ཡངས་པ་དང་དྲི་མ་མེད་པ་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད

Sanskrit title (Tibetan script, as in the text) བི་ཤཱ་ལཱ་ཨ་མ་ལ་ཝ་ཏི་ནཱ་མ་པྲ་མཱ་ཎ་ས་མུཙྪ་ཡ་ཊཱི་ཀཱ

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

Vol. 193 · folio 55a

མ་ཡིན་པ་ཉིད་ཀྱི་ཕྱིར། དེ་ནི་མ་བཟུང་བ་དང་འདྲ་བ་འབའ་ཞིག་གོ་ཞེས་པ་འདི་ནི་བརྗོད་ཟིན་ཏོ། །གལ་ཏེ་ཡང་ཕ་རོལ་པོ་ཡང་འདི་སྐད་དུ་སྨྲ་བར་བྱེད་ན། དེས་འདི་སྐད་དུ་སྨྲ་བར་འོས་པ་མ་ཡིན་ཏེ། གང་དོན་རྣམས་དངོས་སུ་ལྟ་བ་འདི་ནི་བ་ལང་ཁོ་ནའོ། །འདི་ནི་རྟ་

ཁོ་ན་ཞེས་པ་ལྟ་བུ་དེ་མངོན་སུམ་མོ་ཞེས་སྨྲས་པའི་ཕྱིར་རོ། །དེ་ལྟར་ཡང་དག་པའི་དོན་དང་འབྲེལ་པའི་དབང་གིས་འདི་འདིའི་རང་བཞིན་ནོ་ཞེས་འབྱུང་བ་མངོན་སུམ་མོ་ཞེས་སྨྲས་པའི་ཕྱིར་རོ། །དེ་བཞིན་དུ་གང་འདི་ནི་དབང་པོ་རྣམས་ཀྱི་དོན་རྣམས་ལ་རབ་ཏུ་གྲུབ་པ་སྟེ། འདི་ནི་སྒྲའོ། །འདི་ནི་གཟུགས་

སོ། །འདི་ནི་རོའོ། །འདི་ནི་དྲིའོ། །འདི་ནི་རེག་པའོ་ཞེས་པའོ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །གང་གི་ཕྱིར་མངོན་སུམ་ངེས་པའི་བདག་ཉིད་དུ་ཕ་རོལ་པོས་འདོད་པས་སོ། །འདི་ཁོ་ན་ཡང་ངེས་པ་རྣམས་ཀྱི་རང་གི་དོན་རྟོགས་པ་སྟེ། གང་དེ་ངེས་པར་འབྱེད་པའོ། །དེ་གལ་ཏེ་རྣམ་པ་གཞན་བཞིན་དུ་མ་

ངེས་པ་ཡིན་ན། དེ་རྣམས་ཀྱིས་བཟུང་ཟིན་པ་ཅི་ལྟར་ཡིན། ད་ནི་ཁྱེད་ལའང་མངོན་སུམ་གྱིས་མ་ངེས་ཤིང་དེ་ལ་ཡང་གཟུང་བ་ཞེས་བྱ་བ་ཅི་ལྟར་ཡིན་ཞེ་ན། མངོན་སུམ་ནི་གང་གིའང་ངེས་པར་བྱེད་པའི་བདག་ཉིད་མ་ཡིན་ཏེ། དེས་གང་ཞིག་འཛིན་པ་དེ་ཡང་ངེས་པས་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེར་སྣང་

བས་སོ། །དེ་བས་ན་ངེས་པ་དང་མ་ངེས་པའི་དབང་ལས་མངོན་སུམ་གྱི་འཛིན་པ་དང་མི་འཛིན་པ་དག་མ་ཡིན་ནོ། །ངེས་པའི་ནི་འདི་ལྟ་བུ་མ་ཡིན་ཏེ། ཅུང་ཟད་ངེས་ཀྱང་གཞན་མ་ངེས་པས་འཛིན་པ་དང་མི་འཛིན་པ་ཡིན་ནོ། །དེའི་ཕྱིར་ངེས་པ་གང་ཡིན་པ་དེ་ཁོ་ན་འདིའི་འཛིན་པའོ། །གཞན་དུ་ན་རྣམ་པ་

གཅིག་ལ་ཡང་དེར་མི་འགྱུར་རོ། །ཡང་བདག་ཉིད་ཐམས་ཅད་ཀྱིས་བཟུང་ན་ཡང་དེ་ལྟར་ངེས་པར་མི་འགྱུར་བ་ཅི་ཞེ་ན། ལྷན་ཅིག་བྱེད་པ་མ་ཚང་བ་ཉིད་ཀྱི་ཕྱིར་རོ། །ཉམས་སུ་མྱོང་བ་ནི་རྣམ་པར་རྟོག་པ་གོམས་པ་ཇི་ལྟ་བར་ངེས་པ་རྣམས་སྐྱེད་པར་བྱེད་དེ། དཔེར་ན་གཟུགས་མཐོང་བ་ལ་ཁྱད་པར་མེད་

ཀྱང་། རོ་དང་འདོད་ལྡན་མ་དང་བཟའ་བར་བྱ་བའི་རྣམ་པར་རྟོག་པ་རྣམས་ལྟ་བུའོ། །དེ་ལ་བློ་གསལ་བ་ཉིད་དང་དེའི་བག་ཆགས་གོམས་པ་དང་སྐབས་ཞེས་བྱ་བ་ལ་སོགས་པ་རྣམས་ཉམས་སུ་མྱོང་བ་ལ་ངེས་པ་སྐྱེ་བའི་རྒྱུ་རྣམས་སོ། །དེ་རྣམས་ཁོ་ན་ཤིན་ཏུ་དང་ཆེས་ཤིན་ཏུ་ལ་སོགས་པའི་བྱེ་བྲག་ལས་

Vol. 193 · folio 55b

སྔ་ཕྱི་ཉིད་དུ་སྟེ། དཔེར་ན་སྐྱེད་པར་བྱེད་པ་དང་ཀློག་ཏུ་འཇུག་པར་བྱེད་པ་པོ་ཉིད་དུ་ཁྱད་པར་མེད་ཀྱང་ཕ་འོང་བ་མཐོང་ནས། བདག་གི་ཕ་འོང་ངོ་ཞེས་སྔོན་ལ་ངེས་པར་འགྱུར་གྱི། མཁན་པོ་འོང་ངོ་ཞེས་མ་ཡིན་པ་བཞིན་ནོ། །འགྱུར་བའི་ངེས་པ་དེ་ཡང་འཁྲུལ་པའི་རྒྱུ་མེད་ན་འགྱུར་རོ། །དེའི་ཕྱིར་ཉམས་

སུ་མྱོང་ངོ་ཞེས་པ་ཁོ་ནས་ནི་རྣམ་པ་ཐམས་ཅད་ངེས་པ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཕ་རོལ་པོས་མངོན་སུམ་རྟོག་པ་དང་བཅས་པར་འདོད་ན། ཅི་ལྟར་ཡུལ་ལ་ལྟ་བ་ཙམ་གྱི་དོན་ཅན་ནི་བཞི་པོ་ཕྲད་པ་ལས་སྐྱེས་པའོ་ཞེས་པ་དེ་བརྗོད་ཅེ་ན། དབང་པོའི་ཤེས་པ་རྟོག་པ་མེད་པ་ཉིད་དུ་ཚད་མས་གྲུབ་བོ་ཞེས་

དངོས་པོའི་སྟོབས་ལས་སློབ་དཔོན་གྱིས་དེ་སྐད་དུ་གསུངས་ལ། ཁོ་བོ་ཅག་གིས་ནི་ཕ་རོལ་པོས་ཁས་བླངས་པའི་དབང་ལས་འདི་སྐད་དུ་བཤད་དོ་ཞེས་པས་མི་འགལ་ལོ། །གལ་ཏེ་ཕ་རོལ་པོས་མངོན་སུམ་ངེས་པའི་བདག་ཉིད་དོ་ཞེས་ཁས་བླངས་ན། མངོན་སུམ་དང་གཏན་ལ་ཕེབས་པར་

མཚུངས་པར་སྐྱེ་བའོ་ཞེས་པ་འདི་ཅི་ལྟར་རིགས་ཏེ། དེ་ཁོ་ན་དང་དེ་མཚུངས་པར་སྐྱེའོ་ཞེས་ཁས་བླངས་པར་རིགས་པ་ནི་མ་ཡིན་ནོ་ཞེ་ན། །འདི་ནི་དེའི་སྐྱོན་གཞན་དུ་འགྱུར་ཏེ། གང་འདི་ལྟར་འདོད་པ་ལའོ་ཞེས་པ་ཤིན་ཏུ་ཐལ་ཆེས་པས་ཆོག་གོ། །ཡུལ་ཐ་དད་པ་ཡང་ཞེས་པ། ཚད་མའི་ཡུལ་

བདག་དང་ཡིད་ཡིན་པ་ཉིད་ཀྱི་ཕྱིར་དང་། འབྲས་བུའི་ཡུལ་དོན་ཡིན་པ་ཉིད་ཀྱི་ཕྱིར་རོ། །འོ་ན་ཤེས་པ་ཡང་བདག་ལ་འདུ་བའི་ཕྱིར་དེའི་ཡུལ་ཅན་ཁོ་ན་མ་ཡིན་ནམ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། གང་ཕྱིར་ཤེས་པའི་ཤེས་པར་བྱ་བ་ནི་ཡུལ་ཉིད་དུ་མངོན་པར་འདོད་ཀྱི་འདུ་བ་ཅན་གྱི་རྒྱུ་ནི་མ་ཡིན་པས་སོ། །

གཞན་དུ་ན་ཤེས་པ་ཐམས་ཅད་ཡུལ་གཅིག་པ་ཉིད་དུ་འགྱུར་རོ། །བདག་དང་ཡིད་ཕྲད་པ་ནི་དམིགས་པ་མ་ཡིན་ན། དེའི་འདུ་བ་ཅན་གྱི་རྒྱུ་ལ་གཞན་ཅི་ཞིག་ཡུལ་དུ་འགྱུར་ཞེས་པས་འདི་ནི་ལན་མ་ཡིན་ནོ། །ཡུལ་ཐ་དད་པ་ལ་སྐྱོན་ཅི་ཡོད་ཅེ་ན་གསུངས་པ། མེད་ཅེས་པ་ལ་སོགས་པའོ། །གཞན་

ཡང་ཞེས་པ་ལ་སོགས་པས་ཁས་བླངས་པས་གནོད་པ་གསུངས་ཏེ། བསྟན་བཅོས་སུ་བརྗོད་པ་ནི་སྤྱི་དང་ཁྱད་པར་ལ་ལྟོས་པ་ནི་རྫས་དང་ཡོན་ཏན་དང་ལས་རྣམས་ལ་མངོན་སུམ་སྟེ། རྫས་དང་ཡོན་ཏན་དང་ལས་ལ་ལྟོས་པ་ཡང་རྫས་རྣམས་ལའོ་ཞེས་པ་སྟེ། འདིར་སྤྱི་སྨོས་པས་སྤྱི་ཆེན་པོ་ཡོད་པ་ཉིད་

Vol. 193 · folio 56a

གཟུང་བར་བྱ་ཞིང་། ཁྱད་པར་སྨོས་པས་རྫས་ཉིད་ལ་སོགས་པ་སྤྱི་ལྷག་མ་རྣམས་ཏེ། སྤྱི་དང་ཁྱད་པར་ཞེས་པ་འདི་ཡང་ལྟོས་ནས་བྱས་པ་སྟེ། དེའི་ཕྱིར་སྤྱི་འདི་རྣམས་ནི་ཁྱད་པར་གྱི་སྒྲས་བརྗོད་པར་བྱ་བ་རྣམས་སོ། །ཡོད་པ་ཉིད་ནི་སྤྱི་ལོ་ན་སྟེ་ཁྱད་པར་མ་ཡིན་ལ། ལྷག་མ་རྣམས་

ནི་སྤྱི་རྣམས་དང་ཁྱད་པར་རྣམས་སུ་ཡང་ལྟོས་ནས་འགྱུར་རོ། །དེ་ལ་སྤྱི་ལ་ལ་ལྟོས་པ་ནི་རྫས་ལ་ཡོད་པ་ནི་རྫས་སོ་ཞེས་པའོ་ཁྱད་པར་ལ་ལྟོས་པ་ནི་རྫས་ནི་སའོ་བུམ་པའོ་ཞེས་པ་ལ་སོགས་པའོ། །རྫས་དང་ཡོན་ཏན་དང་ལས་ལ་ལྟོས་པ་ནི་དབྱུག་པ་ཅན། དཀར་པོ། འགྲོའོ་ཞེས་པའོ། །ཅིའི་ཕྱིར་སྦྱར་

བར་མི་བྱ་ཞེ་ན་གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རང་གི་དོན་ཙམ་འཛིན་པ་ཉིད་ཀྱི་ཕྱིར་ཞེས་པ་འདི། ཡུལ་ལ་ལྟ་དོན་ཅན་ཉིད་ཕྱིར། །ཞེས་པ་འདི་ནི་རྣམ་པར་འགྲེལ་ལོ། །མཚམས་སྦྱོར་བ་ནི་སྦྱོར་བར་བྱེད་པའོ། །དེའི་རང་གི་ངོ་བོ་སྟོན་པར་བྱེད་པ། །འདི་ནི་འདིའི་ཞེས་པ་

ལ་སོགས་པ་སྟེ། ངེས་པར་ཞེས་པ་ནི་རྣམ་པ་གཞན་དུ་ན། གང་ཡང་ཁྱད་པར་དུ་བྱེད་པ་དང་ཁྱད་པར་དུ་བྱ་བ་ཡང་འཛིན་པ་མ་ཡིན་ཞིང་དེ་དག་སྦྱོར་བར་ཡང་མི་བྱེད་པ་དེ་ཡང་དེ་ལྟར་འཛིན་པར་འགྱུར་རོ་ཞེས་དགོངས་པའོ། །ལྡན་པ་ཕྱིས་པ་ལས་སམ་ཐ་མི་དད་པར་ཉེ་བར་བཏགས་པ་ལས་ཞེས་ཇི་

ལྟར་སྲིད་པར་བལྟ་བར་བྱའོ། །དེ་ལྟར་ནི་ཡོན་ཏན་གྱི་ཚིག་རྣམས་ལས་ལྡན་པ་དབྱེ་བ་དང་། ཐ་དད་པ་མེད་པར་ཉེ་བར་བཏགས་པ་ཡང་ཐམས་ཅད་དུ་མ་ཡིན་པས་སོ། །གང་གི་ཕྱིར་བྱ་བ་དང་རྫས་ཀྱི་ངོ་བོས་རྟེན་རྟོགས་པ་ཡོད་པ་མ་ཡིན་ཏེ། ལྡན་པའི་རྐྱེན་གྱི་དོན་ནི་གང་དུ་རྟོགས་པར་བྱ་བ་དེ་ཁོ་ན་ལྡན་

པ་ཕྱིས་པས་ཀྱང་མཚོན་པར་བྱའོ། །གལ་ཏེ་དབང་པོའི་བློ་ལ་དེ་མི་འཐད་ན་འོ་ན་དེ་ཅི་ཞིག་ལ་ཡིན་ཞེ་ན་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པ་སྟེ། སྔར་ཁྱད་པར་དང་ཁྱད་པར་དུ་བྱ་བའང་གཟུང་ནས་འཇིག་རྟེན་གྱི་རྣམ་པར་གཞག་པ་ཡང་རྗེས་སུ་དྲན་པར་བྱས་ཏེ། རྗེས་སུ་སྦྱར་བར་བྱ་བར་ནུས་ཀྱི་

རྣམ་པ་གཞན་དུ་ན་མ་ཡིན་ནོ། །དེའི་ཚེ་ཡང་དབང་པོའི་ཤེས་པ་ཡུན་རིང་པོ་ན་འགགས་པའོ་ཞེས་པ་དྲན་པ་ཉིད་ཀྱིས་དྲངས་ནས་ཁྱད་པར་བྱེད་པ་ཡིད་ཁོ་ནས་སྦྱར་བར་བྱ་སྟེ། དེའི་ཕྱིར་དེ་ཁོ་ན་ལ་དེ་འཐད་དོ། །རྣམ་པ་གཞན་དུ་ནི་ཞེས་པ་གལ་ཏེ་ཁྱད་པར་ནི་དྲན་པས་དྲངས་པ་ཉིད་དུ་འདོད་པ་མ་ཡིན་ནའོ། །

Vol. 193 · folio 56b

དེ་འདིས་གང་ཁྱད་པར་ལ་ལྟོས་པའི་ཤེས་པ་དེ་མངོན་སུམ་མ་ཡིན་པའམ། དེ་ཡིད་ལ་བྱུང་བ་ཁོ་ན་སྟེ། དཔེར་ན་དྲི་ཞིམ་པོ་ནི་མངར་པོའོ་ཞེས་པའི་ཤེས་པ་བཞིན། བ་ལང་འགྲོའོ་ཞེས་པའང་། ཇི་སྐད་བཤད་པའི་རྣམ་པའོ། །ཁྱབ་པར་བྱེད་པ་དང་འགལ་བ་དང་བསྒྲུབ་པར་བྱ་བ་གཉིས་པ་ལ་

ལྟོས་པས་ནི་རང་བཞིན་གསུངས་ཤིང་། རིགས་པ་ཡང་མ་ཡིན་ཏེ་ཞེས་པ་དཔེ་ལ་བསྒྲུབ་པར་བྱ་བ་མ་ཚང་བའི་དོགས་པ་སེལ་བར་བྱེད་དོ། །དབང་པོ་ཐ་དད་ཀྱིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་པ་དྲི་དང་རོ་དག་སྣ་དང་ལྕེས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་རོ། །རྫས་ཀྱང་མིག་དང་ལུས་ཀྱིས་གཟུང་

བར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། གང་དབང་པོ་ཐ་དད་ཀྱིས་གཟུང་བར་བྱ་བའི་ཁྱད་པར་དང་ཁྱད་པར་ཅན་གྱི་ཡུལ་ཅན་གྱི་ཤེས་པ་དེ་མངོན་སུམ་མ་ཡིན་པའམ་དེ་ཡིད་ཁོ་ན་ཡིན་ཏེ། དཔེར་ན་གཟུགས་སྐྱུར་བའོ་ཞེས་པའི་ཤེས་པ་བཞིན། དྲི་བཟང་པོ་ནི་ཞིམ་པོ་ཞེས་

པའི་ཤེས་པ་འདི་ཡང་དེ་ལྟ་བུའོ་ཞེས་པ། སྔ་མ་དང་འདྲ་བར་གཏན་ཚིགས་ཀྱི་དབྱེ་བ་སྦྱར་བར་བྱའོ། །ད་ནི་རྫས་ཉིད་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ཚོགས་པ་ལ་དེ་ཉེ་བར་བཏགས་པའི་ཕྱིར་རོ། །དེས་ན་ཅིའི་ཕྱིར་དེ་ལ་མངོན་སུམ་དུ་འགྱུར་ཞེས་རྫས་རྣམ་པར་

བརྟག་པ་རྩོམ་པ། གལ་ཏེ་ཡང་ཞེས་པ་ལ་སོགས་པ་སྟེ་འདིའི་དོན་ནི་འདི་ཡིན་ཏེ། གང་དབང་པོ་གཅིག་མིན་གྱིས་གཟུང་བར་བྱ་བ་དེ་ནི་གཅིག་མ་ཡིན་ཏེ། གཟུགས་ལ་སོགས་པ་བཞིན། རྫས་ཀྱང་དེ་ལྟ་བུའོ་ཞེས་ཁྱབ་བྱེད་དང་འགལ་བའི་ཐལ་འགྱུར་རོ། །རྫས་དབང་པོ་གཅིག་མིན་གྱིས་

གཟུང་བར་བྱ་བ་ཉིད་ནི། བལྟ་བར་བྱ་བ་དང་རེག་པར་བྱ་བ་ཡང་རྫས་སོ་ཞེས་ཁས་བླངས་པའི་ཕྱིར་རོ། །གཟུགས་སོགས་དབྱེར་མེད་པའམ་ཞེས་པས་འདི་སྐད་སྟོན་ཏེ། གཟུགས་ལ་སོགས་པ་ལ་ཡང་ཐ་དད་པར་རྣམ་པར་འཇོག་པའི་རྒྱུ་ནི་དབང་པོ་གཅིག་མིན་གྱིས་གཟུང་བར་བྱ་བ་ཉིད་དེ། གལ་ཏེ་

ཡང་དེ་ལྟར་གྱུར་ནའང་། རྫས་ལ་ཐ་དད་པ་འདོད་པ་མ་ཡིན་ན་གཟུགས་ལ་སོགས་པ་རྣམས་ལ་ཡང་དེར་མི་འགྱུར་རོ་ཞེས་པའོ། །འཛིན་བྱེད་ཐ་དད་པ་ལ་གཟུགས་ལ་སོགས་པ་རྣམས་ཀྱི་གཅིག་མ་ཡིན་པ་ཉིད་དུ་རྣམ་པར་གཞག་གོ་ཞེ་ན། འགྱུར་མོད། དེ་ལས་ཀྱང་ཁོ་བོ་ཅག་གིས་དབང་པོ་ཐ་དད་པས་

Vol. 193 · folio 57a

གཟུང་བྱ་ཉིད་ཁོ་ནའི་ཕྱིར་ཐ་དད་པའོ་ཞེས་ངེས་པར་གཟུང་བ་མ་ཡིན་ནོ། །གཞན་ཡང་དབང་པོ་ཐ་དད་པ་ཉིད་ཀྱིས་གཟུང་བར་བྱ་བ་ཉིད་ཀྱིས་འཛིན་བྱེད་ཐ་དད་པ་ཡང་འཕངས་པ་ཁོ་ན་སྟེ། དབང་པོ་ཐ་དད་པས་གཟུང་བར་བྱ་བ་ཉིད་ན། གདོན་མི་ཟ་བར་འཛིན་བྱེད་ཐ་དད་པར་འགྱུར་བར་འོས་

སོ། །འོ་ན་རྫས་ཡོད་ནའང་དབང་པོ་ཐ་དད་པས་གཟུང་བར་བྱ་བ་ཉིད་ལ་འཛིན་བྱེད་ཐ་དད་པར་མི་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྫས་དེ་ཁོ་ན་རྣམ་པར་དཔྱད་པར་བྱ་བཞིན་པ་ཉིད་ཀྱི་ཕྱིར་དང་། གཟུགས་ལ་སོགས་པ་རྣམས་ལ་ཡང་བརྒལ་ཞིང་བརྟག་པ་མཚུངས་པའི་ཕྱིར་ཡང་ངོ་། །མཐོང་ཞེ་ན་ཞེས་

པ་ལ་སོགས་པས་རྫས་ཀྱི་གཅིག་ཉིད་ནི་མངོན་སུམ་གྱིས་གྲུབ་ལ། གཟུགས་ལ་སོགས་པ་ཡང་གཅིག་མ་ཡིན་པ་ཉིད་དུའོ། །དེས་ན་ཅི་ལྟར་དེ་རྗེས་སུ་དཔག་པས་རྣམ་པ་གཞན་དུ་བྱ་བར་ནུས་ཞེས་སྟོན་པར་བྱེད་དོ། །ཡོད་པ་དང་ཡོན་ཏན་ཉིད་དག་ལྟ་བུ་ཞེས་པ་འདིས་ཀྱང་ཡོད་པ་དང་ཡོན་ཏན་ཉིད་དག་གིས་མ་

ངེས་པར་སྨྲས་སོ། །ཡོད་པ་ཉིད་དང་ཡོན་ཏན་ཉིད་དག་གི་རྟེན་གཟུགས་ལ་སོགས་པ་རྣམས་ནི་དབང་པོ་ཐམས་ཅད་པ་ཅན་རྣམས་ཏེ། དེའི་ཕྱིར་དེ་དག་ཀྱང་དབང་པོ་ཐམས་ཅད་པ་ཉིད་དོ། །ཇི་སྐད་བཤད་པ་འདིས་ནི་ཡོན་ཏན་ཉིད་ལ་དང་ཡོད་པ་ཉིད་ལ་དབང་པོ་ཐམས་ཅད་པའི་ཤེས་པར་བཤད་དོ་ཞེས་

པའོ། །ཐ་མི་དད་པའི་ཤེས་པ་ནི་སླར་ཡང་གང་ཁོ་ན་བདག་གིས་མཐོང་བ་དེ་ཁོ་ན་རེག་གོ་ཞེས་པ་སྟེ། དེ་དབང་པོས་མིན་ཞེས་པ་ལན་ནོ། །དབང་པོ་དུ་མ་དོན་མེད་ཕྱིར། །ཞེས་པ་དབང་པོ་དུ་མ་བརྟག་པ་ལ་རྒྱུ་མཚན་མེད་པ་ཉིད་ཀྱི་ཕྱིར་ཞེས་པའི་དོན་ཏོ། །དབང་པོ་གཅིག་གིས་དོན་དུ་མ་མཐའ་དག་

རྟོགས་པར་ནུས་པ་མ་ཡིན་ནོ་ཞེས་པས་དབང་པོ་གཞན་ཡོངས་སུ་རྟོགས་པ་ཡིན་ན་གལ་ཏེ་ཡང་དེ་དབང་པོ་གཞན་གྱི་དོན་ལ་ཡང་རབ་ཏུ་འཇུག་ན་དབང་པོ་དུ་མ་བརྟག་པ་རྒྱུ་མཚན་མེད་པར་འགྱུར་རོ། །འདི་སྐད་བཤད་པར་འགྱུར་ཏེ། འབྲས་བུ་ཐ་དད་པས་དབང་པོ་ཐ་དད་པ་རྟོགས་པར་བྱ་ལ། གལ་ཏེ་

དབང་པོའི་བྱ་བ་ཡང་གཅིག་ཁོ་ནས་བྱ་བ་ཡིན་ན། དབང་པོ་གཞན་ལ་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་པ་དེ་བརྟག་པར་བྱ་བ་མ་ཡིན་པར་འགྱུར་རོ་ཞེས་པའོ། །དོན་མེད་པ་ཞེས་པ་ནི་རྒྱུ་མཚན་མེད་པ་ཞེས་པའི་དོན་ཏོ། །ཅི་སྟེ་ཡང་འགྱུར་རོ་ཞེས་པ་འདི་ལྟར་བསམས་པ་སྟེ། དབང་པོ་དུ་མས་དོན་གཅིག་

Vol. 193 · folio 57b

ཡོངས་སུ་གཅད་པར་ནུས་ལ། གཅིག་གིས་དོན་དུ་མ་ནི་མ་ཡིན་ཞིང་། གཟུགས་ལ་སོགས་པ་ཡང་དུ་མ་རྣམས་ཏེ། དེའི་ཕྱིར་དབང་པོ་མང་པོ་ཉིད་བརྟགས་པ་དོན་དང་བྲལ་བ་ཉིད་མེད་དོ་ཞེ་ན། རང་ཡུལ་ཐ་དད་ནའང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་དབང་པོ་གཅིག་དབང་པོ་གཞན་གྱི་དོན་ལ་ཡང་

རབ་ཏུ་འཇུག་ན་དེའི་ཕྱིར་དེ་ཐམས་ཅད་ཁོ་ན་དེའི་རང་གི་དོན་དུ་འགྱུར་ཞིང་། རང་གི་དོན་ལ་ཡང་ཐ་དད་ན་ཡང་སྔོན་པོ་ལ་སོགས་པ་བཞིན་ཏེ། དེ་ནུས་པར་འགྱུར་བ་ཁོ་ནའོ་ཞེས་པས་ལན་མ་ཡིན་ནོ། །གྲངས་ལ་སོགས་པ་ཐ་དད་པས་ཀྱང་ཞེས་པ་གྲངས་དང་ཚད་རྣམས་དང་ཐ་དད་པ་ཉིད་དང་ལྡན་པ་དང་རྣམ་

པར་དབྱེ་བ་དག་དང་གཞན་ཉིད་དང་གཞན་མ་ཡིན་པ་ཉིད་དག་དང་ལས་ཏེ། གཟུགས་ཅན་དང་འཕྲོད་པ་འདུ་བའི་ཕྱིར་མིག་གིས་གཟུང་བར་བྱ་བ་རྣམས་སོ་ཞེས་པའི་གྲུབ་མཐའ་ལས་སོ། །དབང་པོ་གཞན་གྱི་དོན་ནི་མ་ཡིན་ནོ་ཞེས་པ་སྟེ། འདིས་ནི་གང་མིག་གི་དབང་པོའི་དོན་ཡིན་པ་དེ་ལ་དཔག་

པའི་དབང་པོ་ནུས་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་བཞིན་རྫས་ཀྱང་དེ་ལྟ་བུའོ་ཞེས་ཁྱབ་བྱེད་དང་འགལ་བའི་ཐལ་འགྱུར་གསལ་བར་བྱེད་དོ། །དབང་པོ་གཞན་གྱི་ཡུལ་ཉིད་ཀྱིས་ཀྱང་ཞེས་པ་ལ་སོགས་པ་གཟུགས་དང་རེག་བྱ་དག་ནི་ཐ་དད་པར་གྱུར་ན་ཡང་། ཇི་ཙམ་དུ་དབང་པོ་ཐ་དད་པས་

རྟོགས་པ་མ་ཡིན་པ་དེ་ཙམ་དུ་ནི་ཤེས་པར་ནུས་པ་མ་ཡིན་ནོ། །གལ་ཏེ་ཡང་དབང་པོ་གཅིག་གིས་འཛིན་པར་གྱུར་ན། དེའི་ཚེ་ཇི་ལྟར་སྔོན་པོ་ལ་སོགས་པ་རྣམས་མིག་གི་སྤྱོད་ཡུལ་ཉིད་ཀྱིས་ཐ་མི་དད་པར་དེ་ལྟར་གཟུགས་དང་རེག་བྱ་དག་ཀྱང་འགྱུར་རོ། །དེ་ལས་ཀྱང་རེག་བྱ་ཡང་མིག་གིས་འཛིན་པར་

འགྱུར་རོ། །གང་ལས་མིག་གིས་མི་འཛིན་པ་ཞེས་པ། དབྱེ་བས་བྱས་པའི་དབང་པོ་གཞན་གྱིས་མི་འཛིན་པ་སྟོན་ཏོ། །དེའི་ཕྱིར་འདིས་ནི་གང་ལ་རེག་བྱེད་ཀྱི་དབང་པོས་ནུས་པ་དེ་ནི་མིག་གི་དབང་པོའི་དོན་མ་ཡིན་ཏེ། རེག་བྱ་བཞིན། རྫས་ཀྱང་རེག་བྱེད་ཀྱི་དབང་པོས་ནུས་པའོ་ཞེས་པ་ཁྱབ་བྱེད་

དང་འགལ་བའི་ཐལ་འགྱུར་གསུངས་སོ། །འདི་ཁོ་ནའི་བསྒྲུབ་པར་བྱ་བ་ལས་བཟློག་པ་ལ་མི་འདོད་པར་ཐལ་བར་གྱུར་པ་གསུངས་པ། དེ་གལ་ཏེ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་ཡང་མིག་གི་རིག་བྱེད་ཀྱིས་གཟུང་བྱ་ཡིན་ཡང་རྫས་འཛིན་ཏོ་ཞེས་འདོད་ན་དེའི་ཚེ་དབང་པོ་གཞན་གྱི་དོན་ཡང་མིག་

Vol. 193 · folio 58a

གི་རང་གི་དོན་ཏོ་ཞེས་མངོན་པར་ཁས་བླངས་པར་འགྱུར་ཏེ་རྫས་བཞིན་ནོ། །དེ་ལས་ཀྱང་རང་གི་དོན་ཉིད་ཀྱི་ཕྱིར་དེ་རེག་བྱ་དང་རོ་ལ་སོགས་པའི་དབྱེ་བས་ཐ་དད་ཀྱང་སྔོན་པོ་ལ་སོགས་པ་བཞིན་དུ་མིག་གིས་གཟུང་བར་བྱའོ་ཞེས་པ་འདིའི་ཕྱིར་ན། ཐ་དད་པ་ཉིད་ནི་དབང་པོ་དུ་མས་གཟུང་

བར་བྱ་བ་ཉིད་ལ་རྒྱུ་མ་ཡིན་ཏེ། དབང་པོ་དུ་མ་བརྟག་པའི་རྒྱུ་མ་ཡིན་ནོ་ཞེས་པའི་དོན་ཏོ། །གང་གི་ཕྱིར་རང་གི་དོན་ཐ་དད་པ་ཡང་དབང་པོ་གཅིག་ཁོ་ནས་ཡོངས་སུ་གཅད་པར་བྱ་བ་ཡིན་པ་དེའི་ཕྱིར་ཡང་གཟུགས་ལ་སོགས་པ་རྣམས་ཐ་དད་པ་ཉིད་ཀྱི་ཕྱིར་དབང་པོ་གཅིག་མིན་གྱིས་གཟུང་བར་བྱ་བའོ་ཞེས་གང་

བརྗོད་པ་དེ་མི་རིགས་སོ། །འོ་ན་ཅི་ཞེ་ན་དབང་པོ་གཞན་གྱི་དོན་མི་འཛིན་པའོ་ཞེས་པ། དབང་པོ་གཅིག་མིན་ཉིད་ལ་རྒྱུའོ་ཞེས་སྦྲེལ་ལོ། །གང་ཕྱིར་གལ་ཏེ་དབང་པོ་གཞན་གྱི་དོན་དབང་པོ་གཞན་གྱིས་འཛིན་པར་མི་ནུས་ན། དེ་ལྟ་ན་དབང་པོ་དུ་མ་བརྟག་པར་ནུས་སོ་ཞེས་སྟོན་ཏོ། །དེའི་ཕྱིར་འདི་

ལྟར་དབང་པོ་དུ་མས་གཟུང་བར་བྱ་བའི་རྫས་ཡོད་པ་མ་ཡིན་ནོ་ཞེས་གནས་སོ། །སླར་ཡང་འདི་ཁོ་ན་གསལ་བར་བྱ་བའི་ཆེད་དུ་རྫས་དབང་པོ་དུ་མ་ཅན་དུ་ཁས་ལེན་ན་ཁས་བླངས་པས་གནོད་པ་འཐོབ་བོ་ཞེས་སྟོན་པ་གསུངས་པ། གལ་ཏེ་ཡང་ཞེས་པ་ལ་སོགས་པའོ། །གལ་ཏེ་དོན་ཐ་མི་དད་པ་དབང་

པོ་དུ་མས་འཛིན་པར་འགྱུར་ན་དེ་ལས་ཀྱང་དབང་པོ་རྣམས་རང་གི་ཡུལ་ངེས་པར་མི་འགྱུར་ཞིང་། དེའི་ཕྱིར་ཡང་གཟུགས་ལ་སོགས་པ་རྣམས། དབང་པོ་ཐམས་ཅད་ཀྱིས་གཟུང་བར་བྱ་བར་སོ་སོ་རེ་རེ་ཡང་འགྱུར་ཏེ། རྫས་བཞིན་ནོ། །དབང་པོ་ཐམས་ཅད་ཀྱིས་གཟུང་བྱ་སྨོས་པ་ཡང་། འདིར་དབང་པོ་

གཅིག་གིས་གཟུང་བྱ་ཉིད་ཀྱི་ངེས་པ་སེལ་བ་ལྷུར་བྱེད་པའོ། །གང་གསུངས་པ་དེ་ལྟ་ན་གཟུགས་ལ་སོགས་པ་རྣམས་དབང་པོ་དུ་མས་གཟུང་བར་བྱ་བ་རྣམས་སུ་འགྱུར་རོ་ཞེས་པ་སྟེ། ངེས་པས་དབང་པོ་གཅིག་གིས་གཟུང་བར་བྱ་བ་རྣམས་སུ་མི་འགྱུར་རོ་ཞེས་པའི་དོན་ཏོ། །རང་གི་བྱེ་བྲག་ལ་ངེས་

པར་བྱེད་པ་རྣམས་སོ་ཞེས་པ་རང་གི་ཁྱད་པར་ལ་ངེས་པར་བྱེད་པ་རྣམས་ཏེ། དབང་པོའི་བློ་རྣམས་ཀྱིས་ཞེས་སྦྲེལ་བར་བྱའོ། །རྫས་དང་གྲངས་ལ་སོགས་པ་དང་ལས་རྣམས་ལ་ཞེན་པ། སོགས་པ་སྨོས་པ་ལས་དངོས་པོ་དང་ཡོན་ཏན་ཉིད་དང་ཐ་དད་པ་ཉིད་ལ་སོགས་པ་རྣམས་གཟུང་བར་བྱའོ། །

Vol. 193 · folio 58b

མི་འགྱུར་རོ་ཞེས་པ་ལ་སོགས་པ་སྟེ། རྫས་ནི་རེག་བྱེད་དང་མིག་གིས་འཛིན་པར་མི་འགྱུར་ལ། ལྷག་མ་རྣམས་མིག་གིས་སོ་ཞེས་སྦྱར་བར་བྱའོ། །དེ་ལྟ་ན་འོ་ན་ཞེས་པ་རྣམ་པ་གཞན་དུ་ངེས་པར་བྱེད་པ་ཉིད་སྨྲས་སོ། །དེ་ལྟ་ན་ཡང་ཞེས་པ་སྟེ། ཕྱོགས་འདི་ལ་དེ་མ་ཐག་པར་བརྗོད་པའི་སྐྱོན་འཇུག་པ་མེད་

དོ་ཞེས་སྟོན་པར་བྱེད་དོ། །གང་ཞིག་གི་གང་ལ་ངེས་པར་བྱེད་པའི་རྒྱུ་མེད་པ་དེ་དེ་ལ་ངེས་པ་མ་ཡིན་ཏེ། དཔེར་ན་འདོད་པ་ཙམ་གྱིས་འཇུག་པའི་ལག་པ་ལ་སོགས་པའི་མིང་རྣམས་དོན་འགའ་ཞིག་ལ་བཞིན། དབང་པོ་རྣམས་ཀྱང་རྫས་ལ་སོགས་པ་རྣམས་ལ་ངེས་པར་བྱེད་པའི་རྒྱུ་ཡོད་པ་

མ་ཡིན་ནོ། །རྒྱུ་མེད་པའོ། །མདོ་དང་འགལ་ལོ་ཞེས་པས་ཁས་བླངས་དང་འགལ་བ་གསུངས་སོ། །རིགས་པས་ཀྱང་ཞེས་པ་ལ་སོགས་པས་ཏེ། གང་དངོས་པོ་མེད་པ་དེ་བྱ་བ་མ་ཡིན་ཏེ། ནམ་མཁའི་མེ་ཏོག་བཞིན། དབང་པོ་གཞན་གྱིས་མི་འཛིན་པ་ཡང་དངོས་པོ་མེད་པའོ། །ཁྱབ་

པར་བྱེད་པ་དང་འགལ་བའོ། །གཞན་རྣམས་ནི་མདོ་རྣམ་པ་གཞན་དུ་རྟོག་པར་བྱེད་དེ། དེ་སྨོས་པས་རང་གི་ཁྱད་པར་དང་བྲལ་བའི་ཁྱད་པར་གཞན་དུ་མངོན་པར་འདོད་པ་སྟེ། དེ་མེད་པའི་ཕྱིར་རེག་པ་ཉིད་ལ་སོགས་པ་མེད་པའི་ཕྱིར་རོ། །གཟུགས་ལ་མིག་གི་དབང་པོ་རབ་ཏུ་འཇུག་ལ། དེས་ཀྱང་

རེག་བྱ་ཉིད་ལ་སོགས་པ་མེད་པས་གཟུགས་ཉིད་ཡོད་པར་མཚོན་པར་བྱའོ། །དབང་པོ་གཞན་གྱིས་འཛིན་པ་མ་ཡིན་པ་ནི་མི་འཁྲུལ་བའོ་ཞེས་ཏེ། དེ་ཡང་རིགས་པས་ཀྱང་ཞེས་པ་ལ་སོགས་པ་ཁོ་ནས་བསལ་བར་བྱའོ། །རིགས་པས་རྗེས་སུ་སྒྲུབ་པ་ཅན་ཉིད་དུ་གྱུར་ན་ནི། དེ་ལྟར་བཤད་པ་མཛེས་

མོད། རིགས་པ་དང་འགལ་ན་ནི་དཀའ་བས་རྟོག་པ་ནི་རྟོག་པ་མ་ཡིན་པ་ཁོ་ནའོ། །གཞན་ཡང་རང་གི་བྱེ་བྲག་རྣམས་ཀྱི་སྐབས་ཉིད་ཀྱི་ཕྱིར། དེའི་སྒྲས་དེ་རྣམས་ཁོ་ན་འཛིན་པར་རིགས་ཀྱི་ཁྱད་པར་གཞན་རྣམས་ནི་མ་ཡིན་ཏེ། སྐབས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་མེད་པས་ཀྱང་དངོས་པོ་

ཉེ་བར་ལེན་པ་མི་རིགས་སོ་ཞེས་པས་འདི་ནི་སྙིང་པོ་མེད་པའོ། །རྣམ་པར་བཤད་པ་སྔ་མ་ལ་ནི་སྐྱོན་འདི་ཡོད་པ་མ་ཡིན་ཏེ། གང་ལ་གང་གི་རྒྱུ་མེད་པ་དེ་ནི་དེར་འབྱུང་བ་མ་ཡིན་ནོ་ཞེས་པ་རིགས་ཏེ། འགྱུར་མོད་ཅེས་པ་ལ་སོགས་པ་གང་སྨྲས་པའོ། །གལ་ཏེ་དེ་ལྟ་ན་རྫས་མེད་ན། གང་བདག་

Vol. 193 · folio 59a

གིས་མཐོང་བ་དེ་ཁོ་ན་རེག་པའོ་སྙམ་པ་ཐ་དད་པ་མེད་པའི་ཤེས་པ་འདིའི་ཡུལ་ཅི་ཡིན། འདི་ནི་ཡུལ་མེད་པ་ཁོ་ནའོ་ཞེས་སྨྲ་བ་ནུས་པ་ཡང་མ་ཡིན་ཏེ། ཡུལ་ལ་སོགས་པ་ངེས་པས་སྐྱེ་བའི་ཕྱིར། མངོན་པར་འདོད་པའི་མངོན་སུམ་བཞིན། །ཞེས་བསམས་ནས་སྨྲས་པ། འོ་ན་

གང་ཞེས་པ་ལ་སོགས་པའོ། །གཞན་པའི་སྤྱོད་ཡུལ་ཅན་ཞེས་པ་ལ་སོགས་པ་སྟེ། རྫས་ལས་གཞན་པ་བརྟགས་པ་ཁོ་ན་འདིའི་ཡུལ་ལོ་ཞེས་སྟོན་ཏོ། །ཡུལ་ཐ་དད་པ་ཞེས་པ་ལ་སོགས་པ་སྟེ། གཟུགས་དང་རེག་བྱ་ཡང་ཕན་ཚུན་ལས་བཟློག་པའི་ཡུལ་ཉེ་བར་དམིགས་པ་དང་ལྡན་པ་ལས་

དེ་སྐྱེའོ། །དེས་ན་གལ་ཏེ་ཡང་བརྟགས་པ་ཡུལ་ཡིན་པ་དེ་ལྟ་ན་ཡང་གཟུགས་ལ་སོགས་པ་ཉེ་བར་དམིགས་པ་ཡོད་ན་དེ་ཡོད་པའི་ཕྱིར་ན། སྨིག་རྒྱུ་ལ་སོགས་པ་ལ་ཆུའི་ཤེས་པ་བཞིན་དུ་ཡུལ་ལ་སོགས་པ་ངེས་པ་ཁོ་ནས་དེ་སྐྱེའོ་ཞེས་གསལ་བར་བྱེད་དོ། །དེ་ཡང་ལྷན་ཅིག་སྤྱོད་པའི་ཚོགས་

པའི་ཡུལ་ཅན་ཞེས་པ་སྟེ། མིག་དང་ལུས་ཀྱིས་ཉེ་བར་དམིགས་པའི་ཡུལ་ཐ་དད་པ་དེ་འདིའི་ལྷན་ཅིག་སྤྱོད་པ་ཡིན་པ་ཞེས་པ་ནི། དེའི་ཡོན་ཏན་ཡང་དག་པར་ཤེས་པ་སྟེ་འབྲུ་མང་པོ་པའོ། །སླར་ཡང་དེ་དང་ལྷན་ཅིག་སྤྱོད་པའི་ཚོགས་པ་འདིའི་ཡུལ་ཡིན་པ་ཞེས་འབྲུ་མང་པོ་པ་ཁོ་ནའོ། །དེ་ལྟར་

གཟུགས་དང་རེག་བྱ་དག་ལྷན་ཅིག་སྤྱོད་པ་ཉེ་བར་མཚོན་པ་ཉིད་དུ་གྱུར་ན་ཡང་དྲི་ལ་སོགས་པ་ཚོགས་པ་ཙམ་ཡུལ་ཉིད་དུ་བརྗོད་པར་འགྱུར་བ་མ་ཡིན་ནོ། །དྲན་པ་ཉིད་ཐ་མི་དད་པའི་ཤེས་པ་ཞེས་པ། གཟུགས་ལ་སོགས་པ་གང་རྣམས་ལ་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བའི་བུམ་པ་ཞེས་པའི་བརྡ་

ཡིན་པ་དེའི་ཚོགས་པ་ལ་སླར་ཡང་ཕྱི་མའི་དུས་སུ་གཟུགས་དང་རེག་པ་ཉེ་བར་དམིགས་པ་དང་ལྡན་པ་པོའི་དྲན་པ་སྟེ། དེ་ཁོ་ན་བུམ་པ་འདིའོ་ཞེས་ཐ་མི་དད་པའི་ཤེས་པ་སྐྱེའོ། །གང་ཚོགས་པ་ནི་དངོས་པོ་མ་ཡིན་པའི་ཕྱིར་ཤེས་པ་འགའ་ཞིག་གིས་ཀྱང་ཉམས་སུ་མྱོང་བ་མ་ཡིན་ཏེ། དེས་ན་ཅི་

ལྟར་དེ་ལ་དྲན་པ་ཡིན་ཞེས་སྨྲ་བ་དེའི་བརྩད་པར་བྱ་བ་མ་ཡིན་ཏེ། གང་གི་ཕྱིར་ཚོགས་པ་ནི་བརྟགས་པ་ཡིན་ལ་གང་ཡང་བརྟགས་པའི་དངོས་པོ་དེ་ནི་རྣམ་པར་ཤེས་པའི་གཟུང་བའི་ཆ་ཤས་ཉིད་ཀྱིས་བདག་ཉིད་དུ་གྱུར་པའོ་ཞེས་པ་རང་རིག་པ་ཁོ་ནས་ཉམས་སུ་མྱོང་བས་སོ། །རྣམ་པ་གཞན་དུ་ན་ཅི་

Vol. 193 · folio 59b

ལྟར་དེ་ཁོ་ན་ཁང་བཟངས་ཀྱི་ཕྲེང་བ་ཆེན་པོ་འདིའོ་ཞེས་དྲན་པར་འགྱུར། ཅིའི་ཕྱིར་འདི་ཚོགས་པའི་ཡུལ་ཅན་ཡིན་གྱི། ཡང་དངོས་པོར་ཡོད་པ་བུམ་པ་ལ་སོགས་པ་རྫས་ཀྱི་ཡུལ་ཅན་ནི་མ་ཡིན་ཞེ་ན། གསུངས་པ། གཟུགས་ལ་སོགས་པ་འཛིན་པ་མེད་ན་དེའི་བློ་མེད་པའི་ཕྱིར་རོ་ཞེས་པ། གང་ཞིག་གང་

འཛིན་པ་མེད་པར་གྱུར་ན། དམིགས་པའི་མཚན་ཉིད་ཀྱིར་གྱུར་པ་མ་དམིགས་པ་དེ་ནི་དེ་ལས་ཐ་དད་པ་ཡོད་པ་མ་ཡིན་ཏེ། ཤིང་ལ་སོགས་པ་རྣམས་ལས་གྲོང་དྲུག་གམ་ཁང་བཟངས་ཀྱི་ཕྲེང་བ་བཞིན། བུམ་པ་ལ་སོགས་པའི་རྫས་ཀྱང་གཟུགས་ལ་སོགས་པ་འཛིན་པ་མེད་ན་དམིགས་པའི་མཚན་ཉིད་ཀྱིར་

གྱུར་པ་མ་དམིགས་པའོ་ཞེས་པ་རང་བཞིན་མ་དམིགས་པ་གསུངས་སོ། །གང་དུ་སྣང་བ་ཀུན་དུ་འཛིན་པ་དེར་གཟུགས་བལྟར་རུང་བ་ཁོ་ནར་འགྱུར་བ་མ་ཡིན་ཏེ། སྣང་བ་མེད་པར་ཡང་སྲོག་ཆགས་འགའ་ཞིག་རྣམས་ཀྱིས་དེ་འཛིན་པའི་ཕྱིར་དེས་མ་ངེས་པ་མ་ཡིན་ནོ། །དེ་བཞིན་དུ་ཁྱད་པར་ཅན་རྣམས་

ཞེས་པ་ལ་སོགས་པ་སྟེ། ཡོད་པ་དང་ཡོན་ཏན་ཉིད་དག་གིས་སྔར་མ་ངེས་པར་བརྗོད་པ་དེ་ཡོངས་སུ་སྤང་བའི་ཆེད་དུ་ཉེ་བར་བཀོད་པ་སྟེ། ཁྱད་པར་ཅན་རྣམས་ནི་གཟུགས་ལ་སོགས་པ་རྣམས་སོ། །དེ་རྣམས་ཐ་དད་པ་རྣམས་ཡོད་པ་དང་ཡོན་ཏན་ཞེས་པའི་ཁྱད་པར་འདི་དང་མ་འབྲེལ་པ་ཁོ་ན་རྣམས།

སྔར་ཉེ་བར་དམིགས་པ་དང་ལྡན་པའི་དེ་ལས་དོན་གཞན་རྣམ་པར་གཅོད་པའི་ཡུལ་ཅན་ཡོད་པ་མ་ཡིན་པ་དང་ཡོན་ཏན་མ་ཡིན་པ་ལས་ལྡོག་པའི་མཚན་ཉིད་ཅན་ཏེ། གང་སྤྱི་ཡིན་པ་དེ་ཡུལ་ལོ་ཞེས་པ་ཇི་སྲིད་པའོ། །ཐ་མི་དད་པས་ཐམས་ཅད་དུ་ཞེས་པ། ཡིད་ལས་བྱུང་བའི་ཤེས་པ་སྤྱིའི་རྣམ་པའི་རྗེས་སུ་

འབྲེལ་པ་དེ་ནི་དེ་རྣམས་ཐ་དད་པ་ཡོད་ཀྱང་བསྒྲིབས་ནས། རང་གི་རྣམ་པ་ཐ་མི་དད་པ་ཡང་འདི་རྣམས་ལ་ཞེན་ཏེ། གཅིག་ཉིད་ལྟ་བུར་ཀུན་ནས་ལེན་ཅིང་དེ་རྣམས་ཐ་མི་དད་པས་དེ་ཐམས་ཅད་ལ་ཉེ་བར་སྐྱེའི་གཅིག་ཁོ་ན་ལ་ནི་མ་ཡིན་ནོ། །ཡོད་པ་དང་ཡོན་ཏན་ཉིད་དག་ནི་མངོན་སུམ་མ་ཡིན་ནོ་ཞེས་པ་འདི་ལས་

མ་ངེས་པ་མ་ཡིན་ནོ་ཞེས་པ་དགོངས་པའོ། །དེ་ཉེ་བར་མ་མཚོན་པའི་ཕྱིར་ཞེས་པ། སྔར་ཉམས་སུ་མྱོང་བའི་ཤེས་པ་ནི་དངོས་པོ་ཐ་དད་པའི་ཡུལ་ཅན་ཏེ། དེའི་ཕྱིར་དེ་སྔོན་དུ་འགྲོ་བ་ནི་ཡིད་ལས་བྱུང་བ་སྤྱིའི་ཤེས་པའོ་ཞེས་ཁྱད་པར་འདི་ཉེ་བར་མ་མཚོན་པའི་ཕྱིར་རོ། །སྤྱོད་ཡུལ་མཚུངས་ཉིད་འདོད་

Vol. 193 · folio 60a

ཅེ་ན། །ཞེས་པ་མ་ངེས་པ་ཉིད་གཞུང་གཟུགས་པའི་ཆེད་དུ་ཉེ་བར་བཀོད་པའོ། །སྤྱོད་ཡུལ་མཚུངས་པ་ཉིད་ལ་གཏན་ཚིགས་སྨྲས་པ། དེ་མི་འཛིན་ན་དེའི་བློ་མེད་པའི་ཕྱིར་རོ་ཞེས་པ་ཁྱད་པར་བྱེད་པ་མ་བཟུང་བས་ཁྱད་པར་ཅན་ལ་བློ་འཇུག་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་ལས་ཀྱང་གཟུགས་

ལ་སོགས་པ་ཁྱད་པར་ཅན་རྣམས་དབང་པོ་ཐམས་ཅད་པ་ཉིད་ཀྱི་ཕྱིར་དེའི་ཁྱད་པར་ཡོད་པ་ཉིད་དང་ཡོན་ཏན་ཉིད་དག་དབང་པོ་ཐམས་ཅད་པ་ཉིད་དུ་གྲུབ་བོ། །གང་ཁྱད་པར་དང་ཁྱད་པར་ཅན་དུ་གྱུར་པ་དེ་རྣམས་དབང་པོ་མཚུངས་པའི་ཡུལ་ཡིན་ཏེ། དཔེར་ན་དབྱུག་པ་དང་དབྱུག་པ་ཅན་བཞིན་ནོ། །ཡོད་པ་ཉིད་

དང་དེ་དང་ལྡན་པ་རྣམས་དང་། ཡོན་ཏན་དང་དེ་དང་ལྡན་པ་རྣམས་ཀྱང་དེ་ལྟ་བུའོ། །རང་བཞིན་གྱི་གཟུགས་བརྙན་ནོ། །མི་འདོད་པ་ལ་ཐལ་བར་འགྱུར། །ཞེས་པ་ཐལ་འགྱུར་གྱི་ཟོལ་གྱིས་མ་ངེས་པ་ཉིད་དུ་གསུངས་སོ། །རྫས་དང་ལྡན་པ་རྣམས་ཞེས་པ་ལ་སོགས་པ་སྟེ། རྫས་འདི་རྣམས་

ཀྱི་རྟེན་དུ་ཡོད་པ་ཞེས་པ་རྫས་དང་ལྡན་པ་རྣམས་སོ། །འདིར་རྫས་དང་ལྡན་པས་ཡོན་ཏན་ནི་ཁྱད་པར་ཅན་ཏེ། རྫས་ནི་ཁྱད་པར་རོ། །དེ་ལས་ཀྱང་ཇི་ལྟར་ཡོན་ཏན་དབང་པོ་ལྔ་པ་ཡིན་པ་དེ་བཞིན་དུ་རྫས་ཀྱང་འགྱུར་རོ། །དེ་བཞིན་དུ་རྫས་གཅིག་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རྫས་ནི་རྫས་

མེད་པ་དང་། རྫས་དུ་མར་འདོད་པར་བྱའི། རྫས་གཅིག་པ་ནི་རྫས་མ་ཡིན་ནོ། །དེ་ལ་རྫས་མེད་པའི་རྫས་ནི། གང་ལ་རྫས་གཞན་གྱི་རྟེན་མེད་པ་སྟེ། དཔེར་ན་རྡུལ་ཕྲ་རབ་དང་ནམ་མཁའ་ལ་སོགས་པ་བཞིན་ནོ། །རྫས་དུ་མའི་རྫས་ནི་གང་ལ་རྫས་དུ་མའི་རྟེན་ཅན་ཏེ། དཔེར་ན་བུམ་པ་ལྟ་བུའོ། །

དེ་ནི་དུ་མ་ལ་འཕྲོད་པ་འདུས་པའོ། །འདིར་ཡང་རྫས་གཅིག་ནི་ཡོད་པ་དབང་པོ་ཐམས་ཅད་པའི་ཁྱད་པར་རོ་ཞེས་པས་རྫས་ཀྱང་དབང་པོ་ཐམས་ཅད་པར་འགྱུར་ལ། འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མ་ངེས་པའོ། །རྫས་འཇུག་པའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རྫས་ལ་འཇུག་པའི་ཡོད་པ་

གང་ཡིན་པ་དེའི་རྫས་གཅིག་ནི་ཁྱད་པར་ཡིན་ལ། འདི་ནི་དབང་པོ་ཐམས་ཅད་པ་ཡང་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཡོན་ཏན་ལ་འཇུག་པའོ། །དེའི་ཕྱིར་འདི་ཐལ་བར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཐ་མི་དད་པའི་ཡོད་པ་འདི་རྫས་ལ་སོགས་པའི་ཡོད་པ་ལ་དགག་པར་བྱ་བ་མ་ཡིན་གྱི། ཐ་དད་

Vol. 193 · folio 60b

པ་ནི་མ་ཡིན་ཞེ་ན་གསུངས་པ། དེ་སྐད་དུ་བཤད་པ་ནི་ཞེས་པ་ལ་སོགས་པ་སྟེ། ཡོད་པའི་རྫས་ཀྱི་རང་བཞིན་དགག་པ་བྱས་པ་ན། དེའི་ཕྱིར་ཡོན་ཏན་དང་ལས་སུ་འགྱུར་རོ་ཞེས་པའི་དོགས་པ་བསལ་བའི་ཆེད་དུ་འདི་བཤད་དེ། ལས་དང་ཡོན་ཏན་རྣམས་ལ་ཡང་ཡོད་པའི་ཕྱིར་ལས་མ་ཡིན་ཞིང་ཡོན་

ཏན་མ་ཡིན་ནོ་ཞེས་པ་འདིའི་ཕྱིར་སྐབས་སུ་བབ་པ་ཁོ་ནའི་ཡོད་པའི་ཆོས་ཡང་གི་སྒྲས་བསྡུ་བར་བྱ་སྟེ། གཞན་དུ་ན་བསྡུ་བའི་ཆེད་དུ་ཡང་རིགས་སོ། །རྫས་ལ་འཇུག་པ་ལས་ཀྱང་། ཡོན་ཏན་དང་ལས་རྣམས་ལ་མི་འཇུག་པ་ལས། ཡོན་ཏན་དང་ལས་རྣམས་ལ་ཡོད་མིན་གསལ་བར་མི་འགྱུར་རོ། །གལ་

ཏེ་ཡང་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འདི་འགལ་བའི་ཆོས་ལ་གནས་པར་འདོད་ན། དེ་ལས་ཐ་དད་པར་འགྱུར་རོ། །དེ་ལས་ཀྱང་དེ་མ་ཐག་པར་བརྗོད་པའི་སྐྱོན་འདི་འགྱུར་རོ། །མདོ་འདི་ཡང་འགལ་བ་སྟེ། ཡོད་པའི་རྟགས་ཁྱད་པར་མེད་པའི་ཕྱིར་དང་། ཁྱད་པར་གྱི་གཏན་ཚིགས་མེད་པའི་

ཡང་ཕྱིར་ཡོད་པ་གཅིག་པའོ་ཞེས་པ་བསམ་པའོ། །གང་གི་ཚེ་ཡང་ཞེས་པ་ལ་སོགས་པ་སྟེ། གང་གི་ཚེ་འདི་མིག་གིས་མཐོང་ནས་མེ་འདི་དྲོ་བའོ་ཞེས་འཛིན་པ་དེའི་ཕྱིར་དེའི་ཚེ་རེག་བྱ་ཡང་མེའི་ཁྱད་པར་ཉིད་ཀྱི་ཕྱིར་མིག་གིས་གཟུང་བར་བྱ་བར་འགྱུར་ལ། དེ་ལྟར་ཡང་མ་ཡིན་ནོ་ཞེས་པ་སྟེ། དེའི་

ཕྱིར་ཡང་མ་ངེས་པའོ། །མཐོང་བ་ཞེས་པ་འདིས་དོན་གྱིས་གོ་བ་དང་མཚུངས་པའི་ལྟག་ཆོད་ཉེ་བར་འགོད་དོ། །མེད་ཀྱང་ཞེས་པ་ལ་སོགས་པས་སྔོན་པོ་ལ་སོགས་པ་ཐ་དད་པ་རྣམས་ལ་ཡང་དབང་པོ་ཐ་དད་མེད་པ་སྟོན་པར་བྱེད་པས་ཤིང་སེམས་པ་ཅན་ཉིད་ལ་ཉལ་བ་བཞིན་དུ་ཉེ་བར་དམིགས་པར་

མཚུངས་པ་གཉིས་པའོ། །འཛིན་པ་ཐ་དད་པའི་ཕྱིར་ཞེས་པ་ཡང་གཏན་ཚིགས་གཞན་ཉེ་བར་བསྟན་པ་ལས་དང་པོའོ། །རྣམ་གཞན་དུ་བརྗོད་ཅེས་པ་ལ་སོགས་པས་དོན་གྱིས་གོ་བ་དང་མཚུངས་པ་སེལ་བར་བྱེད་དོ། །དེ་ལྟར་འགྱུར་མོད་མ་ངེས་པའོ་ཞེས་པ་འདིས་གཏན་ཚིགས་འཁྲུལ་པར་བརྗོད་

པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དམ་བཅའ་བའི་སྐྱོན་ནོ། །གང་གི་ཕྱིར་ཁྱོད་ཀྱིས་དབང་པོ་ཐ་དད་པས་གཟུང་བྱ་ཉིད་ཁོ་ནའི་ཕྱིར་རོ་ཞེས་ངེས་པར་འཛིན་པས་གཏན་ཚིགས་གཞན་མེད་དོ་ཞེས་དམ་བཅའ་བར་འགྱུར་ལ། དེ་ཡང་མི་རིགས་ཏེ། གཏན་ཚིགས་གཞན་ཡང་ཡོད་པར་གྱུར་པའི་ཕྱིར་རོ་ཞེ་ན།

Vol. 193 · folio 61a

དེའི་ཕྱིར་གསུངས་པ། མ་ཡིན་ཞེས་པ་ལ་སོགས་པ་སྟེ། འདིར་མ་ངེས་པ་ཡང་མ་ཡིན་ནོ་ཞེས་པ་ནི་ངེས་པ་འདི་འཁྲུལ་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཐམས་ཅད་བསྒྲུབ་བྱར་ཞེས་པ་ལ་སོགས་པས་ཉེ་བར་དམིགས་པ་གཉིས་པ་སེལ་བར་བྱེད་དོ། །བློ་ཐ་དད་པའང་གཞན་

ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པས། གཏན་ཚིགས་གཞན་ཡང་བསྒྲུབ་པར་བྱ་བའི་འཇུག་པ་སྟོན་པར་བྱེད་པས། མི་འཁྲུལ་བ་དང་བཅས་པ་བསྟན་པ་ལས་དང་པོའོ། །འབྱེད་ན་རྣམ་གཞན་དབྱེར་མེད་ཅིང་། །ཅེས་པ་འཛིན་པ་ཐ་དད་པ་འབའ་ཞིག་ལས་རྣམ་པ་གཞན་པ་དབང་པོ་ཐ་དད་པ་དང་འཛིན་

བྱེད་ཐ་དད་པར་གྱུར་ན་ཡང་ཐ་མི་དད་པ་མ་ཡིན་པ་ཁོ་ནའོ་ཞེས་པ་ཇི་སྲིད་པའོ། །གང་ལ་ཡང་ཞེས་པ་ལ་སོགས་པས་གལ་ཏེ་འཛིན་པ་ཐ་དད་པ་འབའ་ཞིག་ལས་སྔོན་པོ་ལ་སོགས་པ་རྣམས་ལ་ཐ་དད་པ་སྟེ། དེ་ལྟར་གྱུར་ན་གང་ལ་དབང་པོ་ཐ་དད་པ་དང་འཛིན་བྱེད་ཐ་དད་པ་ཡང་ཡོད་པ་དེ་ལ་ཆེས་ཤིན་

ཏུ་ཡང་ཐ་དད་པར་འགྲུབ་པོ། །དབང་པོ་ཐ་དད་པ་བྱས་པ་ལ་ནི། ཐ་དད་པ་མེད་པའི་དགོས་པ་མེད་པའི་ཕྱིར་རོ་ཞེས་སྟོན་ཏོ། །འདིས་ཞེས་པ་རྫས་ལ་མངོན་སུམ་སེལ་བའི་རིགས་པས་སོ། །ཡོན་ཏན་ལ་སོགས་པ་རྣམས་ལ་ཞེས་པ་ལ། སོགས་པའི་སྒྲས་ལས་རྣམས་ལའོ། །བསལ་ཞིང་སྤངས་

པར་བརྗོད་དོ། །ཅི་ལྟར་ཞེ་ན་གསུངས་པ། དེ་ཡང་ནི་ཞེས་པ་ལ་སོགས་པ་སྟེ། རང་གི་རྟེན་ཅན་ནི། ཡོན་ཏན་དང་ལས་དག་གི་རང་གི་སྤྱི་སྟེ། ཡོན་ཏན་ཉིད་དང་ལས་ཉིད་དོ། །གང་གི་རྟེན་རང་ཉིད་ཡིན་པ་དེ་རང་གི་རྟེན་ཅན་ཏེ། དེ་དང་འབྲེལ་པའི་སྒོ་ནས་སྐྱེའོ་ཞེས་པ་ནི་འདི་དང་ལྷན་ཅིག་

འབྲེལ་པ་སྟེ། ཁྱད་པར་དང་འབྲེལ་པའི་སྒོས་སྐྱེའོ་ཞེས་པ་ཇི་སྲིད་པའོ། །དེའི་ཕྱིར་ཡང་གང་ཁྱད་པར་ལ་ལྟོས་པ་དེ་མངོན་སུམ་མ་ཡིན་ཞེས་པ་ལ་སོགས་པ་སྔ་མ་བཞིན་དུ་སྒྲུབ་བྱེད་བརྗོད་པར་བྱའོ། །གཞན་ཡང་དེ་ཡང་བཞི་པོ་ལ་སོགས་པ་ཕྲད་པ་ཁོ་ན་ལས་སྐྱེའོ་ཞེས་འདི་བསྟན་པའོ། །སོགས་

པའི་སྒྲས་གསུམ་འདུས་པ་ལས་དང་གཉིས་འདུས་པ་ལས་ཀྱང་ཇི་ལྟར་སྲིད་པར་རོ། །དེ་ལས་སྐྱོན་ཅི་ཡོད་ཅེ་ན་གསུངས་པ། ཇི་ལྟར་ཐམས་ཅད་དུ་ཞེས་པ་ལ་སོགས་པ་སྟེ། དེ་ལ་བཞི་པོ་ཕྲད་པ་ལས་ནི་བདག་དང་ཡིད་དང་དབང་པོ་དང་རྫས་ཕྲད་པ་ལས་གཟུགས་ལ་སོགས་པ་རྣམས་ལ་དང་།

Vol. 193 · folio 61b

ལས་རྣམས་ལའོ། །གསུམ་འདུས་པ་ལས་སྒྲ་ལའོ། །དེ་ལ་རྫས་དང་ལྷན་ཅིག་དབང་པོ་འབྲེལ་པ་ཡོད་པ་མ་ཡིན་ཏེ། ནམ་མཁའ་ལས་ཐོས་པ་ཉིད་ཀྱི་ཕྱིར་དང་། དེ་ཁོ་ན་ལ་སྒྲ་འདུ་བ་ཅན་ཡིན་པའི་ཕྱིར་རོ། །གཉིས་ཕྲད་པ་ལས་ནི་བདག་དང་ཡིད་ཕྲད་པ་བདེ་བ་ལ་སོགས་པ་རྣམས་ལའོ། །དེ་ལྟར་

ན་ཡོན་ཏན་དང་ལས་དང་རང་ཉིད་དང་ཕྲད་པ་རྣམས་ལས་ཤེས་པ་འགྲུབ་པའི་ཕྱིར། རྫས་ནི་རྒྱུ་དང་རྒྱུའི་ཡང་ངོ་ཞེས་གང་བརྗོད་པ་དེ་ཡང་སུན་ཕྱུང་བ་ཡིན་ནོ་ཞེས་པའོ། །སེར་སྐྱ་པ་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། དེར་བརྗོད་པ། ཅི་རྗེས་སུ་དཔག་པ་གཅིག་པུ་ཁོ་ན་ཚད་མའམ་ཞེ་ན། མ་ཡིན་

ཞེས་བརྗོད་པར་བྱ་སྟེ། རྣ་བ་ལ་སོགས་པའི་འཇུག་པ་ཡང་ངོ་། །མངོན་སུམ་ཚད་མ་ཞེས་པ་ལྷག་མའོ། །རྣ་བ་དང་པགས་པ་དང་མིག་དང་ལྕེ་དང་སྣ་རྣམས་ཀྱི་ཡིད་ཀྱིས་བྱིན་གྱིས་བརླབས་པའི་འཇུག་པ་སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་རྣམས་ལ་རིམ་པ་ཇི་ལྟ་བར་འཛིན་པ་ལ་འཇུག་

བཞིན་པ་ནི་མངོན་སུམ་གྱི་ཚད་མའོ། །ཡིད་ཀྱིས་ཞེས་པ་ཡིད་ཀྱི་འཇུག་པ་སྟེ། རང་བཞིན་དང་རྣམ་འགྱུར་དག་ཐ་དད་མེད་པར་ཉེ་བར་བཏགས་པ་ལས་དེ་སྐད་དུ་བཤད་དོ། །བྱིན་གྱིས་བརླབས་པ་ཞེས་པ་དེ་དང་ལྷན་ཅིག་ཡུལ་གཅིག་ལ་ཞུགས་པ་ཞེས་པའི་དོན་ཏོ། །འདིར་བྱིན་གྱིས་

བརླབས་པའི་དོན་ནི་ལྷན་ཅིག་པའི་དོན་ཏེ། དཔེར་ན་རྒྱལ་པོའི་མིས་བྱིན་གྱིས་བརླབས་ཤིང་ཞུགས་པ་ནི་དེ་དང་ལྷན་ཅིག་གོ་ཞེས་རྟོགས་པར་བྱ་བ་ཡིན་པ་བཞིན་ནོ། །གཞན་རྣམས་ན་རེ་ཡིད་ཀྱིས་བྱིན་གྱིས་བརླབས་པ་ཞེས་པ། ཡིད་ཀྱིས་ཡང་དག་པར་རིག་པ་སྟེ། ཇི་སྐད་དུ་བཤད་པ། ཕྱི་རོལ་

གྱི་དོན་རྣམས་ལ། དབང་པོ་ཞེན་པར་བྱེད་ན། དབང་པོ་ཞེན་པ་དེ་ལ་ཡིད་རྗེས་སུ་ཞེན་པར་བྱེད་དོ་ཞེས་སོ། །གཞུང་འདི་ནི་དབང་པོའི་འཇུག་པ་ཁོ་ན་ཕྱི་རོལ་གྱི་ཡུལ་གྱི་རྣམ་པ་ཅན་ནི། ཡིད་ཀྱི་འཇུག་པས་ཡང་དག་པར་རིག་པར་བྱ་བ་སྟེ། དབང་པོའི་འཇུག་པ་དང་ལྷན་ཅིག་པས་ཕྱི་རོལ་གྱི་དོན་ནི་

མ་ཡིན་ནོ་ཞེས་རྟོགས་པར་བྱའོ། །དེའི་ཕྱིར་གང་རྣ་བ་ལ་སོགས་པ་རྣམས་ཀྱི་འཇུག་པ་ཡིད་ཀྱི་འཇུག་པས་གཟུང་བར་བྱ་བ་དེ་ནི་དེས་བྱིན་གྱིས་བརླབས་པ་ཞེས་བརྗོད་དེ། དབང་པོ་རྣམས་ཀྱི་འཇུག་པ་ནི། རང་གི་ཡུལ་ཉེ་བར་གྱུར་པ་ན། དེའི་རྣམ་པར་ཡོངས་སུ་འགྱུར་བར་ཤེས་པར་བྱའོ། །དེ་སླར་ཡང་

Vol. 193 · folio 62a

རྣམ་པ་གཉིས་ཏེ། རྐྱེན་དང་བཅས་པ་དང་རྐྱེན་མེད་པའོ། །རྐྱེན་ནི་སྐྱེས་བུ་ལས་བྱུང་བའི་རྟོགས་པར་བརྗོད་པར་བྱ་སྟེ། སེམས་པ་ཅན་ཉིད་ཀྱི་ངོ་བོ་ཡུལ་ཉམས་སུ་མྱོང་བའི་རང་བཞིན་ནོ། །འདི་ཡང་བདག་གི་ངོ་བོ་ཡིན་གྱི་གཞན་འགའ་ཞིག་གི་མ་ཡིན་ཏེ། སེམས་པ་མེད་པ་ཉིད་

ཀྱི་ཕྱིར་རོ། །སྐྱེས་བུ་ལས་བྱུང་བའི་རྐྱེན་དེ་དང་ལྷན་ཅིག་འདུས་པ་གང་ཡིན་པ་དེ་དང་ངོ་བོ་གཅིག་པ་ལྟ་བུར་སྟོན་པ་དེ་ནི་རྐྱེན་དང་བཅས་པ་སྟེ། དཔེར་ན་བསྲེགས་པའི་གནས་སྐབས་ན་ལྕགས་ཀྱི་གོང་བུ་མེ་དང་འདྲེས་པ་ལས་དེའི་རང་བཞིན་མ་ཡིན་ཡང་མེའི་རང་བཞིན་ཉིད་ལྟ་བུར་འབྱུང་བ་དེ་བཞིན་དུ་འཇུག་པ་ནི་

ཉམས་སུ་མྱོང་བའི་ངོ་བོ་མ་ཡིན་ཡང་སེམས་པ་ཅན་དང་འདྲེས་པ་ལས་སེམས་པ་ཅན་གྱི་ངོ་བོ་ལྟ་བུར་འབྱུང་ངོ་། །གང་ཡང་འཇུག་པ་སྒྲོན་མའི་འོད་ལྟ་བུ་ཡུལ་གསལ་བར་བྱེད་པ་འབའ་ཞིག་མ་ཡིན་གྱི་སེམས་པ་ཅན་དང་འདྲེས་པ་ལས་དེའི་ངོ་བོ་ལྟ་བུར་བྱུང་བ་ནི་མ་ཡིན་པ་དེ་རྐྱེན་མེད་པ་ཞེས་བརྗོད་དོ། །

དེ་ལ་རྐྱེན་མེད་པའི་འཇུག་པ་བཟློག་པའི་ཆེད་དུ་འཛིན་པ་ལ་འཇུག་བཞིན་པ་ཞེས་སྨྲས་སོ། །སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་རྣམས་ལས་རིམ་པ་ཇི་ལྟ་བར་ཞེས་པ་འདིས་རང་གི་ཡུལ་ལ་ངེས་པར་འཇུག་པར་བརྗོད་པ་ལས་ཡུལ་ངེས་པ་ཉིད་དོ། །འོ་ན་རྣ་བ་ལ་སོགས་པའི་འཇུག་པ་ཁོ་ན་སྒྲ་ལ་

སོགས་པ་རྣམས་ཀྱི་འཛིན་པར་བྱེད་པ་ཡིན་ན། དེ་ལ་གང་འཛིན་པ་ལ་འཇུག་པར་བྱེད་པ་འཇུག་པ་གཞན་ཅི་ཞིག་ཡིན་ཞེ་ན། ཁ་ཅིག་སྨྲ་བའི་དབང་པོའི་ཡུལ་བར་མ་ཆོད་པས་འཇུག་པ་ཀཱ་ཤཱ་ཡིས་མངོན་པར་བཅོམ་པ་ལྟ་བུའམ། གྱེན་དུ་གཏོར་བའི་ཆུ་ལྟ་བུ་ཡུལ་རང་ཉིད་ལ་མི་གནས་པའི་འཇུག་པ་

བརྗོད་པར་བྱ་ཞིང་། གནས་པ་ནི་ཡུལ་གྱི་རྣམ་པ་ཡོངས་སུ་གྱུར་པས་ཡོངས་སུ་རྫོགས་པའི་འཛིན་པའོ་ཞེས་པ་སྟེ། གང་ལ་བར་ཆོད་པ་མེད་པ་སྣ་ལ་སོགས་པ་དེ་ལ་ཡང་དབང་པོའི་ཡུལ་དང་འབྲེལ་པ་ལས་བར་མ་ཆད་པར་རྣམ་པར་འགྱུར་བ་སྐྱེ་བཞིན་པ་ཡུལ་གྱི་རྣམ་པ་ཉིད་ཀྱིས་ཡོངས་སུ་མ་

རྫོགས་པའི་འཇུག་པར་ཤེས་པར་བྱའོ། །དེས་ཡོངས་སུ་རྫོགས་པ་ནི་ནང་གི་འཛིན་པའོ་ཞེས་སོ། །གཞན་རྣམས་སྨྲ་བ་ནི་འཇུག་པ་རྣམས་རྟོག་པ་མེད་པ་ཉིད་དུ་ཉེ་བར་བསྟན་པའི་དོན་དུ། སྒྲ་ལ་སོགས་པ་རྣམས་ཀྱི་འཛིན་པ་ལ་འཇུག་བཞིན་པ་ཞེས་འདི་ཐ་དད་པར་བཤད་དེ། འདི་སྐད་བཤད་

Vol. 193 · folio 62b

པར་འགྱུར་ཏེ། རང་གི་ངོ་བོ་འཛིན་པ་ཙམ་ལ་འཇུག་བཞིན་པ་ནི་མངོན་སུམ་ཚད་མ་སྟེ། རྣམ་པ་གཞན་དུ་ནི་མ་ཡིན་ནོ་ཞེས་པའོ། །གལ་ཏེ་ཡང་རྣམ་པར་རྟོག་པ་ལ་འདི་སྲིད་པ་ཡོད་པ་མ་ཡིན་མོད། དེ་ལྟ་ན་ཡང་རྒྱལ་དཔོག་པ་ལ་སོགས་པ་རྣམས་ཀྱིས་རྣམ་པར་རྟོག་པ་ཅན་མངོན་སུམ་དུ་བརྟགས་པ་

དེ་ལ་ལྟོས་པས་ཁྱད་པར་འདིའོ། །འཇུག་པ་ཐམས་ཅད་ནི་འཛིན་པ་ཙམ་ལ་འཇུག་སྟེ། རྣམ་པར་རྟོག་པ་ཅན་མ་ཡིན་ནོ་ཞེས་པའོ། །འཛིན་པ་ལ་འཇུག་བཞིན་པ་ཞེས་པ་དེའི་རང་བཞིན་ནོ་ཞེས་པའི་དོན་ཏོ། །གཞན་རྣམས་ནི། རྐྱེན་མེད་པའི་འཇུག་པ་ཁོ་ན་ཚད་མ་དང་རྐྱེན་དང་བཅས་པ་ནི་འབྲས་

བུར་འདོད་དོ། །འཛིན་པ་ལ་འཇུག་བཞིན་པ་ཞེས་པ་ཡང་འདི་ལྟར་བརྗོད་པར་བྱ་སྟེ། འཛིན་པ་ལ་སྟེ། འབྲས་བུ་བྱ་བ་ལ་སྟེ། འཛིན་པའི་རྒྱུ་མཚན་འཇུག་པ་ཞེས་པའི་དོན་ཏོ། །དབང་པོ་ཐུག་མེད་ཅེས་པ་དབང་པོ་རྣམས་མཐའ་ཡས་པ་ཉིད་དུ་ཐལ་བར་འགྱུར་རོ་ཞེས་པའི་དོན་ཏོ། །ཅི་ལྟར་

ཞེ་ན་གསུངས་པ། དེ་རྣམས་ཀྱིས་ནི་ཞེས་པ་ལ་སོགས་པ་སྟེ། ཇི་སྐད་དུ་བཤད་པ་འོན་པས། དབང་པོ་དགུ་རྣམས་ཡོད་པ་ན། །སྒྲ་མི་ཐོས་ཏེ། དེའི་ཕྱིར་རྣ་བ་ཁོ་ན་སྒྲའི་ཡུལ་ཅན་ཏེ། འདིས་པགས་པ་ལ་སོགས་པ་རྣམས་རང་གི་ཡུལ་ལ་འཇུག་པར་རྟོགས་པར་བྱའོ་ཞེས་སོ། །ཡོན་ཏན་

གསུམ་རྣམས་ནི་ཡོན་ཏན་གསུམ་ཉིད་དེ། འཇིག་རྟེན་གསུམ་ཉིད་བཞིན་ནོ། །འཕེལ་བ་ནི་ལྷག་པའོ། །འགྲིབ་པ་ནི་དམན་པ་ཉིད་དོ། །ཙམ་གྱི་སྒྲ་ནི་རང་བཞིན་གྱི་དབྱེ་བ་རྣམ་པར་གཅད་པའི་ཆེད་དུ་སྟེ། སྙིང་སྟོབས་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་སྒྲ་ལ་སོགས་པ་རྣམས་ཀྱི་རང་གི་ངོ་བོ་དབྱེ་

བ་ཡོད་པ་མ་ཡིན་ནོ། །དེ་ལས་ཀྱང་ཞི་བ་དང་འཇིགས་པ་དང་རྨོངས་པ་དང་དྲུག་ལས་སྐྱེས་པ་ལ་སོགས་པའི་བྱེ་བྲག་གིས་མཐའ་ཡས་པའི་ཕྱིར་དབང་པོ་མཐའ་ཡས་པར་འགྱུར་རོ། །ཇི་ལྟར་སྒྲ་ལ་སོགས་པའི་རིགས་ཀྱི་དབྱེ་བ་ཡོན་ཏན་འཕེལ་བ་དང་འགྲིབ་པ་ལས་འགྱུར་བ་དེ་ལྟར་དྲུག་ལས་

སྐྱེས་པ་ལ་སོགས་པའི་དབྱེ་བ་ཡང་ངོ་། །དེའི་ཕྱིར་འདི་སྐད་བཤད་པར་འགྱུར་རོ། །གང་ཡོན་ཏན་འཕེལ་བ་དང་འགྲིབ་པའི་དབྱེ་བས་ཐ་དད་པ་དེ་རྣམས་དབང་པོ་ཐ་དད་པས་གཟུང་བར་བྱ་བའི་རིགས་དང་ཡང་དག་པར་ལྡན་པ་རྣམས་ཡིན་ཏེ། སྒྲ་དང་རེག་བྱ་ལ་སོགས་པ་བཞིན། བློ་

Vol. 193 · folio 63a

གསལ་བ་ལ་སོགས་པའི་སྒྲའི་ཁྱད་པར་རྣམས་ཀྱང་དེ་ལྟ་བུའོ་ཞེས་པ་རང་བཞིན་གྱི་ཐལ་འགྱུར་རོ། །དེ་ལས་ཀྱང་ཁས་བླངས་པས་གནོད་པའོ། །ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་འཕེལ་བ་དང་འགྲིབ་པ་ལ་སོགས་པ་ཐ་དད་པའི་དྲུག་ལས་སྐྱེས་པ་ལ་སོགས་པ་

རྣམས་ལ་ཡང་རྣ་བའི་དབང་པོས་གཟུང་བར་བྱ་བ་གཅིག་པོ་ཡོན་ཏན་གསུམ་གྱི་རིགས་དང་ལྡན་པར་འདོད་ན། དབང་པོ་གཅིག་ཁོ་ནར་ཐོབ་སྟེ། ཐམས་ཅད་དུ་ཡོན་ཏན་གསུམ་ཐ་མི་དད་པའི་ཕྱིར་རོ། །གང་ཡོན་ཏན་གསུམ་ཐ་མི་དད་པའི་རིགས་དང་ལྡན་པ་དེ་རྣམས་རྣ་བའི་དབང་པོས་གཟུང་བར་

བྱ་བ་རྣམས་ཏེ། དྲུག་སྐྱེས་ལ་སོགས་པ་བཞིན། སྒྲ་དང་རེག་བྱ་ལ་སོགས་པ་ཡང་དེ་ལྟ་བུའོ། །དེ་ཁོ་ནའི་ཐལ་འགྱུར་རོ། །འོ་ན་ལས་ཀྱི་དབང་ལས་དབང་པོ་མངོན་པར་འགྲུབ་ཀྱི་གཟུང་བའི་དབང་ལས་མ་ཡིན་པ་མ་ཡིན་ནམ། དེ་ལ་ཅི་ལྟར་དབང་པོ་མཐའ་ཡས་པའམ་དབང་པོ་གཅིག་ཏུ་

འགྱུར་རོ་ཞེས་པའི་རྩོད་པ་འདི་ཅི་ལྟར་ཡིན་ཞེ་ན། ཁོ་བོ་ཅག་གི་ལས་ཀྱི་དབང་ལས་ཏེ། ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པའོ་ཞེས་འདོད་དོ། །ཕ་རོལ་པོས་ནི་སྐྱེས་བུའི་འདོད་པ་འགྲུབ་པའི་ཆེད་དུ་གཙོ་བོའི་འཇུག་པའོ་ཞེས་སེམས་ཏེ། དེ་ལ་གལ་ཏེ་དབང་པོ་གཅིག་ཁོ་ནས་སྐྱེས་བུའི་

དོན་ཕུན་སུམ་ཚོགས་ན་དབང་པོ་གཅིག་གི་བདག་ཉིད་ཁོ་ནས་རང་བཞིན་ཡོངས་སུ་འགྱུར་བར་རིགས་ཏེ། རྣམ་པ་གཞན་དུ་ན་ནི་རྣམ་པ་གཞན་དུའོ་ཞེས་པས་རྩོད་པར་རིགས་སོ། །འདིར་འགྱུར་མོད་ཡོན་ཏན་གསུམ་ཉིད་ཁོ་ན་རྣ་བའི་དབང་པོས་གཟུང་བྱའོ་ཞེས་མི་སྨྲའི། འོན་ཀྱང་དེ་ཁོ་ནའི་ཡོངས་

སུ་འགྱུར་བ་བློ་རྗེས་སུ་འགྲོ་བའི་རྒྱུ་མཚན་འདྲ་བ་ཤེས་པ་ནི་ཞེས་བྱ་བ་ནི་རིགས་ཡིན་ལ། དེ་ཡང་སྒྲའི་བྱེ་བྲག་ཐམས་ཅད་ལ་རྗེས་སུ་འཇུག་ཅིང་རེག་བྱ་ལ་སོགས་པ་རྣམས་ལས་བཟློག་པ་ཡང་ངོ་། །དེ་ཁོ་ན་རྣ་བའི་དབང་པོས་གཟུང་བར་བྱ་བ་སྟེ། དེའི་ཕྱིར་སྐྱོན་ཅུང་ཟད་ཀྱང་མེད་དོ་ཞེ་ན། དེའི་ཕྱིར་

གསུངས་པ། ཡོན་ཏན་གསུམ་ལས་ཐ་དད་པའི་ཞེས་པ་ལ་སོགས་པའོ། །ཅི་ལྟར་མེད་ཅེས་སྨྲས་ཏེ། དབྱིབས་ཀྱི་བདག་ཉིད་ཅན་གྱི་རིགས་ནི་ཡོད་པ་ཁོ་ན་སྟེ། ཡོན་ཏན་གསུམ་ཐ་མི་དད་ན་ཡང་ཡོན་ཏན་གསུམ་གྱི་གནས་སྐབས་ཙམ་ཐ་དད་པ་ལས་སྒྲ་ལ་སོགས་པའི་རིགས་རྣམས་ཐ་དད་དོ། །

Vol. 193 · folio 63b

དེ་སྐད་དུ་ཡང་བཤད་པ། སྒྲ་དང་རེག་བྱ་དང་གཟུགས་དང་རོ་དང་དྲི་སྟེ་ལྔ་རྣམས་ནི། བདེ་བ་དང་སྡུག་བསྔལ་དང་གཏི་མུག་གསུམ་པོ་རྣམས་ཀྱི་ངེས་པར་བཀོད་པའི་བྱེ་བྲག་རྣམས་སོ་ཞེས་པའོ། །དེའི་ཕྱིར་སྒྲའི་རྣམ་པར་ཡོངས་སུ་གྱུར་པའི་བདེ་བ་ལ་སོགས་པ་རྣམས་ནི་དབྱིབས་ཀྱི་ཁྱད་པར་གང་གིས་

ཡང་དག་པར་བཀོད་པ་རྣམས་ཏེ། དབྱིབས་གཞན་གྱིས་ཡང་དག་པར་བཀོད་པ་རྣམས་ནི་རེག་བྱ་ལ་སོགས་པ་རྣམས་སོ་ཞེས་སྟོན་པར་བྱེད་དོ། །དེའི་ཕྱིར་དབང་པོ་ངེས་པར་གཟུང་བར་བྱ་བ་ཉིད་ཡིན་ཞིང་། དབང་པོ་མཐའ་ཡས་པ་ཉིད་ཀྱང་མ་ཡིན་ཏེ། དབྱིབས་རྣམས་ནི་ལྔ་ཉིད་ཀྱི་ཕྱིར་རོ། །

དབྱིབས་ནི་གཉིས་གཟུང་བྱ་ཞེས་པའོ། །འོ་ན་དབྱིབས་ནི་རྫས་ཡོད་མ་ཡིན་ཏེ། དེས་ན་ཅིའི་ཕྱིར་དེ་གཉིས་ཀྱིས་གཟུང་བྱ་ཉིད་ཡིན་ཞེ་ན། སྐྱོན་འདི་མེད་དེ། ཕ་རོལ་པོའི་བསམ་པས་དེ་སྐད་བཤད་དོ། །ཕ་རོལ་པོ་ནི་གཟུགས་ཅན་གྱི་དབང་པོའི་རྣམ་པར་ཤེས་པའི་རྗེས་སུ་འགྲོ་བའི་ཡིད་ཀྱི་

རྣམ་པར་ཤེས་པའི་དབྱིབས་ཉེ་བར་དམིགས་ནས་རྣམ་པར་ཤེས་པ་དེ་དག་གི་ཤིན་ཏུ་ཕྲ་བའི་དུས་ཀྱིས་དབྱེ་བ་ངེས་པར་འཛིན་དཀའ་བ་ཉིད་ཀྱི་ཕྱིར་དེ་འདི་ཁོ་ན་མིག་དང་ལུས་ཀྱི་རྣམ་པར་ཤེས་པ་སྟེ། རིང་པོ་ལ་སོགས་པའི་དབྱིབས་འཛིན་པའོ་ཞེས་ཇི་ལྟར་སེམས་པ་དེ་ལྟར་འདི་བརྗོད་དོ། །འདི་

སྐད་སྟོན་ཏེ། དབྱིབས་དངོས་པོར་འགྱུར་མོད། དེ་གཉིས་ཀྱིས་གཟུང་བར་བྱ་བར་མཐོང་ངོ་ཞེས་པས་རང་གི་ཡུལ་ལ་ངེས་པར་འཇུག་པ་ནི་འགལ་བའོ་ཞེས་པའོ། །སྒྲ་ལ་སོགས་པ་རྣམས་ཀྱང་ཞེས་པ་ཁས་བླངས་པས་གནོད་པ་གསུངས་སོ། །མང་ན་ཐལ་བ་དང་བཟློག་པས་ཏེ། གང་གང་གི་

ཆོས་སུ་འགྱུར་བ་མ་ཡིན་པ་དེ་དེའི་བདག་ཉིད་ཅན་མ་ཡིན་ཏེ། དཔེར་ན་སེམས་པ་ཅན་གཙོ་བོའི་ཆོས་མ་ཡིན་པ་དེ་ནི། དེའི་བདག་ཉིད་མ་ཡིན་པ་བཞིན། །སྒྲ་ལ་སོགས་པ་རྣམས་ཀྱང་དབྱིབས་ཀྱི་ཆོས་སུ་འགྱུར་བ་མ་ཡིན་ནོ་ཞེས་པ་ཁྱབ་པར་བྱེད་པ་མེད་པའོ། །དབྱིབས་ནི། གསུམ་སྤྱོད་ཡུལ་མིན་

ཞེས་པ་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་ཚིགས་མེད་པ་གསུངས་སོ། །དབྱིབས་ཀྱིས་བྱས་པ་ཡང་ཞེས་པ་ལ་སོགས་པ་སྟེ། པི་ཝང་དང་རྔ་པ་ཎ་ཝ་ལ་སོགས་པའི་སྒྲའི་རིགས་ཕན་ཚུན་ཐ་དད་པ་རྣམས་ནི་སྒྲའི་རིགས་ལས་མ་འདས་པར་གནས་པ་ཉིད་ཀྱི་ཕྱིར་ཡུལ་མཚུངས་པ་ཉིད་དུ་འགྱུར་རོ། །

Vol. 193 · folio 64a

དེ་ཡང་མི་རིགས་ཏེ། རིང་པོ་དང་ཐུང་ངུ་ལ་སོགས་པའི་དབྱིབས་ཡུལ་གཅིག་ཏུ་མཐོང་བ་དང་འདོད་པ་ནི་མ་ཡིན་ནོ་ཞེས་པས་ཁས་བླངས་དང་འགལ་བའོ། །དབྱིབས་མཚུངས་པ་རྣམས་ལ་ཡང་ཞེས་པ་ལ་སོགས་པ་སྟེ། དབྱིབས་ཐ་དད་པས་བྱས་པ་རིགས་ཐ་དད་པ་

འདོད་པའི་ཕྱིར། གསེར་ལ་སོགས་པའི་རང་བཞིན་གྱི་བུམ་པ་ལ་སོགས་པ་དབྱིབས་མཚུངས་པ་རྣམས་ལ། དབྱིབས་ཀྱི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་ན། རིགས་ཐ་དད་པ་རྣམས་ཀྱི་དབྱིབས་ཀྱང་དེ་རྣམས་ལ་མཚུངས་པ་ཉིད་ཀྱི་ཕྱིར། གསེར་ལ་སོགས་པའི་རིགས་རྣམས་དང་དེའི་རྒྱུ་རྣམས་

དང་སྒྲ་ལ་སོགས་པ་རྣམས་དང་། དེའི་རྒྱུ་སྙིང་སྟོབས་ལ་སོགས་པ་རྣམས་ཀྱང་གཅིག་ཉིད་འཐོབ་བོ། །འོ་ན་མ་ཏྲ་ལ་སོགས་པ་དབྱིབས་མཚུངས་པ་རྣམས་ཁོ་ན་ལ་གཅིག་ཉིད་དུ་རིགས་པ་མ་ཡིན་ནམ། གསེར་ལ་སོགས་པ་རྣམས་ལ་ནི་ཇི་ལྟར་ཡིན་ཞེ་ན། དེ་དང་ཐ་མི་དད་པའི་ཕྱིར། དེ་

རྣམས་ཀྱང་དབྱིབས་མཚུངས་པ་རྣམས་སོ་ཞེས་པས་འདི་ནི་བརྩད་པར་བྱ་བ་མ་ཡིན་ནོ། །རང་གི་ཡུལ་ལ་འཇུག་པ་མེད་པ་ཞེས་པ་མིག་གིས་བུམ་པ་ལ་སོགས་པ་འཛིན་པ་ན་སྒྲ་ལ་སོགས་པ་རྣམས་འཛིན་པའི་ཕྱིར་རོ། །ཐལ་བ་དང་། བཟློག་པས་ཀྱང་སྟེ། གང་ཞིག་གང་ཐ་དད་པ་མེད་ན་ཡང་

ཐ་དད་པ་འདི་དེའི་བདག་ཉིད་མ་ཡིན་ཏེ། དཔེར་ན་སེམས་པ་ཅན་ཐ་དད་པ་མེད་ན་ཡང་ཐ་དད་བཞིན་པའི་སྙིང་སྟོབས་ལ་སོགས་པ་རྣམས་དེའི་བདག་ཉིད་མ་ཡིན་པ་བཞིན། གསེར་ལ་སོགས་པ་རྣམས་ཀྱང་དབྱིབས་ཐ་དད་མེད་ན་ཡང་ཐ་དད་པའོ་ཞེས་པ་ཁྱབ་བྱེད་འགལ་བ་གསུངས་སོ། །རིགས་

ཙམ་འཛིན་པའམ་ཞེས་པ་དབྱིབས་ཙམ་འཛིན་པའོ། །ཙམ་གྱི་སྒྲ་ནི་བདེ་བ་ལ་སོགས་པ་འཛིན་པ་རྣམ་པར་གཅད་པའི་དོན་ཏོ། །རིགས་ཀྱིས་ཁྱད་པར་དུ་བྱ་བའི་བདེ་བ་ལ་སོགས་པ་འཛིན་པ་ཞེས་དབྱིབས་ཀྱི་ཁྱད་པར་དུ་བྱས་པའི་བདེ་བ་ལ་སོགས་པ་འཛིན་པ་ཞེས་པའོ། །དོན་འདི་རང་བཞིན་མི་

འཛིན་པ་ཞེས་པ་སྒྲ་ལ་སོགས་པ་རྣམས་ཀྱི་བདེ་བ་ལ་སོགས་པའི་རང་བཞིན་མི་འཛིན་པར་རོ། །དེ་ལྟར་འགྱུར་མོད། དོན་གྱི་རང་བཞིན་ནི་དབྱིབས་ལས་ཐ་མི་དད་པའི་ཕྱིར་དེ་ཉེ་བར་དམིགས་པ་ན་དེ་ཡང་ཉེ་བར་དམིགས་པ་ཁོ་ནའོ་ཞེ་ན། གསུངས་པ། གང་གི་ཕྱིར་མཐོང་ཞེས་པ་ལ་སོགས་པ་སྟེ།

Vol. 193 · folio 64b

འདིས་ནི། གང་གི་དབྱིབས་ཙམ་ཉེ་བར་དམིགས་པ་ནི་དེའི་རང་བཞིན་ཉེ་བར་དམིགས་པ་མ་ཡིན་ཏེ། དཔེར་ན་སྣང་བ་ཞན་པའི་ཕྱོགས་སུ་དམིགས་པར་བྱ་བ་བ་ལང་ལ་སོགས་པའི་དབྱིབས་ཙམ་བཞིན། དབང་པོའི་འཇུག་པས་སྒྲ་ལ་སོགས་པ་རྣམས་ཀྱི་ཡང་དབྱིབས་ཙམ་དམིགས་པའོ་ཞེས་

འགལ་བས་ཁྱབ་པ་གསུངས་སོ། །དོན་དབྱེ་མི་འཛིན་འགྱུར་ཞེས་པ། །སྒྲ་ལ་སོགས་པའི་དོན་གྱི་ཁྱད་པར་དམིགས་པར་མི་འགྱུར་རོ། །དེ་ལ་དབྱིབས་གཞན་མེད་པའི་ཕྱིར་རོ་ཞེས་པ། སྒྲ་ལ་སོགས་པ་རྣམས་ནི་དབྱིབས་ཀྱི་བདག་ཉིད་ཀྱི་རིགས་རྣམས་ཏེ། དེ་ལ་དབྱིབས་གཞན་ཡོད་པ་མ་

ཡིན་ཏེ། གང་གིས་པི་ཝང་གི་སྒྲ་ཞེས་འཛིན་པར་འགྱུར་བའོ་ཞེས་པ་ཁས་བླངས་པ་ཉམས་པའོ། །ཅི་སྟེ་སྐྱོན་འདིར་མ་གྱུར་ཅིག་ཅེས་པས། སྒྲའི་རིགས་ལ་ཡང་དབྱིབས་གཞན་གྱི་ཁྱད་པར་ཀཽ་ཤི་ཀ་ལ་སོགས་པ་འདོད་དེ། དེ་ལྟར་ན་དེའི་ཚེ་སྐྱོན་འདིར་ཐལ་བར་འགྱུར་རོ་ཞེས་སྟོན་པ་གསུངས་པ།

དོན་ལ་ཞེས་བྱ་བ་ལ་སོགས་པ་སྟེ། དོན་ནི་རང་གི་ཡུལ་ཏེ། དེ་ལ་རྣམ་པར་རྟོག་པ་ཅན་དུ་འགྱུར་རོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རང་གི་དོན་གྱིས་ཁྱད་པར་དུ་བྱས་པའི་ཞེས་པ་ལ་སོགས་པ་སྟེ། སྒྲའི་རིགས་ཀྱིས་ཁྱད་པར་དུ་བྱས་པའི། དེའི་ཁྱད་པར་ཀཽ་ཤི་ཀ་ལ་སོགས་པ་ཡང་འཛིན་

པའི་ཕྱིར་རོ་ཞེས་པའི་དོན་ཏོ། །ངེས་པར་སྦྱོར་བ་ལས་ཀྱང་ཁྱད་པར་ནི་སྒྲའི་རིགས་ཀྱིས་ཁྱད་པར་དུ་བྱས་པར་གཟུང་བར་བྱའི། གཞན་དུ་ན་འདི་ནི་སྒྲའི་ཁྱད་པར་རོ་ཞེས་འཛིན་པར་མི་འགྱུར་རོ། །རིགས་ཀྱིས་ཁྱད་པར་དུ་བྱས་པ་དང་དེའི་དབྱེ་བ་འཛིན་པར་ཁས་བླངས་པ་ན་རིགས་ཙམ་འཛིན་

པར་བྱེད་པའོ་ཞེས་པའི་ཕྱོགས་འདི་ཉམས་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་ཙམ་གྱི་སྒྲས་བདེ་བ་ལ་སོགས་པ་རྣམ་པར་གཅོད་པའི་སྒྲ་ལ་སོགས་པའི་རིགས་ཀྱི་ཁྱད་པར་མ་ཡིན་པས་སོ། །དེས་འདི་སྐད་བརྗོད་པར་འགྱུར་ཏེ། གང་ཁྱད་པར་དུ་བྱེད་པས་རྣམ་པར་གཅད་པའི་དོན་འཛིན་པར་བྱེད་

པའི་བློ་དེ་ནི་རྣམ་པར་རྟོག་པ་དང་བཅས་པ་ཡིན་ཏེ། དཔེར་ན་འདི་བ་ལང་ཁྲ་བོའོ་ཞེས་པའི་བློ་བཞིན། སྒྲ་ལ་སོགས་པའི་ཁྱད་པར་གྱི་ཡུལ་ཅན་གྱི་བློ་ཡང་དེ་ལྟ་བུའོ། །རང་བཞིན་གྱི་ཐལ་འགྱུར་རོ། །ཅི་སྟེ་ཞེས་པ་ལ་སོགས་པས་ཕྱོགས་གཞན་ལ་ཡང་སྐྱོན་དེ་ཁོ་ན་གསུངས་སོ། །

Vol. 193 · folio 65a

བདེ་བ་ལ་སོགས་པ་རྣམས་ཀྱང་ཞེས་པ་བདེ་བ་ལ་སོགས་པ་རྣམས་ཁོ་ན་སྒྲ་ལ་སོགས་པའི་བདག་ཉིད་དུ་བཀོད་པ་རྣམས་སོ་ཞེས་པ་འདི་ལས་དྲིས་པའོ། །རེ་ཞིག་སོ་སོར་ནི་མ་ཡིན་ཏེ་ཞེས་པ་ལ་སོགས་པ་སྟེ། གང་ཕྱིར་བདེ་བ་ལ་སོགས་པ་རེ་རེ་འཛིན་ན་ནི། དབང་

པོའི་འཇུག་པ་རྣམས་རང་གི་ཡུལ་ཁོ་ན་ལ་འཇུག་པར་འགྱུར་བ་མ་ཡིན་ཏེ། ཐམས་ཅད་དུ་བདེ་བ་ལ་སོགས་པ་རྣམས་ཁྱད་པར་མེད་པའི་ཕྱིར་རོ། །དེ་ཡང་འདོད་དེ། དེའི་ཕྱིར་བདེ་བ་ལ་སོགས་པ་སོ་སོར་གཟུང་བར་བྱ་བ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྒྲ་ལ་སོགས་པ་སྟེ། དེའི་ཕྱིར་

དེ་རྣམས་ཁོ་ན་སོ་སོར་ཡོངས་སུ་གྱུར་པ་སྒྲ་ལ་སོགས་པའི་རང་དངོས་རྣམས་སུ་འགྱུར་རོ་ཞེས་གསུངས་པ་མ་ཡིན་ཞེས་པ་ལ་སོགས་པ་སྟེ། ལྔ་རྣམས་གསུམ་གྱི་བཀོད་པའི་ཁྱད་པར་རྣམས། །ཞེས་ཁས་བླངས་པའི་ཕྱིར་འདི་ཡོད་པ་མ་ཡིན་ནོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། གང་

སྒྲ་ལ་སོགས་པའི་རང་དངོས་སུ་མི་འགྱུར་བ་དེ་རྣ་བ་ལ་སོགས་པའི་འཇུག་པས་གཟུང་བར་བྱ་བ་མ་ཡིན་ཏེ། སེམས་པ་ཅན་ཉིད་བཞིན། བདེ་བ་ལ་སོགས་པ་ཡང་སོ་སོར་སྒྲ་ལ་སོགས་པའི་རང་དངོས་སུ་འགྱུར་བ་མ་ཡིན་ནོ་ཞེས་པ་ཁྱབ་པར་བྱེད་པ་མེད་པའོ། །མ་ཡིན་ཏེ་གཞན་མ་ཡིན་པ་

ཉིད་ཀྱི་ཕྱིར་ཞེས་པས་མ་གྲུབ་པ་སྨྲས་སོ། །གང་སྒྲ་ལ་སོགས་པ་ལས་གཞན་མ་ཡིན་པ་དེ་རྣ་བ་ལ་སོགས་པའི་འཇུག་པའི་གཟུང་བར་བྱ་བ་ཡིན་ཏེ། སྒྲ་ལ་སོགས་པ་བཞིན། བདེ་བ་ལ་སོགས་པའི་རང་གི་དངོས་པོ་ཡང་དེ་ལྟ་བུའོ། །རང་བཞིན་ནོ། །གཞན་མིན་ཞེ་ན་ཞེས་པ་ལ་སོགས་

པ་སྟེ། གང་སྒྲ་ལ་སོགས་པ་ལས་གཞན་མ་ཡིན་པ་དེའི་རྒྱུ་མ་ཡིན་ཏེ། སྒྲ་ལ་སོགས་པ་བཞིན། བདེ་བ་ལ་སོགས་པ་ཡང་དེ་ལྟ་བུའོ་ཞེས་པ་འགལ་བས་ཁྱབ་པ་གསུངས་སོ། །དེ་ལས་ཀྱང་ཁས་བླངས་པ་དང་འགལ་ལོ། །གང་བརྗོད་པ་ཞེས་པ་ལ་སོགས་པས་ནི་རྒྱུ་ཉིད་དུ་ཁས་

བླངས་པ་གསུངས་ཏེ། སྙིང་སྟོབས་སྒྲའི་འབྲས་བུར་བཤད་ནས། སྒྲའི་བདག་ཉིད་དུ་གནས་པས་ནི། རྡུལ་དང་མུན་པ་དག་སྒྲ་ལས་བྱུང་བའི་ཆེད་དུ་འཇུག་པར་འཆད་པར་བྱེད་དོ། །རྡུལ་སྒྲའི་འབྲས་བུར་བཤད་ནས་ཞེས་པ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་ནོ། །འདི་ནི་ཁྱད་པར་ཏེ།

Vol. 193 · folio 65b

རྡུལ་གྱིས་སྙིང་སྟོབས་དང་མུན་པ་དག་སྒྲའི་དངོས་པོའི་ཆེད་དུ་འཇུག་པར་བྱེད་དོ། །མུན་པ་ནི་སྙིང་སྟོབས་དང་རྡུལ་དག་དགྲ་ལ་ཡོད་པའི་ཆེད་དུ་རྣམ་པར་འཇོག་པར་བྱེད་དོ་ཞེས་པའོ། །ཅི་སྟེ་གཞན་ཉིད་མ་ཡིན་པ་ཉིད་ན་ཡང་འབྲས་བུ་དང་རྒྱུའི་དངོས་པོར་འདོད་ཅིང་། དེ་ལྟར་གྱུར་ན་འདི་

མི་འདོད་པར་འབྱུང་བར་འགྱུར་རོ་ཞེས་སྟོན་པ་གསུངས་པ། སྙིང་སྟོབས་ལ་སོགས་པ་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། གང་སྒྲ་གཅིག་ལས་ཐ་མི་དད་པའི་རང་བཞིན་དེ་ནི་ཐ་མི་དད་པ་ཡིན་ཏེ། སྒྲའི་རང་གི་ངོ་བོ་བཞིན་སྙིང་སྟོབས་ལ་སོགས་པ་རྣམས་ཀྱང་དེ་ལྟ་བུའོ། །གང་སྙིང་སྟོབས་ལ་སོགས་

པ་གཅིག་མིན་ལས་ཐ་མི་དད་པའི་རང་བཞིན་དེ་གཅིག་མིན་ཡིན་ཏེ། བདེ་བ་ལ་སོགས་པ་བཞིན་སྒྲ་ཡང་དེ་ལྟ་བུའོ་ཞེས་པ་རང་བཞིན་གྱི་ཐལ་འགྱུར་དག་གོ། །དེ་ལས་བཟློག་པས་ནི། གང་གཅིག་མིན་དེ་ནི་སྒྲ་གཅིག་ལས་ཐ་མི་དད་པའི་རང་བཞིན་མ་ཡིན་ཏེ། དཔེར་ན་སྐྱེས་བུ་མང་པོ་རྣམས་

བཞིན། སྙིང་སྟོབས་ལ་སོགས་པ་ཡང་དེ་ལྟ་བུའོ། །གང་གཅིག་ཡིན་པ་དེ་སྙིང་སྟོབས་ལ་སོགས་པ་རྣམས་ལས་ཐ་དད་མེད་པ་མ་ཡིན་ཏེ། དཔེར་ན་སེམས་པ་ཅན་གྱི་གསལ་བ་གཅིག་པུ་བཞིན། སྒྲ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་འགལ་བ་དག་གོ། །དེ་ལས་ཀྱང་ཁས་བླངས་པ་ཉམས་

སོ། །འམ་ཞེས་པའི་སྒྲ་ནི་རྣམ་པར་བརྟག་པའི་དོན་ཅན་ནོ་ཞེས་པ་འབྲས་བྱེད་མིན་པའམ་ཞེས་པ་འདིར་འམ་གྱི་སྒྲ་གང་ཡིན་པའོ། །གཞན་ཉིད་ཡིན་ནའང་གཟུང་བྱ་མིན། །ཞེས་པས་མ་ངེས་པ་གསུངས་སོ། །དེའི་རྡུལ་ཕྲ་རབ་ཅེས་པ་སྒྲའི་རྡུལ་ཕྲ་རབ་བོ། །དེ་ཙམ་ལ་སོགས་པའམ་ཞེས་པ་སྒྲ་

དེ་ཙམ་ལ་སོགས་པའོ། །སོགས་པའི་སྒྲས་ང་རྒྱལ་དང་ཆེན་པོ་དང་གཙོ་བོ་གཟུང་བར་བྱའོ། །མ་ཡིན་ཞེས་པ་ལ་སོགས་པས་ཀྱང་མ་ངེས་པ་གསུངས་སོ། །གང་གི་ཕྱིར་འབྲས་བུ་ཉིད་དང་རྒྱུ་ཉིད་ལ་སོགས་པ་རྣམས་དབང་པོའི་ཡུལ་ལས་ཐ་དད་པ་མ་ཡིན་ཞིང་། དབང་པོའི་བློས་རྟོགས་པ་

ཡང་མ་ཡིན་ནོ། །ཐམས་ཅད་སྣ་ཚོགས་རྣམ་ཅན་འགྱུར་རོ་ཞེས་པ་སྟེ། གང་སྣ་ཚོགས་ཀྱི་རྣམ་པར་མི་འདོད་པ་དེ་ཡང་སྟེ་སྙིང་སྟོབས་ལ་སོགས་པ་ཚོགས་པ་ནི་ཐ་མི་དད་པ་ཉིད་ཀྱི་ཕྱིར་རོ། །ཐ་དད་པ་ལ་ཞེས་པ་ལ་སོགས་པས་བསྒྲུབ་པར་བྱ་བ་མེད་ན་གཏན་ཚིགས་མེད་པ་གསུངས་སོ། །དེའི་

Vol. 193 · folio 66a

དབང་གིས་ཞེས་པ་ལ་སོགས་པ་སྟེ། གང་གི་རྣམ་པར་ཡུལ་ལ་ཤེས་པ་སྐྱེ་བ་དེའི་རྣམ་པས་ཡུལ་དེ་རྟོགས་པར་བྱའོ། །མཐོང་ངོ་ཞེས་པ་ལ་སོགས་པས་གཏན་ཚིགས་གསུངས་སོ། །གང་རྣམ་པ་ཐ་མི་དད་པ་འཛིན་པར་བྱེད་པ་དེ་སྣ་ཚོགས་པའི་ཡུལ་ཅན་མ་ཡིན་ཏེ། སེམས་པ་

ཅན་འཛིན་པ་བཞིན། སྒྲ་ལ་སོགས་པ་འཛིན་པ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །ཡུལ་གཞན་ལ་ཞེས་པ་དབང་པོ་གཞན་གྱི་ཡུལ་ཉིད་དུ་མངོན་པར་འདོད་པ་ལའོ། །འོ་ན་ཡང་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་ལ་བདེ་བ་ལ་སོགས་པའི་རིགས་ཐ་མི་དད་ན་ཡང་དབང་

པོ་གཅིག་ཉིད་དུ་ཐལ་བ་མ་ཡིན་ཏེ། གང་གི་ཕྱིར་དབྱིབས་ཀྱིས་ཁྱད་པར་དུ་བྱས་པའི་བདེ་བ་ལ་སོགས་པ་རྣམས་འཛིན་པར་བྱེད་ཅིང་། དབྱིབས་དེ་ཡང་ཡུལ་གཞན་ལ་མེད་དོ། །དབྱིབས་དུ་མའི་དབྱེ་བས་ཞེས་པ་སྔོན་པོ་དང་སེར་པོ་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་གྱིས་སོ། །དབྱིབས་

གཅིག་རྗེས་སུ་འཇུག་པ་མཐོང་བ་མ་ཡིན་ནོ་ཞེས་པ་སྟེ། འདིས་ནི་རྗེས་སུ་འཇུག་པ་དང་ལྡན་པའི་དབྱིབས་གཅིག་མེད་པ་ཐ་སྙད་ཀྱི་ཆེད་དུ་རང་བཞིན་མི་དམིགས་པ་གསུངས་སོ། །དེ་ཁོ་ན་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་དབྱིབས་ཀྱི་ཐ་དད་ལས་དབང་པོ་ཐ་དད་པའི་གཟུང་བྱ་ཉིད་དུ་སྒྲ་དང་

རེག་བྱ་ལ་སོགས་པའི་རིགས་རྣམས་འདོད་ན། གཟུགས་ཀྱི་རིགས་གཅིག་ཁོ་ན་ལ་ཡང་དབྱིབས་དུ་མར་འདོད་དེ། དེའི་ཕྱིར་དབང་པོ་མཐའ་ཡས་པ་ཉིད་དེ་ཁོ་ནར་ཐལ་བར་འགྱུར་ཏེ། སྒྲའི་མཚན་ཉིད་རྣམས་ལས་མ་ཡིན་པ་ཁོ་ནའོ་ཞེས་པའོ། །སེར་སྐྱ་པ་སྔ་མ་རྣམས་ནི་ཐམས་ཅད་དུ་བདེ་བ་ལ་

སོགས་པ་རྣམས་ངོ་བོ་གཅིག་པ་ཁོ་ན་སྟེ། མ་དྷུ་པ་ནི། ཐམས་ཅད་དུ་དེ་རྣམས་ཐ་དད་པར་འདོད་དོ། །བདེ་བ་ལ་སོགས་པ་གང་རྣམས་སྒྲའི་བདག་ཉིད་དུ་ཡོངས་སུ་འགྱུར་གྱི། རེག་བྱ་ལ་སོགས་པའི་བདག་ཉིད་དུ་ནི་མ་ཡིན་པ་དེ་རྣམས་སྒྲའི་མཚན་ཉིད་གསུམ་མོ་ཞེས་བརྗོད་པར་བྱའོ། །དེ་

བཞིན་དུ་གང་རྣམས་རེག་བྱའི་བདག་ཉིད་ཁོ་ནར་ཡོངས་སུ་འགྱུར་གྱི། དོན་གཞན་གྱི་བདག་ཉིད་དུ་ནི་མ་ཡིན་པ་དེ་རྣམས་རེག་བྱའི་མཚན་ཉིད་གསུམ་མོ་ཞེས་པ་སྟེ། དེ་བཞིན་དུ་གཞན་ལའང་ཤེས་པར་བྱའོ། །འོ་ན་གསུམ་རྣམས་ཀྱི་ཚོགས་པ་ནི་གསུམ་མ་ཡིན་ནམ་དེ་ལ་གཅིག་གི་ཚིག་གིས་

Vol. 193 · folio 66b

འབྱུང་བར་འོས་ཏེ། དེས་ན་གསུམ་པོ་རྣམས་ལས་ཤེས་པ་ཅི་ལྟར་ཞེ་ན། སྐྱོན་འདི་མེད་དེ། སྒྲ་སོ་སོ་ལ་གསུམ་པོ་གཞན་དང་གཞན་ཡིན་ཞིང་། དེའི་ཕྱིར་ན་གསུམ་པོ་རྣམས་མང་པོ་ཉིད་ཀྱི་ཕྱིར་མང་པོའི་ཚིག་གོ། །གཞན་རྣམས་ནི་རྣམ་པ་གཞན་དུ་གསུམ་རྣམས་རྣམ་པར་འཆད་པར་བྱེད་དོ། །

སྒྲའི་རྡུལ་ཕྲ་རབ་གཅིག་ཁོ་ན་གསུམ་པོ་སྟེ། རྫས་གསུམ་གྱི་བདག་ཉིད་ཡིན་ཏེ། བདེ་བ་ལ་སོགས་པ་རྣམས་གཅིག་ཉིད་དུ་གོང་བུར་གྱུར་པ་ཉིད་ཀྱི་ཕྱིར་རོ། །སྒྲའི་རྡུལ་ཕྲ་རབ་ཐམས་ཅད་ནི་འདི་ལྟ་བུ་རྣམས་སོ། །དེ་བཞིན་དུ་རེག་བྱ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་དང་དབང་པོའི་རྡུལ་ཕྲ་

རབ་རྣམས་ཀྱང་རིག་པར་བྱའོ། །དེ་རྣམས་ཁོ་ན་བསགས་པ་རྣམས་ནི། སྤྲོ་བ་ལས་སྔར་གཙོ་བོ་ཞེས་བརྗོད་པར་བྱ་ལ། གང་གི་ཚེ་སྤྲོ་བའི་དུས་ན་འདུས་པ་རྣམས་ཡིན་པ་དེའི་ཚེ་ནི་རྣམ་པར་འགྱུར་བར་ཐ་སྙད་དུ་བསྟན་པ་བསྟེན་ཏོ། །སྒྲ་ལ་སོགས་པའི་མཚན་ཉིད་གསུམ་པོ་རྣམས་དང་རྣ་བ་ལ་

སོགས་པའི་མཚན་ཉིད་གསུམ་རྣམས་ཀྱང་ཕན་ཚུན་ཐ་དད་པའི་རིགས་ཅན་རྣམས་ཁོ་ནའོ་ཞེས་པ་མཱ་དྷ་བའི་འདོད་པའོ། །གཞན་པ་ཡང་དེའི་བྱ་བའི་ཁྱད་པར་ཏེ། ཇི་སྐད་དུ་བརྗོད་པ། གཟུགས་ལ་སོགས་པ་དང་ལྡན་པའི་གཙོ་བོ་ཆ་ཤས་དང་བཅས་པ་སྟེ། ལས་སྔོན་མ་ཅན་གྱི་སྤྲོ་བའོ། །

འཁོར་བ་ཡང་ཐོག་མ་མེད་པར་བཤད་པའི་ཁྱད་པར་རྣམས་ཏེ། རང་གི་ཚོགས་པ་རྣམས་ཀྱིས་འདོད་པའོ་ཞེས་སོ། །སེར་སྐྱའི་སློབ་མ་སྔོན་མ་རྣམས་ཀྱི་ནི་གཙོ་བོ་ནི་གཟུགས་ལ་སོགས་པ་དང་ལྡན་པ་མ་ཡིན་གྱི། ནུས་པའི་བདག་ཉིད་དུ་དེ་ལ་གཟུགས་ལ་སོགས་པ་རྣམས་རྣམ་པར་གནས་ཀྱི་གསལ་

བའི་བདག་ཉིད་ཀྱིས་ནི་མ་ཡིན་ལ། ཆ་ཤས་མེད་པ་ཡང་སྟེ། ལས་སྔོན་མ་ཅན་གྱི་སྤྲོ་བ་མ་ཡིན་གྱི། འོན་ཀྱང་གཙོ་བོ་སྔོན་མ་ཅན་ནོ། །འཁོར་བ་ཡང་སྤྲོ་བ་ལས་སྔོན་དུ་ནུས་པའི་བདག་ཉིད་ཀྱིས་ཏེ། དེ་རྣམས་གསལ་བ་བདག་ཉིད་ཀྱིས་ནི་མ་ཡིན་ནོ། །མཱ་དྷ་བ་ཡིས་ནི་ཐམས་ཅད་རྣམ་པ་གཞན་

དུ་ཁས་བླངས་སོ། །དེ་ཉིད་ཀྱི་ཕྱིར་འདི་ནི་གྲངས་ཅན་ཕུང་བར་བྱེད་པའོ། །གང་ཕྱིར་མ་ཡིན་ཞེས་པ་ལ་སོགས་པས་དབང་པོ་གཅིག་ཏུ་ཐལ་བ་སྤོང་བ་སྟེ། གང་སྙིང་སྟོབས་ལ་སོགས་པ་རྣམས་སྒྲ་མ་ཡིན་པ་དེ་རྣམས་ལས་གཞན་ཁོ་ན་གཟུགས་ལ་སོགས་པའི་བདག་ཉིད་དུ་ཡོངས་སུ་འགྱུར་

Vol. 193 · folio 67a

བར་བྱེད་དོ་ཞེས་བྱས་ནས་སོ། །དེ་ཡང་ཐ་མི་དད་པ་ཞེས་པ་ལ་སོགས་པས་མཐའ་ཡས་པར་ཐལ་བར་འགྱུར་བའོ། །ཤིན་ཏུ་གསལ་བར་ཞེས་པ་རང་གི་དོན་ཁོ་ན་ལ་ཏར་བའི་རྐྱེན་འདི་སྟེ། ཤིན་ཏུ་ཆུང་བ་ལས་ཞེས་པ་ཇི་ལྟ་བ་བཞིན་ནོ། །འདི་ཅིའི་ཕྱིར་ཞེ་ན། མཱ་དྷ་

བས་བརྗོད་པའི་རིམ་པ་ནི་སུན་དབྱུང་བར་བྱ་བ་ཉིད་དུ་གསལ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རིགས་མཚུངས་པ་ལ་སོ་སོ་བའི་སྦྱོར་བ་ཅན་ལ་ཡང་རབ་ཏུ་གྱུར་པའི་རྐྱེན་གྱིས་བསྒྲུབས་པའི་ཕྱིར་རོ། །ཡང་ན་ཕ་རོལ་པོས་ཡོངས་སུ་བརྟགས་པ་གསལ་བ་ཉིད་ལ་ལྟོས་པས་རབ་ཏུ་གྱུར་པའི་རྐྱེན་ནོ། །རེ་རེའི་ངོ་

བོ་ཞེས་པ་འགའ་ཞིག་བདེ་བའི་རང་བཞིན་ཁོ་ན་སྟེ་འགའ་ཞིག་སྒྲའི་ངོ་བོ་ཁོ་ནའོ། །དེ་བཞིན་དུ་བྱ་བ་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་རིག་པར་བྱའོ། །དེ་རྣམས་ཀྱང་ཡུལ་དང་དུས་ཐམས་ཅད་དུའོ། །འདིས་ནི། གཙོ་བོའི་ཆོས་གསུངས་སོ། །སོ་སོ་ཞེས་པ་སྟེ། མ་འདུས་པ་རིགས་

མཐུན་པ་ཅན་རྣམས་དང་མ་འབྲེལ་བ་འཐོར་བ་རྣམས་ཞེས་པའི་དོན་ཏོ། །རྣམ་པ་འདི་ལྟ་བུའི་རྡུལ་ཕྲ་རབ་དེ་རྣམས་གཙོ་བོ་ཞེས་བརྗོད་པར་བྱའོ། །རིགས་ལས་ཐམས་ཅད་དུ་སོང་བ་ཞེས་པ། རྡུལ་ཕྲ་རབ་ཀྱི་རྫས་གཅིག་ཁོ་ན་ཐམས་ཅད་དུ་སོང་བ་ཡོད་པ་མ་ཡིན་གྱི། འོན་ཀྱང་རྡུལ་ཕྲ་རབ་དེ་

རྣམས་ཁོ་ན་གྲངས་མེད་པ་རྣམས་ཐམས་ཅད་དུ་ཡོད་ལ། རིགས་གཅིག་པ་ཅན་ནི་དེ་རྣམས་ཀྱི་གཙོ་བོ་ཞེས་རྗོད་པར་བྱེད་པར་འགྱུར་རོ་ཞེས་སྟོན་ཏོ། །གལ་ཏེ་དེ་ལྟར་རྡུལ་ཕྲ་རབ་དེ་རྣམས་དབང་པོ་ལས་འདས་པ་རྣམས་ཡིན་ཞིང་། དེ་རྣམས་དང་བྲལ་བ་འབྲས་བུ་རྩོམ་པ་ཡང་མེད་ན། དེ་

ལས་ཅི་ལྟར་འབྲས་བུའི་ངོ་བོ་རྣམས་མཚོན་པར་འགྱུར་ཞེ་ན། གསུངས་པ། འབྲས་བུའི་ངོ་བོ་རྣམས་ཞེས་པ་ལ་སོགས་པ་སྟེ། ཇི་ལྟར་ཕན་ཚུན་མ་འབྲེལ་པ་བ་མོའི་ཆ་ཤས་ནམ་མཁའ་ལས་ལྟུང་བ་རྣམས་ཉེ་བར་མཚོན་པ་མ་ཡིན་ལ། ཕན་ཚུན་ཡང་དག་པར་འབྱར་བ་ལོ་མ་ལྗང་གུ་ལ་སོགས་པ་

ལ་བབ་པ་རྣམས་ནི་མངོན་སུམ་དུ་འགྱུར་རོ། །དེ་ལྟར་རྡུལ་ཕྲ་རབ་རྣམས། ཡང་དག་སྦྱོར་བའི་བྱེ་བྲག་ལ། །ཞེས་པ། བྱེ་བྲག་སྨོས་པ་ནི་རྡུལ་ཕྲ་རབ་གཉིས་ལ་སོགས་པ་ཡང་དག་པར་སྦྱོར་བ་རྣམ་པར་གཅད་པའི་དོན་དུའོ། །རང་གི་རིགས་ལས་མ་འདས་པར་ཞེས་པ་སྒྲ་ལ་སོགས་པའི་མ་

Vol. 193 · folio 67b

རིགས་ལས་མ་འདས་པར་ཞེས་པའོ། །སྒྲའི་རྡུལ་ཕྲ་རབ་རྣམས་ཁོ་ན་འདུས་པ་རྣམས་ནི་རྣ་བའི་དབང་པོས་གཟུང་བྱ་སྒྲར་འགྱུར་ཏེ། དེ་བཞིན་བདེ་བའི་རྡུལ་ཕྲ་རབ་རྣམས་ཁོ་ན་གོང་བུར་གྱུར་པ་ནི་རང་རིག་པར་བྱ་བའི་བདེ་བར་འགྱུར་རོ། །འདུས་པ་རྣམས་རིགས་མི་མཐུན་པའི་འབྲས་བུའི་

ངོ་བོ་ཉིད་རྟོགས་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་འགྱུར་མོད་ངོ་བོ་གསུམ་ཉིད་ན་ཡང་རྡུལ་ཕྲ་རབ་རྣམས་ལ་གཅིག་གི་རྣམ་པ་ཅན་གྱི་བློ་ཡོངས་སུ་འགྱུར་བའི་བྱེ་བྲག་ལས་འབྱུང་བར་འགྱུར་རོ་ཞེ་ན་གསུངས་པ། རྡུལ་རྣམས་ཞེས་པ་ལ་སོགས་པའོ། །བདེ་བ་ལ་སོགས་པ་དང་བྲལ་བར་

ཞེས་པ། བདེ་བ་ལ་སོགས་པའི་རྣམ་པ་མེད་པར་ཞེས་པའི་དོན་ཏོ། །གང་ཐ་མི་དད་པ་ཞེས་པ་གཅིག་གི་ངོ་བོའོ། །ཅིའི་ཕྱིར་མི་རིགས་ཤེ་ན། གསུངས་པ། དུ་མའི་རང་བཞིན་ཉིད་ཅེས་པའོ། །ཡང་ན་ཐ་དད་པ་དུ་མ་འདིའི་རང་བཞིན་ཉིད་དོ་ཞེས་འབྲུ་མང་པོ་པའོ། །རང་བཞིན་ཁོ་ན་རང་

བཞིན་ཉིད་དོ། །འཇུག་བཞིན་པ་དང་ཉེ་བ་དང་ལྡན་པའི་ཤེས་པའི་རྣམ་པའི་དབང་གིས་ནི་ཡུལ་གྱི་རང་བཞིན་ངེས་པར་འཛིན་ཏེ། གལ་ཏེ་ཡང་ཡུལ་རྣམ་པ་གཞན་དུ་གནས་ན་ཡང་དེ་ཉེ་བར་འཛིན་པའི་ཤེས་པ་རྣམ་པ་གཞན་དུ་འདོད་ན། དེའི་དབང་གིས་ཡུལ་ངེས་པར་འཛིན་པ་མ་ཡིན་པར་འགྱུར་

ལ། དེ་ཡང་འདོད་པས་སོ། །དེ་འདིས། གང་རྣམ་པ་གཅིག་པའི་ཤེས་པ་དེ་ནི་ཐ་དད་པ་དུ་མའི་རང་བཞིན་གྱི་ཡུལ་ཅན་མ་ཡིན་ཏེ། སེམས་ཅན་གྱི་ཤེས་པ་བཞིན་སྒྲའི་ཤེས་པ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་དང་འགལ་བ་གསུངས་སོ། །ཅིའི་ཕྱིར་ཞེ་ན་ཞེས་པ་གསུམ་པོ་ཡང་དག་པར་

སྦྱར་བ་རྣམས་ནི་རང་བཞིན་ཉིད་གཅིག་ཏུ་ཡོངས་སུ་འགྱུར་བར་འགྱུར་རོ། །དེས་ན་གྲུབ་པ་སྒྲུབ་པར་བྱེད་པའོ་ཞེས་བསམས་པའོ། །རིགས་མི་མཐུན་པ་ཡོངས་སུ་གྱུར་པ། མཚན་ཉིད་མི་མཐུན་པ་རང་བཞིན་དུ་མ་རྣམས་ཀྱི་ཐ་དད་པ་མེད་པའི་རང་བཞིན་གཅིག་ཏུ་ཐོབ་པའོ། །རིགས་ཐ་དད་

པའི་ཕྱིར་ཞེས་པ། འབྲས་བུ་དང་རྒྱུ་རིགས་ཐ་དད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །དེ་ལས་ཀྱང་འབྲས་བུ་མེད་པ་སྨྲ་བར་འགྱུར་རོ་ཞེས་པས་ཁས་བླངས་པ་ཉམས་པའོ། །ཡང་ན་རིགས་ཐ་དད་པའི་ཕྱིར་ཏེ། བདེ་བ་ལ་སོགས་པ་རྣམས་ཀྱིའོ། །དེ་རྣམས་ཐ་དད་པ་རྣམས་ནི། ཡང་

Vol. 193 · folio 68a

དག་པར་སྦྱོར་བ་ན་ཡང་རང་བཞིན་གཅིག་ཉིད་དུ་ཡོངས་སུ་འགྱུར་བར་འོས་པ་མ་ཡིན་ཏེ། རང་གི་རིགས་ལས་མ་འདས་པར་འབྲས་བུ་རྩོམ་པའི་ཕྱིར་རོ། །འོ་ན་ཐ་དད་པ་རྣམས་ཀྱང་བུ་རམ་དང་ཆུ་ལ་སོགས་པ་རྣམས་བཏུང་བ་ལ་སོགས་པའི་རང་བཞིན་གཅིག་ཉིད་སྐྱེད་པ་མ་

ཡིན་ནམ་ཞེ་ན། གསུངས་པ། སྒྲ་གཅིག་བརྗོད་ལ་ནི་རག་ལ་ཞེས་པ་ལ་སོགས་པ་སྟེ། བཏུང་བ་ལ་སོགས་པ་ཡང་དོན་དམ་པར་ཡོད་པ་མ་ཡིན་པ་ཁོ་ན་སྟེ། ཐ་སྙད་སླ་བའི་དོན་དུ་བུ་རམ་ལ་སོགས་པ་དེ་རྣམས་ཁོ་ན་སྒྲ་གཅིག་གིས་ཐ་སྙད་དུ་བྱེད་པ་འབའ་ཞིག་སྟེ། གང་རེ་ལྡེ་ཞེས་པ་བཞིན་

ནོ། །ཇི་ལྟར་ཕྱེ་ཤིན་ཏུ་ཉུང་ངུ་ལན་ཚྭ་མང་པོ་དང་འདྲེས་པ་ན། ལན་ཚྭའི་རོ་ཁོ་ན་འཛིན་པའམ་འཛིན་པར་འདོད་པའོ་ཞེས་པ་དང་། ཇི་ལྟར་ཁྱི་རྣམས་ཀྱིས་མཛེས་པའི་ལུས་ལ་བཟའ་བྱའི་རང་བཞིན་དུ་ཉེ་བར་དམིགས་པ་དེ་བཞིན་དུ་སྒྲ་ལ་སོགས་པ་ལ་རང་རིག་པར་བྱའོ། །སྒྲ་འཛིན་པ་ལ་མི་

ལྟོས་པར་ཞེས་པ། སྒྲ་ནི་ཡོན་ཏན་གཅིག་གི་བདག་ཉིད་མ་ཡིན་གྱི་འོ་ན་ཅི་ཞེ་ན། ཡོན་ཏན་གསུམ་གྱི་བདག་ཉིད་དོ། །དེ་ལྟར་ཡང་མི་འཛིན་ནོ་ཞེས་པ་དེ་ལ་མི་ལྟོས་པའོ། །དེ་ཁོ་ན་འདིའི་བདག་ཉིད་གཅིག་མ་ཡིན་པ་ཞེས་པའི་སྒྲའིའོ། །ཕྱོགས་གཅིག་གི་ཡུལ་ཅན་ཉིད་ན་དུ་མའི་བདག་

ཉིད་ལྡོག་པར་མི་སྲིད་པས་དྲི་བ། ཅིའི་ཕྱིར་ཞེ་ན་ཞེས་པའོ། །དབང་པོའི་དོན་གྱི་ཁྱད་པར་ཅན་ཞེས་པས་རྒྱུ་གསུངས་སོ། །དུ་མའི་ངོ་བོ་ལ་ནི་ཞེས་པ་སྒྲ་ཉིད་དང་ཡོན་ཏན་ཉིད་དང་སྙིང་སྟོབས་ཉིད་ལ་སོགས་པའི་ངོ་བོའི་བྱེ་བྲག་གིས་སོ། །དེ་ཡང་གཅིག་པུ་ཁོ་ན་ཞེས་པ། བདེ་བ་ལ་སོགས་

པ་རྣམས་ལས་གང་ཡང་རུང་བའོ། །དེ་འདིས་ནི་གང་རྣ་བས་གཟུང་བར་བྱ་བ་མ་ཡིན་པ་དེ་དེའི་དོན་མ་ཡིན་ཏེ། སེམས་པ་ཅན་བཞིན་དང་། སྤྱིའི་ཆོས་ཤེས་བྱ་ཉིད་ལ་སོགས་པ་བཞིན། ངོ་བོ་གཉིས་པོ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་མི་དམིགས་པ་གསུངས་སོ། །དེ་བཞིན་དུ་དབང་པོ་

གཞན་ལའང་བརྗོད་པར་བྱའོ། །ཕྱེ་དང་ལན་ཚྭ་འདྲེས་པ་ལ་ནི་ཕྱེའི་རོ་གཟུང་བ་ཁོ་ན་སྟེ། དེ་ལྟར་ནི་ལན་ཚྭ་འབའ་ཞིག་པའི་རོ་ཡང་གཞན་དུ་སྣང་བ་ཉེ་བར་དམིགས་ལ། ཕྱེ་དང་འདྲེས་པ་ན་ཡང་གཞན་དུ་སྣང་ངོ་། །རེག་བྱ་ལ་སོགས་པ་རྣམས་ལའང་མཚུངས་པ་ཡིན་ནོ་ཞེས་པ་མཉམ་པའོ། །

Vol. 193 · folio 68b

འདིས་ཀྱང་དབང་པོ་གཅིག་ཉིད་དུ་ཐལ་བ་དེ་ཁོ་ན་གསུངས་སོ། །ཡང་ཕྱོགས་འདི་ལ་ཡང་སྐྱོན་འདི་ཅི་ལྟར་ཏེ། ཇི་སྲིད་དུ་སྒྲ་ལ་སོགས་པ་རྣམས་ལ་ཡོན་ཏན་རྣམས་ཀྱི་དབྱེ་བ་ཁས་བླངས་པས་སོ་ཞེ་ན། ཁས་བླངས་པ་བདེན་མོད། དེ་ནི་གསལ་བ་ཐ་དད་པ་ཡིན་གྱི། རང་བཞིན་ཐ་དད་པ་ནི་མ་

ཡིན་ཏེ། ཐམས་ཅད་དུ་བདེ་བ་ལ་སོགས་པ་རྣམས་ཀྱི་རབ་ཏུ་གསལ་བར་བྱེད་པ་ཉིད་ལ་སོགས་པའི་ངོ་བོ་ཁྱད་པར་མེད་པ་ཉིད་ཀྱི་ཕྱིར་རོ། །གསལ་བ་ཐ་དད་པ་ཙམ་གྱིས་དབང་པོ་གཞན་གྱིས་གཟུང་བྱ་ཉིད་དུ་རིགས་པ་ཡང་མ་ཡིན་ཏེ། སྒྲ་ལ་སོགས་པ་རྣམས་ཀྱི་གསལ་བ་ཐ་དད་པས་

མཐའ་ཡས་པ་ཉིད་ཀྱི་ཕྱིར་དབང་པོ་མཐའ་ཡས་པ་ཉིད་དུ་འགྱུར་ན་མི་རུང་ངོ་། །འོ་ན་སྒྲ་ལ་སོགས་པའི་དངོས་པོས་ཀྱང་ཐ་དད་པ་མ་ཡིན་ནམ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། གང་ཕྱིར་གསུམ་པོ་རྣམས་ཀྱི་སྒྲ་ལ་སོགས་པའི་དངོས་པོས་ཐ་དད་ཀྱི་བདེ་བ་ལ་སོགས་པ་རྣམས་ཀྱི་སོ་སོར་ནི་མ་

ཡིན་ཏེ། སྒྲ་ལ་སོགས་པ་རྣམས་གསུམ་གྱི་ངོ་བོ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་གསུངས་པ། རིགས་པ་མ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་ཁྱད་འཕགས་ཞེས་པ་ལ་སོགས་པའོ། །འོ་ན་གྲུབ་པའི་མཐའ་དང་འགལ་བའི་ཕྱིར་ཕྱོགས་འདི་ཡང་སྐྱོན་ཅན་ཁོ་ན་མ་ཡིན་ནམ་ཞེ་ན། མཱ་དྷ་བའི་

ཕྱོགས་ལས་འདི་སྐྱོན་ཉུང་བ་ཉིད་ཀྱི་ཕྱིར་ཞེས་དགོངས་པས་འདི་ལྟར་བཤད་དོ་ཞེས་པས་སྐྱོན་མེད་དོ། །འཇུག་པ་ནི་ཚད་མར་བསྒྲུབ་པ་མེད་པའི་ཕྱིར་ཞེས་པ། ཕྱི་རོལ་གྱི་དོན་རྣམས་ལ་དབང་པོས་ཞེན་པར་བྱེད་ལ། དབང་པོས་རྟོགས་པར་བྱས་པ་དེ་ལ་ནི། ཡིད་ཀྱིས་རྗེས་སུ་ཞེན་པར་བྱེད་

ཅིང་། ཇི་ལྟར་ཡང་དབང་པོས་རྟོགས་པར་བྱས་པ་ལ་ཡིད་ཀྱིས་རྗེས་སུ་ཞེན་པར་བྱེད་པ་དེ་བཞིན་དུ། ཡིད་ཀྱིས་ཞེན་པ་དབང་པོས་ཡང་དག་པར་རིག་པར་བྱེད་དོ་ཞེས་པའི་གཞུང་འདིས་འཇུག་པ་གཉིས་པོའི་ཕན་ཚུན་ཡང་དག་པར་རིག་པར་བྱེད་པ་ཉིད་བཤད་དོ། །དེ་མངོན་སུམ་ཉིད་དུ་བསྒྲུབ་

པ་མེད་པའི་ཕྱིར། གཞལ་བྱ་ཐམས་ཅད་ཀྱི་ཡུལ་ཅན་གྱི་ཚད་མ་བརྗོད་པ་མ་ཡིན་ནོ་ཞེས་པས་མཚན་ཉིད་མ་ཁྱབ་པ་ཉིད་དོ། །དེ་ལྟར་འགྱུར་མོད། ལུང་དང་རྗེས་སུ་དཔག་པ་དག་གིས་དེ་གཉིས་ཀ་ཡང་དག་པར་རིག་སྟེ། དེའི་ཕྱིར་སྐྱོན་འདི་མེད་དོ་ཞེ་ན། གསུངས་པ། མེད་ཀྱང་ཞེས་པ་ལ་

Vol. 193 · folio 69a

སོགས་པ་སྟེ། གང་གི་ཚེ་རང་གི་རྒྱུད་དུ་གཏོགས་པའི་འཇུག་པའི་ཡང་དག་པར་མྱོང་བ་དེའི་ཚེ་རྟགས་མེད་པའི་ཕྱིར་རྗེས་སུ་དཔག་པ་མ་ཡིན་ཞིང་། མན་ངག་མེད་པའི་ཕྱིར་ལུང་ཡང་མ་ཡིན་ནོ། །དེའི་ཕྱིར་འདི་མངོན་སུམ་ཁོ་ནའི་རིགས་སོ་ཞེས་པ་དགོངས་པའོ། །འོ་ན་རྣ་བ་

ལ་སོགས་པའི་འཇུག་པ་ཡང་ཞེས་པ་འདིས་ཡང་གི་སྒྲ་ཡིད་ཀྱི་འཇུག་པ་སྡུད་པའི་དོན་ཅན་ནོ་ཞེས་པ་མ་ཡིན་ནམ། དེའི་ཕྱིར་ཡིད་ཀྱི་འཇུག་པ་རེ་ཞིག་མངོན་སུམ་གྱི་ནང་དུ་འདུའོ། །དབང་པོའི་འཇུག་པ་རྣམས་ནི་ཡིད་ཀྱི་འཇུག་པ་རིག་པར་བྱེད་པ་མ་ཡིན་པ་ཁོ་ནར་བསྟན་བཅོས་ཀྱིས་

བཤད་དེ། དེ་ལྟར་ནི་ཇི་ལྟར་དབང་པོས་རྟོགས་པ་ལ་ཡིད་ཀྱིས་རྗེས་སུ་ཞེན་པར་བྱེད་པ། དེ་ལྟར་ཡིད་ཀྱིས་ཞེན་པ་དབང་པོས་ཡང་དག་པར་རིག་པར་བྱེད་དོ་ཞེས་པའི་རིག་པའི་བྱིངས་འདི་ནི་ཙུ་ར་ལ་སོགས་པར་བཤད་པ་ཐོབ་པའི་དོན་ཅན་ཏེ། ཇི་ལྟར་དབང་པོས་རྟོགས་པ་ལ་ཡིད་ཀྱིས་ཞེན་

ཅིང་ཤེས་པར་བྱེད་པ་དེ་ལྟར་ཡིད་ཀྱིས་ཞེན་པ་དབང་པོའི་འཇུག་པས་ཐོབ་པར་བྱེད་དོ་ཞེས་པའི་དོན་ཏོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། རྣ་བ་ལ་སོགས་པའི་འཇུག་པ་ཡང་ཞེས་པའི་ཡང་གི་སྒྲ་ནི་རེ་ཞིག་ཚད་མ་གཞན་རྗེས་སུ་དཔག་པའི་ཚད་མའི་བསྡུ་བའི་དོན་ཏོ། །ཡང་གི་སྒྲ་ཡིད་ཀྱི་འཇུག་པ་

བསྡུ་བའི་དོན་ཅན་ཡིན་ན་ནི། ཁྱད་པར་མེད་པས་ཡིད་ཀྱི་འཇུག་པ་ཐམས་ཅད་མངོན་སུམ་ཉིད་དུ་ཐལ་བར་འགྱུར་ཏེ། ཁྱད་པར་ཉེ་བར་བླངས་པ་མེད་པའི་ཕྱིར་རོ། །གང་ཡང་ཡིད་ཀྱིས་བྱིན་གྱིས་བརླབས་པ་ཞེས་པ་ཡིད་དང་ལྷན་ཅིག་རྣ་བ་ལ་སོགས་པའི་འཇུག་པ་མངོན་སུམ་མོ་ཞེས་པའི་

དོན་ཏོ་ཞེས་སྨྲ་བ་དེ་ལ་ཡང་ཐལ་འགྱུར་འདི་ཁོ་ནའོ། །ཐོབ་པའི་དོན་ཡང་ཡང་དག་པར་མྱོང་བ་ལས་གཞན་པར་མི་རིགས་ཏེ། འཐོབ་པ་ནི་ཐ་དད་པ་མེད་པའི་དུས་ཅན་དག་ཁོ་ན་འདི་འགྱུར་གྱི་དུས་ཐ་དད་པ་དག་ནི་མ་ཡིན་ནོ། །དེ་ལ་གལ་ཏེ་འཐོབ་པ་རབ་ཏུ་འགྲུབ་པའི་དོན་དུ་དབང་པོའི་རྟོགས་པ་

དང་ཡིད་ཀྱིས་ཞེན་པ་ཅིག་ཅར་ཉིད་དུ་འདོད་ན། དེའི་ཡུལ་ཕྱི་རོལ་གྱི་དོན་དུ་འགྱུར་བའམ་དབང་པོའི་རྟོགས་པ་ཡིན། གལ་ཏེ་སྔ་མ་ཡིན་ན་སྒོ་དང་སྒོ་ཅན་གྱི་དངོས་པོར་མི་འགྱུར་ཏེ། ལྷན་ཅིག་སྐྱེས་པ་ལ་ཕན་འདོགས་པ་ཉིད་མི་རིགས་པའི་ཕྱིར་དང་། ཕན་མི་འདོགས་པ་ཡང་སྒོའི་དངོས་པོར་མི་

Vol. 193 · folio 69b

འཐད་པའི་ཕྱིར་རོ། །གཞན་དུ་ན་ཡིད་ཀྱིས་ཞེན་པ་ཡང་དབང་པོའི་ཞེན་པའི་སྒོར་འགྱུར་རོ། །གལ་ཏེ་ཡང་ཡིད་ཕྱི་རོལ་གྱི་དོན་ལ་དངོས་སུ་འཇུག་ན། དེ་ལྟར་གྱུར་ན་དབང་པོ་ཅིག་ཤོས་རྣམས་དེ་ལ་འཇུག་པ་དོན་མེད་པར་འཐོབ་སྟེ། ཡིད་ཁོ་ནས་སྐྱེས་བུའི་དོན་ཕུན་སུམ་ཚོགས་པ་ཉིད་ཀྱི་

ཕྱིར་རོ། །ཅི་སྟེ་དབང་པོའི་རྟོགས་པ་དེའི་ཡུལ་ཡིན་ན། དེ་ལྟ་ན་ཡང་ཡུལ་གྱི་རྒྱུ་མཚན་ཅན་མ་ཡིན་པ་ཡུལ་ཅན་དུ་འགྱུར་རོ། །དེ་ཡང་མི་རིགས་ཏེ། རྒྱུ་མཚན་མ་ཡིན་པ་ནི་ཡུལ་ཉིད་དུ་འཐད་པ་མ་ཡིན་ནོ། །གཞན་དུ་ན་ཡིད་ཀྱི་ཞེན་པ་ཡང་དབང་པོའི་ཞེན་པའི་ཡུལ་དུ་འགྱུར་རོ། །

གང་ཡིད་ཀྱི་འཇུག་པས་ཀྱང་དབང་པོའི་འཇུག་པ་ཡང་དག་པར་རིག་པར་བྱེད་པར་མི་འདོད་པར་སྨྲ་སྟེ། ཕན་ཚུན་ཡང་དག་པར་རིག་པར་བྱེད་པ་འདི་ནི་ཉམས་སུ་མྱོང་བའི་བདག་ཉིད་དུ་བརྗོད་པ་མ་ཡིན་པ་ཁོ་ནའོ། །འོ་ན་ཅི་ཞེ་ན། འཐོབ་པའི་རང་བཞིན་དུའོ། །ཇི་ལྟར་དབང་པོའི་ཞེན་པ་ཡིད་ཀྱི་

ཞེན་པས་ཡང་དག་པར་རིག་པར་བྱེད། ཐོབ་པར་བྱེད་པ་དེ་ལྟར་ཡིད་ཀྱི་ཞེན་པ་དབང་པོས་ཡང་དག་པར་བྱེད། ཐོབ་པར་བྱེད་དེ་དེ་དང་ལྷན་ཅིག་ཡང་དག་པར་འགྲོགས་པར་བྱེད་དོ་ཞེས་པའི་དོན་ཏོ་ཞེས་པ་དེ་ཡང་འདི་ཁོ་ནས་བསལ་བ་ཡིན་ནོ། །གཞན་ཡང་དེའི་མངོན་སུམ་དུ་དམིགས་པ་

མ་ཡིན་པའི་དོན་མཐོང་བ་ཡང་རབ་ཏུ་འགྲུབ་པ་མ་ཡིན་ཏེ། སྔར་ཇི་སྐད་བཤད་པ་བཞིན་ནོ། །དེའི་ཕྱིར་འཐོབ་པའི་དོན་ཅན་གྱི་རྟོགས་པ་ནི་རིགས་པ་མ་ཡིན་ནོ། །གང་ཡང་རྣ་བ་ལ་སོགས་པའི་འཇུག་པ་ཕྱི་རོལ་གྱི་དོན་ལ་མངོན་སུམ་ཚད་མ་སྟེ། དབང་པོ་རྟོགས་པར་བྱས་པའི་དོན་དེ་ལ་ནི་ཡིད་ཀྱིས་ཕྱི་

ནས་ཞེན་པར་བྱེད་དོ་ཞེས་པའི་དོན་ཏོ། །གཞན་དུ་ན་གལ་ཏེ་དབང་པོའི་འཇུག་པ་ཁོ་ན་ལས་ཡིད་ཀྱི་ཞེན་པར་འགྱུར་ན་རྗེས་སུའི་སྒྲ་རབ་ཏུ་སྦྱར་བ་དོན་མེད་པར་འགྱུར་ཏེ། དབང་པོའི་འཇུག་པ་ལས་སྔར་འགའ་ཞིག་གིས་ཉམས་སུ་མ་མྱོང་བ་ཉིད་ཀྱི་ཕྱིར་རོ། །བསྒྲེ་བ་ཡང་ཕན་འདོགས་པ་ཙམ་

བསྒྲེ་བ་ལས་འཐད་དོ། །འདི་སྐད་བཤད་པར་འགྱུར་ཏེ། ཇི་ལྟར་དབང་པོས་ཕན་འདོགས་པ་ལ་ལྟོས་པའི་ཡིད་ཀྱི་ཕྱི་རོལ་གྱི་དོན་ལ་རབ་ཏུ་འཇུག་པ་དེ་ལྟར་ཡིད་ཀྱིས་ཕན་འདོགས་པ་ལ་ལྟོས་པའི་དབང་པོ་ཡང་ངོ་ཞེས་སྨྲ་བ་དེའི་ཡང་འདི་མངོན་སུམ་དུ་དམིགས་པ་མ་ཡིན་པའི་དོན་མཐོང་བ་

Vol. 193 · folio 70a

འགྲུབ་པ་མ་ཡིན་ནོ་ཞེས་པ་འདི་ཁོ་ནས་བསལ་ལོ། །དེའི་ཕྱིར་ཕན་ཚུན་ཡང་དག་པར་རིག་པར་བྱེད་པ་ཁོ་ན་འདིར་སྟོན་ཏེ། དེ་ཁོ་ན་ཡང་ཕན་འདོགས་པའོ། །རྗེས་སུ་སྒྲ་དོན་མེད་པ་ཡང་མ་ཡིན་ཏེ། བར་མ་ཆོད་པའི་དོན་ཅན་ཉིད་ཀྱི་ཕྱིར་རོ། །ཉེས་པ་འདི་ནི་མེད་དེ་ཞེས་

པ། འཇུག་པ་ཡང་དག་པར་རིག་པ་འདི་ཚད་མར་འདོད་པ་མ་ཡིན་པ་ཁོ་ན་སྟེ། དེ་ནི་དྲན་པ་ཡིན་པས་སོ། །ཇི་ལྟར་འདོད་པ་དང་ཁྲོ་བ་དང་ཞེ་སྡང་དང་འཇིགས་པ་ལ་སོགས་པ་རྣམས་དྲན་པ་དེ་བཞིན་དུ་དབང་པོའི་འཇུག་པ་རྣམས་དང་ཡིད་ཀྱི་འཇུག་པ་ཡང་ཡིད་ཀྱིས་སོ། །གཞུང་ཡང་འདི་

ལྟར་དྲང་བར་བྱ་སྟེ། ཕྱི་རོལ་གྱི་དོན་རྣམས་ལ་དབང་པོ་ཞེན་པར་བྱེད་པ་མངོན་སུམ་གྱི་མཚན་ཉིད་དོ། །དབང་པོས་ཞེན་པ་དེ་ལ་ནི་ཡིད་རྗེས་སུ་ཞེན་པར་བྱེད་དོ་ཞེས་པ་དེ་མ་ཐག་པའི་དྲན་པའོ། །ཇི་ལྟར་ཡང་དབང་པོས་ཞེན་པ་ལ་ཡིད་རྗེས་སུ་ཞེན་པར་བྱེད་པ་དེ་མ་ཐག་པར་བརྗོད་པ་དེ་བཞིན་དུ།

ཡིད་ཀྱི་ཞེན་པ་ནི་དབང་པོ་ཡང་དག་པར་རིག་པར་བྱེད་ཅིང་། དྲན་པར་བྱེད་དོ་ཞེས་པའི་དོན་ཏེ། དབྱིངས་རྣམས་ནི་དུ་མའི་དོན་ཅན་ཉིད་ཀྱི་ཕྱིར་རོ། །ཎི་ཙ་གཉིས་པ་ཡང་རྒྱུ་དང་ལྡན་པ་ཉིད་ཅན་དུ་འདིར་རིག་པར་བྱའོ། །དབང་པོ་ནི་དྲན་པའི་རྗེས་སུ་མཐུན་པ་ཡིད་ལ་ཕན་འདོགས་པར་བྱེད་

ཅིང་དེ་ལ་རབ་ཏུ་སྦྱོར་བ་ལྟ་བུའོ་ཞེས་པའོ། །དྲན་པ་ཁོ་ནས་འཇུག་པ་ཡུལ་དུ་བྱེད་པ་ལ་དོན་མཐོང་བ་འགྲུབ་བོ་སྙམ་དུ་སེམས་ཏེ། དེ་ལྟ་ན་འཇུག་པ་འཛིན་པ་ནི་ཚད་མ་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་མ་བསྡུས་པའི་ཕྱིར་མ་ཚང་བ་ཉིད་མ་ཡིན་ནོ། །ཇི་སྐད་བཤད་པ་ཞེས་པ་འཇུག་པ་ཡང་དག་པར་རིག་པ་

དྲན་པ་ཉིད་ཡིན་པ་ལ་ཤེས་པར་བྱེད་པ་གསུངས་སོ། །དྲན་པ་ནི་མངོན་སུམ་གྱི་ཞེན་པའི་ཁྱད་པར་རོ་ཞེས་པ། ཁྱད་པར་གྱི་སྒྲས་སོ་སོར་མངོན་པར་སྦྲེལ་བར་བྱའོ། །འོ་ན་གཞུང་འདིའི་བསྟན་བཅོས་སུ་ཉེ་བར་བཀོད་པ་དོན་གཞན་ཅན་མ་ཡིན་ནམ། དེ་ཅིའི་ཕྱིར་འདིས་དྲན་པ་ཉིད་དུ་ཤེས་པར་བྱ། དེ་ལྟར་

ནི་ཅི་དབང་པོ་དང་ཡིད་དག་ཁོ་ན་ལྷན་ཅིག་ཁོ་ནར་ཕྱི་རོལ་གྱི་དོན་རྣམས་ལ་ཞེན་པར་བྱེད་དམ། འོན་ཏེ་ལྷན་ཅིག་བྱེད་པ་མ་ཡིན་པ་ཁོ་ན་ཞེས་དོགས་པ་ལ། འདི་བཤད་དེ། ཕྱི་རོལ་གྱི་དོན་རྣམས་ལ་དབང་པོ་ཞེན་པར་བྱེད་ལ། དབང་པོས་ཞེན་པ་དེ་ལ་ནི་ཡིད་རྗེས་སུ་ཞེན་པར་བྱེད་དོ། །ཅིའི་ཕྱིར་ན་དྲན་

Vol. 193 · folio 70b

པ་མངོན་སུམ་གྱི་ཞེན་པའི་ཁྱད་པར་འདི་ཡོད་པས་སོ་ཞེས་པའོ། །འདི་ལྟར་བརྗོད་པར་འགྱུར་ཏེ། དྲན་པ་མངོན་སུམ་གྱི་ཞེན་པའི་བྱེ་བྲག་ཡོད་དེ། འདི་ནི་ཤིན་ཏུ་རབ་ཏུ་གྲགས་པ་ཡིན་པས་བསྙོན་པར་མི་ནུས་སོ། །གཉིས་ཀ་དག་གི་ཕྱི་རོལ་གྱི་དོན་ལ་འཇུག་པ་ན་འདི་རིགས་པ་ཡང་མ་ཡིན་ཏེ། གང་

ཕྱིར་གལ་ཏེ་ཕྱི་རོལ་གྱི་དོན་ལ་ཡིད་འཇུག་ཅིང་དབང་པོའི་འཇུག་པ་རྣམས་ལ་མ་ཡིན་པ་དེའི་ཚེ་དེ་རྣམས་ཡིད་ཀྱི་འཇུག་པ་རྣམས་ཀྱིས་བྱིན་གྱིས་མ་བརླབས་པ་དང་། ཞེན་པར་བྱས་པ་མ་ཡིན་པ་རྣམས་དང་། སྐྱེས་བུ་ལས་བྱུང་བ་སེམས་པ་ཅན་དང་ཡང་དག་པར་འདུས་པ་མ་ཡིན་པ་དང་། རྐྱེན་མེད་པ་

རྣམས་སུ་འགྱུར་ལ། དེ་ལས་ཀྱང་ཅི་ལྟར་མངོན་སུམ་ཚད་མར་བརྗོད། རྐྱེན་མེད་པའི་འཇུག་པ་རྣམས་ནི་མངོན་སུམ་ཚད་མར་འགྱུར་བ་མ་ཡིན་པས་སོ། །མངོན་སུམ་མེད་པའི་ཕྱིར་ཡང་དྲན་པ་དེ་ཡང་དེ་སྔོན་མ་ཅན་དུ་མི་འགྱུར་རོ། །གང་གི་ཚེ་དབང་པོའི་ཞེན་པ་ལ་ཡིད་ཀྱིས་རྗེས་སུ་ཞེན་པར་བྱེད་

པ་དེའི་ཚེ་དྲན་པ་མངོན་སུམ་གྱི་ཞེན་པའི་བྱེ་བྲག་ཏུ་འཐད་དེ། དེ་ལྟར་ནི་ད་ལྟར་བའི་དུས་ན་ཕྱི་རོལ་གྱི་དོན་རྣམས་ལ་དབང་པོའི་ཞེན་པ་ཞུགས་པ་ནི་རྗེས་སུ་ངེས་པར་ཞེན་པར་བྱེད་ཅིང་། ཡིད་ལ་དབང་པོའི་ཞེན་པ་ནི་རང་གི་ཡུལ་དུ་སྣང་བ་དང་ཡིད་ཀྱི་ཞེན་པ་དང་ཡང་དག་པར་འདུས་པ་སྟེ། སྐྱེས་བུ་

ཅན་གྱི་རྐྱེན་གྱིས་རྐྱེན་དང་བཅས་པར་འགྱུར་རོ། །དེ་ལྟར་དབང་པོ་དེ་ནི་མངོན་སུམ་གྱི་ཞེན་པར་འགྱུར་ཏེ། དབང་པོའི་ཞེན་པ་དེ་མངོན་སུམ་ཉིད་དུ་འགྱུར་རོ་ཞེས་པའི་དོན་ཏེ། འབའ་ཞིག་པའི་ནི་མངོན་སུམ་གྱི་ཞེན་པ་ལས་ཕྱིས་ཡིད་ཀྱི་དྲན་པའི་ཞེན་པར་འགྱུར་རོ་ཞེས་པའོ། །དེ་སྐད་དུ་ཡང་བཤད་པ།

འབའ་ཞིག་པ་ནི་འདས་པ་དང་མ་འོངས་པའི་དུས་དག་ལ་འཇུག་གོ་ཞེས་པའོ། །འོ་ན་དབང་པོའི་ཞེན་པ་དང་ལྷན་ཅིག་པར་ཕྱི་རོལ་གྱི་དོན་ལ་ཡང་འཇུག་པའི་ཡིད་ནི་ད་ལྟར་གྱི་དུས་སུ་མངོན་སུམ་གྱི་ཞེན་པར་འགྱུར་ཞིང་། འབའ་ཞིག་པའི་ནི་ཕྱིས་དྲན་པའི་ཤེས་པར་མ་ཡིན་ནམ་ཞེ་ན། འདི་

ཡོད་པ་མ་ཡིན་ཏེ། དེ་ལྟར་ཕྱི་རོལ་གྱི་དོན་འཛིན་པར་གྱུར་ན། གཉིས་ཀ་དག་ཀྱང་དོན་གཅིག་བྱེད་པ་ཉིད་ཀྱི་ཕྱིར་དབང་པོ་རྣམས་དོན་མེད་པ་ཉིད་དུ་འགྱུར་རོ། །དེ་ལྟར་ནི་བཤད་པ། དོན་གཅིག་བྱེད་པའི་དབང་པོ་དག་རྟོག་པ་ན། ནུས་པ་ཉིད་མ་ཡིན་ནོ་ཞེས་སོ། །གང་གི་ཕྱིར་དེ་ལྟར་དྲན་

Vol. 193 · folio 71a

པ་མངོན་སུམ་གྱིས་ཞེན་པའི་བྱེ་བྲག་ཕྱི་རོལ་གྱི་དོན་ལ་འཇུག་ན། ཡིད་ཀྱིས་འཐད་པ་མ་ཡིན་པ། དེའི་ཕྱིར་དབང་པོའི་ཞེན་པ་དེ་ལ་ནི་ཡིད་ཀྱིས་རྗེས་སུ་ཞེན་པར་བྱེད་ཀྱི་ཕྱི་རོལ་གྱི་དོན་རྣམས་ལ་ནི་མ་ཡིན་ནོ་ཞེས་པའོ། །དེ་འདི་ལྟར་དབང་པོ་དང་ཡིད་དག་གིས་ལྷན་ཅིག་ཕྱི་རོལ་གྱི་

དོན་རྣམས་ལ་འཇུག་པར་བྱེད་པ་མ་ཡིན་ནོ་ཞེས་པའི་དོན་འདི་བསྒྲུབ་པའི་ཆེད་དུ། འདི་ཡོད་དོ་ཞེས་པ་ལ་སོགས་པའི་གཞུང་ཉེ་བར་བཀོད་ཀྱི། འཇུག་པ་ཡང་དག་པར་རིག་པ་དྲན་པ་ཉིད་དུ་བསྒྲུབ་པའི་ཆེད་དུ་ནི་མ་ཡིན་ན། དེ་ཅི་ལྟར་དེ་དྲན་པ་ཉིད་དུ་ཤེས་པར་བྱེད་པ་ཉིད་དུ་བརྗོད་ཅེས་པའོ། །

འཇུག་པ་ཡང་དག་པར་རིག་པ་འདི་གྲངས་ཅན་པའི་དྲན་པ་ཡང་མ་ཡིན་ཏེ། ཉམས་སུ་མྱོང་བ་སྔོན་མ་ཅན་ཞེས་པ་ནི་དྲན་པར་མངོན་པར་འདོད་ལ། འཇུག་པ་ཡང་དག་པར་རིག་པ་འདི་ནི་སྔར་མེད་པ་ཁོ་ན་ཉམས་སུ་མྱོང་བ་ཡིན་ནོ། །དེ་ཅི་ལྟར་ཕ་རོལ་གྱི་བསམ་པས་དྲན་པ་ནི་དེའི་འཇུག་པ་ཡང་དག་

པར་རིག་པའོ་ཞེས་བརྗོད་ཅེ་ན། ཕ་རོལ་པོ་ལ་རྟོག་པ་གཞན་མེད་པའི་ཕྱིར་རོ། །དེ་ལྟར་ནི་འཇུག་པ་ཉེ་བར་དམིགས་པ་རེ་ཞིག་ངེས་པར་ཁས་བླང་བར་བྱ་སྟེ། གཞན་དུ་ན་དེ་ཉེ་བར་མ་དམིགས་ན། དོན་ཉེ་བར་དམིགས་པར་ཡང་མི་འགྱུར་རོ་ཞེས་འགྲོ་བ་ལོང་བ་དང་ལྐུགས་པར་འགྱུར་རོ། །

འཇུག་པ་ཡང་དག་པར་རིག་པ་མངོན་སུམ་ལ་སོགས་པ་རྣམས་ཀྱི་ནང་དུ་འདུ་བ་ཡང་མ་ཡིན་ནོ། །དེའི་ཕྱིར་རྟོགས་པ་གཞན་མེད་པའི་ཕྱིར་འདི་ཡང་ལན་ཡང་དག་པ་མ་ཡིན་པ་སྨྲ་བའོ་ཞེས་དོགས་པར་བྱས་ནས་དེ་སྐད་དུ་བཤད་དོ། །དབང་པོའི་འཇུག་པ་ལ་ནི་བར་མ་ཆོད་པའི་ཞེས་པ་སྟེ། དབང་

པོའི་འཇུག་པ་སྨོས་པས་ཡིད་ཀྱི་འཇུག་པ་ཡང་གཟུང་བར་བྱའོ། །དྲན་མིན་ཉམས་སུ་མ་མྱོང་ཕྱིར། །ཞེས་པ་ལ་སོགས་པས། གང་ཉམས་སུ་མྱོང་བ་མ་ཡིན་པ་དེ་ལ་དྲན་པའི་རྟོགས་པར་འགྱུར་བ་མ་ཡིན་ཏེ། དཔེར་ན་རྒྱུད་གཞན་གྱི་ཉམས་སུ་མ་མྱོང་བའི་འདོད་པ་ལ་སོགས་པ་རྣམས་ལ་

བཞིན། དབང་པོའི་འཇུག་པ་རྣམས་ཀྱང་ཉམས་སུ་མྱོང་བ་མ་ཡིན་ནོ་ཞེས་རྒྱུད་དང་འགལ་བ་གསུངས་སོ། །ཅིག་ཅར་གཉིས་ཞེས་པ་ལ་སོགས་པ་གལ་ཏེ་དྲན་པ་ཉིད་རབ་ཏུ་བསྒྲུབ་པའི་ཆེད་དུ་གཏན་ཚིགས་མ་གྲུབ་པ་ཉིད་དུ་འདོད་ན། དེ་ལྟ་ན་ལྷན་ཅིག་འབྱུང་བའི་དབང་པོ་དང་ཡིད་ཀྱི་

Vol. 193 · folio 71b

ཞེན་པ་དག་གིས་ཕན་ཚུན་ཡང་དག་པར་རིག་པར་བྱེད་པ་ན། འཇུག་པ་དེ་རྣམས་ལ་དྲན་པའི་རྟོག་པ་བར་མ་ཆད་པར་ཡང་དག་པར་འབྱུང་བར་འགྱུར་རོ། །དེ་ལྟ་ན་ཡང་ཞེས་པ་ཡུལ་དབང་པོའི་ཞེན་པ་གཟུང་བར་བྱ་བ་ཡིན་ཏེ། ཡུལ་ཅན་འཛིན་པར་བྱེད་པ་པོ་ཡིད་ཀྱི་ཞེན་པའིའོ། །ཡིད་ཀྱི་

ཞེན་པ་ཡང་ཡུལ་ཅན་འཛིན་པར་བྱེད་པ་པོ་དབང་པོའི་ཞེན་པའི་ཡུལ་གཟུང་བར་བྱ་སྟེ། ཕན་ཚུན་ཡང་དག་པར་རིག་པར་བྱེད་ན་ནི། དེ་དག་ལྟོས་པས་ཡུལ་ཅན་ཉིད་དང་ཡུལ་ཉིད་དུ་ཡང་འགྱུར་རོ། །དེ་དག་ཕན་ཚུན་རྒྱུ་མཚན་དང་རྒྱུ་མཚན་ལས་བྱུང་བར་འདོད་པར་བྱ་བ་སྟེ། གཞན་དུ་ན་

ཡུལ་དང་ཡུལ་ཅན་ཉིད་སྲིད་པ་མ་ཡིན་པས་སོ། །ཅིག་ཅར་སྐྱེས་པ་དག་ལ་རྒྱུ་མཚན་དང་རྒྱུ་མཚན་ཅན་ཉིད་འཐད་པ་ཡང་མ་ཡིན་ཏེ། དེ་ཡང་ཞེས་པ་ཁས་བླངས་ནས་སྐྱོན་གཞན་གསུངས་པའོ། །གང་འདི་དབང་པོའི་འཇུག་པ་ཉམས་སུ་མྱོང་བ་གང་སྔོན་མ་ཅན་དྲན་པའི་རྟོགས་པ་དེ་ཚད་མར་

བཤད་པ་མ་ཡིན་ནོ་ཞེས་པ་སྟེ། དེ་ཁོ་ན་མ་ཚང་བ་ཉིད་དོ། །འོ་ན་འདོད་པ་ལ་སོགས་པ་རྣམས་ལ་ཅི་ལྟར་ན་དྲན་པ་ཡིན་ཞེ་ན། གསུངས་པ། རང་རིག་པར་བྱ་བ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པའོ། །འདིས་ནི་འདི་གསལ་བར་བྱེད་དེ། འདོད་པ་ལ་སོགས་པ་ཉེ་བར་བཀོད་པ་ནི་རང་ལ་

གནོད་པའི་ཆེད་དུ་བའི་བྱ་བ་སྐྱེད་པ་སྟེ། དེ་ལྟར་ན་ཁོ་བོ་ཅག་གིས་རང་གི་རིག་པར་བྱ་བ་ཉིད་དུ་འདོད་པ་ལ་སོགས་པ་རྣམས་ཁས་བླངས་པ་ཉིད་ཀྱི་ཕྱིར། དེ་ལ་དྲན་པ་ཡང་དག་པར་འབྱུང་ངོ་། །ཁྱོད་ཀྱིས་ནི་དེ་ལྟར་དེ་རྣམས་ཁས་མ་བླངས་པའི་ཕྱིར་དེ་མི་སྲིད་པ་ཁོ་ནའོ། །ཅི་སྟེ་རང་རིག་

པ་ཁས་བླང་བར་བྱ་ན། དེའི་ཚེ་དེ་ཡང་མཚན་ཉིད་ཀྱིས་མ་བསྡུས་པས་སོ་ཞེས་པས་དེ་ཁོ་ན་ཉུང་བ་ཉིད་དོ། །འོ་ན་བསྟན་བཅོས་ཀྱིས་དྲན་པ་ཉིད་བསྒྲུབས་པ་མ་ཡིན་ནམ་ཞེ་ན། གསུངས་པ། འདི་ནི་ལོང་བའི་གོམ་པ་ཁོ་ན་སྟེ་ཞེས་པ་ཇི་ལྟར་ལོང་བའི་གོམ་པ་མ་མཐོང་བ་སྔོན་མ་ཅན་རྣམ་པར་

འགོད་པ་དེ་བཞིན་དུ་འདིའི་ཡང་ཚད་མས་ཡོངས་སུ་གཅད་པར་མངོན་པར་རྗོད་པར་བྱེད་པའི་ཕྱིར་རོ། །ཡང་ན་ཚིག་རྣམས་ལོང་བ་རྣམས་ཏེ་ཚོགས་པའི་དོན་ཅན་མ་ཡིན་པ་རྣམས་དག་གང་ལ་ཡོད་པ་དེ་དེ་སྐད་ཅེས་བྱའོ། །དེ་ལྟར་ནི་ཞེས་པ་ལ་སོགས་པས་ལོང་བའི་གོམ་པ་ཉིད་སྟོན་པར་

Vol. 193 · folio 72a

བྱེད་དེ། གང་གི་ཕྱིར་དབང་པོའི་དོན་ལ་ཡང་དྲན་པ་མི་སྲིད་ལ། གང་ཉམས་སུ་མྱོང་བ་ནི་ཅི་སླར་ཡང་ཉམས་སུ་མྱོང་བ་མ་ཡིན་པའི་འཇུག་པ་རྣམས་ལ་ཡིན་ནམ་ཞེས་པ་ཡང་གི་སྒྲའི་དོན་ཏོ། །དེ་ལྟར་འགྱུར་མོད། དབང་པོའི་ཞེན་པ་དེ་ཡོད་ན། ཕྱི་རོལ་གྱི་དོན་ཁོ་ན་ལས་ཡིད་

ཀྱིས་རྗེས་སུ་ཞེན་པར་བྱེད་དོ་ཞེས་པ་བསྟན་བཅོས་ཀྱི་དོན་ཏེ། དེའི་ཕྱིར་ཉམས་སུ་མྱོང་བ་མ་ཡིན་པ་ཉིད་མ་གྲུབ་བོ་ཞེ་ན། གསུངས་པ། ཉམས་པའམ་ཞེས་པ་ལ་སོགས་པ་སྟེ། བསྟན་བཅོས་ཀྱི་ཉམས་པའོ། །གཞན་མཐོང་བ་ན་དྲན་པ་སྟེ། དབང་པོའི་འཇུག་པས་ཉམས་སུ་མྱོང་བ་ཉིད་ཀྱི་

ཕྱིར་དང་ཡིད་ཀྱིས་ཀྱང་དྲན་པར་བྱ་བ་ཉིད་ཀྱི་ཕྱིར་རོ། །དེ་ཡང་མི་རིགས་ཏེ་ལྷས་བྱིན་གྱིས་ཉམས་སུ་མྱོང་བ་མཆོད་སྦྱིན་གྱིས་དྲན་པ་ནི་མ་ཡིན་པས་སོ། །འོ་ན་རང་གི་ལུགས་ལ་དབང་པོའི་ཤེས་པས་ཉམས་སུ་མྱོང་བ་ཡིད་ཀྱིས་དྲན་པ་ཞེས་པ་ཅི་ལྟར་ཡིན་ཞེ་ན། འདི་ནི་ཕ་རོལ་པོ་ཁོ་ནའི་སྐྱོན་ཏེ། གང་

ཞིག་གི་གཞན་གྱིས་ཉམས་སུ་མྱོང་བ་གཞན་གྱིས་དྲན་པ་མ་ཡིན་ནོ་ཞེས་པ་འདི་འདོད་པའིའོ། །ཁོ་བོ་ཅག་ནི་རྒྱུད་གཅིག་ལ་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ཡང་དྲན་ནོ་ཞེས་འདོད་པས་སྐྱོན་མེད་དོ། །ཉམས་སུ་མ་མྱོང་བ་ལ་དྲན་པའམ་ཞེས་པ། ཅི་སྟེ་ཡིད་ཁོ་ནས་ཉམས་སུ་མ་མྱོང་བ་དྲན་

པར་འདོད་ན། དེ་ལྟར་ཡིན་ན་ཉམས་སུ་མ་མྱོང་བའི་དོན་ལ་དྲན་པར་འགྱུར་ཏེ། དེ་ནི་ཡིད་ཀྱིས་སྔར་ཉམས་སུ་མ་མྱོང་བ་ཉིད་ཀྱི་ཕྱིར་རོ། །སྐད་ཅིག་གཉིས་པ་ལ་ཡིད་འདོད་དོ་ཞེས་པ་འདིའི་ཕྱིར་དབང་པོའི་འཇུག་པ་དང་ལྷན་ཅིག་སྐྱེས་པའོ་ཞེ་ན་གསུངས་པ། ཇི་སྐད་བཤད་པའི་ཞེས་པ་ལ་སོགས་

པ་སྟེ། བསྟན་བཅོས་སུ་བཤད་པ་ཅི་ཕྱི་རོལ་གྱི་དོན་རྣམས་ལ་དབང་པོ་དང་ཡིད་དག་གིས་ལྷན་ཅིག་ཞེན་ནམ་ཞེ་ན། མ་ཡིན་ཞེས་བརྗོད་པར་བྱའོ། །ཅིའི་ཕྱིར་ཞེ་ན། དོན་གཅིག་བྱེད་པའི་དབང་པོ་དག་རྟོག་པ་ན་ནུས་པ་ཉིད་མ་ཡིན་ནོ་ཞེས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། གལ་ཏེ་དབང་

པོ་དང་ཡིད་དག་གཉིས་པོ་དག་གིས་ཀྱང་ཕྱི་རོལ་གྱི་དོན་འཛིན་པའི་མཚན་ཉིད་ཀྱི་འབྲས་བུ་དོན་གཅིག་བྱེད་པ་ཉིད་དུ་འདོད་ན། དེ་ལྟར་གྱུར་ན། དབང་པོ་རྣམས་ཀྱི་ནུས་པ་ཉིད་མི་འགྱུར་ཏེ། དོན་དང་ལྡན་པ་ཉིད་དུ་མི་འགྱུར་རོ་ཞེས་པའི་དོན་ཏོ། །གཉིས་ཀ་དག་གིས་ཡང་ཕྱི་རོལ་གྱི་དོན་འཛིན་པ་

Vol. 193 · folio 72b

ནི་འདིར་དོན་གཅིག་བྱེད་པ་ཉིད་དོ། །གཉིས་ཀ་དག་གིས་ཀྱང་ཕྱི་རོལ་གྱི་དོན་འཛིན་པའི་ཕྱིར་དབང་པོ་རྣམས་དོན་དང་ལྡན་པར་མི་འགྱུར་རོ། །ཅི་ལྟར་ཞེ་ན། གལ་ཏེ་རེ་ཞིག་ཕྱི་རོལ་གྱི་ཡུལ་འཇུག་བཞིན་པའི་ཡིད་ནི་དབང་པོའི་འཇུག་པས་ཕན་བཏགས་པ་བྱས་པ་ལ་ལྟོས་པ་མེད་ན། དེ་ལྟར་

གྱུར་ན་དབང་པོ་རྣམས་རྣམ་པ་ཐམས་ཅད་དུ་དོན་མེད་པ་ཉིད་དུ་འགྱུར་ཏེ། ཡིད་ཁོ་ན་ཕྱི་རོལ་གྱི་དོན་ཉེ་བར་འཛིན་པའི་ཕྱིར་སྐྱེས་བུའི་ཉེ་བར་ལོངས་སྤྱོད་པ་འགྲུབ་པའི་ཕྱིར་རོ། །དབང་པོའི་འཇུག་པ་ཕྱི་རོལ་གྱི་དོན་དུ་སྣང་བ་རྣམས་ཀྱང་ཡིད་ཀྱི་ཞེན་པ་རྣམས་ཀྱིས་ཞེན་པར་མ་བྱས་པ་རྣམས་དང་དེ་

རྣམས་དང་མ་འདུས་པ་རྣམས་དང་རྟོག་པ་མེད་པ་རྣམས་སུ་འགྱུར་རོ། །གང་ཡང་སྒོ་དང་སྒོ་ཅན་རྣམ་པར་དཔྱད་པར་བཤད་པ་འདི་སྟེ། ཡིད་ལ་གཅིག་ཏུ་འགྱུར་བའི་དབང་པོའི་ཞེན་པ་རྣམས་སྐྱེས་བུས་སེམས་པར་བྱེད་དེ། དབང་པོའི་ཞེན་པ་རྣམས་ཀྱིས་ཡིད་ཀྱི་ཞེན་པ་རྣམས་ནི་མ་ཡིན་

ནོ་ཞེས་པའོ། །དེའི་ཕྱིར་ཡིད་ཁོ་ན་སྒོ་ཅན་དང་སྒོ་ནི་དབང་པོ་རྣམས་སོ་ཞེས་པའོ། །དེ་ཡང་རྣམ་པར་ཉམས་ཏེ། ཅིག་ཅར་དོན་གཅིག་བྱེད་པ་ཉིད་ན་གཉིས་ཀ་དག་ཀྱང་སྒོ་དང་སྒོ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ལོང་བ་ལ་སོགས་པ་རྣམས་ཀྱི་ཡང་གཟུགས་ལ་སོགས་

པའི་ཡུལ་མངོན་སུམ་དུ་འགྱུར་རོ། །ཅི་སྟེ་ཡང་དབང་པོས་བྱས་པའི་ཕན་འདོགས་པ་ལ་ལྟོས་ནས་ཕྱི་རོལ་གྱི་དོན་ལ་ཡིད་རབ་ཏུ་འཇུག་པ་འབའ་ཞིག་པ་ནི་མ་ཡིན་ཏེ། ནུས་པ་མེད་པའི་ཕྱིར་ཞེས་བརྗོད་པར་བྱ་ཞེ་ན། དེ་ལྟ་ན་ཡང་དབང་པོ་རྣམས་ནུས་པ་ཅན་དུ་འགྱུར་བ་མ་ཡིན་པ་ཁོ་ནའོ། །

གང་གི་ཕྱིར་དེ་ལྟར་འདོད་པ་ན། རྐྱེན་དང་བཅས་པའི་འཇུག་པ་མི་སྲིད་པར་འགྱུར་ཏེ། དབང་པོའི་འཇུག་པར་མར་མེའི་འོད་བཞིན་དུ་ལྷན་ཅིག་བྱེད་པ་ཉིད་དུ་ངེས་པར་གནས་པ་ན། ཡིད་ཁོ་ན་ཕྱི་རོལ་གྱི་དོན་ལ་འཛིན་པའི་ཆེད་དུ་རབ་ཏུ་འཇུག་པས་སོ། །དེ་ལ་ཇི་ལྟར་སྒྲོན་མེའི་འོད་

ཡོད་པ་ན། མིག་འཇུག་སྟེ་མར་མེའི་འོད་ནི་ལྷན་ཅིག་བྱེད་པ་ཁོ་ན་འབའ་ཞིག་ཡིན་པ་དེ་ལྟར་དབང་པོའི་འཇུག་པ་ཡོད་པ་ན་ཡིད་ཕྱི་རོལ་གྱི་དོན་ལ་འཛིན་པའི་ཆེད་དུ་འཇུག་སྟེ། དབང་པོའི་འཇུག་པ་ནི་ལྷན་ཅིག་བྱེད་པ་ཁོ་ནའོ། །དེ་ཡང་ཡིད་ཀྱི་འཇུག་པས་གཟུང་བར་བྱ་བ་མ་ཡིན་པས་མ་འདུས་

Vol. 193 · folio 73a

པ་རྐྱེན་མེད་པ་ཁོ་ནར་ཐམས་ཅད་ཀྱི་ཚེ་འགྱུར་བའོ། །དབང་པོ་ཞེན་པ་རྣམས་ཀྱང་ཡིད་ལ་གཅིག་ཏུ་འགྱུར་བ་ལས་དོན་དང་ལྡན་པ་ཉིད་དུ་བརྗོད་ཀྱི། རྣམ་པ་གཞན་དུ་ནི་མ་ཡིན་ནོ། །དེས་ན་དེ་རྣམས་གལ་ཏེ་ཡིད་ཀྱི་ཞེན་པ་རྣམས་ཀྱིས་རྗེས་སུ་ཞེན་པར་བྱེད་ན། དེ་ལྟ་ན་ཡིད་ལ་

གཅིག་ཏུ་གྱུར་པ་རྣམས་སྐྱེས་བུ་ཅན་གྱིས་ཡང་དག་པར་རིག་པར་བྱེད་དེ། དེ་ལས་ཀྱང་དེ་དང་ཡང་དག་པར་འདུས་པ་རྣམས་དེའི་ངོ་བོ་ཉིད་བཞིན་དུ་སྐྱེས་པ་རྣམས་ཚད་མ་ཉིད་དུ་རབ་ཏུ་རྟོགས་པར་བྱ་སྟེ། གཞན་དུ་ན་དེ་རྣམས་ཚད་མ་ཉིད་དུ་མི་འགྱུར་རོ། །གང་རྣམས་ཀྱང་རྐྱེན་མེད་པའི་འཇུག་པ་ཚད་

མ་ཉིད་དུ་མངོན་པར་འདོད་ལ། རྐྱེན་དང་བཅས་པ་ནི་འབྲས་བུར་ཏེ། དེ་རྣམས་ཀྱི་ཡང་ཇི་སྐད་བརྗོད་པའི་རྣམ་པས་རྟོག་པ་དང་བཅས་པའི་འཇུག་པ་མི་སྲིད་པའི་ཕྱིར་འབྲས་བུ་མེད་ཅིང་། དེ་མེད་པའི་ཕྱིར་ཡང་ཚད་མ་ཡང་མེད་དེ། འབྲས་བུ་མེད་པ་ཚད་མར་རིགས་པ་ནི་མ་ཡིན་པས་སོ་ཞེས་ཁ་ཅིག་གོ། །

མིག་དང་ཡིད་དག་སྒོ་དང་སྒོ་ཅན་གྱི་དངོས་པོ་ཡིན་པའི་ཕྱིར། འདི་དག་དོན་གཅིག་བྱེད་པར་བརྟག་པའི་ནུས་པ་བདག་ཅག་ལ་ཡོད་པ་མ་ཡིན་ཏེ། ཅིག་ཅར་དོན་གཅིག་བྱེད་པ་ཉིད་ན་གཉི་ག་དག་ཀྱང་སྒོ་དང་སྒོ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་གཞན་རྣམས་སོ། །སྐྱོན་འདི་མེད་ཅེས་

པ་ལ་སོགས་པས་འདི་སྒྲུབ་པར་བྱེད་དེ། མ་ཡིན་ཞེས་པའི་དགག་པ་གང་ཡིན་པ་འདི་ནི། ལྷན་ཅིག་ཏུ་ཞེན་པའི་བྱ་བ་ཙམ་འགོག་པ་མ་ཡིན་གྱི། འོན་ཀྱང་གང་ངེས་པ་དང་ལྡན་པའི་གང་ལྷན་ཅིག་ཞེན་པའི་བྱ་བ་དེ་འགོག་པར་བྱེད་དེ། ཡིད་ལས་དྲན་པ་ལྷག་པའི་ཞེན་པ་བསྟན་པའི་དོན་དུའོ། །ལྷན་

ཅིག་པ་ཁོ་ན་མ་ཡིན་གྱི་འོན་ཀྱང་ཕྱིས་ཀྱང་དྲན་པའི་ཞེན་པ་ལྷག་པ་ཡིད་ཀྱིས་བྱེད་དོ་ཞེས་པའོ། །ལྷན་ཅིག་པ་ནི་གྲུབ་པ་ཁོ་ན་ལ་ཞེས་པ་ལ་སོགས་པ་འདི་གསུངས་སོ། །ངེས་པ་དང་བྲལ་བའི་ལྷན་ཅིག་ཞེན་པའི་བྱ་བའི་ངོར་དྲི་བ་འཐད་པ་མ་ཡིན་པ་ཁོ་ན་སྟེ། དེ་སྔར་ཁོ་ནར་ཤེས་ཟིན་པ་ཉིད་ཀྱི་ཕྱིར་

རོ། །དེའི་ཕྱིར་ཅི་ལྷན་ཅིག་ཁོ་ནར་བྱའི་སོ་སོར་བྱ་བ་མ་ཡིན་པ་ཁོ་ན་ཡིན་ཞེས་པ་འདི་ལྟ་བུ་འདི་དྲི་བའི་འཇུག་པར་རྟོགས་པར་བྱའི། ཅི་ལྷན་ཅིག་བྱའམ་འོན་ཏེ་ལྷན་ཅིག་མ་ཡིན་པར་བྱ་ཞེས་པ་ནི་མ་ཡིན་ནོ། །འདི་ལྷན་ཅིག་པ་ནི་གྲུབ་པ་ཁོ་ན་ལ་ཞེན་པ་ལ་དྲི་བའོ་ཞེས་པ་འདི་ག་ལས་ཤེ་ན། གསུངས་

Vol. 193 · folio 73b

པ། ད་ལྟར་གྱི་དུས་སུ་ཞེས་པ་ལ་སོགས་པ་སྟེ། བསྟན་བཅོས་སུ་རྣ་བ་ལ་སོགས་པ་རྣམས་ཀྱི་རང་གི་ཡུལ་ལ་རྣམ་པར་འཇུག་པ་དང་། ད་ལྟར་བའི་དུས་ལ་འཇུག་པ་ཉིད་དུ་བསྒྲུབས་ནས་འདི་སྐད་བཤད་དོ། །དེ་བཞིན་དུ་ཡིད་ནི་དོན་ཐམས་ཅད་ལ་དུས་གསུམ་པ་ཉིད་དུ་རབ་ཏུ་འཇུག་སྟེ། ཕྱི་རོལ་

གྱི་དོན་རྣམས་ལ་ད་ལྟར་བའི་དུས་སུ་གང་གི་ཚེ་དབང་པོ་འགའ་ཞིག་དང་ལྡན་པར་ཡིད་གྱུར་པ་དེའི་ཚེ་དབང་པོ་དང་ནི་རྐྱེན་དང་ལྡན་པའི་འཇུག་པར་འགྱུར་རོ། །འབའ་ཞིག་པ་ནི་འདས་པ་དང་མ་འོངས་པ་དག་གི་ཞེས་པ་ལ་སོགས་པ་སྔར་བརྗོད་ལ། ཕྱིས་དྲི་བ་འདི་བྱས་པའོ། །འདིར་གང་གི་ཚེ་

དབང་པོ་འགའ་ཞིག་དང་ལྡན་པ་ཞེས་པའི་ཚིག་ལས་སྔར་ཁོ་ནར་ལྷན་ཅིག་ཞེན་པ་གྲུབ་ལ། དེའི་ཕྱིར་ངེས་པ་དང་ལྡན་པར་ལྷན་ཅིག་ཞེན་པའི་བྱ་བ་ལས་བརྩམས་ནས་དྲིས་པའོ། །ལན་ཡང་དོན་གཅིག་བྱེད་པའི་དབང་པོ་དག་རྟོགས་པ་ན་ནུས་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་པ་དེ་དགག་པ་ཁོ་

ནར་གྲགས་པ་རྟོགས་པར་བྱ་སྟེ། དེའི་ཕྱིར་བསྟན་བཅོས་ཉམས་པ་མ་ཡིན་ནོ། །དེ་འགལ་ཏེ་ཞེས་པ་ཅི་ལྟར་བྱས་ནས་ཤེ་ན། གང་ལས་ཇི་ལྟར་ཡང་དབང་པོའི་ཞེན་པ་ཞེས་པ་ལ་སོགས་པས་ཕན་ཚུན་གྱི་འཇུག་པ་ཡང་དག་པར་རིག་པར་བསྒྲུབས་སོ། །གདོན་མི་ཟ་བར་ཡང་འདི་འདི་ལྟར་

རྣམ་པར་ཤེས་པར་བྱའོ། །དོན་གཞན་དུ་རྟོགས་ན་ཡང་ཇི་སྐད་བཤད་པའི་སྐྱོན་དུ་ཐལ་བར་འགྱུར་རོ། །དེ་ལས་ཀྱང་དབང་པོའི་འཇུག་པ་དང་ལྷན་ཅིག་སྐྱེས་པའི་ཡིད་ཀྱིས་ཉམས་སུ་མྱོང་བས་ཕྱི་རོལ་གྱི་དོན་ལ་ཕྱིས་དྲན་པའོ་ཞེས་བརྟག་པར་བྱ་བ་མ་ཡིན་ནོ། །དོན་མེད་པར་འགྱུར་རོ་ཞེ་ན་

སྐྱོན་གཞན་གསུངས་སོ། །ཡིད་ཀྱིས་ཞེས་པ་ལ་སོགས་པས་འདི་ཁོ་ན་ལ་གཏན་ཚིགས་སོ། །དུས་གསུམ་པའི་ཡུལ་ཅན་དང་དོན་ཐམས་ཅད་པ་ནི་ཡིད་དོ་ཞེས་བཤད་དོ། །དེ་གལ་ཏེ་ཕྱི་རོལ་གྱི་དོན་ལ་དངོས་སུ་འཇུག་ན། དེ་ཁོ་ནས་སྐྱེས་བུའི་དོན་བྱས་སོ་ཞེས་པ་རྣ་བ་ལ་སོགས་པ་རྣམས་

དོན་མེད་པར་འགྱུར་རོ། །དེ་ལས་ཀྱང་དེའི་བདག་ཉིད་དུ་རང་བཞིན་ཡོངས་སུ་འགྱུར་བ་མ་ཡིན་པ་ཁོ་ནར་འགྱུར་རོ། །སྐྱེས་བུ་ཉིད་འདོད་པ་ངེས་པར་ལྡོག་པའི་ཆེད་དུ་དེ་ཡོངས་སུ་འགྱུར་བར་འདོད་པར་བྱ་སྟེ། གཞན་དུ་ན་སྐྱེས་བུ་འབའ་ཞིག་པ་ཉིད་ཐོབ་པ་ན་ཡང་འགྱུར་རོ་ཞེས་པའོ། །ཡོད་

Vol. 193 · folio 74a

པ་ཡང་དག་པར་སྦྱོར་བ་ཞེས་པ་ལ་སོགས་པ་སྟེ། འདིའི་འབྲེལ་པ་ནི། ཅི་སྟེ་འདི་ལས་ཆོས་གཅིག་ཤེས་པར་འདོད་པས་ཞེས་པ་སྐབས་བྱས་ནས། དེའི་རྒྱུ་མཚན་ཡོངས་སུ་འདོད་པའོ། །ཆོས་དེའི་ཉེ་བར་དམིགས་པའི་རྒྱུ་མཚན་རྣམས་ཏེ་ཚད་མ་རྣམས་ནི་ཡོངས་སུ་

བརྟག་པར་བྱའོ། །དེ་ལ་རེ་ཞིག་མངོན་སུམ་གྱིས་ཆོས་ཉེ་བར་མི་དམིགས་པ་མ་ཡིན་ནོ་ཞེས་སྟོན་ཅིང་གསུངས་པ། ཡོད་པ་ཡང་དག་པར་སྦྱོར་བ་ཞེས་པ་ལ་སོགས་པའོ། །ཡོད་པའི་འམ་ཡོད་པས་ཡང་དག་པར་ཕྲད་པ་ཞེས་པ་ཚིག་རྣམ་པར་སྦྱར་རོ། །ཡང་དག་པར་རབ་ཏུ་སྨོས་པ་ནི།

ཡང་དག་པར་དང་རབ་མཆོག་ཏུ་གྱུར་པས་གང་ཕྲད་པ་དེ་ཤེས་པའི་དོན་དུའོ། །དེ་ལྟ་ན་ཡང་བདག་ལ་སོགས་པ་རྣམས་དང་ཡང་གང་ཕྲད་པའི་འདུ་བྱེད་དེ་ཉེ་བར་གཟུང་བར་འགྱུར་ཏེ། གཞན་དུ་ན་ཡོད་པ་དང་ཕྲད་པ་ཞེས་པ་འདི་ཙམ་ཁོ་ནར་སྨྲ་བར་འགྱུར་རོ། །ཡང་དག་པར་ཕྲད་པ་ནི་

དབང་པོ་རྣམས་ཀྱི་དོན་དང་འབྲེལ་ཞིང་འདུས་པའོ། །བྱ་བ་ཕུལ་དུ་བྱུང་བ་ཡང་ན་ནི་སྟེ། གང་སྐྱེས་པ་ན་བློ་སྐྱེ་བའོ། །ཡོད་པ་དང་ཡང་དག་པར་ཕྲད་པ་ཞེས་པ་འདི་ནི་དབང་པོ་རྣམས་ཀྱི་ཞེས་པ་འདི་དང་འབྲེལ་ལོ། །སྐྱེས་བུའི་ཞེས་པ་འདི་ཡང་བློ་སྐྱེ་བ་ཞེས་པ་འདི་དང་ངོ་། །དབང་པོ་ཞེས་པའི་

སྒྲས་ཡིད་ཀྱང་གཟུང་བར་བྱའོ། །དེས་ན་བདག་དང་ཡིད་ཡང་དག་པར་ཕྲད་པ་ལས་གང་བདག་ཉིད་ཀྱི་ཡུལ་ཅན་གྱི་བློ་སྐྱེ་བ་དེ་ཡང་མངོན་སུམ་ཉིད་དུ་བྱས་པར་འགྱུར་རོ། །བློ་སྐྱེ་བ་ཞེས་པ་ཡང་ལས་འཛིན་པའམ། དྲུག་པ་དེའི་སྐྱེས་བུ་ཡང་ནའོ། །གང་གི་ཚེ་ལས་འཛིན་པ་ཡིན་པ་དེའི་

ཚེ་སྐྱེ་བས་ཁྱད་པར་དུ་བྱས་པ་ཅན་གྱི་བློ་མངོན་སུམ་མོ། །བློ་ནི་སྐྱེ་བ་ཁོ་ནས་ཡུལ་རབ་ཏུ་གསལ་བར་བྱེད་ཀྱི་སྐྱེ་བ་མེད་པར་དེའི་བྱ་བ་གཞན་ཡོད་པ་མ་ཡིན་ཏེ་སྐད་ཅིག་པ་ཉིད་ཀྱི་ཕྱིར་རོ་ཞེས་ཤེས་པར་བྱ་བའི་དོན་དུ་སྐྱེ་བ་སྨོས་སོ། །གང་གི་ཚེ་དྲུག་པའི་བསྡུ་བ་ཡིན་པ་དེའི་ཚེ་བློས་ཁྱད་པར་དུ་བྱས་

པའི་སྐྱེ་བ་མངོན་སུམ་མོ། །དེ་ལ་ཡོད་ཅེས་མེད་བསལ་ཆེད། །ཅེས་པ་ལ་སོགས་པས། གང་ཡང་དག་པར་ཕྲད་པ་ལས་རྟོགས་པ་དེ་རྟོགས་པའི་ཆེད་དུ་ཡོད་པའི་སྒྲ་ཉེ་བར་བླང་བར་བྱ་བ་མ་ཡིན་ཏེ། ཡང་དག་པར་ཕྲད་པ་བཞིན། ཡོད་པ་མ་ཡིན་པ་བསལ་བ་ཡང་དེ་ལྟ་བུའོ་ཞེས་ཁྱབ་བྱེད་

Vol. 193 · folio 74b

དང་འགལ་བ་གསུངས་སོ། །ཡོད་པ་ཁོ་ན་ལས་ཞེས་པ་གཉིས་ལ་གནས་ལ་ཉིད་ཀྱི་ཕྱིར་དེ་གང་ཡང་རུང་བ་མེད་ན་མི་སྲིད་པའི་ཕྱིར་རོ། །འོ་ན་ཡོད་པ་ཁོ་ན་ལས་ཞེས་པའི་ཁོ་ནའི་ཡི་གེ་ཁོ་ན་ལས་ངེས་པ་རྟོགས་པ་ཉིད་ཀྱི་ཕྱིར་ངེས་པ་ལས་ཞེས་པ་བརྗོད་པར་མི་བྱ་བ་མ་ཡིན་ནམ། ཅི་སྟེ་འདི་བརྗོད་

པར་བྱ་བ་ཡིན་ན་ཁོ་ནའི་སྒྲ་དོན་མེད་པར་འགྱུར་རོ་ཞེ་ན། སྐྱོན་འདི་མེད་དེ། གང་ཕྱིར་ངེས་པའི་རང་གི་ངོ་བོ་ཁོ་ནའི་སྒྲས་གསལ་བར་བྱེད་ལ་ངག་གི་དབྱེ་བ་ཡང་བྱས་ནས་འདི་ལྟར་བཤད་པར་བྱ་སྟེ། ཡོད་པ་ཁོ་ན་ལས་ཞེས་པ་ངེས་པ་གང་ཡིན་པ་འདི་ནི་ངེས་པ་འདི་ལས་ཡོད་པ་ཁོ་ནའི་ཡང་དག་

པར་ཕྲད་པར་འགྱུར་རོ་ཞེས་པའོ། །ཡང་ན་ངེས་པར་ཡོད་པ་སྦྱོར་བ་རིགས་པ་མ་ཡིན་ནོ་ཞེས་སྦྲེལ་བར་བྱའོ། །ཡོད་པ་ཡང་དག་པར་སྦྱོར་བ་ནི་རིགས་པ་མ་ཡིན་པ་ཁོ་ནའོ་ཞེས་པ་ཡང་ནའོ། །ཅི་སྟེ་སྦྱོར་ཟླ་བོ་ཞེས་པ་ལ་སོགས་པས་ཡོད་པའི་སྒྲ་དོན་གཞན་ཅན་ཉིད་ཀྱི་ཕྱིར་གྲུབ་པ་སྒྲུབ་པ་སྨྲས་

པའོ། །ཅིའི་དོན་དུ་སྔར་ཡོད་པ་ཁོ་ནའི་ཞེས་སྨྲས་པས་དྲུག་པའི་བསྡུ་བ་བསྟན་ཅིང་། ད་ལྟ་ནི་ཅིས་ཡང་དག་པར་སྦྱོར་ཞེས་པའི་གསུམ་པའི་ཚིག་སྡུད་ཡིན་ཞེ་ན། ཚིག་སྡུད་གཞན་ལ་ཡང་སྐྱོན་འདིའོ་ཞེས་གསལ་བར་བྱེད་པའི་དོན་དུའོ། །དེ་ལྟར་ནི་རི་ཁྲོད་པས་ཡང་དག་པར་ཕྲད་པ་ཡོད་ན་སྟེ་ཡོད་

པ་མིན་ན་མ་ཡིན་ནོ་ཞེས་སྨྲས་པས་འདི་ནི་ལས་འཛིན་པའོ་ཞེས་བཤད་དོ། །དེ་ལའང་སྐྱོན་འདི་བཟློག་པ་མ་ཡིན་ཏེ། གང་གི་ཕྱིར་བདུན་པ་འདི་རྒྱུ་མཚན་གྱི་དོན་ཅན་དུ་འགྱུར་བའམ། གང་གི་ཡང་ཡོད་པས་ཡོད་པའི་མཚན་ཉིད་དོ་ཞེས་པ་འདིས་ཡང་ནའོ། །ཡོད་པ་མིན་པ་ནི་རྒྱུ་མཚན་ཉིད་དང་

མཚན་ཉིད་དུ་ཡང་དག་པར་འགྱུར་བ་མ་ཡིན་ཏེ། དེ་ལས་ཀྱང་གལ་ཏེ་ཡང་དག་པར་ཕྲད་པའི་རྒྱུ་མཚན་གྱིས་བློ་སྐྱེ་བར་འགྱུར་བའམ། དེ་ཡོད་པས་དེ་ཡོད་པར་མཚོན་པར་བྱ་བ་ཡིན་ན། དེ་ལྟར་གྱུར་ན་ཡང་དག་པར་ཕྲད་པ་ནི་ཡོད་པའོ་ཞེས་པ་འདི་རྟོགས་པར་བྱ་བ་ཁོ་ནར་འགྱུར་རོ། །དེ་ལྟར་འགྱུར་

ཏེ་རྟོགས་པར་འགྱུར་བ་བདེན་མོད། དེ་ལྟ་ན་ཡང་གང་འདི་ནི་ཕ་རོལ་པོ་རྣམས་ཀྱིས་ཡོད་པ་མ་ཡིན་པའི་རྟོགས་པ་འདས་པ་དང་མ་འོངས་པའི་ཡུལ་ཅན་དང་རྣལ་འབྱོར་པའི་ཤེས་པ་ནི་ཡོད་པ་མ་ཡིན་ན་ཡང་ཡང་དག་པར་ཕྲད་པ་ན་འགྱུར་རོ་ཞེས་པ་དེ་བསལ་བའི་དོན་དུ་ཡོད་པ་སྨོས་པའོ་ཞེ་ན། འདི་མི་རིགས་

Vol. 193 · folio 75a

ཏེ། བདུན་པའི་མཐའ་ཅན་ཕྲད་པའི་སྒྲ་ཡོད་པའི་དོན་ལ་མི་འཁྲུལ་པ་ཁོ་ནས་རྟོགས་པ་འདིའི་བཟློག་ཟིན་པ་ཉིད་ཀྱི་ཕྱིར་རོ། །གཞན་ཡང་ཁོ་བོ་ཅག་གི་རྣལ་འབྱོར་པའི་མངོན་སུམ་ཡོད་པའི་ཡུལ་ཅན་ཁོ་ནར་སྔར་ཉིད་བཤད་ཟིན་ཏོ། །གང་ཡང་འདས་པ་དང་མ་འོངས་པའི་ཡུལ་

ཅན་དུ་རྣལ་འབྱོར་པ་རྣམས་ཀྱི་ཤེས་པ་བརྗོད་པ་དེ་ཡང་ཉེ་བར་བཏགས་པ་ལས་འདས་པ་དང་མ་འོངས་པའི་ཡུལ་ཅན་ཉིད་དུ་ཁས་བླང་བར་བྱའི། དོན་དམ་པར་ན་དེ་ཡང་ད་ལྟར་བའི་ཡུལ་ཅན་ཁོ་ནའོ། །ཅི་ལྟར་བྱས་པས་ཤེ་ན། གང་ཕྱིར་ད་ལྟར་བའི་དངོས་པོ་ནི་འདས་པའི་རྒྱུ་དང་རྐྱེན་རྣམས་ཀྱི་དངོས་དང་བརྒྱུད་

པས་ཕན་གདགས་པར་བྱ་བ་སྟེ། གང་གི་བར་མ་ཆད་པར་གང་སྐྱེ་བ་དེའི་དངོས་སུ་ཡིན་ལ། གང་རྣམས་ལས་བར་ཆོད་པས་ཡིན་པ་དེ་རྣམས་ཀྱི་བརྒྱུད་པས་སོ། །མ་འོངས་པའི་དངོས་པོ་རྣམས་ཀྱི་ཡང་འདི་ཕན་འདོགས་པར་བྱེད་པ་པོ་སྟེ། དངོས་པོ་གང་རྣམས་དེ་ལས་དེ་མ་ཐག་པར་འབྱུང་བ་དེ་

རྣམས་ཀྱི་ནི་དངོས་སུ་ཡིན་པ་ལ་དེ་ལས་ཕྱིས་ཀྱི་དུས་སུ་འབྱུང་བ་རྣམས་ཀྱི་ནི་བརྒྱུད་པས་སོ། །གང་ཡང་འདི་འདས་པའི་ཕན་གདགས་པར་བྱ་བ་ཉིད་དང་མ་འོངས་པའི་ཕན་འདོགས་པ་པོ་ཉིད་བར་ཆོད་པ་དང་ཅིག་ཤོས་ཀྱང་ཡིན་ཏེ་འདིའི་རང་བཞིན་ནོ། །ད་ལྟར་བའི་དངོས་པོ་དེ་ཡང་བསྒོམ་པ་རབ་ཀྱི་

མཐར་ཐུག་པ་ལས་སྐྱེས་པའི་ཤེས་པས་རྣལ་འབྱོར་པ་རྣམས་ཀྱིས་ཡོངས་སུ་གཅོད་པར་བྱེད་པ་ལས་བདག་ཉིད་ཐམས་ཅད་ཀྱིས་ཡོངས་སུ་གཅོད་པར་བྱེད་དེ། དེ་ལ་ཆ་ཤས་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་དེ་ལྟར་ཡོངས་སུ་གཅོད་པ་ན། ཏིང་ངེ་འཛིན་ལས་ལངས་པའི་རྣལ་འབྱོར་པ་རྣམས་ཀྱི་

དངོས་པོ་དེའི་ཕན་འདོགས་པར་བྱེད་པ་དང་ཕན་གདགས་པར་བྱ་བའི་དོན་གང་ཡིན་པ་འདས་པ་དང་མ་འོངས་པ་དེ་རྣམས་ངོ་ཤེས་པ་མི་བསླུ་བ་རྣམས་བསྒོམས་པ་ལས་བྱུང་བའི་ཤེས་པའི་ཁྱད་པར་གྱི་སྟོབས་ལས་ཉེ་བར་སྐྱེ་སྟེ། གང་རྣམས་ཀྱིས་འདས་པ་དང་མ་འོངས་པའི་དངོས་པོ་རྣམ་པར་གཞག་པ་བྱེད་

པའོ། །དེ་ལྟར་འདས་པ་དང་མ་འོངས་པའི་དོན་གྱི་ཡུལ་ཅན་ཤེས་པ་ནི་རྣལ་འབྱོར་པའི་ཤེས་པའི་འབྲས་བུའོ་ཞེས་པས་རྒྱུ་ལ་འབྲས་བུ་བཏགས་པ་ལས། དེ་ཡང་འདས་པ་དང་མ་འོངས་པའི་ཡུལ་ཅན་ཞེས་བརྗོད་པར་བྱའོ། །དེ་ཡུལ་མེད་པར་འགྱུར་མོད་དེ། དོན་དམ་པར་འདས་པ་དང་མ་འོངས་པ་དག་མེད་

Vol. 193 · folio 75b

པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་ན་ཡང་གསལ་བར་འདས་པ་དང་མ་འོངས་པའི་དོན་སོ་སོར་སྣང་བ་དེ་རྣམ་པར་རྟོག་པ་མེད་པའི་ཕྱིར་དང་མི་བསླུ་བ་ཉིད་ཀྱི་ཕྱིར་མངོན་སུམ་ཉིད་དུ་མི་འགལ་བ་ཁོ་ནའོ། །ཇི་ལྟར་ཁྱེད་ཀྱིས་བརྩད་པ་སྐྱེས་ཟིན་པའི་བློ་མ་འོངས་པའི་ཡུལ་ཅན་ཆོས་ཀྱི་རང་གི་ངོ་བོ་འཛིན་པ་མ་ཡིན་ན་ཡང་མི་

བསླུ་བའི་ཕྱིར་ཚད་མ་ཉིད་དུ་འདོད་པ་དེ་ལྟར་ཁོ་བོ་ཅག་གིས་ཀྱང་ཇི་སྐད་བཤད་པའི་རྒྱུ་ལས་དེ་མངོན་སུམ་ཉིད་དེ། གསལ་བར་འདས་པ་ལ་སོགས་པའི་དོན་སོ་སོར་སྣང་བ་ཉིད་དོ། །སླར་ཡང་དེ་རྣམ་པར་རྟོག་པ་མེད་པ་ཉིད་དང་མི་བསླུ་བ་ཉིད་ནི་རྣལ་འབྱོར་གྱི་སྟོབས་ལས་ཏེ། ལས་དང་ལྷ་ལ་སོགས་པའི་

བྱིན་རླབས་ཀྱི་སྟོབས་ལས་རྨི་ལམ་བདེན་པ་མཐོང་བ་བཞིན་ནོ། །དེའི་ཕྱིར་དགོངས་པ་མེད་པའི་ཡོད་པ་ཞེས་པ་འདི་བྱ་བ་མ་ཡིན་པ་ཁོ་ནའོ། །འོ་ན་ཡང་འདི་ནི་མངོན་སུམ་གྱི་མཚན་ཉིད་མ་ཡིན་པ་ཁོ་ནའོ། །འོན་ཀྱང་འགའ་ཞིག་གིས་རྣལ་འབྱོར་པའི་ཤེས་པའི་མངོན་སུམ་ལ་སོགས་པའི་མཚན་ཉིད་

བརྗོད་པ་དེ་དགག་པའི་དོན་དུ་ཆོས་འདི་བརྗོད་པ་སྟེ། རྩོད་པའི་མཚན་ཉིད་ཀྱི་དོན་གྱི་ཆོས་མངོན་སུམ་གྱི་མཚན་ཉིད་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དེ་འདྲ་བའི་མངོན་སུམ་དང་འབྱུང་བར་འགྱུར་བའི་ཆོས་ཀྱང་ཤེས་པའི་དུས་ན་ཡོད་པ་མ་ཡིན་ཞིང་། དེའི་ཕྱིར་དབང་པོ་ལས་འདས་པའི་དོན་

རྟོགས་པ་ལ་རྒྱུ་མཚན་མ་ཡིན་ཏེ། དེ་ནི་ཡོད་བཞིན་པ་ལ་ཉེ་བར་དམིགས་པ་ཉིད་ཀྱི་ཕྱིར་རོ། །དེ་སྔོན་མ་ཅན་ཉིད་ཀྱི་ཕྱིར་ན། རྗེས་སུ་དཔག་པ་ལ་སོགས་པ་ལ་ཡང་ཆོས་ཀྱི་རྒྱུ་མཚན་དུ་མི་འགྱུར་རོ། །དེའི་ཕྱིར་རྩོད་པའི་མཚན་ཉིད་ཁོ་ནའི་དོན་ཅན་ཆོས་སོ་ཞེས་པས་འདི་འདིར་གཙོ་བོར་རྣམ་པར་བསྒྲུབ་

པར་བྱའི། མངོན་སུམ་གྱི་དོན་འདི་ནི་མངོན་སུམ་གྱི་མཚན་ཉིད་གཙོ་བོར་ནི་མ་ཡིན་ཏེ། མངོན་སུམ་གྲུབ་ཟིན་པ་ཉིད་ཀྱི་ཕྱིར་རྗེས་སུ་བརྗོད་པ་ཙམ་ཁོ་ནར་འདི་བྱ་བའོ་ཞེ་ན། དེ་མི་རིགས་ཏེ། ཚད་མ་རྣམས་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །འདི་ཡང་སྔར་ཁོ་ནར་རྟོགས་པར་བྱས་ཟིན་ཏོ། །གཞན་ཡང་གལ་ཏེ་གྲུབ་

ཟིན་པ་ཉིད་ཀྱི་ཕྱིར་མངོན་སུམ་གྱི་མཚན་ཉིད་འདིས་བསྒྲུབ་པར་བྱ་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཆོས་མངོན་སུམ་གྱི་རྒྱུ་མཚན་ཉིད་དུ་ཡིན་ན། དེ་ལྟར་གྱུར་ན་མངོན་སུམ་རྒྱུ་མཚན་མ་ཡིན་ཏེ། ཡོད་བཞིན་པ་ལ་ཉེ་བར་དམིགས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདི་ཙམ་ཁོ་ན་བརྗོད་པར་བྱའོ། །དེ་ལྟར་འགྱུར་མོད་

Vol. 193 · folio 76a

རང་གི་ངོ་བོ་ངེས་པར་བསྟན་པ་ཡོད་ན། འདི་ལྟ་བུའི་མཚན་ཉིད་ཅན་མངོན་སུམ་མོ་ཞེས་རང་གི་ངོ་བོ་ངེས་པར་ཤེས་པའི་ཕྱིར་དེ་རྒྱུ་མཚན་མ་ཡིན་པ་ཉིད་དུ་འགྲུབ་ཀྱི་གཞན་དུ་ན་མ་ཡིན་ནོ་ཞེ་ན། གལ་ཏེ་རང་གི་ངོ་བོ་ངེས་པར་བསྟན་པ་མེད་པར་དེའི་རང་གི་ངོ་བོ་ཤེས་པ་མ་ཡིན་ན། དེའི་

ཚེ་དེ་གྲུབ་པ་མ་ཡིན་ལ། དེ་ལས་ཀྱང་དེའི་མཚན་ཉིད་སྒྲུབ་པ་ཁོ་ན་ལ་བརྟེན་པའོ་ཞེས་པས་སུན་འབྱིན་པ་ལས་གྲོལ་བ་མ་ཡིན་ནོ། །དབང་པོའི་ཁྱད་པར་ཅན་གྱིས་བརྗོད་ཀྱི་ཞེས་པ། དབང་པོའི་ཁྱད་པར་བྱས་པ་ཁོ་ནའི་ཡུལ་ནི་སྦྱོར་ཟླ་ཅན་ཡིན་ཏེ། ཇི་ལྟར་མིག་གི་གཟུགས་ཞེས་པ་འདི་ལྟ་བུ་ལ་

སོགས་པ་ལྟ་བུའོ། །དེའི་ཕྱིར་འདི་ལྟར་སྨྲ་བར་རིགས་ཏེ། གཟུགས་ལ་སོགས་པ་དང་ཕྲད་པ་ན་ཞེས་པའོ། །ཅི་སྟེ་ཡང་འགྱུར་ཞེས་པ་བདག་དང་དབང་པོ་དང་ཡིད་དང་དོན་ཕྲད་པ་ལས་ཤེས་པ་སྐྱེ་ལ། དེ་ཡང་གཟུགས་ལ་སོགས་པའི་སྒྲ་རྣམས་ཀྱིས་སྨྲ་བར་ནུས་པ་མ་ཡིན་ཏེ། དེའི་ཕྱིར་དེ་

རྟོགས་པའི་ཆེད་དུ་ཡོད་པ་སྨོས་སོ། །དབང་པོ་རྣམས་ཀྱི་ཞེས་པའི་ཚིག་ནི་ཉེ་བར་མཚོན་པའི་དོན་དུ་སྟེ། བྱ་རོག་རྣམས་ལས་ཞོ་སྲུངས་ཤིག་ཅེས་པ་ཇི་ལྟ་བ་བཞིན་ནོ་ཞེས་སེམས་ན། ཡོད་ཙམ་ཞེས་པ་ལ་སོགས་པས་སྒྲུབ་པར་བྱེད་པ་སྔ་མ་ཁོ་ན་གསལ་བར་བྱེད་དོ། །དེ་ལྟར་འགྱུར་མོད། ཡོད་པ་

མ་ཡིན་པ་ལ་དེ་མི་འཇུག་གོ་ཞེས་པས་འདི་ཡོད་པ་མ་ཡིན་ནོ། །དེ་ལྟར་ནི་ཡོད་པ་མ་ཡིན་པ་སྨིག་རྒྱུ་ལ་སོགས་པ་རྣམས་ཀྱི་ཡང་ཡང་དག་པར་སྦྱོར་བ་མཐོང་ལ། དེ་ལས་ཀྱང་གཏན་ཚིགས་མ་གྲུབ་པའོ་ཞེ་ན། གསུངས་པ། གང་ཡང་ཞེས་པ་ལ་སོགས་པ་སྟེ། མངོན་སུམ་ལྟར་སྣང་གི་ཡུལ་ཉིད་

ཀྱི་ཕྱིར་མངོན་སུམ་ལྟར་སྣང་བའོ། །དེ་ཉིད་ཀྱི་ཕྱིར་ཡོད་པ་མ་ཡིན་པ་རྣམས་སོ། །དེའི་ཕྱིར་དེ་རྣམས་དང་ལྷན་ཅིག་འགའ་ཞིག་ཀྱང་ཡང་དག་པར་ཕྲད་པ་མ་ཡིན་ཏེ། དེའི་ཕྱིར་ཡང་དེ་དགག་པའི་ཆེད་དུ་ཡོད་པ་སྨོས་པ་རིགས་པ་མ་ཡིན་ནོ་ཞེས་པའོ། །དེ་ལྟར་འགྱུར་མོད། ཡོད་པ་སྨོས་པ་མེད་ན་ཟླ་བ་

གཉིས་ལ་སོགས་པའི་ཤེས་པ་འཁྲུལ་པ་ཡང་མངོན་སུམ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་བཟློག་པའི་ཆེད་དུ་ཡོད་པ་སྨོས་པའོ་ཞེ་ན། དེ་ནི་ཡང་དག་པ་མ་ཡིན་ཏེ། དེ་ཡང་དག་པར་ཕྲད་པ་སྨོས་པ་ཁོ་ནས་བཟློག་ཟིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པས་འདི་ནི་བརྗོད་ཟིན་ཏོ། །གལ་ཏེ་དེ་ལྟ་ན་དེ་རྣམས་དང་

Vol. 193 · folio 76b

ཡང་དག་པར་ཕྲད་པ་མ་ཡིན་པ་དེ་ཅི་ལྟར་ཆུ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་ཡིན་ཞེ་ན། ཡུལ་གྱི་ཁྱད་པར་ཞེས་པ་ལ་སོགས་པ་སྟེ། མྱ་ངམ་དང་ཚ་སྒོ་ཅན་ལ་སོགས་པའི་ཡུལ་གྱི་ཁྱད་པར་དུའོ། །དེར་ཡང་དུས་ཐམས་ཅད་དུ་མ་ཡིན་གྱི། གང་གི་ཚེ་ཉི་མའི་འོད་ཟེར་རྣམས་ཀྱིས་ཡང་

དག་པར་གདུངས་པར་གྱུར་པ་དེའི་ཚེ་རྒྱུར་འགྱུར་གྱི་གཞན་གྱི་ཚེ་མ་ཡིན་ནོ། །གང་གསུངས་པ་ཉི་མའི་གདུང་བ་ལས་ཞེས་པའོ། །བསྟན་པར་བྱ་བ་མ་ཡིན་པ་ཞེས་པས་རང་གི་མཚན་ཉིད་ནི་བསྟན་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །རིམ་གྱིས་ཞེས་པ་སྔར་དབང་པོའི་ཤེས་པ་སྟེ། དེ་ནས་འདྲ་བ་ཉིད་

དུ་ངེས་པར་བྱེད་པའི་ཡིད་རྣམ་པར་རྟོག་པའོ། །དེ་ནས་ཆུ་ལ་སོགས་པ་དང་འདྲ་བའི་དངོས་པོ་དྲན་པའོ། །དེའི་བར་མ་ཆད་པར་དེ་ཁོ་ན་འདིའོ་ཞེས་པའི་འཁྲུལ་པ་ཡིད་ཀྱི་རྣམ་པར་ཤེས་པ་སྤྱི་ལ་དམིགས་པར་འགྱུར་རོ། །དོན་དེ་མེད་པར་ཡང་ཞེས་པ་ཆུ་ལ་སོགས་པར་བརྟགས་པའོ། །དེ་མ་

ཐག་པའི་རྐྱེན་གྱི་ཁྱད་པར་ཁོ་ནས་སྐྱེ་བའི་ཕྱིར་རོ། །ཅི་སྟེ་ཞེས་པ་ལ་སོགས་པའི་ཁྱད་པར་དུ་བྱས་པ་ཁོ་ན་བྱེ་བྲག་ཏུ་བྱས་པ་ལས་ཡང་དག་པར་རྟེན་པས་བཤད་དོ་ཞེས་སྟོན་པར་བྱེད་དོ། །ཡང་ན་གང་གང་གི་ཞེས་པ་ལེགས་པ་ལ་ཡང་སཏ་ཀྱི་སྒྲ་འཇུག་སྟེ། དཔེར་ན་སྐྱེས་བུ་དམ་པ་ཞེས་པ་

བཞིན་ནོ། །དེ་ཐིམ་ཞེས་པ་འདིར་གཞན་ཡང་། ཇི་ལྟར་ཡོད་པའི་དོན་ཅན་གྱི་སཏ་ཀྱི་སྒྲ་དབང་པོའི་དོན་དང་འཁྲུལ་པ་ལས་དབང་པོའི་དོན་རྟོགས་པའི་ཆེད་དུ་མི་ནུས་པ། དེ་ལྟར་ཐིམ་པའི་དོན་ཅན་ཡང་ངོ་། །དེ་ལྟར་ནི་དབང་པོ་གཞན་གྱི་དོན་རྡུལ་ལ་སོགས་པ་རྣམས་ཀྱང་དབང་པོ་ལ་ཐིམ་

པའོ། །སོགས་པའི་སྒྲས་ནི་རྣ་བ་ལ་སོགས་པའི་ཕྲེང་བ་ལ་སོགས་པ་རྣམས་གཟུང་བར་བྱའོ། །མིག་སྨན་ལ་སོགས་པ་རྣམས་ཀྱི་ཡང་ཕན་འདོགས་པ་པོ་ཉིད་ཀྱི་ཕྱིར། ལེགས་པ་ཉིད་ཡོད་དེ། དེའི་ཕྱིར་དེ་དང་ཕྲད་པ་ན་ཡང་མངོན་སུམ་ཉིད་དུ་འགྱུར་རོ། །འོ་ན་གང་ཞིག་དབང་པོ་གང་ལ་

ཐིམ་སྟེ་གཞན་དུ་འཇུག་པ་མེད་པའི་ཕྱིར་ཞེས་པའི་ཚིག་ལས་དབང་པོ་དེ་ཁོ་ནའི་ཚིག་ལས་ཡུལ་གྱི་དངོས་པོ་ཉེ་བར་གཏོགས་པའི་མཚན་ཉིད་ཅན་གྱི་ཐིམ་པ་འདིར་བརྗོད་པར་འདོད་པ་སྟེ། ལེགས་པའི་དོན་ཡང་འདིར་རུང་བ་ཉིད་ཀྱིས་བརྗོད་ལ། རུང་བ་ཉིད་ཀྱང་འདིར་དབང་པོའི་ཡུལ་གྱི་དངོས་པོར་ཁས་

Vol. 193 · folio 77a

བླང་བར་ནུས་པ་ཁོ་ན་སྨྲ་བར་འདོད་པས་སོ། །རྣམ་པ་འདི་ལྟ་བུའི་ཐིམ་པར་བྱེད་པ་ཉིད་ལ་སོགས་པ་ནི་རྡུལ་ལ་སོགས་པ་རྣམས་ལ་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཅི་ལས་ཐལ་བར་འགྱུར་བ་འདི་ཡིན། འདི་ལས་སཏ་ཀྱི་སྒྲ་ནི་ཡོད་པའི་དོན་ཅན་བཞིན་དུ་ཐིམ་པ་ལ་སོགས་པའི་དོན་

ཅན་ཡང་ཁྱད་པར་རྟོགས་པའི་ཆེད་དུ་མི་ནུས་སོ་ཞེས་བཤད་ཟིན་ཏོ། །གལ་ཏེ་ཡང་རྣམ་པ་འདི་ལྟ་བུར་འདིར་ཐིམ་པ་ལ་སོགས་པར་མངོན་པར་འདོད་ན། དེའི་ཕྱིར་ཕྲད་པའི་སྒྲས་དོན་མེད་དེ། ཡོད་ན་གང་བློ་སྐྱེ་བ་དེ་མངོན་སུམ་མོ་ཞེས་པ་འདི་ཙམ་ཁོ་ནས་ཕྲད་པ་ཡང་ཐོབ་པ་ཉིད་ཀྱི་ཕྱིར་རོ། །དེ་མེད་

པར་རྣམ་པ་འདི་ལྟ་བུའི་ཐིམ་པ་ལ་སོགས་པ་ཁྱོད་ཀྱི་ལུགས་ཀྱིས་སྲིད་པ་མ་ཡིན་པས་སོ། །དེའི་ཕྱིར་ཡང་དག་པར་སྦྱོར་བའི་ཡོད་པ་ནི། ཕན་འདོགས་པ་ཉིད་དང་ལེགས་པ་ཉིད་དུ་འདོད་པར་བྱ་སྟེ། དེ་ལས་ཀྱང་རྡུལ་ལ་སོགས་པ་རྣམས་ལ་ཐལ་བར་འགྱུར་རོ། །སླར་ཡང་འདིར་མི་འདོད་པ་ཅི་

ཡོད། གལ་ཏེ་ཡང་རྡུལ་ལ་སོགས་པ་རྣམས་ཀྱིས། མིག་ལ་སོགས་པའི་དབང་པོ་དང་ཕྲད་པ་ལས། རྡུལ་ལ་སོགས་པའི་ཡུལ་ཅན་གྱི་བློ་ཉེ་བར་སྐྱེད་པ་མ་ཡིན་ན། སྐྱོན་འདི་ཡོད་པ་མ་ཡིན་པ་ཁོ་ན་སྟེ། བློ་སྐྱེ་བ་མངོན་སུམ་མོ་ཞེས་པའི་ཚིག་ལས་སོ། །གང་ཡང་དེ་དང་ཕྲད་པ་ལས་རྣམ་

པར་ཤེས་པ་སྐྱེ་བ་དེ་དེའི་ཡུལ་ཅན་མངོན་སུམ་དུ་འདོད་པ་ཁོ་ནའོ་ཞེ་ན། སྐྱོན་འདི་མེད་དེ། འདིར་རྡུལ་ལ་སོགས་པ་རྣམས་དང་ཕྲད་པ་ལས་དེའི་ཡུལ་ཅན་དབང་པོའི་ཤེས་པ་སྐྱེ་བའི་མངོན་སུམ་ཉིད་དུ་ཐལ་བར་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། མངོན་སུམ་གྱི་ཤེས་པ་སྐྱེ་བའོ། །འདི་སྐད་བཤད་པར་

འགྱུར་ཏེ། གལ་ཏེ་གང་དབང་པོ་ལ་ཐིམ་པའམ་དེ་ལ་ལེགས་པ་དེ་དབང་པོའི་དོན་ཏོ། །རྡུལ་ལ་སོགས་པ་རྣམས་ཀྱང་རྣམ་པ་འདི་ལྟ་བུའོ། །དེས་ན་དེ་དང་ཕྲད་པ་ན་ཡང་མངོན་སུམ་སྟེ་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་པའོ། །འདི་ལྟར་འགྱུར་བ་མ་ཡིན་ཏེ་ཞེས་པ་ལ་སོགས་པས་ཡོད་པའི་སྒྲ་དབང་

པོའི་དོན་ཁོ་ན་ལ་གྲགས་ཤིང་། དེ་བྱེ་བྲག་ཏུ་བཤད་པ་ན་དོན་དང་འབྲེལ་པ་ཅན་གྱི་ཁྱད་པར་ཐིམ་པ་ཉིད་ལ་སོགས་པ་ལ་བརྟེན་པའི་ཕྱིར་རོ། །ཇི་ལྟར་བ་ལང་གི་སྒྲ་བ་ལང་གི་རིགས་ཁོ་ན་ལ་སྟེ། གཞན་དང་ཐུན་མོང་མ་ཡིན་པར་འགྲོ་བ་ལ་བརྟེན་ནས་བྱེ་བྲག་ཏུ་བཤད་པ་བཞིན་ཞེས་སྟོན་ཏེ། མི་

Vol. 193 · folio 77b

མཐུན་པ་ཉེ་བར་བཀོད་པ་ཞེས་དཔེ་དང་དཔེ་ཅན་དག་མི་མཐུན་པ་ཉིད་ཀྱི་ཕྱིར་རོ། །གྲགས་པའི་སྟོབས་ཀྱིས་ནི་ཁྱད་པར་ལ་བརྟེན་ནས་བྱེ་བྲག་ཏུ་བཤད་པ་བྱ་ན། ཡོད་པའི་སྒྲ་དབང་པོའི་དོན་ལ་གྲགས་པ་ཡང་མ་ཡིན་ནོ་ཞེས་པ་འདི་ནི་ཡང་དག་པ་མ་ཡིན་ནོ། །དེ་ཡི་བར་ཆད་མེད་ལ་གནོད། །ཅེས་

པ། ཕྲད་པ་ནི་བར་མ་ཆོད་པ་ཉིད་དོ། །གལ་ཏེ་ཞེས་པ་ལ་སོགས་པས་དོན་ཀུན་ཡང་དག་ཕྲད་པའི་སྒྲའི་དོན་གསུངས་སོ། །འོ་ན་ཡང་དག་པར་ཕྲད་པའི་སྒྲས་བྱ་བའི་ཁྱད་པར་ཐོབ་པར་བྱ་བ་མ་ཡིན་ནམ། དེས་ན་སྐྱོན་འདི་ག་ལས་ཡིན་ཞེ་ན། དབང་པོའི་བྱ་བ་ཡང་ཅི་ཡིན། གལ་ཏེ་འཛིན་

པའོ་ཞེ་ན། དེ་ཁོ་ན་རྣམ་པར་ཤེས་པའོ་ཞེས་པས་རྣམ་པར་ཤེས་པ་ཁོ་ན་རྣམ་པར་ཤེས་པ་ལས་སྐྱེའོ་ཞེས་བརྗོད་པར་འགྱུར་ཞིང་། དེ་ཡང་མི་རིགས་ཏེ། མིག་གི་རྣམ་པར་ཤེས་པ་མེད་པར་ཡང་མིག་གི་རྣམ་པར་ཤེས་པ་ཡོད་པར་འགྱུར་བའི་ཕྱིར་རོ། །ཅི་སྟེ་རབ་ཏུ་གསལ་བའོ་ཞེ་ན་མིག་

ཁོ་ན་གཟི་དང་ལྡན་པ་ཉིད་དུ་མངོན་པར་འདོད་པ་ཉིད་ཀྱི་ཕྱིར་དེ་ཁོ་ནའི་རབ་ཏུ་གསལ་བར་འགྱུར་གྱི། གཞན་རྣམས་ཀྱི་ནི་མ་ཡིན་ནོ། །ནམ་མཁའི་རང་བཞིན་རྣ་བ་ཡང་བྱ་བ་མེད་པ་ཉིད་ཀྱི་ཕྱིར་ག་ལས་བྱ་བ་ཡིན། ཕྲད་པ་སྨོས་པ་ཡང་དོན་མེད་པ་སྟེ། གང་གི་ཕྱིར་བློ་སྐྱེ་བ་ལ་བྱེད་པ་རྣམས་ཀྱི་

བྱ་བས་གདོན་མི་ཟ་བར་འབྱུང་བར་འོས་པའི་ཕྱིར་རོ། །འཇིག་རྟེན་ན་ཕྲད་པའི་སྒྲའི་བྱ་བའི་དོན་ཅན་དུ་གྲགས་པ་ཡང་མ་ཡིན་ཞིང་། རབ་ཏུ་གྲགས་པའི་དོན་སྨོས་པ་ཡང་མདོར་ཁས་བླངས་པ་སྟེ། དེས་ན་ཕྱོགས་འདི་ཤིན་ཏུ་མི་རིགས་སོ་ཞེས་པ་ཕྲད་པའི་ཕྱོགས་ཁོ་ན་བརྟེན་པར་བྱ་བའོ། །དེ་

ལས་ཀྱང་ཇི་སྐད་བཤད་པའི་མི་འདོད་པར་ཐལ་བར་འགྱུར་རོ་ཞེས་པའོ། །འགྲེལ་པ་བྱེད་པས་ནི་གང་ཡང་བློ་སྐྱེ་བ་ཞེས་པ་རྒྱན་དང་བཅས་པའི་ངག་བརྗོད་དོ་ཞེས་པ་དེའི་ཕྱིར། འདི་གསུངས་པ། བློ་ཡི་རྒྱུ་ཡི་ཚོགས་པ་ན། །ཞེས་པ་ལ་སོགས་པ་སྟེ། དེ་ཞེས་པ་ཡོན་ཏན་དུ་གྱུར་ཀྱང་བློ་ལ་སྙེག་གི །

ཚོགས་པ་ལ་མ་ཡིན་ཏེ་དེ་ལ་མེད་པའི་བུད་མེད་ཀྱི་རྟགས་ཉེ་བར་བཀོད་པའི་ཕྱིར་དང་འགྲེལ་བར་ཡང་དེ་ལྟར་རྣམ་པར་བཤད་པའི་ཕྱིར་རོ། །འདུས་བྱས་པ་ནི་ཆོས་དང་ཆོས་མ་ཡིན་པ་དག་གམ། བདག་གི་ཡོན་ཏན་ཤེས་པ་ལས་སྐྱེས་པ་ཤེས་པའི་རྒྱུ་སྟེ། འདུས་བྱས་པའི་ཁྱད་པར་གྱིས་ཤེས་པའི་ཁྱད་

Vol. 193 · folio 78a

པར་སྐྱེ་བའི་ཕྱིར་རོ། །གཞན་ཞེས་པ་ལ་སོགས་པས། གང་ཡོད་པ་མ་ཡིན་པ་དེ་མངོན་སུམ་མ་ཡིན་ཏེ། ནམ་མཁའི་མེ་ཏོག་བཞིན་ཚོགས་པ་ལ་སོགས་པ་ལས་ཐ་དད་པའི་རྒྱུ་ཡང་དེ་ལྟ་བུའོ་ཞེས་ཁྱབ་པར་བྱེད་པ་མེད་པ་གསུངས་སོ། །བློ་སྐྱེ་བ་ཞེས་པས་ཡང་ཅི་བྱ་ཞེས་པ་འདིས་

ཀྱང་གང་དོན་མེད་པ་དེ་བྱ་བ་མ་ཡིན་ཏེ། དེ་ལས་གཞན་པའི་དོན་མེད་པ་ཅན་བཞིན། བློ་སྐྱེ་བ་སྨོས་པ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་པར་བྱེད་པ་འགལ་བའོ། །དེ་ལྟར་འགྱུར་མོད། དེ་མེད་ན་བློ་སྐྱེ་བའི་རྒྱུ་མ་ཡིན་པའི་ཡང་དག་པར་ཕྲད་པ་ཡང་མངོན་སུམ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཡང་དག་པར་ཕྲད་

པའི་ཁྱད་པར་གྱི་དོན་དུ་དེ་བྱའོ་ཞེ་ན། འདི་ན་ཡོད་པ་མ་ཡིན་ཏེ། གང་ཕྱིར་ཕྲད་པ་ནི་བློ་སྐྱེ་བའི་རྒྱུ་མ་ཡིན་པ་ཉིད་སྲིད་པ་མ་ཡིན་ཏེ། འབྲས་བུ་ནི་དེའི་ཡོད་པ་ཉིད་རྗེས་སུ་དཔོག་པས་སོ། །དེ་མེད་ན་དེའི་རྟོགས་པ་ག་ལས་ཡིན། བྱ་བའི་ཁྱད་པར་ཡང་བློའི་འབྲས་བུར་ངེས་པར་བྱ་སྟེ། དེ་ལྟར་ནི་རེ་ཞིག་

དངོས་པོ་གཞན་རྣམས་ཀྱང་རྒྱལ་དཔོག་གི་སློབ་མ་རྣམས་ཀྱིས་བྱ་བས་རྗེས་སུ་དཔག་པར་བྱར་འདོད་དེ། དབང་པོ་ལས་འདས་པ་རྣམས་དབང་པོ་རྣམས་ལྟ་ཅི་སྨོས། ཡང་ཅི་ལྟར་རྣམ་པར་དབྱེ་བ་ཐ་དད་པའི་ཁྱད་པར་ནི་གཞི་མཚུངས་པ་ཅན་དུ་འགྱུར་ཏེ། ཡང་དག་པར་ཕྲད་པ་ན་བློ་སྐྱེ་བ་ཞེས་པའོ། །

ཅི་སྟེ་གཞི་མཐུན་པ་དང་བྲལ་བའི་ཁྱད་པར་སྐྱེས་བུའི་རྒྱལ་པོ་ལྟ་བུ་ཡིན་ན། དེའི་ཚེ་ཡང་དག་པར་ཕྲད་པ་ཁོ་ན་བློ་སྐྱེ་བའི་ཁྱད་པར་དུ་འགྱུར་རོ་ཞེས་པ་འདི་སྙིང་པོ་མེད་པའོ། །གཞན་ཡང་ཞེས་པ་ལ་སོགས་པས། གང་དབང་པོའི་ངོར་འཇུག་པ་མ་ཡིན་ཏེ། མངོན་པར་འདོད་པའི་མངོན་སུམ་མ་ཡིན་

པ་བཞིན། ཇི་སྐད་བཤད་པའི་ཚོགས་པ་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་པར་བྱེད་པ་མི་དམིགས་པ་གསུངས་སོ། །འདུ་བྱེད་ལྡན་ཞེས་པ་འདུ་བྱེད་པ་དང་བཅས་པའོ། །ཡིད་དང་དབང་པོ་ཕྲད་པ་དང་དབང་པོ་དང་དོན་ཕྲད་པ་དབང་པོའི་ངོར་འཇུག་གོ་ཞེས་པ་དེའི་ཕྱིར་དེ་བརྗོད་ཅེས་གསུངས་སོ། །གང་ཡང་

རྟོགས་པ་ཞེས་པ། དེའི་བསམ་པ་ནི། དབང་པོ་དང་ཕྲད་པ་ཁོ་ན་ཤེས་པའི་ཐུན་མོང་མ་ཡིན་པའི་རྒྱུ་སྟེ། དེའི་ཕྱིར་དེ་ཁོ་ན་གང་ལས་བློ་སྐྱེ་བ་ཞེས་པས་འདིར་མིང་ཐམས་ཅད་པའི་རྒྱུ་ཉིད་ཀྱི་མཆོག་ཏུ་སྙེག་པ་སྟེ། དེ་ཡང་དབང་པོའི་ངོར་འཇུག་པའི་ཕྱིར་མངོན་སུམ་དུ་བསྟན་པར་རིགས་སོ་ཞེས་པའོ། །

Vol. 193 · folio 78b

དེ་ཡང་གཉིས་ལ་གནས་པའི་ཕྱིར་རོ་ཞེས་པ་དབང་པོ་དང་དོན་ལ་འཇུག་པ་ཉིད་ཀྱི་ཕྱིར་གཉིས་ལ་གནས་པ་ཉིད་དོ། །དེས་ཀྱང་དབང་པོ་ཁོ་ན་འདིའི་ཐུན་མོང་མ་ཡིན་པའི་རྒྱུ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་ནི་དེ་གཉིས་ལ་གནས་པ་ཉིད་ཀྱི་ཕྱིར། ཇི་ལྟར་དབང་པོ་གཞན་དེའི་རྒྱུ་མ་ཡིན་པ་དེ་ལྟར་ཡུལ་

གཞན་ཡང་སྟེ། ཇི་ལྟར་ཡང་ཡུལ་ནི་དབང་པོ་མ་ཡིན་པ་གཞན་གྱིས་ཀྱང་སྦྱོར་བ་ཡིན་པ་དེ་ལྟར་དབང་པོ་ཡང་ཡུལ་མ་ཡིན་པ་གཞན་གྱིས་ཀྱང་ངོ་ཞེས་པས་བྱེ་བྲག་མེད་དོ། །ཐུན་མོང་མ་ཡིན་པས་ཀྱང་འཇིག་རྟེན་ན་ཐ་སྙད་བྱེད་པ་མཐོང་ཞེས་སྔར་བཤད་ཟིན་ཏོ། །དེའི་ཕྱིར་དབང་པོ་ཁོ་ནས་ཐ་སྙད་དུ་བྱ་བ་

མ་ཡིན་ནོ་ཞེས་གསུངས་པ། འདི་ནི་བརྟག་བྱ་མ་ཡིན་ནོ། །ཞེས་པའོ། །གང་ལས་གང་ངེས་པ་ཞེས་པ་ལ་སོགས་པ་གང་ལས་བློ་སྐྱེ་བ་དེ་མངོན་སུམ་མོ་ཞེས་པ་འདིའི་འདི་བཤད་པའོ། །འདི་སྐད་བརྗོད་པར་འགྱུར་ཏེ། དབང་པོ་ལ་སོགས་པ་ཕྲད་པ་གང་ལས་འདི་བ་ལང་ཁོ་ནའོ་ཞེས་པ་ལ་

སོགས་པ་ངེས་པའི་ཤེས་པ་སྐྱེ་བ་དེ་མངོན་སུམ་མོ་ཞེས་པའོ། །དེ་ཡང་རིགས་པ་མ་ཡིན་ཏེ་ཞེས་པ་རྣམ་པ་འདི་ལྟ་བུའི་ཤེས་པ་ནི་དབང་པོ་ལ་སོགས་པ་ཡང་དག་པར་ཕྲད་པ་ལས་ཡང་དག་པར་འབྱུང་བ་མ་ཡིན་པའི་ཕྱིར་རོ། །ཅི་ལྟར་ཞེ་ན། གསུངས་པ། བ་ལང་ལ་སོགས་སྦྱོར་ལས་ཞེས་པ་ལ་

སོགས་པ་སྟེ། ཡང་གི་སྒྲ་ནི་རྒྱུའི་དོན་ལའོ། །གང་གི་ཕྱིར་བ་ལང་ཉིད་ལ་སོགས་པའི་ཁྱད་པར་དང་འབྲེལ་པ་ལས་དོན་ལ་བ་ལང་ཉིད་ལ་སོགས་པར་ངེས་པར་བྱ་བ་ཡིན་ན། དབང་པོའི་བློ་ལ། ཁྱད་པར་དང་ཁྱད་པར་ཅན་དག་སྦྱོར་བར་ནུས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་མཚན་ཉིད་མི་སྲིད་

པའོ་ཞེས་པས་མི་རིགས་སོ། །ཁྱོད་ཀྱི་ལུགས་ཀྱི་ཞེས་པ་གང་གི་ཕྱིར་ཕ་རོལ་པོས་བ་ལང་ཉིད་ལ་སོགས་པ་རྣམས་དང་། དེའི་རྟེན་རྫས་ཀྱང་དངོས་པོ་ཉིད་དུ་ཁས་བླངས་ཏེ། དེའི་ཕྱིར་དེའི་ཡུལ་ཅན་ཉིད་དུ་དབང་པོའི་བློ་དོགས་པར་འགྱུར་རོ། །རྗེས་སུ་མཚམས་སྦྱོར་བ་ལ་ནི་ཁྱད་པར་དང་

ཁྱད་པར་ཅན་དངོས་པོར་གྱུར་པ་དག་ལ་ཡང་དབང་པོའི་བློས་ནུས་པ་མ་ཡིན་ནོ། །དེ་ལྟར་ནི་ཕ་རོལ་པོའི་ལུགས་ཀྱིས་དྲི་གཟུགས་ཅན་གྱི་དབང་པོའི་ཡུལ་དང་རྫས་ཀྱང་ཡིན་པ་དེ་ལྟ་ན་ཡང་དེ་དག་ཕན་ཚུན་རྗེས་སུ་མཚམས་སྦྱོར་བ་ན། དེའི་ནུས་པ་ཁས་བླང་བར་བྱ་བ་མ་ཡིན་ཏེ། དྲི་བཟང་པོ་རྫས་

Vol. 193 · folio 79a

སོ་ཞེས་པ་འདི་གལ་ཏེ་མིག་གི་རྣམ་པར་ཤེས་པ་ཡིན་ན་དྲིའི་ཡུལ་ཅན་མ་ཡིན་ཞིང་། དེ་སྟེ་སྣའི་རྣམ་པར་ཤེས་པ་ཡིན་ན་རྫས་ཀྱི་ཡུལ་ཅན་ཉིད་དུ་མི་འཐད་པའི་ཕྱིར་རོ། །རང་གི་ལུགས་ཀྱིས་ནི་རིགས་དང་རྫས་དག་ཀྱང་ཡོད་པ་མ་ཡིན་པ་ཉིད་ཀྱི་ཕྱིར། ཡོད་པ་མ་

ཡིན་པ་ཀུན་ནས་ལྟ་བའོ་ཞེས་བསྟན་པའི་ཆེད་དུ་ཁྱོད་ཀྱི་ལུགས་ཀྱིས་ཞེས་གསུངས་སོ། །འོ་ན་གཟེགས་ཟན་བརྟག་པར་དོན་འདི། ཡུལ་ལ་ལྟ་དོན་ཅན་ཉིད་ཕྱིར། །ཁྱད་པར་རྣམས་ཀྱིས་མཚམས་སྦྱོར་མིན། །ཞེས་པ་བཤད་ཟིན་པ་ཁོ་ན་སྟེ། དེ་སླར་ཡང་བརྗོད་པ་ཅི་ཞེ་ན། དེ་ཁོ་ན་རང་གིས་

རིག་བྱ་ཞེས་པ་ལ་སོགས་པས་བར་མ་ཆད་པར་ཆད་པར་འགྱུར་བའི་རིགས་པས། ཤིན་ཏུ་གསལ་བར་བྱས་པའི་དོན་དུའོ། །དེ་ལྟར་འགྱུར་མོད། མཚམས་སྦྱོར་བ་མེད་པར་ཡང་ངེས་པར་འགྱུར་རོ་ཞེ་ན་གསུངས་པ་མ་ཡིན་ཞེས་པ་ལ་སོགས་པའོ། །དེའི་ཕྱིར་ཡིད་ལས་བྱུང་བ་ཞེས་པ་སྟེ། གང་གི་

ཕྱིར་དེ་ལྟར་དབང་པོ་ལས་སྐྱེས་པས་སྦྱོར་བ་མ་ཡིན་ནོ་ཞེས་པ་དགོངས་པའོ། །ཐ་མི་དད་པར་ཉེ་བར་འདོགས་པ་སྟེ། ཁྱད་པར་རྗོད་པར་བྱེད་པའི་ངོ་བོ་དང་། ཁྱད་པར་ཅན་བརྗོད་པར་བྱ་བའི་རྟོགས་པའོ། །རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་དག་ལས་ཡང་ཞེས་སྨོས་པ་ནི་དཔེའི་དོན་དུའོ། །གང་

ཐ་མི་དད་པར་ཉེ་བར་འདོགས་པའི་ཤེས་པ་དེ་ཡིད་ཀྱི་ཡིན་ཏེ། རྗོད་པར་བྱེད་པ་དང་བརྗོད་པར་བྱ་བ་ཐ་མི་དད་དུ་ཉེ་བར་འདོགས་པའི་རྟོགས་པ་བཞིན། བ་ལང་ཁོ་ན་འདིའོ་ཞེས་པ་ལ་སོགས་པའི་ཤེས་པ་ཡང་དེ་ལྟ་བུའོ། །རང་བཞིན་ནོ། །ཅིའི་ཕྱིར་ཞེ་ན་ཞེས་པ་ཁྱབ་པ་མི་སྲིད་པར་དྲིས་པའོ། །རང་

གིས་རིག་བྱ་ནི་ཞེས་པ་ལ་སོགས་པས་གཏན་ཚིགས་གསུངས་སོ། །འདི་ཡང་དུ་མའི་ངོ་བོའི་ཆོས་ཅན་ནི་ཞེས་པ་འདིའི་ནང་དུ་བཤད་ཟིན་ཏོ། །ཐུན་མོང་མ་ཡིན་པས་ཞེས་པ། ཐུན་མོང་བ་ནི་འགའ་ཞིག་ཏུ་ཉེ་བར་སྦྱོར་བ་མ་ཡིན་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །དེ་འདིས་ནི་ཐ་སྙད་དུ་བྱ་བ་མ་ཡིན་པ་ཁོ་ན་

རང་གི་མཚན་ཉིད་ཡིན་ཞིང་དབང་པོའི་བློའི་ཡུལ་ཏེ། ཐ་སྙད་དུ་བྱ་བ་སྤྱི་ནི་མ་ཡིན་ནོ། །དེའི་ཕྱིར་དེས་ནི་ཐ་དད་མེད་པར་ཡང་ཉེ་བར་གདགས་པ་བྱ་བར་ནུས་པ་མ་ཡིན་ནོ་ཞེས་གསལ་བར་བྱས་སོ། །གང་གང་ཞིག་གི་ཡུལ་མ་ཡིན་པ་དེ་དེས་ཐ་མི་དད་པར་ཉེ་བར་གདགས་པ་བྱ་བར་ནུས་པ་མ་

Vol. 193 · folio 79b

ཡིན་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་སྒྲས་བཞིན། བ་ལང་ཉིད་ལ་སོགས་པའི་སྤྱི་ཡང་དབང་པོའི་བློའི་ཡུལ་མ་ཡིན་ནོ། །ཁྱབ་པར་བྱེད་པ་དང་འགལ་བའོ། །དེ་ལས་ཀྱང་འདི་ནི་ཡིད་ཀྱི་ཁོ་ནའོ་ཞེས་གནས་སོ། །ཅི་སྟེ་ཡང་ཞེས་པ་མ་གྲུབ་པ་ཉིད་དུ་དོགས་པར་བྱེད་དེ། རྣམ་

པ་ཐམས་ཅད་ཅེས་པ་ཤེས་བྱ་ཉིད་ལ་སོགས་པའི་རྣམ་པས་ཀྱང་ཞེས་པའི་དོན་ཏེ། དེ་ལས་སྐྱོན་ཅི་ཡོད་ཅེ་ན་གསུངས་པ། རྣམ་ཀུན་ཞེས་པ་ལ་སོགས་པ་སྟེ། རྣམ་ཀུན་དོན་གྱི་རྣམ་ཤེས་ནི། །གནས་ན་སྟེ། རྣམ་པ་ཐམས་ཅད་ཀྱི་དོན་རྟོགས་པ་ལ་འཇུག་བཞིན་པར་གྱུར་པ་ན། མངོན་སུམ་བློར་མི་

འགྱུར་ཞེས་སྦྲེལ་ཏེ། མངོན་སུམ་གྱི་སྒྲའི་བརྗོད་བྱ་མ་ཡིན་པར་འགྱུར་རོ་ཞེས་པའི་དོན་ཏོ། །འདི་ཅི་ལས་ཤེ་ན། གསུངས་པ། མངོན་སུམ་གྱི་སྒྲ་ནི་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་བཤད་འགྲེལ་བྱེད་པ་པོའི་འདོད་པས་མངོན་སུམ་གྱི་སྒྲ་གསུམ་རྣམས་ཁོ་ན་ལ་འཇུག་སྟེ། ཚད་མ་

ལ་ནི་དངོས་སོ་ཞེས་པའོ། །ཕྲད་པ་ལ་ནི་མངོན་སུམ་གྱིས་གཞལ་ཟིན་པ་གཉིས་ཀྱི་ཕྱིར་ཞེས་པ་སྟེ། བྲེས་གཞལ་ཟིན་པ་ལ་ནི་བྲེར་ཉེ་བར་འདོགས་པ་བཞིན་ནོ། །ཤེས་པ་ལ་ཞེས་པ་ནི་འབྲས་བུ་ལའོ། །དབང་པོ་ལ་སོ་སོར་འཇུག་པ་ཞེས་པ་འདིས་ཆོས་མཐུན་པ་ཉིད་ཀྱིས་ཚད་མ་དང་

མཚུངས་པ་ཉིད་ཀྱི་ཕྱིར་མངོན་སུམ་དུ་ཉེ་བར་བཏགས་པར་རིགས་ཏེ། བྲམ་ཟེའི་ཁྱེའུ་ལ་སེང་གེ་ཞེས་པ་བཞིན་ནོ། །གལ་ཏེ་ཡང་ཞེས་པ་ལ་སོགས་པས། རྣམ་ཀུན་དོན་གྱི་རྣམ་ཤེས་ནི། །གནས་པ་ཞེས་པ་འདི་བཤད་དེ། །དེ་ཞེས་པ་ལ་སོགས་པ་ནི། །མངོན་སུམ་བློ་མིན་འགྱུར་ཞེས་པ་འདིའོ། །

དབང་པོའི་ལྟོས་པ་དང་ཞེས་པ། སྤྱིའི་བློ་རྣམས་ནི་འདས་པ་ལ་སོགས་པ་རྣམས་ལ་ཡང་ཡོད་པའི་ཕྱིར་ལོང་བ་ལ་སོགས་པ་རྣམས་ལ་ཡང་ངོ་། །ཐ་མི་དད་པར་ཉེ་བར་འདོགས་པར་ཞུགས་པ་ཞེས་པ་ཐ་དད་མེད་པར་ཉེ་བར་བཏགས་པའི་བློ་རྣམས་ཀྱང་འདི་ལྟ་བུའི་རྣམ་པ་ཅན་རྣམས་ཁོ་ནའོ། །

ཡང་ན་ཡོད་པ་མ་ཡིན་པས་ཀྱང་ཐ་མི་དད་པར་ཉེ་བར་འདོགས་པར་བྱེད་དེ། ཇི་ལྟར་གཙོ་བོའི་རང་བཞིན་གྱི་གྲངས་ཅན་པའི་སྐྱེས་བུ་འདིའོ་ཞེས་པ་ལྟར་རོ། །འདི་ལྟ་བུའི་རྣམ་པ་དབང་པོ་ལ་སོགས་པ་ཕྲད་པ་ལས་སྐྱེས་པའི་ཤེས་པར་འདོད་པ་ཡང་མ་ཡིན་ཏེ། སྤྱི་དབང་པོའི་བློའི་ཡུལ་མ་

Vol. 193 · folio 80a

ཡིན་ནོ་ཞེས་བསྒྲུབས་ཀྱང་ཟིན་ཏོ། །དབང་པོའི་གཞན་དབང་དུ་མ་ཡིན་པར་འགྱུར་རོ་ཞེས་པ་ཤུགས་ལས་མངོན་སུམ་གྱི་སྒྲས་བརྗོད་པར་བྱ་བའི་ངོར་ཞེས་རྟོགས་པར་བྱའོ། །དེ་ལྟར་ནི་མངོན་སུམ་གྱི་སྒྲའི་བརྗོད་པར་བྱ་བ་མ་ཡིན་ཉིད་རྟོགས་པར་བྱས་པ་ཉིད་ཀྱིས་སྐབས་སུ་བྱས་

སོ། །འདི་ནི་འདི་ལྟར་གདོན་མི་ཟ་བར་རྣམ་པར་ཤེས་པར་བྱ་སྟེ། གཞན་དུ་ན་དབང་པོ་ལ་མི་ལྟོས་པ་དང་། དབང་པོའི་གཞན་དབང་དག་ཅེས་པ་འགལ་བར་འགྱུར་རོ། །དེ་འདི་སྐད་བཤད་པར་འགྱུར་ཏེ། ཤེས་པ་སྐྱེ་བ་ན་དབང་པོའི་གཞན་དབང་ཅན་དུ་མངོན་སུམ་དང་ཆོས་མཐུན་པའི་ཕྱིར་མངོན་

སུམ་དུ་ཉེ་བར་བཏགས་པ་ནི་ཡང་ན། མངོན་སུམ་གྱི་མཉན་པ་འཇུག་པའི་རྒྱུ་མཚན་ཏེ། དེ་མེད་ན་དེ་འཇུག་པ་མ་ཡིན་ནོ་ཞེས་པའོ། །རྒྱུ་མཚན་ཅན་གྱི་མཉན་པ་གང་ཡིན་པ་དེའི་རྒྱུ་མཚན་གང་ན་མེད་པ་དེར་དེ་འཇུག་པ་མ་ཡིན་ཏེ། དཔེར་ན་དབྱུག་པ་དང་བྲལ་བའི་སྐྱེས་བུ་ལ་དབྱུག་པ་ཅན་གྱི་

མཉན་པ་བཞིན། ཇི་སྐད་བཤད་པའི་ཤེས་པ་ལ་ཡང་མངོན་སུམ་གྱི་མཉན་པའི་རྒྱུ་མཚན་ཡོད་པ་མ་ཡིན་ནོ་ཞེས་པ་རྒྱུ་མི་དམིགས་པའོ། །རྣམ་པ་ཐམས་ཅད་དུ་ཞེས་པ་ལ་སོགས་པས་སྐྱོན་གཞན་གསུངས་སོ། །ཡོན་ཏན་ཉིད་ལ་སོགས་པ་སྤྱིའི་ཆོས་རྣམས་ནི་གཟུགས་དང་སྒྲ་ལ་སོགས་པ་ཐམས་ཅད་དུ་ཡོད་པའི་

ཕྱིར་ན། ཇི་ལྟར་མིག་གིས་གཟུང་བར་བྱ་བ་ཉིད་ཡིན་པ་དེ་ལྟར་རྣ་བ་ལ་སོགས་པ་རྣམས་ཀྱིས་ཀྱང་ངོ་ཞེས་པས་དབང་པོ་གཞན་གྱི་ཡུལ་ལ་ཡང་དབང་པོ་གཞན་འཇུག་གོ། །དེའི་ཕྱིར་དབང་པོ་དུ་མ་བརྟག་པ་དོན་མེད་པ་ཉིད་དུ་འགྱུར་རོ། །འབྲས་བུ་གཞན་པ་འཐོབ་མ་ཡིན། །རྟོགས་པ་ནི་ཤེས་པའི་འབྲས་

བུ་ཡིན་པ་སྟེ། དེ་གལ་ཏེ་ཚད་མ་ཡིན་ན་འབྲས་བུ་གཞན་པ་མེད་དོ། །ཉམས་པ་ཉེ་བར་བླང་བྱ་ལ་ལྟོས་པའི་བློ་རྣམས་འབྲས་བུའོ་ཞེས་བརྟགས་པར་རིགས་པ་ཡང་མ་ཡིན་ཏེ། ཆུ་ལ་སོགས་པ་དྲན་པས་བར་དུ་ཆོད་པའི་ཕྱིར་རོ། །བར་དུ་ཆོད་པ་དང་བར་དུ་ཆོད་པ་མ་ཡིན་པ་དག་ལས་ཀྱང་བར་དུ་མ་ཆོད་

པ་ཁོ་ན་འབྲས་བུར་གཟུང་བར་བྱའོ། །ཡུལ་ཐ་དད་པ་ཉིད་ཀྱི་ཕྱིར་ཡང་འབྲས་བུར་དེ་རྣམས་མི་རིགས་ཏེ། གང་ཕྱིར་མངོན་སུམ་ནི་གཟུགས་ལ་སོགས་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་ལ། དེ་རྣམས་ནི་འདེགས་པ་ལ་སོགས་པ་བྱ་བའི་ཡུལ་ཅན་རྣམས་སོ། །བློ་ཡི་ཡང་ཞེས་པ་ལ་སོགས་

Vol. 193 · folio 80b

པ་སྟེ། བློ་སྐྱེ་བ་མདོར་མངོན་སུམ་དུ་བཤད་ལ། དེ་ཡང་བློ་ལས་གཞན་ནམ་གཞན་མ་ཡིན་པ་གཅིག་ཏུ་འགྱུར། དེ་ལ་གལ་ཏེ་གཞན་དུ་འདོད་ན། དེ་ཁོ་ན་ཚད་མར་འགྱུར་རོ། །སྐྱེ་བ་ཡང་ཀ་ཎ་བྷུ་ཛཱ་ནི་བདག་ལ་རང་གི་རྒྱུ་ལ་བློའི་འདུ་བ་སྟེ། ཡང་ན་ཡོད་པ་ཉིད་དང་ཡོན་ཏན་ཉིད་དང་བློ་ཉིད་འདུ་

བ་སྟེ་ཤེས་པ་འབྲས་བུ་ལའོ། །དཔྱོད་པ་རྣམས་ཀྱིས་ཀྱང་དེའི་ལུགས་ཁོ་ན་ལ་བརྟེན་ཏོ། །དེ་ཡང་གང་གི་ཕྱིར་བཤད་འགྲེལ་བྱེད་པའི་ལུགས་ཀྱིས་འདུ་བ་མངོན་སུམ་དུ་ཐོབ་ཅིང་། དེ་མངོན་སུམ་ཉིད་དུ་རིགས་པ་མ་ཡིན་ཏེ། དོན་ལ་འཁྲུལ་པའི་ཕྱིར་རོ། །དེ་ལྟར་ནི་རྟག་པ་ཉིད་ཀྱི་ཕྱིར་དོན་མེད་ན་ཡང་

དེ་ཡོད་པས་སོ། །གང་དོན་ལ་འཁྲུལ་པ་དེ་མངོན་སུམ་མ་ཡིན་ཏེ། ལོག་པའི་ཤེས་པ་བཞིན། འདུ་བ་ཡང་དེ་ལྟ་བུའོ། །འགལ་བས་ཁྱབ་པའོ། །ཅི་སྟེ་འགྲེལ་པ་བྱེད་པའི་འདོད་པས་གང་ལས་བློ་སྐྱེ་བ་དེ་མངོན་སུམ་ཡིན་པ། དེ་ལྟ་ན་ཡང་རྟག་པ་ཉིད་ཀྱི་ཕྱིར་འདུ་བ་ནི་འགའ་ཞིག་ལས་

ཀྱང་སྐྱེ་བ་མ་ཡིན་ནོ་ཞེས་པས་ཡུལ་མེད་པའི་མཚན་ཉིད་དོ། །དེའི་ཕྱིར་གཉི་ག་ལྟར་ན་ཡང་ནི་གལ་ཏེ་མདོ་བྱེད་པ་པོའི་འདོད་པས་ཡིན་ན་དང་། གལ་ཏེ་འགྲེལ་པ་བྱེད་པ་པོའི་འདོད་པས་ཡིན་ནའོ། །ཡང་ན་གལ་ཏེ་རང་གི་རྒྱུ་ལ་འབྲས་བུ་འདུ་བ་བློ་སྐྱེ་བར་འདོད་ན་དང་། གལ་ཏེ་ཡོད་པ་ཉིད་

ལ་སོགས་པ་རྣམས་འབྲས་བུ་ཤེས་པ་ལ་འདུ་བ་ཡིན་ན་སྟེ། གཉིས་ཀ་ལྟར་ན་ཡང་མངོན་སུམ་ཉིད་དུ་རིགས་པ་མ་ཡིན་ནོ། །ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། གཞན་མ་ཡིན་པ་ཉིད་ན། བློ་ཁོ་ན་སྐྱེ་བའོ་ཞེས་པས་སྐྱེ་བ་སྨོས་པ་ལུགས་གཉིས་ཀ་ལ་ཡང་དོན་མེད་པའོ། །འོ་ན་སྐྱེ་བ་སྨོས་པའི་དགོས་པ་སྐྱེ་བཞིན་

པའི་གནས་སྐབས་ཀྱི་བློ་ཁོ་ན་ཚད་མ་ཉིད་དུ་ཤེས་པར་བྱ་བའི་དོན་དུའོ་ཞེས་བཤད་ཟིན་པ་མ་ཡིན་ནམ་ཞེ་ན། དེ་མི་རིགས་པར་བཤད་ཟིན་ཏོ། །དེ་ལྟར་ནི་སྐད་ཅིག་པ་ཉིད་ཀྱིས་ཕྱི་མའི་དུས་སུ་གནས་པ་མེད་པའི་ཕྱིར། བློ་སྐྱེ་བཞིན་པ་ཁོ་ན་ཚད་མ་ཉིད་ཡིན་གྱི་ཉེ་བར་དམིགས་པ་མ་ཡིན་ནོ་ཞེས་བཤད་དོ། །དེའི་

ཚེ་ཡང་བློ་མེད་པའི་ཕྱིར་ཚད་མ་ཉིད་མེད་པའོ་ཞེས་པས་སྐྱེ་བ་སྨོས་པས་ཅི་ཞིག །ཅི་སྟེ་སྐྱེ་བ་ལས་དུས་ཕྱིས་བློ་ཡོད་ན། དེ་ལྟ་ན་ཡང་ཁྱད་པར་མེད་པའི་ཕྱིར་དེ་ལས་སྔར་ཡང་། དེ་ཡིན་ན་དེའི་ཚེ་ཡང་ཚད་མ་ཉིད་བཟློག་པར་བྱ་བ་མ་ཡིན་ནོ་ཞེས་པས་སྐྱེ་བ་སྨོས་པས་ཅི་ཞིག །བློས་ཁྱད་པར་དུ་བྱས་པའི་སྐྱེ་

Vol. 193 · folio 81a

བ་ནི་དབང་པོའི་ངོར་མི་འཇུག་པའི་ཕྱིར་དང་སྔར་བཤད་པའི་རྒྱུའི་ཕྱིར་མངོན་སུམ་ཉིད་མེད་དོ། །མུ་སྟེགས་པ་ཐམས་ཅད་བདག་རབ་ཏུ་འཇལ་བར་བྱེད་པ་པོར་འདོད་དེ། དེའི་ཕྱིར་བཟློག་པའི་ཆེད་དུ་གསུངས་པ། བློ་སྐྱེ་ལ་ཞེས་པ་ལ་སོགས་པའོ། །ཅི་འདི་ཁོ་ནར་རྣམ་པར་དཔྱོད་

པར་བྱེད་ཅེ་ན། རྣམ་པར་དཔྱད་པ་རྩོམ་པས་ན་རྩོད་པ་འདི་ག་ལ་འཇུག །གཞན་ཡང་འདིར་མཚན་ཉིད་ཀྱི་ངག་ལ་སྐྱེས་བུའི་ཞེས་པའི་ཚིག་གི་ཕྱིར་བདག་གི་དབང་དུ་བྱས་པའོ་ཞེས་པས་འདི་ཁོ་ནར་རྣམ་པར་དཔྱད་པར་རིགས་སོ། །སྔར་གྱི་གནས་སྐབས་ལས་རྣམ་པར་འགྱུར་ཏེ་ཞེས་པ། རབ་ཏུ་འཇལ་

བ་པོ་མ་ཡིན་པའི་གནས་སྐབས་ཉེ་བར་བཅོམ་པ་ཞེས་པའི་དོན་ཏོ། །དེ་ལྟར་གྱུར་ན་མི་རྟག་པར་ཞེས་པ། གང་རྣམ་པར་འགྱུར་བ་ཅན་དེ་མི་རྟག་པར་ཡིན་ཏེ། བུམ་པ་བཞིན། བདག་ཀྱང་དེ་ལྟ་བུའོ། །རང་བཞིན་གྱི་ཐལ་བའོ། །ཅི་སྟེ་མི་འགྱུར་ན་ཞེས་པ་ལ་སོགས་པས་གང་གང་གི་ཚེ་རབ་ཏུ་

འཇལ་བར་བྱེད་པ་པོ་མ་ཡིན་པའི་གནས་སྐབས་ལས་ཁྱད་པར་མེད་པ་དེ་དེའི་ཚེ་རབ་ཏུ་འཇལ་བ་པོ་མ་ཡིན་ཏེ། དཔེར་ན་སྔར་གྱི་སྐྱེས་བུ་དེ་ཁོ་ན་བཞིན། དེ་ཡང་བློ་སྐྱེད་པ་ན་ཡང་ཇི་སྐད་བཤད་པ་ཡིན་ནོ་ཞེས་པ་འགལ་བར་ཁྱབ་པའི་ཐལ་འགྱུར་གསུངས་སོ། །འདི་ཁོ་ནས་ཚད་མ་བརྟག་པ་བཟློག་

པའི་ཆེད་དུ། ཚད་མར་གྱུར་པ་ཞེས་པ་འདིར་གང་གྱུར་པ་སྨོས་པ་དེར་རིགས་པ་གསལ་བར་བྱས་སོ། །འཆད་པར་འགྱུར་བའི་གཏན་ཚིགས་ཀྱི་ཁྱབ་པ་སྒྲུབ་པ་ན་ཡང་ངོ་འདི་ལྟར་ཚིགས་སུ་བཅད་པ་བཀླག་པར་བྱ་སྟེ། གལ་ཏེ་དངོས་པོ་དོན་བྱ་བའི། །དུས་ན་འགྱུར་ན་མི་རྟག་ཉིད། །གལ་

ཏེ་དེ་མེད་དེ་དངོས་མིན། །ནུས་པ་ཐམས་ཅད་སྤངས་པའོ། །ཞེས་པའོ། །ཡོངས་སུ་བཅད་པ་དང་པོའོ། །མངོན་སུམ་དང་རྗེས་སུ་དཔག་པའི་ཚད་མ་གཉིས་དག་ཁོ་ནའོ་ཞེས་བཤད་ཟིན་ཏོ།། །།དེ་ལ་མངོན་སུམ་བཤད་ཟིན་ཏེ། ད་ནི་སྐབས་སུ་བབ་པ་རྗེས་སུ་དཔག་པ་རྣམ་པར་བཤད་པར་བྱ་

བའི་ཆེད་དུ་གསུངས་པ། རྗེས་དཔག་རྣམ་གཉིས་ཞེས་པ་ལ་སོགས་པ་སྟེ། དྲང་དོན་ནི་གང་གིས་རང་ཉིད་ཀྱིས་རྟོགས་པར་བྱེད་པའོ། །གཞན་གྱི་དོན་ནི་གང་གིས་གཞན་གྱིས་རྟོགས་སུ་འཇུག་པའོ། །འོ་ན་གཞན་དོན་གྱི་མཚན་ཉིད་ལོགས་སུ་བརྗོད་བྱ་མ་ཡིན་པ་ཁོ་ནའོ། །གང་ཕྱིར་གོ་

Source and licence

Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain

Licence Public Domain · Evidence

README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md

No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)

  • Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
  • The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words