ཡངས་པ་དང་དྲི་མ་མེད་པ་ལྡན་པ་ཞེས་བྱ་བ་ཚད་མ་ཀུན་ལས་བཏུས་པའི་འགྲེལ་བཤད
Sanskrit title (Tibetan script, as in the text) བི་ཤཱ་ལཱ་ཨ་མ་ལ་ཝ་ཏི་ནཱ་མ་པྲ་མཱ་ཎ་ས་མུཙྪ་ཡ་ཊཱི་ཀཱ
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
Vol. 193 · folio 134a
སེམས་པ་མེད་པ་རྣམས་ཏེ། སྐྱེ་བའི་ཕྱིར་རམ་མི་རྟག་པ་ཉིད་ཀྱི་ཕྱིར། གཟུགས་ལ་སོགས་པ་བཞིན་ཞེས་པ་ལྟ་བུའོ་ཞེའོ། །དེའི་ཕྱིར་དེའི་ལུང་ལས་ཕ་རོལ་པོས་མཐོང་བ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་ཤེས་པར་བྱ་བའི་དོན་དུ་རང་སྨོས་སོ། །ཅིའི་ཕྱིར་དེ་སྒྲུབ་པར་བྱེད་པ་མ་ཡིན་
ཞེ་ན། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རྗེས་སུ་དཔག་པའི་ཡུལ་ལ་ཚིག་ཚད་མ་ཉིད་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་ལུང་ཚད་མ་ཡིན་ན། འོ་ན་དེས་གྲུབ་པ་ཕ་རོལ་པོ་ཁོ་ན་ལ་གྲུབ་པ་མ་ཡིན་ནོ། །གཞན་ཡང་ཇི་ལྟར་ཚད་མར་གྱུར་པའི་ལུང་དེ་ལས་ཕ་རོལ་པོས་བདེ་བ་ལ་སོགས་པ་རྣམས་སྐྱེ་བ་
ཅན་དང་། མི་རྟག་པ་ཉིད་དུ་གྲུབ་པ་དེ་ལྟར་སེམས་པ་དང་བཅས་པ་ཉིད་དུ་སྤང་སྟེ། དེའི་ཕྱིར་དེ་ལ་གནོད་པར་བྱེད་པའི་རྗེས་དཔག་འཇུག་པ་མ་ཡིན་ནོ། །འཇུག་ན་ཡང་དེའི་དེས་གནོད་བཞིན་པ་ནི་ཅི་ལྟར་ལུང་ཚད་མ་ཡིན། དེས་ན་ལུང་ལ་ཕ་རོལ་པོས་ཁས་བླངས་པ་ནི་སྒྲུབ་བྱེད་མ་ཡིན་ནོ། །
གལ་ཏེ་སྒྲུབ་པར་བྱེད་པ་མ་ཡིན་ན་དེ་དང་དེར་ཐལ་བར་འགྱུར་བའི་སྒྲུབ་བྱེད་བརྗོད་པ་ཅི་ལྟར་ཡིན་ཞེ་ན། འདི་སྐྱོན་མ་ཡིན་ཏེ། གང་གི་ཕྱིར་གང་ཕ་རོལ་པོས་བརྟགས་པ་རྣམས་ཀྱིས་ཐལ་འགྱུར་དུ་བྱ་བ་དཔེར་ན་ནམ་མཁའ་ལ་སོགས་པ་ནི་ཡོད་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཉིད་དུའོ་ཞེས་པ་ལྟ་བུ་དེ་ནི། ཆོས་
གཅིག་ཁས་བླངས་པ་ན་ཆོས་གཞན་ཁས་བླངས་པར་བསྟན་པའི་དོན་དུ་སྟེ། མུ་སྟེགས་པ་རྣམས་ཀྱིས་སངས་རྒྱས་པ་འགའ་ཞིག་ལ་འདི་ལྟར་འཛིན་དུ་འཇུག་སྟེ། ནམ་མཁའ་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་དུ་ཡོད་དོ་ཞེས་ཟུང་ཤིག་ཅེས་པ་ལ། འཛིན་དུ་གཞུག་བྱ་དེས་སྨྲས་པ། གལ་ཏེ་དེ་རྣམས་དེ་
ཁོ་ན་ཉིད་དུ་ཡོད་ན་དེ་ལྟར་གྱུར་ན། དོན་དམ་པར་ཡོད་པ་ཉིད་ཀྱི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་དེ་རྣམས་རྟག་པ་ཉིད་མ་ཡིན་པར་རོ་ཞེས་སོ། །ཅི་སྟེ་འདི་ཁས་བླང་བ་མ་ཡིན་ན་དེ་རྣམས་ཡོད་པ་ཉིད་དུ་ཡང་འགྱུར་བ་མ་ཡིན་ནོ། །དེ་ལྟར་ནི་དོན་བྱེད་ནུས་པ་གང་དེ་ཁོ་ན་དོན་དམ་པར་ཡོད་པ་ཡིན་ལ། རྟག་
པ་ལ་དོན་བྱེད་པ་ཡོད་པ་ཡང་མ་ཡིན་ཏེ། རིམ་པ་དང་ཅིག་ཅར་ཉིད་འགལ་བའི་ཕྱིར་རོ། །རེ་ཞིག་དེ་རིམ་གྱིས་དོན་བྱེད་པ་རིགས་པ་མ་ཡིན་ཏེ། འདི་ག་ལས་ན་ལྟོས་པ་མེད་པའི་བྱེད་པ་པོ་ནི་རང་ཡོད་པ་ཙམ་གྱིས་ཏེ། སྡོད་པར་བྱ་བར་མི་རིགས་པའི་ཕྱིར་རོ། །ཅི་སྟེ་ཕྱིས་ཀྱི་དུས་ན་འབྱུང་བའི་འབྲས་
Vol. 193 · folio 134b
བུའི་ངོར་དེའི་ནུས་པ་སྔར་ཡོད་པ་མ་ཡིན་ནོ་ཞེས་པས་དེ་བྱེད་པ་མ་ཡིན་ན། དེ་ལྟར་འགྱུར་ན། ཕྱིས་ཀྱང་བྱེད་པ་མ་ཡིན་པར་འགྱུར་ཏེ་ཁྱད་པར་མེད་པའི་ཕྱིར་སྔར་བཞིན་ནོ། །ལྷན་ཅིག་བྱེད་པ་ཉེ་བར་བྱས་ནས་ཕྱིས་བྱེད་དོ་ཞེ་ན། མ་ཡིན་ཏེ། ཕུལ་དུ་བྱུང་བར་བསྒྲུབ་ཏུ་མེད་པ་ནི་ལྟོས་པར་མི་རུང་བའི་
ཕྱིར་རོ། །ཅིག་ཅར་དོན་བྱེད་པའང་སྲིད་པ་མ་ཡིན་ཏེ། དོན་བྱེད་ནུས་པའི་རང་བཞིན་ནི་སྔར་བཞིན་དུ་ཕྱིས་ཀྱང་མི་བྱེད་པ་མི་རིགས་པའི་ཕྱིར་རོ། །དེའི་ཕྱིར་ནམ་མཁའ་ལ་སོགས་པ་རྣམས་ཡོད་པ་ཉིད་དུ་ཁས་ལེན་ན་དེ་རྣམས་ཀྱི་རྟག་པ་ཉིད་ཀྱང་མེད་དོ་ཞེས་གདོན་མི་ཟ་བར་ཁས་བླང་བར་བྱའོ། །
མེད་པ་ཉིད་ཀྱང་མ་ཡིན་ནོ་ཞེས་པ་ཞར་ལ་བྱུང་བས་ཆོག་གོ། །ལུང་ལས་ཕ་རོལ་པོས་མཐོང་བ་ནི་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་པ་འདི་གནས་སོ། །དོན་སྨོས་པ་ནི་དོན་མེད་པ་རྟོག་པས་སྒྲོ་བཏགས་པའི་རང་བཞིན་ནི་རྟགས་མ་ཡིན་ནོ་ཞེས་ཤེས་པའི་དོན་དུ་སྟེ། དཔེར་ན་སྒྲ་མི་རྟག་སྟེ་ཕྱོགས་དང་
མཐུན་པའི་ཕྱོགས་གང་རུང་བ་ཉིད་ཀྱི་ཕྱིར། བུམ་པ་བཞིན་ཞེས་པ་ལྟ་བུའོ། །ཕྱོགས་དང་མཐུན་པའི་ཕྱོགས་ལས་གང་ཡང་རུང་བ་ཉིད་ནི་སྒྲ་ལ་དངོས་པོའི་ཆོས་ཉིད་དུ་གནས་པ་ནི་མ་ཡིན་གྱི། འོན་ཀྱང་སྨྲ་བ་པོའི་བརྗོད་པར་འདོད་པའི་དབང་ལས་སོ། །དེ་ལྟར་ནི་སྒྲ་རྟག་སྟེ། ཕྱོགས་དང་མཐུན་
པའི་ཕྱོགས་ལས་གང་ཡང་རུང་བ་ཉིད་ཀྱི་ཕྱིར། ནམ་མཁའ་བཞིན་ཞེས་འདོད་པའི་རྗེས་སུ་བྱེད་པའི་ཕྱིར་རྟག་པར་མངོན་པར་འདོད་པ་ནམ་མཁའ་ལ་སོགས་པ་ཡང་ལྟོས་པར་བྱ་བར་འགྱུར་རོ། །དེའི་ཕྱིར་སྨྲ་བ་པོའི་འདོད་པ་ཙམ་གྱིས་འཇུག་པའི་ཆོས་འདི་རྣམས་དངོས་པོའི་སྟོབས་ཀྱིས་འཇུག་པ་
རྣམས་མ་ཡིན་ལ། རྣམ་པ་འདི་ལྟ་བུ་རྣམས་ལས་དངོས་པོ་འགྲུབ་པ་ཡང་མ་ཡིན་ཏེ། དངོས་པོ་གཅིག་ནི་འགལ་བའི་རང་བཞིན་ཉིད་དུ་མི་འགྱུར་རོ་ཞེས་པའོ། །གང་དུ་ཆོས་གཅིག་ལ་འཇུག་པའི་མཚན་ཉིད་ཉེ་བ་ཅན་དེར་ནི་དེ་ལས་དོན་འགྲུབ་པར་འགྱུར་ཏེ། དཔེར་ན་འགའ་ཞིག་ཏུ་དོན་
གཞན་འདྲེས་པའི་ངོ་བོའི་ཆོས་མཐུན་པ་ཉིད་མངོན་པར་མཐོང་ནས། གོང་བུ་འདི་ནི་རྭ་ཅན་ཡིན་ཏེ། བ་ལང་དང་བ་མེན་དག་ལས་གང་ཡང་རུང་བ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་བརྗོད་པ་ལྟ་བུ་སྟེ། འཕྲོས་པས་ཆོག་གོ། །དངོས་པོ་མ་ཡིན་པ་རྟོག་པས་སྒྲོ་བཏགས་པའི་རང་བཞིན་ནི་རྟགས་མ་
Vol. 193 · folio 135a
ཡིན་ནོ་ཞེས་པ་འདི་ནི་གནས་སོ། །འདིར་ཡང་ཚུལ་གང་ཡང་རུང་བ་མ་བརྗོད་པ་ནི་མ་ཚང་བ་ཉིད་ཅེས་བཤད་པར་འགྱུར་རོ་ཞེས་སླར་ཡང་བཤད་པར་བྱ་བ་མ་ཡིན་ཏེ། བསྟན་པ་འདི་ཁོ་ནས་དོན་གྱིས་བརྗོད་ཟིན་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཕྱིར་ཇི་ལྟར་ཚུལ་གསུམ་པ་
གཏན་ཚིགས་ཡིན་ཞེས་བཤད་པས་ཚུལ་རེ་རེ་བ་དང་གཉིས་གཉིས་པའི་དོན་ནི་གཏན་ཚིགས་མ་ཡིན་ནོ་ཞེས་བཤད་པར་འགྱུར་བ་དེ་ལྟར་ཚུལ་གསུམ་བརྗོད་པ་གཞན་དོན་རྗེས་སུ་དཔག་པའོ་ཞེས་བརྗོད་པས། ཚུལ་རེ་རེ་དང་གཉིས་གཉིས་བརྗོད་པ་ནི་རྗེས་སུ་དཔག་པ་མ་ཡིན་གྱི། འོ་ན་ཅི་
ཞེ་ན་མ་ཚང་བ་ཉིད་ཀྱི་སྒྲུབ་པར་བྱེད་པའི་སྐྱོན་ཏེ། དེ་ལས་ཕ་རོལ་པོ་ལ་ཡང་དག་པའི་ངེས་པ་མི་སྐྱེ་བའི་ཕྱིར་རོ། །འོ་ན་གང་ཞེས་པ་ལ་སོགས་པས་ནི། ཚུལ་གསུམ་པའི་རྟགས་བརྗོད་པ་ཙམ་རྗེས་སུ་དཔག་པ་ཉིད་དུ་བརྗོད་པའི་ཕྱིར་རོ། །རིགས་པ་ཕྲ་མོ་ལ་སོགས་པ་རྟོག་གེའི་བསྟན་
བཅོས་རྣམས་སུ་ཕྱོགས་བརྗོད་པ་ཡང་སྒྲུབ་པར་བྱེད་པ་ཉིད་དུ་བསྟན་པའི་ཕྱིར་འདྲི་བར་བྱེད་དོ། །གཞན་དོན་རྗེས་སུ་དཔག་པར་བཀོད་པ་ནི། དེའི་ནང་དུ་འདུས་པ་སྟེ། སྒྲུབ་པར་བྱེད་པའི་ཡན་ལག་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་ཅི་ལྟར་ཞེས་པ་དེའི་བསྟན་བཅོས་བྱེད་པ་རྣམས་ལ་དེ་ལ་འཐད་
པ་ཅི་ཞིག་ཡོད་ཅེས་པའོ། །དེ་རྣམས་ཁོ་ན་ལ་དྲི་བར་བྱའོ་ཞེས་པ། གང་རྣམས་བསྒྲུབ་པར་བྱ་བ་འགྲུབ་པའི་ངོར་ནུས་པ་མེད་པའི་ཕྱོགས་ཀྱི་ཚིག་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་སྨྲ་བ་རྣམས་ལའོ་ཞེས་པ་དགོངས་པའོ། །ཡང་ཅི་ལྟར་ཕྱོགས་ཀྱི་ཚིག་ནུས་པ་མེད་པ་ཉིད་ཡིན། ཇི་སྲིད་དུ་བསྒྲུབ་
པར་བྱ་བ་རྗོད་པར་བྱེད་པ་མེད་ན་གཏན་ཚིགས་ཀྱི་ཚིག་མི་འཇུག་པ་ཁོ་ན་སྟེ། དེའི་ཕྱིར་གཏན་ཚིགས་ཀྱི་ཚིག་འཇུག་པར་བྱེད་པའི་ཕྱིར་ཕྱོགས་ཀྱི་ཚིག་ལ་ཡང་ནུས་པ་ཡོད་པ་ཁོ་ནའོ་ཞེ་ན། གལ་ཏེ་དེ་ལྟ་ན་མི་མཐུན་ཕྱོགས་ཀྱི་ཚིག་ལའང་ཐལ་འགྱུར་ཏེ། འགའ་ཞིག་གིས་སྒྲ་རྟག་གོ་ཞེས་བརྗོད་པ་ན་
ཕ་རོལ་པོས་སྨྲས་པ། སྒྲ་བྱས་པ་ཡིན་ལ། བྱས་པ་ཡང་མི་རྟག་པ་སྟེ། དཔེར་ན་བུམ་པ་བཞིན་ནོ་ཞེས་སོ། །དེ་ལྟར་མི་མཐུན་ཕྱོགས་ཀྱི་ཚིག་ལས་ཀྱང་གཏན་ཚིགས་ཀྱི་ཚིག་འཇུག་པ་ཡོད་པའི་ཕྱིར་ན་མི་མཐུན་ཕྱོགས་ཀྱི་ཚིག་ཀྱང་བྱས་པ་ཉིད་རྗོད་པ་དེ་དང་ལྷན་ཅིག་སྒྲུབ་པར་བྱེད་པར་འགྱུར་ཏེ། དེའི་ཕྱིར་
Vol. 193 · folio 135b
འདི་ནི་མི་རིགས་སོ། །འོ་ན་རྟོགས་སུ་འཇུག་པ་པོས་ཇི་སྲིད་དུ་གཏན་ཚིགས་ཀྱི་ཡུལ་མ་བརྗོད་པ་དེ་སྲིད་དུ་གཏན་ཚིགས་འཇུག་པ་མི་སྲིད་པ་ཁོ་ན་མ་ཡིན་ནམ། གདོན་མི་ཟ་བར་ཡུལ་བཤད་པར་བྱ་བ་ཡིན་ལ། དེའི་ཕྱིར་ཡུལ་སྟོན་པ་ཁོ་ན་ལས། ཕྱོགས་ཀྱི་ཚིག་བསྒྲུབ་པར་བྱ་བ་འགྲུབ་པའི་ངོར་
ནུས་པ་ཉིད་དོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། ཕྱོགས་ཀྱི་ཚིག་མེད་པར་ཡང་། གང་འགའ་ཞིག་ཏུ་བྱས་པ་དེ་ཐམས་ཅད་ནི་མི་རྟག་པ་སྟེ། སྒྲ་ཡང་བྱས་པའོ་ཞེས་ཁྱབ་པ་དང་ཕྱོགས་ཀྱི་ཆོས་ཉིད་བསྟན་པ་ན། སྒྲ་མི་རྟག་པའོ་ཞེས་དོན་གྱིས་རྟོགས་པ་ཁོ་ནའོ་ཞེས་པས་ཕྱོགས་ཀྱི་ཚིག་དོན་དང་བྲལ་
བའོ། །དེས་ན་ཕྱོགས་ནི་མ་བརྗོད་ན་ཡང་འགྲུབ་པ་ལ་གེགས་མེད་པའི་ཕྱིར་ཚུལ་གསུམ་པོ་རྣམས་ལས་གང་ཡང་རུང་བ་ཁོ་ན་མ་བརྗོད་པ་ནི་མ་ཚང་བ་ཉིད་རྗོད་པ་སྒྲུབ་པར་བྱེད་པའི་སྐྱོན་ཡིན་གྱི། ཕྱོགས་མ་བརྗོད་པ་ནི་མ་ཡིན་ནོ། །གལ་ཏེ་འོ་ན་ཕྱོགས་ཀྱི་ཚིག་སྒྲུབ་པར་བྱེད་པ་མ་ཡིན་ན།
དེའི་ཚེ་སྒྲུབ་པར་བྱེད་པའི་ཡན་ལག་གི་སྐབས་སུ་ཁྱེད་ཅག་གིས་ཀྱང་རྗེས་སུ་དཔག་པར་བྱ་བའི་མཚན་ཉིད་ངེས་པར་བསྟན་པ་རིགས་པ་མ་ཡིན་ནོ་ཞེ་ན་གསུངས་པ། ཁོ་བོ་ཅག་གི་ནི་ཞེས་པ་ལ་སོགས་པ་སྟེ། འདིས་བསྟན་པར་བྱ་བའོ་རྗེས་སུ་དཔག་པར་བྱ་བ་བསྟན་པ་ནི་རྗེས་སུ་དཔག་བྱ་
བསྟན་པའོ། །དེ་ཡང་འདིར་མཚན་ཉིད་བསྟན་པར་རིག་པར་བྱའི་དམ་བཅའ་བརྗོད་པ་ནི་མ་ཡིན་ནོ། །གཏན་ཚིགས་ནི་ཚུལ་གསུམ་པའི་རྟགས་ཡིན་ལ་དེའི་དོན་ནི་གཏན་ཚིགས་དོན་ཏེ། དེ་གང་གི་ཡུལ་ཡིན་པ་དེ་ནི་གཏན་ཚིགས་དོན་གྱི་ཡུལ་ཅན་ནོ། །གང་གི་ཕྱིར་རྗེས་སུ་དཔག་པར་བྱ་
བའི་མཚན་ཉིད་བསྟན་པས་ནི་གཏན་ཚིགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་གསལ་བ་དེའི་ཕྱིར་དེའི་ཡུལ་ཅན་ཡིན་པ་ཉིད་ཀྱི་ཕྱིར། སྒྲུབ་པར་བྱེད་པའི་སྐབས་སུའང་དེ་ཉེ་བར་བཀོད་པའོ་ཞེས་པ་ངག་གི་དོན་ཏོ། །ཡན་ལག་རྣམས་སུ་ཞེས་པ་ལ་སོགས་པ་སྟེ། ཡན་ལག་རྣམས་ཀྱི་སྐབས་
རྣམས་སུ་གང་རྗེས་སུ་དཔག་པར་བྱ་བ་བསྟན་པ་དེ་ནི། ཁོ་བོ་ཅག་གིས་སྒྲུབ་པར་བྱེད་པ་ཉིད་དུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དེ་ཁོ་ན་ལ་ཐེ་ཚོམ་སྐྱེ་བའི་ཕྱིར་རོ། །དེ་ལས་ཞེས་པ་ནི་ཨཱརྱ་ལ་སོགས་པ་ཉིད་ཀྱི་ཕྱིར་བདུན་པའི་དོན་ལ་ཏ་སིའོ། །དེ་ཁོ་ན་ལ་སྟེ་རྗེས་སུ་དཔག་པར་བྱ་བ་ལ་ཐེ་ཚོམ་
Vol. 193 · folio 136a
སྐྱེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །ཡང་ན་རྒྱུའི་ལྔ་པའི་མཐའ་ཅན་ཁོ་ན་ལས་ཏ་སི་འདི་སྟེ། དེ་ཁོ་ན་ལས་ཏེ་རྗེས་སུ་དཔག་པར་བྱ་བ་དམིགས་པའི་རྒྱུ་ལས་ཐེ་ཚོམ་སྐྱེ་བའི་ཕྱིར་རོ་ཞེས་པའི་དོན་ཏོ། །འདིས་རྗེས་སུ་དཔག་པར་བྱ་བ་ཐེ་ཚོམ་ཅན་ཉིད་དུ་སྟོན་ཅིང་དོན་འདི་གསལ་
བར་བྱེད་དེ། གྲུབ་པ་སྒྲུབ་པར་བྱེད་པ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ལ། རྗེས་སུ་དཔག་པར་བྱ་བ་ཡང་ཐེ་ཚོམ་ཅན་ཏེ། དེ་ནི་རེ་ཞིག་གཞན་ལའང་འགྲུབ་པར་བྱེད་པའི་ནུས་པ་མེད་ན་བདག་ཉིད་ལ་ལྟ་ཅི་སྨོས་ཞེས་པའོ། །རྗེས་སུ་དཔག་པར་བྱ་བ་ཡང་སྒྲུབ་པར་བྱེད་པ་མ་ཡིན་པ་ཉིད་དུ་བསྟན་
པས་དེའི་ཚིག་ཀྱང་བསྟན་པར་འགྱུར་རོ། །དེ་ལྟར་ནི་དོན་ཁོ་ན་ནི་དངོས་སུ་རྟོགས་པར་བྱེད་ཀྱི་ཚིག་གིས་མ་ཡིན་ལ། དེ་ནི་ནུས་པའི་དོན་གསལ་བར་བྱེད་པའི་ཕྱིར་བརྒྱུད་པས་སྒྲུབ་པར་བྱེད་པར་འགྱུར་རོ། །གང་ལ་དོན་ཉིད་ལ་བསྒྲུབ་བྱ་འགྲུབ་པའི་ནུས་པ་མེད་པར་ངེས་པ་དེ་ལ། དེ་རྗོད་
པར་བྱེད་པ་ལ་ཤིན་ཏུའང་ནུས་པ་མེད་དོ་ཞེས་གསལ་བ་ཁོ་ནར་རྟོགས་པར་བྱའོ། །འོན་ཀྱང་ཞེས་པ་ལ་སོགས་པས། གཏན་ཚིགས་དོན་གྱི་ཡུལ་ཅན་འདོད། །ཅེས་པའི་དོན་འཆད་དོ། །འོ་ན་གཏན་ཚིགས་ཀྱི་དོན་གྱི་མཚན་ཉིད་བསྟན་པ་ནི་རྟོག་གེའི་བསྟན་བཅོས་གཞན་དུ་བྱས་པ་མ་
ཡིན་ནམ། དེ་ཅིའི་ཕྱིར་འདིར་བྱ་ཞེ་ན་གསུངས་པ། དེ་ནི་དེས་གསལ་བར་བྱ་བའོ་ཞེས་པའོ། །གང་གི་ཕྱིར་ཁོ་བོ་ཅག་འདོད་པའི་རྗེས་སུ་དཔག་པར་བྱ་བ་དེ་ཁོ་ན་གཏན་ཚིགས་དེས་བསྒྲུབ་པར་བྱའི། གཞན་གྱིས་ཡོངས་སུ་བརྟགས་པ་ནི་མ་ཡིན་པ་དེའི་ཕྱིར་དེའི་མཚན་ཉིད་བསྟན་པར་བྱའོ། །
རྣམ་པ་འདི་ལྟ་བུ་ཁོ་ནའི་དོན་གཏན་ཚིགས་ཀྱིས་བསྒྲུབ་པར་བྱའི་དེ་ལས་བཟློག་པ་མ་ཡིན་པར་ཅི་ལྟར་ཤེས་པར་འགྱུར་ཞེས་པ་དགོངས་པའོ། །དེའི་ཕྱིར་འདིར་མདོར་བསྡུས་པས་བསྟན་ཏོ། །མང་པོ་རྣམས་ལ་བསྒྲུབ་པར་བྱ་བའི་ཡུལ་ཅན་གྱི་ལོག་པར་རྟོགས་པ་མཐོང་སྟེ། དེའི་ཕྱིར་དེ་བསལ་
བའི་དོན་དུ་བསྟན་བཅོས་སུ་ཕྱོགས་ཀྱི་མཚན་ཉིད་བསྟན་པར་བྱས་ཀྱི། སྦྱོར་བའི་དུས་སུ་དེ་བསྟན་པར་བྱ་བ་ནི་མ་ཡིན་ཏེ། ཉེ་བར་མཁོ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་བསྟན་པར་བྱ་བའོ་ཞེས་ཤིན་ཏུ་འབད་པ་དེ་ལྟ་ནའང་རྣམ་པ་འདི་ལྟ་བུ་བསྟན་པར་བྱའོ་ཞེས་སློབ་པ་གསུངས་པ། ངོ་བོ་ཁོ་ན་
Vol. 193 · folio 136b
ཞེས་པ་ལ་སོགས་པའོ། །འདིར་ངོ་བོ་དང་། ཚིག་ཕྲད་དང་། འདོད་པ་དང་རང་ཉིད་ཀྱི་ཚིག་བཞི་མོ་རྣམས་ཀྱིས་རིམ་པ་ཇི་ལྟ་བར་མ་གྲུབ་པ་དང་། སྒྲུབ་པར་བྱེད་པ་མིན་པ་དང་། འདོད་པས་ཡུལ་དུ་བྱས་པ་དང་། སྒྲུབ་པར་བྱེད་པ་བྱེད་པ་པོས་བསྒྲུབ་པར་འདོད་པ་གཟུང་ངོ་། །དེ་
ལས་ཀྱང་བསྒྲུབ་པར་བྱ་བ་ཚུལ་བཞི་པའོ་ཞེས་བསྟན་པར་འགྱུར་རོ། །གྲུབ་པ་དང་སྒྲུབ་པར་བྱེད་པའི་ངོ་བོས་ནི་མ་ཡིན་ནོ་ཞེས་པ། རིམ་པ་ཇི་ལྟ་བར་ངོ་བོ་དང་ཚིག་ཕྲད་དག་གི་རྣམ་པར་གཅད་པར་བྱ་བ་སྟོན་པར་བྱེད་དོ། །དེ་ལྟར་ནི་རང་གི་ངོ་བོའི་སྒྲས་མ་གྲུབ་པ་བཟུང་ལ། དེའི་རྣམ་
པར་གཅད་པར་བྱ་བ་ནི་གྲུབ་པ་སྟེ། སྒྲ་མཉན་པར་བྱ་བའོ་ཞེས་པ་ལྟ་བུའོ། །རང་གི་ངོ་བོ་ཁོ་ནས་ཞེས་པ་ཚིག་ཕྲད་ཀྱིས་སྒྲུབ་པར་བྱེད་པ་མ་ཡིན་པ་གཟུང་ལ། དེའི་རྣམ་པར་གཅད་པར་བྱ་བ་ནི་མ་གྲུབ་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་འདོད་པ་སྟེ། དཔེར་ན་མ་གྲུབ་པའི་གཏན་ཚིགས་
དང་དཔེ་དག་སྟེ། སྒྲ་རྟག་སྟེ་མིག་གིས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་བློ་བཞིན་ཞེས་པ་འདི་ལྟ་བུའི་ངོ་བོ་དག་གོ། །དེ་ལ་གྲུབ་ཟིན་རྣམ་པར་གཅོད་པའི་འབྲས་བུ་ཅན་གོ་སླ་བ་ཉིད་ཀྱི་ཕྱིར་སྒྲུབ་པར་བྱེད་པ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཁོ་ན་དེ་ལྟ་ན་ཡང་ཞེས་པ་ལ་སོགས་པས་སྟོན་པར་བྱེད་དོ། །
དེ་ལྟ་ན་ཡང་ཞེས་པ་ངེས་པར་གཟུང་བ་ལ་སྟེ། ཡོད་ན་ཞེས་པའི་དོན་ཏོ། །གཏན་ཚིགས་དང་དཔེ་ལྟར་སྣང་བ་ཡང་དེ་དག་ཡིན་ལ། མ་གྲུབ་པ་དག་ཀྱང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ། །མ་གྲུབ་པའི་གཏན་ཚིགས་དང་དཔེ་ལྟར་སྣང་བ་དག་བརྗོད་པ་ཡོངས་སུ་སྤངས་པར་འགྱུར་ཏེ། དམ་
བཅའ་བ་ཉིད་དོར་བར་འགྱུར་ཞེས་པའི་དོན་ཏོ། །འོ་ན་གང་མ་གྲུབ་པའི་གཏན་ཚིགས་དང་དཔེ་ཡིན་པ་དེ་དག་དེ་ལྟར་སྣང་བ་ཉིད་ལ་མི་འཁྲུལ་བའི་ཕྱིར་ལྟར་སྣང་བ་སྨོས་པ་དོན་མེད་དོ་ཞེ་ན། གལ་ཏེ་ཁྱད་པར་རྩོམ་པར་སྤྱི་བརྗོད་པར་འདོད་པ་ན། ཁྱད་པར་མངོན་པར་བརྗོད་པ་ན་སྔོན་དུ་
འགྲོ་བ་དོན་མེད་དོ་ཞེས་པས། སྤྱི་མངོན་པར་བརྗོད་པ་ན། ཁྱད་པར་སྤྱི་ལ་མི་འཁྲུལ་བའི་ཕྱིར་སྤྱིའི་སྒྲ་སྦྱོར་བ་དོན་མེད་དོ། །སྤྱི་རྩོམ་པ་ན་ཁྱད་པར་མངོན་པར་བརྗོད་པ་ན་ནི། སྤྱི་ཁྱད་པར་ལ་འཁྲུལ་པའི་ཕྱིར་རྣམ་གཅོད་ལ་ལྟོས་སོ་ཞེས་པས་ཁྱད་པར་གཞན་རྣམ་པར་བཅད་པའི་ཆེད་དུ་ཁྱད་
Vol. 193 · folio 137a
པར་གྱི་སྒྲ་རབ་ཏུ་སྦྱོར་བ་ནི་དོན་དང་ལྡན་པར་འགྱུར་རོ། །འདིར་ཡང་གཏན་ཚིགས་དང་དཔེ་ལྟར་སྣང་བ་ཉིད་ཀྱི་མཚན་ཉིད་ཅན་གང་སྤྱི་དེ། དེའི་སྐབས་ཀྱི་མ་གྲུབ་པའི་མཚན་ཉིད་ཅན་གྱི་ཁྱད་པར་བརྗོད་པར་འདོད་དོ་ཞེས་པས་དོན་མེད་པ་ཉིད་མ་ཡིན་ནོ། །གལ་ཏེ་སྤྱི་
ཉེ་བར་རྩོམ་པ་ལ་ཁྱད་པར་བརྗོད་པར་འདོད་པ་ན་སྤྱིའི་སྒྲ་སྔོན་དུ་སྦྱོར་བར་འགྱུར་རོ་ཞེ་ན། མ་ཡིན་ཏེ། འགྲེལ་པར་རིམ་པ་བསྟན་བཅོས་ཀྱིས་བྱས་པ་ཉིད་ཀྱི་ཕྱིར་རོ། །ངག་ལ་ནི་སྒྲ་རྣམས་བརྗོད་པར་འདོད་པ་རྗེས་སུ་སྒྲུབ་པར་བྱེད་ལ། ཚིག་སྡུད་པ་ཉེ་བར་བསྒྱུར་བའི་རྗེས་སུ་སྔོན་མའོ་
ཞེས་པའི་བསྟན་བཅོས་ཀྱིས་སྔ་མ་དང་ཕྱི་མ་ཉིད་ངེས་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་ཡང་སྤྱི་ཉེ་བར་རྩོམ་པ་ལ་ཁྱད་པར་བརྗོད་པར་འདོད་པ་དེ་ལྟ་ནའང་ཁྱད་པར་གྱི་སྒྲ་ཁོ་ན་སྔོན་དུ་སྦྱོར་བར་འགྱུར་ལ། དེ་ལྟར་གྱུར་ན་སྤྱིའི་སྒྲ་མི་སྦྱོར་བར་ཐལ་བ་ཡང་མེད་དོ། །ཐམས་ཅད་ཚིག་གཅིག་པ་ཉིད་
ཡིན་པའི་ཕྱིར་ཚིག་གི་ཆ་ཤས་འབའ་ཞིག་པ་རབ་ཏུ་སྦྱར་བར་འོས་པ་ཡང་མ་ཡིན་ཏེ་རང་བཞིན་དང་རྐྱེན་བཞིན་ནོ་ཞེས་པ་འཕྲོས་པས་ཆོག་གོ། །དེ་དག་བསྒྲུབ་པར་བྱ་བའི་ཚུལ་གྱིས་བསྟན་པར་བྱ་བ་ནི་མ་ཡིན་ནོ་ཞེས་པ་སྟེ། མ་གྲུབ་པ་དག་ཀྱང་སྒྲུབ་པར་བྱེད་པ་ཉིད་དུ་མངོན་པར་བརྗོད་པའི་ཕྱིར་
རོ། །འོ་ན་འདིར་རྒོལ་བ་རང་ཉིད་ཀྱི་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་དེ་བསྒྲུབ་བྱ་ཡིན་ལ། མ་གྲུབ་པའི་སྒྲུབ་པར་བྱེད་པ་ནི་དེའི་ཚེ་དེས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའང་མ་ཡིན་གྱི། འདོད་པར་འགྱུར་བ་ཡིན་མོད། དེ་ལས་ནིཥྛའི་རྐྱེན་ནི་བྱུང་བའི་དུས་ལ་ངེས་པ་ཉིད་ཀྱི་ཕྱིར། རང་ཉིད་
འདོད་པ་བརྗོད་པས་ངེས་པར་གཟུང་བའི་དོན་རྟོགས་པ་ཁོ་ན་སྟེ། དེའི་ཕྱིར་ཁོ་ནའི་སྒྲ་དོན་མེད་པ་ཉིད་དོ་ཞེ་ན། གལ་ཏེ་བྱུང་བའི་དུས་ཁོ་ན་ལ་འདོད་པའི་སྒྲ་འཇུག་པར་འཐོབ་ན་དེ་དེ་ལྟར་འགྱུར་མོད། དེ་ནི་འཐོབ་པ་མ་ཡིན་ཏེ། དུས་གསུམ་གྱི་ཡུལ་ཅན་བྱ་བའི་མཐའ་ཅན་དང་འབྲེལ་པའི་ཕྱིར་ཏེ།
དཔེར་ན་ལྷས་བྱིན་བལྟ་བར་བྱ་བ་འོངས་སོ་ཞེས་པ་བཞིན་ནོ། །དེའི་ཕྱིར་འདིར་ཨིཥུའི་ཎིཥྛ་འབྲས་བུ་དང་ལྡན་པ་མ་ཡིན་ནོ། །དེའི་ཕྱིར་མ་གྲུབ་པའི་རྟགས་ལ་སོགས་པ་བརྗོད་པར་གྱུར་པ་ལ། ཕ་རོལ་གྱིས་སྐྱོན་བརྗོད་པ་ན། བསྒྲུབ་པར་བྱ་བ་ཉིད་དུ་བསྟན་པར་བྱ་བ་ཉིད་ཀྱང་སྲིད་དོ་ཞེས་
Vol. 193 · folio 137b
པས་སྟོན་པར་འགྱུར་བའང་ཕྱོགས་ཉིད་དུ་འགྱུར་རོ། །དེའི་ཕྱིར་དེ་བཟློག་པའི་ཆེད་དུ་ཚིག་ཕྲད་བརྗོད་དོ། །བསྟན་བཅོས་ལ་མི་ལྟོས་པར་ཞེས་པ་ནི་བསྟན་བཅོས་ལ་ལྟོས་པ་མེད་པར་ཞེས་པའི་དོན་ཏོ། །ཁས་བླངས་པ་ཞེས་པ་ནི་དམ་བཅའ་བའི་དོན་ཏོ། །དེ་ཁས་བླང་བར་བྱ་བའོ་ཞེས་
པས་ཁས་བླང་བའོ། །འོ་ན་རང་ཉིད་འདོད་པ་ཞེས་པ་འདིས་རྒོལ་བ་བདག་ཉིད་ཀྱིས་འདོད་པ་གང་ཡིན་པ་དེ་ཁོ་ན་བསྒྲུབ་པར་བྱ་བའོ་ཞེས་རྟོགས་པར་བྱེད་པས་གཞན་འདོད་པ་ཐམས་ཅད་རྣམ་པར་གཅོད་པར་བྱེད་པ་མ་ཡིན་ནམ། དེའི་ཕྱིར་རང་ཉིད་འདོད་པ་ཞེས་པ་འདིས་གཞན་འདོད་པ་
ཐམས་ཅད་ལ་མི་ལྟོས་པར་ཁས་བླངས་པ་སྟོན་པར་བྱེད་པའོ་ཞེས་བརྗོད་པར་བྱ་མོད། རང་ཉིད་འདོད་པ་ཞེས་པ་འདིས་བསྟན་བཅོས་ལ་མི་ལྟོས་པར་ཁས་བླངས་པ་སྟོན་པར་བྱེད་པའོ་ཞེས་བརྗོད་པར་བྱ་བ་དེ་སྐད་དུ་སྨྲ་བ་དེ་ཅི་ཡིན་ཞེ་ན། བརྗོད་པར་བྱ་སྟེ། འདིར་བསྟན་བཅོས་ཁས་
བླངས་པ་ན་ཡང་། གལ་ཏེ་ཡང་བསྟན་བཅོས་དེ་བྱེད་པ་པོས་ཆོས་ཅན་གཅིག་ལ་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་མང་པོ་རྣམས་མངོན་པར་འདོད་པ་དེ་ལྟ་ནའང་། སྒྲུབ་པར་བྱེད་པ་འགོད་པར་བྱེད་པ་པོ་བདག་ཉིད་ཁོ་ནས་གང་སྒྲུབ་པར་འདོད་པ་མི་རྟག་པ་ཉིད་ལ་སོགས་པའི་ཆོས་དེ་
ཁོ་ན་བསྒྲུབ་པར་བྱ་བ་ཡིན་གྱི་ཅིག་ཤོས་ནི་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་རང་ཉིད་སྨོས་པར་བྱས་སོ། །དེའི་ཕྱིར་དེས་གཞན་འདོད་པ་ཐམས་ཅད་སེལ་ནའང་དོགས་པའི་གནས་གང་ཡིན་པ་དེ་ཙམ་སེལ་བ་ལ་དེའི་བྱ་བ་བསྟན་པའི་ཆེད་དུ་འདི་སྐད་བཤད་དོ། །བསྟན་བཅོས་ཁས་བླངས་པའི་
ཕྱིར་དེར་མཐོང་བ་ཐམས་ཅད་བསྒྲུབ་པར་བྱ་བའོ་ཞེས་དོགས་པར་འགྱུར་ལ། འགའ་ཞིག་རྣམས་ཀྱིས་བསྟན་བཅོས་སུ་མཐོང་བ་ནི་བསྒྲུབ་པར་བྱ་བར་འགྱུར་བ་ཁོ་ན་ཡིན་ལ། དེ་ལ་གནོད་ནའང་གཏན་ཚིགས་དང་དམ་བཅའ་དག་གི་སྐྱོན་ཡིན་ནོ་ཞེས་ལོག་པར་རྟོགས་པ་ཡང་མཐོང་བ་ཁོ་ན་སྟེ་དེ་རྣམས་
ཀྱི་སྒྲ་ལ་བྱས་པ་ཉིད་ཀྱིས་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ན། ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པའི་ཆོས་སེལ་བ་ན། ཇི་ལྟར་འགལ་བ་ཉིད་ཡིན་པ་དེ་ལྟར་དྲི་ལ་སའི་ཡོན་ཏན་ཉིད་སེལ་བ་ནའང་འགྱུར་རོ། །དེ་ལྟར་ཡིན་མོད་ཀྱི་དྲི་སའི་ཡོན་ཏན་ཉིད་ནི་བསྒྲུབ་པར་བྱ་བའི་སྐབས་མ་ཡིན་ཏེ།
Vol. 193 · folio 138a
དེས་ན་དེ་སེལ་ན་ཡང་འགལ་བ་ཉིད་མ་ཡིན་ནོ་ཞེ་ན། དེ་ནི་གཞན་ལ་མཚུངས་ཏེ། གང་ཕྱིར་ཇི་ལྟར་དྲི་ལ་སའི་ཡོན་ཏན་ཉིད་སྐབས་མ་ཡིན་པ་དེ་ལྟར་སྒྲ་ལ་ཡང་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་རྣམས་ཏེ། དེའི་ཕྱིར་དེ་ལ་གནོད་ནའང་སྐྱོན་དུ་མི་འགྱུར་རོ། །དེ་ལྟར་
འགྱུར་མོད་ཀྱི་ནམ་མཁའི་ཡོན་ཏན་ཉིད་ལ་སོགས་པ་ལ་ཆོས་ཅན་སྒྲ་སྐབས་ཡིན་ཏེ། དེ་ལ་མི་རྟག་པ་ཉིད་དམ་བཅའ་བའི་ཕྱིར་རོ། །དེའི་ཕྱིར་དེ་ཉིད་བཟློག་པ་ལ་སྐྱོན་ཡིན་ལ། སའི་ཡོན་ཏན་ཉིད་ནི་མ་ཡིན་ཏེ། དེ་ཆོས་ཅན་གྱི་སྐབས་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེ་ན། འདི་ནི་ལན་རིགས་པ་མ་ཡིན་
ཏེ། གང་ཕྱིར་གང་ལས་སའི་ཡོན་ཏན་ཉིད་བཟློག་པ་ན་འགྱུར་བ་མ་ཡིན་པ་རྒོལ་བས་ཉེ་བར་བཀོད་པའི་ཆོས་ཅན་གྱི་སྐབས་མ་ཡིན་ནོ་ཞེས་པས། ཆོས་ཅན་ལ་བརྟེན་པས་ནམ་མཁའི་ཡོན་ཏན་ཉིད་བཟློག་པ་ན་སྐྱོན་དུ་བརྗོད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། བསྟན་བཅོས་ཀྱི་དོན་སྒྲུབ་པར་བྱེད་
པ་སྐབས་ཡིན་ནོ་ཞེས་བྱས་ནས་སོ། །དེས་ན་གལ་ཏེ་ཡང་ཆོས་ཅན་སྐབས་མ་ཡིན་པ་དེ་ལྟ་ན་ཡང་བསྟན་བཅོས་ཀྱི་དོན་སྒྲུབ་པར་བྱེད་པ་སྐབས་ཡིན་ནོ་ཞེས་པས། བསྟན་བཅོས་སུ་ཉེ་བར་བླངས་པའི་ཆོས་གཅིག་ལའང་འགའ་ཞིག་གིས་སེལ་བ་ན་བསྒྲུབ་པར་བྱ་བའི་ཆོས་ཟློག་པའི་ཕྱིར་
གཏན་ཚིགས་དང་དམ་བཅའ་དག་གི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར་བསྟན་བཅོས་སུ་མཐོང་བ་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་ལ་དེ་ལ་གནོད་ན་ཡང་གཏན་ཚིགས་དང་དམ་བཅའ་དག་གི་སྐྱོན་ཡིན་ནོ་ཞེས་པ་འདི་ནི་མི་རིགས་སོ། །གང་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་དེ་ཁོ་
ན་རིགས་པའོ། །འདི་ནི་སོང་ངོ་། །འོ་ན་འདོད་པ་སྨོས་པ་ཅིའི་དོན་ཡིན་ཞེ་ན། བརྗོད་པར་བྱ་སྟེ། མ་བརྗོད་པ་ནི་འདོད་པས་ཡུལ་དུ་བྱས་ཀྱང་བསྒྲུབ་པར་བྱ་བ་ཉིད་མ་ཡིན་ལ། དེས་ན་དེའི་སྒོ་ནས་སྐྱོན་བརྗོད་པ་གང་ཡིན་པ་དེ་ནི་འཕེལ་བ་དང་མཚུངས་པའི་ལྟག་ཆོད་དོ་ཞེས་ཁ་ཅིག་ལ་ལོག་པར་རྟོགས་
པ་འདི་ཡོད་དེ། དེའི་ཕྱིར་དེ་སེལ་བའི་ཆེད་དུ་མ་བརྗོད་ཀྱང་འདོད་པས་ཡུལ་དུ་བྱས་པ་ནི་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེར་ན་མིག་ལ་སོགས་པ་རྣམས་གཞན་གྱི་དོན་ཡིན་ཞེས་པ་འདིར་མིག་ལ་སོགས་པ་རྣམས་གཞན་གྱི་དོན་ཉིད་དུ་བསྒྲུབ་པར་བྱ་བ་ན། མ་བརྗོད་ཀྱང་འདོད་པས་ཁྱབ་པ་
Vol. 193 · folio 138b
བདག་གི་དོན་ཉིད་བསྒྲུབ་བྱ་ཡིན་པ་བཞིན་ནོ་ཞེས་བསྟན་པའི་དོན་དུའོ། །གལ་ཏེ་རྒོལ་བའི་འདོད་པས་བསྒྲུབ་བྱ་ཡིན་པ་དེའི་ཚེ་ཆོས་ཀྱི་ཁྱད་པར་ཟློག་པ་སྒྲུབ་པར་བྱེད་པ་ལ་སོགས་པ་མི་སྲིད་པ་ཁོ་ན་སྟེ། བསྒྲུབ་པར་བྱ་བ་ཚོགས་པ་ནི་གཅིག་ཁོ་ན་ཡིན་ལ། དེའི་ཕྱིར་དེ་ལས་བཟློག་པའང་གཅིག་
ཁོ་ནའོ་ཞེ་ན། འདི་བདེན་ཏེ། གང་ཚོགས་པ་ལས་བཟློག་པ་སྒྲུབ་པར་བྱེད་པ་གཅིག་པུ་ཁོ་ན་འགལ་བ་སྟེ། ཚོགས་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ནི་རེས་འགའ་ཆོས་ཅན་གྱི་སྒོ་ནས་སམ། ཆོས་ཀྱི་སྒོ་ནས་སམ། དེ་གཉིས་ཀའི་སྒོ་ནས་སམ། དེའི་ཁྱད་པར་གྱི་
སྒོ་ནས་བྱ་བའོ་ཞེས་པས་དེས་ཐ་སྙད་དུ་བྱེད་པའི་ཕྱིར། རྣམ་པར་གཞག་པ་ཙམ་ཐ་དད་ཀྱི་དོན་ནི་མ་ཡིན་ནོ། །ཡང་ཇི་ལྟར་མ་བརྗོད་པ་དེ་ཡང་བསྒྲུབ་པར་བྱ་བའོ་ཞེས་ཅི་ལྟར་རྟོགས་ཤེ་ན། རྩོད་པའི་སྐབས་ལས་མ་བརྗོད་པའང་རྟོགས་སོ་ཞེས་པས་འདི་ནི་བརྩད་པར་བྱ་བ་མ་ཡིན་ནོ། །དེའི་
ཕྱིར་མ་བརྗོད་ཀྱང་འདོད་པས་ཁྱབ་པ་བསྒྲུབ་པར་བྱ་བ་ཡིན་ཞིང་། དེ་རྗེས་སུ་འགྲོ་བ་མེད་ན་བསྒྲུབ་པར་བྱ་བ་དང་མི་ལྡན་པ་ཉིད་ལ་སོགས་པ་རྣམས་དཔེ་ལ་སོགས་པའི་སྐྱོན་རྣམས་སོ་ཞེས་པའོ། །མ་བསལ་བ་ཞེས་པ་ལ་སོགས་པ་སྟེ། མངོན་སུམ་ཡང་འདི་ཡིན་ལ་དོན་ཡང་ཡིན་པས་མངོན་སུམ་
དོན་ནོ། །དེ་དང་རྗེས་དཔག་དང་ཡིད་ཆེས་པ་དང་གྲགས་པའོ་ཞེས་ཚིག་རྣམ་པར་སྦྱར་བ་བྱས་ནས་ཟླས་དབྱེ་གཅིག་དང་འདྲ་བར་འགྱུར་བས་དེ་ལྟར་བསྟན་ཏོ། །རང་གི་ཆོས་ཅན་ལའོ་ཞེས་པ་འདི་རྒྱུ་མཚན་གྱི་བདུན་པ་སྟེ། རང་གི་ཆོས་ཅན་ཡིན་པའི་རྒྱུ་མཚན་གྱིས་མ་བསལ་བའོ་ཞེས་པའི་དོན་
ཏོ། །འདི་སྐད་བཤད་པར་འགྱུར་ཏེ། རང་གི་ཆོས་ཅན་ལ་གནོད་པ་ན་གལ་ཏེ་དེའི་སྒོ་ནས་འོངས་པ་གནོད་པ་བསྒྲུབ་པར་བྱ་བའི་ཆོས་ལའང་འགྱུར་བ་མ་ཡིན་ནའོ་ཞེས་པའི་དོན་ཏོ། །གལ་ཏེ་རྒྱུ་མཚན་གྱི་བདུན་པ་འདི་ཡིན་ན་མངོན་སུམ་ལ་སོགས་པས་རབ་ཏུ་གྲུབ་པའི་འགལ་བ་ཆོས་གཞན་
གྱི་རྟེན་བསྟན་པ་མ་ཡིན་པར་འགྱུར་ལ། དེ་ལས་ཀྱང་ཁྱད་པར་མེད་པར་བརྗོད་པའི་ཕྱིར་ཆོས་ཅན་གཞན་ལའང་རབ་ཏུ་གྲུབ་པས་སེལ་བར་རྟོགས་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཆོས་ཅན་གཞན་ལ་རབ་ཏུ་གྲུབ་པས་སེལ་བ་མི་སྲིད་པའི་ཕྱིར་དེ་ཁོ་ན་ལ་རབ་ཏུ་གྲུབ་པས་ཞེས་པར་རྟོགས་
Vol. 193 · folio 139a
པར་བྱའོ་ཞེས་པས་སྐྱོན་མེད་དོ། །རང་གི་ཆོས་འདི་ལ་ཡོད་པས་ན་རང་གི་ཆོས་ཅན་ཏེ། རང་གི་ཆོས་ཅན་དེ་ལའོ། །སྒྲུབ་བྱེད་འགོད་པ་པོས་བསྒྲུབ་བྱ་ཉིད་དུ་འདོད་པ་གང་ཡིན་པ་ནི་རང་གི་ཆོས་ཏེ་དེ་དང་ལྡན་པ་ལའོ་ཞེས་པའི་ཐ་ཚིག་གོ། །གཞན་དུ་ན་གང་གིས་
དེའི་དོགས་པ་བཟློག་པའི་དོན་དུ་འདི་འབྲས་བུ་དང་ལྡན་པར་འགྱུར་བ་སྐབས་སུ་བབ་པ་མ་ཡིན་པའི་ཆོས་དང་ལྡན་པའི་ཆོས་ཅན་གཞན་ལ་སྐབས་སུ་བབ་པ་མ་ཡིན་པའི་ཆོས་དང་ལྡན་པ་ཉིད་ཀྱིས་གནོད་པ་ན་སྐབས་སུ་བབ་པའི་བསྒྲུབ་པར་བྱ་བ་ལ་ཅི་ཞིག་གནོད། དེའི་ཕྱིར་སྐབས་སུ་བབ་པའི་ཆོས་
དང་ལྡན་པའི་ཆོས་ཅན་ལ་གནོད་ན་སྐྱོན་ཡིན་གྱི། སྐབས་སུ་མ་བབ་པའི་ཆོས་དང་ལྡན་པ་ལ་མ་ཡིན་ནོ་ཞེས་རྟོགས་པའི་དོན་དུ་རང་གི་ཆོས་ཅན་ལ་ཞེས་བརྗོད་དོ། །གལ་ཏེ་འདིའི་དོན་དུ་བྱ་བ་མ་ཡིན་ཏེ། རང་ཉིད་ཅེས་པ་འདི་ཁོ་ནས་དོན་འདི་ཐོབ་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་ནི་རྒོལ་བ་རང་ཉིད་
ཀྱི་སྒྲུབ་པར་འདོད་པ་གང་ཡིན་པ་དེ་བསྒྲུབ་པར་བྱ་བ་སྟེ། དེའི་ཕྱིར་དེ་ལས་བཟློག་པ། སྒྲུབ་པར་བྱེད་པ་ཁོ་ན་ལ་གནོད་དོ་ཞེས་པ་འདི་དོན་གྱིས་གྲུབ་བོ་ཞེ་ན། བདེན་ཏེ། དེ་ལྟར་དོན་གྱིས་གྲུབ་ནའང་། འདིར་རང་གི་ཆོས་ཅན་གྱི་ཚིག་སླར་ཡང་བྱས་པ་གང་ཡིན་པ་དེ་ནི། བསྒྲུབ་པར་བྱ་བའི་
ཆོས་ལ་དངོས་སུ་གནོད་ན་སྐྱོན་དུ་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་ཆོས་ཅན་ལའང་གནོད་ན་ཅི་ཞིག་ལྟར་འགྱུར་རོ་ཞེས་པའི་དོན་འདི་རབ་ཏུ་འགྲུབ་པའི་ཆེད་དུའོ། །གཞན་དུ་ན་ནི་ཆོས་ཅན་ལ་གནོད་ནའང་། དེའི་ཆོས་ལ་གནོད་པར་འགྲུབ་པར་བྱ་བའི་དོན་དུ་རང་གི་ཆོས་ཅན་གྱི་ཚིག་
གལ་ཏེ་བྱ་བ་མ་ཡིན་ན། དེའི་ཚེ་རྒོལ་བ་བདག་ཉིད་ཀྱིས་བསྒྲུབ་པར་བྱ་བའི་ངོ་བོར་འདོད་པའི་ཆོས་ནི་བསྒྲུབ་པར་བྱ་བའོ་ཞེས་བརྗོད་པའི་ཕྱིར། དེའི་སྒོ་ནས་འོངས་པ་ཁོ་ན་ལ་གནོད་པར་རྟོགས་པ་པོས་སེམས་ཀྱི། ཆོས་ཅན་གྱི་སྒོ་ནས་འོངས་པ་ཉིད་ལ་ནི་མ་ཡིན་ནོ། །དེའི་ཕྱིར་རང་གི་ཆོས་
ཅན་གྱི་ཚིག་བྱས་སོ། །འོ་ན་འདིའང་དོན་གྱིས་གྲུབ་པ་ཁོ་ན་མ་ཡིན་ནམ། དེ་ལྟ་ནི་ཆོས་ལ་གནོད་པས་ནི་དེ་ཙམ་དུ་ཉམས་པ་ཡིན་ལ། དེ་ཡང་བསྒྲུབ་པར་བྱ་བའི་ཆོས་ལ་དངོས་སུ་གནོད་པ་ན་འགྱུར་བའམ། ཆོས་ཅན་ལ་གནོད་པའི་སྒོ་ནས་ཀྱང་རུང་སྟེ། རྣམ་པ་གཉིས་ཀ་ལྟར་ན་ཡང་ཆོས་
Vol. 193 · folio 139b
ལ་གནོད་དེ། དེའི་ཕྱིར་ཆོས་ཅན་ལ་གནོད་པའི་སྒོ་ནས་འོངས་པས་ཀྱང་ཆོས་ལ་གནོད་པ་དོན་གྱིས་འཐོབ་པ་ཁོ་ནའོ་ཞེས་པས་དེའི་དོན་དུ་རང་གི་ཆོས་ཅན་ལ་ཞེས་བརྗོད་པར་བྱ་བ་མ་ཡིན་ནོ་ཞེ་ན། འདི་ནི་བདེན་ཏེ། གང་དུ་ཆོས་ཅན་ལ་གནོད་པ་ན་བསྒྲུབ་པར་བྱ་བའི་ཆོས་ལ་གནོད་པ་མེད་
ཅིང་། ཡུལ་གང་ཞིག་ལ་ཆོས་ཅན་ཉེ་བར་འགོག་པ་ན་ཡང་བསྒྲུབ་པར་བྱ་བའི་ཆོས་ལ་ཉམས་པ་ཅི་ཡང་མེད་པ་དེ་ལའང་ཆོས་ཅན་འབའ་ཞིག་ཉེ་བར་འགོག་པ་ནའང་རྒོལ་བ་འགའ་ཞིག་དམ་བཅའི་སྐྱོན་གྱིས་དང་གཏན་ཚིགས་འགལ་བ་ཉིད་ཀྱི་སྐྱོན་དང་ལྡན་པ་ཉིད་དུ་འདོད་དེ། དཔེར་ན་
ནམ་མཁའ་ལ་སོགས་པ་ནི་གཅིག་གི་རང་བཞིན་དུ་གནས་པ་མ་ཡིན་ཏེ། ཅིག་ཅར་འབྲས་བུ་མི་བྱེད་པའི་ཕྱིར་རོ་ཞེས་དངོས་པོར་གྱུར་པའི་ནམ་མཁའ་ལ་སོགས་པ་ཆོས་ཅན་ཡིན་ནམ། འོན་ཏེ་མ་ཡིན་ཞེས་བརྗོད་པར་འདོད་པ་ཁས་བླངས་པ་མེད་པར། ནམ་མཁའ་མེད་པ་ཉིད་དུ་སྨྲ་བས་
སྤྱིར་ནམ་མཁའ་ལ་སོགས་པའི་ཕྱོགས་སུ་བྱས་པ་ལ། ཆོས་ཀྱང་རྣམ་པར་གཅོད་པ་ཙམ་བསྒྲུབ་པར་བྱ་བ་ལ། རྣམ་པར་གཅོད་པའི་ངོ་བོ་གཏན་ཚིགས་ཡིན་པ་ན། སུན་འབྱིན་པར་བྱེད་པ་པོས་དངོས་པོར་གྱུར་པའི་ནམ་མཁའ་ལ་སོགས་པའི་ཆོས་ཅན་མེད་པའང་སྒྲུབ་པར་བྱེད་དོ་ཞེས་
སྨྲ་བ་ལྟ་བུ་སྟེ། དེ་ལྟར་དངོས་པོར་གྱུར་པའི་ཆོས་ཅན་བསལ་བ་ནའང་འདོད་པའི་བསྒྲུབ་བྱའི་ཆོས་རྣམ་པར་གཅོད་པ་ཙམ་ལ་གནོད་པར་འགྱུར་བའམ་རྣམ་པར་གཅོད་པའི་ངོ་བོའི་གཏན་ཚིགས་ཀྱིས་མ་གྲུབ་པ་ཉིད་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟ་ན་ཡང་འདི་ལྟར་ཆོས་ཅན་འབའ་
ཞིག་ལ་ཉེ་བར་གནོད་ནའང་འདིར་གནོད་པར་ཁ་ཅིག་འདོད་མོད། འདོད་པར་བྱ་བ་ཡང་མ་ཡིན་ཏེ། དངོས་པོར་གྱུར་པའི་ཆོས་ཅན་བསལ་ནའང་། རྣམ་པར་གཅོད་པ་ཙམ་གྱི་བསྒྲུབ་པར་བྱ་བ་དང་གཏན་ཚིགས་འགྲུབ་པའི་ཕྱིར་རོ། །དེས་ན་གང་དུ་ཆོས་ཅན་ལ་གནོད་པས་བསྒྲུབ་
པར་བྱ་བའི་ཆོས་ཉེ་བར་འགོག་པར་འགྱུར་བ་དེར་སྐྱོན་ཡིན་གྱི། གང་དུ་ཆོས་ཅན་འགོག་ནའང་བསྒྲུབ་པར་བྱ་བའི་ཆོས་ལ་ཉམས་པ་འགའ་ཡང་མེད་པ་དེ་ལ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རང་གི་བསྒྲུབ་པར་བྱ་བའི་ཆོས་ཀྱིས་ཁྱད་པར་དུ་བྱས་པ་ཅན་གྱི་ཆོས་ཅན་ཁོ་ན་བསྒྲུབ་པར་
Vol. 193 · folio 140a
བྱ་བ་ཡིན་གྱི་འབའ་ཞིག་པ་མ་ཡིན་པའི་ཕྱིར་རོ། །དེས་ན་འབའ་ཞིག་པ་བཀག་ནའང་ཅི་ལྟར་གནོད་པར་འགྱུར། དེའི་ཕྱིར་རྣམ་པར་གཅོད་པ་ཙམ་བསྒྲུབ་པར་བྱ་བ་ལ་དངོས་པོར་གྱུར་པའི་ཆོས་ཅན་སེམས་ན་ཡང་སྐྱོན་དང་ལྡན་པ་ཉིད་མ་ཡིན་ནོ་ཞེས་པ་འདི་རང་གི་
ཆོས་ཅན་སྨོས་པས་བསྟན་ཏོ། །འོ་ན་འདི་ཡང་རང་ཉིད་སྨོས་པ་ཁོ་ནས་འགྲུབ་པ་མ་ཡིན་ནམ། དངོས་པོར་གྱུར་པའི་ཆོས་ཅན་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པའི་ཕྱིར་རོ་ཞེ་ན། འདི་ཡོད་པ་མ་ཡིན་ཏེ། དངོས་པོར་གྱུར་པ་དང་དངོས་པོར་མ་གྱུར་པ་ཉིད་བརྗོད་པར་འདོད་པ་མེད་པར། སྤྱིར་
བརྗོད་པར་འདོད་པས་འདིར་ནམ་མཁའ་ལ་སོགས་པ་ཕྱོགས་སུ་བྱས་ལ། དེའི་ཕྱིར་དངོས་པོར་མ་གྱུར་པ་དང་དངོས་པོར་གྱུར་པའི་ཆོས་ཅན་ཐམས་ཅད་འཕངས་པ་ཁོ་ནའོ། །དེ་ལྟ་ནའང་དངོས་པོར་གྱུར་པ་བསལ་ནའང་སྐྱོན་མེད་དེ། དངོས་པོར་མ་གྱུར་པའི་ཆོས་ཅན་མ་བསལ་
བ་ཉིད་ཀྱི་ཕྱིར་རོ། །ཡང་གལ་ཏེ་དངོས་པོར་མ་གྱུར་པའི་ཆོས་ཅན་ཡང་བསལ་ན་སྐྱོན་དུ་འགྱུར་མོད། དེ་ནི་བསལ་བ་མ་ཡིན་ནོ་ཞེས་པས་ཁ་ན་མ་ཐོ་བ་མེད་དོ། །དེས་ན་འདིར་ཕྱོགས་ཀྱི་མཚན་ཉིད་འདིར་རང་ཉིད་ཀྱི་སྒྲས་སྐབས་སུ་བབ་པ་ཡིན་པའི་ཆོས་གཞན་བསྟན་བཅོས་ལ་
མཐོང་བ་རྣམས་ལ་གང་གནོད་པ་དེ་ནི་འགལ་བ་མ་ཡིན་པ་ཁོ་ནའོ་ཞེས་བཤད་ཅིང་། རང་གི་ཆོས་ཅན་ལའོ་ཞེས་པ་འདིས་ནི་ཆོས་ཅན་གཞན་བསལ་བ་གང་དེས་བསལ་བ་མ་ཡིན་ནོ་ཞེས་བཤད་དོ་ཞེས་པའོ། །ཆོས་ཅན་གང་ཆོས་ཀྱིས་ཁྱད་པར་དུ་བྱས་པ་ཞེས་པ་འདིས་བསྒྲུབ་པར་བྱ་བའི་
ཆོས་ཀྱིས་ཁྱད་པར་དུ་བྱས་པ་ཁོ་ནའི་ཆོས་ཅན་བསྒྲུབ་པར་བྱ་བ་ཉིད་དུ་སྟོན་ཅིང་། ཆོས་ཅན་འབའ་ཞིག་པ་འགོག་ན་ཡང་གནོད་པར་འགྱུར་བ་མ་ཡིན་ནོ་ཞེས་པ་འདི་གསལ་བར་བྱེད་དོ། །གལ་ཏེ་དེ་ལ་ཞེས་པ་བསྒྲུབ་པར་བྱ་བའི་ཆོས་བཀག་པའི་རྒྱུ་མཚན་ཆོས་གཞན་དེས་གལ་ཏེ་མ་
བསལ་ཞིང་། གལ་ཏེ་གནོད་པར་བྱ་བ་དེ་ལ་དེའི་སྒོ་ནས་འོངས་པའི་གནོད་པ་བསྒྲུབ་པར་བྱ་བའི་ཆོས་ལའང་མ་ཡིན་པར་འགྱུར་ནའོ་ཞེས་པའི་དོན་ཏོ། །སྒྲ་མཉན་བྱ་མ་ཡིན་ནོ་ཞེས་པའི་མཉན་བྱའི་སྒྲས་འདིར། ངོ་བོ་སྣ་ཚོགས་ཅན་གྱི་སྒྲའི་ངོ་བོ་གང་ཉན་པའི་ཤེས་པ་ལ་སྣང་བ། སྣ་
Vol. 193 · folio 140b
ཚོགས་སུ་སྣང་བའི་བློ་མཐོང་བ་མེད་པའི་ཕྱིར་ན་རིགས་ལ་སོགས་པའི་འབྲེལ་པ་ཅན་གཞན་གྱིས་དབེན་པ་དེ་ཁོ་ན་བཤད་དོ། །ཉན་པའི་ཤེས་པས་གཟུང་བར་བྱའོ་ཞེས་བྱས་ནས་སོ། །དེ་ཁོ་ན་བསྟན་པའི་དོན་དུ་མདོར་མངོན་སུམ་དོན་དང་ཞེས་དོན་བཤད་དོ། །ཉན་པའི་དབང་པོའི་
ཡུལ་འདི་ཁོ་ན་སྤོང་ན་མངོན་སུམ་གྱིས་གནོད་ཀྱི། སྤྱི་ལ་ནི་མ་ཡིན་ཏེ། གང་ཕྱིར་འདི་ལྟར་གྱུར་པའི་ངོ་བོ་དེ་ཁོ་ན་དོན་ཏེ། ལྷག་མ་ཤེས་བྱ་ཉིད་ལ་སོགས་པ་སྤྱི་ནི་དངོས་པོའི་ངོ་བོ་མ་ཡིན་ནོ། །དངོས་པོ་མ་ཡིན་པ་ཉིད་ཀྱི་ཕྱིར་དེ་དབང་པོའི་སྤྱོད་ཡུལ་མ་ཡིན་ལ། དེའི་ཕྱིར་དེ་སྤོང་ན་གནོད་
པ་མ་ཡིན་ནོ་ཞེས་པ་འདི་མཉན་བྱ་བརྗོད་པས་གསལ་བར་བྱས་སོ། །གལ་ཏེ་དབང་པོའི་ཡུལ་གྱི་རང་བཞིན་གྱི་དོན་མངོན་པར་འདོད་པ་ཡིན་ན། དེ་རང་གི་མིང་གིས་བརྗོད་པར་བྱ། ཅིས་མིན་ཞེ་ན། རང་གི་མཚན་ཉིད་ནི་རྣམ་པ་ཀུན་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྤྱིའི་ངོ་བོས་
རྗོད་པར་བྱེད་པ་ལ། མཉན་པར་བྱ་བའི་སྒྲས་སམ་གཞན་གྱིས་བརྗོད་པར་བྱའོ་ཞེས་ཁྱད་པར་ཅིའང་མེད་དོ་ཞེས་པས་འདི་ལ་མངོན་པར་ཞེན་བྱ་མ་ཡིན་ནོ། །གཞན་ཡང་ཉན་པའི་ཤེས་པ་ལས་དོན་དེ་འགྲུབ་སྟེ། དེའི་སྒྲུབ་པར་བྱེད་པ་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་དེའི་སྟོབས་ལས་
རང་བཞིན་གྲུབ་པ་ནི་དེ་ཁོ་ནས་ཐ་སྙད་དུ་བྱའོ་ཞེས་པ་འདི་ནི་དེ་ལྟར་མངོན་པར་བརྗོད་པའི་དགོས་པའོ། །གཞན་ཡང་སྒྲ་ལ་དེ་ལྟ་བུའི་ངོ་བོ་དེ་མེད་དོ་ཞེས་སྨྲ་བ་པོའི་ཉན་པའི་ཤེས་པའི་མངོན་སུམ་ཁོ་ནས་གནོད་པའོ་ཞེས་པའི་རྒྱུ་མཚན་འདིས་ཀྱང་། སྒྲ་ནི་དབང་པོའི་སྤྱོད་ཡུལ་གྱི་རང་བཞིན་དུ་མཉན་
བྱའི་སྒྲས་བཤད་དོ། །རྗེས་སུ་དཔག་པ་དང་འགལ་བའི་དཔེར་བརྗོད་པ་ནི། བུམ་པ་རྟག་གོ་ཞེས་པའོ། །བུམ་པ་ལ་བརྡེགས་པར་བཟོད་པ། མཐོང་བ་ལས་འགའ་ཞིག་གི་འཁྲུལ་པས་འདིར་འགྱུར་རོ། །དེ་ཡང་མཐོང་བ་འགགས་པའི་བུམ་པ་བཞིན་དུ་སྐྱེ་བ་ལ་སོགས་པའི་ཕྱིར་མི་སྲིད་
དོ། །གལ་ཏེ་མི་རྟག་པའི་བུམ་པ་ནི་འགའ་ཡང་མེད་ཀྱི། དེར་ཡང་གསལ་བ་མི་སྣང་བའི་ཕྱིར་རོ་ཞེ་ན། དེའི་གནས་སྐབས་ཉིད་ནི་རྟག་པ་ཉིད་ཡིན་ལ། དེའི་གནས་སྐབས་ཉིད་མ་ཡིན་པ་ནི་མི་རྟག་པ་ཉིད་དུ་སྨྲའོ། །དེ་ནི་འགགས་པ་ལ་ཡོད་དོ་ཞེས་པས། ཞིག་པའི་ཕྱིར་རམ་མི་སྣང་བའི་ཕྱིར་
Vol. 193 · folio 141a
ཞེས་པ་ནི་འདིར་མངོན་པར་ཞེན་བྱ་མ་ཡིན་ནོ། །ཚད་མ་རྣམ་པ་མེད་དོ་ཞེས་པ་ནི་ཡིད་ཆེས་པས་གནོད་པའི་དཔེར་བརྗོད་དོ། །འོ་ན་ཚད་མས་གནོད་པར་འགྱུར་ལ། དེ་ཡང་རྣམ་པ་གཉིས་ཏེ། དེས་ན་དེས་བྱས་པའི་གནོད་པ་དེ་མ་ཐག་པར་བརྗོད་པ་རྣམ་པ་གཉིས་ཁོ་ནར་འགྱུར་
རོ། །གང་འདི་ཡིད་ཆེས་པས་གནོད་པ་དང་གྲགས་པས་གནོད་པ་སྟེ། གནོད་པ་གཉིས་པོ་འདི་དག་ཅི་ལྟར་ཞེ་ན། སྐྱོན་འདི་མེད་དེ། རྗེས་སུ་དཔག་པའི་རྣམ་པ་གསུམ་དུ་དབྱེ་བ་བྱས་ནས་གནོད་པ་དེ་རྣམ་པ་བཞིར་གསུངས་སོ། །མངོན་སུམ་གྱིས་གཅིག་དང་རྗེས་སུ་དཔག་པས་
རྣམ་པ་གསུམ་མོ་ཞེས་བསྡུས་ནས་རྣམ་པ་བཞིར་འགྱུར་རོ། །ཡང་གང་གི་རྗེས་སུ་དཔག་པའི་དབྱེ་བ་རྣམ་གསུམ་དུ་འགྱུར་བ་ཇི་སྐད་བཤད་པའི་རྟགས་ཀྱི་ནང་དུ་ཁས་བླངས་པ་ལ་སོགས་པ་ཅི་ལྟར་འདུས་པར་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། དེ་ལ་ཁས་བླངས་པ་ནི་འབྲས་བུའི་
རྟགས་དང་། གྲགས་པ་ནི་རང་བཞིན་གྱི་མཚན་ཉིད་ཅན་ནོ། །བདག་གམ་གཞན་དོན་ཇི་ལྟ་བ་བཞིན་མཐོང་བས་ངག་འཇུག་པ་ནི་ཡིད་ཆེས་པར་མངོན་པར་འདོད་དོ། །དེ་ལྟར་ནི་བསྟན་བཅོས་ཁས་ལེན་པའི་རྒོལ་བ་དེས་དེའི་བྱེད་པ་པོ་དང་བདག་ཉིད་ཀྱང་རྣམ་པ་འདི་ལྟ་བུར་ཁས་བླངས་
ལ། དེའི་ཕྱིར་འདི་དག་ནི་ཡིད་ཆེས་པའི་སྒྲས་བརྗོད་པར་བྱ་བ་དག་སྟེ། འདི་དག་གི་དོན་དེ་ལྟ་བུར་གྱུར་པ་མེད་པར་ངག་འཇུག་པ་མ་ཡིན་ནོ་ཞེས་པའོ། །དེ་ནི་སྨྲ་བ་པོའི་བསམ་པའི་ངོར་བྱེད་པས་འབྲས་བུར་རྣམ་པ་གཞག་ལ། རང་གི་འབྲས་བུས་ཡང་དག་པར་བསྟན་པ་དེས་ནི་རང་ལས་ཕྱིན་
ཅི་ལོག་ཏུ་ཁས་བླངས་པའི་གེགས་བྱེད་དོ། །གགས་ཙམ་གྱི་མཚན་ཉིད་ཅན་ཡང་འདིར་གནོད་པར་རིག་པར་བྱའོ། །དེ་ལྟར་འབྲས་བུའི་གཏན་ཚིགས་ཉིད་དུ་མཚུངས་པའི་ཕྱིར་རང་གི་ཚིག་དང་བསྟན་བཅོས་བསྡུས་ནས་ཡིད་ཆེས་པའི་སྒྲས་བརྗོད་དོ། །ཇི་ལྟར་བདག་ཉིད་ཚད་མ་མ་ཡིན་པ་
ཉིད་དུ་ཁས་ལེན་ན་རྒོལ་བའི་ཚིག་ཕ་རོལ་པོ་ངེས་སུ་གཞུག་པའི་ཆེད་དུ་འཇུག་པ་མ་ཡིན་པ་དེ་ལྟར་བསྟན་བཅོས་ཚད་མ་ཉིད་མ་ཡིན་ན། དེས་རབ་ཏུ་གྲུབ་པའི་ཆོས་ཅན་ཚད་མ་མེད་པ་ཅན་རྣམ་པར་དཔྱོད་པ་འཇུག་པ་མ་ཡིན་ནོ་ཞེས་པ་འདི་ནི་གཉིས་ཀ་ཡིད་ཆེས་པའི་སྒྲའི་བརྗོད་པར་བྱ་བ་ཉིད་དུ་
Vol. 193 · folio 141b
མཚུངས་པའི་རྒྱུ་མཚན་གཞན་ཡིན་ནོ། །སྦྱར་བས་སྟོན་པ་ལ་ཡང་འདི་ཁོ་ན་མཚུངས་པའི་ཕྱིར་རྒྱུ་མཚན་ནོ། །གང་གིས་འདི་ལྟར་འདི་དག་མཚུངས་པ་ཡིན་པ་དེས་དཔེ་བརྗོད་པའང་འདིར་འདྲ་བར་སློབ་དཔོན་གྱིས་གཞལ་བྱའི་དོན་སྒྲུབ་པར་བྱེད་པའི་ཚད་མ་རྣམས་མེད་དོ་ཞེས་བསྟན་ཏོ། །ཡང་
དངོས་པོར་ན་ཚད་མ་མ་ཡིན་པ་འདི་དག་གིས་གེགས་ཀྱི་མཚན་ཉིད་ཅན་གྱི་གནོད་པ་ཅི་ལྟར་བྱ་ཞེ་ན་གསུངས་པ། དམ་བཅའ་བ་ཙམ་གྱིས་ཞེས་པའོ། །གཏན་ཚིགས་བསྟན་པ་འདིས་ན་བསྟན་བཅོས་དང་རང་གི་ཚིག་དག་ནི་ཚད་མ་ཅན་མ་ཡིན་པའི་དམ་བཅའ་ལ་གནོད་པར་བྱེད་པ་ཡིན་གྱི་
དངོས་པོར་ན་ཚད་མ་མ་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འདི་དག་གི་ཡུལ་གྱི་དབྱེ་བ་འདི་བསྟན་པའི་དོན་དུ་རྗེས་སུ་དཔག་པ་ལས་ཐ་དད་པར་བཤད་དོ་ཞེས་སྟོན་ཏོ། །ཙམ་སྨོས་པ་ནི་རང་གི་ཚིག་ལ་སོགས་པ་ལ་གལ་ཏེ་ཡང་རྗེས་སུ་དཔག་པས་གནོད་པར་བྱེད་པའང་སྲིད་མོད།
དེ་ལྟ་ནའང་དེ་ལ་ལྟོས་པ་མེད་པར་རྒོལ་བས་ཚད་མ་ཉིད་དུ་དམ་བཅའ་ཙམ་གྱིས་དང་། རང་གི་ཚིག་ལ་སོགས་པ་འགལ་བ་བསམ་པར་བྱའི། རྗེས་སུ་དཔག་པས་གནོད་པའི་སྒོ་ནས་ནི་མ་ཡིན་ནོ་ཞེས་ཡོངས་སུ་གསལ་བར་བྱ་བའི་དོན་དུའོ། །འདི་ཡང་རང་གི་ཚིག་དང་འགལ་བ་ལ་ནི་
དཔེར་རྗོད་པ་གསལ་པོ་ཡིན་ནོ། །དེ་ལྟར་ནི་གལ་ཏེ་རྒོལ་བས་རང་གི་ཚིག་ཚད་མ་ཉིད་དུ་ཁས་མི་ལེན་ན་དེའི་ཚེ་ཕ་རོལ་པོས་རྟོགས་པར་བྱ་བའི་ཆེད་དུ་ཚིག་ཅུང་ཟད་ཀྱང་མི་བརྗོད་པར་འགྱུར་ན། རྗོད་པར་ཡང་བྱེད་དོ། །དེའི་ཕྱིར་ཚིག་ཕ་རོལ་པོའི་རྟོགས་པ་སྒྲུབ་པར་བྱེད་པའི་དངོས་པོར་རྗོད་པར་
བྱེད་པས་ཚད་མ་ཉིད་དུ་ཁས་བླངས་ལ་དེའི་ཕྱིར་དེ་ཚད་མར་ཡོད་པ་ཉིད་དུ་རྟོགས་པར་བྱེད་པའི་རྗོད་པས་ནི། ཚད་མ་མེད་པའི་དམ་བཅའ་སེལ་བར་བྱེད་དོ། །ལུང་དང་འགལ་བ་ལ་ནི་བཤད་པ་འདི་ཕྱོགས་ཙམ་སྟོན་པ་ཡིན་ཏེ། གང་གི་ཕྱིར་བསྟན་བཅོས་ལ་བརྟེན་པའི་སྟོབས་ཁོ་ནས་ཚད་མ་ཉིད་
དུ་གདོན་མི་ཟ་བར་རྟོགས་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ཤེས་པ་འགའ་ཞིག་ལ་དོན་ཤེས་ནས། དོན་བྱ་བ་ལ་མི་སླུ་བར་ཉམས་སུ་མྱོང་བ་ལས་ཀྱང་སྟེ། རྣམ་པ་དེ་ལྟ་བུ་རྣམས་ནི་ཉམས་སུ་མ་མྱོང་བ་དེ་ཡོངས་སུ་མཐོང་བའི་དོན་ཅན་བསྒྲུབ་པར་བྱ་བའི་དོན་བྱེད་པ་རྣམས་ཀྱང་དེའི་རང་བཞིན་ཉིད་
Vol. 193 · folio 142a
དོ་ཞེས་ཚད་མ་ཉིད་དུ་རྟོགས་པར་བྱེད་དོ། །དེ་ལ་གང་གི་ཚེ་ཁས་བླངས་པའི་བསྟན་བཅོས་ཀྱི་རབ་ཏུ་གྲུབ་པའི་ཚད་མ་རྣམས་སྤོང་བར་བྱེད་པ་དེའི་ཚེ་འདི་བསྟན་བཅོས་དང་འགལ་བའི་དཔེ་བརྗོད་དུ་འགྱུར་རོ། །གང་གི་ཚེ་བསྟན་བཅོས་ལ་མ་བརྟེན་པར་ཚད་མ་ཡོད་པ་ཉིད་དུ་ཁོང་དུ་
ཆུད་པ་དེའི་ཚེ་འདི་ལུང་དང་འགལ་བའི་དཔེར་རྗོད་དུ་འཐད་པ་མ་ཡིན་ནོ། །དེའི་ཕྱིར་ཁས་བླངས་པ་གནོད་པ་ལ་འདི་ཕྱོགས་ཙམ་བསྟན་པར་བཤད་དོ། །འདི་ལ་དཔེར་བརྗོད་པ་གསལ་བ་ནི་འདི་ཡིན་ཏེ། ཆོས་ནི་ཚེ་འཕོས་ནས་བདེ་བ་སྟེར་བ་མ་ཡིན་ནོ་ཞེས་པའོ། །དེ་ལྟར་ནི་ཆོས་ནི་བསྟན་བཅོས་ཀྱི་
གཞག་པའི་ཆོས་ཅན་ཡིན་ཞིང་། དེ་ལ་བདེ་བ་མི་སྟེར་བ་ཉིད་བསྒྲུབ་པར་བྱ་བ་ལ། བདེ་བ་སྟེར་བ་ཉིད་དུ་བསྟན་བཅོས་སུ་མཐོང་བས་གནོད་པའོ། །གལ་ཏེ་ལུང་དང་རང་གི་ཚིག་དག་གིས་གགས་ཙམ་བྱེད་པ་ཡིན་ན། འོ་ན་ད་འདི་དག་གི་ཁྱད་པར་ཅི་ཞེ་ན། ཅིའང་མེད་དོ། །གལ་ཏེ་ཅིའང་
མེད་ན་འདི་དག་རིགས་པའི་སྒོར་ཐ་དད་དུ་གསུངས་པ་ཅི་ལྟར་ཞེ་ན། ངག་གི་དབྱེ་བ་ལས་ཏེ། རང་ཉིད་ཁོ་ནས་ཕ་རོལ་པོའི་སྒོ་ཅན་གྱི་ངག་གཞན་གྱིས་དོན་འགའ་ཞིག་སོ་སོར་བཞག་ནས། ཡང་དེ་ཁོ་ན་ཕྱི་མས་ཉམས་པར་བྱེད་པའི་ཕྱིར་ལུང་དང་འགལ་བ་སྟེ། དཔེར་ན་འུག་པ་པས་སྒྲ་རྟག་གོ་
ཞེས་པ་ལྟ་བུའོ། །གང་དེ་ཉིད་ཀྱིས་རང་གི་དོན་དང་འགལ་ན་རང་གི་ཚིག་འགལ་བ་སྟེ། དཔེར་ན་རྗེས་སུ་དཔག་པ་ཚད་མ་མ་ཡིན་ཞེས་པ་དང་། སྨྲས་པ་ཐམས་ཅད་བརྫུན་ཡིན་ནོ་ཞེས་པ་ལྟ་བུའོ། །གང་ལའང་ཞེས་པ་ལ་སོགས་པས་གྲགས་པས་གནོད་པ་དཔེར་བརྗོད་དོ། །འདིར་རི་བོང་
ཅན་ཟླ་བ་མ་ཡིན་ནོ་ཞེས་པ་དམ་བཅའོ། །འདིའི་དོན་ནི་རི་བོང་ཅན་ཟླ་བའི་བརྗོད་པར་བྱ་བ་ཉིད་མེད་དོ་ཞེས་པའོ། །དེ་ཡང་སྒྲ་ལས་བྱུང་བས་རབ་ཏུ་གྲུབ་པ་དང་འགལ་བའི་དོན་གྱིས་སེལ་ཏེ། སྒྲ་ལས་བྱུང་བ་ནི་གྲགས་པ་ཞེས་བྱ་བའི་རྗེས་སུ་དཔག་པའོ། །དེས་རབ་ཏུ་གྲུབ་ཅིང་ངེས་པ་ནི་སྒྲ་ལས་
བྱུང་བས་རབ་ཏུ་གྲུབ་པའོ། །ཡང་འདི་ཉིད་ཀྱི་དོན་གཞན་འདི་ཤེས་པར་བྱ་སྟེ། ཟླ་བ་ཟླ་བ་ཞེས་པ་འདི་ལྟ་བུ་ལ་སོགས་པ་སྒྲའི་རྒྱུ་ཅན་གྱི་ཐ་སྙད་ནི་སྒྲ་ལས་བྱུང་བ་ཡིན་ལ། དེ་ལས་རབ་ཏུ་གྲུབ་ཅིང་སྐྱེས་པ་འདོད་པའི་སྒྲའི་བརྗོད་པར་བྱ་བའི་མཚན་ཉིད་ཅན་གྱི་ཆོས་ནི་སྒྲ་ལས་བྱུང་བ་ལས་རབ་ཏུ་
Vol. 193 · folio 142b
གྲུབ་པ་སྟེ། མཆོག་ཏུ་གྲུབ་པ་ཉིད་དུ་ཤེས་པར་བྱེད་པའི་དོན་ལ་རབ་ཀྱི་སྒྲ་ཉེ་བར་བླངས་པ་ཡིན་ནོ། །མཆོག་ཏུ་ནི་དེ་དོན་ཐམས་ཅད་ལ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །དེས་འདི་སྐད་བཤད་པར་འགྱུར་ཏེ། གང་སྒྲའི་ཐ་སྙད་ལས་སྐྱེས་པའི་ཆོས་གྲགས་པ་ཞེས་བྱ་བའི་རྗེས་སུ་དཔག་པས་ངེས་པ་ཇི་སྐད་
བཤད་པའི་ངོ་བོ་ཅན་ཡིན་ཞིང་དེས་གནོད་དོ་ཞེས་པའོ། །ཐུན་མོང་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པ་སྟེ། ཡོད་པ་ཉིད་ལ་སོགས་པ་གནོད་པར་བྱེད་པའི་གཏན་ཚིགས་ནི་ཐུན་མོང་མ་ཡིན་པ་ཉིད་དོ། །དེའི་ཕྱིར་ཡང་རྗེས་སུ་དཔག་པ་མེད་དེ། འདོད་པའི་སྒྲའི་རུང་བ་ཉིད་སྤོངས་པ་ལ་ཡང་གང་ལ་
དངོས་པོ་ཐམས་ཅད་ལ་འབྱུང་བའི་ངང་ཚུལ་ཅན་ཡོད་པ་ཉིད་ཀྱང་རྗེས་སུ་འགྲོ་བ་མེད་པ་དེར་རྟགས་གཞན་རྗེས་སུ་འགྲོ་བར་ག་ལ་འགྱུར་ཞེས་པས། འདིར་གཏན་ཚིགས་རྣམ་པ་ཐམས་ཅད་ཐུན་མོང་མ་ཡིན་པ་ཉིད་དོ་ཞེས་པ་འདི་རྟོགས་པ་ནི་གཏན་ཚིགས་ལ་ཡོད་པ་ཉིད་དཔེར་བརྗོད་པའི་འབྲས་
བུའོ། །འོ་ན་བུམ་པ་ལ་སོགས་པ་མཐུན་ཕྱོགས་ཟླ་བ་མ་ཡིན་པ་ལ་ཡོད་པ་ཉིད་རྗེས་སུ་འགྲོ་སྟེ། དེས་ན་འདི་ཅི་ལྟར་ཐུན་མོང་མ་ཡིན་པ་ཡིན་ཞེ་ན། དེ་ནི་ཡོད་པ་མ་ཡིན་ཏེ། འདོད་པའི་སྒྲས་བརྗོད་དུ་རུང་བ་ཉིད་ནི་དོན་ཐམས་ཅད་ལ་འབྱུང་བ་ཅན་ཡིན་ནོ། །དེ་ལྟར་ནི་བརྡ་བྱས་པ་རྣམས་དང་བརྡ་མ་
བྱས་པའི་སྒྲ་རྣམས་ཀྱི་རུང་བ་ནི་ཐམས་ཅད་ཡིན་ནོ། །འདོད་པ་ཙམ་གྱིས་འཇུག་པའི་ཕྱིར་རོ། །སྒྲའི་རུང་བ་ཉིད་ཀྱི་སྟོབས་ཁོ་ན་ལས་སྒྲ་ཐམས་ཅད་སྒྲའི་རུང་བ་ཉིད་ལ་འབྲེལ་པ་སྟེ། གང་གི་ཚེ་ཁོ་ན་སྒྲ་གང་ཞིག་དོན་གང་ལ་སྦྱོར་བར་འདོད་པ་དེའི་ཚེ་ཁོ་ན་དེ་དེ་ལ་སྦྱོར་བར་ནུས་སོ་ཞེས་པའོ། །བུམ་
པ་ལ་སོགས་པ་རྣམས་ལའང་འདོད་པའི་སྒྲའི་བརྗོད་པར་བྱ་བ་ཉིད་རབ་ཏུ་གྲུབ་པ་ཁོ་ནའོ་ཞེས་རྣམ་པར་འཇོག་སྟེ། རུང་བ་ཉིད་ཀྱི་ཕྱིར་ཏེ། དཔེར་ན་འཚེད་པར་བྱེད་བཞིན་པ་མ་ཡིན་ཡང་འཚེད་པ་པོ་ཉིད་བཞིན་ནོ། །དེའི་ཕྱིར་བུམ་པ་ལ་སོགས་པ་རྣམས་ཀྱང་ཟླ་བ་སྟེ། དཔེར་ན་ཟླ་བ་མ་ཡིན་པ་
འགའ་ཞིག་ལ་ཡོད་པ་ཉིད་རྗེས་སུ་འགྲོ་བ་མེད་དོ། །དེའི་ཕྱིར་ཐུན་མོང་མ་ཡིན་པ་ཁོ་ནའོ། །དེ་ལྟར་འགྱུར་མོད། འདི་མི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། འགལ་བ་ཉིད་དུ་འགྱུར་གྱི། ཐུན་མོང་མ་ཡིན་པ་ཉིད་དུ་ནི་མི་འགྱུར་རོ་ཞེ་ན། འདི་ནི་བདེན་ཏེ། ཕ་རོལ་པོས་བུམ་པ་ལ་
Vol. 193 · folio 143a
སོགས་པ་རྣམས་མི་མཐུན་ཕྱོགས་ཉིད་དུ་མི་འདོད་དོ་ཞེས་པ་འདིའི་ཕྱིར། ཕ་རོལ་པོའི་བསམ་པས་མི་མཐུན་ཕྱོགས་ལ་འཇུག་པ་མ་ཡིན་ནོ། །ཐུན་མོང་མ་ཡིན་པ་ཉིད་དུ་བརྗོད་པ་འགའ་ཞིག་གོ། །ཡང་ན་ཐུན་མོང་མ་ཡིན་པའི་ཕྱིར་རྗེས་སུ་དཔག་པ་མེད་པ་ལ་ཞེས་པ་འདིའི་
དོན་གཞན་འདི་ཡིན་ཏེ། གང་གྲགས་པ་ལ་ལོག་པར་ཞུགས་པ་ཐམས་ཅད་ལ་གྲགས་པ་ཉིད་མི་འདོད་པ་རི་བོང་ཅན་ཟླ་བ་མ་ཡིན་ཞེས། ཡོངས་སུ་བཤད་པ་ཅན་གྱི་དོན་མེད་པ་ཉིད་དུ་སོ་སོར་ཤེས་པའམ་དམ་བཅས་པ་ལ། དེའི་ངོར་རྗེས་སུ་དཔག་པ་མེད་པར་གསུངས་ཏེ། འཇིག་རྟེན་གྱི་
ཡོངས་སུ་བཤད་པ་ཅན་གྱི་དོན་སྒྲུབ་པར་བྱེད་པའིའོ། །དེ་ནི་རི་བོང་ཅན་ཇི་སྲིད་པའང་ཟླ་བར་མི་འདོད་ན། གང་གི་དཔེར་འགྱུར་བ་གྲགས་པས་གྲུབ་པ་ཅི་ཞིག་འདོད་པར་འགྱུར་ཞེས་པས་རབ་ཏུ་འཇུག་པ་པོའི་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་དོ། །གལ་ཏེ་ཡང་དེ་ལྟ་མ་ཡིན་པ་དེ་ལྟ་ནའང་
འདོད་པ་ཙམ་གྱིས་འཇུག་པའི་གྲགས་པས་གྲུབ་པ་དང་འགལ་བའི་དོན་གྱིས་ཇི་སྐད་བཤད་པའི་དམ་བཅའི་དོན་ལ་གནོད་པར་བྱེད་དོ། འདོད་པ་ཙམ་དང་རྗེས་སུ་འབྲེལ་པ་དངོས་པོ་ལ་ངེས་པ་མེད་པའི་བརྡ་ཅན་སྒྲ་འབྱུང་བའི་ཆོས་རྣམས་ཀྱི་རུང་བ་ནི་དངོས་པོ་ཐམས་ཅད་ཡིན་པས་ཏེ། འདོད་པ་ལ་
འགོག་པ་མེད་པའི་ཕྱིར་རོ། །དེས་ན་འདོད་པ་ཙམ་གྱི་དབང་དུ་གྱུར་པའི་བརྡའི་རྗེས་སུ་བྱེད་པའི་སྒྲ་རྣམས་ཀྱི་དོན་ངེས་པ་མེད་པའི་ཕྱིར། འདོད་རྒྱལ་བའི་སྒྲའི་ཡུལ་གྱི་དོན་ལ་འགོག་པ་འགལ་བ་ཡིན་ནོ། །གང་གི་ཚེ་རྒྱུ་མཚན་ཅན་གྱི་སྒྲ་འཚེད་པ་པོ་ལ་སོགས་པ་རང་གི་རྒྱུ་མཚན་མེད་པ་ལས་དོན་ལ་
འགོག་པ་དང་། དཔེར་ན་ཟླ་བ་ཉིད་ཅེས་བྱ་བ་དོན་དམ་པར་ན་ཡོད་པ་མ་ཡིན་ནོ་ཞེས་དོན་དམ་པ་པའི་དོན་འགོག་པ་དེའི་ཚེ་གྲགས་པས་གནོད་པའི་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །གང་གི་ཕྱིར་ཡོངས་སུ་བཤད་པ་ཁོ་ནའི་དོན་འགོག་པ་བྱེད་བཞིན་པ་ལ་གྲགས་པས་གནོད་པར་འགྱུར་གྱི་གཞན་ལ་ནི་མ་
ཡིན་པ་དེའི་ཕྱིར་ཡུལ་གྱི་ཁྱད་པར་འདི་ཁོ་ན་བསྟན་པའི་ཆེད་དུ། གྲགས་པ་དང་རྗེས་སུ་དཔག་པ་ལས་ཕྱི་རོལ་དུ་གྱུར་པ་མ་ཡིན་ཡང་ཐ་དད་དུ་བྱས་ཏེ། རྣམ་པ་གཞན་དུ་ན་ཧ་ཅང་ཐལ་བར་འགྱུར་ཏེ། རྗེས་སུ་དཔག་པ་ལ་རྟགས་ཀྱི་བྱེ་བྲག་དུ་བ་ལ་སོགས་པ་ཇི་སྙེད་པ་དེ་རྣམས་ཀྱིས་གནོད་
Vol. 193 · folio 143b
པའང་སོ་སོ་སོ་སོར་བཤད་པར་བྱ་བར་འགྱུར་བའམ། ཐ་དད་དུ་བྱས་པ་དོན་མེད་པར་འགྱུར་རོ། །ཡུལ་གྱི་དབྱེ་བ་འདི་ཁོ་ན་གྲགས་པ་ཐ་དད་པར་འཆད་པའི་རྒྱུ་མཚན་དུ་སྟོན་ཅིང་། ཁས་བླངས་པས་གནོད་པ་དང་འདྲ་བར་གྲགས་པས་གནོད་པའང་རྒྱུ་དང་བཅས་པར། སྒྲ་ལས་བྱུང་བས་
རབ་ཏུ་གྲུབ་པས་ཞེས་པ་ལ་སོགས་པས་གསུངས་ཏེ། འདོད་པ་ཙམ་གྱིས་འབྱུང་བའི་སྒྲ་ལས་བྱུང་བས་རབ་ཏུ་གྲུབ་པ་ཁོ་ནས་གནོད་པ་ཡིན་གྱི། འདོད་པ་ལ་མི་ལྟོས་པར་དངོས་པོའི་སྟོབས་ཀྱིས་རབ་ཏུ་གྲུབ་པས་ནི་མ་ཡིན་ནོ་ཞེས་པའི་དོན་ཏོ། །ཡང་མངོན་སུམ་དང་རྗེས་སུ་དཔག་པས་གནོད་པ་
དག་ལ་ནི་རྒྱུ་དང་བཅས་པར་གསུངས་པ་མ་ཡིན་ཏེ། སྒྲ་མཉན་བྱ་མ་ཡིན་ནོ་སྒྲ་རྟག་གོ་ཞེས་རྒྱུ་བསྟན་པ་དང་བྲལ་བ་ཁོ་ནར་བརྗོད་པའི་ཕྱིར་རོ། །ཡུལ་གྱི་དབྱེ་བ་བསྟན་པས་ཀྱང་དངོས་པོ་ཡོད་པ་དང་མེད་པའི་རྗེས་སུ་ཤིན་ཏུ་བྱེད་པའི་རྗེས་སུ་དཔག་པ་ལས་ཐ་དད་པ་ཅན་གྱི་གྲགས་པ་ནི་དངོས་པོའི་
དབང་གིས་འཇུག་པ་མ་ཡིན་ནོ་ཞེས་གསལ་བར་བྱེད་པས། གྲགས་པའི་དབང་ལས་དངོས་པོའི་ཡོད་པ་ཉིད་དང་ལྡོག་པ་དང་ལྡོག་པ་མ་ཡིན་པ་དང་གཅིག་ཉིད་དང་གཅིག་མ་ཡིན་པ་ཉིད་འགྲུབ་པ་མ་ཡིན་ཞེས་རྟོགས་པར་བྱེད་དོ། །བཤད་པ་འདིར་ནི་གལ་ཏེ་ཡང་འདོད་པ་ཙམ་གྱི་དབང་དུ་གྱུར་
པ་དངོས་པོ་ལ་ངེས་པ་མ་ཡིན་པའི་བརྡ་ཅན་གྱི་སྒྲ་ལས་བྱུང་བ་གྲགས་པ་ཞེས་བྱ་བའི་རྗེས་སུ་དཔག་པ་ནི་དུ་བ་ལས་མེ་རྗེས་སུ་དཔག་པ་བཞིན་དུ་དངོས་པོའི་སྟོབས་ཀྱིས་འཇུག་པ་མ་ཡིན་པ་དེ་ལྟ་ནའང་དེ་དང་མི་མཐུན་པའི་གཏན་ཚིགས་མེད་དོ་ཞེས་པ་འདི་ཡོད་པའི་གཏན་ཚིགས་ཉེ་བར་བཀོད་པས་གསལ་བར་
བྱེད་དོ། །གྲགས་པའི་མིང་ཅན་གྱི་རྗེས་སུ་དཔག་པ་དེའི་སྦྱོར་བ་ནི། གང་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་དེ་ཐམས་ཅད་དུ་སྲིད་དེ། ཡིད་ཀྱི་རྣམ་པར་རྟོག་པ་འབའ་ཞིག་པ་བཞིན། དོན་རྣམས་ལ་འདོད་པའི་སྒྲའི་བརྗོད་པར་བྱ་བ་ཉིད་ཀྱང་འདོད་པ་ཙམ་གྱི་རྗེས་སུ་བྱེད་པའོ་ཞེས་པ་རང་བཞིན་ནོ། །འོ་ན་
གྲགས་པ་ཞེས་པ་ནི་ཐ་སྙད་ལ་བརྗོད་ལ། དེས་ན་ཅི་ལྟར་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ཉིད་གྲགས་པ་ཞེས་བྱ་བར་འཐོབ་ཅེ་ན་ཉེ་བར་བཏགས་པ་ལས་ཏེ། འདོད་པའི་སྒྲའི་བརྗོད་པར་བྱ་བ་ཉིད་གང་དུ་ཆོས་ཅན་ཉིད་དུ་ཉེ་བར་བླངས་པ་དེ་ནི་གྲགས་པའི་འབྲས་བུ་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་
Vol. 193 · folio 144a
རོ། །དེའི་ཆོས་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ཉིད་ཀྱང་གྲགས་པའི་འབྲས་བུར་འགྱུར་རོ། །དེའི་ཕྱིར་འབྲས་བུ་ལ་རྒྱུ་ཉེ་བར་བཏགས་པ་ལས་གྲགས་པར་ཐ་སྙད་འབྱུང་ཞེས་པས་སྐྱོན་མེད་དོ། །རེ་ཞིག་གང་གྲགས་པས་གྲུབ་པས་རང་གི་ཆོས་ཅན་ལས་དེ་ཉིད་ལ་དམ་བཅའི་དོན་
འགལ་བ་ལ་གནོད་དོ་ཞེས་པ་འདི་ནི་རིགས་མོད། མངོན་སུམ་དང་རྗེས་སུ་དཔག་པ་དང་ཁས་བླངས་རྣམས་ནི་འཇལ་བ་པོ་ལ་འཇུག་གི་གནོད་པར་བྱ་བའི་ཆོས་ཅན་ལ་ནི་མ་ཡིན་ན། དེ་ཅི་ལྟར་དེ་རྣམས་ལ་གནོད་པར་བྱེད་པ་ཡིན་ཞེ་ན། བདེན་ཏེ། འདིར་མངོན་སུམ་ལ་སོགས་པ་ནི་གནོད་པར་
བྱེད་པ་པོ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་ཡོངས་སུ་བཅད་པ་མཉན་བྱ་ཉིད་ལ་སོགས་པའི་ཆོས་རྣམས་ཡིན་ལ། དེ་རྣམས་འདིར་མངོན་སུམ་ལ་སོགས་པས་གཞལ་བར་བྱས་པ་ཉིད་ཀྱི་ཕྱིར་མངོན་སུམ་ལ་སོགས་པའི་སྒྲ་སྒྲོ་བཏགས་པས་མཚོན་པར་བྱས་སོ་ཞེས་པས་ཁ་ན་མ་ཐོ་བ་མེད་དོ། །འདི་ནི་
ཞེས་པ་ལ་སོགས་པ་སྟེ། འདིར་ཆོས་དང་ཆོས་ཅན་ཚོགས་པ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་ཏེ། དེས་ན་ཐམས་ཅད་དུ་ཚོགས་པ་བསལ་བ་ཁོ་ན་ལས་ཉེ་བར་འགོག་ཅིང་། དེ་རེས་འགའ་ཆོས་ཀྱི་སྒོ་ནས་སམ། ཆོས་ཅན་གྱི་སྒོ་ནས་སམ། དེ་གཉིས་ཀའི་སྒོ་ནས་སམ། དེའི་ཁྱད་པར་གྱི་སྒོ་ནས་
བྱ་བའོ་ཞེས་པས་དེས་ཐ་སྙད་དུ་བྱའོ། །འདི་ནི་སྟེ། དཔེར་རྗོད་པ་བཞི་པོ་ནི། ཆོས་ཀྱི་རང་གི་ངོ་བོ་བསལ་བས་ཏེ། ཆོས་ཀྱི་རང་གི་ངོ་བོ་སེལ་བའི་སྒོ་ནས་རྣམ་པ་གཅིག་བསྟན་པའི་ཕྱིར། ཕྱོགས་ཙམ་བཤད་པའོ། །ཕྱོགས་འདིས་ནི་ཆོས་དང་ཆོས་ཅན་གྱི་ཁྱད་པར་ཏེ་སྐབས་སུ་བབ་པའི་
བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་རྣམས་དང་ཆོས་ཅན་གྱི་རང་གི་ངོ་བོ་སེལ་བའི་སྒོ་ནས། རྣམ་པ་གཞན་རྣམས་རིག་པར་བྱའོ། །ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་ཡིན་ཞེས་དམ་བཅའ་བ་བྱས་པ་ལ། ཡན་ལག་ཅན་ནི་ཡན་ལག་རྣམས་ལས་གཞན་མ་ཡིན་ཏེ། སྲང་དམའ་བའི་
ཁྱད་པར་མི་འཛིན་པའི་ཕྱིར་རོ་ཞེས་པ་འདི་སུན་འབྱིན་པའོ། །འདིས་ཀྱང་གཞན་ཁྱད་པར་བསལ་གྱི། གཞན་ཙམ་ནི་མ་ཡིན་ནོ། །དེ་ལྟར་ནི་ཕ་རོལ་པོའང་རྡུལ་ཕྲ་རབ་རྣམས་ལ་མཐོང་བ་དང་སྒྲིབ་པ་དང་ཐོགས་པ་ལ་སོགས་པའི་འབྲས་བུ་སྲིད་པ་མ་ཡིན་ཞེས། དེ་རྣམས་འགྲུབ་པའི་ཆེད་དུ་ཡན་
Vol. 193 · folio 144b
ལག་རྣམས་ལས་གཞན་པའི་དོན་ཡན་ལག་ཅན་གྱི་སྒྲ་བྱས་པ། བྱ་བ་དང་ལྡན་པ་དང་ཡོན་ཏན་དང་ལྡན་པ་དང་འཕྲོད་པ་འདུ་བའི་རྒྱུ་ནི་རྫས་སོ་ཞེས་པ་རྫས་ཀྱི་མཚན་ཉིད་འདི་དང་ལྡན་པ་མཐོང་བྱའི་རང་བཞིན་ཅན་བསྒྲུབ་པར་འདོད་ཀྱི། ཁྱད་པར་བ་མིན་པའི་གཞན་ཉིད་ཙམ་ནི་མ་ཡིན་ནོ། །དེའི་ཕྱིར་
དེ་སེལ་བའང་མ་ཡིན་ལ། དེ་སེལ་ན་ནི་ཆོས་ཀྱི་རང་གི་ངོ་བོ་ཁོ་ན་སེལ་བར་འགྱུར་གྱི། དེའི་ཁྱད་པར་ནི་མ་ཡིན་ནོ། །འདི་ནི་ཆོས་ཀྱི་ཁྱད་པར་སེལ་བར་ཡང་འདོད་དོ། །དེས་ན་འདི་ནི་གཞན་གྱི་ཁྱད་པར་སེལ་བའོ། །ཅི་ལྟར་བྱས་ནས་ཤེ་ན། གལ་ཏེ་ཡན་ལག་ཅན་འདི་ལྕི་བ་ཉིད་དུ་འགྱུར་
ན། དེ་ལྟར་ཡིན་ན་འཇི་བ་ལ་སོགས་པའི་གོང་བུ་དག་བསྲེས་པ་བཅལ་བ་དག་ལ། རྫས་ནི་རྫས་གཞན་རྩོམ་ཞིང་ཡོན་ཏན་རྣམས་ཀྱང་ཡོན་ཏན་གཞན་ནོ་ཞེས་པའི་ལུགས་ཀྱི་ཕྱིར། དེ་དག་གིས་ཡན་ལག་ཅན་གྱི་འབྲས་བུ་རྫས་གསུམ་པ་རྩོམ་པ་ན། དེའི་ཡོན་ཏན་གཞན་ལྕི་བ་ཞེས་བྱ་བ་
སྐྱེས་པའི་ཕྱིར། དེའི་ཚེ་དེས་བྱས་པ་སྲང་དམའ་བ་ཞེས་པའི་ཁྱད་པར་དུ་འགྱུར་རོ། །གང་དུ་སྲང་དམའ་བའི་ཁྱད་པར་གྱི་རྒྱུ་ནུས་པ་ཐོགས་པ་མེད་པ་རྫས་གཞན་འདུ་བ་ཅན་གྱི་ལྕི་བ་ཉིད་ཡོད་པ་དེ་སྲང་དམའ་བའི་ཁྱད་པར་དུ་འགྱུར་ཏེ། དཔེར་ན་འཇིམ་པའི་གོང་བུ་གསུམ་པ་སྲང་ལ་གཞག་པ་
བཞིན། འཇིམ་པའི་གོང་བུ་གཉིས་བསྲེས་པ་དག་གཞལ་བ་དག་གི་ཡན་ལག་ཅན་གྱི་རྫས་གཞན་གསུམ་པ་རྩོམ་པ་ལའང་ཇི་སྐད་བཤད་པའི་ལྕི་བ་ཡོད་དོ། །རང་བཞིན་ནོ། །དེའི་ཚེ་སྲང་དམའ་བའི་ཁྱད་པར་དེའི་ཚེ་མཚོན་པ་ཡང་མ་ཡིན་ནོ་ཞེས་པ་བཟློག་པས། གང་ན་སྲང་དམའ་བའི་
ཁྱད་པར་མེད་པ་དེ་ན་ཇི་སྐད་བཤད་པའི་ལྕི་བ་ཉིད་མེད་དོ། །དཔེར་ན་མ་བསྲེས་པར་གཞལ་བའི་འཇིམ་པའི་གོང་བུ་དག་ལ་བཞིན། བསྲེས་ནས་བཅལ་བའི་འཇིམ་པའི་གོང་བུ་དག་ལའང་སྲང་དམའ་བའི་ཁྱད་པར་མེད་དོ། །འབྲས་བུ་མི་དམིགས་པའོ། །དེའི་ཕྱིར་ཡན་ལག་རྣམས་ལས་
གཞན་པའི་ཡན་ལག་ཅན་ལྕི་བའི་ཡོན་ཏན་མེད་ཅེས་པའོ། །འདིར་ཁ་ཅིག་སྨྲ་སྟེ། རྡུལ་ཕྲ་མོ་གཉིས་ནས་བརྩམས་ཏེ། ཇི་སྲིད་རྡུལ་ཕྲན་གསུམ་ལ་སོགས་པའི་འབྲས་བུ་བརྒྱུད་པ་དེ་གཞལ་བར་བྱ་ཞིང་། དེ་ལ་སྲང་དམའ་བའི་ཁྱད་པར་ཡིན་གྱི། རྫས་ཐམས་ཅད་ཀྱི་ལྕི་བ་ཉིད་བྱས་པ་
Vol. 193 · folio 145a
ནི་མ་ཡིན་ནོ། །དེའི་ཕྱིར་མཐའི་འབྲས་བུ་གཅིག་ལྷག་ནའང་དེ་ཙམ་གྱིས་དམའ་བའི་ཁྱད་པར་དུ་འགྱུར་བ་མ་ཡིན་ཏེ། དཔེར་ན་རས་བལ་གྱི་སྐུད་པ་ལ་སོགས་པ་གཞལ་བར་བྱ་བ་དེ་ལའང་ལྕི་བ་ཉིད་ཡོད་ཅིང་། དེ་སྟེ་ཡང་ཚོགས་ཆེན་པོ་གཞལ་བ་ན། གང་གི་ཚེ་རས་བལ་
གྱི་འདབ་མ་ཤིན་ཏུ་ཕྲ་བ་གཞག་པར་གྱུར་པ་དེའི་ཚེ་དེ་ལ་ལྕི་བ་ཉིད་ཡོད་ནའང་སྲང་དམའ་བའི་ཁྱད་པར་དམིགས་པ་མ་ཡིན་ནོ། །དེས་ན་ཐལ་བ་དང་བཟློག་པའི་སྒྲུབ་པར་བྱེད་པ་དག་མ་ངེས་པ་ཡིན་ནོ་ཞེའོ། །དེ་སྐད་སྨྲ་བ་དེའི་རིམ་གྱིས་བསྡོམས་པའི་རྡུལ་གྱི་ཚོགས་རྡུལ་ཕྲན་གཉིས་ལ་སོགས་
པའི་འབྲས་བུའི་རྫས་དུ་མ་ཅན་ལ་ཇི་ལྟ་བུའི་ལྕི་བ་ཉིད་དེ་ལྟ་བུ་ཅིག་ཅར་བསྡོམས་པ་དེ་ལ་མི་འགྱུར་ཏེ། འབྲས་བུའི་རྫས་གཅིག་ཁོ་ནའོ་ཞེས་བྱས་ནས་སོ། །འོན་ཀྱང་ལྕིད་ཐ་དད་པར་འགྱུར་རོ། །དེ་ལས་ཀྱང་དེས་བྱས་པའི་སྲང་དམའ་བར་འགྱུར་ལ། འགྱུར་བའང་མ་ཡིན་ནོ། །གཞན་ཡང་གང་
གི་ཚེ། གསེར་ལ་སོགས་པ་རྣམས་ཀྱི་ར་ཏི་རེ་རེ་བ་ཇི་སྲིད་དུ་དེ་རྣམས་བརྒྱ་གཞལ་བར་གྱུར་པ་དེ་སྲིད་གཅིག་གཞལ་ཞིང་། སླར་ཡང་དེ་རྣམས་ཁོ་ན་རིམ་གྱིས་བསྡོམས་པ་རྣམས་བརྒྱ་གཞལ་བ་དེའི་ཚེ་གྲངས་མཚུངས་པར་མི་འགྱུར་རོ། །གང་ཕྱིར། དེ་ཙམ་གྱིས་རྫས་ཀྱི་ཚོགས་ཉེ་བ་དང་
དེ་དང་བྲལ་བ་ལ་ལྕིད་མཚུངས་པར་ཅི་ལྟར་འགྱུར། འགྱུར་བའང་ཡིན་ཏེ། དེའི་ཕྱིར་རྡུལ་ཕྲན་གཉིས་ལ་སོགས་པའི་འབྲས་བུའི་རྫས་གཞན་གཞལ་བར་བྱ་བ་ཡོད་པ་མ་ཡིན་ནོ། །ཅི་སྟེ་སྐྱོན་འདིར་མ་གྱུར་ཅིག་སྙམ་པས། ཡུངས་ཀར་ལ་སོགས་པའི་འབྲས་བུའི་རྫས་ཀྱི་སྟེ། སོགས་པའི་
སྒྲས་ཡུངས་ཀར་གཉིས་ལ་སོགས་པ་ནས་བརྩམས་པ་གོང་མ་གོང་མ་ལ་ལྕི་བ་ཉིད་འཕེལ་བ་དང་ལྡན་ཡང་དམིགས་པ་མ་ཡིན་པ་ཁོ་ནའོ་ཞེས་འདོད་ན། འོ་ན་དེ་ལྟ་ན་ཡུངས་ཀར་ལས་སྔ་མའི་འབྲས་བུའི་རྫས་ཀྱི་ཕྲེང་བའི་ལྕིད་གང་ཡིན་པ་དེ་ནི་ཤིན་ཏུ་མཚོན་དཀའ་བ་ཁོ་ན་ཡིན་ལ། ཡུངས་ཀར་ལས་
བྱུང་བ་ཕྱི་མའི་ལྕིད་ཉིད་ཉེ་བར་མཚོན་པ་ལ་རང་ཉིད་ཁོ་ན་སོན་པར་བྱེད་དོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ལྕི་བ་ཉིད་མི་དམིགས་པར་ཐལ་བར་འགྱུར་རོ་ཞེས་པས་ལན་སྙིང་པོ་མེད་པའོ། །རས་འདབ་ཀྱི་ནི་གལ་ཏེ་ཡང་ལྕི་བ་ཉེ་བར་མཚོན་པ་མ་ཡིན་པ་དེ་ལྟ་ནའང་དེ་མཐོང་ངོ་ཞེས་པས་ཡོད་པ་
Vol. 193 · folio 145b
ཉིད་དུ་རིགས་སོ། །ཡན་ལག་ཅན་ནི་ཡན་ལག་ལས་ཐ་དད་པར་མཐོང་བ་མ་ཡིན་ཞིང་དེ་ལས་བྱུང་བ་གཟུགས་ལ་སོགས་པ་གཞན་ཉེ་བར་དམིགས་པའང་མ་ཡིན་ནོ། །དེའི་ཕྱིར་ལྕིད་ཉིད་ཀྱི་ཁྱད་པར་མེད་པ་ལྟར་དེའི་གཟུགས་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཡང་མེད་ལ། བྱ་བའི་ཁྱད་
པར་ཡང་མེད་དེ། འཇིམ་པ་ལ་སོགས་པའི་རིལ་བུ་མ་འདྲེས་པའི་གནས་སྐབས་ན་གང་གཟུགས་ལ་སོགས་པ་དང་། གང་བྱ་བ་ཡོད་པ་དེ་ལས་ལྷག་པའི་གཟུགས་ལ་སོགས་པ་དང་བྱ་བ་ནི་འདྲེས་པའི་གནས་སྐབས་ནའང་། རང་ཉིད་ཇི་ལྟ་བའི་དབང་པོས་མ་དམིགས་པའི་ཕྱིར་རོ། །
གང་ལྕིད་ཉིད་མེད་པར་སྒྲུབ་པར་བྱེད་པ་སྲང་དམའ་བའི་ཁྱད་པར་མི་འཛིན་པ་དེ་ནི། ཡན་ལག་ཅན་གྱི་རང་གི་ངོ་བོ་དང་དེ་དང་འདུས་པའི་ཡོན་ཏན་དང་བྱ་བ་མི་དམིགས་པ་ཉེ་བར་མཚོན་པ་ཙམ་མོ། །དེའི་ཕྱིར་ཡན་ལག་ཅན་གྱི་བྱ་བ་མེད་ལ། ཡོན་ཏན་རྣམས་ཀྱང་མེད་དེ། དེ་མེད་པའི་
ཕྱིར་ཡང་འདུ་བ་ཅན་གྱི་རྒྱུ་ཉིད་ཀྱང་མ་ཡིན་ལ། མཐོང་བར་བྱ་བའམ་རེག་པར་བྱ་བ་ཉིད་ཀྱང་མ་ཡིན་ནོ། །རྫས་ཀྱི་མཚན་ཉིད་ཅན་དང་ལྡན་པ་མཐོང་བར་བྱ་བའམ་རེག་པར་བྱ་བའི་ཡན་ལག་ཅན་ནི་ཡན་ལག་རྣམས་ལ་གཞན་མེད་དོ། །གང་དམིགས་སུ་རུང་བ་མི་དམིགས་པ་དེ་ནི་ཡོད་
པ་མ་ཡིན་ཏེ། འདི་ལྟ་སྟེ་རི་བོང་གི་རྭ་བཞིན། རྫས་ཀྱི་མཚན་ཉིད་དང་ལྡན་པའི་ཡན་ལག་ཅན་ཡན་ལག་རྣམས་ལས་གཞན་པའང་དམིགས་སུ་རུང་བ་མ་དམིགས་སོ། །རང་བཞིན་མི་དམིགས་པའོ། །ཡན་ལག་རྣམས་ནི་གཞན་མ་ཡིན་པ་ཞེས་པ་ཆོས་ཅན་གྱི་ཁྱད་པར་སེལ་བའོ། །
ཡན་ལག་རྣམས་ཡན་ལག་ཅན་ལས་གཞན་ནོ་ཞེས་པ་དམ་བཅའོ། །འདིར་ཡན་ལག་རྣམས་ཆོས་ཅན་ཏེ། དེ་རྣམས་གཞན་ཉིད་ཀྱི་ཆོས་ནི་བསྒྲུབ་པར་བྱ་བའོ། །དེ་རྣམས་ཀྱི་ཡང་འགའ་ཞིག་མངོན་སུམ་ཉིད་ཀྱི་ཁྱད་པར་དུ་ཕ་རོལ་པོས་འདོད་དེ། དེ་ལས་གཞན་ཉིད་ཡོད་ན། དེ་ལས་
ཐ་དད་པར་མི་སྣང་བའི་ཕྱིར་འཐད་པ་མ་ཡིན་ནོ། །གཞན་ཉིད་དུ་ཡོད་པ་ན་གང་ཞིག་གང་ལས་ཐ་དད་པར་སྣང་བ་མ་ཡིན་པ་དེ་མངོན་སུམ་མ་ཡིན་ཏེ། ཆེན་པོ་མ་ཡིན་པའི་ཡན་ལག་ཅན་དང་པོའི་ཡན་ལག་རྣམས་བཞིན། ཡན་ལག་རྣམས་ཀྱང་གཞན་ཉིད་དུ་ཡོད་པ་ན་ཡན་ལག་ཅན་ཕ་རོལ་དེ་
Vol. 193 · folio 146a
ལས་ཐ་དད་པར་སྣང་བ་མ་ཡིན་ནོ། །ཁྱབ་པར་བྱེད་པ་མི་དམིགས་པའོ། །རྫས་ནི་ཡོད་པ་མ་ཡིན་ཏེ་ཞེས་པ་ལ་སོགས་པའོ། །འདིའི་ཤིན་ཏུ་གྲགས་པའི་དོན་ནི་སློབ་དཔོན་རང་ཉིད་ཀྱིས་ཕྱིས་འཆད་པར་འགྱུར་རོ། །དོན་གཞན་ཡང་ཤིན་ཏུ་གྲགས་པ་མ་ཡིན་པ་སྲིད་པ་
དེ་ཁོ་ན་བཤད་པར་བྱའོ། །རྫས་ཡོད་དོ་ཞེས་པ་དམ་བཅའོ། །རྫས་ནི་ས་ལ་སོགས་པ་སྟེ། དེ་ཡོད་དེ། ཡོད་པའོ་ཞེས་པའི་དོན་ཏོ། །ཡོད་པ་ཉིད་དང་ལྡན་པའི་ཕྱིར་ཀཱ་ཎ་བྷུ་ཛ་ནི་རྫས་ལ་སོགས་པ་གསུམ་ཡོད་པའོ་ཞེས་མངོན་པར་འདོད་དོ། །དེ་ལས་ཀྱང་ཡོན་ཏན་རྣམས་ཀྱང་རྫས་ཀྱི་རང་
བཞིན་ཉིད་དུ་འགྱུར་ཏེ། རྫས་ལ་གནས་པའི་བདག་ཉིད་ཡོད་པ་ཉིད་དང་འབྲེལ་བའི་ཕྱིར་རོ། །འདི་སྐད་བརྗོད་པར་འགྱུར་ཏེ། གལ་ཏེ་ཡོད་པ་ཉིད་རྫས་ལ་འཇུག་ན་དེའི་ཚེ་ངེས་པར་འདིས་རྫས་ལ་འདུ་བ་ཅན་གྱི་རང་བཞིན་དུ་འགྱུར་བར་བྱ་སྟེ། གཞན་དུ་ན་རྫས་ལ་འཇུག་པར་མི་འགྱུར་ན།
འཇུག་པ་ཡང་ཡིན་ནོ། །དེའི་ཕྱིར་ཡོད་པ་ཉིད་རྫས་ལ་འཇུག་པའི་རང་བཞིན་ཡིན་ལ། དེ་ལྟར་གྱུར་ན་དེ་རང་བཞིན་གང་གིས་རྫས་ལ་འཇུག་པ་དེ་ཁོ་ནས་ཡོན་ཏན་རྣམས་ལའང་ངོ་། །ཅི་སྟེ་རང་བཞིན་དེས་མི་འཇུག་ན། དེའི་ཚེ་དེའི་རང་བཞིན་གཞན་ཁོ་ན་ཡོན་ཏན་རྣམས་ལ་ཞུགས་པར་
འགྱུར་གྱི་དེ་ཁོ་ན་ནི་མ་ཡིན་ནོ་ཞེས་པས། ཐ་དད་པ་ཉིད་ཀྱི་ཕྱིར་གཅིག་ཉིད་ཉམས་སོ། །དེའང་འདོད་པ་མ་ཡིན་ནོ་ཞེས་པས། ཡོན་ཏན་རྣམས་ལའང་དེ་རྫས་ལ་གནས་པའི་རང་བཞིན་ཁོ་ན་འཇུག་པར་འདོད་པར་བྱ་ལ། དེ་ལས་ཀྱང་། གང་ལས་དེ་ལྟར་དེ་རྣམས་ལ་རྫས་ལ་འདུ་བ་ཅན་གྱི་
རང་བཞིན་དེ་འཇུག་པར་འགྱུར་བ་དེ་རྣམས་ཀྱང་རྫས་ཀྱི་རང་བཞིན་དུ་ཐལ་བར་འགྱུར་རོ། །གལ་ཏེ་དེ་རྣམས་ཀྱང་རྫས་ཀྱི་རང་བཞིན་དུ་གྱུར་ན། ཡོན་ཏན་རྣམས་རྫས་ཀྱི་རང་བཞིན་དུ་ཐལ་བར་འགྱུར་བས་དཔེ་གསལ་བར་བྱས་སོ། །ཡོན་ཏན་རྣམས་རྫས་ཀྱི་རང་བཞིན་དུ་འདོད་པའང་མ་ཡིན་ཏེ།
དེའི་ཕྱིར་ཡོད་པ་ཉིད་ནི་རྫས་ལ་མི་འཇུག་པའི་རང་བཞིན་དུ་ཁས་བླང་བར་བྱའོ། །དེའི་ཕྱིར་རྫས་སུ་མངོན་པར་འདོད་པ་ལའང་འཕྲོད་པ་འདུས་པ་འདི་ནི་རྫས་མ་ཡིན་པ་ལ་གནས་པའི་བདག་ཉིད་ཁོ་ནའི་རང་བཞིན་ནོ། །དེ་ལྟ་ནའང་དེ་ལ་ཞུགས་པ་དེའི་རང་བཞིན་དེར་འགྱུར་རོ། །གལ་ཏེ་
Vol. 193 · folio 146b
རྫས་སུ་མངོན་པར་འདོད་པ་རྫས་མ་ཡིན་པར་འགྱུར་ན། དེའི་ཕྱིར་རྫས་ནི་ཡོད་པ་མ་ཡིན་ནོ་ཞེས་པའོ། །གང་ཡོད་པ་ཉིད་དང་ལྡན་པ་དེ་རྫས་མ་ཡིན་ཏེ། ཡོན་ཏན་བཞིན་རྫས་སུ་མངོན་པར་འདོད་པའི་དངོས་པོ་འང་ཡོད་པ་ཉིད་དང་ལྡན་ནོ་ཞེས་པ་འགལ་བས་ཁྱབ་པས། ཆོས་ཅན་གྱི་རང་གི་ངོ་བོ་
གསལ་བའི་ཕྱིར་དམ་བཅའི་སྐྱོན་ནོ། །ངག་ཐམས་ཅད་བརྫུན་པའི་དོན་ཅན་ནོ་ཞེས་དམ་བཅའོ། །འདིས་ཀྱང་རང་ཉིད་ལས་གཞན་པའི་ངག་ཐམས་ཅད་བརྫུན་པའི་དོན་ཅན་ཞེས་དམ་བཅས་ཏེ། དེ་ལྟར་ནི་ཕ་རོལ་པོས་རྟོགས་པའི་ཆེད་དུ་ཚིག་རྗོད་པར་བྱེད་པ་ཁོ་ནས་སྨྲ་བ་པོས་རང་གི་ཚིག་ཚད་
མ་ཉིད་དུ་ཁས་བླང་བར་བྱས་ཏེ། དེའི་ཕྱིར་དེ་འདིར་བརྗོད་པར་འདོད་པ་མ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་ཀྱི་སྒྲ་ནི་འདིར་ངག་གི་ཕྱོགས་གཅིག་ཕ་རོལ་པོའི་ཁོ་ན་ལ་འཇུག་གོ། །གང་ཡང་ངག་ཅེས་པ་རྗེས་སུ་བརྗོད་པ་ངག་དེ་ཅི་འདྲ་བ་ཡིན་ཞེ་ན་གསུངས་པ། ངག་ཡོད་དེ། ངག་གི་བདག་
ཉིད་ཀྱིས་དང་བརྫུན་པའི་དོན་ཅན་ཉིད་ཀྱིས་ཀྱང་ཞེས་པ་སྟེ། ངག་གི་བདག་ཉིད་ཀྱིས་ཞེས་པ་ངག་གི་རང་བཞིན་གྱིས་སོ། །འདིས་ནི་ཆོས་ཅན་གྱི་རང་གི་ངོ་བོ་རྗེས་སུ་བརྗོད་དོ། །བརྫུན་པའི་དོན་ཅན་ཉིད་ཀྱིས་ཀྱང་ཞེས་པ་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ཀྱིས་སོ། །འདིས་ཀྱང་ཆོས་ཀྱི་རང་གི་
ངོ་བོའོ། །གསུམ་པ་འདི་ནི་འདི་ལྟར་གྱུར་པའི་མཚན་ཉིད་ཅན་ནོ། །ཀྱང་གི་སྒྲ་ནི་ཆོས་ཅན་དང་ཆོས་ཀྱི་ཁྱད་པར་རྗེས་སུ་བརྗོད་པའི་ངག་སྡུད་པའི་དོན་དུའོ། །དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། ངག་གི་ཁྱད་པར་མི་རྟག་པ་ཉིད་ལ་སོགས་པ་ཡོད་ལ། བརྫུན་པའི་དོན་ཅན་ཉིད་ཀྱི་ཡང་བརྫུན་ཚིག་གི་
བརྗོད་པར་བྱ་བ་ཅན་ཉིད་ལ་སོགས་པ་ཡོད་དེ་ཞེས་པ་འདི་ལྟ་བུའི་རྣམ་པའོ། །འདིའི་ཞེས་པ་རྗེས་སུ་བརྗོད་པའི་ངག་གིའོ། །འདིའི་ཡང་དམ་བཅའི་ངག་གིས་བྷཱ་ར་ཏ་ལ་སོགས་པའི་ངག་བཞིན་དུ་བརྫུན་པའི་དོན་ཅན་ཉིད་དུ་དམ་བཅས་སོ། །དེ་ཡང་བརྫུན་པའི་དོན་ཅན་ཉིད་ན་བྷཱ་ར་ཏ་ལ་སོགས་
པའི་ངག་རང་བཞིན་རྗོད་བྱེད་མ་ཡིན་པའང་བདེན་པའི་དོན་ཅན་དུ་ཡང་དག་པར་འབྱུང་ཞིང་། གང་ཡང་མི་བདེན་པའི་དོན་ཅན་ཉིད་དེའི་ཁྱད་པར་ཡིན་པ་དེའང་ཉམས་སོ། །དེའི་ཕྱིར་དམ་བཅའ་བར་རང་གི་བརྗོད་པར་བྱ་བ་ལ་ངེས་པར་བསལ་བར་བྱས་པར་འགྱུར་རོ། །དེ་ནི་རང་གི་ངོ་བོའི་སྒོ་
Vol. 193 · folio 147a
ནས་སམ་ཁྱད་པར་གྱི་སྒོ་ནས་ཏེ། དེ་ལ་གལ་ཏེ་ངག་དང་བདེན་མིན་ཉིད་དག་ལ་རྣམ་པ་ཐམས་ཅད་དུ་ངེས་པར་བསལ་བ་ཡིན་ན་ཞེས་པ། འདིས་ཆོས་ཅན་དང་ཆོས་ཀྱི་རང་གི་ངོ་བོ་ངེས་པར་བསལ་བའི་སྒོ་ནས་དམ་བཅའ་བའི་དོན་ངེས་པར་བསལ་བར་སྟོན་ཏོ། །ཅི་ལྟར་བྱས་
ནས་ཤེ་ན། ངག་དང་བདེན་པ་མིན་པ་ཉིད་དག་ལ་ཞེས་པ་རྒྱུ་མཚན་གྱི་དོན་ཅན་གྱི་བདུན་པ་སྟེ། དེས་ན་དོན་འདིར་འགྱུར་རོ། །གལ་ཏེ་ངག་ཆོས་ཅན་གྱིས་དང་བདེན་མིན་གྱི་དོན་ཅན་བསྒྲུབ་པར་བྱ་བའི་ཆོས་ཀྱི་རྒྱུ་མཚན་གྱིས་རྣམ་པ་ཐམས་ཅད་དུ་ངེས་པར་བསལ་བར་ཕྱོགས་འགྱུར་ནའོ། །འདི་
སྐད་བཤད་པར་འགྱུར་ཏེ། གལ་ཏེ་ཆོས་ཅན་གྱི་ངོ་བོའམ་ཆོས་ཀྱི་ངོ་བོ་ལ་གནོད་པ་ཡིན་ན། དེའི་སྒོ་ནས་བསྒྲུབ་པར་བྱ་བ་ཚོགས་པ་ལ་གནོད་པར་འགྱུར་ལ། དེ་ལྟར་གྱུར་ན་གཉིས་ཀའི་རང་གི་ངོ་བོ་བསལ་བ་ཞེས་པའོ། །རྣམ་པ་ཐམས་ཅད་དུ་ཞེས་པ་འདིས་ནི་རྣམ་པ་ཐམས་ཅད་ཀྱིས་
བསྒྲུབ་པར་བྱ་བ་མཐའ་དག་གལ་ཏེ་ཉེ་བར་འགོག་པར་འགྱུར་ན་དེ་ལྟ་ན་དམ་བཅའི་སྐྱོན་དུ་འགྱུར་གྱི། ཇི་ལྟར་ཁ་ཅིག་སྨྲ་བ་ལྟར་ཆོས་ཅན་ཙམ་ལ་གནོད་པས་ནི་མ་ཡིན་ནོ་ཞེས་པ་འདི་སྟོན་པར་བྱེད་དོ། །དོན་འདི་ཁོ་ན་འགྲུབ་པའི་ཆེད་དུ་རྣམ་པ་ཐམས་ཅད་དུ་ཞེས་པ་འདི་དམ་བཅའི་སྐྱོན་ཐམས་
ཅད་ལ་ཁྱབ་པར་བྱེད་པ་ལྟའོ། །དེ་ཉིད་ཀྱི་ཕྱིར་འདི་ལ་མཐའི་དཔེར་བརྗོད་ཁོ་ན་སྨོས་པར་གྱུར་མོད་ཀྱང་འདི་ནི་དམ་བཅའི་སྐྱོན་ཐམས་ཅད་ཀྱི་ཐུན་མོང་བར་རྣམ་པར་ཤེས་པར་བྱའོ་ཞེས་པའོ། །དེ་ལྟར་རེ་ཞིག་སྒྲ་ཇི་ལྟ་བ་བཞིན་པའི་ངག་གི་བརྫུན་པའི་དོན་ཅན་ཉིད་དུ་གྱུར་ན་གཉིས་ཀའི་ངོ་བོའི་སྒོ་ནས་
བསལ་བའོ། །ད་ནི་སྒྲས་ཟིན་པ། དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་ལ། ཁྱད་པར་གྱི་སྒོ་ནས་དམ་བཅའི་དོན་གསལ་བ་རྟོགས་པར་བྱ་བའི་ཆེད་དུ་གསུངས་པ། ཅི་སྟེ་ཞེས་པ་ལ་སོགས་པའོ། །ངག་བདག་ཉིད་ཀྱི་ཞེས་པ། ངག་གི་བདག་ཉིད་དམ་ཡང་ངག་གི་བདག་ཉིད་ངག་ཡིན་པ་དེ་དེ་
སྐད་བརྗོད་དེ། འདིའང་ཅི་ཞེ་ན་ཆོས་ཅན་ངག་གི་ཁྱད་པར་རོ། །འདི་ཅི་ལས་ཤེ་ན་གང་ལས་དེ་ངག་གི་བདག་ཉིད་དུ་གྱུར་པའོ། །གཞན་ཡང་ཆོས་ཅན་དང་ཆོས་ཀྱི་ཁྱད་པར་སེལ་བ་རྟོགས་པར་བྱེད་པའི་སྐབས་ཡིན་ཏེ། གང་གི་ཕྱིར་དེ་མ་ཐག་པ་ཁོ་ནར་བཤད་པ། དེ་ལྟར་གྱུར་ན་གཉིས་
Vol. 193 · folio 147b
ཀའི་ཁྱད་པར་བསལ་བ་ཡིན་ནོ་ཞེས་པའོ། །དེའི་ཕྱིར་འདི་སྤྱིའི་སྒྲ་ཡིན་ཡང་སྐབས་ལས་དང་ཤུགས་ལས་ངག་གི་ཁྱད་པར་ཁོ་ན་ལ་འཇུག་སྟེ། ཁྱད་པར་གྱི་སྒྲ་ཉེ་བ་ཁོ་ན་ནི་ངག་རྣམས་ཀྱི་ཁྱད་པར་འཇོག་པའི་རྒྱུ་མ་ཡིན་གྱི། འོན་ཀྱང་སྐབས་ལ་སོགས་པའང་ཡིན་ནོ་ཞེས་པ་གནས་མ་
ཡིན་པའི་ལོག་པར་རྟོགས་པས་ཆོག་གོ། །བདེན་པ་མིན་པ་དོན་ཅན་ཉིད་ཀྱིས་ཀྱང་། །ཞེས་པ། བདེན་པ་མིན་པའི་དོན་ཏེ་བརྗོད་བྱ་ཅན་ནོ། །དེའི་དངོས་པོ་ནི་བདེན་པ་མིན་པའི་དོན་ཅན་ཉིད་དོ། །དེ་ཡང་བསྒྲུབ་པར་བྱ་བའི་ཆོས་ཀྱི་ཁྱད་པར་རོ། །འདིའང་བར་མ་ཆད་པར་བརྗོད་པའི་འཐད་པ་
ཁོ་ནས་རྟོགས་པར་བྱའོ། །ཀྱང་གི་སྒྲ་ལས་ཁྱད་པར་གཞན་འགའ་ཞིག་གིས་ཀྱང་ངོ་། །གསུམ་པ་འདི་ནི་རྒྱུ་ལའོ། །དེས་ན་ངག་གི་དོན་འདི་འབྱུང་སྟེ། ཅི་སྟེ་ཆོས་ཅན་གྱི་ཁྱད་པར་མི་རྟག་པ་ཉིད་ལ་སོགས་པས་དང་། ཆོས་ཀྱི་ཁྱད་པར་བདེན་པ་མིན་པའི་ཚིག་གི་བརྗོད་པར་བྱ་བ་
ཉིད་ལ་སོགས་པའི་རྒྱུས། དེ་བསལ་བའི་སྒོ་ནས་རྣམ་པ་ཐམས་ཅད་དུ་དམ་བཅའ་བའི་དོན་བསལ་བར་འགྱུར་རོ། །དེ་ལྟར་གཉིས་ཀ་དག་གི་ཁྱད་པར་བསལ་བའོ་ཞེས་པའོ། །དེ་ལྟར་ན་འདིར་དམ་བཅའི་ངག་གིས་དང་། རྗེས་སུ་བསྒྲགས་པའི་ངག་གིས་ཡང་དོན་ཇི་ལྟ་བ་ཉིད་མ་ཡིན་
པར་དམ་འཆའ་བས་ཀྱང་རང་གི་དོན་ཁོ་ན་བསལ་བར་འགྱུར་རོ་ཞེས་པས་རང་གི་ཚིག་འགལ་བ་དམ་བཅའི་སྐྱོན་ཡིན་ནོ། །འོ་ན་ངག་རྣམས་ཀྱི་ངོ་བོ་དང་ཁྱད་པར་འདི་གཉིས་ཀ་ཡང་མངོན་སུམ་ལ་སོགས་པས་རབ་ཏུ་གྲུབ་པ་ཁོ་ན་ཡིན་ཏེ། དེས་ན་དེའི་རྣམ་པ་གཞན་ཉིད་དུ་ཅི་ལྟར་ཡིན་
ཞེ་ན། འདི་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་ན་ནི་དམ་བཅའ་བར་བྱ་བཞིན་པར་གྱུར་པ་ན་འདི་མི་འདོད་པར་ཐལ་བར་འགྱུར་རོ་ཞེས་པའོ། །ངག་གི་དོན་གྱི་དབང་ལས་འདི་འདི་ལྟར་སྨྲ་བ་པོ་ལ་ཉེ་བར་དམིགས་པར་འབྱུང་གི །དངོས་པོའི་དབང་ལས་ནི་མ་ཡིན་ནོ། །ཚིག་གི་ཡོན་ཏན་དང་སྐྱོན་
དག་ནི་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་སྐབས་ཡིན་གྱི། དོན་གྱི་ནི་མ་ཡིན་ནོ། །དེའི་ཕྱིར་མངོན་སུམ་ལ་སོགས་པ་དང་འགལ་བ་ཡོད་དུ་ཟིན་ཀྱང་། དེ་ལ་ལྟོས་པ་མེད་པར་སྒྲའི་དོན་ལ་ལྟོས་པར་རང་གི་ཚིག་འགལ་བ་འདི་འབྱུང་ངོ་ཞེས་པ་ཁ་ན་མ་ཐོ་བ་མེད་དོ། །གལ་ཏེ་ཁྱད་
Vol. 193 · folio 148a
པར་མ་གྲུབ་པ་ཉིད་ལ་སོགས་པ་སྒྲུབ་བྱེད་མི་སྲིད་པའི་ཕྱིར་ཕྱོགས་ལྟར་སྣང་བར་བཤད་པ་དེ་རྣམས་འདིར་ཅིས་མ་བཤད་ཅེ་ན། གང་གི་ཕྱིར་དེ་རྣམས་ལ་དཔེ་བསྒྲུབ་པར་བྱ་བ་དང་བྲལ་བ་ལ་སོགས་པའི་སྐྱོན་ལས་སྒྲུབ་པར་བྱེད་པ་མི་སྲིད་པ་ཡིན་གྱི། དམ་བཅའ་བ་
ཙམ་གྱིས་མ་ཡིན་པ་དེས་ན་མ་བརྗོད་དོ། །མ་གྲུབ་པ་ཉིད་ལ་སོགས་པ་སྐྱོན་ཐམས་ཅད་ཀྱིས་ཀྱང་ཕྱོགས་ཁོ་ན་ལ་ཉེ་བར་གནོད་ཅིང་། དེ་ལྟ་བུ་དེ་ལས་ཀྱང་། དེ་ལྟ་ན་ཡང་ཕྱོགས་ལྟར་སྣང་བ་ཉིད་དུ་འགྱུར་ན། མ་གྲུབ་པ་ལ་སོགས་པ་རྣམས་ཀྱང་ཕྱོགས་ལྟར་སྣང་བར་བརྗོད་པར་བྱ་བར་འགྱུར་
ལ་དེ་འདོད་པའང་མ་ཡིན་ནོ། །དེའི་ཕྱིར་གལ་ཏེ་ཡང་སྒྲུབ་པར་བྱེད་པའི་སྐྱོན་ཐམས་ཅད་ཀྱིས་ཕྱོགས་ཉིད་འགོག་པ་དེ་ལྟ་ནའང་དམ་བཅའ་ཙམ་ལ་འབྱུང་བ་རྣམས་ཁོ་ན་ཕྱོགས་ཀྱི་སྐྱོན་ཉིད་དོ། །དེ་ཉིད་ཀྱི་ཕྱིར་དོན་གཞན་འདི་གསལ་བར་བྱེད་པ། དམ་བཅའ་ཙམ་དང་ཞེས་པའི་ཚིག་
ཐམས་ཅད་དུ་ཁྱབ་པར་བྱེད་པར་བལྟ་བར་བྱའོ། །གང་གི་ཕྱིར་འདི་ལྟར་ཡིན་པ་དེའི་ཕྱིར་ཁྱད་པར་མ་གྲུབ་པ་ལ་སོགས་པ་དེར་གང་ཕྱོགས་ཀྱི་ཆོས་ཉིད་ལ་སོགས་པ་ཡན་ལག་ཕྱི་མ་ལ་ལྟོས་ནས་སྐྱོན་དུ་འགྱུར་བ་དེ་ནི་དེ་ཁོ་ནའི་ཡིན་གྱི་ཕྱོགས་ཀྱི་ནི་མ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །
དེའི་ཕྱིར་ཁྱད་པར་མ་གྲུབ་པ་ཉིད་ལ་སོགས་པ་རྣམས་ཕྱོགས་ཀྱི་སྐྱོན་མ་ཡིན་ནོ་ཞེས་པའོ། །རིགས་པ་ཅན་རྣམས་ནི་ཞེས་པ་ལ་སོགས་པ་སྟེ། ནིའི་སྒྲ་ནི་ལུགས་གཞན་ལས་ཁྱད་པར་གསལ་བར་བྱེད་པའོ། །བསྒྲུབ་བྱ་སྟོན་པ་དམ་བཅའོ་ཞེས་འདི་ལ་བསྒྲུབ་པར་བྱ་བའི་སྒྲ་འདི་གྲུབ་ཟིན་པ་
མ་ཡིན་གྱི། འོན་ཀྱང་བསྒྲུབ་པར་བྱར་འོས་པའོ་ཞེས་པ་འདི་ཙམ་གྱི་དོན་རྗོད་པར་བྱེད་ཅིང་། གྲུབ་པ་མ་ཡིན་ཏེ། གྲུབ་པ་མ་ཡིན་པ་དགག་པ་ཙམ་ལ་དོན་སྤྱད་པར་བྱས་པ་ཉིད་ཀྱི་ཕྱིར། དེ་ཁོ་ན་ལ་ནུས་པ་ཉེ་བར་ཟད་པའོ། །རྩོམ་པ་གཞན་མེད་པར་བསྒྲུབ་པར་བྱ་བའི་ཁྱད་པར་དུ་གནས་
ཏེ། དེས་ན་སྐྱོན་ཅི་ཡོད་ཅེས་ཟེར་རོ། །དེ་ལྟ་ན་ནི་ཞེས་པ་ལ་སོགས་པ་སྟེ། དཔེར་ན་སྒྲ་མི་རྟག་གོ་ཞེས་བསྒྲུབ་པར་འདོད་པའི་དོན་བསྟན་པ་འདི་ནི་དམ་བཅའ་ཡིན་ལ། དེ་ལྟར་ཡིན་ན་མ་གྲུབ་པའི་གཏན་ཚིགས་དང་དཔེ་རྗོད་པར་བྱེད་པ། དམ་བཅའ་བར་ཐལ་བར་འགྱུར། འོ་ན་སྒྲ་རྟག་པ་
Vol. 193 · folio 148b
ཉིད་ལ་སོགས་པ་སྒྲུབ་པའི་དུས་ན། མ་གྲུབ་པའི་གཏན་ཚིགས་དང་། དཔེ་དག་བསྒྲུབ་པར་བྱ་བ་ཉིད་དུ་འདོད་པ་མ་ཡིན་པ་ཁོ་ན་སྟེ། དེས་ན་ཐལ་བར་འགྱུར་བ་འདི་ཅིའི་ཕྱིར་ཡིན་ཞེ་ན། གང་གི་ཕྱིར་བསྒྲུབ་པར་བྱ་བའི་སྒྲ་ནི་བྱ་བའི་རྐྱེན་གྱི་མཐའ་ཅན་ཡིན་ལ། བྱ་བའི་རྐྱེན་རྣམས་ཀྱང་དུས་
གསུམ་པའི་ཡུལ་ཅན་ཡིན་པ་དེའི་ཕྱིར་རྟག་པ་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པའི་སྐབས་སུ། རྟག་པ་ལ་སོགས་པའི་རང་བཞིན་ཉིད་དུ་ཕ་རོལ་པོའི་ངོར་མ་གྲུབ་པ་གང་ཡིན་པ། དེ་ལྟའི་དངོས་པོར་ཉེ་བར་བཀོད་པ་བསྒྲུབ་པར་བྱ་བར་འགྱུར་བ་བློ་ལ་སོགས་པ་དེ་སྒྲ་རྟག་པ་ཉིད་ལ་སོགས་པ་སྒྲུབ་
པར་བྱེད་པའི་དུས་ན་མི་འདོད་ནའང་བསྒྲུབ་པར་འོས་པ་ཉིད་ཀྱིས་ན་བསྒྲུབ་པར་བྱ་བ་ཁོ་ནའོ་ཞེས་པས་དེ་བརྗོད་པ་ནི་དམ་བཅའ་ཉིད་དུ་ཐལ་བར་འགྱུར་རོ། །གལ་ཏེ་བསྒྲུབ་པར་བྱ་བའི་སྒྲ་ནི་དེའི་ཚེ་གང་ཅུང་ཟད་མ་གྲུབ་པ་དེ་ཐམས་ཅད་འཛིན་པར་བྱེད་པ་མ་ཡིན་གྱི། རྒོལ་བའི་བསྒྲུབ་པར་བྱ་
བ་ཉིད་དུ་འདོད་པའི་ཁྱད་པར་དེ་ཁོ་ན་འཛིན་པ་ཡིན་མོད། དེས་ན་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་བརྗོད་པ་ཁོ་ན་དམ་བཅའ་བར་ཅིས་འགྱུར་ཞེ་ན། བརྗོད་པར་བྱ་སྟེ། མ་གྲུབ་པ་བརྗོད་པ་ཐམས་ཅད་ནི་མ་ཡིན་ཏེ། ཤེས་པར་བྱེད་པའི་སྐབས་ལས་གཞན་རྣམས་ཐལ་བར་མི་འགྱུར་
བའི་ཕྱིར་རོ། །རྣམ་པ་གཞན་དུ་ན་རི་བོང་གི་རྭ་ལ་སོགས་པ་མ་གྲུབ་པ་བརྗོད་པ་ཐམས་ཅད་ཀྱང་དམ་བཅའ་བ་ཉིད་དུ་འགྱུར་རོ། །དེའི་ཕྱིར་ཤེས་པར་བྱེད་པའི་སྐབས་ལས་མི་འགྱུར་རོ་ཞེས་འདོད་པར་བྱའོ། །དེ་ལྟར་འགྱུར་མོད་ཀྱི། རང་གི་ངོ་བོས་ལས་ལ་སོགས་པ་བསྒྲུབ་པ་རྣམས་
རྣམ་པར་གནས་ལ། བྱ་བའི་རྐྱེན་འདི་ནི་ལས་ལ་སྟེ། དེས་ན་ལས་བརྗོད་པའི་ངང་ཚུལ་ཅན། བསྒྲུབ་བྱའི་སྒྲས་བསྒྲུབ་བྱ་མ་ཡིན་པ་འཕེན་པ་མ་ཡིན་ནོ། །བྱེད་པ་པོས་ཤིན་ཏུ་འདོད་པར་གྱུར་པ་ནི་ལས་ཡིན་ལ། དེའི་ཚེ་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་བསྒྲུབ་པར་བྱ་བ་ཉིད་
དུ་འདོད་པ་ཡང་མ་ཡིན་ནོ། །གྲུབ་མཐའ་ཡང་རྣམ་པ་བཞི་སྟེ། རྒྱུད་ཐམས་ཅད་ཀྱི་གྲུབ་མཐའ་དང་། སོ་སོའི་རྒྱུད་ཀྱི་གྲུབ་མཐའ་དང་། སྐབས་ཀྱི་གྲུབ་མཐའ་དང་། ཁས་བླངས་པའི་གྲུབ་མཐའོ། །དེ་ལ་རྒྱུད་ཐམས་ཅད་ཀྱི་གྲུབ་པའི་མཐའ་ནི་དོན་གང་རྒྱུད་རྣམས་ཐམས་ཅད་དུ་དབང་དུ་བྱས་པ་རྒྱུད་
Vol. 193 · folio 149a
ཐམས་ཅད་དང་མི་འགལ་བ་སྟེ། དཔེར་ན་གཞལ་བྱའི་དོན་འཛིན་པར་བྱེད་པའི་ཚད་མ་རྣམས་ཡོད་དོ་ཞེས་པ་ལྟ་བུའོ། །ཆོས་གང་རང་གི་བའི་རྒྱུད་དུ་གྲུབ་ལ་གཞན་གྱི་རྒྱུད་དུ་མ་གྲུབ་པ་དེ་ནི་སོ་སོའི་རྒྱུད་ཀྱི་གྲུབ་པའི་མཐའ་སྟེ། དཔེར་ན་ཐམས་ཅད་གཅིག་པའམ། ཐ་དད་པའོ། །
ཐམས་ཅད་མི་རྟག་པའམ། རྟག་པའོ་ཞེས་པ་ལ་སོགས་པའོ། །གང་འགྲུབ་པ་ན་རྣམ་པ་གཞན་འགྲུབ་པ་དེ་ནི་སྐབས་ཀྱི་གྲུབ་པའི་མཐའ་སྟེ། དཔེར་ན་ལུས་ཅན་མ་ཡིན་པའི་བདག་ནི་ཤི་ནས་འབྲས་བུ་རྣམས་ལོངས་སྤྱོད་དེ། དེར་ལུས་འབྱུང་བ་ཡོད་པ་ནི་མ་ཡིན་ཞེས་བརྗོད་པ་ན། བདག་ཡོད་
པར་གྲུབ་པར་འགྱུར་ལ། འདི་ལུས་ལས་གོང་དུའང་འགྱུར་རོ་ཞེས་པའོ། །མ་བརྟགས་པར་ཁས་བླངས་པ་ལས་དེའི་ཁྱད་པར་རྟོགས་པ་ནི་ཁས་བླངས་པའི་གྲུབ་པའི་མཐའ་སྟེ། གང་མ་བརྟགས་ཤིང་ཉེ་བར་མ་བསྟན་པ་ཁས་བླངས་ནས་དེའི་ཁྱད་པར་རྣམ་པར་དཔྱོད་པར་བྱེད་པ་དེ་ཁས་བླངས་
པའི་གྲུབ་པའི་མཐའ་སྟེ། དཔེར་ན་མ་བརྟགས་པར་བདག་ཡོད་པ་ཉིད་དུ་ཁས་བླངས་ནས། མི་རྟག་པ་ཉིད་ལ་སོགས་པ་རྣམ་པར་དཔྱོད་པ་ལྟ་བུའོ། །དེ་ལྟར་གྲུབ་མཐའ་རྣམ་པ་བཞི་པོ་སྐབས་སུ་བྱས་ནས་བསྒྲུབ་བྱ་སྟོན་པ་དམ་བཅའོ་ཞེས་བརྗོད་པའི་ཕྱིར། གྲུབ་མཐའི་མཚན་ཉིད་ཅན་ཁོ་ན་སྟོན་
པ་དམ་བཅའ་ཡིན་གྱི་གཞན་ནི་མ་ཡིན་ནོ། །གཞན་ཡང་དམ་བཅའ་དང་གཏན་ཚིགས་དང་དཔེ་དང་ཉེ་བར་སྦྱར་བ་དང་མཇུག་བསྡུ་བ་སྟེ། སྒྲུབ་པར་བྱེད་པའི་ཡན་ལག་རྣམས་ཀྱི་སྐབས་སུ་གྲུབ་པར་བྱེད་པའི་ཡུལ་གང་ཡིན་པ་ཁོ་ན་བསྒྲུབ་པར་བྱ་བའི་ཡན་ལག་ཡིན་ལ། དེ་སྟོན་པ་དམ་བཅའོ་
ཞེས་ཀྱང་དོན་གྱིས་རྟོགས་པའི་ཕྱིར། མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་དམ་བཅའ་ཉིད་མ་ཡིན་ནོ་ཞེ་ན། དེ་འདིར་བསྒྲུབ་བྱ་གང་ཡིན་པ་དེ་ནི་ལས་ཡིན་ཏེ་རྣམ་པ་འགའ་ཞིག་གིས་ཐམས་ཅད་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །གང་བསྒྲུབ་པར་བྱ་བཞིན་པ་དང་གང་བསྒྲུབ་པར་བྱ་བར་འགྱུར་བ་
དེ་ཐམས་ཅད་ནི་ལས་ཡིན་པ་ཁོ་ན་སྟེ། དེའི་ཕྱིར་རེ་ཞིག་དང་པོ་ལན་མ་ཡིན་ནོ། །གང་ཡང་བསྒྲུབ་བྱའི་ཡན་ལག་ཡིན་པ་དེ་སྟོན་པ་དམ་བཅའ་ཞེས་བརྗོད་པ་འདིའང་ཡང་དག་པ་མ་ཡིན་ཏེ། སྔར་མ་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གང་གིས་སྔར་བསྒྲུབ་བྱའམ་སྒྲུབ་པར་བྱེད་པ་གྲུབ་པ་
Vol. 193 · folio 149b
མ་ཡིན་པ་དེས། མཚན་ཉིད་ཀྱི་ཚིག་ལས་དེ་དག་གི་སོ་སོར་དབྱེ་བ་རྟོགས་པར་བྱ་ལ། མཚན་ཉིད་ཀྱི་སྐབས་སུ་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་རྣམ་པར་དབྱེ་བ་མ་བཟུང་བས་ནི། མ་གྲུབ་པའི་གཏན་ཚིགས་ལ་སོགས་པའང་དམ་བཅའ་བ་ཉིད་དུ་འཛིན་པར་འགྱུར་རོ་ཞེས་པས། བསྒྲུབ་པར་བྱ་
བའི་ཁྱད་པར་རྟོགས་པ་ག་ལ་ཡིན། གྲུབ་མཐའི་སྐབས་ཀྱང་བསྒྲུབ་པར་བྱ་བའི་ཁྱད་པར་སྒྲུབ་པར་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་གཏན་ཚིགས་ལ་སོགས་པའང་གྲུབ་མཐའ་ཉིད་དུ་མཚུངས་སོ། །དེ་ལྟར་ནི་ཐམས་ཅད་ཀྱི་རྒྱུད་ཀྱི་གྲུབ་མཐའ་ལ་སོགས་པ་རྣམས་ཐམས་ཅད་ཁྱད་པར་དུ་ཁས་
བླངས་པའི་མཚན་ཉིད་ཅན་རྣམས་ཁོ་ནའོ། །གང་གི་ཕྱིར་དཔྱོད་པའི་རྟེན་ཁོ་ནར་ཚད་མ་རྣམས་ཁས་བླངས་པ་ཡིན་ཏེ། དེ་རྣམས་མེད་ན་རྣམ་པར་དཔྱོད་པ་མི་རུང་བའི་ཕྱིར་རོ། །སོ་སོའི་རྒྱུད་ཀྱི་གྲུབ་མཐའ་རུ་ཡང་། དེས་རབ་ཏུ་གྲུབ་པའི་ཚིག་གི་དོན་གང་ཡིན་པ་རྣམས་བྱེ་བྲག་པ་ལ་སོགས་པས་
ཁས་བླངས་པ་ཁོ་ན་སྟེ། གང་ཤི་ནས་བདག་འབྲས་བུ་ལོངས་སྤྱོད་པ་པོ་ཉིད་དུ་འདོད་པ་དེས་ངེས་པར་བདག་ཀྱང་ཡོད་པ་ཉིད་དུ་ཁས་བླངས་པ་ཁོ་ནའོ། །མ་གྲུབ་པའི་གཏན་ཚིགས་ལ་སོགས་པའང་གལ་ཏེ་ཡང་དེའི་ཚེ་ཁས་མ་བླངས་པ་དེ་ལྟ་ནའང་། ཁས་བླང་བྱར་འགྱུར་བ་ལ་དེར་བྱ་བའི་
རྐྱེན་བསྟན་པ་ཁོ་ན་ལས་གྲུབ་མཐའ་ཉིད་དུ་འཐོབ་བོ་ཞེས་པས། ཅིའི་ཕྱིར་གྲུབ་མཐའི་སྐབས་ལས་བསྒྲུབ་པར་བྱ་བའི་ཁྱད་པར་འགྲུབ་པ་ཡིན། ཆོས་བསྒྲུབ་བྱ་ན་ཆོས་མཐུན་མེད། །ཅེས་པ་ཆོས་བསྒྲུབ་པར་བྱ་བ་ཡིན་ན་བསྒྲུབ་པར་བྱ་བ་དང་། ཆོས་མཐུན་པ་ཉིད་ལས་དེའི་ཆོས་རྟགས་
པའི་ཚུལ་ཅན་དཔེ་ཡིན་པར་དཔེར་བརྗོད་དོ་ཞེས་པ་འགལ་ཏེ། དེ་ལྟར་ནི་བསྒྲུབ་པར་བྱ་བའི་ཆོས་མི་རྟག་པ་ཉིད་ཀྱི་སྐྱེ་བ་ཅན་ལ་སོགས་པ་ཆོས་སུ་འགྱུར་བ་མ་ཡིན་གྱི། འོ་ན་ཅི་ཞེ་ན་སྒྲའིའོ། །དེ་ལས་ཀྱང་མི་རྟག་པ་ཉིད་ལ་སོགས་པ་བསྒྲུབ་པར་བྱ་བ་དང་སྐྱེ་བ་ཅན་ཉིད་ལ་སོགས་པ་ཆོས་
མཐུན་པ་ཉིད་ནི་བུམ་པ་ལ་སོགས་པའི་དཔེ་ལ་མེད་དོ་ཞེས་པས། དེ་ནི་བསྒྲུབ་པར་བྱ་བ་དང་ཆོས་མཐུན་པ་ཉིད་ལས་དེའི་ཆོས་རྟོགས་པའི་ཚུལ་ཅན་ཉིད་དུ་འགྱུར་རོ། །ཆོས་ཅན་ཡིན་ན་རྟགས་དོན་མེད། །ཅེས་པ་དཔེར་བརྗོད་པ་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པ་གཏན་
Vol. 193 · folio 150a
ཚིགས་ཡིན་ནོ་ཞེས་པ་མི་རིགས་ཏེ། གང་གིས་དེ་སྒྲུབ་པར་བྱེད་པ་ལས་བསྒྲུབ་བྱ་སྒྲུབ་པར་བྱེད་པའི་གཏན་ཚིགས་སུ་འགྱུར་བ་སྒྲའི་སྒྲ་མ་གྲུབ་པ་མ་ཡིན་ནོ་ཞེས་པས་གཏན་ཚིགས་དོན་མེད་དོ། །ཅི་སྟེ་གཉིས་ཀ་གཙོར་ཡིན་པ་དེའི་ཚེ་གཉིས་ཀ་བསྒྲུབ་པར་བྱ་བ་ཉིད་ལ་འབྱུང་བའི་
སྐྱོན་དེ་མི་ཟློགས་པ་ཁོ་ནའོ་ཞེས་གསུངས་པ་ནི་གཉིས་ཀ་ལྟར་ནའང་སྐྱོན་ཞེས་པའོ། །སྔ་མར་ངེས་གཟུང་ཞེས་པ་ཁོ་ནའི་སྒྲ་ནི་ངེས་པར་འཛིན་པའི་དོན་ཅན་ཉིད་ཀྱི་ཕྱིར་ངེས་པར་གཟུང་བའི་སྒྲས་བརྗོད་དོ། །སྔོན་མར་ངེས་པར་གཟུང་བ་ནི། སྔ་མར་ངེས་གཟུང་སྟེ། དེ་བཞིན་དུ་ཕྱི་མར་ངེས་གཟུང་ལ་
ཡང་སྦྱར་བར་བྱའོ། །སྔ་མར་ངེས་གཟུང་དོན་མེད་དོ། །ཞེས་པ་འདི་ལ་གཏན་ཚིགས་གསུངས་པ། སྒྲུབ་བྱེད་སྟོན་པའི་ཞེས་པ་ལ་སོགས་པའོ། །འདིའི་དོན་འདི་ཡིན་ཏེ། བསྒྲུབ་པར་བྱ་བ་སྟོན་པ་ཁོ་ན་ཞེས་ཡོངས་སུ་པ་ནི། སྒྲུབ་བྱེད་ཀྱི་ཚིག་དམ་བཅའ་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་ན།
སྒྲུབ་པར་བྱེད་པའི་ཚིག་དམ་བཅའ་བ་ཉིད་དུ་ཐལ་བ་ཡང་མ་ཡིན་ནོ་ཞེས་པས་སྒྲུབ་བྱེད་ཀྱི་ཚིག་དམ་བཅའ་བ་ཉིད་དུ་དོགས་པ་མ་ཡིན་ནོ་ཞེས་པའོ། །ཅིའི་ཕྱིར་ཞེ་ན། གཏན་ཚིགས་ལ་སོགས་པས་དེ་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ། །འོ་ན་གང་བསྒྲུབ་པར་བྱ་བའང་མ་ཡིན་ལ་སྒྲུབ་པར་བྱེད་པའང་
མ་ཡིན་པ་དེ་རྣམ་པར་གཅོད་པའི་དོན་ཅན་ཉིད་ཀྱི་ཕྱིར་དོན་མེད་པ་ཉིད་དུ་མི་འགྱུར་རོ་ཞེ་ན་མ་ཡིན་ཏེ། ཤེས་བྱེད་ཀྱི་སྐབས་ཀྱི་ཕྱིར་དེ་ལྟར་གྱུར་པ་སྐབས་མ་ཡིན་པའི་ཕྱིར་དམ་བཅའ་བ་ཉིད་དུ་ཐལ་བ་མ་ཡིན་ནོ་ཞེས་པ་འདི་ནི་བཤད་ཟིན་ཏོ། །ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། འདིར་ཚིག་ཕྲད་ནི་
མི་ལྡན་པ་རྣམ་པར་གཅོད་པའི་འབྲས་བུ་ཅན་ཡིན་གྱི་གཞན་དང་ལྡན་པ་རྣམ་པར་གཅད་པ་ནི་མ་ཡིན་ཞེས་པས་མ་གྲུབ་པའི་སྒྲུབ་བྱེད་བརྗོད་པའང་དམ་བཅའ་ཉིད་དུ་ཐལ་བར་འགྱུར་རོ། །དེ་བཞིན་བསྒྲུབ་བྱ་བརྗོད་པ་ལའང་། །ཞེས་པ་རྩོད་པ་བསྒྲུབ་པར་བྱ་བ་བརྗོད་པ་དམ་བཅའི་མཚན་ཉིད་དོ། །
དེ་ལ་བསྒྲུབ་པར་བྱ་བ་སྟོན་པ་དམ་བཅའོ་ཞེས་པ་འདི་ལ་སྐྱོན་གང་བཤད་པ་དེ་འདིས་བསྒྲེས་ཏེ་སྟོན་པར་བྱེད་དོ། །ཕྱོགས་ལྷག་ཕྱིར་ན་སྲིད་མ་ཡིན། །ཞེས་པ། ཇི་སྐད་བཤད་པའི་སྐྱོན་ནོ། །རྣམ་པར་དཔྱད་པ་ལ་འདོད་པའི་དོན་ཕྱོགས་ཡིན་ཞེས་པ་སྐབས་སུ་བབ་པའོ། །དེའི་ཕྱིར་
Vol. 193 · folio 150b
ཕྱོགས་ཁོ་ན་ཡིན་པའི་བསྒྲུབ་པར་བྱ་བ་བརྗོད་པ་དམ་བཅའ་ཉིད་དུ་རྟོགས་པར་བྱའི་ཕྱོགས་མ་ཡིན་པ་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་ནི་མ་ཡིན་ནོ། །དེ་ལ་འང་ཞེས་པ་ཕྱོགས་ཀྱི་མཚན་ཉིད་ལའོ། །དེ་ནི་མི་འདོད་པ་བཟློག་པ་ལ་དཔྱད་ཟིན་པའི་དོན་ཅན་ཞེས་པ་ལ་འདི་གསུངས་ཏེ།
ཕྱོགས་ཀྱི་སྒྲ་ནི་སྤྱི་སྒྲ་ཡིན་པ་ཉིད་ཀྱི་ཕྱིར། རྣམ་པར་དཔྱོད་པ་ན་མི་འདོད་པ་མ་ཡིན་པ་དགག་པས་ཅུང་ཟད་འདོད་པ། ཇི་སྙེད་པ་དེ་ཐམས་ཅད་ཤེས་པར་བྱེད་ལ། དེ་ཁོ་ན་ལ་ཉེ་བར་སྦྱོར་བ་ནུས་པ་སྟེ། ཅི་ལྟར་བསྒྲུབ་པར་བྱ་བའི་བྱེ་བྲག་རྟོགས་པར་བྱེད་ཅེས་པའོ། །འོ་ན་རྣམ་པར་དཔྱོད་
པ་ན་འདོད་པ་ཞེས་པ་ནི་བྱུང་ཟིན་པའི་དོན་གྱི་ཡུལ་ཅན་བརྗོད་པ་མ་ཡིན་ནམ། དེའི་ཚེ་མ་གྲུབ་པའི་གཏན་ཚིགས་ལ་སོགས་པ་རྣམ་པར་དཔྱོད་པ་ན་འདོད་པའང་མ་ཡིན་པས། དེ་ཕྱོགས་ཉིད་མ་ཡིན་ཏེ། དེས་ན་ཅིའི་ཕྱིར་ཐལ་བར་འགྱུར་བ་འདི་ཡིན་ཞེ་ན། འདི་ནི་ལན་མ་ཡིན་ཏེ། དེ་ལྟར་
ནི་དུས་གསུམ་པའི་ཡུལ་ཅན་བྱ་བའི་རྐྱེན་དང་འབྲེལ་པའི་ཕྱིར་ཕྱོགས་ཀྱི་སྒྲ་འདས་པའི་དུས་ཁོ་ན་ལ་འཇུག་པར་འཐོབ་པ་མ་ཡིན་པས་སོ་ཞེས་པ་འདི་ནི་མིང་དུ་བཤད་ཟིན་ཏོ། །དེའི་ཕྱིར་རྣམ་པར་དཔྱོད་པ་ན་འདོད་པར་འགྱུར་བ་ལ་ཡང་ཕྱོགས་ཀྱི་སྒྲ་འཇུག་གོ། །དེ་བྱ་བའི་མཐའ་དང་འབྲེལ་
པའི་ཕྱིར་འདོད་པར་འགྱུར་བ་ལའང་འཇུག་པ་དེ་ཉིད་ཀྱང་སྟོན་པ་གསུངས་པ། ནུས་པ་ཞེས་པ་ལ་སོགས་པའོ། །རིགས་པ་ཅན་རྣམས་ལ་ནི་ཞེས་པ་ལ་སོགས་པ་སྟེ། འདིར་དེའི་དོན་དང་འགལ་བའི་ཕྱིར་ཉེ་བར་བཏགས་པ་ལས་དམ་བཅའ་འགལ་བ་ཞེས་བཤད་དེ། ཐམས་ཅད་མི་རྟག་
པ་ཉིད་ན་ནི། སྒྲ་ཐམས་ཅད་ཀྱི་ནང་དུ་འདུས་པ་ཉིད་ཀྱི་ཕྱིར་རྟག་པ་ཉིད་དུ་འགལ་ལོ། །གཉིས་ཀའང་ཡང་དག་པ་མ་ཡིན་ནོ་ཞེས་པ་འཐད་པ་མ་ཡིན་པའམ་ཡོད་པ་མ་ཡིན་པའོ། །ཅི་ལྟར་ཞེ་ན་གསུངས་པ། དེ་ནི་ཞེས་པ་ལ་སོགས་པའོ། །འདི་སྐད་སྟོན་ཏེ། གལ་ཏེ་སྒྲ་རྟག་པ་ཉིད་
སྒྲུབ་པར་བྱེད་པའི་ཆེད་དུ་ཐམས་ཅད་མི་རྟག་པ་ཉིད་གཏན་ཚིགས་སུ་བརྗོད་པར་གྱུར་ན། དེའི་ཚེ་དེས་སྒྲ་རྟག་པ་ཉིད་བསལ་བས་ན། དམ་བཅའ་བ་གཏན་ཚིགས་དང་འགལ་བར་འགྱུར་ན། འདི་ནི་དེ་ལྟའང་མ་ཡིན་ཏེ། གང་གསུངས་པ། འདི་ནི་ཞེས་པ་ལ་སོགས་པའོ། །ཡང་
Vol. 193 · folio 151a
ཅི་ལྟར་ན་འདི་གཏན་ཚིགས་ཀྱི་སྦྱོར་བ་མ་ཡིན་ཞེ་ན། གང་གི་ཕྱིར་ཐམས་ཅད་མི་རྟག་པ་ཉིད་ལ་ནི། དཔེར་བརྗོད་དང་ཆོས་མཐུན་པ་ཉིད་ལས་བསྒྲུབ་བྱ་སྒྲུབ་པའི་གཏན་ཚིགས་དང་། དེ་བཞིན་དུ་ཆོས་མི་མཐུན་པ་ཉིད་ལས་ཞེས་པ། གཏན་ཚིགས་ཀྱི་མཚན་
ཉིད་འདི་འཐད་པ་མ་ཡིན་ཏེ། དེ་ལྟར་ནི་ཁྱད་པར་སྒྲ་ཁོ་ན་ལ་འགལ་བའི་ཆོས་རྟག་པ་ཉིད་བརྗོད་ནས་ཐམས་ཅད་མི་རྟག་པ་ཉིད་ཕྱིར་ཞེ་ན། ཐམས་ཅད་དུ་སྤྱིར་བསྒྲུབ་པར་བྱ་བའི་མི་རྟག་པ་ཉིད་ནི་སྒྲ་ལ་བརྟེན་པ་མ་ཡིན་ནོ། །གང་གི་ཕྱིར་ཁྱད་པར་སྐབས་སུ་བྱས་པ་ལ། ཕྱིས་སྤྱི་སྒྲུབ་པ་ནི་ཁྱད་
པར་དེ་ལ་ཁྱབ་པ་མ་ཡིན་གྱི། འོན་ཀྱང་སྐབས་སུ་བབ་པའི་ཁྱད་པར་སྤངས་པས་གཞན་ཐམས་ཅད་ལ་འཇུག་སྟེ། དཔེར་ན་ཀུཎ་ཌི་ནའི་བུ་ལ་དར་བ་བྱིན་ལ། བྲམ་ཟེ་རྣམས་ལ་ཞོ་བྱིན་ཞེས་བརྗོད་པ་ན། ཀུཎ་ཌི་ནའི་བུ་ལ་ཞོ་སྦྱིན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། དེ་ལས་ཐ་དད་པའི་བྲམ་ཟེ་རྣམས་ལའོ། །
དེ་བཞིན་དུ་འདིར་ཡང་ངོ་། །དེའི་ཕྱིར་སྒྲ་ལ་ཐམས་ཅད་མི་རྟག་པ་ཉིད་ཡོད་པ་མ་ཡིན་པའི་ཕྱིར། དེའི་དེ་ནི་དཔེར་བརྗོད་པ་འགའ་ཞིག་དང་ཆོས་མཐུན་པ་ཉིད་དམ་མི་མཐུན་པ་ཉིད་མ་ཡིན་ཞིང་དཔེར་བརྗོད་དང་ཆོས་མཐུན་པ་ཉིད་དང་ཆོས་མི་མཐུན་པ་ཉིད་ལས་ཀྱང་གཏན་ཚིགས་བསྒྲུབ་བྱ་སྒྲུབ་
པར་བྱེད་པར་འདོད་དོ་ཞེས་པས་གཏན་ཚིགས་ཀྱི་མཚན་ཉིད་རིགས་པ་མ་ཡིན་ནོ། །ངེད་ཀྱི་ལུགས་ཀྱིས་ཀྱང་ཕྱོགས་ཆོས་མེད་པ་ཉིད་ཀྱི་ཕྱིར་གཏན་ཚིགས་ཀྱི་མཚན་ཉིད་མི་འཐད་དོ། །འོན་ཀྱང་ཆོས་མི་མཐུན་པ་ཉིད་ཀྱིས་དཔེའི་སྦྱོར་བའོ་ཞེས་པ་ནི་དེའི་མཚན་ཉིད་ཅུང་ཟད་བསྟེན་པའི་ཕྱིར་རོ་ཞེས་པ་
དགོངས་པའོ། །དེ་ལྟར་ནི་ཐམས་ཅད་མ་ཡིན་པའི་སྒྲ་དང་། ཐམས་ཅད་བུམ་པ་ལ་སོགས་པ་ཐམས་ཅད་ཉིད་དུ་ཆོས་མི་མཐུན་པ་ཉིད་ཡོད་ལ། བསྒྲུབ་བྱས་ཆོས་མི་མཐུན་པ་ལས་ཀྱང་ཆོས་མི་མཐུན་པའི་དཔེའོ་ཞེས་འདོད་དོ། །བསྒྲུབ་བྱས་ཆོས་མཐུན་པ་ལས་དེའི་ཆོས་རྟོགས་པའི་དཔེ་ནི་དཔེར་
བརྗོད་དེ། དེ་བཞིན་དུ་ཆོས་མི་མཐུན་པ་ལས་སོ་ཞེས་སྨྲས་པའི་ཕྱིར་རོ། །ཆོས་མི་མཐུན་པ་ཉིད་ཀྱི་དཔེས་ཀྱང་ཁྱེད་བསྒྲུབ་བྱ་དང་གཏན་ཚིགས་ཀྱི་མི་མཐུན་ཕྱོགས་དག་གི་ལྷན་ཅིག་འབྱུང་བ་འཆད་པ་དེ་ཡང་འདིར་ཡོད་པ་ཁོ་ནའོ། །དེ་ལྟར་ནི་སྒྲ་རྟག་ལ། ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་
Vol. 193 · folio 151b
བརྗོད་པ་ན། རྟག་པ་དང་ཐམས་ཅད་མ་ཡིན་པའི་མི་མཐུན་ཕྱོགས་དག་གི་ལྷན་ཅིག་འབྱུང་བ་རྟོགས་ཏེ། ཐམས་ཅད་ནི་མི་རྟག་པའོ་ཞེས་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ཆོས་མི་མཐུན་པ་ཉིད་ཀྱི་དཔེའི་སྦྱོར་བའོ་ཞེས་པ་འདི་ནི་གནས་པའོ། །དེ་ལའང་ཞེས་པ་ལ་སོགས་པས་ཕ་རོལ་པོ་
རྣམས་ཀྱི་ལེགས་པར་མ་བསླབས་པ་ཉིད་སྟོན་ཏེ། ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་པ་འདིར་མི་རྟག་པའི་སྒྲ་རྟག་པ་མེད་པ་ལ་འཇུག་པ་ནི་གོ་སླ་བའོ་ཞེས་པས་ཐམས་ཅད་ཀྱི་སྒྲ་ཁོ་ན་ཐམས་ཅད་མ་ཡིན་པ་ཉིད་ཀྱི་གཏན་ཚིགས་མེད་པ་ལ་འཇུག་པ་འཆད་དོ། །ཐམས་ཅད་མ་ཡིན་པ་ཉིད་མེད་
པའི་ཕྱིར་རོ་ཞེས་པའི་དོན་ཏོ་ཞེས་པ་འདིས། འདི་སྐད་སྟོན་ཏེ། ཐམས་ཅད་ཀྱི་སྒྲས་འདིར་ཐམས་ཅད་མ་ཡིན་པ་ཉིད་མེད་པ་ཉེ་བར་མཚོན་ཞིང་། ཡུལ་ཐམས་ཅད་ཡུལ་གྱི་ཡུལ་ཅན་ཐམས་ཅད་མ་ཡིན་པ་ཉིད་མེད་པ་ཉེ་བར་མཚོན་པའི་ཕྱིར་རོ་ཞེས་པའོ། །དེ་ལྟ་ན་ནི་བསྒྲུབ་པར་བྱ་བ་མེད་པ་ལ་གཏན་
ཚིགས་མེད་པ་བརྗོད་པ་ན། གཏན་ཚིགས་གོ་བར་བྱེད་པ་ཉིད་དུ་བརྗོད་པར་འགྱུར་གྱི། རྣམ་པ་གཞན་དུ་ནི་མ་ཡིན་ནོ། །ཇི་ལྟར་འདི་འདི་ལྟར་ཡིན་པ་དེ་ལྟར་ཕྱི་ནས་བསྒྲུབ་པར་འགྱུར་རོ། །འོ་ན་འདིར་གཏན་ཚིགས་ཐམས་ཅད་མ་ཡིན་པ་ཉིད་ཐོས་པ་མེད་དེ། དེས་ན་ཅི་ལྟར་དེ་མེད་པ་ལ་
ཐམས་ཅད་ཀྱི་སྒྲ་འཇུག་པ་རྟོགས་པར་བྱ་ཞེ་ན། གསུངས་པ། རྟགས་ནི་ཉེར་སྦྱོར་ལས་འདིར་ཞེས་པ། ཆོས་མི་མཐུན་པ་ཉིད་ཀྱི་ཉེ་བར་སྦྱོར་བས་འདིར་ཐམས་ཅད་མ་ཡིན་པ་ཉིད་ཀྱི་གཏན་ཚིགས་གསལ་བར་བྱས་སོ། །འདི་ལྟ་སྟེ་བུམ་པ་ལ་སོགས་པ་མི་རྟག་པ་ནི་ཐམས་ཅད་ཡིན་ལ།
སྒྲ་ནི་དེ་ལྟར་ཐམས་ཅད་མ་ཡིན་གྱི། འོན་ཀྱང་ཐམས་ཅད་མ་ཡིན་པའོ། །དེའི་ཕྱིར་ཐམས་ཅད་མ་ཡིན་པ་ཉིད་ཀྱི་ཕྱིར་ཞེས་པའོ། །དེ་ཡང་མ་གྲུབ་པ་སྟེ་ཞེས་པ་འདི་ལ་སྒྲ་ནི་ཞེས་པ་ལ་སོགས་པས་འཐད་པ་གསུངས་སོ། །ཐམས་ཅད་ཀྱི་སྒྲ་ནི་རྣམ་པ་གཉིས་ཏེ། འཇིག་རྟེན་ལ་གྲགས་
པ་དང་ཡོངས་སུ་བཤད་པ་ཅན་ནོ། །དེ་ལ་དང་པོ་ནི་མ་ལུས་པའི་དོན་ལ་འཇུག་ལ། ཕྱི་མ་ནི་ཉི་ཚེ་བ་ལ་འཇུག་གོ། །དེ་ལ་རེ་ཞིག་འཇིག་རྟེན་ལ་གྲགས་པའི་དབང་དུ་བྱས་ཏེ་གསུངས་པ། གལ་ཏེ་ཡང་ཞེས་པ་ལ་སོགས་པའོ། །ཅི་ལྟར་མེད་དེ་ཞེས་པ་འདིས་སྒྲ་ལ་ཐམས་ཅད་ཉིད་དང་
Vol. 193 · folio 152a
འགལ་བ་ཐམས་ཅད་མ་ཡིན་པ་ཉིད་ཀྱི་ཆོས་སྨྲས་པས་སྒྲ་ནི་ཐམས་ཅད་ལས་གཞན་ཉིད་དུ་སྨྲས་པ་སྟེ། མ་གྲུབ་པ་ཉིད་ཡོངས་སུ་སྤང་བའི་ཆེད་དུའོ། །དེ་ལྟ་ན་འོ་ན་ཞེས་པ་ལ་སོགས་པས་སེལ་བར་བྱེད་དོ། །འདི་ནི་དགོངས་པ་སྟེ་སྤྱི་རྣམས་ནི་ཁྱད་པར་མི་སྤོང་བའི་ཕྱིར།
སྤྱིའི་སྒྲ་ནི་རང་གི་ཁྱད་པར་མི་གཏོང་གི །འོན་ཀྱང་འཕངས་པ་ཁོ་ནས་འཇུག་གོ། །དཔེར་ན་ཤིང་གི་སྒྲས་ཤིང་ཤ་པ་ལ་སོགས་པའི་ཁྱད་པར་རྣམས་ལྟ་བུའོ། །དེའི་ཕྱིར་ཐམས་ཅད་ཀྱི་སྒྲས་སྒྲའང་འཕེན་ནོ་ཞེས་པས་སྒྲ་ནི་ཐམས་ཅད་ཁོ་ནའོ། །གང་དུའང་ཅི་ཤིང་ཤ་པ་ཁོ་ན་ཤིང་ཡིན་ནམ་འོན་ཏེ་མ་
ཡིན་ཞེས་དྲིས་པ་ལ་ལན་བརྗོད་པ་ཤིང་ཤ་པ་ཤིང་མ་ཡིན་ཞེས་པ་དེ་ལའང་། ཤིང་ཤ་པ་ལ་ཤིང་ཉིད་བཀག་པ་ལས། སྤྱིས་ཁྱད་པར་ཤིང་ཤ་པ་སྤངས་པར་འགྱུར་བ་མ་ཡིན་གྱི། གང་གི་ཕྱིར་ཤིང་ཉིད་ཀྱི་སྤྱི་རྣམ་པ་འདིས་ཤིང་ཤ་པའི་གསལ་བ་གཅིག་ལ་སོ་སོར་ངེས་པར་བཟློག་པའོ། །ཇི་ལྟར་
ཡང་འདི་ལྟ་བུར་སྐབས་འགའ་ཞིག་ཏུ་ཤིང་ཤ་པ་ཤིང་མ་ཡིན་ཞེས་སྤྱི་གསལ་བ་གཅིག་ལ་འཇུག་པའི་ངེས་པ་འགོག་པ་དེ་ལྟར་སྒྲ་ནི་ཐམས་ཅད་དུ་འགྱུར་བ་མ་ཡིན་ནོ་ཞེས་པའི་ཚིག་འདིས་འདི་ནི་འདི་ལྟ་བུ་གཅིག་ལ་འཇུག་པའི་ངེས་པ་འགོག་པ་བྱ་བ་ཡིན་གྱི་ཐམས་ཅད་ཉིད་སྒྲ་ལ་འཇུག་པ་ཟློག་པ་མ་
ཡིན་ཞིང་། འདི་ཙམ་གྱིས་ཐམས་ཅད་ཉིད་སྒྲ་གཅིག་པུ་ལ་འཇུག་པའི་ངེས་པ་བཀག་པ་ཙམ་གྱིས་སྒྲ་ཐམས་ཅད་དུ་མི་འགྱུར་བའང་མ་ཡིན་ནོ། །ཅི་སྟེ་འདི་ལྟ་བུས་དེ་ཐམས་ཅད་མ་ཡིན་པ་ཉིད་དུ་འགྱུར་ན། དེ་ལྟ་ན་འོ་ན་སྒྲའི་བདག་ཉིད་མ་ཡིན་པའི་ཁྱད་པར་རྣམས་ཐམས་ཅད་ཀྱང་སོ་སོར་ཐམས་ཅད་མ་
ཡིན་པ་ཉིད་ན། ཐམས་ཅད་ཡིན་པ་འགའ་ཡང་མེད་པར་འགྱུར་ཞིང་འདོད་པའང་ཡིན་ནོ། །དེའི་ཕྱིར་སྒྲ་ནི་ཐམས་ཅད་ཀྱི་ནང་དུ་འདུས་པའོ་ཞེས་པས། དེ་ལ་ཐམས་ཅད་མ་ཡིན་པ་ཉིད་མ་གྲུབ་བོ། །འོ་ན་ཞེས་པ་ལ་སོགས་པ་སྟེ། དངོས་པོ་ཐམས་ཅད་མི་རྟག་པ་ཉིད་དུ་བརྗོད་པས། དམ་བཅའ་བའི་
རྟག་པ་ཉིད་སེལ་བའི་ཕྱིར་རང་གི་ཚིག་གིས་གནོད་པ་སྨྲས་པའམ། ཡང་ན་ཁས་བླངས་པས་གནོད་པ་སྟེ། དངོས་པོ་ཐམས་ཅད་མི་རྟག་པ་ཉིད་དུ་ཁས་བླངས་པས་སྒྲ་རྟག་པ་ཉིད་སེལ་བའི་ཕྱིར་རོ། །སྒྲ་ལ་གནས་པ་ཉིད་ཀྱིས་ཞེས་པ་ལ་སོགས་པ་སྟེ། ཆོས་ཅན་གཅིག་ལ་ཆོས་འགལ་བ་ཉེ་བར་
Vol. 193 · folio 152b
སྡུད་ན་གནོད་པར་འགྱུར་རོ། །འདིར་ནི་དར་བ་དང་ཀུཎ་ཌི་ནའི་བུའི་རིགས་པས་སྒྲ་ལས་གཞན་ལ་མི་རྟག་པ་ཉིད་བརྗོད་དེ། གང་གསུངས་པ་ཐམས་ཅད་ལ་གནས་པ་བརྗོད་པར་བྱ་བ་ན་ཞེས་པ་སྟེ། སྒྲ་མ་གཏོགས་པའི་ཐམས་ཅད་གང་ཡིན་པ་དེ་ལ་གནས་པ་བརྗོད་པར་བྱ་བ་ཞེས་པ་
དགོངས་པའོ། །དེ་ལྟར་འགྱུར་མོད་གལ་ཏེ་འཇིག་རྟེན་ལ་གྲགས་པའི་ཐམས་ཅད་མངོན་པར་བརྗོད་པར་གྱུར་ན་ཐམས་ཅད་མ་ཡིན་པ་ཉིད་མ་གྲུབ་པར་འགྱུར་ཏེ། ཐམས་ཅད་ཀྱི་ནང་དུ་འདུས་པ་ཉིད་ཀྱི་ཕྱིར་རོ། །གང་གི་ཚེ་ཡོངས་སུ་བཤད་པ་ཅན་ཡིན་པ་དེའི་ཚེ་ཅི་ལྟར་མ་གྲུབ་པ་ཡིན་
ཞེས་དགོངས་པ་བྱས་ནས་ཡོངས་སུ་བཤད་པ་ཅན་གྱི་ཐམས་ཅད་ཀྱི་སྒྲའི་དབང་དུ་བྱས་ཏེ་གསུངས་པ། ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། གལ་ཏེ་སྒྲ་ལས་གཞན་པ་རྣམས་ཐམས་ཅད་ཀྱི་སྒྲའི་བརྗོད་པར་བྱ་བ་སྟེ། སྒྲ་གཅིག་པུ་ཁོ་ན་ཐམས་ཅད་མ་ཡིན་ན་དེའི་ཚེ་སྒྲ་དང་ཐམས་ཅད་མ་ཡིན་པ་ཞེས་
པ་འདི་དག་རྣམ་གྲངས་ཀྱི་སྒྲ་སྟེ་རྣམ་གྲངས་ཉིད་ལ་ཡང་སྐྱོན་གང་ཡིན་པ་དེ་སྟོན་པ་གསུངས་པ། དེ་ཡང་ཞེས་པ་ལ་སོགས་པའོ། །དཔེར་ན་ཞེས་པ་ལ་སོགས་པའི་དཔེས་དེ་ཁོ་ན་གསལ་བར་བྱེད་དོ། །འོ་ན་སྒྲ་མངོན་སུམ་ཁོ་ན་ལས་གྲུབ་པ་མ་ཡིན་ནམ། དེས་ན་དེ་ཡང་མ་གྲུབ་ཅེས་བརྗོད་པ་ཅི་
ཞེ་ན། རང་གི་ངོ་བོ་ཁོ་ནར་མ་གྲུབ་པར་བརྗོད་པར་བྱ་བ་ནི་མ་ཡིན་གྱི་འོན་ཀྱང་རང་ཉིད་ནི་བདག་ཉིད་བསྒྲུབ་པར་བྱ་བ་ལ་གཏན་ཚིགས་ཉིད་དུ་སྟེ། བསྒྲུབ་པར་བྱ་བ་ཁོ་ན་སྒྲུབ་པར་བྱེད་པར་འགྱུར་བ་ནི་མ་ཡིན་ཞིང་། སྒྲ་ཡང་བསྒྲུབ་པར་བྱ་བའི་ཆོས་ཅན་ནོ། །དེའི་ཕྱིར་འདི་ནི་བདག་ཉིད་སྒྲུབ་པར་བྱེད་
པ་ལ་ཤེས་པར་བྱེད་པ་ཉིད་དུ་མ་གྲུབ་སྟེ། དེ་ཤེས་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྒྲ་གཅིག་ཡིན་ལ། དེ་ཡང་བསྒྲུབ་པར་བྱ་བ་ཉིད་དུ་ཉེ་བར་བླངས་ཤིང་། གང་གི་སྒྲུབ་པར་བྱེད་པ་ཉིད་དུ་འགྱུར་བ་སྒྲ་གཞན་ཡོད་པའང་མ་ཡིན་ནོ། །དེས་ན་དེ་རང་གི་ངོ་བོ་གྲུབ་ཀྱང་བདག་ཉིད་ལ་གཏན་ཚིགས་
ཉིད་དུ་མ་གྲུབ་བོ་ཞེས་པ་འདི་འདིར་དོན་ཡིན་ནོ། །དངོས་པོ་ཐམས་ཅད་ལ་ཆོས་ཅན་དང་ཆོས་ཀྱི་རྣམ་པར་དབྱེ་བ་མ་གྲུབ་པའི་ཕྱིར། ཐམས་ཅད་དུ་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་ཀྱིས་མ་གྲུབ་པའི་སྐྱོན་མཚུངས་སོ་ཞེ་ན། མ་ཡིན་ཏེ། ཀུན་རྫོབ་པའི་ལྡོག་པ་ཐ་དད་པ་ལ་བརྟེན་པས་བསྒྲུབ་
Vol. 193 · folio 153a
པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་གི་ཁྱད་པར་གྲུབ་པའི་ཕྱིར་རོ། །དེ་ལྟར་ནི་ཐམས་ཅད་ལས་ལོག་པའི་དངོས་པོ་གཅིག་ལ་གང་དང་གང་ལས་ཐ་དད་པ་དེ་ལ་ལྟོས་པས་ཆོས་རྣམས་རྣམ་པར་གཞག་པར་བྱ་བས་སོ། །དོན་དམ་པ་སེམས་པ་ན་ཀུན་རྫོབ་པའི་དངོས་
པོ་རྣམས་ལ། དངོས་པོར་གྱུར་པའི་ཆོས་གཞན་དེ་ཉིད་དང་གཞན་ཉིད་འགོག་པ་འབའ་ཞིག་སྟེ། དེ་དག་དངོས་པོའི་རྟེན་ཅན་ཉིད་ཀྱི་ཕྱིར་རོ། །གང་འདི་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་གནས་པ་དེ་ནི། ལྡོག་པ་ལ་བརྟེན་པའི་དབྱེ་བ་རྟོགས་པས་གྲུབ་པ་གང་ཡིན་པ་
དེ་ལ་བརྟེན་ནས་བསྟན་པར་བྱའོ། །དེ་ལྟར་ནི་སྒྲ་ཞེས་བརྗོད་པ་དང་བྱས་པ་ཉིད་ཅེས་བརྗོད་པ་ལ་རྟོགས་པ་ཐ་དད་པ་ཁོ་ནར་འགྱུར་གྱི། དངོས་པོར་ན་ཐ་དད་པའང་མ་ཡིན་ནོ། །དེ་ལྟ་ནའང་ལྡོག་པ་ལ་བརྟེན་པའི་གང་རྟོགས་པ་ཐ་དད་པའི་ཆོས་ཅན་དང་ཆོས་སོ་སོར་སྣང་བ་སྐྱེ་ལ། དེས་བསྟན་
པའི་ཆོས་ཅན་དང་ཆོས་ཐ་དད་པ་ལ་བརྟེན་པས་སྒྲུབ་པར་བྱེད་པའི་ཐ་སྙད་འགལ་བ་མེད་དོ། །དོན་ལ་མི་སླུ་བ་ནི་འབྲེལ་པ་ལས་སོ་ཞེས་བཤད་ཟིན་ཏོ། །འདིར་ནི་སྒྲ་རྟག་སྟེ། ཐམས་ཅད་མ་ཡིན་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ལ་གང་གིས་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཏུ་མི་འགྱུར་བ་ལྡོག་
པ་ཐ་དད་པ་ཡང་མེད་དོ། །དེ་ལྟར་ནི་གང་ཞིག་བསྒྲུབ་པར་བྱ་བ་ཉིད་དུ་ཉེ་བར་བཀོད་པ་དེ་བསྒྲུབ་པར་བྱ་བ་ཉིད་དུ་ཉེ་བར་གཞག་པའི་རྣམ་པ་ལས་གཞན་པའི་ངོ་བོར་ཤེས་པ་གཞན་ལ་ཉེ་བར་མི་གནས་པ་སྒྲུབ་པར་བྱེད་པ་ཉིད་དུ་བྱས་པ་སྟེ། སོ་སོར་རྣམ་པར་གཅད་པར་བྱ་བ་མེད་པའི་ཕྱིར།
ཤེས་པ་ལ་གྲུབ་པའི་ཐ་དད་པ་ཡང་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མ་གྲུབ་པ་ཞེས་བཤད་དོ། །དེ་འདི་སྐད་བརྗོད་པར་འགྱུར་རོ། །གང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་པ་དེ་གཏན་ཚིགས་མ་ཡིན་ཏེ། དཔེར་ན་སྒྲ་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ་མི་རྟག་པ་ཉིད་བཞིན།
སྒྲ་རྟག་པ་ཉིད་བསྒྲུབ་པར་བྱ་བ་ལ་ཐམས་ཅད་མ་ཡིན་པ་ཉིད་ཀྱང་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་ནོ་ཞེས་པས་ཁྱབ་བྱེད་དང་འགལ་བའོ། །འོ་ན་ཡང་ཞེས་པ་ལ་སོགས་པས་མ་ངེས་པར་སྨྲས་ཤིང་། འདིར་ཞེས་པ་ལ་སོགས་པས་ལན་འདེབས་པར་བྱེད་དོ། །ཤེས་པ་ཐ་མི་དད་
Vol. 193 · folio 153b
པའི་ཡུལ་བསྒྲུབ་པར་བྱ་བ་ཉིད་དུ་ཉ་བར་དྲངས་པ་ནི། དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །འདིར་ནི་ཁྱད་པར་བསྒྲུབ་པར་བྱ་བ་ཡིན་ཞིང་། སྤྱི་སྒྲུབ་པར་བྱེད་པའོ་ཞེས་པས་ཁྱད་པར་ཡོད་དོ། །དཔེ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པ་
འདི་ཉིད་ཀྱི་འཐད་པ་སྟེ། དཔེར་ཡོད་པར་གྱུར་པ་ཉིད་ཀྱི་ཕྱིར་འདིར་ཐམས་ཅད་ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ། །གྲུབ་པ་དཔེར་འགྱུར་ཞིང་། མ་གྲུབ་པ་ནི་བསྒྲུབ་པར་བྱ་བར་འདོད་ལ། འདིར་ཐམས་ཅད་ཕྱོགས་སུ་བྱས་པ་ནི་མ་ཡིན་ནོ། །མིག་ལ་སོགས་པ་རྣམས་ནི་ཞེས་པ་ལ་
སོགས་པས། ཁྱད་པར་དང་སྤྱིའི་བདག་ཉིད་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ཐ་དད་པ་ཉིད་དེ་སྟོན་པར་བྱེད་དོ། །ཅི་སྟེ་ཞེས་པ་ལ་སོགས་པ་སྟེ། སྒྲ་ཉིད་ནི་སྒྲ་གཅིག་པུ་ཁོ་ན་ལ་ཡོད་པའི་ཕྱིར་མཉན་བྱ་ཉིད་དང་འདྲ་བར་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་གྱི་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་
པ་ཕ་རོལ་པོའོ། །དམ་བཅའ་བའི་དོན་གྱི་ནི་ཞེས་པ་ལ་སོགས་པ་སྟེ། ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་ནི་དམ་བཅའ་བའི་དོན་ནོ། །དེའི་ཆོས་མཉན་པར་བྱ་བ་ཉིད་ཐུན་མོང་མ་ཡིན་པ་ཉིད་དུ་རིགས་ཏེ། ཆོས་ཅན་དང་ཆོས་ཐ་དད་པའི་ཕྱིར་རོ། །དེ་ལྟར་ནི་སྒྲའི་སྒྲས་ནི་སྒྲ་མ་ཡིན་
པ་རྣམ་པར་གཅོད་པ་བརྗོད་ཅིང་། མཉན་པར་བྱ་བའི་སྒྲས་ནི་རྣ་བའི་དབང་པོའི་ཡུལ་མ་ཡིན་པ་རྣམ་པར་གཅོད་པའི་ཕྱིར་རོ། །སྒྲའི་ཆོས་སུ་མཉན་པར་བྱ་བ་ཉིད་ཡོད་ལ། དེ་ནི་ཐུན་མོང་མ་ཡིན་པར་འགྱུར་རོ། །འདིར་ནི་གཏན་ཚིགས་དང་ཆོས་ཅན་བརྗོད་པའི་སྒྲ་དག་ལ་རྣམ་པར་གཅོད་པ་
ཐ་དད་པ་མེད་དོ་ཞེས་པས་སྒྲ་ལ་སྒྲ་ཉིད་གཞན་ཡོད་པ་མ་ཡིན་ནོ། །བསྒྲུབ་པར་བྱ་བ་དེ་ཁོ་ན་སྒྲུབ་པར་བྱེད་པ་ཉིད་དུ་བརྗོད་དོ་ཞེས་པས་མ་གྲུབ་པ་ཁོ་ནའོ། །རྩོད་པ་བསྒྲུབ་པར་ནི་འདི་ཞེས་པ་ཐམས་ཅད་མི་རྟག་པ་ཉིད་ཀྱི་ཕྱིར་ཞེས་གང་བཤད་པའོ། །དེར་ནི་ཞེས་པ་ལ་སོགས་པ་སྟེ། དེ་ལ་གྲུབ་
པའི་མཐའ་དང་འགལ་བ་ནི། བྱེ་བྲག་པའི་དབང་པོས་གཟུང་བར་བྱ་བ་ཉིད་ཀྱི་ཕྱིར་སྒྲ་མི་རྟག་པའོ་ཞེས་ཏེ། དེས་ནི་དངོས་པོ་དང་ཡོན་ཏན་ལ་སོགས་པ་དབང་པོས་གཟུང་བར་བྱ་བ་རྣམས་རྟག་པ་ཉིད་དུ་ཁས་བླངས་པ་རྣམས་ཀྱི་མི་རྟག་པ་ཉིད་འོངས་པ་ན་གྲུབ་པའི་མཐའ་འགལ་བའོ། །
Vol. 193 · folio 154a
དམ་བཅའ་བའི་དོན་དང་འགལ་བ་ནི་གྲངས་ཅན་པའི་རྒྱུ་ལ་འབྲས་བུ་ཡོད་དེ། ཡང་དག་པར་འབྱུང་བའི་ཕྱིར་རོ་ཞེས་པ་སྟེ། ཡང་དག་པར་འབྱུང་བའི་ཕྱིར་རོ་ཞེས་པ་འདི་དང་ཡོད་པ་ཉིད་དུ་དམ་བཅས་པ་འགལ་བ་སྟེ། ཡོད་པ་ཉིད་ནི་ཡང་དག་པར་འབྱུང་བར་རིགས་
པ་མ་ཡིན་ཏེ། སྐྱེས་བུ་བཞིན་ནོ་ཞེས་པའོ། །འདི་ལ་དེ་དག་སྲིད་པ་ཡང་མ་ཡིན་ནོ་ཞེས་པ། གང་གི་ཕྱིར་དེ་ལ་ནི་ཕྱོགས་ཀྱི་ཆོས་ཁོ་ན་གཏན་ཚིགས་ཉིད་དུ་བརྗོད་ལ། འདི་ནི་ཕྱོགས་ཀྱི་ཆོས་སུ་འགྱུར་པ་མ་ཡིན་པ་ཁོ་ནའོ་ཞེས་པའོ། །བསྟན་པར་བྱ་བའོ་ཞེས་པ་གཏན་ཚིགས་ལྟར་སྣང་བ་
བརྟག་པའི་སྐབས་སུའོ། །ཕྱོགས་ལྟར་སྣང་དང་བཅས་པ་བཤད་ཟིན་ཏོ། །ད་ནི་གང་གི་རྗོད་པར་བྱེད་པ་གཞན་དོན་རྗེས་སུ་དཔག་པ་ཡིན་པ་གཏན་ཚིགས་བཤད་པར་བྱའོ། །འོ་ན་དེའི་མཚན་ཉིད་སྔར་ཁོ་ནར་བཤད་ཟིན་པ་མ་ཡིན་ནམ་ཞེ་ན། བཤད་ཟིན་པ་བདེན་ཏེ། དེ་ལྟ་ནའང་རབ་ཏུ་དབྱེ་
བ་བསྟན་པའི་ཆེད་དུ་གཏན་ཚིགས་ཀྱི་མཚན་ཉིད་ཀྱི་དབང་དུ་བྱེད་དོ། །དེ་ལའང་ཞེས་པ་གཏན་ཚིགས་དེ་ལའོ། །བསྒྲུབ་པར་བྱ་བའི་དེ་མ་ཐག་ཏུ་བཤད་པར་བྱ་བ་ཡིན་པ་ལ་དེ་མ་བཤད་པ་ཁོ་ནར་ཕྱོགས་ཀྱི་རབ་ཏུ་དབྱེ་བ་སྐབས་སུ་མ་བབ་པ་སྔོན་དུ་རབ་ཏུ་སྟོན་པ་ལ་རྒྱུ་གསུངས་པ། གང་ཕྱིར་
བསྒྲུབ་བྱའི་ཆོས་གཏན་ཚིགས་ཞེས་པ་ལ་སོགས་པའོ། །ཕལ་ཆེ་བས་ཞེས་པའི་ཚིག་ནི་མ་གྲུབ་པ་ཕྱོགས་ཆོས་མེད་པའང་གཏན་ཚིགས་ལྟར་སྣང་བ་ཉིད་དུ་ཤེས་པའི་དོན་དུའོ། །འདི་ནི་ཚིགས་སུ་བཅད་པའི་དོན་ཡིན་ཏེ། གང་གི་ཕྱིར་གཏན་ཚིགས་དང་དེར་སྣང་བ་ཕལ་ཆེ་བ་ནི་ཕྱོགས་
ཀྱི་ཆོས་ཁོ་ན་ཡིན་པ་དེའི་ཕྱིར་གཏན་ཚིགས་དང་འགལ་བ་མ་ངས་པ་ཉིད་རྣམས་ལས་སྔོན་དུ་ཕྱོགས་ཀྱི་ཆོས་རྒྱས་པར་བསྟན་པར་བྱའོ་ཞེས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། གང་གི་ཕྱིར་ཕྱོགས་ཀྱི་ཆོས་ཉིད་འདི་ནི་མང་པོ་རྣམས་ཀྱི་སྤྱིའི་ཚུལ་ཡིན་པ་དེའི་ཕྱིར་ཕྱོགས་ཀྱི་ཆོས་ཀྱི་རབ་ཏུ་དབྱེ་
བ་ཁོ་ན་གཏན་ཚིགས་ལ་སོགས་པ་ལས་སྔོན་དུ་བསྟན་པར་བྱའོ་ཞེས་པའོ། །དེ་ནི་ཕྱོགས་ཀྱི་ཆོས་རབ་ཏུ་དབྱེ་བ་དེ་བསྟན་པའི་ཆེད་དུ་བདེ་བླག་ཏུ་གཟུང་བའི་དོན་དུ་གཏན་ཚིགས་ཀྱི་སྐབས་ཀྱི་མདོ་བསྡུས་པ་གསུངས་པ། མཐུན་ཕྱོགས་ལ་ཡོད་མེད་ཅེས་པ་ལ་སོགས་པའོ། །འདིར་ཞེས་པ་
Vol. 193 · folio 154b
ཚིགས་སུ་བཅད་པ་འདིར་རོ། །གང་གི་ཕྱིར་ཕྱོགས་ཀྱི་ཆོས་རྣམ་པ་དགུ་བཤད་པ་སྟེ། གང་གི་ཕྱིར་འདི་མང་པོ་རྣམས་ཀྱི་ཐུན་མོང་གི་ཚུལ་ཡིན་པ་དེའི་ཕྱིར་དེ་ཉིད་ཐུན་མོང་ལས་སྔར་བརྟག་པར་བྱ་སྟེ། དེ་ངེས་པར་ཤེས་པ་ན་གཏན་ཚིགས་ལ་སོགས་པའི་མཚན་ཉིད་རྒྱས་པས་བསྟན་པའི་ཆེད་
དང་ཤེས་པའི་ཆེད་དུ་བདེ་བླག་ཏུ་འགྱུར་རོ་ཞེས་པའི་ཕྱིར་དེ་ཕྱིས་ངེས་པར་བསྟན་པར་བྱའོ། །འདིར་ཆོས་ཅན་ཁོ་ནའི་ཆོས་སུ་འགྱུར་གྱི། ཚོགས་པའི་མ་ཡིན་ཞིང་ཆོས་ཀྱི་ཡང་མ་ཡིན་ནོ། །དེའི་ཕྱིར་བསྒྲུབ་བྱ་ཆོས་ཞེས་སྨྲས་པ་ཆོས་ཅན་ཁོ་ན་ཕྱོགས་ཉིད་དུ་དམ་བཅས་ཏེ། བསྒྲུབ་བྱའི་
སྒྲ་ནི་ཕྱོགས་ཀྱི་རྣམ་གྲངས་ཡིན་པ་ཉིད་ཀྱི་ཕྱིར་རོ། །དེ་ཡང་མི་རིགས་སོ་ཞེས་སེམས་པས་སྨྲས་པ། རེ་ཞིག་ཅི་ལྟར་ཞེས་པ་ལ་སོགས་པའོ། །གང་གི་ཕྱིར་ཞེས་པ་ལ་སོགས་པས། གང་ཞིག་བསྒྲུབ་པར་འདོད་པ་མ་ཡིན་པ་དེ་ནི་ཕྱོགས་མ་ཡིན་ཏེ་གཏན་ཚིགས་བཞིན། ཆོས་ཅན་ཡང་དེ་
ལྟ་བུའོ་ཞེས་ཁྱབ་པར་བྱེད་པ་མེད་པ་སྨྲས་སོ། །གྲུབ་ཟིན་པ་ཉིད་ཀྱི་ཕྱིར་ཞེས་པ་འདིས་ནི་མ་གྲུབ་པ་ཉིད་དུ་དོགས་པ་སེལ་བར་བྱེད་དོ། །གང་གྲུབ་ཟིན་པ་དེ་ནི་བསྒྲུབ་པར་འདོད་པ་མ་ཡིན་ཏེ་གཏན་ཚིགས་བཞིན། ཆོས་ཅན་ཡང་དེ་ལྟ་བུའོ་ཞེས་པ་ཁྱབ་བྱེད་དང་འགལ་བའོ། །དེའི་ཕྱིར་དེའི་
ཆོས་ནི་ཕྱོགས་ཆོས་སུ་བསྟན་པར་འོས་པ་མ་ཡིན་ནོ་ཞེ་ན། ཉེས་པ་འདི་མེད་དེ་ཞེས་པ་ལ་སོགས་པའོ། །གདོན་མི་ཟ་བར་དངོས་ཀྱི་སྒྲ་རྣམས་ཁོ་ནས་ཐ་སྙད་བྱེད་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན་ཉེ་བར་བཏགས་པ་རྣམས་ཀྱིས་ཀྱང་ངོ་། །དེ་ལ་གལ་ཏེ་ཕྱོགས་དངོས་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ན་གྲུབ་
པ་སྒྲུབ་པའོ། །ཅི་སྟེ་ཆོས་ཅན་ནི་ཕྱོགས་ཀྱི་ཕྱོགས་གཅིག་ཡིན་པ་ཉིད་ཀྱི་ཕྱིར་ན་ཉེ་བར་བཏགས་པས་ཀྱང་དེ་ལྟར་བསྟན་པར་འོས་པ་མ་ཡིན་ནོ་ཞེས་བསྒྲུབ་པར་བྱ་ན་དེའི་ཚེ་མ་ངེས་པ་སྟེ། ཚོགས་པའི་ཕྱོགས་གཅིག་ལ་ཚོགས་པ་ཉེ་བར་བཏགས་ནས་བསྟན་པའི་ཕྱིར་ཏེ། རས་ཡུག་གི་ཕྱོགས་
གཅིག་ལ་རས་ཡུག་ཏུ་ཉེ་བར་འདོགས་པ་བཞིན་ནོ། །ཆོས་སྨོས་པ་ནི་ཞར་ལ་བྱུང་བ་སྟེ། བསྒྲུབ་པར་བྱ་བས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་ཞེས་པ་འདིར་ཡང་རྩོད་པ་འདི་ཡོངས་སུ་སྤང་བའི་དོན་དུའོ། །དངོས་མིན་ན་ཡང་ཞེས་པ་སྟེ་འདིར་ནི་ཤེས་པར་འདོད་ཅིང་ཕྱིས་ཀྱི་དུས་སུ་གྲུབ་པ་
Vol. 193 · folio 155a
བརྟེན་པའི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་པར་བྱ་བའོ་ཞེས་པས་ཚོགས་པ་བསྒྲུབ་བྱར་བརྗོད་པར་བྱའོ། །རྣམ་པ་དེ་ལྟ་བུའི་ཆོས་ཅན་དེ་ཡང་བསྒྲུབ་པར་བྱ་བ་དངོས་ཁོ་ན་སྟེ། དེ་ལ་བྱས་པ་ཉིད་ལ་སོགས་པའི་ཆོས་མི་སྲིད་པར་འགྱུར་རོ་ཞེས་པས་འདི་ནི་
བརྩད་པར་བྱ་བ་མ་ཡིན་པ་ཁོ་ནའོ། །ཁྱོད་ཀྱིས་ཡོངས་སུ་བརྟགས་པ་ནི་ཚོགས་པ་བསྒྲུབ་པར་བྱ་བར་ཁས་བླངས་ནས་ནི་ཁོ་བོས་འདི་ལན་དུ་བརྗོད་པར་བྱའོ་ཞེས་པ་འདི་ཡང་གི་སྒྲས་གསལ་བར་བྱེད་དོ། །འདི་སྐད་བཤད་པར་གྱུར་ཏོ། །གལ་ཏེ་ཡང་དངོས་མ་ཡིན་པ་དེ་ལྟ་ན་ཡང་སྐྱོན་
མེད་ན་དངོས་ཉིད་ལ་ལྟ་ཅི་ཞིག་ཅེས་པའོ། །ཡང་དངོས་མ་ཡིན་པ་ཉིད་ལ་སྐྱོན་མེད་པ་ཡིན་པ་གང་ལས་དེ་ལ་བསྒྲུབ་པར་བྱ་བ་ཉིད་དུ་ཉེ་བར་གདགས་པར་བྱ་བ་ཅི་ལྟར་ཡིན་ཞེ་ན། ཉེ་བར་འདོགས་པའི་རྒྱུ་གསུངས་པ། །ཕྱོགས་གཅིག་ཕྱིར་ཞེས་པ་སྟེ། དེ་འདིས་ནི། གང་ཞིག་གང་ཕྱོགས་
གཅིག་ཡིན་པ་དེ་ནི་དེས་ཐ་སྙད་བསྟན་པར་འོས་པ་ཡིན་ཏེ། དཔེར་ན་སྣམ་བུའི་ཕྱོགས་གཅིག་ནི་སྣམ་བུར་ཐ་སྙད་བསྟན་པ་བཞིན། ཆོས་ཅན་ཡང་ཕྱོགས་ཀྱི་ཕྱོགས་གཅིག་ཡིན་ནོ་ཞེས་པ་རང་བཞིན་གསུངས་སོ། །དགོས་པ་མེད་པའི་ཕྱིར་ཉེ་བར་གདགས་པར་མི་བྱའོ་ཞེ་ན། མ་ཡིན་ཏེ།
དེའི་ཕྱོགས་གཅིག་ཡིན་པ་ཉིད་ཀྱི་ཕྱིར་ཉེ་བར་གདགས་སུ་རུང་བའི་ཆོས་ཅན་གྱི་ཆོས་རྟོགས་པའི་དོན་ཅན་ཡིན་པ་ཉིད་ཀྱི་ཕྱིར་ཏེ། ཉེ་བར་བཏགས་པ་ནིའོ། །དེ་ལྟ་ན་ཡང་མིག་གིས་གཟུང་བྱ་ཉིད་ལ་སོགས་པ་ཡང་ཡོངས་སུ་སྤངས་པར་འགྱུར་རོ། །འབའ་ཞིག་པ་ནི་ཉེ་བར་བཏགས་པར་འགྱུར་རོ་
ཞེས་པ་འདིར་བསྒྲུབ་པར་བྱ་བ་ཞེས་སྦྲེལ་བར་བྱའོ། །འདིར་ཡང་ཞེས་པ་གཞན་གྱི་དོན་གྱི་རྗེས་སུ་དཔག་པར་རོ། །གཉིས་ལ་གྲུབ་པས་ཞེས་པ་རྒོལ་བ་དང་ཕྱིར་རྒོལ་བ་དག་ལ་ཕྱོགས་ཀྱི་ཆོས་ཉིད་དུ་ངེས་པར་གྱུར་པ་གང་ཡིན་པ་དེས་ཐ་སྙད་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ཤེས་པར་བྱེད་
པའི་གཏན་ཚིགས་ཀྱི་དབང་དུ་བྱས་པའི་ཕྱིར་རོ་ཞེས་བཤད་ཟིན་ཏེ། །དེའི་ཕྱིར་དོན་གྱིས་གོ་བས། གཉིས་ལ་བཟློག་པ་ན་སྟེ། མ་ངེས་པ་ན་ཞེས་པའི་ཐ་ཚིག་གོ། །གཅིག་ལ་ཡང་བཟློག་པ་ན་དང་གཉིས་ལའམ་གཅིག་ལ་ཐེ་ཚོམ་ཟ་ན་དང་། གཞི་མ་གྲུབ་ནའང་འདོད་མ་ཡིན། །
Vol. 193 · folio 155b
གཏན་ཚིགས་སུ་ཞེས་པའོ། །དེས་ན་དེ་བསལ་བའི་དོན་དུ་རྩོལ་མ་ཐག་པ་གཞག་པར་བྱའོ། །གལ་ཏེ་རྣམ་པ་འདི་ལྟ་བུ་སྒྲུབ་པར་བྱེད་པ་མ་ཡིན་ན། འོ་ན་སུན་འབྱིན་པར་འགྱུར་རོ་ཞེ་ན། གསུངས་པ། མི་འདོད་ཕྱིར་ཀུན་སུན་འབྱིན་མིན། །ཞེས་པའོ། །ཇི་ལྟར་གཉིས་ཀ་ལ་གྲུབ་པས་
བསྒྲུབ་པར་བྱ་བ་ངེས་པར་འགྱུར་གྱི་རྣམ་པ་གཞན་དུ་མ་ཡིན་པ་དེ་ལྟར་གཉིས་ཀ་ལ་གྲུབ་པ་ཁོ་ནས་སྐྱོན་ཅན་ཉིད་དུ་ངེས་པར་བྱེད་ཀྱི་རྣམ་པ་གཞན་དུ་མི་འདོད་པ་ཙམ་གྱིས་ནི་མ་ཡིན་ནོ། །འོ་ན་འདིས་སུན་དབྱུང་བར་བྱ་བའོ་ཞེས་པས་ན་སུན་འབྱིན་ཏེ་སྐྱོན་རྗོད་པར་བྱེད་པའི་ཚིག་མ་ཡིན་ནམ། ཅི་ལྟར་ན་དོན་
སུན་འབྱིན་པའོ་ཞེས་བརྗོད་ཅེ་ན། ཡུལ་དང་ཡུལ་ཅན་ཐ་མི་དད་པ་ཉེ་བར་བཏགས་པ་ལས་སམ། སུན་འབྱིན་གྱི་སྒྲ་ལས་སྒྲུབ་པ་ཡིན་པ་ཉིད་ཀྱི་ཕྱིར་དེ་སྐད་བཤད་དོ་ཞེས་པས་སྐྱོན་མེད་དོ། །ཡང་འདི་སུན་འབྱིན་པ་མ་ཡིན་པ་ཅི་ཡིན་ཞེ་ན་གསུངས་པ། འདི་ལྟ་སྟེ་ཞེས་པ་ལ་སོགས་པའོ། །འོ་ན་
ཅི་འདྲ་བ་ཞིག་སྒྲུབ་པར་བྱེད་པ་དང་སུན་འབྱིན་པར་བྱེད་པ་ཡིན་ཞེ་ན། གསུངས་པ། གཉི་ག་ལ་ཡང་རབ་གྲུབ་པ། ཞེས་པ་ལ་སོགས་པའོ། །གང་ཞིག་གཉི་ག་ལ་ཡང་ཕྱོགས་ཀྱི་ཆོས་མ་ཡིན་པ་ཞེས་པར་གྲུབ་པ་དེ་ནི་སུན་འབྱིན་པ་ཁོ་ན་སྟེ། དཔེར་ན་མིག་གིས་གཟུང་བར་བྱ་བ་ཉིད་ལྟ་བུའོ། །
སྒྲུབ་པར་བྱེད་པ་ནི་གཉིས་ཀ་ལ་ཕྱོགས་ཀྱི་ཆོས་ཉིད་དུ་རབ་ཏུ་གྲུབ་པ་སྟེ། དཔེར་ན་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་ལྟ་བུ་སྟེ་བྱས་པ་ཉིད་ལ་སོགས་པ་བསྒྲུབ་པར་བྱ་བ་ནའོ། །འོ་ན་རྐྱེན་ནི་རྒྱུ་ཡིན་ན་སྒྲ་ལ་ནི་རྒྱུ་ཅི་ཡང་མེད་དེ། དེ་རྟག་པ་ཉིད་དུ་རྒོལ་བས་ཁས་ལེན་པས་སོ། །དེས་ན་ཅི་ཞིག་ལས་
རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་ཡིན་ཞེ་ན། འོ་ན་དེ་རྐན་ལ་སོགས་པའི་གཡོ་བ་ཡོད་པ་ཁོ་ན་ལ་དམིགས་པ་ཅི་ལྟར་ཡིན། གལ་ཏེ་རྐན་ལ་སོགས་པ་རྣམས་དེའི་རྒྱུ་མ་ཡིན་གྱི། དེ་རྐན་ལ་སོགས་པ་རྣམས་ཀྱིས་གསལ་བར་བྱེད་དེ། དེས་ན་དེའི་བྱ་བ་ཡོད་པ་ཁོ་ན་ལ་དེ་དམིགས་པའོ་ཞེ་ན། མ་ཡིན་
ཏེ་རྟག་པ་རྣམས་ལ་མངོན་པར་གསལ་བ་མི་རུང་བའི་ཕྱིར་ཏེ་སྔར་ཇི་སྐད་བཤད་པ་བཞིན་ནོ། །རྐན་ལ་སོགས་པའི་བྱེད་པས་སྒྲིབ་པ་སེལ་བར་བྱེད་དོ། །དེའི་ཕྱིར་དེའི་དེ་མ་ཐག་ཏུ་ཉེ་བར་དམིགས་པ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དེའི་བདག་ཉིད་ཉམས་པ་མེད་པ་ལས་ན་འགའ་ཞིག་གི་ཡང་སྒྲིབ་པ་ཉིད་མི་སྲིད་
Vol. 193 · folio 156a
པའི་ཕྱིར་རོ། །རང་གི་ཡུལ་ལ་ཤེས་པ་སྐྱེད་པར་བྱེད་པའི་ཕྱིར། དེ་ལ་རྐན་ལ་སོགས་པའི་གཡོ་བ་ལྷན་ཅིག་བྱེད་པའོ་ཞེ་ན། མ་ཡིན་ཏེ་ཕན་འདོགས་པ་མ་ཡིན་པ་རྣམས་ལྷན་ཅིག་བྱེད་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །མཐའི་གནས་སྐབས་ན་ནི་གང་ས་བོན་ལ་སོགས་
པ་ཕན་ཚུན་ཕན་འདོགས་པ་ལ་མི་ལྟོས་པ་རྣམས་ལྷན་ཅིག་བྱེད་པ་ཡིན་ཏེ། དེ་ནི་ཁྱད་པར་སྐྱེད་པར་བྱེད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། འབྲས་བུ་གཅིག་བྱེད་པ་ཁོ་ན་ཡིན་ན། འདི་ནི་སྒྲ་ལ་སྲིད་པ་ཡང་མ་ཡིན་ཏེ། དེ་ནི་གལ་ཏེ་ནུས་པ་ཡིན་ན། འབའ་ཞིག་པས་ཀྱང་བྱེད་པར་འགྱུར་ཞིང་། གལ་ཏེ་མི་
ནུས་པ་ཡིན་ན་ལྷན་ཅིག་པ་ཡང་བྱེད་པ་མ་ཡིན་ནོ་ཞེས་པས་འདི་ནི་ཐེ་ཚོམ་མེད་དོ། །ཕན་འདོགས་པ་འགའ་ཞིག་བྱེད་པ་ཁོ་ནའོ་ཞེ་ན། དེ་ཅི་དེ་ལས་དོན་གཞན་ནམ་འོན་ཏེ་ཅིག་ཤོས་ཡིན། དོན་གཞན་ཉིད་ན་སྒྲའི་ཕན་པ་ཞེས་པའི་འབྲེལ་པ་ཅི་ཞིག་ཡིན། དོན་གཞན་མ་ཡིན་པ་ཉིད་ན་དེ་ཁོ་ན་བྱེད་
པའོ་ཞེས་པས་རྐྱེན་གྱི་བྱེ་བྲག་གིས་ཐ་དད་པ་ཉིད་གྲུབ་བོ། །འོ་ན་ཕྱོགས་ཀྱི་ཆོས་ཁོ་ན་གཏན་ཚིགས་ཉིད་ཡིན་ན་ཆོས་ཅན་གྱིས་ཆོས་ཅན་དང་ཆོས་སམ་ཆོས་ཅན་གྱིས་སམ་ཆོས་ཀྱིས་ཆོས་ཅན་རྗེས་སུ་དཔག་པར་འགྱུར་བ་མ་ཡིན་ནོ་ཞེས་པས་མཚན་ཉིད་མ་ཁྱབ་པ་ཅན་ནོ་ཞེ་ན་གསུངས་པ། ཕྱོགས་ཆོས་
ཀྱི་སྒྲུབ་པར་བྱེད་པ་ཉིད་ན་ཞེས་པ་སྟེ། ཕྱོགས་ཆོས་ཁོ་ན་གཏན་ཚིགས་སོ་ཞེས་འདིར་ཁས་བླངས་པར་གྱུར་ན་ཞེས་པའི་དོན་ཏོ། །ཆོས་ཅན་ཆོས་ཅན་གྱིས་བསྒྲུབ་མིན། །ཆོས་ནི་ཆོས་ཅན་གྱིས་བསྒྲུབ་བྱ་མ་ཡིན་ནོ་ཞེས་པ་དང་། དེས་ཏེ་ཆོས་ཀྱིས་ཆོས་ཅན་ཡང་བསྒྲུབ་བྱ་མ་ཡིན་ནོ། །རེ་ཞིག་གང་
རྣམས་རྗོད་པར་བྱེད་པ་ཞེས་པ་ལ། དེ་རྣམས་ནི་འདི་ལྟར་སེམས་པར་བྱེད་དོ། །ཚོགས་པའི་དོན་བསྒྲུབ་པར་བྱ་བ་ཉིད་ན། དེའི་ཕྱོགས་གཅིག་པའི་ཆོས་ནི་ཕྱོགས་ཆོས་སོ་ཞེས་པས་ཕྱོགས་ཆོས་གཏན་ཚིགས་སུ་འགྱུར་མོད་ཀྱི། གང་གི་ཚེ་ཆོས་ཅན་མེ་ཁོ་ན་བསྒྲུབ་བྱ་ཡིན་ཞིང་ཚོགས་པ་ནི་མ་
ཡིན་ལ། དེ་ཡང་ཆོས་ཅན་གཞན་དུ་བས་ཡིན་ཏེ། དེའི་ཚེ་ཅི་ལྟར་ཕྱོགས་ཆོས་གཏན་ཚིགས་སུ་འགྱུར་ཞེས་པར་རོ། །འདི་ལའོ་ཞེས་བརྗོད་པར་བྱའོ་ཞེས་པས། མེ་ཡོད་པ་ཉིད་བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་ལ་འཐད་པ་གཞན་འདིའོ། །འདི་ལའི་སྒྲ་དང་དུ་བ་མངོན་པར་འབྲེལ་བར་འགྱུར་
Vol. 193 · folio 156b
རམ། འོན་ཏེ་ཡུལ་ཕྱོགས་སམ་མེར་འགྱུར། དེ་ལ་གལ་ཏེ་དུ་བ་འབྲེལ་ན་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་ཉིད་དུ་འགྱུར་ཏེ་སྔར་བཞིན་ནོ། །དེ་ལྟར་འགྱུར་མོད་ཀྱི་མེ་ཁོ་ན་འདི་ལ་ཞེས་ངེས་པར་བསྟན་པར་བྱ་བའོ་ཞེ་ན། གསུངས་པ་མེ་ལ་ཞེས་པ་ལ་སོགས་པ་སྟེ། ཡང་གི་སྒྲ་ནི་མེ་
དེ་ཁོ་ན་བདག་ཉིད་ཀྱི་རྟེན་དུ་རིགས་པའང་མ་ཡིན་ནོ་ཞེས་པའི་སྐྱོན་བསྡུ་བའི་དོན་དུའོ། །ཡང་ཅིའི་ཕྱིར་མེ་ལ་མཐོང་བ་རིགས་པ་མ་ཡིན་ཞེ་ན་གསུངས་པ། རྗེས་སུ་དཔག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པ་སྟེ། མངོན་སུམ་མ་ཡིན་པའི་མེ་ལ་དུ་བ་མཐོང་བ་ནི་སྲིད་པ་མ་ཡིན་པས་
སོ། །དེའི་ཕྱིར་རྟགས་འཛིན་པའི་དུས་ཁོ་ན་ན་མེ་རྟོགས་པ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པ་མེད་པར་འགྱུར་རོ། །དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། རྣམ་པ་གཞན་མེད་པའི་ཕྱིར་འདི་ལ་ཞེས་པ་ནི་ཡུལ་ཕྱོགས་ལ་ཡིན་པར་གདོན་མི་ཟ་བར་ཁས་བླང་བར་བྱའོ། །དེ་ཡང་དེ་དག་གིས་ཆོས་
ཅན་ཁོ་ནའོ་ཞེས་པ། མེ་དང་དུ་བ་དག་ཡུལ་ཕྱོགས་ཀྱི་ངོར་ཆོས་ཉིད་དུ་གསུངས་སོ། །དེ་ལས་ཀྱང་མེས་ཁྱད་པར་དུ་བྱས་པར་ས་ཕྱོགས་དེའི་ཆོས་དུ་བས་བསྒྲུབ་པར་བྱའོ་ཞེས་པས་ཕྱོགས་ཆོས་མེད་པའི་གཏན་ཚིགས་ཉིད་མེད་དོ། །འོ་ན་དེ་ལྟ་ན་ཡང་དུ་བ་ནི་འཕྱུར་བ་དང་སྐྱ་ལོ་ཉིད་
ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་ཡོན་ཏན་ཅན་ཉིད་ཀྱི་ཕྱིར་ཆོས་ཅན་ཁོ་ན་སྟེ། དེ་བཞིན་དུ་མེ་ཡང་དྲོ་བ་ཉིད་དང་སྲེག་པར་བྱེད་པ་ཉིད་ལ་སོགས་པའི་ཡོན་ཏན་རྣམས་ཀྱིས་སོ་ཞེས་ཅི་ལྟར་དེ་དག་ཆོས་ཡིན་ཞེ་ན། དེའི་ཕྱིར་གསུངས་པ། འདིར་ཞེས་པ་ལ་སོགས་པའོ། །བསྒྲུབ་པར་
བྱ་བ་དང་སྒྲུབ་པར་བྱེད་པའི་ཐ་སྙད་ལ་ཡོན་ཏན་དང་ཡོན་ཏན་ཅན་ཉིད་ཀྱིས་ཆོས་དང་ཆོས་ཅན་ཉིད་དུ་མངོན་པར་དགོངས་པ་ནི་མ་ཡིན་ནོ། །འོ་ན་ཅི་ཞེ་ན། བསྒྲུབ་པའི་བྱ་བ་ཉིད་ལ་ལྟོས་པས་ཏེ། གང་ཞིག་དོན་གང་གིས་ཁྱད་པར་དུ་བྱས་པར་གང་ཞིག་གིས་བསྒྲུབ་པར་བྱ་བ་དེ་ནི་ཆོས་
ཅན་ཡིན་ཏེ། ཕན་གདགས་པར་བྱ་བ་ཉིད་ཀྱི་ཕྱིར་དང་། ཅིག་ཤོས་དག་ནི་ཕན་འདོགས་པ་པོ་ཉིད་ཀྱི་ཕྱིར་ཆོས་ཡིན་པ་ཉིད་དོ་ཞེས་པས་མེ་དང་དུ་བ་དག་ཆོས་ཡིན་པར་འགྱུར་བ་ཁོ་ནའོ། །དེ་ལ་གང་རྣམས་མེས་རེག་བྱ། །ཞེས་པ་འདི་ནི་དྲོ་བའི་རེག་པ་ཡོད་དོ། །མེའི་ཕྱིར་རོ་ཞེས་
Vol. 193 · folio 157a
པ་འདི་ལ། རེག་པ་ཙམ་བསྒྲུབ་པར་བྱ་བ་ཡིན་ཞིང་རེག་པ་ཡང་ཆོས་ཡིན་ཏེ། ལུས་དང་ལྡན་པའི་ཡོན་ཏན་ཡིན་པ་ཉིད་ཀྱི་ཕྱིར་རོ། །སྔ་མ་བཞིན་དུ་ཞེས་པ་ནི། འདིར་ཞེས་པ་གལ་ཏེ་མེ་དང་སྦྲེལ་བ་ཡིན་ན་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་
འགྱུར་རོ། །རྗེས་སུ་དཔག་པར་བྱ་བ་རེག་པ་ལ་མེ་མཐོང་བ་རིགས་པ་ཡང་མ་ཡིན་ཏེ་རྗེས་སུ་དཔག་པ་མེད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་གདོན་མི་ཟ་བར་འདིར་ཞེས་པ་ལ་སོགས་པ་བརྗོད་པར་བྱའོ། །རེ་ཞིག་ཐམས་ཅད་ལ་ཞེས་པ་ལ་སོགས་པ་སྟེ། གནས་མལ་ཁང་ལ་སོགས་
པར་གང་དུ་བ་ཅན་དེར་མེ་དམིགས་པ་མ་ཡིན་ནོ་ཞེས་པས་ཡུལ་ཕྱོགས་བསྒྲུབ་པར་བྱ་བ་ཉིད་དུ་རིགས་ཤིང་། དྲོ་བའི་རེག་པ་དང་བྲལ་བའི་མེ་ནི་ནམ་ཡང་དམིགས་པ་མ་ཡིན་ཏེ། དེས་ན་ཇི་ལྟར་དུ་བ་འདི་ནི་མེ་དང་ལྡན་པ་སྟེ་དེ་ལས་གཞན་པའི་དུ་བ་བཞིན་ནོ་ཞེས་པ་འཁྲུལ་པ་ཡིན་པ་དེ་ལྟར་མེ་
འདི་ནི་དྲོ་བའི་རེག་པ་ཅན་ཏེ། མེ་ཉིད་ཀྱི་ཕྱིར་དེ་ལས་གཞན་པའི་མེ་བཞིན་ནོ་ཞེས་པ་འཁྲུལ་པ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་མེའི་ཁྱད་པར་ལ་རེག་བྱའི་ཁྱད་པར་བསྒྲུབ་པར་བྱ་བ་ཉིད་ཀྱི་ཕྱིར་ཡུལ་ཕྱོགས་བརྟགས་པ་དོན་མེད་དོ། །ད་ལྟར་འགྱུར་མོད་ཀྱི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་
ཐ་མི་དད་པའི་ཕྱིར་ན་དམ་བཅའ་བའི་དོན་གྱི་ཕྱོགས་གཅིག་གཏན་ཚིགས་སུ་འགྱུར་རོ་ཞེ་ན་སྨྲས་པ། མ་ཡིན་ཞེས་པ་ལ་སོགས་པའོ། །མེའི་ཁྱད་པར་བསྒྲུབ་པར་བྱ་བ་ཉིད་ན་ཡང་ཞེས་པ། གལ་ཏེའང་མེའི་ཁྱད་པར་བསྒྲུབ་པར་བྱ་བ་ཡིན་པ་དེ་ལྟ་ན་ཡང་ཡུལ་ཕྱོགས་བསྒྲུབ་པར་བྱ་བ་ཉིད་
དུ་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། གང་གི་ཕྱིར་ཡུལ་ཕྱོགས་ཀྱི་ཁྱད་པར་ཁོ་ན་ལས་མེའི་ཁྱད་པར་དུ་འགྱུར་གྱི་རྣམ་པ་གཞན་དུ་མ་ཡིན་པ་དེར་གདོན་མི་ཟ་བར་ས་ཕྱོགས་འདི་མེའོ་ཞེས་ཕྱོགས་སུ་བྱས་ལ། དེ་ལས་ཀྱང་ཡུལ་ཕྱོགས་སུ་དེ་ཁོ་ན་དྲོ་བའི་རེག་པ་ཉིད་ཀྱིས་བསྒྲུབ་པར་བྱའོ། །
དེ་ལ་ཡུལ་ཕྱོགས་ཀྱི་ཁྱད་པར་ལ་སྡང་བ་དང་མེའི་ཁྱད་པར་ལ་རྗེས་སུ་ཆགས་པ་འདི་ཅི་ཞིག་ཆོས་ཅན་ཡང་དེས་ཞེས་པ་ཆོས་ཀྱིས་སོ། །འདིར་ཕ་རོལ་པོའི་བསམ་པ་ནི་འདི་ཡིན་ཏེ། གཙོ་བོ་ནི་ཆོས་ཅན་ཏེ། ཡོངས་སུ་འགྱུར་བ་ལ་སོགས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །དེ་ཡང་འདིར། ཁྱད་
Vol. 193 · folio 157b
པར་རྣམས་ལ་རྗེས་སུ་འགྲོ་བའི་ཆོས་ཀྱི་རང་གི་ངོ་བོས་བསྒྲུབ་པར་བྱ་སྟེ། ཆོས་གཞན་བརྗོད་པ་ནི་མ་ཡིན་ནོ། །མ་གྲུབ་པ་ནི་གྲུབ་པའི་ཆོས་ཡིན་པ་སྲིད་པ་མ་ཡིན་ཏེ། དེས་ན་ཕྱོགས་ཆོས་ཉིད་གཏན་ཚིགས་སོ་ཞེས་པ་འདི་མི་རིགས་སོ་ཞེས་པའོ། །དེར་ནི་ཁྱད་པར་རྣམས་ཁོ་ན་ཞེས་པ་ལ་སོགས་
པ་སྟེ། ཁྱད་པར་རྣམས་ནི་ནང་དང་ཕྱིའི་རྣམ་འགྱུར་རྣམས་ཏེ། དེ་རྣམས་རྒྱུ་གཅིག་པ་ཉིད་དུ་བསྒྲུབ་པར་བྱའོ། །ཅིའི་ཕྱིར་འདི་ཡིན་ཞེ་ན། གསུངས་པ། དེ་ལྟར་ནི་ཞེས་པ་ལ་སོགས་པའོ། །འདི་སྐད་བཤད་དེ། སྤྱི་སྔོན་མ་ཅན་གྱི་ཁྱད་པར་རྣམས་ནི་འཇིག་རྟེན་ན་རིགས་གཅིག་རྗེས་སུ་
འགྲོ་བ་ཅན་དུ་མཐོང་སྟེ། འདི་ལྟ་སྟེ། གྱོ་མོ་དང་གསེར་གྱི་རྒྱན་ལ་སོགས་པ་བཞིན་ཞེས་པ། འདི་ལྟར་དཔེར་བརྗོད་པར་བྱ་བ་ན་ཡང་ཉེ་བར་སྦྱོར་བ་དང་མཇུག་སྡུད་དག་གིས་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་གསལ་བར་འགྱུར་རོ། །དེ་ལྟར་ཡང་ནང་གི་བདག་ཉིད་ཀྱི་ཁྱད་པར་རྣམས་ལ་
རིགས་གཅིག་རྗེས་སུ་འགྲོ་བ་དེའི་ཕྱིར་དེ་རྣམས་སྤྱི་སྔོན་མ་ཅན་རྣམས་སོ་ཞེས་སམ། རྒྱུ་གཅིག་པ་རྣམས་སོ་ཞེས་པའི་དོན་ཏོ། །དེ་ལྟར་རིགས་གཅིག་རྗེས་སུ་འགྲོ་བའི་གཏན་ཚིགས་ཀྱིས་ཁྱད་པར་རྣམས་རྒྱུ་གཅིག་པ་ཉིད་དུ་བསྒྲུབ་པར་བྱའོ་ཞེས་རྟོགས་པར་བྱའོ། །ཁྱད་པར་རྣམས་རྒྱུ་གཅིག་པ་
ཅན་ཉིད་དུ་གྲུབ་པ་ནི། གང་རྒྱུ་གཅིག་པ་དེ་ཁོ་ན་གཙོ་བོའོ་ཞེས་སེམས་པས་སྨྲས་པས། གཙོ་བོ་ཡོད་དོ་ཞེས་པའོ། །དེ་ལྟར་འདིར་ཡང་གཏན་ཚིགས་ཕྱོགས་ཆོས་མེད་པ་ཉིད་མ་ཡིན་ནོ། །དེའི་ཕྱིར་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་དེ་ལྟར་ཆོས་དང་ཆོས་ཅན་དག་གི་བསྒྲུབ་པར་བྱ་བའི་དངོས་
པོ་སྲིད་པ་མ་ཡིན་པ་དེའི་ཕྱིར། བསྒྲུབ་བྱའི་ཆོས་ལ་གཞན་ཉིད་ཀྱི་ཕྱིར། ཆོས་གཞན་གཏན་ཚིགས་ཞེས་བྱ་བ་བྱས་པ་ཉིད་ལ་སོགས་པ། བསྒྲུབ་བྱའི་ཆོས་མི་རྟག་པ་ཉིད་ལ་སོགས་པ་དང་མེད་ན་མི་འབྱུང་བ་ཉིད་དུ་བསྒྲུབ་པར་བྱ་བར་རྟོགས་པར་བྱའོ་ཞེས་པའི་དོན་ཏོ། །ཡང་ཆོས་ཀྱིས་ཆོས་ནི་
བསྒྲུབ་པར་བྱ་བའོ་ཞེས་པ་ཅི་ལྟར་ཞེ་ན། འདི་ཙམ་གྱིས་ཁྱད་པར་འདི་རྣམས་ཐོབ་པར་འགྱུར་ཏེ། བརྗོད་པར་འདོད་པའི་དབང་ལས་སོ། །ནུས་པ་ཡོད་ན་སྒྲ་རྣམས་བརྗོད་འདོད་ཀྱི་རྗེས་སུ་སྒྲུབ་པར་བྱེད་དེ། དཔེར་ན་གང་གིས་ཡན་ལག་རྣམ་པར་འགྱུར་རོ་ཞེས་པ་འདི་ལྟ་བུའོ། །དེ་ལྟར་ན་ཆོས་ཀྱིས་
Vol. 193 · folio 158a
ཆོས་ཞེས་འདིར་ཐ་དད་པ་སྦྱོར་བ་ལ་གསུམ་བལྟ་བར་བྱ་སྟེ། ཆོས་ཅན་ཆོས་ཅན་གྱིས་བསྒྲུབ་མིན། །ཞེས་པ་ལ་སོགས་པར་ནི་བྱེད་པ་ཁོ་ན་ལའོ། །སྔར་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་བྱའོ་ཞེས་བརྗོད་ཅིང་། ད་ལྟར་ནི། ཆོས་ཀྱིས་ཆོས་ནི་བསྒྲུབ་བྱའོ། །
ཞེས་པ་འདིའི་ཕྱིར་ཚིག་འགལ་བ་དང་། སྒྲུབ་པར་བྱེད་པ་སྐབས་སུ་མ་བབ་པར་སེམས་པས་སྨྲས་པ། ཅིའི་ཕྱིར་ཞེ་ན་ཞེས་པའོ། །ཆོས་ཅན་དེ་ལྟར་བསྒྲུབ་བྱའི་ཕྱིར། །ཞེས་པས་རྒྱུ་གསུངས་སོ། །དེ་ལྟར་ཞེས་པ་ནི་ཞེས་པ་ལ་སོགས་པས་འདི་ཁོ་ན་རྣམ་པར་འབྱེད་དོ། །གང་གི་ཕྱིར་ཆོས་ཀྱིས་
ཁྱད་པར་དུ་བྱས་པའི་ཆོས་ཅན་བསྒྲུབ་པར་བྱ་བ་སྟེ། དེའི་ཕྱིར་སྒྲུབ་པར་བྱེད་པའི་ཆོས་ནི་བསྒྲུབ་པར་བྱ་བའི་ཆོས་མེད་ན་མི་འབྱུང་བ་ཅན་དུ་བསྒྲུབ་པར་བྱ་བ་ཡིན་ནོ། །འདི་ཁོ་ན་ནི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་ཆོས་ཅན་འགྲུབ་པའི་ཐབས་སོ་ཞེས་པ་དགོངས་པའོ། །དེ་ལྟར་ནི་སྔར་གསུངས་པ། རྟགས་
ནི་ཆོས་དང་མི་འཁྲུལ་བར། །གཞན་དུ་བསྟན་པར་བྱ་བ་སྟེ། །དེ་ལྟ་རབ་གྲུབ་དེ་ལྡན་པར། །ཆོས་ཅན་རྟོགས་པར་འགྱུར་བ་ཡིན། །ཞེས་སོ། །དེའི་ཕྱིར་ཚིག་འགལ་བ་མ་ཡིན་ཞིང་། སྐབས་སུ་མ་བབ་པ་སྒྲུབ་པར་བྱེད་པ་ཡང་མ་ཡིན་ཏེ། འདི་ནི་སྐབས་སུ་བབ་པ་འགྲུབ་པའི་ཐབས་འཆད་
པ་ལྷུར་ལེན་པ་ཉིད་ཀྱི་ཕྱིར་རོ། །འདིར་སྒྲ་ནི་མི་རྟག་པ་སྟེ། བྱས་པ་མི་རྟག་པ་ཉིད་ཀྱི་ཕྱིར་དང་། རྟག་པ་ནི་མ་བྱས་པ་ཉིད་ཀྱི་ཕྱིར་རོ་ཞེས་དམ་བཅའི་དེ་མ་ཐག་ཏུ་ལྔ་པའི་མཐའ་ཅན་ཐོབ་པའི་ཕྱིར་ཕྱོགས་ཆོས་མེད་ཀྱང་འདི་ནི་གཏན་ཚིགས་ཡིན་ནོ། །དེ་ལས་ཀྱང་གཏན་ཚིགས་ཕྱོགས་ཆོས་ཁོ་
ནའོ་ཞེས་པ་འདི་མི་རིགས་ཞེས་ཁ་ཅིག་ཕྱིན་ཅི་ལོག་ཏུ་བྱེད་དེ། དེའི་ཕྱིར་དེ་རྣམས་ཀྱི་ཕྱིན་ཅི་ལོག་བསལ་བའི་ཆེད་དུ་གསུངས་པ། ཕྱོགས་ཆོས་ཀྱི་ཡང་ཞེས་པ་ལ་སོགས་པའོ། །གང་དུ་རྟགས་བསྒྲུབ་བྱ་རྗེས་འགྲོ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པའི་སྔ་མ་ཕྱེད་ཀྱིས་དཔེ་
གཉིས་ཀྱི་མཚན་ཉིད་གསུངས་སོ། །གང་དུ་དང་དེར་གྱི་སྒྲ་དག་གིས་སྦྱོར་བ་ངེས་པར་བསྟན་ཏོ། །རྐང་པ་གསུམ་པས་ནི་ལྔ་པའི་མཐའ་འདི་ནི་དཔེའི་སྦྱོར་བ་ཁོ་ནར་རིག་པར་བྱའི་གཏན་ཚིགས་ནི་མ་ཡིན་ནོ་ཞེས་པ་འདི་ཤེས་པར་བྱས་སོ། །བཞི་པས་ནི་དེར་ཇི་ལྟར་གཏན་ཚིགས་འཐོབ་པ་དེ་
Vol. 193 · folio 158b
ལྟར་བཤད་དོ་ཞེས་པའོ། །འདི་ལ་ཕྱོགས་ཆོས་ཉིད་ཡོད་པ་མ་ཡིན་ཏེ་ཞེས་བརྗོད་པ་ན། ཕ་རོལ་པོས་གཏན་ཚིགས་ཕྱོགས་ཆོས་མེད་པ་ཉིད་དུ་འགྱུར་རོ་ཞེས་འགའ་ཞིག་གི་སེམས་སོ་ཞེས་པས་གསུངས་པ། དཔེའི་མཚན་ཉིད་ཀྱང་སྲིད་དོ་ཞེས་པ་སྟེ། ཀྱང་གི་སྒྲ་ནི་ངེས་པར་གཟུང་བའི་
དོན་ཏོ། །འོ་ན་གཏན་ཚིགས་ཀྱི་མེད་ན་མི་འབྱུང་བ་དཔེས་འཆད་པ་མ་ཡིན་ནམ། འདིར་གཏན་ཚིགས་ཐོས་པ་ཡང་མ་ཡིན་ཏེ། དེས་ན་ཅི་ལྟར་འདི་དཔེའི་སྦྱོར་བ་ཡིན་ཞེ་ན་གསུངས་པ། གཏན་ཚིགས་ཉེ་བར་སྦྱར་ལས་འདོད། །ཅེས་པའོ། །འོ་ན་འདི་ཕྱོགས་ཆོས་མེད་པའི་གཏན་ཚིགས་
ཡིན་ཏེ། གསལ་བ་ནི་མེད་པ་སྐྱེ་བ་མ་ཡིན་ཏེ་ཐ་དད་དུ་ཐལ་བའི་ཕྱིར་རོ་ཞེས་པའི་ཐ་དད་དུ་ཐལ་བ་ནི་གསལ་བའི་ཆོས་མ་ཡིན་པས་སོ་ཞེ་ན་གསུངས་པ། རྒྱུ་མེད་པར་ནི་ཐལ་འགྱུར་བ། །ཞེས་སོ། །རྒྱུ་སྟེ་རྗེས་སུ་འགྲོ་བ་མེད་པ་ནི་ཐ་དད་པ་ཡིན་ཞིང་དེར་ཐལ་བར་འགྱུར་བའོ། །གང་དུ་ཞེས་པ་
ནི་བསྟན་བཅོས་སུའོ། །དེ་ནི་དཔེ་གཉིས་ལས་གྲུབ་ཕྱིར། །ཞེས་པ་ལ། གང་ལ་མཐོང་བ་མཐའ་སྟེ་ངེས་བྱེད་ཡིན་པའོ་ཞེས་པས་རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་པོ་འདིར་དཔེའི་སྒྲས་བརྗོད་པར་འདོད་དེ། རྗེས་སུ་འགྲོ་བ་དང་ལྡོག་པ་གཉིས་ལས་བསྒྲུབ་བྱ་འགྲུབ་པའི་ཕྱིར་རོ་ཞེས་པའི་ཐ་
ཚིག་གོ། །དེ་ལས་ཀྱང་རྣམ་པར་ལྡན་པ་ལས་བསལ་ཏེ་འོངས་པ་ཐ་དད་པ་མ་ཡིན་ནོ་ཞེས་པ་དགོངས་པའོ། །བསལ་ཏེ་འོངས་པས་ཞེས་པ་ནི། གཞན་གྱི་ཕྱོགས་བཀག་པས་རང་གི་ཕྱོགས་འཇོག་པར་བྱེད་པ་ནི་བསལ་ཏེ་འོངས་པའོ། །བསལ་བ་ནི་ཞེས་པ་ལ་སོགས་པས་དེའི་སྦྱོར་བ་སྟོན་
ཏོ། །དེ་ལ་ཞེས་པ་ལ་སོགས་པས་དཔེ་གཉིས་ལས་བསྒྲུབ་བྱ་འགྲུབ་པའི་ཕྱིར་གཏན་ཚིགས་མེད་པར་ཐལ་བར་འགྱུར་བ་བརྗོད་པར་བྱའོ་ཞེས་རྟོགས་པར་བྱེད་ཅིང་རྣམ་པ་གཞན་སེལ་བར་བྱེད་དོ། །རྣམ་པ་གཞན་ནི་མེད་པ་སྔོན་མ་ཅན་རྣམས་ཀྱི་ཐ་དད་པ་མཐོང་བར་ཡང་འགྱུར་བ་སྟེ་གང་མེད་པ་
སྔོན་མ་ཅན་དེ་ཐ་དད་པ་དམིགས་སོ་ཞེས་པའོ། །ཡང་ན་དེ་རྣམས་ཁོ་ནའི་རྗེས་སུ་འགྲོ་བ་མ་མཐོང་བ་ལས་བཟློག་པ་སྒྲུབ་པ་སྟེ། གང་མེད་པ་སྔོན་མ་ཅན་དེའི་རྗེས་སུ་འགྲོ་བ་མཐོང་བ་མ་ཡིན་ཏེ། དེའི་ཕྱིར་དེ་ལས་བཟློག་པ་ཐ་དད་པར་ཐལ་བར་འགྱུར་རོ་ཞེས་པའོ། །གཉིས་ཀ་ལྟར་ན་ཡང་མི་
Vol. 193 · folio 159a
འཐད་དེ། རེ་ཞིག་མེད་པ་སྔོན་མ་ཅན་གྱི་ཐ་དད་པ་འགའ་ཞིག་རྣམས་དམིགས་པ་ནི་མ་ཡིན་ཏེ། དེ་རྣམས་མེད་པའི་ཕྱིར་རོ། །མེད་པ་སྔ་མ་ཅན་གྱི་ཐ་དད་པ་རྣམས་ལ་རྗེས་སུ་འགྲོ་བ་མཐོང་བ་མ་ཡིན་ནོ་ཞེས་མེད་པ་སྔོན་མ་ཅན་ཉིད་ཁས་ལེན་པ་ན། རྗེས་སུ་འགྲོ་བ་ལས་བཟློག་
པས་ཐ་དད་པར་ཐལ་བར་བྱེད་པ་རིགས་པ་ཡང་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སྨྲས་པ། མི་འདོད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པ། གལ་ཏེ་མ་མཐོང་བ་ལས་བཟློག་པ་སྒྲོ་འདོགས་པར་བྱེད་ན། ཐ་དད་པ་ཡང་འདི་རྣམས་ལ་མཐོང་བ་མ་ཡིན་ནོ་ཞེས་པས་དེ་ལས་བཟློག་པ་ཡང་འཐོབ་བོ་ཞེས་
པ་འདི་ནི་མི་འདོད་པའོ། །གལ་ཏེ་དེ་ལྟར་ཐ་དད་པར་ཐལ་བར་འགྱུར་བ་དེ་མི་རིགས་ན། འོ་ན་རིགས་པ་དེ་ཅི་ལྟར་ཞེ་ན་གསུངས་པ། འོ་ན་ཅི་ཞེ་ན་ཞེས་པ་ལ་སོགས་པ་སྟེ། འདིས་རང་གི་ཕྱོགས་འཇོག་པར་བྱེད་དོ། །གང་གི་ཕྱིར་རྗེས་སུ་འགྲོ་བ་ནི་གཅིག་སྔོན་མ་ཅན་ཉིད་ལ་གྱོ་མོ་ལ་སོགས་པ་ལ་
མཐོང་ལ། འདིས་ནི་རྗེས་སུ་འགྲོ་བ་སྟོན་ཏོ། །དེ་མེད་པ་ལ་ཡང་མ་མཐོང་སྟེ། རྒྱུ་གཅིག་པ་ཉིད་མེད་པ་ལ་ཡང་སྣ་ཚོགས་པ་སྔ་མ་ཅན་རྣམས་ལའམ་མེད་པ་སྔ་མ་ཅན་རྣམས་ལ་མ་མཐོང་ངོ་། །འདིས་ཀྱང་ལྡོག་པའོ། །དེའི་ཕྱིར་གཅིག་སྔོན་མ་ཅན་ཉིད་དོ་ཞེས་པ་ནི་གང་གི་ཕྱིར་དེ་ལྟར་རིགས་གཅིག་
རྗེས་སུ་འགྲོ་བ་ནི་གཅིག་སྔོན་མ་ཅན་ཉིད་ཀྱིས་ཁྱབ་པ་དེའི་ཕྱིར། གསལ་བ་ནི་གཅིག་སྔོན་མ་ཅན་ཉིད་དོ། །དེས་ཁས་མི་ལེན་ན་ཡང་ཞེས་པ་ཁྱབ་པར་བྱེད་པ་གཅིག་སྔོན་མ་ཅན་དེ་ཁས་མི་ལེན་ནའོ། །རྗེས་སུ་འགྲོ་བ་མེད་པར་ཐལ་བར་འགྱུར་ཞེས་པ་ཁྱབ་པར་བྱ་བ་རྗེས་སུ་འགྲོ་བ་མེད་པར་ཐལ་བར་
འགྱུར་རོ་ཞེས་པའི་དོན་ཏེ། ཁྱབ་པར་བྱེད་པ་ལྡོག་པ་ནི་ཁྱབ་པར་བྱ་བ་ལྡོག་པར་བྱེད་དེ། གཞན་དུ་ན་དེ་དེའི་ཁྱབ་པར་བྱེད་པ་ཉིད་དུ་མི་འགྱུར་རོ། །རྗེས་སུ་འགྲོ་བ་མེད་པར་ཐལ་བ་དེ་ཡང་མེད་དོ་ཞེས་ཐལ་བར་འགྱུར་བ་བཟློག་པས་རྗེས་སུ་འགྲོ་བ་དེ་ཉིད་བཤད་པར་འགྱུར་ཏེ། རྗེས་སུ་འགྲོ་བའི་ཕྱིར་
ཐ་དད་པ་རྣམས་ནི་རྒྱུ་གཅིག་སྔོན་མ་ཅན་རྣམས་སོ་ཞེས་པའོ། །དེའི་ཕྱིར་ལྡན་ལས་ཐ་དད་མིན། །ཞེས་པ་གང་གི་ཕྱིར། འདིར་ཡང་རྗེས་སུ་འགྲོ་བ་དང་ལྡོག་པའི་སྟོབས་ལས་ཐལ་འགྱུར་དུ་བསྒྲུབས་ནས་དེ་བཟློག་པས་རྗེས་སུ་འགྲོ་བ་ཁོ་ན་བརྗོད་དེ། འདི་ལ་ཁྱད་པར་ཅི་ཞིག་ཡོད། །ཅེས་པའོ། །
Vol. 193 · folio 159b
སྦྱོར་བ་ཁོ་ན་ཐ་དད་པ་འབའ་ཞིག་སྟེ་དོན་ནི་མ་ཡིན་ནོ། །དེ་ལྟར་བསལ་ཏེ་འོངས་པ་ལ་ཡང་ཐལ་འགྱུར་དང་བཟློག་པས་ཕྱོགས་ཀྱི་ཆོས་བརྗོད་པའོ་ཞེས་པས་འགར་ཡང་ཕྱོགས་ཀྱི་ཆོས་མེད་པའི་གཏན་ཚིགས་མ་ཡིན་ནོ། །དེ་ཅི་ལྟར་བསལ་ཏེ་འོངས་པ་མ་ཡིན་ཞེས་ཏེ། རྣམ་པར་ལྡན་པ་ལས་བསལ་
ཏེ་འོངས་པ་ཐ་མི་དད་པར་བརྗོད་པས་བསལ་ཏེ་འོངས་པ་ཡང་ཕྱོགས་ཆོས་ཉིད་དོ་ཞེས་བཤད་ཅིང་། འདི་བསལ་ཏེ་འོངས་པར་སྲིད་པ་ཡང་མ་ཡིན་ཏེ། བསལ་ཏེ་འོངས་པས་ནི་གཏན་ཚིགས་མེད་པར་རྩོད་ལ། འདིར་ནི་མ་ཡིན་ནོ། །ལོངས་སྤྱོད་པ་པོ་དང་ལོངས་སྤྱད་པར་བྱ་བ་དག་ནི་ཡོན་ཏན་
མེད་པ་ཉིད་དམ་ཡོན་ཏན་ཉིད་མ་ཡིན་ཞིང་། རྫས་མ་ཡིན་པ་ཉིད་དམ་རྫས་ཉིད་ཀྱང་མ་ཡིན་ནོ། །ཡོན་ཏན་དང་རྫས་རྣམས་ཡོད་པ་ཉིད་ལ་གཏན་ཚིགས་བཤད་དེ། གང་ལས་དེ་མེད་པར་ཐལ་བས་གཏན་ཚིགས་མེད་པར་རྩོད་པ་ལས་འདི་བསལ་ཏེ་འོངས་པར་འགྱུར་བའོ། །འདི་གཏན་
ཚིགས་མ་ཡིན་པ་ཡང་མ་ཡིན་ཏེ། དེས་ན་གཏན་ཚིགས་ཕྱོགས་ཆོས་ཁོ་ནའོ་ཞེས་པ་འདི་འཐད་པ་མ་ཡིན་ཞེའོ། །འདི་ནི་བསལ་ཏེ་འོངས་པ་མ་ཡིན་ནོ། །ཅི་ལྟར་ཞེ་ན་གསུངས་པ། གང་གི་ཕྱིར་ཞེས་པ་ལ་སོགས་པའོ། །བསལ་ཏེ་འོངས་པའི་ཕྱོགས་ཀྱི་ཆོས་སོ་ཞེས་བསྒྲུབས་ཟིན་
ཏོ། །སྦྱོར་བ་འདི་ནི་གང་གི་ཕྱིར་ཕྱོགས་ཆོས་མེད་ཉིད་ཕྱིར་བསལ་ཏེ་འོངས་པ་ལས་གཞན་ནོ། །དེའི་ཕྱིར་འདི་བསལ་ཏེ་འོངས་པ་མ་ཡིན་ནོ། །འོ་ན་འདི་ཅི་ཡིན་ཞེ་ན་གསུངས་པ། སུན་འབྱིན་ཞེས་པའོ། །ཅིའི་ཕྱིར་ཞེ་ན་གསུངས་པ། རྟགས་དང་དམ་བཅའ་དག་གི་ཞེས་པ་སྟེ། ཡང་ཅི་ལྟར་
འདི་སུན་འབྱིན་ནོ་ཞེས་ཤེས་པར་བྱ་ཞེ་ན་གསུངས་པ། སྐྱོན་བརྗོད་པས་ཞེས་པ་སྟེ་སྐྱོན་བསལ་བར་བྱེད་པས་ཞེས་པའི་དོན་ཏོ། །བརྗོད་པའི་སྒྲ་འདིར་དངོས་པོ་སྒྲུབ་པའོ། །སྐྱོན་བརྗོད་པ་དེ་ཡང་སྔ་མ་ཁས་བླངས་པ་ཡོད་ན་འགྱུར་རོ་ཞེས་པ་འདི་བཤད་པ་ནི། སྔ་མར་ཁས་བླངས་པ་ཡོད་
ན་ཞེས་པའོ། །འདི་སྐད་བཤད་པར་འགྱུར་ཏེ། སུན་འབྱིན་ཞེས་བྱ་བ་ནི་གང་གི་ཕྱོགས་སྔ་མ་རྒོལ་བས་ཁས་བླངས་པའི་དོན་འགའ་ཞིག་སུན་འབྱིན་པར་བྱ་བ་སྟེ། དེའི་ཚིག་ནི་སུན་འབྱིན་ནོ། །སྔ་མས་ཁས་བླངས་པའི་སྐྱོན་བསལ་བར་བྱེད་པ་ནི་དེའི་འབྲས་བུ་སྟེ། དེའི་ཕྱིར་འབྲས་བུ་དེས་འདི་སུན་
Vol. 193 · folio 160a
འབྱིན་ནོ་ཞེས་ངེས་པར་བྱའོ་ཞེས་པའོ། །གཏན་ཚིགས་ཅི་ཞིག་གིས་འདི་སུན་འབྱིན་ཡིན་ཞེ་ན་གསུངས་པ། འདིར་ནི་ཞེས་པ་ལ་སོགས་པའོ། །གཙོ་བོ་ཡོད་པ་ཉིད་ཀྱི་གཏན་ཚིགས་ནི་ཡོན་ཏན་རྗེས་སུ་འགྲོ་བ་སྟེ། གཙོ་བོ་ཡོད་དེ། ཁྱད་པར་རྣམས་ལ་རྗེས་སུ་འགྲོ་བ་
མཐོང་བའི་ཕྱིར་ཞེས་པའོ། །དེ་ཡང་གཞན་གྱི་ངོར་མ་གྲུབ་སྟེ། སངས་རྒྱས་པ་ལ་སོགས་པ་རྣམས་ནི་སྙིང་སྟོབས་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་རྗེས་སུ་སོང་བ་ཉིད་དུ་ཁྱད་པར་རྣམས་ཡིད་ཆེས་པ་མ་ཡིན་ནོ། །དེའི་ཕྱིར་དེ་རབ་ཏུ་བསྒྲུབ་པའི་ཆེད་དུ་གྲངས་ཅན་པས་འབྲས་བུ་གཅིག་པ་ཉིད་གཏན་
ཚིགས་སུ་བཤད་དོ། །སྒྲ་དང་རེག་པ་དང་གཟུགས་དང་རོ་དང་དྲི་སྟེ་ལྔ་རྣམས་ནི་བདེ་བ་དང་སྡུག་བསྔལ་བ་དང་རྨོངས་པ་སྟེ་གསུམ་པོ་རྣམས་ཀྱི་བཀོད་པའི་ཁྱད་པར་རོ། །ཅིའི་ཕྱིར་ཞེ་ན། ལྔ་པོ་རྣམས་ཀྱི་དང་ལྔ་པོ་རྣམས་ཀྱི་འབྲས་བུ་གཅིག་པ་ཉིད་ཡོད་པའི་ཕྱིར་རོ། །སྒྲ་དང་རེག་བྱ་དང་
གཟུགས་དང་རོ་དང་དྲི་བདེ་བ་རྣམས་ཀྱི་འབྲས་བུ་ནི་རབ་ཏུ་དང་བ་དང་ཡང་བ་ཉིད་དང་རབ་ཏུ་དག་པ་དང་མངོན་པར་ཆགས་པ་དང་མཆོག་ཏུ་རངས་པ་དང་དགའ་བ་རྣམས་སོ། །སྡུག་བསྔལ་རྣམས་ཀྱི་ནི་མྱ་ངན་དང་གདུང་བ་དང་ཟུག་གཟེར་དང་རེངས་པ་དང་ཡིད་འབྱུང་བ་དང་ཞེ་སྡང་བ་རྣམས་སོ། །
རྨོངས་པ་རྣམས་ཀྱི་ནི་འགེབས་པ་དང་འབྱིན་པ་དང་འཇིག་པ་དང་མི་སྡུག་པ་ཉིད་དང་ཞུམ་པ་ཉིད་དང་ལྕི་བ་ཉིད་རྣམས་སོ། །དེ་རྣམས་ནི་ལྔ་རྣམས་དང་ལྔ་རྣམས་ཀྱི་འབྲས་བུ་གཅིག་པར་འགྱུར་བ་མཐོང་ནས་སྒྲ་དང་རེག་པ་དང་གཟུགས་དང་རོ་དང་དྲི་སྟེ་ལྔ་པོ་རྣམས། བདེ་བ་དང་སྡུག་བསྔལ་དང་
གཏི་མུག་སྟེ་གསུམ་པོ་རྣམས་ཀྱི་བཀོད་པའི་ཁྱད་པར་རོ་ཞེས་འཛིན་པར་བྱེད་དོ། །དེས་ན་ཁས་བླངས་པ་ཞེས་པ་ལ་སོགས་པ་སྟེ། གང་གི་རབ་ཏུ་དང་བ་ལ་སོགས་པ་འབྲས་བུ་ཡིན་པ་དེ་ནི་བདེ་བ་ལ་སོགས་པའི་རང་བཞིན་ཡིན་ཏེ། བདེ་བ་ལ་སོགས་པ་བཞིན་ཡུལ་གྱི་དངོས་པོར་གནས་པའི་བ་ལང་
ལ་སོགས་པའི་ཡང་རབ་ཏུ་དང་བ་ལ་སོགས་པ་འབྲས་བུ་ཡིན་ནོ་ཞེས་པ་འབྲས་བུའི་གཟུགས་བརྙན་གྱིས་སྒྲུབ་པར་བྱེད་པ་འདི་ཁས་བླངས་པར་འགྱུར་རོ། །དེ་ལྟར་ན་ཟ་བ་པོ་ལའང་ཐལ་བར་འགྱུར་བའི་ཕྱིར་མ་ངེས་པ་སྟེ། དེ་ལྟར་ནི་སྐྱེས་བུ་རང་བཞིན་དང་བྲལ་བ་ཡང་བསྒོམས་པ་ལས་དྲང་སྲོང་
Source and licence
Text: Esukhia’s Derge Tengyur e-text (Esukhia/derge-tengyur · commit 17465313) · public domain
Licence Public Domain · Evidence
README ของ Esukhia/derge-tengyur ที่ commit 174653137d62 ส่วน "License" (เปิดอ่านแล้ว ๔ ต.ค. ๒๕๖๙): "This work is a mechanical reproduction of a Public domain work, and as such is also in the Public domain." · GitHub license = null (ไม่มีไฟล์ LICENSE) · สำเนาคำต่อคำ: data/tengyur-src/SOURCE-README.md
No translation — Tibetan only: there is no translation we are licensed to publish (84000’s translations are no-derivatives, non-commercial)
- Shown: the woodblock reading — Esukhia’s editorial marks ({original,normalised} · (error?,suggestion) · […] · #) are all kept in the data
- The Tibetan text is not in the collection search yet — the available tokenizer drops Tibetan vowel signs and would match the wrong words