་ཚོམ་དང་ཕྱི་ཅི་ལོག་དེ་དག་བཟློག་པའི་དོན་དུའོ། །དེ་དག་གིས་ཞེས་བྱ་བ་ནི་རྟོག་པ་དང་ལྡན་པ་རྣམས་ཀྱིས་སོ། །དེས་ཞེས་བྱ་བ་ནི་ཤེས་པར་བྱ་བ་ལ་སོགས་པའི་ཚིག་གིས་སོ། །
ཅི་སྟེ་ངག་ལ་གནས་པ་ཉིད། །ཅེས་བྱ་བ་ལ་སོགས་པའི་སྒྲའི་དབང་དུ་བྱས་ནས་བརྗོད་ན། དེ་ནི་མ་གྲུབ་པོ་ཞེས་སྟོན་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ངག་ལ་གནས་པའི་གཞལ་བྱ་ལ་སོགས་པའི་སྒྲས། བློ་གྲོས་བླུན་པོ་རྣམས་ཏེ་ཤེས་པ་བླུན་པོ་རྣམས་ཀྱིས་དོགས་པའི་གནས་སུ་འདོད་པ་གང་
ཡིན་པ་དེ་ཉིད་བཟློག་པས་དེའི་ཕྱིར་གཞལ་བྱ་ལ་སོགས་པའི་སྒྲ་རྣམས་ལ་བཟློག་པར་བྱ་བ་མེད་དོ་ཞེས་བྱ་བ་ནི་མ་གྲུབ་པོ། །གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་བློ་གྲོས་བླུན་པོ་རྣམས་ཀྱིས་དོགས་པ་ཟློག་པར་མི་བྱེད་ན་ཞེས་བྱ་བའི་དོན་ཏོ། །འདི་སྙམ་དུ་ཉན་པ་པོ་ལ་དོགས་པ་ཅུང་ཟད་ཀྱང་མེད་དོ་ཞེ་ན། འདི་ལ་
ཅུང་ཟད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཉན་པ་པོ་དོན་འགའ་ཞིག་ལ་ཐེ་ཚོམ་དུ་མི་འགྱུར་ན། དེ་ཅིའི་ཕྱིར་གཞན་གྱིས་གདམས་པ་ལ་ལྟོས་པར་འགྱུར། གཞན་ངེས་པ་དོན་དུ་གཉེར་བ་འདྲི་བར་བྱེད་ཀྱི་གཞན་དུ་ན་བསྙོན་པར་འགྱུར་རོ། །གལ་ཏེ་འདི་སྙམ་དུ་ཉན་པ་པོའི་དོགས་པའི་གནས་
ཡོད་པ་དེ་ལྟ་ན་ཡང་དེ་སྒྲས་ཟློག་པར་མི་བྱེད་དོ་སྙམ་ན། ཇི་ལྟར་རང་བཞིན་དུ་གནས་བློ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་སྟེ་ཉན་པ་པོའི་མི་ཤེས་པ་ལ་སོགས་པ་ཟློག་པའི་མཚན་ཉིད་ཀྱི་འདུ་བྱེད་དོ། །ངག་གང་ལ་དེའི་འདུ་བྱེད་ཡོད་པ་མ་ཡིན་པས་དེ་ཉིད་འདུ་མི་བྱེད་པའོ། །བརྗོད་ཅེས་བྱ་བ་
ནི་སྟོན་པ་པོའོ། །ཇི་ལྟར་རང་བཞིན་དུ་གནས་བློ། །ཞེས་བྱ་བ་ནི་བསྙོན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྒྲ་རྣམས་ནི་ཉན་པ་པོ་འདུ་བྱེད་པའི་དོན་དུ་སྦྱོར་བའི་ཕྱིར་རོ། །ཅི་སྟེ་ངག་གང་ལ་གང་ཞིག་བཟློག་པར་བྱ་བ་བློ་གྲོས་མ་ངེས་པའི་དོགས་པའི་གནས་གང་ཞིག་ཡིན་ཞེས་དོགས་པ་ལ། གཟུགས་སོགས་
Vol. 191 · folio 359a
ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡིས་ཞེས་བྱ་བ་ནི་གཟུགས་ནི་མིག་གི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ངག་འདིས་སོ། །འདུ་བྱ་བ་དེ་མེད་པ་ནི་འདུ་བྱེད་པ་གང་ལ་ཡོད་པའི་འདུ་བྱེད་དོ། །བརྗོད་ཉིད་ཅེས་བྱ་བའི་སྒྲུབ་པ་པོ་ཐ་མལ་པའི་བློ་ཅན་ཇི་ལྟར་ཞེས་བྱ་བ་བསྙོན་པ་ཉིད་དུ་
འགྱུར་བར་བྱེད་ཅེས་བྱ་བའི་དོན་ཏོ། །སློབ་མ་འདུ་བྱེད་པ་ཁོ་ནའི་སྒྲ་རྣམས་སྦྱར་བ་ཡིན་པའི་ཕྱིར་རོ། །འོན་ཏེ་གང་ལ་རྨོངས་པའི་བློ་ཅན་ཡིད་གཉིས་ཀྱི་གནས་ཡིན་པས་སེལ་བ་དེ་ཅི་ཞིག་ཡིན་ཞེ་ན། ཤེས་པའི་ཤེས་བྱར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་ནི་ཞེས་བྱ་བ་མིག་གི་རྣམ་པར་ཤེས་པའི་ཤེས་པར་
བྱ་བ་ནི་གཟུགས་ཡིན་ནོ་ཞེས་བྱ་བའི་ངག་འདིས་སོ། །དེ་ལ་ཇི་ལྟར་སྒྲོ་བཏགས་པ་དེ་ལ་གང་ཡིན་ཞེ་ན། མིག་ལ་བརྟེན་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣ་བ་ལ་བརྟེན་པའི་ཤེས་པ་རྟག་པས་སྔོན་པོ་ལ་སོགས་པའི་ངོ་བོར་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་གྲངས་ཅན་ལ་སོགས་པའི་བློ་གྲོས་རྨོངས་པས་སྒྲོ་
བཏགས་པ་གང་ཡིན་པ་དེ་གཟུགས་ནི་མིག་གི་རྣམ་པར་ཤེས་པའི་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ངག་འདིས་འགེགས་པ་ཡིན་ནོ། །གཟུགས་ནི་མིག་ལ་བརྟེན་པའི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ཡིན་གྱི། རྣ་བ་ལ་སོགས་པའི་རྣམ་པར་ཤེས་པས་ཤེས་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་
དུ་ཅི་ཆོས་ཐམས་ཅད་སྐད་ཅིག་མ་དང་བདག་མེད་པའི་ངོ་བོར་ཤེས་པར་བྱའམ་འོན་ཏེ་མ་ཡིན། ཅི་ཐམས་ཅད་མཁྱེན་པའི་ཐུགས་ཀྱིས་གཟུང་བར་བྱ་བའམ་འོན་ཏེ་མ་ཡིན། ཅི་གང་དག་ཤེས་པའང་མི་སྐྱེད་པའི་ཉེ་བར་བརྗོད་པ་ཐམས་ཅད་བྲལ་བའི་མཚན་ཉིད་ཀྱི་དངོས་པོ་མེད་པ་རྣམས་ཀྱང་ཤེས་བྱ་ཡིན་ནམ་
ཞེས་ཐེ་ཚོམ་དུ་གྱུར་པ་ལ། ཆོས་ཐམས་ཅད་ནི་སྐད་ཅིག་མ་ཉིད་ལ་སོགས་པའི་ངོ་བོ་ཤེས་པར་བྱ་ལ། དེ་བཞིན་དུ་ཆོས་ཐམས་ཅད་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཤེས་པར་བྱ་བ་ཡིན་ཞིང་། དངོས་པོ་མེད་པ་རྣམས་ཀྱང་ཤེས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་འདི་བརྗོད་དོ། །དེ་ལ་ཆོས་རྣམས་ལ་སྐད་ཅིག་མ་ཉིད་མ་
ཡིན་པ་ལ་སོགས་པར་ཤེས་བྱ་ཉིད་ལ་སོགས་པའི་ངོ་བོར་སྒྲོ་བཏགས་པ་གང་ཡིན་པ་དེ་ལ་བཟློག་པར་བྱ་བ་ཡིན་ནོ། །ཇི་ལྟར་དེ་ཚིག་ཙམ་གྱིས་བཟློག་པར་ནུས་ཤེ་ན། དེ་འདྲའི་ཞེས་བྱ་བ་ལ་སོགས་པ་འདི་སྨོས་ཏེ། དེ་འདྲའི་ཞེས་བྱ་བ་ནི་སྐད་ཅིག་མ་ཉིད་ལ་སོགས་པའི་ངོ་བོས་ཏེ། དེ་ནི་ཚད་མས་གྲུབ་པའི་ཕྱིར་རོ། །ཅི་སྟེ་དངོས་
Vol. 191 · folio 359b
པོ་མེད་པར་ཤེས་བྱ་ཉིད་དུ་ཇི་ལྟར་འགྲུབ་ཅེ་ན། མེད་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཉིད་འདི་ཡིས་ཞེས་བྱ་བ་ནི་མེད་པའི་ངོ་བོས་སོ། །དངོས་པོ་མེད་པ་རྣམས་ཀྱང་ཅི་ཞིག་ལྟར་བློས་རྣམ་པར་འཇོག་པའི་ཕྱིར་ཤེས་བྱ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་ལ་ཐ་སྙད་ཉིད་དུ་མི་འགྱུར་རོ་སྙམ་དུ་བསམས་པ་ཡིན་ནོ། །འོན་
ཏེ་ཅི་སྒྲ་རྣམས་མི་རྟག་པ་ཉིད་ཀྱིས་གཞལ་བྱ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་བྱ་བའི་སྐབས་སུ་གཞལ་བྱ་ཞེས་སྦྱོར་བ་ན། དེ་ལ་སྐབས་མི་ཤེས་པ་གང་ཡིན་པ་རྟོག་པ་པོ་དེ་ཡང་གཞལ་བྱ་འབའ་ཞིག་པའི་སྒྲ་ཐོས་པ་ལས་སྒྲ་ལ་སོགས་པ་དག་ལ་ཡིད་གཉིས་དང་བཅས་པའི་ངོ་བོའི་བློ་ཉེ་བར་སྐྱེ་བ་ཉིད་ཡིན་ལ། དེ་གལ་ཏེ་
འབའ་ཞིག་པའི་སྒྲ་དོན་མེད་པ་ཉིད་ཡིན་ན་དེ་ཇི་ལྟར་དོན་རྟོགས་པར་འགྱུར་ཞེ་ན། དེའི་ཕྱིར། དེ་ལྟར་ངག་ལ་གནས་པའོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ། འབའ་ཞིག་པའི་སྒྲ་ཐོས་པ་ལས་དོན་རྟོགས་པ་ཉིད་ནི་མ་ཡིན་གྱི། །འོན་ཀྱང་ངག་དག་ལ་དམིགས་པའི་དོན་དང་
ལྡན་པའི་སྒྲ་ནི་འདྲ་བས་བློ་འཁྲུལ་པ་འབའ་ཞིག་པའི་སྒྲ་ཐོས་པ་ལས་དོན་རྟོགས་པར་རློམ་པ་ཡིན་ཏེ། འདི་ལྟར་ངག་གང་དག་ལ་གཞལ་བྱའི་སྒྲ་དམིགས་པའི་ཉན་པ་པོའི་དོན་ལ་བློ་དེ་རབ་ཏུ་མི་གནས་པ་ཡིད་གཉིས་ཀྱིས་ངོ་བོ་ཉེ་བར་སྐྱེ་བ་ཡིན་ནོ། །དེ་ཡང་བུམ་པ་ལ་སོགས་པའི་སྒྲ་དག་ལ་ཡང་མཚུངས་ཏེ། འདི་
ལྟར་ཅི་བུམ་པས་ཆུ་ལན་ནམ་འོན་ཏེ་སྙིམ་པས་ཡིན་ཞེས་སྦྱོར་བ་ན་སྐབས་མི་ཤེས་པ་དག་ཇི་སྙེད་ཅིག་ལ་དེས་བུམ་པས་ཞེས་སྦྱོར་བ་མཐོང་བ་དེ་སྙེད་ཀྱི་དོན་ལ་ངག་སྔ་མའི་རྗེས་སུ་འབྲངས་ནས། འདོད་པ་དང་ལྡན་པའི་རྟོག་པ་སྐྱེ་བ་ཡིན་ནོ། །དེ་ལྟ་བས་ན་ཇི་ལྟར་བུམ་པ་ལ་སོགས་པའི་སྒྲ་རྣམས་ཁྱད་པར་ཅན་གྱི་དོན་
རྗོད་པར་བྱེད་པ་དེ་བཞིན་དུ་གཞལ་བྱ་ལ་སོགས་པའི་སྒྲ་རྣམས་ཀྱང་ཡིན་ནོ་ཞེས་སྟོན་པ་ནི། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གང་ཡང་གསལ་བར་རྟོགས་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། གང་ཉིད་བརྗོད་པར་འདོད་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཉིད་བརྗོད་པར་འདོད་པའི་
དངོས་པོ་ཉིད་ནི་ཞེན་པའི་དབང་གིས་ཁོ་བོ་ཅག་གིས་སྒྲའི་དོན་ཉིད་དུ་བརྟགས་ཀྱི་དངོས་པོ་མེད་པ་ནི་མ་ཡིན་ནོ། །དེས་ན་དེ་རྟོགས་པ་ན་ཤུགས་ཀྱིས་བརྗོད་པར་མི་འདོད་པ་སེལ་ཏེ་ལྡོག་པ་རྟོགས་པ་ཉིད་ཀྱི་ཕྱིར་སྒྲའི་དོན་རྣམ་པར་གཞག་པ་ལ་མ་ཁྱབ་པ་མ་ཡིན་ནོ། །བློ་གྲོས་རྨོངས་པའི་དོགས་པའི་གནས་
Vol. 191 · folio 360a
གང་ཡིན་པ་དེ་ཉིད་ཀྱི་དབང་དུ་མཛད་ནས་སློབ་དཔོན་གྱིས་ཤེས་བྱ་མ་ཡིན་པ་བརྟགས་པ་བྱས་ནས། དེ་རྣམ་པར་བཅད་ནས་ཤེས་བྱ་རྗེས་སུ་དཔོག་པར་བྱེད་དོ་ཞེས་བཤད་དོ། །ཤེས་པའི་རྣམ་པར་བཀག་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་ལ། རང་ཉིད་རིག་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནུས་
མ་ཡིན་ཞེས་བྱ་བ་ལ། བྱ་བར་ཞེས་བྱ་བ་ལྷག་མའོ། །ཇི་ལྟར་ཤེས་པའི་རྣམ་པར་རང་གིས་རིག་པར་བྱས་པ་ཉིད་དུ་གྲུབ་ཅེ་ན། དམིགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྨི་ལམ་ལ་སོགས་པ་ལ་དོན་མེད་པར་ཡང་དམིགས་པ་མེད་དེ་དོན་གྱི་རྣམ་པ་ཀུན་ནས་འཛིན་པའི་སྒྲོ་བཏགས་པའི་ཤེས་པ་གནག་
རྫིའི་བར་དུ་རང་རིག་པ་ཉིད་དུ་མངོན་སུམ་གྱིས་ཤིན་ཏུ་གསལ་བར་གྲུབ་པོ། །ཡུལ་དང་དུས་གཞན་དུ་གནས་པའི་དོན་རང་གི་ངོ་བོས་རིག་པར་བྱ་བ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་རིགས་ཏེ། དེ་ལ་དེའི་ངོ་བོ་མེད་པའི་ཕྱིར་རོ། །གཞན་གྱི་ངོ་བོས་གཞན་ཡང་དག་པར་རིག་པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་
འགྱུར་བའི་ཕྱིར་རོ། །གཞན་ཡང་གང་གིས་རྟོགས་པའི་ངོ་བོར་མཚུངས་ན་ཡང་ཡུལ་སོ་སོ་ལ་འདི་ནི་སྔོན་པོའི་རིགས་པ་ཡིན་གྱི་སེར་པོ་ནི་མ་ཡིན་ནོ་ཞེས་ཤེས་པ་རྣམ་པར་ཕྱེ་ནས་འཇོག་པར་འགྱུར། ཁྱེད་ཀྱིས་ཤེས་པའི་བདག་ཉིད་དུ་རྟོགས་པའི་དོན་གྱིས་བྱས་པའི་ཁྱད་པར་འགའ་ཞིག་ཁས་བླང་བར་བྱ་
དགོས་པ་གོར་མ་ཆག་གོ། །དེ་ཁས་བླངས་ནས་ཡང་ཤུགས་ཀྱིས་ཤེས་པ་རྣམ་པ་དང་བཅས་པ་ཉིད་དུ་ཁས་བླངས་པར་འགྱུར་ཏེ། རྣམ་པ་ལས་མ་གཏོགས་པ་གཞན་རང་བཞིན་གྱི་ཁྱད་པར་ཉིད་དུ་ངེས་པར་བཟུང་བར་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་ཁྱེད་ཅག་གི་རང་བཞིན་གྱི་ཁྱད་པར་ཞེས་བྱ་བ་དེ་ཉིད་ཁོ་བོ་
ཅག་གིས་སྒྲ་གཞན་རྣམ་པ་དང་སྣང་བ་ཞེས་བྱ་བ་ལ་སོགས་པའི་སྒྲས་བརྗོད་པའི་ཕྱིར་མིང་ལ་རྩོད་པ་འབའ་ཞིག་ཏུ་ཟད་དོ། །དེ་ལྟར་ཞེས་སོགས་སྒྲ་དག་གིས། །ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞེས་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་དེ་ལྟ་བུའི་ཡིན་གྱི་དེ་ལྟ་བུ་ནི་མ་ཡིན་ནོ་ཞེས་རྣམ་པ་གཞན་
སྒྲོ་བཏགས་པ་དེ་ལྟ་བུ་ཞེས་ཞེས་བྱ་བ་ལ་སོགས་པའི་སྒྲས་རྣམ་པར་བཅད་པ་གསལ་རབ་ཏུ་ངེས་པ་ཉིད་ཡིན་པའི་ཕྱིར་སྒྲའི་དོན་རྣམ་པར་གཞག་པ་མ་ཁྱབ་པ་ཅན་ཡིན་ནོ། །དེ་ལྟར་ཀུ་མཱ་ར་རི་ལས་སྨྲས་པའི་སྐྱོན་བསལ་ནས་ད་ནི་འོད་བྱེད་པས་སྨྲས་པ་སེལ་བར་བྱེད་དོ། །དེ་ལ། ཐམས་ཅད་སྒྲ་ཡིས་དོན་
Vol. 191 · folio 360b
གང་ཞིག །རྣམ་པར་གཅད་པར་བྱ་བར་རྟོགས། །ཞེས་གང་སྨྲས་པ་དེ་ལ་ཐ་སྙད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལ་ཡང་ཞེས་བྱ་བ་ལ་སོགས་པའི་ཚིག་བཞིན་དུ་འབའ་ཞིག་པའི་ཐམས་ཅད་ཀྱི་སྒྲ་མི་སྦྱོར་བའི་ཕྱིར་རྟག་ཏུ་ངག་ལ་གནས་པ་ཉིད་ལ་སྦྱོར་བས་བློ་གྲོས་རྨོངས་པའི་དོགས་པའི་གནས་གང་ཡིན་
པ་དེ་ཉིད་བཟློག་པར་བྱ་བ་ཡིན་ནོ། །བསྒྲུབ་པར་འདོད་པ་ཡིན་ཞེས་བྱ་བ་ནི་བརྗོད་པར་འདོད་པའོ། །བརྗོད་པར་འདོད་པའི་དོན་དེ་ཡང་གང་ཡིན་ཞེ་ན། ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །ཆ་ཤས་བསམ་པར་བྱ་བ་གང་ཞིག་ཡིན་ཞེ་ན། ཕྱི་རོལ་ཞེས་བྱ་བ་ལ་སོགས་པའོ། །གཅིག་སོགས་
ཐམས་ཅད་མིན་ཞེ་ན། །ཞེས་བྱ་བ་ལ་སོགས་པ་ལ། ཆ་ཤས་ཐམས་ཅད་དགག་པ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་ཐ་སྙད་ལ་སྦྱོར་བའི་ངག་ལ་གནས་པའི་སྒྲ་དེ་ཐམས་ཅད་ཆ་ཤས་ཐམས་ཅད་དགག་པར་བརྗོད་པར་འདོད་ན། དེའི་ཚེ་རང་གི་དོན་སེལ་བར་འགྱུར་ན། གང་གི་ཕྱིར་བློ་གྲོས་རྨོངས་
པའི་དོགས་པའི་གནས་གང་ཡིན་པ་དེ་ཉིད་དགག་པར་བྱ་བ་ཡིན་པའི་ཕྱིར་རང་གི་དོན་ལ་སྐུར་པ་འདེབས་པ་ཉིད་ཀྱི་སྐྱོན་དུ་ཐལ་བར་ག་ལ་འགྱུར། དེ་བཞིན་གཉིས་ལ་སོགས་པའི་སྒྲ་དག་ལ་ཡང་བརྗོད་པར་བྱའོ། །གང་ཡང་། དེ་ཅི་དངོས་པོའམ་དངོས་པོ་མེད། །ཅེས་བྱ་བ་ལ་སོགས་པ་སྨྲས་པ་དེ་ལ། སེལ་
བའི་དངོས་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཅིའི་ཕྱིར་དངོས་པོ་མ་ཡིན་ཞེ་ན། འདི་ནི་ཇི་ལྟར་ངེས་པ་བཞིན། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ནི་འཁྲུལ་པས་ཕྱི་རོལ་ཉིད་དུ་མངོན་པར་ཞེན་ལ། འདི་དེ་ལྟར་གནས་པ་ཡང་མ་ཡིན་པས་དེའི་ཕྱིར་ཕྱི་རོལ་གྱི་ངོ་བོ་ཉིད་དུ་མེད་པའི་ཕྱིར་དངོས་པོ་མ་ཡིན་
ནོ། །ཡང་ཅིའི་ཕྱིར་དངོས་པོ་མེད་པ་མ་ཡིན་ཞེ་ན། དངོས་པོར་ཞེན་ཕྱིར་མེད་པ་མིན། །ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་གྱི་དངོས་པོ་ཉིད་དུ་ངེས་པའི་ཕྱིར་གཅིག་ཏུ་དངོས་པོ་མེད་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་ནུས་སོ། །ཡང་ཅིའི་ཕྱིར་ཐ་དད་པ་ཉིད་ལ་སོགས་པའི་མཚན་ཉིད་མ་ཡིན་ཞེ་ན། ཐ་དད་ཐ་མི་དད་ཅེས་
བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་ཐ་མི་དད་ལ་སོགས་པ་ནི་ཐ་དད་ལ་སོགས་པའོ། །སོགས་པའི་སྒྲས་རྟེན་ཉིད་ལ་སོགས་པ་གཟུང་ངོ་། །འདི་དག་ནི་དངོས་པོར་རྟོགས་པའི་ཆོས་ཡིན་ན་ཇི་ལྟར་རྟོགས་པའི་བཟོ་བོས་བྱས་པའི་ལུས་ཅན་གྱི་སེལ་བ་གནས་པ་རྙེད་པར་འགྱུར། གང་ཡང་སེལ་བ་ནི་བྱ་བའི་
Vol. 191 · folio 361a
ངོ་བོ་ཡིན་པའི་ཕྱིར་ཡུལ་བརྗོད་པར་བྱ་དགོས་སོ་ཞེས་བྱ་བ་དེ་ནི་མ་གྲུབ་པ་སྟེ། སྒྲའི་བརྗོད་པར་བྱ་བའི་སེལ་བ་ནི་གཟུགས་བརྙན་གྱི་བདག་ཉིད་ཡིན་པའི་ཕྱིར་དང་གཟུགས་བརྙན་དེ་ཡང་ཕྱི་རོལ་གྱི་དངོས་པོའི་ངོ་བོར་ཞེན་པའི་ཕྱིར་དགག་པ་ཙམ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཅི་བ་ལང་གི་ཡུལ་
ཅན་ཡིན་ནམ་འོན་ཏེ་བ་ལང་མ་ཡིན་པའི་ཡུལ་ཅན་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་གཉིས་འཐད་པ་མ་ཡིན་ཏེ། དེ་ནི་བ་ལང་གི་ཡུལ་ཅན་ཉིད་ཀྱིས་བསྒྲུབ་པའི་ངོ་བོར་ཞེན་པའི་ཕྱིར་རོ། །གང་གིས་འདི་ལ་བསལ་བྱ་བ། །སུ་ཡིས་བ་ལང་བ་མིན་བརྟགས། །ཞེས་སྨྲས་པ་དེ་ལ། སྒྲ་ཡིས་དངོས་སུ་དོན་གཞན་པ། །ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་གཞན་ལས་ལྡོག་པ་ཉིད་གཙོར་སྒྲས་བསྟན་པར་བྱ་བ་ཡིན་ན་དེའི་ཚེ་འདིར་འགྱུར་ན། ཇི་སྲིད་དུ་དོན་གྱི་གཟུགས་བརྙན་གྱི་བདག་ཉིད་ཡིན་ཏེ། གང་ཅུང་ཟད་བརྗོད་པ་དེ་ནི། ཇི་སྐད་དུ། དང་པོ་ཁོ་ནར་སྒྲ་ཡིས་ནི། །དོན་གྱི་གཟུགས་བརྙན་བྱེད་པ་ཡིན། །དེ་རྟོགས་ན་ཡང་ཤུགས་ཀྱིས་ནི། །
གཞན་ལས་ལྡོག་པ་རྟོགས་པ་ཡིན། །ཞེས་ཇི་སྐད་དུ་བཤད་པའི་གྲུབ་པའི་མཐའ་མངོན་པར་མི་ཤེས་པས་ཡིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །ཐ་དད་ལ་སོགས་པའི་རྣམ་པར་རྟོག་པ་ནི་དངོས་པོ་ཉིད་དུ་བསལ་ཟིན་ཏོ། །གཞན་སེལ་བ་ནི་འདི་བརྗོད་བྱའམ་ཞེས་བྱ་བ་ལ་སོགས་པ་གང་སྨྲས་
པ་དེ་ལ། གཞན་སེལ་བ་ཡི་བརྗོད་བྱ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་གཞན་སེལ་བའི་བརྗོད་པར་བྱ་བའི་རྣམ་པར་རྟོག་པ་གལ་ཏེ་གཞན་སེལ་བའི་སྒྲའི་དབང་དུ་བྱས་ནས་བྱེད་ན། དེའི་ཚེ་འདི་བསྒྲུབ་པའི་ངོ་བོ་ཉིད་ཀྱི་སྒྲ་དེས་བརྗོད་པར་བྱ་བ་ཡིན་ནོ་ཞེས་ཁས་བླངས་པའི་ཕྱིར་མི་འདོད་པ་ཐོབ་པར་རིགས་པ་མ་
ཡིན་ཏེ། འདི་ལྟར་ཅི་སྒྲུབ་པ་སྒྲའི་དོན་ནམ་འོན་ཏེ་གཞན་སེལ་བ་ཡིན་ཞེས་བྱ་བའི་སྐབས་སུ་གཞན་སེལ་བ་སྒྲའི་དོན་ཡིན་ནོ་ཞེས་བརྗོད་པ་ན། རྟོག་པ་པོས་ཇི་སྐད་དུ་བཤད་པའི་གཟུགས་བརྙན་གྱི་མཚན་ཉིད་ཀྱིས་སེལ་བ་ངེས་པ་སྐྱེ་བ་ཡིན་ལ། ཤུགས་ཀྱིས་སྒྲུབ་པ་སྒྲའི་དོན་ཡིན་པ་བཀག་པ་ཡིན་ནོ། །ཅི་སྟེ་བུམ་པ་ལ་
སོགས་པའི་སྒྲའི་དབང་དུ་བྱས་ནས་ཡིན་ན། དེ་ལ་ཡང་ཇི་སྐད་དུ་བཤད་པའི་གཟུགས་བརྙན་གྱི་མཚན་ཉིད་སེལ་བ་དངོས་སུ་བུམ་པ་ལ་སོགས་པའི་སྒྲ་དག་གིས་བསྐྱེད་པར་བྱ་བ་ཡིན་པའི་ཕྱིར་སྒྲུབ་པའི་ངོ་བོ་ཉིད་དེ་དག་གིས་བསྟན་ལ་ཤུགས་ཀྱིས་ནི་གཞན་ལས་ལྡོག་པ་རྟོག་པའི་ཕྱིར་མི་འདོད་པར་འགྱུར་བ་མ་
Vol. 191 · folio 361b
ཡིན་པའི་ཕྱིར་ལ། ཐུག་པ་མེད་པའི་སྐྱོན་ཡང་མེད་དེ། ཤུགས་ཀྱིས་གཞན་ལས་ལྡོག་པ་རྟོགས་པའི་ཕྱིར་ཏེ། བརྗོད་པར་བྱ་བ་ཉིད་ཀྱིས་ནི་མ་ཡིན་ནོ། །བརྗོད་པར་བྱ་བ་མ་ཡིན་པའི་ཕྱོགས་ནི་ཁས་མ་བླངས་པའི་ཕྱིར་དེའི་ཕྱོགས་ལ་ཡོད་པའི་སྐྱོན་འབྱུང་བའི་སྐྱོན་གྱི་གོ་སྐབས་མེད་དོ་ཞེས་སྟོན་པ་ནི། བརྗོད་བྱ་མིན་ཕྱོགས་ཞེས་
བྱ་བ་སྨོས་སོ། །གཞན་ཡང་ཉེ་བར་བརྗོད་མེད་པའི། །ཞེས་བྱ་བ་ལ་སོགས་པ་ལ། རྟོག་པ་གཅིག་པུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་དོན་དམ་པར་གཅིག་ཉིད་ལ་སོགས་པ་ཉེ་བར་བརྗོད་པར་བྱས་པར་འགྱུར་ན། དེའི་ཚེ་ཁྱེད་ཅག་བཞད་གད་བྱེད་པ་ཉིད་དུ་འགྱུར་ན། གང་གི་ཚེ་འཁྲུལ་པའི་རྟོག་པ་པོའི་ངོ་བོ་སློབ་དཔོན་གྱིས་
འདི་རྟོག་པ་ཉིད་དུ་བརྗོད་པ་དེའི་ཚེ་ཇི་ལྟར་མཁས་པ་རྣམས་བཞད་གད་དུ་བྱེད་པ་འཇུག་པར་འགྱུར། འོན་ཀྱང་བརྗོད་པར་འདོད་པ་མི་ཤེས་པར་སུན་འབྱིན་པར་ཁྱེད་ཅག་ལ་མཁས་པ་རྣམས་ཤིན་ཏུ་བཞད་གད་ཀྱི་གནས་སུ་འགྱུར་བ་ཡིན་ནོ། །དེ་ཕྱིར་གང་དག་དགག་ལྡན་པ། །དེ་དག་འབའ་ཞིག་ཁོ་ན་ལ། །ཞེས་བྱ་བ་ལ་
སོགས་པ་ལ། ངེས་པར་བཟུང་བའི་ཤུགས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དུ་དགག་པའི་སྦྱོར་བ་དེར་གཞན་ལས་ལྡོག་པའི་ཆ་རྟོག་པ་འབའ་ཞིག་ཏུ་མ་ཟད། གང་དུ་དགག་པ་སྦྱོར་བ་མེད་པ་དེར་ཡང་རྟོག་པ་ཉིད་ཡིན་ནོ་ཞེས་རང་གི་བདག་ཉིད་ཁོ་ན་རྟོགས་སོ་ཞེས་ངེས་པར་གཟུང་བར་བྱེད་པ་ན་ཁྱེད་
ཅག་གི་རང་གི་ཚིག་ཉིད་ཀྱིས་འདི་བསྟན་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ངེས་པར་གཟུང་བ་དོན་མེད་པར་འགྱུར་རོ། །དེ་ལྟ་བས་ན་གང་དུ་རང་གི་བདག་ཉིད་ཁོ་ན་རྟོག་པ་དེར་ངེས་པར་གཟུང་བའི་ཤུགས་ཀྱིས་གཞན་སེལ་བ་ཡང་རྟོགས་སོ་ཞེས་གསལ་རབ་ཏུ་ངེས་པ་ཡིན་ནོ། །འོ་ན་ཞེས་བྱ་བ་ལ་སོགས་པ་གཞན་
དག་སེལ་བའི་སྒྲའི་དོན་དུ་རྣམ་པར་གཞག་པ་མ་ཁྱབ་པ་ཡིན་པར་སྟོན་པ་ཡིན་ཏེ། འདི་ལྟར་མོ་གཤམ་གྱི་བུ་ལ་སོགས་པའི་སྒྲ་གང་ཞིག་ཕྱི་རོལ་གྱི་བུམ་པ་ལ་སོགས་པའི་དངོས་པོ་གཞན་ལས་ལྟོས་པ་ནི་སེལ་བ་ལ་བརྟེན་པ་མེད་པ་དེ་ཅི་ལ་གནས་ནས་སེལ་བ་བརྗོད་པར་བྱ་བ་ཡིན་པར་བརྗོད། གདོན་
མི་ཟ་བར་སེལ་བ་ནི་དངོས་པོ་ལ་གནས་པར་འགྱུར་བར་བརྗོད་པར་བྱ་དགོས་ཏེ། དེ་ནི་གཞན་སེལ་བའི་དངོས་པོ་དང་ཐ་མི་དད་པའི་ཕྱིར་རོ། །མེད་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་དེ། མོ་གཤམ་གྱི་བུ་ལ་སོགས་པ་མེད་པ་རྣམས་ལ་རང་བཞིན་གྱི་ངོ་བོ་འགའ་ཞིག་མེད་པའི་
Vol. 191 · folio 362a
ཕྱིར། དེའི་ཡུལ་ཅན་གྱི་སྒྲ་རྣམས་རིགས་ལ་སོགས་པ་རྗོད་པར་བྱེད་པ་ཉིད་དུ་དོགས་པར་མི་བྱ་སྟེ། དངོས་པོ་ལ་འཇུག་པའི་སྒྲ་རྣམས་ནི་ཅིའི་ངོ་བོ་བརྗོད་པ་ཡིན་ནམ། འོན་ཏེ་གཟུགས་བརྙན་ཡིན་ཞེས་དོགས་པར་འགྱུར་གྱི་མེད་པ་ནི་དངོས་པོས་དབེན་པའི་མཚན་ཉིད་ཅན་ཡིན་པའི་
ཕྱིར་དེ་ལ་འཇུག་པའི་སྒྲ་རྣམས་ཇི་ལྟར་དངོས་པོའི་ཡུལ་ཅན་ཉིད་དུ་དོགས་པར་འགྱུར། དེའི་ཕྱིར་དེ་ལ་སྒྲ་རྣམས་ནི་གཟུགས་བརྙན་ཙམ་སྐྱེད་པའི་ཕྱིར་ཡུལ་མེད་པ་ཉིད་དུ་གསལ་རབ་ཏུ་ངེས་པའི་ཕྱིར་དོགས་པའི་གནས་མེད་དོ། །དེ་ཉིད་སྟོན་པའོ། །དོན་གྱིས་སྟོང་པ་ཞེས་བྱ་བ་ལ་སོགས་པའོ། །སྒྲ་རྣམས་
ཀྱིས་ཞེས་བྱ་བ་ནི་མོ་གཤམ་གྱི་བུ་ལ་སོགས་པའི་སྒྲ་དག་གིས་སོ། །ཡང་གང་དག་དངོས་པོའི་ཡུལ་ཅན་གྱི་སྒྲ་དེ་དག་གཟུགས་བརྙན་ཙམ་རྗོད་པར་བྱེད་པ་བསྒྲུབ་པའི་ཕྱིར་ཚད་མས་དགོད་པར་བྱེད་པ་ནི། ཐེ་ཚོམ་དང་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་བརྡ་ལ་ལྟོས་པ་དང་བཅས་པ་དེ་དག་
དོན་གྱིས་སྟོང་པའི་མངོན་པར་བརྗོད་པས་བསྒོས་པའི་བག་ཆགས་ཙམ་གྱིས་སྤྲུལ་པའི་རྣམ་པར་རྟོག་པའི་གཟུགས་བརྙན་ཙམ་གྱི་དོན་གསལ་བར་བྱེད་པ་ཡིན་ཏེ། དཔེར་ན་མོ་གཤམ་གྱི་བུ་ལ་སོགས་པའི་སྒྲོ་བཏགས་པའི་དོན་རྗོད་པར་བྱེད་པ་རྣམས་བཞིན་ནོ། །ཐེ་ཚོམ་དང་རྩོད་པའི་གཞིར་གྱུར་པའི་བུམ་པ་ལ་
སོགས་པའི་སྒྲ་རྣམས་ཀྱང་བརྡ་ལ་ལྟོས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །དེ་ལྟར་རང་ཉིད་ཀྱིས་རང་གི་ཕྱོགས་བསྒྲུབས་ནས། །གཞན་གྱི་ཕྱོགས་དགག་པའི་དོན་དུ་ཚད་མ་དགོད་པའི་ཕྱིར། སྒྲ་རྣམས་གཞན་གྱི་ཁས་བླངས་པའི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་དད་རང་
གི་མཚན་ཉིད་དོ། །སོགས་པའི་སྒྲས་ནི་རིགས་ལ་སོགས་པ་གཟུང་ངོ་། །དེའི་ཕྱིར་ཞེས་བྱ་བ་ནི་བརྡ་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །དེ་བཞིན་ཉིད་དུ་ཞེས་བྱ་བ་ནི་བརྟགས་པའི་དོན་བརྗོད་པ་བཞིན་ནོ། །གཏན་ཚིགས་གཉི་ག་ཡང་མ་ངེས་པ་ཉིད་སྤང་པའི་ཕྱིར། ཐ་དད་པ་ལ་སོགས་འདི་པ། །ཞེས་བྱ་བ་ལ་སོགས་པ་
སྨོས་ཏེ། བརྡ་བྱ་བར་མི་ནུས་པའི་ཕྱིར་དང་གཞན་ལ་བརྟེན་པ་མ་ཡིན་པའི་ཕྱིར་རོ་ཞེས་སྔར་རང་གི་མཚན་ཉིད་ལ་བརྡ་མི་སྲིད་པ་དང་བརྡ་དོན་མེད་པ་བསྒྲུབས་ཟིན་པའི་ཕྱིར་རོ། །དེས་ན་སྟེ་དེའི་ཕྱིར་གཏན་ཚིགས་གཉི་ག་ཡང་མི་མཐུན་པའི་ཕྱོགས་ལ་ལྡོག་པ་ལ་ཐེ་ཚོམ་ཟ་བ་མ་ཡིན་ནོ། །འོན་ཏེ་ཞེས་བྱ་བ་ལ་སོགས་
Vol. 191 · folio 362b
བས་གཞན་དག་གཏན་ཚིགས་དང་པོ་མ་ངེས་པ་ཉིད་དུ་སྟོན་པ་ཡིན་ཏེ། ཇི་ལྟར་རང་གི་མཚན་ཉིད་ལ་སོགས་པ་ལ་བརྡ་མི་སྲིད་པ་དང་། དོན་མེད་པ་དེ་བཞིན་དུ་གཞན་སེལ་བའི་ཕྱོགས་ལ་ཡང་མཚུངས་ཏེ། དེ་ལྟ་ཡིན་དང་བརྡ་མི་སྲིད་པའི་ཕྱིར་སྒྲ་རྣམས་དེ་ཙམ་གསལ་བར་བྱེད་པ་ཉིད་དུ་ཡང་མི་རིགས་པའི་ཕྱིར་གཏན་
ཚིགས་མ་ངེས་པ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་བརྡའོ། །ཇི་ལྟར་འབྲས་བུར་བཅས་ཞེས་བྱ་བ་ལ་སྲིད་པ་ཞེས་བྱ་བ་ལྷག་མའོ། །ཡང་ཇི་ལྟར་དེ་ལ་བརྡ་མི་སྲིད་པ་ཡིན་ཞེ་ན། འཆད་པ་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནིའི་སྒྲ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་གཟུགས་བརྙན་གྱི་བདག་ཉིད་ཀྱིས་སེལ་བ་བརྡའི་ཡུལ་གང་ཡིན་
པ་དེ་འཆད་པ་པོ་དང་ཉན་པ་པོ་གཉིས་ལ་ཅིག་ཅར་གྲུབ་པོ། །ཅིའི་ཕྱིར་ཞེ་ན། ཤེས་པ་དེ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚུ་རོལ་མཐོང་བ་རྣམས་ཀྱི་ཤེས་པ་ནི་སོ་སོར་རང་གིས་རིག་པར་བྱ་བ་ཉིད་ཡིན་ཏེ། གཞན་གྱི་ཤེས་པ་ནི་ཚུ་རོལ་མཐོང་བ་གཞན་གྱིས་རིག་པར་བྱ་བ་མ་ཡིན་ནོ། །དོན་དམ་པར་ཤེས་པ་ལས་ཐ་མི་
དད་པ་གཟུགས་བརྙན་གྱི་བདག་ཉིད་ཀྱི་མཚན་ཉིད་ནི་སེལ་བ་ཡིན་ཏེ། དེ་ལྟ་ཡིན་དང་འཆད་པ་པོ་དང་ཉན་པ་པོ་གཉི་ག་ལ་བརྡའི་ཡུལ་གྱི་དོན་གཅིག་པོ་འགའ་ཞིག་མ་གྲུབ་པའི་ཕྱིར། གང་དུ་བརྡ་བྱེད་པའམ་འཛིན་པ་ཡིན། དངོས་པོ་མ་གྲུབ་པ་ལ་སྨྲ་བ་པོར་བརྡ་བྱ་བར་ནུས་པ་མ་ཡིན་ལ། ཉན་པ་པོས་གཟུང་བར་ནུས་
པ་ཡང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་རང་གི་རྣམ་པར་ཤེས་པ་ཡོད་པའི་དོན་གྱི་གཟུགས་བརྙན་ཉན་པ་པོས་རྟོགས་པ་གང་ཡིན་པ་དེ་འཆད་པ་པོས་རིག་པ་མ་ཡིན་ལ། གང་ཡང་འཆད་པ་པོས་རིག་པ་དེ་ནི་ཉན་པ་པོས་མ་ཡིན་ཏེ། རང་རང་གི་སྣང་བ་རིག་པའི་ཕྱིར་རོ། །དོན་མེད་པ་ཉིད་
དུ་བསྟན་པའི་ཕྱིར། བརྡའི་དུས་སུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཆད་པ་པོའམ་ཉན་པ་པོ་བརྡའི་དུས་སུ་གཟུགས་བརྙན་ཉམས་སུ་མྱོང་བ་དེ་ཐ་སྙད་ཀྱི་དུས་སུ་ཉམས་སུ་མྱོང་བ་མ་ཡིན་ཏེ། དེ་ནི་སྐད་ཅིག་གིས་འཇིག་པ་ཉིད་ཀྱི་འགགས་ནས་རིང་དུ་ལོན་པའི་ཕྱིར་རོ། །གང་ཡང་ཐ་སྙད་ཀྱི་དུས་སུ་ཉམས་
སུ་མྱོང་བ་དེ་བརྡའི་དུས་སུ་མཐོང་བ་མ་ཡིན་ཏེ། དེའི་ཚེ་ན་གཞན་ཉིད་ཉམས་སུ་མྱོང་བའི་ཕྱིར་རོ། །གཞན་དུ་བརྡ་བྱས་ནས་གཞན་གྱི་ཐ་སྙད་དུ་བྱེད་པར་རིགས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རང་དང་རང་གི་ཞེས་བྱ་བ་ལ་སོགས་པས་ལེན་འདེབས་པར་བྱེད་པ་ཡིན་ཏེ། གང་གིས་དེ་ལ་བརྡ་མི་སྲིད་པའི་
Vol. 191 · folio 363a
སྐྱོན་གྱིས་ཀླན་ཀ་བྱེད་པ་དོན་དམ་པར་ཤེས་པའི་རྣམ་པ་ཡང་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བའི་དོན་ཉིད་དུ་འདོད་པ་མ་ཡིན་ཏེ། དེའི་ཕྱིར་སྒྲ་ལས་བྱུང་བའི་ཐ་སྙད་འདི་ཐམས་ཅད་རང་གི་སྣང་བའི་ངོ་བོར་རབ་རིབ་ཅན་གཉིས་ཀྱིས་ཟླ་བ་གཉིས་མཐོང་བ་བཞིན་དུ་འཁྲུལ་བར་འདོད་དེ། དོན་གྱིས་སྟོང་པའི་བརྗོད་པའི་བག་
ཆགས་སད་པ་ལས་སྒྲ་ལས་དོན་ངེས་པའི་རྣམ་པར་རྟོག་པ་ཙམ་སྐྱེ་བ་ཁོ་ནར་ཟད་པའི་ཕྱིར་བསྐྱེད་པས་གཟུགས་བརྙན་དེ་བསྐྱེད་པའི་ཕྱིར་སྒྲ་རྣམས་ཀྱིས་བརྗོད་པར་བྱ་བ་ཡིན་ནོ་ཞེས་བརྗོད་ཀྱི། བརྗོད་པ་ཉིད་ཀྱིས་ནི་མ་ཡིན་ནོ། །དེ་ལ་གལ་ཏེ་ཡང་འཆད་པ་པོ་དང་ཉན་པ་པོ་དག་གིས་དོན་དམ་པར་རང་རང་གི་སྣང་བ་རིག་པ་དེ་ལྟར་ཡང་
རབ་རིབ་ཅན་གཉིས་བཞིན་དུ་འཁྲུལ་པའི་ས་བོན་མཚུངས་པའི་ཕྱིར་འཆད་པ་པོ་དང་ཉན་པ་པོ་དེ་དག་ཀྱང་ཕྱི་རོལ་གྱི་དོན་ཞེན་པ་ཉིད་དུ་མཚུངས་སོ། །འདི་ལྟར་འཆད་པ་པོ་འདི་སྙམ་དུ་ངས་རྟོག་པའི་དོན་གང་ཡིན་པ་དེ་ཉིད་འདིས་རྟོགས་སོ་སྙམ་དུ་བསམ་པ་འདིས་འཇུག་ལ་དེ་བཞིན་དུ་ཉན་པ་པོ་ལ་ཡང་སྦྱར་བར་བྱའོ། །ཇི་
ལྟར་འཆད་པ་པོ་དང་ཉན་པ་པོ་འདི་དག་ཕན་ཚུན་དུ་དོན་གཅིག་ཏུ་ཞེན་པ་ཉིད་དུ་ཤེས་ཤེ་ན། མ་ཡིན་ཏེ་གལ་ཏེ་དོན་དམ་པར་མི་ཤེས་པ་དེ་ལྟ་ན་ཡང་འཁྲུལ་པའི་ས་བོན་མཚུངས་པའི་ཕྱིར། དོན་དམ་པར་རང་གི་སྣང་བའི་ངོར་བྱས་ནས་ཀྱང་རབ་རིབ་ཅན་གཉིས་བཞིན་དུ་ཐ་སྙད་འདི་འཁྲུལ་པ་ཉིད་དུ་ཡོད་པ་ཡིན་ནོ་
ཞེས་བྱ་བ་འདི་ནི་བསྟན་ཟིན་ཏོ། །དེས་ན་དོན་གཅིག་ཏུ་ཞེན་པའི་དབང་གིས་བརྡ་བྱེད་པར་འཐད་པ་ཉིད་དོ། །འདིར་དཔེ་སྨྲས་པ་དཔེར་ན་རབ་རིབ་ཀྱིས་ཉམས་ཞེས་བྱ་བ་ལ་སོགས་པ་སྟེ། རང་དང་མཚུངས་པས་ཞེས་བྱ་བ་ནི་བདག་དང་འདྲ་བས་ཏེ། རབ་རིབ་ཅན་གཞན་དང་ཞེས་བྱ་བའི་དོན་ཏོ། །བརྡ་དོན་མེད་པ་ཡང་མ་
ཡིན་ནོ་ཞེས་སྟོན་པ་ནི། དེའི་ཁྱབ་པར་བྱེད་པ་འདི་ཞེས་བྱ་བ་སྟེ་བརྡ་དང་ཐ་སྙད་དུ་ཕྱིན་པའི་དུས་སུ་ཁྱབ་པར་བྱེད་པ་ཉིད་ཀྱི་འཆད་པ་པོ་དང་ཉན་པ་པོ་དེ་དག་གིས་ངེས་པའི་དོན་གྱི་གཟུགས་བརྙན་དེ་ཞེན་པའི་དབང་གིས་འདོད་ཀྱི། དོན་དམ་པ་ནི་མ་ཡིན་ཏེ། ཐ་སྙད་ཀྱི་དུས་སུ་ཡང་འཆད་པ་པོ་དང་ཉན་པ་པོ་དག་
སྔར་དང་ཕྱིས་མཐོང་བའི་དོན་དག་གཅིག་ཏུ་མངོན་པར་ཞེན་པའི་ཕྱིར་རོ། །ཡང་ཅིའི་ཕྱིར་དོན་དམ་པ་ཉིད་དུ་མི་འདོད་ཅེ་ན། སྒྲ་ཡིས་སྤྲུལ་པའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་སྒྲའི་དོན་བརྟག་པ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words